ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས། ཀ ༽

༼ཝ༽༄༅། །ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ཞེས་བྱ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། གང་བློ་གང་གི་མཁྱེན་པ་ལ་འོང་བས། །བསྟོད་མཛད་རྒྱལ་བ་ཀུན་གྱི་དབྱངས་གཅིག་གིས། །བསྟོད་པའི་རོལ་མོ་ངེས་པར་བསྟབ་འོས་པ། །བརྩེ་ཆེན་འཇམ་པའི་དཔལ་གྱིས་བདག་གཟུང་ཤིག །བུ་རམ་ཤིང་པའི་བསྟན་པའི་རྒྱལ་ཁང་དུ། །རིགས་པར་འཇུག་བྱེད་གྲུབ་མཐའི་སྒོ་ཆེན་བཞི། །དབྱིག་གཉེན་ཞབས་ཀྱིས་རིམ་པར་ཕྱེ་བ་ལས། །ཐོག་མར་བྱེ་བྲག་སྨྲ་བའི་སྒོ་དབྱེ་བྱ།།  །།གང་འདིར་བསྟན་པ་རིན་པོ་ཆེའི་ངེས་དོན་གྱི་རྒྱ་མཚོར་འཇུག་པའི་གྲུབ་པའི་མཐའི་གྲུ་བོ་ཆེ་ནི་རྣམ་པ་བཞི་སྟེ། བསྟན་བཅོས་བྱེ་བྲག་ཏུ་སྨྲ་བའི་མཚོ་ཆེན་པོ་ལུང་ཚད་མར་ཁས་ལེན་པ་པོ་བྱེ་བྲག་ཏུ་སྨྲ་བ་དང༌། བསྟན་བཅོས་ཙམ་གྱིས་ཡིད་མི་བརྟོན་པར་མདོ་ཁོ་ན་ལུང་ཚད་མར་སྨྲ་བ་མདོ་སྡེ་པ་དང༌། ཕྱི་རོལ་དོན་གྱི་སྣང་བ་སེམས་སུ་ཁས་བླངས་ནས་སེམས་དེ་ཉིད་དངོས་པོར་སྨྲ་བ་སེམས་ཙམ་པ་དང༌། སེམས་དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་བཤད་ནས། ཤེས་བྱ་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཁས་ལེན་པ་དབུ་མ་པ་རྣམས་སོ། །བཞི་པོ་འདི་ཡང་ལྟ་བའི་རིམ་པས་སོ་སོར་ཕྱེ་བ་ཡིན་ལ། དེ་དག་ནི་ཀུན་མཁྱེན་གཉིས་པ་ཞེས་ཉི་མ་ལྟར་གྲགས་པ་དབྱིག་གཉེན་ཞབས་ཀྱིས་ཆེས་ཤིན་ཏུ་གསལ་བར་མཛད་པ་ཡིན་ཏེ། ཆོས་མངོན་པའི་མཛོད་ཀྱི་རྩ་འགྲེལ་དུ་ནི་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་པའི་མཐའ་གསལ་བར་མཛད་པ་དང༌། བྱམས་པའི་ཆོས་དང་འབྲེལ་བའི་རབ་ཏུ་བྱེད་པ་སྡེ་བརྒྱད་པོ་རྣམས་སུ་ནི། ཐེག་པ་ཆེན་པོ་པ་རྣམས་ཀྱི་གྲུབ་པའི་མཐའ་གསལ་བར་མཛད་པས་སོ། །དེ་དག་ལས་འདིར་ཆོས་མངོན་པའི་མཛོད་ཀྱི་རང་འགྲེལ་དང༌། དེའི་རྣམ་པར་བཤད་པ་རྣམ་པ་གཉིས་པོ་དག་དཔང་པོར་བགྱིས་ནས་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་གནས་རྣམས་བརྗོད་པར་བྱ་བ་ལ་གཉིས་ཏེ། ཤེས་བྱ་གཞི་ལྔ་ལས་བརྩམས་པའི་གྲུབ་པའི་མཐའ་ཐུན་མོང་མ་ཡིན་པ་གནས་བརྒྱད་དུ་འབྱུང་བ་རྣམས་བཤད་པ་དང༌། གང་ཟག་བདག་འགོག་གི་རིགས་པ་འདི་བདག་དང་ཐུན་མོང་དུ་གྲགས་པ་གནས་དགུ་པས་བཤད་པའོ། །དང་པོ་ལ་གསུམ་སྟེ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང༌། བཤད་བྱ་ཆོས་མངོན་པའི་རང་བཞིན་ངོས་བཟུང་བ་དང༌། གཞུང་མངོན་པའི་དགོས་སོགས་ཆོས་བཞི་བསྟན་པའོ། །དང་པོའི་སྐབས་སུ། གང་ལ་ཕྱག་བྱ་བའི་ཡུལ་གྱི་སྟོན་པ་དེ་ངོས་བཟུང༌། དེ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་བཤད། དེ་གང་གིས་སྤོང་བའི་ལམ་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ། འདིར་སྟོན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེ་ལའང་མཚན་ཉིད་པ་ཆོས་ཀྱི་སྐུ་དང༌། རྗེས་མཐུན་པ་གཟུགས་ཀྱི་སྐུ་གཉིས་ལས། དང་པོ་ནི། ཐེག་ཆེན་མི་སློབ་པའི་ལམ་གྱི་བདེན་པ་སྟེ། དེ་ཡང་ཇི་སྐད་དུ། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པས། །མཉམ་པ་ཉིད་དེ། ཞེས་པའི་སྐབས་ནས་འབྱུང་བ་ལྟར། ཡེ་ཤེས་དང༌། སྤངས་པ་དང༌། མཐུ་ཕུན་སུམ་ཚོགས་པ་གསུམ་གྱི་བདག་ཉིད་དུ་གྱུར་པ་སྟེ། དེ་ཡང་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །འདིར་མཆོད་པར་བརྗོད་པའི་ཡུལ་གྱི་གཙོ་བོ་ནི་དེ་ཉིད་ཡིན་ལ། དེ་ཡང་སངས་རྒྱས་གཅིག་ལ་མཆོད་པར་བརྗོད་པ་ན། ཐམས་ཅད་ལ་དེར་བརྗོད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། གཉིས་པ་ནི། དེ་གང་ལ་བརྟེན་པའི་གཟུགས་ཀྱི་སྐུ་སྟེ། འདིར་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་བཞག་པ་ནི་མི་འདོད་ཅིང༌། ཤཱཀྱ་ཐུབ་པ་ལྟ་བུ་སྤྲུལ་པའི་སྐུར་ཡང་ཁས་མི་ལེན། རང་རྒྱུད་པ་ཉིད་དུ་འདོད་པའི་ཕྱིར་རོ། །དེ་བས་ན་གཟུགས་ཀྱི་སྐུ་འདི་ནི་མཆོད་བརྗོད་ཀྱི་ཡུལ་གྱི་གཙོ་བོ་མ་ཡིན་ཏེ། ལས་དང་ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཕྱིར། དེ་ལྟ་ནའང་བརྟེན་པ་ཆོས་ཀྱི་སྐུ་ལ་མཆོད་པར་བརྗོད་པས་རྟེན་གཟུགས་ཀྱི་སྐུ་ལ་ཡང་དེར་འགྱུར་བ་ཡིན་ཏེ། དཔེར་ན། རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པ་བྱས་པར་འཇོག་པ་བཞིན་ནོ། །དེ་ལ་མདོ་སྡེ་པ་དག་གིས་སྨྲས་པ་ནི། ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་སུ་འཇོག་པ་དེ་ལྟ་ན། དགེ་སློང་ལ་སོགས་པའི་སྡོམ་པ་ཁོ་ན་དགེ་སློང་དང༌། དགེ་ཚུལ་ལ་སོགས་པ་ཉིད་དུ་འགྱུར་རོ། །ཞེས་ཟེར་རོ། །དེ་ཡང་འདོད་པ་ཉིད། དགེ་སློང་ཉིད་ཅེས་བྱ་བ་ནི་དགེ་སློང་གི་དངོས་པོ་སྟེ། ཇི་སྐད་དུ། དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་ཆེད་དང་དགེ་སློང་ཉིད། །ཅེས་དང༌། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་དག་གིས་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ། །ཞེས་འབྱུང་བ་ལྟར། དགེ་སློང་གི་དངོས་པོ་ནི་གང་ཟག་ལ་མི་འདོད་དེ། གང་ཟག་ནི་ལས་དང་ཉོན་མོངས་པའི་རྣམ་སྨིན་ལས་མ་འདས་པའི་ཕྱིར། དེ་བས་ན་སྡོམ་པ་དེ་རང་ཉིད་གང་ལ་བརྟེན་པའི་རྟེན་གྱི་གང་ཟག་དེ། དགེ་སློང་དུ་འདོགས་པ་བྱེད་པ་ནི་ཡིན་ཏེ། དཔེར་ན། སངས་རྒྱས་སུ་བྱེད་པའི་བྱེད་ཆོས་བཞིན་ནོ། །གཞན་ཡང༌། སློབ་པ་དང༌། མི་སློབ་པ་དང༌། འཕགས་པ་ཞེས་པ་རྣམས་ཀྱང་ཟག་མེད་ཀྱི་ལམ་ཉིད་ལ་འཆད་པ་ཡིན་གྱི། རྟེན་གྱི་གང་ཟག་ལ་ནི་དངོས་སུ་འཇུག་པ་མ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ནི་སངས་རྒྱས་མཚན་ཉིད་པར་བྱེ་བྲག་ཏུ་སྨྲ་བས་ཀྱང་མི་འདོད་ན། ཐེག་པ་ཆེན་པོ་པས་ལྟ་ཅི་སྨོས། འོན་ཀྱང་མདོ་སྡེ་པས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཚན་ཉིད་པར་ཁས་ལེན་པ་ལྟ་བུའི་བརྒལ་ལན་བྱས་མོད། དེའི་ཞེ་འདོད་ནི། སྐྱབས་འགྲོའི་ཡུལ་མཚན་ཉིད་པར་སྟོན་པ་ཡིན་གྱི། སངས་རྒྱས་མཚན་ཉིད་པར་འདོད་པ་མ་ཡིན་ཏེ། གྲུབ་པའི་མཐའ་ལས་ནི། རྣམ་སྨིན་དངོས་སུ་ཁས་ལེན་པས། སྤང་བྱ་དང་ཟག་བཅས་ལས་མ་འདས་པའི་ཕྱིར་རོ། །དེ་བཞིན་དུ་དགེ་སློང་སོགས་ལའང་སྡོམ་པ་དང་གང་ཟག་གཉིས་ཀ་འཆད་པ་ནི། མདོ་སྡེ་པའི་བཤད་པ་ཡིན་ལ། གང་ཟག་ཁོ་ན་ལ་འཆད་པ་ནི་གངས་ཅན་གྱི་རྟོག་གེ་པ་ཅི་ཡང་མ་ཡིན་པ་དག་གིས། ཉན་ཐོས་སྡེ་པའི་གྲུབ་པའི་མཐར་བཏགས་པའོ། །གཉིས་པ་དེ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་བཤད་པ་ནི། སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པའོ། །དང་པོས་ནི་ཐར་པ་ཐོབ་པ་ལ་གེགས་བྱེད་ལ། གཉིས་པས་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་སྒྲིབ་པར་བྱེད་དོ། །སྒྲིབ་བྱ་ཐར་པ་དེ་ལ་ཡང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །སྒྲིབ་བྱེད་ཉོན་མོངས་པའི་སྒྲིབ་པ་ལའང༌། ཉོན་མོངས་དངོས། དེའི་འབྲས་བུའོ། །དང་པོ་ནི། རྩ་བ་དང་ཉེ་བའི་ཉོན་མོངས་པ་ཐོབ་པ་དང་བཅས་པ་རྣམས་སོ། །གཉིས་པ་ནི། དེས་ཀུན་ནས་བསླངས་པའི་ལས་དང༌། དེའི་རྣམ་སྨིན་སྡུག་བསྔལ་གྱི་ཕུང་པོ་སྟེ། དེ་གཉིས་ཀ་ཡང་འཁོར་བཅས་ཕུང་པོ་ལྔ་པ་ཅན་ནོ། །སྒྲིབ་བྱ་ཐར་པའི་ངོ་བོ་ནི། ཕྱི་རོལ་པ་དག་གི་འདོད་པ་ལས་ཁྱད་པར་དུ་འཕགས་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་མིང་ཅན་དེ་ཡིན་ལ། དེ་ཡང་མདོ་སྡེ་པ་དག་གི་འདོད་པ་ལྟར་མེད་པར་དགག་པ་ཉིད་ནི་མ་ཡིན་ཏེ། དངོས་པོར་ཁས་ལེན་པའི་ཕྱིར་རོ། །ཅི་བེམ་པོའམ་རིག་པར་འདོད་ཅེ་ན། གང་ཡང་མ་ཡིན་ཏེ། དེ་ལྟར་གཉིས་སུ་དབྱེ་བ་དེ་ནི་མི་རྟག་པའི་དངོས་པོ་ལ་ཡིན་གྱི། འདི་ནི་རྟག་པའི་དངོས་པོར་ཁས་ལེན་པའི་ཕྱིར་རོ། །མྱང་འདས་ཀྱི་དབྱེ་བ་གསུམ་ཀ་ལ་ཡང༌། རྗེས་མཐུན་པ་ལྷག་བཅས་དང༌། མཚན་ཉིད་པ་ལྷག་མེད་ཅེས་བྱ་བ་གཉིས་སུ་འབྱེད་ལ། ལྷག་བཅས་རྗེས་མཐུན་པར་འཇོག་པའི་ཤེས་བྱེད་ཀྱང༌། རྣམ་པར་སྨིན་པའི་སྒྲིབ་པ་དང་མ་བྲལ་བའི་རྒྱུ་མཚན་གྱིས་དང༌། ཉོན་མོངས་པ་སྤངས་ཀྱང་སླར་ཡང་འབྱུང་སྲིད་པའི་རྒྱུ་མཚན་གྱིས་སོ། །མྱང་འདས་མཚན་ཉིད་པ་གསུམ་པོའི་ངོས་སྐལ་གྱི་སྤང་བྱ་ལ་ནི་རྒྱ་ཆེ་ཆུང་གི་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། གསུམ་ཀ་ཡང་ཉོན་མོངས་པ་དང༌། ལས་དང་རྣམ་པར་སྨིན་པ་གསུམ་པོ་ཙམ་ཞིག་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་རབ་ཏུ་ཕྱེ་བའི་ཕྱིར་དང༌། གསུམ་ཀ་ལ་ཡང་སྟོབས་སོགས་ཡོན་ཏན་གྱི་ཁྱད་པར་དག་ནི་མེད་མཉམ་དུ་མཚུངས་པའི་ཕྱིར་རོ། །འོ་ན་གསུམ་པོ་མངོན་དུ་བྱེད་པ་ལ་དཀའ་སླའི་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཐེག་པ་རང་རང་གི་མི་སློབ་པའི་ལམ་མངོན་དུ་མ་བྱས་པར་ནི། རང་རང་གི་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱེད་མི་ནུས་ལ། དེ་ཡང་དམན་པའི་མི་སློབ་ལམ་ནི། ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པ་ན་མངོན་དུ་བྱེད་ནུས་ཀྱང༌། ཅིག་ཤོས་ནི་ཤེས་བྱའི་སྒྲིབ་པ་མ་སྤངས་པར་མངོན་དུ་བྱེད་མི་ནུས་པའི་ཕྱིར། འོ་ན་ཐེག་ཆེན་གྱི་མི་སློབ་པའི་ལམ་ཞེས་བྱ་བའི་མིང་ཅན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེ་གང་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའམ་མ་རིག་པའོ། །དེའི་མཚན་གཞི་ནི། ཡུལ་རབ་ཏུ་བསྐལ་བས་དང༌། དུས་རབ་ཏུ་བསྐལ་བས་མི་ཤེས་པ་དང༌། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་མཐའ་ཡས་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་མི་ཤེས་པའོ། །དེ་ཡང༌། དེ་དང་དེ་ཤེས་པ་བཀག་ཙམ་ལ་བྱ་བ་མ་ཡིན་གྱི། དེ་དང་དེ་ཤེས་པའི་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པའོ། །ཐེག་པ་ཆེན་པོ་པ་དག་ལ་ཤེས་བྱའི་སྒྲིབ་པ་ཞེས་ཡོངས་སུ་གྲགས་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་དག་ནི། འདིར་ཤེས་བྱའི་སྒྲིབ་པར་མི་འཇོག་སྟེ། འདིར་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཇི་སྙེད་པ་ཡང༌། སེམས་དང་སེམས་ལས་བྱུང་བའི་ངོ་བོར་འོས་པའི་ཕྱིར་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཕྱི་རོལ་གྱི་དོན་ལ་སོགས་པའི་གཟུང་བྱ་ཇི་སྙེད་པ་རྣམ་མེད་རྗེན་ཆར་དུ་འཛིན་པས་ན། འཛིན་པའི་ངོ་བོར་ཡོད་པའི་ཕྱིར་ན། དེ་ཡང་ཤེས་བྱའི་སྒྲིབ་པ་ཉིད་དུ་ཐལ་བར་འགྱུར་བས་སོ། །དེ་ལྟ་ནའང་རགས་པ་དང་རྒྱུན་གྱི་དངོས་པོ་རང་གི་ངོ་བོས་མི་སྟོང་བར་ཞེན་པའི་བློ་ནི་ཤེས་སྒྲིབ་ཏུ་ཁས་ལེན་དགོས་ཏེ། དངོས་པོའི་གནས་ཚུལ་ལ་རྨོངས་པའི་བློ་ནི་ཡིན། ཉོན་མོངས་པ་ཅན་གྱི་བློར་ནི་མི་འདོད་པའི་ཕྱིར་རོ། །ཡང་ན་འདི་ལྟར། རགས་པ་དང་རྒྱུན་གྱི་གནས་ཚུལ་རྡུལ་ཕྲན་དང༌། སྐད་ཅིག་གི་ངོ་བོར་མི་ཤེས་པའི་རྨོངས་པ་གང་ཡིན་པ་དེ། ཤེས་བྱའི་སྒྲིབ་པ་ཉིད་དུ་ངོས་བཟུང་ནས། དེ་སྤོང་བྱེད་ཀྱི་གཉེན་པོ་ནི། བདེན་པ་བཞིའི་རྣམ་པ་བཅུ་དྲུག་གི་དང་པོ་མི་རྟག་པའི་རྣམ་པ་ཞེས་བྱ་བ་དེ་ཉིད་ཡིན་ཏེ། ཕྲ་བའི་མི་རྟག་པ་ཉིད་ཀྱི་རྣམ་པ་ནི་ཆོས་ཀྱི་བདག་མེད་ཀྱི་རྣམ་པའི་ངོས་འཛིན་དུ་རིགས་པའི་ཕྱིར་རོ། །དེ་དག་གི་ཤེས་བྱེད་ཀྱང༌། རགས་པ་དང་རྒྱུན་ནི་བཏགས་པའི་ཡོད་པ་ཡིན་པས། ཀུན་རྫོབ་པའི་བདེན་པ་ལས་མ་འདས་ཏེ། དཔེར་ན། གང་ཟག་བཞིན་ནོ། །གང་ཟག་ཏུ་རྨོངས་པ་ཉོན་མོངས་པ་ཅན་གྱི་མ་རིག་པ་ཇི་ལྟ་བ་བཞིན་དུ། ཆོས་སུ་རྨོངས་པའི་བློ་ཡང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཉིད་དུ་བཞག་དགོས་ཏེ། གཉིས་ཀ་ཡང་བཏགས་ཡོད་ལ་རྫས་ཡོད་དུ་རྨོངས་པ་ཉིད་དུ་མཚུངས་པའི་ཕྱིར་དང༌། ཐོབ་བྱ་སོ་སོ་ལ་གེགས་བྱེད་པ་ཉིད་དུ་མཚུངས་པའི་ཕྱིར། དེས་ན་རགས་རྒྱུན་བདེན་པར་མེད་པ་འདི་ནི་ལུགས་འདི་ལ་གྲགས་པའི་ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་ལ། དེ་མངོན་སུམ་དུ་མ་རྟོགས་པར་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་འབྱུང་སྟེ། དེ་མངོན་དུ་བྱེད་པ་ལ་དོན་དམ་པའི་བདེན་པ་མཐའ་དག་རྟོགས་དགོས་ཤིང༌། དེ་འདྲ་དེ་དོན་དམ་པའི་བདེན་པའི་མཚན་གཞི་ཡིན་པར་ནི། ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་པ་ལས་གསལ་བའི་ཕྱིར། དོན་དམ་པའི་བདེན་པ་མཐའ་དག་མངོན་སུམ་དུ་མ་རྟོགས་པ་ནི། མི་ཤེས་པའི་མུན་པ་གཏན་བཅོམ་པ་ཞེས་བྱ་བ་དེ་མི་འབྱུང་བའི་ཕྱིར། ཤེས་བྱའི་སྒྲིབ་པ་ཡིན་ན། དམན་པའི་དགྲ་བཅོམ་པས་མ་སྤངས་པས་ཁྱབ་པ་ངེས་དགོས་པ་ཡང་མ་ཡིན་ཏེ། དགྲ་བཅོམ་པ་དབང་པོ་འཕོ་བའི་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་པའི་མ་རིག་པ་བཞིན་ནོ། །དམན་པའི་དགྲ་བཅོམ་པ་ཡིན་ན། ཆོས་ཀྱི་བདག་མེད་ཀྱི་ཁྱད་པར་འགའ་ཞིག་མ་རྟོགས་པས་ཁྱབ་པའང་མ་ཡིན་ཏེ། དེའི་ཁྱད་པར་འགའ་ཞིག་རྟོགས་པ་ནི་ཕྱི་རོལ་པ་དག་ལ་ཡང་བཤད་ན། འཕགས་པ་ཉན་ཐོས་དག་ལ་ལྟ་ཅི་སྨོས་པའི་ཕྱིར་དང༌། ཆོས་ཀྱི་སྡོམ་བཞིའི་ནང་ཚན་གྱི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་པའི་དོན། ཕྲ་བའི་མི་རྟག་པ་ལ་བྱེད་དགོས་པའི་ཕྱིར་ཏེ། རགས་པའི་མི་རྟག་པས་ནི་རྒྱུ་རྐྱེན་གྱིས་འདུས་བྱས་པ་མཐའ་དག་ལ་ཁྱབ་པར་ནི་གྲངས་ཅན་གྱིས་ཀྱང་འདོད་པའི་ཕྱིར། དེ་བས་ན་ཐེག་པ་ཆེན་པོ་ལ་གྲགས་པའི་གཟུང་བ་ཆོས་ཀྱི་བདག་མེད་པ་དང༌། འཛིན་པ་ཆོས་ཀྱི་བདག་མེད་གཉིས་འདིར་ཁས་མི་ལེན་ཀྱང༌། སྤྱིར་ཆོས་ཀྱི་བདག་མེད་ཀྱི་རྣམ་གཞག་དང༌། དེ་མངོན་སུམ་དུ་རྟོགས་པའི་ཐེག་པ་ཆེ་ཆུང་གི་འཕགས་པ་དག་ཁས་མི་ལེན་པ་མ་ཡིན་ཏེ། དཔེར་ན་ལྡོག་པ་གཞན་སེལ་དུ་གྱུར་པའི་ཆོས་ཇི་སྙེད་པ་རང་རང་གི་ངོ་བོས་སྟོང་པར་མདོ་སྡེ་པས་ཁས་ལེན་པ་བཞིན་ནོ། །གསུམ་པ་དེ་སྤོང་བྱེད་ཀྱི་གཉེན་པོ་གང་ཡིན་པ་ནི། སྤྱིར་སྒྲིབ་པ་ལ་ཞི་གནས་དང༌། ལྷག་མཐོང་ལ་སྒྲིབ་པ་གཉིས་ལས། དང་པོ་ནི། སྙོམས་འཇུག་གི་སྒྲིབ་པ་ཞེས་བྱ་ལ། དེ་སྤོངས་བྱེད་ཀྱི་གཉེན་པོ་ནི། འཇིག་རྟེན་པ་དག་དང༌། འཕགས་པ་འོག་མ་རྣམས་དང་ཐུན་མོང་གི་དབང་དུ་བྱས་