ཏིང་ངེ་འཛིན་གྱི་སྡོམ།

༼བ༽

༄༅། །ཏིང་ངེ་འཛིན་གྱི་སྡོམ་བཞུགས།།

༄༅། །ཏིང་ངེ་འཛིན་གྱི་སྡོམ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏིང་འཛིན་བརྩོན་པས་ཏིང་འཛིན་མཆོག་བརྙེས་ནས། །ཏིང་འཛིན་རྣམ་པར་འཕྲུལ་པ་ཀུན་འཕྲུལ་ཞིང༌། །འགྲོ་ལ་ཏིང་འཛིན་ཞི་བ་རབ་སྟོན་པ། །ཏིང་འཛིན་དབང་ཕྱུག་དཔལ་ལ་ཕྱག་འཚལ་ལོ། །ཏིང་འཛིན་མཆོག་མང་གསུངས་པའི་ཏིང་ངེ་འཛིན། །སྟོན་པར་བྱེད་པ་ཏིང་འཛིན་རྒྱལ་པོའི་མདོ། །བསྡུས་པའི་སྡོམ་གྱིས་གསལ་བར་བསྟན་པ་འདི། །བློ་གྲོས་རྒྱལ་མཚན་དཔལ་གྱིས་བཤད་པར་བྱ། །དེ་ལ་གསུམ། གླེང་གཞི་ཕུན་སུམ་ཚོགས་པས་མདོ་སྡེ་ཇི་ལྟར་བྱུང་བའི་ཚུལ། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པས་མདོ་སྡེའི་གཞུང་དངོས། འཁོར་གྱི་དཀྱིལ་འཁོར་གྱིས་མངོན་པར་བསྟོད་པས་ཡོངས་སུ་རྫོགས་པར་བསྟན་པའོ། །དེ་ལ་དང་པོ་ནི་གླེང་གཞིའི་ལེའུའོ། །གཉིས་པ་ནི་སངས་རྒྱས་སཱ་ལའི་དབང་པོའི་ལེའུ། སངས་རྒྱས་རྗེས་སུ་དྲན་པའི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། སངས་རྒྱས་དབྱངས་བྱིན་གྱི་ལེའུ། ཏིང་ངེ་འཛིན་ཡོངས་སུ་སྦྱང་བའི་ལེའུ། བཟོད་པ་གསུམ་གྱི་ལེའུ། སངས་རྒྱས་དངོས་པོ་མེད་པ་ལས་བྱུང་བའི་ལེའུ། ཆོས་ཟབ་མོ་ལ་བཟོད་པའི་ལེའུ། གྲོང་ཁྱེར་དུ་གཤེགས་པའི་ལེའུ། མདོ་སྡེ་འཛིན་པའི་ལེའུ། ཏིང་ངེ་འཛིན་རྗེས་སུ་སློབ་པའི་ལེའུ། ཏིང་ངེ་འཛིན་ངེས་པར་བསྟན་པའི་ལེའུ། འཛུམ་པར་བསྟན་པའི་ལེའུ། འཛུམ་པ་ལུང་བསྟན་པའི་ལེའུ། སྔོན་བྱུང་གི་ལེའུ། སངས་རྒྱས་མང་པོའི་ཏིང་ངེ་འཛིན་གྱི་སྒོའི་ལེའུ། སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་ཏིང་ངེ་འཛིན་འཛིན་པ་དང༌། བསྲུང་བ་དང༌། རྒྱས་པར་རྗེས་སུ་གཏད་པའི་ལེའུ། དྲི་ཟ་ཟུར་ཕུད་ལྔ་པའི་པི་ཝང་གི་སྒྲས། སངས་རྒྱས་ཀྱི་ཡོན་ཏན་དང༌། ཏིང་ངེ་འཛིན་རྗེས་སུ་བསྒྲགས་པས་བྱིན་གྱིས་བརླབས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ངེས་པར་བསྟན་པའི་ལེའུ། དེ་རྣམས་ཀྱི་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་བསྟན་ནས། སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའི་ལེའུ། ཆོས་སྨྲ་བ་རྣམས་ལ་ཏིང་ངེ་འཛིན་བསྟན་པ་དང༌། སྔོན་བྱུང་བའི་ལེའུ། ལུས་ལ་ཆགས་པའི་གནས་མ་ཡིན་པ་ངེས་པར་བསྟན་པའི་ལེའུ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྐུར་མི་ལྟ་ཞིང༌། ཆོས་ཀྱི་སྐུར་ངེས་པར་བསྟན་པའི་ལེའུ། དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའི་ལེའུ། སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ལེའུ། རྗེས་སུ་ཡི་རང་བའི་ལེའུ། སྦྱིན་པའི་ལེའུ། ཚུལ་ཁྲིམས་ངེས་པར་བསྟན་པའི་ལེའུ། ཕན་ཡོན་བཅུའི་ལེའུ། གཟི་བརྗིད་ཚོགས་ཀྱི་རྒྱལ་པོའི་ཕན་ཡོན་གྱི་ལེའུ་སྟེ་བཅུ་གསུམ་གྱི་ཏིང་ངེ་འཛིན་གྱི་ཡན་ལག་གོ །ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་བསྟན་པའི་ལེའུ་ནི་ཏིང་ངེ་འཛིན་གྱི་དངོས་གཞིའོ། །མདོ་སྡེ་འཛིན་པའི་ཕན་ཡོན་གྱི་ལེའུ་ནི་ཕན་ཡོན་དངོས་སོ། །དགེ་སློང་བདེ་བས་བྱིན་པའི་ལེའུ། བུ་མོ་ཡེ་ཤེས་ལྡན་གྱི་ལེའུ། མེ་ཏོག་ཟླ་མཛེས་ཀྱི་ལེའུ། གསུམ་ནི་སྔོན་བྱུང་གི་ཚུལ་གྱི་ངེས་བྱེད་དོ། །ཏིང་ངེ་འཛིན་གྱི་ཕན་ཡོན་དང༌། གཟུངས་ཀྱི་ཕན་ཡོན་བསྟན་པ་ནི་ཕན་ཡོན་རྒྱས་བཤད་དོ། །སྙན་པའི་འོད་ཀྱི་ལེའུ་ནི་ངེས་བྱེད་དོ། །མཇུག་བསྡུ་བའི་ལེའུ་གསུམ་གྱིས་ཚུལ་ཁྲིམས་རྒྱས་བཤད་དོ། སྒོ་གསུམ་གྱི་མཚམས་སྦྱོར་ཚིག་ཉིས་བརྒྱ་དགུ་བཅུ་རྩ་བདུན་ཅུང་ཟད་བཤད་དེ། ལུས་ཀྱི་སྡོམ་པའི་ཕན་ཡོན་གྱི་ལེའུ། ངག་གི་སྡོམ་པའི་ཕན་ཡོན་གྱི་ལེའུ། ཡིད་ཀྱི་སྡོམ་པའི་ཕན་ཡོན་གྱི་ལེའུ། མཇུག་བསྡུ་བའི་ཕན་ཡོན་གྱི་ལེའུ་རྣམས་སོ། །ཏིང་ངེ་འཛིན་གྱི་རྒྱལ་པོའི་བསྡུས་པའི་དོན་གྱི་ཐོ་ཡིག་གོ །འདི་བས་བསྡུས་དོན་ཤིན་ཏུ་ཟབ་པ་ཞིག་གསུངས་མོད་ཀྱིས་ཡི་གེར་མ་མཛད་ལ། ཟིན་རིས་ཀྱང་མ་གྲུབ་ཅིང་མ་མཐོང་ལ་འདི་ཙམ་ཞིག་བརྩམ་གཞི་ལ་སྣང་ངོ༌།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*