དཔལ་ལྡན་བླ་མ་དམ་པ་ཀུ་མ་རཱ་མ་ཏིའི་རྣམ་ཐར་ངོ་མཚར་སྤྲིན་གྱི་རྔ་སྒྲ།

༼མ༽༄༅། །དཔལ་ལྡན་བླ་མ་དམ་པ་ཀུ་མ་ར་མ་ཏིའི་རྣམ་པར་ཐར་པ་ངོ་མཚར་བཀོད་པའི་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།

ན་མཿགུ་ར་ཝེ། དཔལ་ལྡན་བླ་མ་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་དུ་བྱ་བ། ངོ་མཚར་བཀོད་པའི་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ལ་ཉེས་པའི་རྡུལ་ཙམ་མ་མཆིས་ཤིང༌། །རྨད་བྱུང་ཡོན་ཏན་བརྒྱ་ཡི་མཐར་སོན་ཀྱང༌། །ལུས་ཅན་རྣམས་ལ་རང་དང་འཚམ་པའི་སྐུར། །སྟོན་མཛད་བླ་མའི་ཞབས་ཀྱི་པད་མོར་འདུད། །འཇམ་དཔལ་གཞོན་ནུའི་གསེར་གྱི་མངལ་བཟུང་བས། །དྲི་མེད་ལེགས་པར་སྦྱངས་པའི་བློ་གྲོས་ཅན། །ཕྱི་ནང་ཆོས་ཀྱི་དེ་ཉིད་སྟོན་མཁས་པ། །མཚུངས་མེད་དམ་པའི་ཡོན་ཏན་ཇི་སྙེད་ཀུན། །མི་ཟད་ཚིག་གི་མཆོག་སྦྱིན་གྲུབ་པ་ཡིས། །བསྐལ་བརྒྱར་བརྗོད་ཀྱང་ཕ་མཐའ་དཔོག་མི་ནུས། །འོན་ཀྱང་ཐ་མལ་འགྲོ་ལ་ཐུན་མོང་དུ། །སྣང་ཚུལ་མདོ་ཙམ་བརྗོད་ཀྱིས་གུས་པས་ཉོན།།  །།དེ་ཡང་འདི་ལྟར། ཁྱོད་ཀྱིས་ངེས་པར་སྒྲིབ་པ་གཉིས། །བག་ཆགས་བཅས་པ་གཏན་སྤངས་ཀྱང༌། །སྐལ་བཟང་དད་པའི་འཛུམ་ཕྲེང་ལ། །ལྷག་པ་ཆགས་པའི་དཔལ་འདི་ཤར། །ཞེས་བྱ་བ་སྨྲས་ཏེ། ངེས་པའི་དོན་དུ་ན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་ནས། སྙིགས་མའི་དུས་ལ་བབ་པ་ན་འགྲོ་བ་རང་རང་དང་འཚམས་པའི་སྐུར་བསྟན་ནས་སེམས་ཅན་གྱི་དོན་མཛད་པ་ནི་བསམ་གྱིས་མི་ཁྱབ་པས། བླ་མ་དམ་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་བཞུགས་པ་ཡིན་མོད་ཀྱི་རང་ཅག་རྣམས་ལ་ཐུན་མོང་དུ་ཇི་ལྟར་སྣང་བའི་ཚུལ་མོད་ཙམ་བརྗོད་པ་ལ་གཉིས། གླེང་བསླང་བ་དང༌། སྐབས་སུ་བབ་པའི་དོན་ནོ། །དང་པོ་ནི། འཛམ་གླིང་དུམ་བུ་བཅུ་གཉིས་པོར། །སྟོང་ཕྲག་བཀའ་ལུང་རྩོལ་མཁས་པའི། །དཔལ་ལྡན་དང་པོའི་སངས་རྒྱས་ཀྱི། །ཕྲིན་ལས་ཡོངས་སུ་རྫོགས་པ་ནི། །མི་བདག་གྲགས་པའོ། །ཞེས་སྨྲས་ཏེ། དེའང་འཛམ་བུའི་གླིང་གི་སའི་ཁྱོན་ཆེན་པོ་བཅུ་གཉིས་སུ། རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་དང༌། རྩོད་ལྡན་གྱི་དབྱེ་བས་ཉི་ཁྲི་དང་ཆིག་སྟོང་དྲུག་བརྒྱའི་ལོ་རྣམས་སུ་བར་མཚམས་མེད་པར་མཐའ་ཡས་པའི་སེམས་ཅན་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཐབས་གཞན་དང་ཐུན་མོང་མ་ཡིན་པ་སྟོན་པ་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི་ཕྲིན་ལས་ཡོངས་སུ་རྫོགས་པར་མངའ་བ་ནི། མིའི་བདག་པོ་གྲགས་པ་ཞེས་ཡོངས་སུ་གྲགས་པ་སྟེ། རྗེ་བཙུན་འཇམ་པའི་དབྱངས་སོ། །དེ་ཡིས་ཀྱང༌། ཤམྦྷ་ལར་གྲགས་ཤཱཀྱ་ཡི། །རིན་ཆེན་བརྩེགས་པའི་ཁང་བཟངས་སུ། །དབང་བསྐུར་རིག་འཛིན་བརྙེས་པ་ཞིག །དཔལ་ལྡན་ས་ཡི་ཁྱོན་འདིར་འཁྲུངས། །ཞེས་སྨྲས་ཏེ། འཇམ་དཔལ་དབྱངས་དེས་ཀྱང༌། ཀཻ་ལ་ཤའི་རིའི་རྩེ་མོར་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང༌། ཤམྦྷ་ལ་ཞེས་རྣམ་པར་གྲགས་པ་ཤཱཀྱ་རྣམས་ཀྱིས་ཡོངས་སུ་བཟུང་བའི་རིག་པ་འཛིན་པའི་གྲོང་ཁྱེར་ཆེན་པོའི་དབུས་སུ་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་དབང་བསྐུར་ཞིང༌། གྲོལ་བར་མཛད་པ་ལས། དེའི་ནང་ནས་རིག་པ་འཛིན་པ་བརྙེས་པའི་གྲུབ་པའི་དབང་པོ་ཞིག གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་འདིར་བསམས་བཞིན་དུ་སྐྱེ་བ་བཞེས་པ་ནི་ཀུན་མཁྱེན་རིན་ཆེན་ཤཱཀྱ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ནོ། །དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་མངའ་ཞེ་ན། སྨྲས་པ། དྲི་ཞིམ་གྱིས་བསྒོས་པད་མོའི་མཚོར། །བུང་བའི་ཚོགས་བཞིན་དེ་ལ་ཡང༌། །རྡོ་རྗེ་འཆང་དབང་བཀའ་གྲུབ་པའི། །རིག་པ་འཛིན་པ་ཀུན་གྱིས་སོ། །ཞེས་སྨྲས་ཏེ། བུང་བ་དགའ་བར་བྱེད་པའི་དྲི་ཞིམ་གྱིས་ཕྱོགས་ཀུན་ཏུ་ཁྱབ་པའི་པད་མོའི་ཚལ་དུ་བུང་བའི་ཚོགས་རྣམས་ངང་གིས་འདུ་བ་བཞིན་དུ། ཡི་དམ་གྱི་ལྷ་དང༌། རྡོ་རྗེ་འཆང་ཆེན་པོའི་གསུང་གི་མཛོད་ལ་དབང་བསྒྱུར་བའི་རིག་པ་འཛིན་པའི་ཚོགས་དཔག་ཏུ་མེད་པས་དངོས་སུ་བྱིན་གྱིས་བརླབས་པ་ནི་བསམ་གྱིས་མི་ཁྱབ་ལ། དེ་ལས་ཀྱང་ཁྱད་པར་དུ་དཔལ་ཤ་ཝ་རི་དབང་ཕྱུག་གིས་བལ་བོད་ཀྱི་མཚམས་སུ་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ་ནས་དབང་བསྐུར་ཞིང༌། སོ་སོར་སྡུད་པ་དང་བསམ་གཏན་ལ་སོགས་པའི་རྣལ་འབྱོར་ཡན་ལག་དྲུག་གི་གདམས་པ་ཡོངས་སུ་རྫོགས་པར་མནོས་ནས་དབེན་ཞིང་ཉམས་དགའ་ལ་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པའི་སྤྱང་ལུང་དཔལ་གྱི་རི་ཁྲོད་ཀྱི་ས་ཕྱོགས་འདི་ཉིད་དུ་ལོ་བཅོ་བརྒྱད་ཀྱི་བར་དུ་སྐྱིལ་མོ་ཀྲུང་གཅིག་ལས་མ་གཡོས་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད་ནས། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་བརྙེས་པར་མཛད་ལ། དེ་ནས་ལྕགས་མོ་གླང་གི་ལོ་ལ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་མཛད་པ་ཡིན་ནོ། །དེ་ཡི་མཐུ་ཡིས་གནས་འདིར་ཡང༌། །མཆོག་དང་ཐུན་མོང་ཇི་སྙེད་པ། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབད་པ་མེད་པར་ངང་གིས་སོ། །དེ་ཡང་རྒྱ་མཚོ་ཆེན་པོར་ཆུ་བོ་བཞི