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་སོ་སོའི་ཉེར་བསྡོགས་ལ་ཞི་གནས་དང༌། ལྷག་མཐོང་གི་ངོ་བོར་གྱུར་པ་གཉིས་གཉིས་ལས། ཞི་གནས་ཀྱི་ངོ་བོར་གྱུར་པ་དེས་སྤོང་བའོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན། བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་རྫོགས་པས་སྤོང་ལ། དེ་ནམ་གྱི་ཚེ་རྫོགས་པ་ནི། ཇི་སྐད་དུ། དེ་མ་ཐག་ལ་ཏིང་འཛིན་བློའི། ཞེས་འབྱུང་བ་དེ་ཉིད་དོ། །གཉིས་པ་ལྷག་མཐོང་ལ་སྒྲིབ་བྱེད་ནི་མ་རིག་པ་ཡིན་ལ། དེ་ཡང་ཉོན་མོངས་པ་ཅན་གྱི་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའོ། །དང་པོ་ནི། མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་མཐོང་བ་དང་སྒོམ་པའི་ལམ་རིམ་གྱིས་གོམས་པས་དྲུངས་འབྱིན་པར་ནུས་ལ། གཉིས་པ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་པའི་སྟོབས་ཀྱིས་འདས་པ་དང༌། ད་ལྟར་གྱི་མི་ཤེས་པ་དྲུང་འབྱིན་པའི་སོ་སོར་བརྟགས་པའི་འགོག་པ་མངོན་དུ་བྱེད་ཅིང༌། སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་དུ་གྱུར་པ་ན། མི་ཤེས་པ་མ་འོངས་པ་རྣམས་སྐྱེ་བའི་རྐྱེན་མ་ཚང་བར་གྱུར་པའི་སྟོབས་ཀྱིས་ཐོབ་པའི་བརྟགས་མིན་གྱི་འགོག་པ་མངོན་དུ་མཛད་པ་ཡིན་ནོ། །བྱེ་བྲག་ཏུ་མི་ཤེས་པའི་རྒྱུ་བཞི་པོ་མངོན་དུ་མི་འགྱུར་བའི་གཉེན་པོ་དངོས་ནི། སློབ་པའི་གནས་སྐབས་ཀྱི་ཡེ་ཤེས་ཀྱི་ཚོགས་དང༌། མི་སློབ་པའི་གནས་སྐབས་ཀྱི་སྟོབས་བཅུའོ། །དེ་ལ་ཡེ་ཤེས་ཀྱི་ཚོགས་ནི། སྤོང་གཉེན་དངོས་ཡིན་པས་ན། མི་ཤེས་པ་འདས་པ་དང༌། ད་ལྟར་བའི་ཐོབ་པ་གཅོད་པར་བྱེད་ཅིང༌། མ་འོངས་པ་དག་ཀྱང་མི་སྐྱེ་བའི་ཆོས་ཅན་དུ་བྱེད་དོ། །ཡེ་ཤེས་ཀྱི་ཚོགས་དེ་ནམ་གྱི་རྫོགས་པ་ནི། ཇི་སྐད་དུ། དེ་མ་ཐག་ལ་ཏིང་འཛིན་བློའི། །ཞེས་བཤད་པས་ན། སྒོམ་ལམ་རྡོ་རྗེ་ལྟ་བུའི་ཡེ་ཤེས་མཐར་ཕྱིན་པ་དེའི་ཚེ་ནའོ། །འདི་ཉོན་མོངས་པའི་རྣམ་པ་དག་གི་གཉེན་པོར་འདོད་པ་མ་ཡིན་ནམ། ཇི་ལྟར་ན་ཤེས་བྱའི་སྒྲིབ་པའི་གཉེན་པོར་འདོད་ཅེ་ན། གོང་དུ་ཇི་སྐད་བཤད་པ་ལྟར། ཕྱི་རོལ་གྱི་དོན་དང་ནང་ཤེས་པའི་གནས་ཚུལ་ཡོངས་སུ་མི་ཤེས་པའི་མ་རིག་པ་ནི། དེའི་གནས་ཚུལ་ཡོངས་སུ་ཤེས་པའི་ཤེས་རབ་ཀྱི་སྤོང་བར་བྱེད་པ་ཡིན་ལ་ཤེས་རབ་དེའི་མཚན་གཞི་ནི། ཕྱི་རོལ་དོན་གྱི་གནས་ཚུལ་རྡུལ་ཕྲན་དང༌། ཤེས་པའི་ངོ་བོ་སྐད་ཅིག་གིས་འཇིག་པར་རྟོགས་པའི་ཤེས་རབ་ཡིན་ལ། དེ་ནི་བདེན་པ་བཞིའི་རྣམ་པ་བཅུ་དྲུག་གི་དང་པོ་མི་རྟག་པའི་རྣམ་པ་ཞེས་བྱ་བ་དེའི་ནང་དུ་འདུ་བ་ཡིན་སྟེ། བཅུ་དྲུག་པོ་གང་རུང་དུ་མ་འདུས་པའི་ཆོས་ཀྱི་བདག་མེད་པའི་རྣམ་པ་ཁས་མི་ལེན་པའི་ཕྱིར། དེ་སྐད་དུ་ཡང༌། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་འཆད་དོ། །དེ་ལྟ་མོད་ཀྱི། དེ་ཙམ་གྱིས་ཤེས་བྱ་ཡོངས་སུ་དཔྱོད་པ་ལ་གེགས་བྱེད་ཀྱི་མི་ཤེས་པ་མཐའ་དག་འཇོམས་ནུས་པ་མ་ཡིན་ཏེ། སྲིད་པ་ཐ་མའི་སྔོན་རོལ་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང༌། སྲིད་པ་ཐ་མའི་ཚེས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཟུང་དུ་འཇུག་པ་ལས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པའི་ཕྱིར། དེ་ལྟ་བས་ན། དངོས་པོའི་གནས་ཚུལ་ལ་རྨོངས་པའི་མ་རིག་པ་དེའི་དངོས་ཀྱི་གཉེན་པོ་ནི། བཤད་མ་ཐག་པའི་མི་རྟག་པའི་རྣམ་པ་ཅན་གྱི་ཤེས་རབ་དེ་ཉིད་ཡིན་ལ། མི་ཤེས་པའི་རྒྱུ་བཞི་པོ་སེལ་བྱེད་ཀྱི་གཉེན་པོ་དངོས་ནི་སློབ་ལམ་ན་ཡོད་པ་མ་ཡིན་ཏེ། དེ་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་ཤེས་རབ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སངས་རྒྱས་ཀྱི་སའི་སྟོབས་བཅུ་པོ་དེ་ཉིད་དོ། །འོ་ན་སངས་རྒྱས་ཀྱི་སར་མི་ཤེས་པའི་ཐོབ་པ་ལྡན་པར་འགྱུར་ཏེ། དེ་ན་དེའི་སྤོང་གཉེན་ཡོད་པའི་ཕྱིར་རོ། །ཞེ་ན། དེའི་ཁྱབ་པ་མ་ངེས་པའི་ཚུལ་འདི་ལྟར། སྤོང་གཉེན་འདས་པས་སྤང་བྱ་ད་ལྟར་བ་སྤོང་བ་ནི་མེད་ལ། གཉེན་པོ་ད་ལྟར་བ་དང་མ་འོངས་པས་སྤང་བྱ་ད་ལྟར་བ་སྤོང་བའི་ཚུལ་གཉིས་བཤད་པ་ལས། འདིར་ནི་སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་དེ་ཉིད་སྐྱེས་ཟིན་པ་དང༌། དེའི་སྤང་བྱ་ད་ལྟར་བའི་ཐོབ་པ་འགགས་ཟིན་པ་དུས་མཉམ་དུ་འབྱུང་བ་ཡིན་ཏེ། དཔེར་ན་མར་མེ་མ་འོངས་པ་སྐྱེས་ཟིན་པ་དང༌། དེའི་འགལ་ཟླ་མུན་པ་བསལ་ཟིན་པ་དུས་མཉམ་པ་བཞིན་ནོ། །སངས་རྒྱས་ཀྱི་ཡེ་ཤེས་ད་ལྟར་བས་སྤང་བྱ་ད་ལྟར་བ་སྤོང་བ་ནི་མ་ཡིན་ཏེ། དེའི་ཚེ་ན་དེའི་ཐོབ་པ་བཅད་ཟིན་པའི་ཕྱིར། དཔེར་ན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་བྱ་བ་མ་འོངས་པ་དེས། རང་གི་མཚན་གཞི་འདུས་བྱས་དག་ད་ལྟར་གྱི་གནས་སུ་བསྐྱེད་པར་བྱེད་པ་ཡིན་གྱི། སྐྱེ་བ་ད་ལྟར་བས་དེ་བྱེད་པ་མ་ཡིན་པ་ནི་གྲུབ་པའི་མཐའ་ལས་འབྱུང་བ་བཞིན་ནོ། །དེ་སྐད་དུའང༌། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་པའི་རང་འགྲེལ་དུ། ཆོས་བཟོད་དེ་སྐྱེས་ན་འཕགས་པའི་གང་ཟག་ཅེས་བྱའོ། །མ་འོངས་པས་སོ་སོ་སྐྱེ་བོ་ཉིད་བཟློག་པར་བྱེད་དེ། མ་འོངས་པ་དེའི་བྱ་བ་ནི་དེ་ཁོ་ན་ཡིན་པར་ཁས་ལེན་གྱི། གཞན་ནི་མ་ཡིན་ཏེ། མར་མེ་དང་སྐྱེ་བ་བཞིན་ནོ། །གཞན་དག་ན་རེ། འཇིག་རྟེན་པའི་ཆོས་རྣམས་ཀྱི་མཆོག་གིས་བཟློག་གོ་ཞེས་ཟེར་རོ། །མ་ཡིན་ཏེ། དེའི་ཆོས་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཉོན་མོངས་པའི་གཉེན་པོ་བྱེད་པར་ཡང་མཚུངས་སོ། །ཤེ་ན། མ་ཡིན་ཏེ། བདག་ཏུ་རྨོངས་པའི་གཉེན་པོ་ནི། བདག་མེད་རྟོགས་པའི་ཤེས་རབ་ཉིད་ཀྱིས་ཆོག་ལ། ཤེས་བྱ་མཐའ་དག་ལ་རྨོངས་པའི་གཉེན་པོར་ནི། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ངེས་པར་དགོས་པའི་ཕྱིར་རོ། །འོ་ན་ཐེག་པ་ཆེན་པོ་པ་དག་གི་ལུགས་ལ་ཡང་དེ་དང་མཚུངས་པར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པས། ཇི་སྐད་དུ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། ཞེས་སོགས་གསུངས་པ་ལྟར། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད། སློབ་པའི་སར་ཤེས་སྒྲིབ་ཀྱི་གཉེན་པོ་དང༌། མི་སློབ་པའི་སར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་འཇོག་པ་ཡིན་ཞིང༌། ལུགས་འདིར་ནི་ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་པོ་ལ། །ཞེས་སོགས་གསུངས་པ་ལྟར་གཟུང་འཛིན་རྫས་གཞན་དུ་གྲུབ་པས། ཕྱི་རོལ་དོན་གྱི་ཆོས་ཅན་སོ་སོའི་གནས་ཚུལ་ལ་རྨོངས་པའི་གཉེན་པོར། ཆོས་ཅན་སོ་སོ་བ་དེ་དག་རང་སྣང་གི་ཚུལ་གྱིས་སྣང་ནས་མཁྱེན་པའི་ཡེ་ཤེས་ཤིག་ངེས་པར་ཁས་ལེན་དགོས་པའི་ཕྱིར། དེ་ལས་གཞན་དུ་ན་ལུགས་འདིར་ཤེས་སྒྲིབ་ཀྱི་རྣམ་གཞག་ཁས་མི་ལེན་པའམ། ལེན་ཀྱང་སློབ་ལམ་དུ་དེ་སྤོང་བྱེད་ཀྱི་གཉེན་པོ་ཁས་ལེན་ན། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་དབྱེ་བ་སོ་སོ་བ་མེད་པ་འགྱུར་བ་དང༌། ཇི་སྐད་དུ། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་བྱ་བའི་གཞུང་དོན་དང་འགལ་བ་ཡིན་ཏེ། དེར་ནི་ཆགས་བྲལ་སྔོན་དུ་སོང་བའི་བྱང་སེམས་འཕགས་པས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དང༌། སྲིད་རྩེའི་ཉོན་མོངས་ཀྱི་གཉེན་པོར་གྱུར་པའི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་དགུ་གཉིས་བཅོ་བརྒྱད་པོ་བར་མ་ཆད་དུ་རྒྱུད་ལ་སྐྱེད་པར་བཤད་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དེ་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་མི་ཤེས་པ་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་ནུས་ན། མི་ཤེས་པའི་རྒྱུ་བཞི་འཇོམས་མི་ནུས་པར་འགལ་ལོ་ཞེ་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི། དངོས་པོའི་གནས་ཚུལ་ཇི་ལྟ་བ་མཐའ་དག་མངོན་སུམ་དུ་རྟོགས་པའི་རྒྱུ་མཚན་གྱིས། སངས་རྒྱས་ཀྱི་སའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱེད་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དེའི་སྤོང་གཉེན་བྱེད་ནུས་པ་ཡིན་གྱི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་སྤོང་གཉེན་ནི་བྱེད་ནུས་པ་མ་ཡིན་ཏེ། ཤེས་བྱ་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམས་པ་སྟེ། ཞེས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་མི་ཤེས་པའི་གཉེན་པོར་བཤད་པའི་ཕྱིར་རོ། །གལ་ཏེ་འོ་ན་སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་ཆོས་ཅན། མི་ཤེས་པ་ད་ལྟ་བའི་སྤོང་གཉེན་མ་ཡིན་ཏེ། རང་ཉིད་མ་སྐྱེས་པའི་ཕྱིར་ཞེ་ན། མ་ངེས་པ་ལ་གཉིས་ལས། དོན་གྱི་མ་ངེས་པ་ནི། སྡུག་བསྔལ་ལ་ཆོས་བཟོད་མ་འོངས་པ་དེ་ཆོས་ཅན། རང་སྐྱེ་བ་ལ་གེགས་བྱེད་ཀྱི་མཐོང་སྤངས་དེའི་སྤོང་གཉེན་མ་ཡིན་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། འདོད་ན། དེའི་དེ་གང་ཡིན། འཇིག་རྟེན་ཆོས་མཆོག་གི་ཡེ་ཤེས་སོ་ཤེ་ན། མ་ཡིན་ཏེ། འཇིག་རྟེན་པའི་ལམ་གྱིས་བདག་མེད་མངོན་སུམ་དུ་མ་རྟོགས་པའི་ཕྱིར། འོན་ཏེ་དེའི་གེགས་བྱེད་མཐོང་སྤང་དུ་མི་འདོད་ཅེ་ན། གང་བདག་ཏུ་རྨོངས་པའི་ཐོབ་པ་གཅོད་བྱེད་ཀྱི་གཉེན་པོ་ཡིན་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པས་ཁྱབ་སྟེ། དེ་ཡིན་ན། དེ་དང་ལྷན་ཅིག་མི་གནས་འགལ་ཡིན་དགོས་པའི་ཕྱིར། གཉིས་པ་དཔེའི་སྒོ་ནས་མ་ངེས་པ་ནི། སྣང་བ་མ་འོངས་པ་དངོས་སུ་སྐྱེ་འགྱུར་དེ་ཆོས་ཅན། མུན་པ་ད་ལྟ་བའི་སྤོང་གཉེན་མ་ཡིན་པར་ཐལ། རང་ཉིད་མ་སྐྱེས་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། གཞན་དུ་ན་སྣང་བའི་དངོས་རྒྱུ་ད་ལྟ་བ་དེ་མུན་པའི་སྤོང་གཉེན་དུ་འགྱུར་ལ། དེ་ཡང་མ་ཡིན་ཏེ། མུན་པ་དང་མི་འགལ་བའི་ཕྱིར་རོ། །དེ་ལྟར་ཐལ་བ་དེའི་ཕྱིར་སྣང་མུན་གཉིས་འགལ་བར་བཞག་གོ །ཡང་བོད་གང་དག་བྱེ་བྲག་སྨྲ་བའི་ལུགས་འདིར། ཆོས་ཀྱི་བདག་མེད་དང༌། དེ་བཞིན་ཉིད་དང༌། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་བཞག་པ་མེད་ཅེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། ཐེག་པ་ཆེན་པོ་ལ་གྲགས་པའི་འཛིན་པ་ཆོས་ཀྱི་བདག་མེད་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་པའི་དེ་བཞིན་ཉིད་སོགས་ཀྱི་རྣམ་པར་བཞག་པ་མེད་ཀྱང༌། ཀུན་རྫོབ་པའི་ཆོས་རྣམས་རང་རང་གི་ངོ་བོས་སྟོང་པ་དང༌། རྣམ་པར་ཐར་པའི་སྒོ་གསུམ་གྱི་རྣམ་གཞག་ཁས་ལེན་པའི་ཕྱིར་རོ། །གཏན་ཚིགས་དང་པོའི་ཤེས་བྱེད་ཀྱང༌། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་བསྟན་པ་ལས་རྨོངས་པ་རྣམ་པ་གསུམ་བཟློག་པར་བཤད་ལ། རྨོངས་པ་དེ་ཡང་གང་ཟག་གི་བདག་ཏུ་རྨོངས་པ་ཁོ་ནར་མ་ངེས་ཏེ། ཕྱི་རོལ་གྱི་དོན་དག་ལ་ཡང་རྣམ་པའི་དབྱེ་བ་དེ་དག་རྒྱས་པར་གསུངས་པའི་ཕྱིར། གལ་ཏེ་ཇི་སྐད་དུ། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་སྤོང་གཉེན་ད་ལྟ་བ་ཁོ་ནས་སྒྲིབ་པ་སྤོང་བར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཉོན་སྒྲིབ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། དེའི་སྐབས་ཀྱི་རང་འགྲེལ་ལས་དེ་ལྟར་གསལ་བའི་ཕྱིར། དེ་ལས་གཞན་དུ་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་བཤད་པའི་དོན་དང་འགལ་བར་དོགས་སོ། །འོ་ན་ཉན་ཐོས་ཀྱིས་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་ལྟ་ཞོག ཉོན་མོངས་པ་ཅན་གྱི་མུན་པ་ཡང་གཏན་མ་བཅོམ་པའི་རྒྱུ་མཚན་གྱིས། སྤངས་པ་ཉམས་པར་འདོད་ན། རང་སངས་རྒྱས་ཀྱིས་ཀྱང་གཏན་མ་བཅོམ་པའི་ཕྱིར། ཉམས་པ་ཡོད་པར་འདོད་དམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། དེ་དགུ་དབང་པོ་རྣམ་དགུ་ཅན། །ཞེས་རང་སངས་རྒྱས་ལ་མི་གཡོ་བའི་ཆོས་ཅན་གྱིས་ཁྱབ་པར་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ལ། ཆོས་མངོན་པ་ནི་གཉིས་ཏེ། དོན་དམ་པའི་དང་བརྡར་བཏགས་པའི་འོ། །དང་པོ་ནི། ཟག་པ་མེད་པའི་ཤེས་རབ་གཙོ་བོ་ཡིན་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །ཤེས་རབ་ཀྱི་འཁོར་དུ་གཟུགས་ཀྱི་ཕུང་པོ་ཇི་ལྟར་ཡོད་ཅེ་ན། སྒོམ་བྱུང་ཟག་མེད་ཀྱི་འཁོར་དུ་ཟག་མེད་ཀྱི་སྡོམ་པ་དང༌། སྒོམ་བྱུང་ཟག་བཅས་ཀྱི་འཁོར་དུ་བསམ་གཏན་གྱི་སྡོམ་པ་ཡོད་ཅིང༌། དེ་གཉིས་ཀ་ཡང་རང་རྒྱུ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་འབྱུང་གྱུར་འབྲས་བུའི་གཟུགས་ཤིག་ཡིན་ལ། དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནའོ། །གཉིས་པ་ནི། ཐོས་བསམ་དང༌། སྒོམ་བྱུང་ཟག་བཅས་ཀྱི་ཤེས་རབ་དང༌། སྐྱེས་ཐོབ་ཀྱི་ཤེས་རབ་དག་དང༌། དོན་དམ་པའི་ཆོས་མངོན་པ་དེ་བརྗོད་བྱར་སྟོན་པའི་གསུང་རབ་རྣམས་སོ། །འདིར་གཞན་དག ཤེས་རབ་ཟག་བཅས་དེ་དག་བརྗོད་བྱར་སྟོན་པའི་གསུང་རབ་ཀྱང་བརྡར་བཏགས་པའི་ཆོས་མངོན་པ་ཉིད་དུ་འདོད་པ་ནི་མི་རིགས་ཏེ། དེ་འདྲ་དེ་ནི་ཆོས་འདི་པ་དག་མ་ཡིན་པ་ལའང་ཡོད་པའི་ཕྱིར་དང༌། འདིར་བསྟན་པའི་གཞུང་མངོན་པ་དེ་ཡིན་ན། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱེད་པའི་ཐབས་དང༌། དེ་ལ་མངོན་དུ་ཕྱོགས་པས་ཁྱབ་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། བརྡར་བཏགས་པའི་མངོན་པ་གཉིས་ཀའང་དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པ་ཞེས་སྦྱར་རོ། །དེ་ལྟར་ན་ཆོས་མངོན་པ་ནི་གཙོ་བོ་དང་ཕལ་པའི་དབྱེ་བས་གསུམ་སྟེ། གཞུང་མངོན་པ་དང༌། ལམ་མངོན་པ་དང༌། འབྲས་བུ་མངོན་པའོ། །དེ་སྐད་དུ་ཡང༌། དམ་ཆོས་མངོན་པ་ཟག་མེད་ཀྱི། །ཤེས་རབ་དེ་ནི་འཕགས་རྣམས་ལ། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་སྦྱོར་དགོས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་དེ་ཉིད་རྒྱས་པར་བཤད་པ་ལ་གཉིས་ཏེ། འབྲས་བུ་མངོན་པའི་རྣམ་གཞག་འཕྲོས་དོན་དང་བཅས་པ། གཞུང་ལམ་གྱི་མངོན་པའི་རྣམ་གཞག་དོགས་གཅོད་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། གཙོ་འཁོར་གྱི་རྣམ་དབྱེ་དང༌། ཆོས་མངོན་པའི་ངོས་འཛིན་རྒྱ་ཆེན་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། འདིར་ཟག་པའི་ཤེས་རབ་ཅེས་པ། ཐེག་པ་ཆེན་པོ་པ་དག་གིས་འདོད་པ་ལྟར། རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་ལ་བྱ་བ་མ་ཡིན་གྱི། རྣམ་པར་ཤེས་པ་ཁོ་ནའོ། །དེ་ཡང་སེམས་དང་སེམས་ལས་བྱུང་བ་གང་ཡང་རུང་བའི་ངོ་བོར་སྐྱེ་བས་ན། དེ་ལ་ཐེག་པ་ཆེན་པོ་པ་དག་གིས་རྣམ་པར་བརྟགས་པ་ན་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁོ་ནར་འགྱུར་རོ། །འབྲས་བུའམ། དོན་དམ་པའི་ཆོས་མངོན་པ་ནི། མཐོང་བ་དང༌། སྒོམ་པ་དང༌། མི་སློབ་པའི་ལམ་གྱི་དབྱེ་བས་གསུམ་མོ། །དེ་ཡང་དང་པོ་ནི་འཁོར་བཅས་ཕུང་པོ་ལྔ་པ་ཁོ་ན་སྟེ། བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པས་ཁྱབ་པའི་ཕྱིར་དང༌། མཐོང་ལམ་གྱི་ངོ་བོར་གྱུར་པའི་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དག་ཡོད་པའི་ཕྱིར། དེའི་ཚོགས་པ་ན་བསམ་གཏན་གྱི་སྡོམ་པ་ཡོད་ཀྱང༌། དེའི་འཁོར་དུ་མི་འདོད་དེ། ཟག་པ་དང་བཅས་པའི་ཕྱིར། སྒོམ་པའི་ལམ་ནི་ས་དགུ་ལ་བརྟེན་པ་དག་སྲིད་པ་ལས། གཟུགས་མེད་དང་པོ་གསུམ་ལ་བརྟེན་པ་ན་ནི། ཕུང་པོ་བཞི་པ་ཅན་ཁོ་ནར་ངེས་ཏེ། གཟུགས་མེད་སས་བསྡུས་པའི་རྒྱུ་འབྱུང་བ་བཞི་མེད་པས། འབྲས་བུ་འབྱུང་གྱུར་གྱི་གཟུགས་མི་སྲིད་པའི་ཕྱིར་རོ། །རྟེན་གྱི་གང་ཟག་འདོད་ཁམས་པས། སྒོམ་པའི་ལམ་གཟུགས་མེད་ཀྱི་སེམས་ལ་བརྟེན་པའི་ཚེ་ན། དེའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་ལྡན་ཡང་ས་མི་མཚུངས་པའི་རྒྱུ་མཚན་གྱིས་འཁོར་དུ་མ་བཞག་གོ །མི་སློབ་པའི་ལམ་གྱི་རྗེས་འབྲང་ཇི་ལྟར་འབྱུང་བ་ཡང་སྒོམ་པའི་ལམ་ཇི་ལྟ་བ་དང་འདྲ་བས་ལོགས་སུ་བཤད་མི་དགོས་སོ། །གསུམ་པོ་འདི་ལ་འབྲས་བུའི་མངོན་པ་ཞེས་བྱ་སྟེ། ཇི་སྐད་དུ། དེ་ཐོབ་བྱ་ཕྱིར། ཞེས་གསུངས་པ་ལྟར། གཞུང་ལམ་གྱི་མངོན་པ་གཉིས་ཀྱི་ཐོབ་བྱ་ཡི་ཕྱིར། དེ་ལའང་གནས་སྐབས་དང༌། མཐར་ཐུག་གི་དབྱེ་བས་གཉིས་སོ། །གལ་ཏེ་དོན་དམ་པའི་ཆོས་མངོན་པ་ནི། མྱ་ངན་ལས་འདས་པ་ཉིད་ལ་འཆད་དགོས་པར་རང་འགྲེལ་ལས་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེར་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པས་ན་མངོན་པ་ཞེས་སྒྲ་བཤད་པ་ཡིན་ནོ། །གཉིས་པ་ནི། གཙོ་འཁོར་གྱི་རྣམ་གཞག་འདི་མི་འཐད་དེ། སེམས་བྱུང་གི་འཁོར་དུ་གཙོ་སེམས་བཞག་པའི་ཕྱིར་དང༌། གཟུགས་ཅན་རྣམས་ནི་ཤེས་པའི་འཁོར་དུ་མི་རུང་བའི་ཕྱིར་ཞེ་ན། སྐྱོན་མེད་དེ། འདིར་ཤེས་རབ་གཙོ་བོ་དང༌། རྣམ་ཤེས་འཁོར་དུ་བཞག་པ་ནི། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཆ་ལ་ལྟོས་ནས་བཞག་པའི་ཕྱིར་དང༌། གཟུགས་ཅན་གྱི་སྡོམ་པ་ནི་ཤེས་རབ་དེའི་རྗེས་འབྲང་ཡིན་པའི་ཆ་ནས་འཁོར་དུ་བཏགས་པའི་ཕྱིར། དཔེར་ན། མིའི་གཙོ་བོ་རྒྱལ་པོ་ཡིན་ཡང༌། ཡི་གེ་འདྲི་བའི་ཚེ་ཡིག་མཁན་གཙོ་བོར་འཇོག་པ་བཞིན་དང༌། ཇི་སྐད་དུ། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་པ་ལྟར་རོ། །ཆོས་མངོན་པའི་གཙོ་བོ་ཟག་མེད་ཀྱི་ཤེས་རབ་ཡིན་པར་གྲུབ་པ་དེའི་ཚེ། གཞུང་མངོན་པའི་མཚན་གཞི་ཡང་བོད་ཀྱི་སློབ་དཔོན་ཕལ་མོ་ཆེ་ལ་གྲགས་པ་དག་ལས་ཆེས་ཤིན་ཏུ་རྒྱ་ཆེ་བར་གྲུབ་པ་ཡིན་ཏེ། ཟག་པ་མེད་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པའི་སྡེ་སྣོད་ཞིག་གང་ན་འདུག་ཀྱང༌། གཞུང་མངོན་པར་བཞག་དགོས་པའི་ཕྱིར། དཔེར་ན། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་དང༌། དབུ་མ་རིགས་པའི་ཚོགས་བཞིན་ནོ། །དེ་སྐད་དུ་ཡང༌། རྩ་ཤེས་ཀྱི་འགྱུར་བྱང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ་དོན་དམ་པའི་ཆོས་མངོན་པ་རྣམ་པར་བཞག་པ་ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤད་པ་ན་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལྟ་བུ་གཅིག་ལ། ཟག་པ་མེད་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པའི་ཆ་ནས། མངོན་པའི་སྡེ་སྣོད་དང༌། ཞི་གནས་ཏིང་ངེ་འཛིན་གྱི་ཆ་བརྗོད་བྱའི་གཙོ་བོར་སྟོན་པའི་ཆ་ནས་མདོ་སྡེའི་སྡེ་སྣོད་ཅེས་བྱ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱོར་རོ། །དེ་ལྟར་གྲུབ་པ་ན། མདོ་སྡེ་པ་དག་གི་འདོད་པ་ལྟར་འདུལ་བ་དང་མདོ་སྡེའི་སྡེ་སྣོད་ཀྱི་ནང་ན་ཆོས་རྣམས་ཀྱི་གནས་ལུགས་གཏན་ལ་འབེབས་པར་བྱེད་པའི་མིང་ཚིག་ཡི་གེའི་ཚོགས་ཇི་སྙེད་པ་མངོན་པའི་སྡེ་སྣོད་དོ། །ཞེས་ཟེར་བ་དེ་ཡང་མི་འཐད་པ་མ་ཡིན་ནོ། །དེ་ལྟ་ནའང་མདོ་སྡེ་པ་དང་མི་མཐུན་པའི་ཁྱད་པར