་རང་གི་ངང་གིས་འབབ་པ་བཞིན་དུ་སྐྱེས་བུ་ཆེན་པོ་དེས་བྱིན་གྱིས་བརླབས་པའི་གནས་འདིར་ཡང༌། ཀ་ལཱ་པ་ཡི་གྲོང་ཁྱེར་ཆེན་པོ་ཇི་ལྟ་བ་བཞིན་དུ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་རང་གི་ངང་གིས་འདུ་ཞིང་བྱིན་གྱིས་རློབ་པར་བྱེད་པ་ལུང་དང་རྟོགས་པའི་ཡོན་ཏན་རྣམས་ངང་གིས་གོང་ནས་གོང་དུ་རྣམ་པར་འཕེལ་ཞིང་ཐུན་མོང་གི་དངོས་གྲུབ་ཇི་རྙེད་པ་འབད་པར་ངང་གིས་འདུ་བ་ནི་ཡིད་བཞིན་གྱི་རྒྱ་མཚོ་ཇི་ལྟ་བ་བཞིན་ནོ། །ཀུན་མཁྱེན་དེ་ཡི་འཕྲིན་ལས་ཀྱི། །མཛད་པའི་ལྷག་མ་མ་ལུས་པ། །བསམ་བཞིན་ཡོངས་རྫོགས་མཛད་པ་ནི། །དཔལ་ལྡན་གཞོན་ནུ་བློ་གྲོས་སོ། །ཞེས་བྱ་བ་སྨྲས་ཏེ། ཇི་སྐད་དུ་བཤད་པའི་སྐྱེས་བུ་ཆེན་པོ་དེས་ཀྱང༌། རང་ཉིད་ཀྱིས་མཆོག་གི་དངོས་གྲུབ་བརྙེས་པའི་ས་ཕྱོགས་འདི་ཉིད་དུ་སྐལ་བ་དང་ལྡན་པ་རྣམས་རྗེས་སུ་བཟུང་བའི་ཕྲིན་ལས་ཀྱི་ལྷག་མ་འགའ་ཞིག་བསྒྲུབ་པར་བྱ་བའི་ཕྱིར་དང༌། གཞན་ངོར་ལམ་ལྷག་མ་འགའ་ཞིག་ལུས་པ་ལྟ་བུར་སྣང་བ་དེ་སླར་ཡང་རྟེན་ཁྱད་པར་ཅན་གྱི་རྟེན་ལ་ཐུགས་ཉམས་བཞེས་ཏེ། ཟུང་འཇུག་གི་སྐུ་མངོན་དུ་མཛད་པའི་ཕྱིར་བསམ་བཞིན་དུ་ས་ཆ་འདི་ཉིད་དུ་སྐྱེ་བ་བཞེས་པ་ནི་བདག་ཅག་གི་བླ་མ་དམ་པ་ཉིད་ཡིན་པར་ངེས་སོ། །གཉིས་པ་ལ། མངོན་མཐོའི་གོ་འཕང་ཇི་ལྟར་བསྐྲུན་པའི་ཚུལ་དང༌། རྟེན་དེ་ལ་ངེས་ལེགས་ཀྱི་ཡོན་ཏན་ཇི་ལྟར་བརྙེས་པའི་ཚུལ་གཉིས་ལས། དང་པོ་ནི། ཇི་སྐད་བཤད་པའི་སྐྱེས་བུ་ཆེན་པོ་དེས་དགོས་པ་འགའ་ཞིག་གི་ཕྱིར། རང་ཉིད་དཔལ་ཤ་ཝ་རི་དབང་ཕྱུག་གིས་སྨིན་ཅིང་གྲོལ་བར་མཛད་པའི་གནས། བལ་པོའི་གྲོང་ཁྱེར་ཆེན་པོ་ཞིག་གི་ཉེ་ལོགས་སུ་སྐྱེ་བ་ཡོངས་སུ་འཛིན་པར་མཛད་དོ། །དེ་ནས་རེ་ཞིག་ན་ཁ་བ་ཅན་གྱི་ལྗོངས་སུ་གཤེགས་པའི་དུས་ལ་བབ་པར་གཟིགས་ནས། ལོ་བརྒྱད་ལོན་པའི་བལ་པོ་གཞོན་ནུ་མ་དེ། ས་ཕྱོགས་འདི་ཉིད་དུ་ཡུམ་གྱི་མངལ་དུ་བཟུང་བའི་སྣང་བ་ཤར་བར་གྱུར་ཏོ། །ཞེས་བླ་མ་དམ་པ་ཉིད་ཀྱི་ཐུགས་ཉམས་ཀྱི་སྣང་བ་ཚད་མས་གྲུབ་པ་ཉིད་ཡིན་ནོ། །འདིའི་རིགས་ཀྱི་ཁྱད་པར་ནི། །ཁ་བ་རི་བོའི་སྤོ་ལ་བཞིན། །བསམས་བཞིན་སྐྱེ་བ་བཞེས་པ་ཡང༌། །མ་སྨད་ས་ཡི་རིགས་ལའོ། །ཞེས་སྨྲས་ཏེ། དེ་ནས་བལ་པོ་གཞོན་ནུ་མ་དེས་རིགས་ཀྱི་ཁྱད་པར་ནི། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པ་ལ་སྟོད་སྤྲུལ་སྐུ་དམར་པོ་ཞེས་འཛམ་བུ་གླིང་ན་ཉི་མ་ལྟར་གྲགས་པ་དེའི་སྲས་གཉིས་ལས་ཆུང་བ་རོང་ཆུང་སངས་རྒྱས་ཞེས་པའི་སྲས་ཀྱི་བརྒྱུད་པ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་བྱིན་གྱིས་རླབས་པ་བར་མ་ཆད་དུ་བྱོན་པའི་བརྒྱད་པ་སློབ་དཔོན་དགེ་བསྙེན་མགོན་པོ་ཞེས་བྱ་བའི་རིགས་ལ་གཟིགས་པར་མཛད་དོ། །ཡུམ་གྱི་ཁྱད་པར་ནི། བུང་བའི་ཚོགས་རྣམས་པད་མའི་ཚལ། །སྙེག་པར་བྱེད་ཀྱི་དུག་མཚོར་མིན། །རྒྱལ་བའི་སྲས་པོ་མ་ལུས་པ། །རྒྱལ་ཡུམ་ཁོ་ནའི་མངལ་དུའོ། །དེ་བཞིན་དུ་སྐྱེས་བུ་ཆེན་པོ་འདི་ཡང་དད་པ་དང་སྙིང་རྗེ་དང༌། བསམ་གཏན་ལ་སོགས་པ་འཕགས་པའི་སྲས་རྣམས་བསྐྲུན་པར་ནུས་པའི་ཡོན་ཏན་དང་ལྡན་པ་ཞིག་ཁོ་ནའི་མངལ་དུ་འཇུག་པར་མཛད་ཀྱི། གཞན་ལ་མ་ཡིན་ནོ། །དེ་ཡང་འདི་ལྟར་ཐོས་ཏེ། ལོ་བཟའ་རྡོ་རྗེ་བུ་འདྲེན་ཞེས་པ་གཞོན་ནུ་མ་ནས་དད་པ་དང་སྙིང་རྗེ་ངང་གིས་འཕེལ་ཞིང༌། ཐེག་པ་ཆེན་པོའི་ཆོས་ལ་མཐའ་གཅིག་ཏུ་གཞོལ་བ་དེས་སྦྱོར་བ་ཡན་ལག་དྲུག་པའི་རྣལ་འབྱོར་ཉམས་སུ་བླངས་པས་རླུང་སེམས་བདེ་བ་ཆེན་པོར་འདྲེས་ཤིང་སྔོན་དང་ཕྱི་མཐའ་རིག་པའི་མངོན་ཤེས་ཐོགས་མེད་དུ་ཤར་ཏེ། བདག་གི་ལུས་ལ་བུ་སྐྱེས་ན་རྒྱལ་བའི་བསྟན་པ་ལ་མཆོག་ཏུ་བྱ་བ་བྱེད་པར་ནུས་པའི་སྐྱེས་བུ་ཆེན་པོ་གསུམ་འབྱུང་བར་འགྱུར་རོ་སྙམ་དུ་ངེས་པ་ཡིན་ནོ། །དེ་ནས་དེས་རེ་ཤིག་གི་ཚེ། འཕན་ཡུལ་དམར་ཞོགས་ཀྱི་སར་ཁྱིམ་ཐབ་དུ་བྱས་ཏེ། འཕགས་པ་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་སློབ་དཔོན་ཆེན་པོ་དངོས་གྲུབ་ཞེས་པ་དང་ལྷན་ཅིག་ཏུ་འགྲོགས་པས། སྲས་ཆེ་བ་དམར་སྟོན་ཀུན་དགའ་བསོད་ནམས་ཞེས་བགྱི་བ། སྒྲ་དང༌། ཚད་མ་དང༌། འདུལ་བ་དང༌། མངོན་པ་དང༌། དབུ་མ་ཚིག་གསལ་འཇུག་བཞི་གསུམ་ཐུགས་སུ་ཆུད་ཅིང༌། མངོན་པར་རྟོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་ཞིག་འཁྲུངས་ཏེ། རྒྱལ་བའི་བསྟན་པ་ལ་བྱ་བ་རྒྱ་ཆེན་མཛད་ནས་དགུང་ལོ་ཉི་ཤུ་རྩ་བརྒྱད་པ་ལ། བྱང་ངམ་རིངས་སུ་སྐུ་གཤེགས་སོ། །ཡང་ཡབ་དེ་ཉིད་དང་གྲོགས་པ་ལས། སྲས་ཆུང་བ་དམར་སྟོན་རྒྱ་མཚོ་རིན་ཆེན་ཞེས་བགྱི་བ་ཁ་བ་ཅན་གྱི་ལྗོངས་ན་ཉི་མ་ལྟར་གསལ་བའི་གྲགས་པའི་གདུགས་དཀར་གཡོ་བ་ཞིག་འཁྲུངས་ཏེ། དེས་ནི་བདེ་བར་གཤེགས་པའི་གསུང་རབ་མ་ལུས་པ་ཐུགས་སུ་ཆུད་ཅིང༌། མཚན་བཅས་དང་མཚན་མེད་གྱི་རྣལ་འབྱོར་ལ་སྐད་ཅིག་ཀྱང་གཡེལ་བ་མི་མངའ་བས་མངོན་པར་རྟོགས་པའི་བང་མཛོད་དུ་མ་ལ་དབང་འབྱོར་ཞིང༌། ཁྱད་པར་དུ། འདུལ་བ་དང༌། མངོན་པའི་བཤད་ཉན་དགུང་ལོ་བདུན་ཅུ་དོན་དྲུག་གི་མཐར་ཐུག་གི་བར་དུ་མཛད་པས། དེང་སང་རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་པར་ནུས་པའི་བཤེས་གཉེན་མཐའ་དག་གིས་དེའི་ཞབས་རྡུལ་སྤྱི་བོར་མ་བླངས་པ་གཅིག་ཀྱང་མེད་པ་ཡིན་ནོ། །ཡང་ཡུམ་དེས་སློབ་དཔོན་དངོས་གྲུབ་ཀྱི་སྲས་ལྷག་པའི་ལྷ་དུ་མས་རྗེས་སུ་བཟུང་བ་དགུང་ལོ་བཅོ་བརྒྱད་པ་ལ་མཁའ་སྤྱོད་ཀྱི་གནས་སུ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པས་སྤྱན་འདྲེན་པར་འགྱུར་བ་དགེ་བསྙེན་མགོན་པོ་ཞེས་པའི་ཞིག་དང་མཉམ་དུ་འགྲོགས་པས་བདག་ཅག་གི་བླ་མ་དམ་པ་འདི་ཆུ་ཕོ་བྱི་བའི་ལོ་ལ་སྐུ་འཁྲུངས་པ་ཡིན་ནོ། །གཉིས་པ་ལ། རང་གི་ཐུགས་རྒྱུད་ཇི་ལྟར་སྦྱངས་པའི་ཚུལ་དང༌། གཞན་ཇི་ལྟར་རྗེས་སུ་བཟུང་བའི་ཚུལ་དང་གཉིས། དང་པོ་ལ་ཐེག་པ་ཐུན་མོང་གིས་ཐུགས་རྒྱུད་ཇི་ལྟར་སྦྱངས་པའི་ཚུལ་དང༌། ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པས་སྨིན་ཅིང་གྲོལ་བར་མཛད་པའི་ཚུལ་ལོ། །དང་པོ་ལ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་འབྱུང་བ་ལྟར། ཐོག་མར་ཡོན་ཏན་ཐམས་ཅད་ཀྱི་རྟེན་སོ་སོར་ཐར་པའི་ཚུལ་ཁྲིམས་ལ་རིམ་གྱིས་སློབ་པར་མཛད་དེ། དེ་ཡང་འདི་ལྟར། འཛིན་མར་ལྷུན་པོའི་དཔལ་བཞིན་དུ། །ཁྱོད་ཞབས་ཚུལ་ཁྲིམས་གཞི་ལའོ། །ཞེས་སྨྲས་ཏེ། དེ་ཡང་གཞོན་ནུའི་དུས་ཉིད་ནས་སྔོན་གོམས་པའི་དབང་གིས་ཆོས་འཆད་པ་དང༌། དབང་བསྐུར་བ་དང༌། སྡོམ་པ་འབོགས་པ་དང༌། ཏིང་འཛིན་ལ་སྙོམས་པར་འཇོག་པ་ལ་སོགས་པའི་ཚུལ་གྱིས་རྩེ་བར་མཛད་ཀྱི། ཐ་མལ་པའི་རྩེད་མོ་གཞན་གྱིས་ནི་མ་ཡིན་ནོ། །དེ་ནས་དགུང་ལོ་བརྒྱད་པའི་ཚེ། བརྒྱ་བྱིན་གྱི་གཞུ་ལྟར་མངོན་པར་བཀྲ་བའི་སྲིད་པའི་འབྱོར་པ་འདི་ཡང་དུག་གི་རོ་མངར་བཞིན་དུ་སླར་ཡང་འཁོར་བའི་གནས་སུ་འཕེན་པའི་རྒྱུར་གཟིགས་ཤིང་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་འདོན་པར་བྱའོ་སྙམ་དུ་དགོངས་པའི་ངེས་འབྱུང་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་ཏེ། བསྟན་པའི་བདག་པོ་མཁན་ཆེན་སེང་གེ་དཔལ་བའི་དྲུང་དུ། བསླབ་པའི་གཞི་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དང༌། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་འཛིན་པའི་རབ་བྱུང་རྣམ་པར་དག་པ་མནོས་ཏེ། གཞོན་ནུ་བློ་གྲོས་ཞེས་གྲགས་པའི་གདུགས་དཀར་ཕྱོགས་ཐམས་ཅད་དུ་གསལ་བར་མཛད་དོ། །དེ་ནས་མཁན་ཆེན་དེ་ཉིད་ཀྱིས། ཀུན་མཁྱེན་ཆེན་པོའི་དངོས་ཀྱི་གདན་ས་པ་རིན་པོ་ཆེ་བསོད་ནམས་སེང་གེ་ཞེས་ལྷ་དང་བཅས་པའི་གཙུག་རྒྱན་དེ་ཉིད་ལ་གཏད་དེ། བསླབ་པའི་གཞི་བཅུ་ལ་སློབ་པའི་དགེ་ཚུལ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ཡང་སྔོན་ནས་གོམས་པའི་དབང་གིས་འབད་རྩོལ་མེད་པར་བག་ཡོད་ཀྱི་གཞི་ལ་ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོས་ཀྱང་མ་གོས་པར་མཛད་དེ། སྔ་ཤོལ་དང་བཅས་པའི་དགུང་ལོ་ཉི་ཤུ་པ་ལ། མཁན་པོ་ཆེན་པོ་རྣལ་འབྱོར་བྱང་ཆུབ་སེང་གེའི་གདན་ས་ན་བཞུགས་པ་མཁས་ཤིང་བརྟན་པའི་ཡོན་ཏན་ལྡན་པའི་མཁན་ཆེན་དགུང་གཤེར་བ་ཀུན་དགའ་རྒྱལ་པོའི་དྲུང་དུ་མཁན་པོ་ཞུས། རིགས་པ་དང་གྲོལ་བར་སྨྲ་བའི་དམར་སྟོན་དཔལ་ལྡན་རིན་ཆེན་ཞེས་གྲགས་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་བ་ལ་མཁས་པ་དེས་ལས་ཀྱི་སློབ་དཔོན་མཛད། འདུལ་མངོན་རྒྱ་མཚོའི་མཐར་སོན་སློབ་དཔོན་ཤཱཀྱ་རིན་ཆེན་པས་བསངས་ཏེ་སྟོན་པ་མཛད་དོ། །ཆོས་གསུམ་ལྡན་གྱི་དགེ་འདུན་ལས་མངོན་དུ་གྱུར་པའི་ཆོས་བཅུས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྣམ་པར་དག་པ་ཐུགས་རྒྱུད་ལ་བསྐྲུན་པ་ཡིན་ནོ། །ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །རི་བོང་གཟུགས་ཀྱིས་གོས་པ་མེད། །ཁྱོད་ཐུགས་ཆུ་ཤེལ་དག་པ་ལ། །ཉེས་པའི་ཚ་ཟེར་ག་ལ་མངའ། །དེ་ནས་དཔལ་གྲོ་སའི་ཆོས་སྡེ་ཆེན་པོར་གནས་ཀྱི་སློབ་དཔོན། དམར་སྟོན་ཆོས་རྗེའི་དྲུང་དུ། ལོ་བཅུ་ལྷག་གི་བར་དུ་གནས་དང་གནས་པའི་ཚུལ་ཁྲིམས་མཐའ་དག་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ལ་སོགས་པའི་ནང་གི་ཉེར་ལེན་ཕུན་སུམ་ཚོགས་པ་ལ་བརྟེན་ཏེ། འདོད་པ་བསོད་ཉམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་སྤངས་ནས་རྒྱལ་བས་གནང་བའི་བདེ་བར་གནས་པའི་རྐྱེན་གྱིས་འཚོ་ཞིང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། དབྱར་གྱི་ཁས་ལེན་ལ་སོགས་པས་བསླབ་པ་ཡོངས་སུ་སྦྱང་བར་མཛད་དེ། ཉེས་ལྟུང་ཕྲ་མོས་ཀྱང་ཐུགས་རྒྱུད་ལ་སྒྲིབ་པར་མི་འགྱུར་ཞིང༌། ཀུན་སྤྱོད་རྣམ་པར་དག་པ་འཕགས་པ་ཉེ་བར་འཁོར་ལྟར་བཞུགས་པ་ཡིན་ནོ། །དེ་ལྟར་ན། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི། ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ཆེན་པོ་ལོ་པ་སྤྱན་སྔ་གནམ་གང་པ་རིན་ཆེན་རྒྱལ་པོའི་དྲུང་དུ། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་རྣམ་པར་དག་པ་མནོས་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་བསྐྱེད་གྱུར་པའི་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའ་ཆེན་པོར་མངའ་གསོལ་ཏེ། ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་ནོ། །ཚུལ་གནས་ཐོས་དང་བསམ་ལྡན་པས། །ཞེས་འབྱུང་བ་ལྟར། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་རྟེན་ལ་ཐོས་བསམ་ཇི་ལྟར་མཛད་ཅེ་ན། སྨྲས་པ། ཆུ་ཆེན་རྣམས་ཀྱིས་ཆུ་བོའི་གཏེར། །སྙེག་པར་བྱེད་ཀྱི་རྫིང་བུར་མིན། །ཡོན་ཏན་ཀུན་ཀྱང་འབད་མེད་པར། །ཁྱོད་ཐུགས་རྒྱ་མཚོའི་དཔལ་གྱིས་འཐུངས། །ཞེས་བྱ་བ་སྨྲས་ཏེ། དེ་ཡང་འདི་ལྟར། བསྟན་པའི་བདག་པོ་ཆེན་པོར་མངའ་གསོལ་བ་དམར་སྟོན་དབུ་མ་པ་ཆེན་པོའི་དྲུང་དུ། རྩ་བའི་ལུང་སོ་སོར་ཐར་པ་རྣམ་པ་གཉིས། བཤད་པའི་ལུང་སྡེ་བཞི། དགེ་སློང་མའི་རྣམ་པར་འབྱེད་པ། དེའི་ཕྱོགས་མཐུན་དང་བཅས་པ། བཀའ་འབུམ་སྡེའི་དོན་ཐུགས་སུ་ཆུད་པར་མཛད་ཅིང༌། བསྟན་བཅོས་མདོ་རྩ་བ། ཚིག་ལེའུར་བྱས་པ་མེ་ཏོག་ཕྲེང་རྒྱུད། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ཆེ་ཆུང་རྒྱ་ཆེར་འགྲེལ་པ། ཤེས་རབ་བྱེད་པ། འགྲེལ་ཆུང་ཡོན་ཏན་འོད་མ། མངོན་པ་མཛོད། རང་འགྲེལ། འགྲེལ་བཤད་གཉིས་དང་བཅས་པ་མཐའ་ཆོད་པར་གསན་ཅིང༌། མངོན་པ་ཀུན་ལས་བཏུས། སྤྱོད་འཇུག དབུ་མ་རྩ་འཇུག་བཞི་གསུམ་འགྲེལ་པ་དང་བཅས་པ། བསླབ་བཏུས། སྐྱེས་རབས། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་སོགས། ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན་ཏེ། དགའ་སྐྱོར་ཟུལ་ལ་སོགས་པ་འདུལ་མངོན་གྱི་གྲྭ་ས་ཆེན་པོ་རྣམས་སུ་གྲྭ་སྐོར་མཛད་དེ། མཁས་པའི་གྲགས་པས་ཁྱབ་པར་མཛད་པ་ཡིན་ནོ། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཡིན་ཀྱང་ཆུ་བོས་ངོམས་པ་མེད། །དེ་བཞིན་ཡོན་ཏན་རྒྱ་མཚོའི་གཏེར། །ཡོན་ཏན་མ་ལུས་བསྡུད་པར་བྱེད། །ཅེས་སྨྲས་ཏེ། དེ་ལྟ་ནའང༌། མཁས་པའི་ང་རྒྱལ་གྱི་རློམ་པ་མེད་པར། དེའི་དུས་ཀྱི་རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ། བྱང་ངམ་རིངས་པ་ཟླ་བ་མགོན་པོའི་དྲུང་དུ་ཐེགས་ཏེ། གསུང་རབ་ཐམས་ཅད་ལ་བལྟ་བའི་མིག་ལྟ་བུར་གྱུར་པ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ། འགྲེལ་པ་འགྲེལ་བཤད་དང་བཅས་པ་བརྒྱད་མཐའ་ཆོད་པར་གསན་ཅིང༌། རྟོག་གེ་སྨྲ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །དེ་ནས་དཔལ་ས་སྐྱའི་ཚོགས་ཆེན་པོའི་རིགས་པ་སྨྲ་བ་བརྒྱ་ཕྲག་གཉིས་དང་བཅས་པའི་སྟོང་ཕྲག་གཅིག་གི་དབུས་སུ་དཀའ་ཆེན་གསུམ་གྱི་བཤད་པ་མཛད་དེ། ཐལ་ངག་དབང་པོའི་རྡོ་རྗེས་དྲེགས་པས་མྱོས་པའི་ཕྱིར་རྒོལ་བ་སྟོབས་ལྡན་དཔུང་ཚོགས་དང་བཅས་པ་ཕམ་པར་མཛད་ཅིང་གུས་པའི་ཅོད་པཎ་གྱི་རྩེ་མོ་ལ་ཁྱོད་ཀྱི་ཡོན་ཏན་མངོན་པར་སྒྲོག་པའི་གཡེར་ཁའི་སྒྲ་སྙན་ཕྱོགས་བཅུར་བསྒྲགས་པས་དབུས་པ་བློ་གསལ་རྩོད་པའི་སེང་གེ་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ནས་དེ་ཙམ་གྱིས་ཀྱང་ཁེངས་པ་མེད་པར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡོན་ཏན་དུ་མའི་དཔལ་གྱིས་མཛེས་པ་མཁན་ཐོག་པ་མཁན་ཆེན་རྒྱལ་མཚན་བཟང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གཡོ་བ་དེའི་དྲུང་དུ། མཚན་ཉིད་ཐེག་པའི་ཆོས་དུ་མ་གསན་པ་ནི་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་དུ་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པའི་མདོ་དང༌། མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་འགྲེལ་པ་ཆེ་ཆུང་དང་བཅས་པ་བཱུ་ཊཱིཀ་སྟེང་ནས་མཐའ་ཆོད་པར་གསན་ཏེ། དཔལ་གསང་ཕུ་ནེའུ་ཐོག་དང་ཆོས་གྲྭ་རྩེ་ཐང་གི་ཆོས་སྡེ་ཆེན་པོ་དང༌། བདེ་བ་ཅན་རྣམས་ཀྱི་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ་དཀའ་ཆེན་བཞིའི་བཤད་པ་ཡོངས་སུ་རྫོགས་པར་མཛད་དེ། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་མཁས་པར་མཛད་པ་ཡིན་ནོ། །གཞན་ཡང་རྗེ་བཙུན་རེད་མདའ་བ་དང༌། རྗེ་བཙོང་ཁ་པ་ལ་སོགས་ལ་གསན་པ་ནི་མངས་ཏེ་རྒྱས་པར་མ་བྲིས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་ཐེག་པས་ཐུགས་རྒྱུད་སྦྱངས་པའི་ཚུལ་ལ། དབང་གིས་ཐུགས་རྒྱུད་ཇི་ལྟར་སྨིན་པའི་ཚུལ་དང༌། དེ་ནས་རྒྱུད་ལ་ཇི་ལྟར་སྦྱངས་པའི་ཚུལ། མན་ངག་ཐུགས་ཉམས་སུ་ཇི་ལྟར་བཞེས་པའི་ཚུལ་དང་གསུམ་མོ། །དང་པོ་ནི། འཛམ་བུའི་གླིང་ཆོས་བཞིན་དུ་སྐྱོང་བར་མཛད་པ་ཏའི་མིང་རྒྱལ་པོའི་ཅོད་པཎ་ལ་ཞབས་ཀྱི་རྡུལ་ཕྲེང་རྣམ་པར་བཀོད་ཅིང༌། མཐའ་ཡས་པའི་འགྲོ་བ་མཐའ་དག་གི་འདྲེན་པར་གྱུར་པ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་དྲུང་དུ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ལན་གཉིས་ཀྱིས་བྱང་ཆུབ་ཀྱི་ཐུགས་འབྱོངས་པར་མཛད་ཅིང༌། བྱང་སེམས་ཀྱི་བསླབ་པ་མཐའ་དག་ལ་རིམ་གྱིས་སློབ་པའི་རྟེན་ཁྱད་པར་ཅན་གྱི་རྟེན་ལ། ཀྱཻའི་རྡོ་རྗེ་མན་ངག་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་ཞིང་དམ་ཚིག་དང་སྡོམ་པ་མ་ལུས་པ་མནོས་ཏེ། རྡོ་རྗེ་འཆང་ཆེན་པོའི་གསུང་གི་གསང་བའི་མཛོད་ཆེན་པོ་ལ་ཅི་དགར་གཟིགས་པའི་སྒོ་ཕྱེ་སྟེ། དེ་ནས་དེ་ཉིད་ཀྱི་དྲུང་དུ། རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བསྐུར་བ་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱས་པར་གསན་ཡིག་ལས་ཤེས་སོ། །དེ་ནས་མཁན་ཆེན་རྒྱལ་བཟང་པའི་དྲུང་དུ་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ཡོངས་སུ་རྫོགས་པར་མནོས་ཤིང༌། དབང་ཕྲན་དང༌། བྱིན་རླབས་དང༌། རྗེས་གནང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་གསན་ནོ། །དེ་ནས་ཐང་པོ་ཆེར། གངས་ཅན་མཁས་པའི་དབང་པོ་དཔག་ཏུ་མེད་པས་ཞབས་ཀྱི་པད་མོ་ལ་གཏུགས་པ། ཐང་པོ་ཆེ་བ་བླ་མ་ཉི་མ་པའི་དྲུང་དུ། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་ཞིང༌། གཞན་ཡང་དབང་དང་བྱིན་རླབས་ལ་སོགས་པ་མང་དུ་གསན་ནོ། །ཁྱད་པར་འཁོར་ལོ་སྡོམ་པའི་རྒྱུད་ཆེ་ཆུང་ལ་ལེགས་པར་སྦྱངས་སོ། །གཉིས་པ་ནི། ཆོས་ཀྱི་རྒྱལ་པོའི་དྲུང་དུ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ཉིད་ཀྱི་ཊཱི་ཀའི་སྟེང་ནས་གསན་ཅིང༌། བཀའ་བཞི་པ་མཛོ་དཔོན་པའི་དྲུང་དུ། ཕྱིས་མཐའ་ཆོད་པར་གསན་པ་ཡིན་ནོ། །མཁན་ཆེན་རྒྱལ་བཟངས་པའི་དྲུང་དུ་དུས་ཀྱི་འཁོར་ལོའི་རྒྱུད། འགྲེལ་ཆེན་དྲི་མེད་འོད་དང་བཅས་པ་མཐའ་ཆོད་པར་གསན་ཅིང༌། ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །དེར་མ་ཟད་མདོར་བསྡུས་དང་པོའི་བཤད་པ། ཀྱཻའི་རྡོ་རྗེའི་དཀའ་གནས་ཀྱི་བཤད་པ་སོགས་མང་དུ་གསན་ནོ། །བླ་མ་ཉི་མའི་དྲུང་དུ། གསང་བ་འདུས་པའི་རྒྱུད་སྒྲོན་གསལ་དང་བཅས་པ་ཆག་ལོའི་ཊཱི་ཀའི་སྟེངས་ནས་མཐའ་ཆོད་པར་གསན་ཅིང༌། རྒྱུད་ཕྱི་མ། རྡོ་རྗེ་ཕྲེང་བ། དགོངས་པ་ལུང་སྟོན་པ། ལྷ་མོ་བཞིས་ཞུས། དེ་ཉིད་བསྡུས་པའི་རྒྱུད། སྒྲུབ་ཐབས་མདོར་བྱས་མདོ་བསྲེས། རྣམ་གཞག་རིམ་པ། དཀྱིལ་ཆོག་ཉི་ཤུ་པ་རྣམས་གསན་ཅིང༌། ངན་སོང་སྦྱོང་རྒྱུད། སཾ་པུ་ཊ་རྣམས་ཀྱང་གསན་ནོ། །སློབ་དཔོན་ས་སྐྱ་པ་སང་ཞེས་པའི་དྲུང་དུ། རྡོ་རྗེ་གུར་དང༌། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་གསན་ནོ། །དེ་དག་ནི་མཐའ་ཆོད་པར་གསན་ཅིང་སློབ་གཉེར་ཡོངས་སུ་རྫོགས་པར་མཛད་པ་དག་ཡིན་ནོ། །གཞན་ཡང་བླ་མ་སོ་སོ་ལ་ཆོས་གསན་པ་ནི་བསམ་གྱིས་མི་ཁྱབ་སྟེ། རྒྱས་པར་གསན་ཡིག་ལས་ཤེས་སོ། །གསུམ་པ་མན་ངག་ཐུགས་ཉམས་སུ་བཞེས་པའི་ཚུལ་ལ། གང་ངོ་བང་མཛོད་ནོར་གྱིས་ཏེ། །ཁྱོད་ཐུགས་མན་ངག་དུ་མས་སོ། །ཞེས་སྨྲས་ཏེ། དེ་ཡང་དགུང་ལོ་བཅུ་གཅིག་པའི་དུས་སུ། རིན་པོ་ཆེ་བསོད་ནམས་སེང་གེའི་དྲུང་དུ། དུས་ཀྱི་འཁོར་ལོའི་དབང་གིས་རྒྱུད་ཡོངས་སུ་སྨིན་པར་མཛད་ནས། སྦྱོར་བ་ཡན་ལག་དྲུག་ཁྲིད་ཆ་ལག་དང་བཅས་པ་སྔོན་གོམས་པའི་དབང་གིས་འབད་རྩོལ་མེད་པར་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས། སོ་སོར་བསྡུད་པའི་མཐུས་གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་རྟོག་པ་ཐམས་ཅད་འགགས་ཤིང་དུབ་ནས་རེ་ཁཱ་ནག་པོའི་བར་གྱི་རྟགས་རྣམས་མངོན་དུ་ཤར་ཏེ་དེ་ཉིད་ཀྱི་བསམ་གཏན་གྱི་མཐུས་མི་གཡོ་བར་མཉམ་པར་བཞག་པས། ཁམས་གསུམ་ལ་འདོད་ཆགས་དང་བྲལ་བར་གྱུར་ཏོ། །འོན་ཀྱང་དེའི་ཚེ་ན་ཇི་སྙེད་པའི་སྣང་ཚུལ་དེ་དག་ལ་སྒྱུར་འཛིན་གྱི་རྣམ་པར་རྟོག་པ་ཕྲ་མོ་མ་བྲལ་བར་སྣང་ངོ་ཞེས་གསུང་ངོ༌། །དེ་ཉིད་ཀྱི་ཚེ་ན། སྲོག་རྩོལ་གྱི་མཐུ་ལས་རླུང་སེམས་བདེ་བ་ཆེན་པོར་འདྲེས་པས་རྩ་དབུ་མའི་མདུད་པ་རང་སར་གྲོལ་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཐོབ་པ་ཡིན་ནོ། །དེར་མ་ཟད་སྔོན་དང་ཕྱི་མའི་གནས་མཐོང་བ་དང༌། ད་ལྟར་གྱི་གནས་སྐབས་སུ་ཡང་ཡུལ་ཁམས་གང་ན་ཇི་ལྟར་ཡོད་པའི་ཚུལ་ཐམས་ཅད་མུན་ཁང་གི་ནང་དེ་ཉིད་ནས་གསལ་བར་གཟིགས་ཏེ། དཔེར་ན་ཉིད་ཀྱི་གཅེན་པོས་གྲོ་སའི་ཆོས་གྲྭར་ཉིད་ཀྱི་སྐུ་ཆོས་བསྣམས་པ་མཐོང་བས་དེ་ལ་སེར་སྣའི་རྣམ་པར་རྟོག་པ་ཅུང་ཟད་སྐྱེས་སོ་ཞེས་གསུང་བ་བཞིན་ནོ། །ཡང་བླ་མ་གྲོ་ས་བ་མཁས་བཙུན་པའི་དྲུང་དུ། ནི་གུ་ཆོས་དྲུག་ལ་སོགས་པ་ཤངས་པའི་ཆོས་སྐོར་མ་ལུས་པ་དང༌། ཡང་དགོན་པའི་རི་ཆོས་སྐོར་མ་ལུས་པ་གསན་ཅིང༌། ཆོས་དྲུག་གི་ཉམས་ལེན་ལ་རྩལ་དུ་བཏོན་པས་འོད་གསལ་ཆེན་པོའི་ངང་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་དུ་མར་སྐུ་ལུས་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་མཆོད་པ་དང༌། བསྙེན་བཀུར་བ་དང༌། ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་སྟོན་མྱོང་བ་ལ་སོགས་པ་ལ་མཐུ་ཐོགས་པ་མེད་པ་ཐོབ་པ་ཡིན་ནོ། །དེ་ནས་དེ་ཙམ་གྱིས་ཀྱང་ཆོག་པར་འཛིན་པ་མེད་པར་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དྲུང་དུ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་མན་ངག་དང་བཅས་པ་མ་ལུས་ཤིང་ལུས་པ་མེད་པར་གསན་ཅིང་ཐུགས་ཉམས་སུ་བཞེས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་ཤར་ཞིང༌། ལམ་དུས་ཀྱི་ཐུན་བཞིར་དབང་བཞི་ཉམས་སུ་བླངས་པས་བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་དཔལ་ལ་རྟག་ཏུ་དགྱེས་པར་རོལ་ཞིང༌། བདེ་ཆེན་གྱི་སྒྲིབ་པ་རང་སར་དག་པ་ཡིན་པར་ངེས་སོ། །དེ་ནས་འདོད་པ་ཅན་རྣམས་ནོར་གྱིས་ནི། །ཆོག་མི་ཤེས་སོ་ཁྱེད་ཀྱི་ཐུགས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དམ་ཆོས་བདུད་རྩིའི་རོ་ཡིས་སོ། །ཞེས་སྨྲས་ཏེ། འདོད་པ་ཅན་ནོར་གྱིས་ཆོག་ཤེས་མེད་པ་བཞིན་དུ། མན་ངག་དེ་ཙམ་གྱིས་ཆོག་པར་འཛིན་པ་མེད་པར་སྐྱེ་དགུའི་གཙུག་རྒྱན་དམ་པ་སྤྱན་སྔ་བ་ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པའི་དྲུང་དུ། ནཱ་རོའི་ཆོས་དྲུག་ཆ་ལག་དང་བཅས་པ་མ་ལུས་པར་གསན་ཅིང་ཐུགས་ཉམས་སུ་བཞེས་པས་གཏུམ་མོ་ལ་བརྟེན་ནས་བདེ་དྲོད་ངང་གིས་འབར་ཞིང༌། སྒྱུ་ལུས་ལ་བརྟེན་ནས་འཇའ་ཚོན་ལྟ་བུའི་སྐུ་མངོན་དུ་གྱུར་ཏེ་ཟུང་འཇུག་གི་སྐུ་མངོན་དུ་མཛད་པ་ལ་མཐུ་ཐོགས་པ་མེད་པ་དང་ལྡན་པ་ཞིག་ཡིན་པར་ངེས་སོ། །གཞན་ཡང་བླ་མ་སོ་སོའི་དྲུང་དུ་ལམ་གྱི་ཆ་ལག་ཡོངས་སུ་རྫོགས་པའི་མན་ངག་གསན་པ་ནི་བསམ་གྱིས་མི་ཁྱབ་སྟེ། གངས་ཅན་གྱི་ཁྲོད་དུ་ཇི་སྙེད་འགྱུར་བའི་མན་ངག་གི་ཆ་བརྒྱུད་པ་མ་ནུབ་པ་རྣམས་ལ་བླ་མ་དམ་པ་འདིས་མ་གསན་པ་ནི་གཅིག་ཀྱང་མེད་པ་ཡིན་ནོ། །སླར་སྨྲས་པ། ཚེ་འདིར་རྡོ་རྗེ་འཆང་དབང་གི །གོ་འཕང་སྩོལ་མཁས་གདམས་ངག་ཀུན། །ཁྱོད་ཀྱི་ཐུགས་ལ་བསྡུས་གྱུར་ན། །བདག་ཅག་འཁོར་བར་འཁྱམས་ཀྱི་དོགས། །འོན་ཀྱང་ཉིན་མོའི་དཔལ་འབར་བ། །ཇི་སྙེད་པད་མོའི་ཚལ་གྱི་ནི། །ཁྱེད་ཀྱི་དགེ་ལེགས་ཇི་སྙེད་པས། །བདག་ཅག་རྣམས་དང་ཐུན་མོང་ངོ༌། །ཞེས་བྱའོ། །འོ་ན་མན་ངག་དེ་དག་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་མངའ་ཞེ་ན། ཐུན་མོང་གི་དངོས་གྲུབ་བརྙེས་པའི་ཚུལ་དང༌། མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་ལོ། །དང་པོ་ནི། ཆེན་པོ་རྣམས་ནི་མཆོག་བསྒྲུབས་པས་ཐུན་མོང་ཞོར་ལ་འགྲུབ་པ་ཆོས་ཉིད་དུ་སྣང་སྟེ། རྩ་རླུང་ཐིག་ལེ་ཐམས་ཅད་ལ་དབང་ཐོབ་པས་མི་དང་མི་མ་ཡིན་པའི་འགྲོ་བ་པ་ཐམས་ཅད་དབང་དུ་བསྡུས་ཏེ་ལྷ་དང་མིའི་ཟས་ནོར་ཐམས་ཅད་ཆར་བཞིན་དུ་འབབ་ཅིང༌། དེའི་ཚེ། མ་ཆགས་པའི་བློས་ཕྱི་ནང་གི་བདོག་པ་ཐམས་ཅད་ལ་མཆོད་པའི་ཞིང་དང་དམན་པ་རྣམས་ལ་འཕངས་པ་མེད་པར་གཏོང་ཀྱང༌། བཀོད་མའི་ཆུ་བཞིན་དུ་ལོངས་སྤྱོད་པར་མཛད་པ་ཉིད་རྣམ་པར་འཕེལ་བའི་རྒྱུར་སྣང་ངོ༌། །སྲོག་རྩོལ་མངོན་དུ་གྱུར་པས་འཆི་བ་མེད་པའི་དངོས་གྲུབ་བརྙེས་ཤིང་སྐུ་ཚེ་འདོར་ལེན་ལ་དབང་ཐོབ་སྟེ། ད་ལྟ་བརྒྱད་ཅུ་རྩ་ལྔའི་དུས་སུ་ཡང་ལང་ཚོ་དར་ལ་བབ་པ་བཞིན་དུ་ཟོ་མདོག་བཟང་བ་དང་ལྡང་བ་ཡང་ཞིང་སྐུ་ཉམས་དང་ལྡན་པར་བཞུགས་པ་འདི་ཡིན་ནོ། །དེར་མ་ཟད། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཕུན་སུམ་ཚོགས་པ་མངོན་དུ་གྱུར་པའི་སྟོབས་ཀྱིས་སྔར་སྦྱངས་པའི་གསུང་རབ་དག་ཀྱང་བསྙེལ་བ་མེད་པར་ཆེས་ཆེར་ཤིན་ཏུ་གསལ་བར་གྱུར་ཅིང་གཞན་ངོར་མ་སྦྱངས་པ་ལྟ་བུར་སྣང་བ་རྣམས་ཀྱང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ནས་བླ་མ་ན་འཕོས་པའི་དབང་གིས་གང་ལ་ཡང་ཐོགས་པ་མེད་པའི་ཆོས་ཀྱི་མཚོ་ཆེན་པོ་བརྡོལ་བ་ཡིན་ནོ། །དེའི་ཕྱིར་འདི་ལྟ་བུའི་ཆེ་བའི་ཡོན་ཏན་མཐོང་བའི་ཚེ་ན། ཕྱི་ནང་གཞུང་ལུགས་བརྒྱ་ཕྲག་གིས། །མགྲིན་པར་བརྒྱན་པའི་དྲེགས་ལྡན་ཡང༌། །དད་པའི་ཅོད་པཎ་དཀར་པོ་ལ། །ཞབས་སྐྱེས་པད་མོའི་ཕྲེང་བ་ལེན། །ཞེས་སྨྲས་སོ། །གཉིས་པ་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་ནི། ཐུན་མོང་དུ་འདི་ལྟ་བུའི་ཆེ་བའི་ཡོན་ཏན་དང་ལྡན་པའི་རྟགས་ཀྱིས། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་པར་གདོན་མི་ཟ་མོད། དེ་ཇི་ལྟར་བརྙེས་པའི་ཚུལ་ལ་སོགས་པ་འདིར་ནི་གསལ་བར་མ་བྲིས་ཏེ་གསང་བ་ཆེན་པོའི་སྣོད་དུ་གྱུར་པ་དང་མ་གྱུར་པའི་སྐྱེ་བོ་ཀུན་གྱིས་བལྟ་བ་དང༌། ཉན་པ་དང༌། དེ་ལ་བརྟེན་ནས་དད་པ་ངང་གིས་འཕེལ་བའི་དམིགས་རྐྱེན་ཙམ་དུ་འདི་ཙམ་ཞིག་བྲིས་པ་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་རྗེས་སུ་བཟུང་བའི་ཚུལ་ལ། ཐུན་མོང་གི་ཐེག་པས་རྗེས་སུ་བཟུང་བའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་ཐེག་པས་རྗེས་སུ་བཟུང་བའི་ཚུལ་ལོ། །དང་པོ་ལ། དམ་པ་རྣམས་ཀྱི་འཕྲིན་ལས་ནི། །འབད་པ་མེད་པར་ངང་གིས་འཇུག །དྲི་བཞོན་ལས་བྱུང་དྲི་ཞིམ་འདི། །ཆེད་དུ་བསྒོས་པ་ཡིན་ནམ་ཅི། །དེ་ཡང་བསྟན་པའི་སྙིང་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་གཞན་དག་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པར་མཛད་པ་ནི་གྲངས་ལས་འདས་ཤིང༌། མཚན་ཉིད་ཐེག་པའི་དབང་དུ་བྱས་པའི་བཤད་ཉན་གྱི་མིང་དུ་བཏགས་པ་ཆེར་མཛད་པ་ནི་མེད་མོད་ཀྱི། དེ་ལྟ་ནའང་སྔར་བཤད་པ་ལྟར་དབུས་གཙང་གི་བློ་གསལ་ཞིང་ཡིད་གཞུངས་ལ་དོན་དུ་གཉེར་བའི་མཁས་པ་སྟོང་ཕྲག་གཉིས་ཀྱིས་ལྷག་པའི་ཁྲི་ཕྲག་གཅིག་གི་དབུས་སུ་བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ཀྱི་བཤད་པ་རྒྱ་ཆེར་མཛད་པས་བློ་གསལ་དེ་དག་གི་རྒྱུད་ལ་ལེགས་པར་བཤད་པའི་རྟོགས་པ་འཁྲུངས་པ་ནི་བསམ་གྱིས་མི་ཁྱབ་སྟེ། འབྲས་བུ་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་རོ། །གཉིས་པ་ལ། ཉོན་མོངས་གདུགས་ཀྱིས་ཆེར་གདུངས་པའི། །འགྲོ་ལ་ཁྱོད་ཀྱི་འཕྲིན་ལས་ནི། །ཧ་རི་ཙནྡན་གྱིས་བསྒོས་པའི། །མ་ལ་ཡ་ཡི་རླུང་བཞིན་འབབ། །ཞེས་སྨྲས་ཏེ། དེ་ཡང་དགུང་ལོ་སུམ་ཅུ་ཙམ་གྱི་དུས་ལ་བབ་པ་ན། བྱང་ར་སྒྲེང་གི་དབེན་གནས་ན་སྒྲུབ་པ་སྙིང་པོར་མཛད་པའི་ཚེ། ཆོས་སྡིངས་དཔལ་གྱི་རི་ཁྲོད། འདི་ཆོས་བཞིན་དུ་སྐྱོང་བར་བྱེད་པའི་བསྟན་མ་གཉིས་དྲུང་དུ་ལྷགས་ཏེ། ཆོས་སྡིངས་ཀྱི་མཁན་པོ་སེང་གེ་དཔལ་ཞེས་པ་དེ་ལུག་ལོའི་འཇུག་ལ་ལུག་ཐང་ལ་འཆི་བར་གདའ་བས་ཁྱེད་ཀྱིས་རི་ཁྲོད་དུས་ཕེབས་ནས། སྔོན་གྱི་འཕྲིན་ལས་ཀྱི་ལྷག་མ་མ་ལུས་པ་བསྒྲུབ་པར་མཛད་དུ་གསོལ། བདག་ཅག་རྣམས་ཀྱི་མིང་དང་སྲོག་སྙིང་ནི་འདི་དང་འདི་ཞེས་བགྱི་བ་ཡིན་ནོ། །ཞེས་ཕུལ་ནས་བཀའ་ལས་མི་འདའ་བར་དམ་བཅས་པ་ཡིན་ལ་དེ་ནས་དེས་ཇི་ལྟར་སྨྲས་པ་བཞིན། སྔོན་གྱི་སྨོན་ལམ་གྱི་དབང་གིས་དགུང་ལོ་སུམ་ཅུ་རྩ་གསུམ་པ་ལ། ཀུན་མཁྱེན་ཆེན་པོའི་གདན་སར་ཕྱག་ཕེབས་ཏེ་གདུལ་བྱ་རྣམས་རྗེས་སུ་འཛིན་པར་མཛད་པ་ཡིན་ནོ། །དེ་ཡང་འདི་ལྟར། བུང་བས་པད་མོའི་ཚལ་མཐོང་ལྟར། །ཐོས་བསམ་སྙིང་པོ་བླང་བྱའི་ཕྱིར། །སྔོན་གོམས་དབང་གི་འབད་མེད་པར། །བསམ་གཏན་ཁང་པའི་ནང་དུའོ། །ཞེས་བྱ་བ་སྨྲས་ཏེ། དེ་ཡང་གདན་སར་ཕེབས་ནས། ལོ་བཅོ་བརྒྱད་ཀྱི་བར་དུ་སྒྲུབ་པ་སྙིང་པོར་མཛད་ཅིང༌། དེ་དག་གི་ཚེ་ན་ཡང་དཔའ་བོ་དང་རྣལ་འབྱོར་མ་དང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང༌། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་དང༌། བུ་མོ་རྣམས་ཀྱིས་ཡར་ངོའི་ཚེས་བརྒྱད་དང་བཅུ་བཞི་དང༌། བཅོ་ལྔ་ལ། ལྷ་རྫས་ཀྱི་མེ་ཏོག་དང༌། བདུག་སྤོས་ལ་སོགས་པས་མཆོད་པར་བྱེད་པ་ནི་ཐམས་ཅད་ཀྱིས་མངོན་སུམ་མོ། །དེའི་ཚེ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །མ་འདྲེས་སོ་སོར་དཔྱོད་པ་ན། །དངོས་པོ་རྣམས་ཀྱིས་རང་གི་འཚང༌། །གསལ་བར་སྨྲས་པ་ཇི་བཞིན་ནོ། །དེ་ཡང་སོ་སོར་བསྡུད་པ་དང༌། བསམ་གཏན་གྱི་མཐུ་ལ་བརྟེན་ནས་ལྟ་བའི་ཕུ་ཐག་ལེགས་པར་ཆོད་དེ་དངོས་པོ་རྣམས་ཀྱིས་རང་གི་རང་བཞིན་ཀུན་རྫོབ་སྣ་ཚོགས་སུ་སྣང་ཞིང་དོན་དམ་པར་རང་བཞིན་མེད་པ་ཉིད་དེ་ཉིད་ཀྱིས་གསལ་པོར་སྨྲས་པ་བཞིན་དུ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀུན་སྒྱུ་མ་ལྟ་བུར་རྟོགས་ཤིང༌། སྤྱན་དང་མངོན་པར་ཤེས་པ་ཐོགས་མེད་དུ་ཤར་ཏེ་ཡུལ་ལྗོངས་འདིར་མཆིས་པ་རྣམས་ཀྱི་དགེ་བ་དང་མི་དགེ་བའི་མཚན་མ་དང་སེམས་ཅན་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་དང་རང་ཉིད་ཀྱི་སྔོན་གྱི་གནས་དང༌། ཕྱི་མའི་གནས་དང༌། ཡབ་དང་ཡུམ་གྱི་ཕྱི་མའི་གནས་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ། དགེ་ལེགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྐྲུན་ཅིང་ལུང་སྟོན་པར་མཛད་པ་ཡིན་ནོ། །དེའི་ཚེ་ཉི་ཟླའི་རྒྱུ་བ་ཀུན། །དབུ་མའི་ལམ་དུ་རབ་ཕྲོགས་ནས། །དེ་ཉིད་འཛིན་པའི་རྣལ་འབྱོར་གྱིས། །ལོངས་སྐུའི་ཞིང་ཁམས་བརྒྱ་ཕྲག་བགྲོད། །འདི་ལྟར་ང་དྲུག་རྐང་བཅས་ཀྱིས་དམན་པའི་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་འཕོ་བ་བཅུ་གཉིས་པོ་ཐམས་ཅད་དབུ་མའི་ལམ་དུ་ཕྲོགས་ནས་དེ་ཉིད་གཞན་དུ་མི་འགྱུར་བའི་བདེ་བ་ཆེན་པོར་འཛིན་པར་ནུས་པའི་རྣལ་འབྱོར་གྱིས་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དོན་མངོན་སུམ་དུ་མཛད་དེ། དེ་ཉིད་ཀྱི་ངང་ནས་རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་བརྒྱ་ཕྲག་རྣམས་སུ་བགྲོད་ནས། ཟབ་པ་དང༌། རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པར་མཛད་པ་ནི་བསམ་གྱིས་མི་ཁྱབ་སྟེ། འོན་ཀྱང༌། འདི་ན་སྐལ་བ་དམན་པ་འགའ། །སྦྱངས་པའི་མཐུ་དང་གོམས་པའི་སྩལ། །གང་ཡང་མེད་པར་རང་བློའི་དཔེས། །གཞན་བློ་དཔོག་ཕྱིར་བཏང་སྙོམས་བཞག །ཅེས་སྨྲས་ཏེ། འདིར་ནི་རྒྱས་པར་མ་བརྗོད་དེ། ལ་ལ་རང་ལ་སྦྱངས་པ་དང་ཉམས་སུ་མྱོང་བ་ཅི་ཡང་མེད་པར་རང་རྒྱུ་མཚན་དུ་བྱས་ནས་གཞན་གྱི་ཡོན་ཏན་ལ་བརྫུན་ཞེས་འཕགས་པ་ལ་སྐུར་བ་འདེབས་པ་དག་མཐོང་བའི་ཕྱིར་རོ། །ཟླ་བ་ཆ་ཤས་ཀྱིས་གང་ཞིང༌། །ཁྱོད་སྐུ་ཀུན་རྫོབ་བྱང་སེམས་ཀྱིས། །ཆོས་ཀུན་སྟོང་པའི་རང་བཞིན་ཏེ། །ཁྱོད་ཀྱི་ཐུགས་ཀྱི་རྡོ་རྗེའོ། །འདིའི་དོན་ནི་གསལ་བར་མ་སྨྲས་སོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་མཐར་ཕྱིན་པ་མཛད་པ་ཡིན་ཏེ། ལོ་གསུམ་ཕྱོགས་གསུམ་དང་བཅས་པར། །ཡན་ལག་དྲུག་གི་རྣལ་འབྱོར་ཙམ། །གོམས་པས་འགྲོ་བར་འགྱུར་གསུངས་ནས། །བཅོ་བརྒྱད་ལོ་ཡིས་སྨོས་ཅི་དགོས། །ཞེས་བྱའོ། །དེ་ཁོ་ནར་མ་ཟད། རྣལ་འབྱོར་དེ་ཉིད་ལས་གཡེལ་བ་མེད་པར། རྗེ་ས་སྐྱ་པ་རྣམས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་ལམ་གྱི་ཐུན་བཞིར། དབང་བཞིས་ལུས་སོ་སོར་བརྟགས་པའི་འགོག་པ་ལ་གནད་དུ་བསྣུན་པ་དང༌། འབྲིང་པོ་དམ་ཚིག་གི་ཆོས་སྐོར་དང༌། ལམ་ཟབ་མོ་བླ་མའི་རྣལ་འབྱོར་སོགས་ཆ་ལག་དང་བཅས་པ་ལ་ཐུན་བཞིའི་རྣལ་འབྱོར་གྱིས་བརྩོན་པར་མཛད་ཅིང༌། དེ་ཉིད་ཀྱི་སྒོ་ནས་གདུལ་བྱ་དཔག་ཏུ་མེད་པ་བཀྲི་བར་མཛད་པ་ཡིན་ནོ། །དེ་ཡང་འདི་ལྟར། དྲི་མེད་དབང་དང་རྣམ་དག་རྒྱུད། །ལུས་རྫོགས་གདམས་ངག་དང་བཅས་པས། །སྐལ་བར་ལྡན་པ་འབུམ་ཕྲག་ཙམ། །སྨིན་ཅིང་གྲོལ་བར་མཛད་པའོ། །ཞེས་སྨྲས་ཏེ། གདན་ས་འདིར་མེ་ཕོ་བྱི་བའི་ལོ་ཡན་དུ་ལྔ་བཅུ་རྩ་གཅིག་ཐལ་ཏེ་དེ་ཡང་ལོ་རེ་ལ་སྦྱོར་བ་ཡན་ལག་དྲུག་པ་ཐ་ནའང༌། ཚར་ལྔ་རེ་ཙམ་གྱིས་སྐལ་བ་དང་ལྡན་པའི་གདུལ་བྱ་སྟོང་ཕྲག་དྲུག་ཙམ་སྨིན་ཅིང་གྲོལ་བར་མཛད་དེ། གདུལ་བྱ་དབང་པོ་ཐ་མ་པ་ལ་ཡང་སྔོན་འགྲོའི་རྣལ་འབྱོར་གྱིས་རྒྱུད་སྦྱངས། མཆོག་དབང་གོང་མ་གསུམ་གྱིས་སྨིན་པར་བྱས། སོར་སྡུད་ཀྱིས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་མངོན་སུམ་དུ་མཐོང་ཞིང༌། བསམ་གཏན་གྱིས་དེ་ཉིད་ལ་མཉམ་པར་མི་འཇོག་པ་ནི་མེད་པའི་ཕྱིར་རོ། །ལམ་འབྲས་བུ་དང་བཅས་པའི་གདམས་ངག་མན་ངག་གཞུང་བཤད་ཆ་ལག་དང་བཅས་པ་ཚར་བརྒྱ་ཙམ་གྱི་སྒོ་ནས་སྐལ་ལྡན་སྟོང་ཕྲག་གཉིས་ཙམ་སྨིན་ཅིང་གྲོལ་བར་མཛད་དེ། ཐ་ནའང་ཉིན་རེ་ལ་ལམ་དུས་ཐུན་རེ་མི་ལེན་པ་ནི་མེད་པའི་ཕྱིར་རོ། །དེར་མ་ཟད། ནཱ་རོའི་ཆོས་དྲུག་དང༌། ནི་གུའི་ཆོས་དྲུག་དང༌། ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་དང༌། རི་ཆོས་བསྐོར་གསུམ་དང༌། འདུས་པའི་རིམ་པ་ལྔ་དང༌། འཁོར་ལོ་སྡོམ་པའི་རིམ་པ་ལྔ་དང༌། དམར་ཁྲིད་དང༌། སྙིང་པོ་དོན་གསུམ་ལ་སོགས་པའི་མན་ངག་གི་སྒོ་ནས་སྨིན་པར་མཛད་པ་ནི་སྟོང་ཕྲག་གསུམ་ཙམ་སྟེ། དེ་དག་གིས་དོན་ཉམས་སུ་བླངས་པས་ཐ་ནའང་ཏིང་ངེ་འཛིན་སྣ་རེ་མ་སྐྱེས་པ་མེད་དོ། །གཞན་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད་དང་བཅས་པ་དང༌། དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ། བཤད་པའི་རྒྱུད་དང་བཅས་པ་དང༌། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ཉུང་ངུའི་རྒྱུད་དང༌། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྡོམ་པའི་བསྡུས་པའི་རྒྱུད། འགྲེལ་ཆེན་དྲི་མེད་འོད་དང་བཅས་པའི་བཤད་པ་ལན་མང་དུ་རྒྱ་ཆེར་མཛད་པས་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་ལ་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དྲི་མ་མེད་པ་བསྐྲུན་པར་མཛད་པ་ཡིན་ནོ། །གཞན་ཡང༌། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང༌། དབུ་མ་ཚིག་གསལ་འཇུག་དང༌། འདུལ་བའི་མདོ་དང༌། མངོན་པའི་མཛོད་དང༌། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་རྣམས་ལ་ཡོངས་རྫོགས་ཀྱི་བཤད་པ་ཐེངས་ཁ་ཡར་མཛད་ཅིང་དགེ་བའི་བཤེས་གཉེན་ཆེན་པོ་འགའ་ཞིག་ལ་བསམ་གྱིས་མི་ཁྱབ་པའི་རྟོགས་པ་བསྒྲུབ་པར་མཛད་དོ། །གཞན་ཡང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དུ་མ་ལ་དབང་འབྱོར་བའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་གཉིས་ཙམ་ལ་འདུལ་བའི་ལུང་སྡེ་བཞིའི་བཤད་པ་ཡོངས་སུ་རྫོགས་པར་མཛད་པས་དེའི་ཚེ་ན། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་དང༌། བུ་མོ་སྟོང་ཕྲག་དུ་མས་རི་ཁྲོད་འདི་ཉིད་ཀྱི་སྟེང་གི་བར་སྣང་ལ་སྤྲིན་གྱི་ཕུང་པོའི་གསེབ་ནས་ལུས་ཀྱི་སྟོད་ཕྱུང་སྟེ། གདུགས་དང་རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་སྒྲས་མཆོད་པར་བྱེད་ཅིང༌། ལྷ་རྫས་ཀྱི་བདུག་སྤོས་དང༌། མེ་ཏོག་མནྡ་རྭ་བ་དང༌། མནྡ་རྭ་བ་ཆེན་པོ་དག་གིས་ཟླ་བ་གཅིག་ཙམ་གྱི་བར་དུ་ཐམས་ཅད་ཀྱིས་མངོན་སུམ་གྱིས་གྲུབ་པར་བཀུར་སྟིར་བགྱིད། བླ་མར་བགྱིད། རི་མོར་བགྱིད་ཅིང་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པའི་འོས་དམ་པར་བཞུགས་པ་ཡིན་ནོ། །སླར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔལ་དུ་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་སོ། །ཕྱི་ནང་སྣོད་བཅུད་འཇིག་རྟེན་མ་ལུས་པ། །འཇིག་རྟེན་མེས་པོས་རང་དགར་བྱས་སོ་ཞེས། །མངོན་པའི་ང་རྒྱལ་སྒྲོགས་པ་མང་མོད་ཀྱི། །གྲུབ་ཆེན་འདི་འདྲའི་སྐྱབས་གཞན་འགའ་མ་མཆིས། །དེ་ཕྱིར་བླ་མའི་མཛད་པ་ལས། །རང་གིས་ཐོས་པའི་ཆ་ཤས་ཙམ། །གོ་བདེའི་ངག་གིས་བརྗོད་པ་ཡི། །དགེ་བ་རྣམས་པར་དཀར་སྐྱེས་པ། །དེས་ཀྱང་སྐྱེ་བ་ཐམས་ཅད་དུ། །དད་པས་ཡོན་ཏན་མ་ལུས་པ། །ཇི་བཞིན་བརྗོད་པའི་མཐུ་ཐོབ་ནས། །ཞབས་རྡུལ་གུས་པས་ལེན་པ་དང༌། །དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །དེ་སྐད་བརྗོད་འདི་ལེ་ལོ་ཡི། །རྒྱ་མཚོར་བྱིང་ཀྱང་སྐུལ་བྱེད་ཀྱི། །བ་དན་གཡོ་བའི་དགེ་ལེགས་ཀྱིས། །རྣམ་ཐར་ནོར་བུའི་ཕྲེང་བ་སྤེལ། །དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་མདོར་བསྡུས་པ་ངོ་མཚར་བཀོད་པའི་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ་འདི་ནི། སྒོ་གསུམ་མི་དགེ་བའི་བྱ་བ་རིང་དུ་རྒྱང་བསྲིངས་ཏེ་བླ་མ་མཉེས་པའི་བྱ་བ་འབའ་ཞིག་གིས་དུས་འདའ་བའི་ཉེ་གནས་དཔལ་ལྡན་རྒྱ་མཚོ་ཞེས་བགྱི་བས་ལེགས་པར་བསྐུལ་བའི་ངོར། དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་བླངས་པ་ལ་བརྟེན་ནས་རྡོ་རྗེ་འཆང་ཆེན་པོའི་གསང་བའི་མཛོད་དུ་མ་ལ་ལྟ་བའི་སྐལ་བ་དང་ལྡན་ཞིང༌། རྗེ་དེ་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཅན་ཤཱཀྱའི་དགེ་སློང་མཆོག་ལྡན་ལེགས་པའི་བློ་གྲོས་ཞེས་བགྱི་བས་མངོན་བརྗོད་དང་ཚིག་གི་རྒྱན་གྱིས་མ་བཅིངས་པར་གོ་བདེ་བའི་ངག་གིས་བཀྲོལ་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པས་རྒྱལ་བ་སྐུ་བལྟམས་ནས་ལོ་ཉིས་སྟོང་དང་གསུམ་བརྒྱ་དྲུག་བཅུ་རེ་བརྒྱད་པ་མེ་ཕོ་བྱི་བའི་ལོའམ་འཛིན་བྱེད་ཀྱི་ལོ། དབྱུག་པས་ཉ་བའི་བཅོ་ལྔ་ལྷ་ལས་བབས་པའི་དུས་ཁྱད་པར་ཅན་ལ་དཔལ་སྤྱང་ལུང་ཆོས་སྡིངས་ཐུབ་ཆེན་མངོན་པར་དགའ་བའི་དབེན་གནས་སུ་སྦྱར་བའོ།།  །།གཞན་ཡང་སླད་ནས་འདི་ལྟ་བུ། །རྩོམ་པའི་ཚུལ་ལ་འཇུག་པ་རྣམས། །འདི་ལས་དབྲི་བར་མི་བྱ་ཞིང༌། །ངོ་མཚར་ཅན་རྣམས་བསྣན་པར་བྱ། །དེ་ཡང་གསལ་ཞིང་མཛངས་པ་ཡི། །ཚིག་གིས་བརྗོད་པར་བྱ་བ་སྟེ། །མི་ཤེས་པར་ཡང་དད་ཙམ་གྱིས། །གྲོང་པའི་ཚིག་གིས་མ་ཡིན་ནོ། །ཞེས་སོ།།  །།དགེའོ།།  །།མངྒ་ལཾ།།  །།བྷཝནྟཱུ།།  །།ཤུབྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*