་ནི། མངོན་པའི་སྡེ་སྣོད་ཀྱི་གླེགས་བམ་ལོགས་སུ་ཡོད་མེད་ཀྱིས་འབྱེད་ལ་ཐེག་པ་ཆེན་པོ་པ་དག་ཀྱང་མངོན་པའི་སྡེ་སྣོད་ཀྱི་གླེགས་བམ་ལོགས་སུ་གནས་པར་འདོད་མོད། མངོན་པ་སྡེ་བདུན་དུ་གྲགས་པ་ནི་བསྟན་བཅོས་ཁོ་ན་ཡིན་གྱི། བཀའ་ཡིན་པར་མི་འདོད་དོ། །གཉིས་པ་གཞུང་ལམ་གྱི་མངོན་པའི་རྣམ་གཞག་དོགས་གཅོད་དང་བཅས་ཏེ་བཤད་པ་ལ་གཉིས་ཏེ། དངོས་དང༌། དོགས་པ་སྤང་བའོ། །དང་པོ་ལ། གཞུང་མངོན་པའི་མཚན་གཞི་ནི། སྤྱིར་སྡེ་སྣོད་གསུམ་གྱི་གླེགས་བམ་སོ་སོ་བར་ངོས་འཛིན་པ་དེ་དག་ནི་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། ཞིབ་མོར་བཤད་པ་ན། གླེགས་བམ་གཅིག་གི་ནང་དུ་ཡང་སྡེ་སྣོད་གསུམ་ཀ་ཚང་བ་དག་ཡོད་དེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཆ་ནས་མངོན་པའི་སྡེ་སྣོད་དང༌། བསླབ་པ་གཞན་གཉིས་སྟོན་པའི་ཆ་ནས་འདུལ་བ་དང་མདོ་སྡེའི་སྡེ་སྣོད་དུ་འཇོག་དགོས་པའི་ཕྱིར། དཔེར་ན་མངོན་པའི་མཛོད་བཞིན་ནོ། །དེ་བཞིན་དུ་འདུལ་བའི་ལུང་དུ་ཡང་སྡེ་སྣོད་གསུམ་ཀ་མ་ཚང་བ་མ་ཡིན་ཏེ། ཇི་སྐད་དུ། དེ་ནི་མི་བཟང་སྟེ། མདོ་སྡེ་དང་འགལ་བའི་ཕྱིར། ཞེས་ལུང་གཞི་འམ། ཕྲན་ཚེགས་ལ་མདོ་སྡེའི་སྡེ་སྣོད་དུ་བཤད་པའི་ཕྱིར་དང༌། ལུང་མ་མོ་ཞེས་པའང་མངོན་པའི་སྡེ་སྣོད་དང་སྦྱོར་དུ་རུང་བའི་ཕྱིར་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཆ་ནི་ཤིན་ཏུ་མང་བའི་ཕྱིར་རོ། །གཉིས་པ་ལམ་མངོན་པའི་མཚན་གཞིར་བཟུང་བ་དེ་དག་ལས། སྒོམ་བྱུང་ནི་འཁོར་བཅས་ཕུང་པོ་ལྔ་པ་ཅན་ཡིན་ཏེ། མཉམ་པར་བཞག་པའི་སས་བསྡུས་པའི་ཕྱིར་དང༌། ཇི་སྲིད་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་མངོན་དུ་མ་བྱས་པ་དེ་སྲིད་དུ་ནི་སྒོམ་བྱུང་དུ་མི་འཇོག་ལ། དེ་ནས་ནི་ངེས་པར་བསམ་གཏན་གྱི་སྡོམ་པ་དང་བཅས་པའི་ཕྱིར། སྐྱེས་ཐོབ་དང་ཐོས་བསམ་གྱི་ཤེས་རབ་སྟེ་གསུམ་ལ་ནི་རྗེས་འབྲང་གི་གཟུགས་མེད་དེ། མཉམ་གཞག་གི་ས་པ་མ་ཡིན་པའི་ཕྱིར། གཟུགས་ཁམས་ཀྱི་ཐོས་བྱུང་མངོན་དུ་གྱུར་པའི་ཚེ་རྟེན་དེ་ལ་བསམ་གཏན་གྱི་སྡོམ་པ་ཡོད་ཀྱང་དེ་ཤེས་རབ་དེའི་རྗེས་འབྲང་དུ་མི་འཇོག་སྟེ། དེ་ནི་མཉམ་པར་མ་བཞག་པའི་ཤེས་རབ་ཡིན་པའི་ཕྱིར་དང༌། སྡོམ་པ་དེ་ནི་མཉམ་པར་བཞག་པའི་སེམས་ཁོ་ནའི་རྗེས་སུ་འབྲང་བའི་ཕྱིར། གཟུགས་མེད་ན་ཐོས་བྱུང་དང༌། ཁམས་གོང་མ་གཉིས་ཀ་ན་བསམ་བྱུང་མེད་པར་ནི། མངོན་པ་བ་སྤྱི་སྐད་ལ་གྲགས་ཟིན་པ་དེ་ཉིད་ཡིན་ལ། འདོད་སེམས་ལ་བརྟེན་པའི་སྒོམ་བྱུང་ཟག་མེད་ལྟ་ཞོག ཟག་བཅས་ཀྱང་ཡོད་པ་མ་ཡིན་ཏེ། མཉམ་པར་མ་བཞག་པའི་ས་པ་ཁོ་ནར་ངེས་པའི་ཕྱིར། འདོད་པའི་རྩེ་གཅིག་པ་ཞེས་ཡོངས་སུ་གྲགས་པ་དེ་གང་ཞེ་ན། དེ་སྒོམ་བྱུང་དུ་མི་སྣང་སྟེ། ལུས་སེམས་ཤིན་ཏུ་སྦྱངས་པས་མ་ཟིན་པའི་ཕྱིར། དེ་ལྟར་ན་ཐོས་བསམ་གཉིས་དང་སྒོམ་བྱུང་ཟག་བཅས་ནི་ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་བ་ཡིན་ཏེ། དང་པོ་གཉིས་ནི་སྒྲ་དོན་འཛིན་པའི་རྟོག་བཅས་ཡིན་པ་དང༌། དབང་ཤེས་རྣམས་ནི་ཁ་ཕྱི་རོལ་དུ་བལྟས་པ་ཁོ་ནར་ངེས་པས་སྒོམ་བྱུང་མི་སྲིད་པའི་ཕྱིར་རོ། །སྐྱེས་ཐོབ་ཀྱི་ཤེས་རབ་ནི་ས་ཐམས་ཅད་དང་རྣམ་ཤེས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ལ། རྗེས་འབྲང་གི་གཟུགས་ནི་མེད་དེ། མཉམ་གཞག་གི་ས་པ་མ་ཡིན་པའི་ཕྱིར། ཞེས་སློབ་དཔོན་རྣམས་འཆད་ཀྱང༌། སྒོམ་བྱུང་ཟག་བཅས་སུ་མ་གཏོགས་པའི་དབང་དུ་བྱས་པ་ཡིན་གྱི། དེར་གཏོགས་པའི་སྐྱེས་ཐོབ་ལ་ནི་རྗེས་འབྲང་གི་གཟུགས་ཡོད་དེ། ཇི་སྐད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཅེས་འབྱུང་བས། ས་གོང་མ་ནས་འོག་མར་སྐྱེ་བའི་དུས་ཀྱི་སྙོམས་འཇུག་དག་པ་བ་རྣམས་ནི་སྐྱེས་ཐོབ་ཏུ་བཤད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཞུང་མངོན་པའི་དོགས་གཅོད་དང༌། ལམ་མངོན་པའི་དོགས་གཅོད་དོ། །དང་པོ་ནི། ཇི་སྐད་དུ། དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང༌། །ཞེས་བཤད་པས་ན། བྱེ་བྲག་ཏུ་སྨྲ་བས་ཀྱང་བསྟན་བཅོས་སུ་འདོད་པའི་ཕྱིར། གཞུང་མངོན་པ་སངས་རྒྱས་ཀྱི་བཀར་མི་འདོད་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། ལུང་རྣམ་པར་འབྱེད་པ་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་འདི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་འདི། །སྟོན་དང་བསྟན་བཅོས་དངོས་ཡིན་ཞེས་འབྱུང་བ་ལྟར། །སངས་རྒྱས་ཀྱི་བཀའ་ཉིད་ཀྱང་བསྟན་བཅོས་སུ་འདོད་པའི་ཕྱིར་དང༌། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས། །ཞེས་བསྟན་བཅོས་སྡེ་བདུན་པོ་དེ་ཡང་སངས་རྒྱས་ཀྱི་གསུང་དུ་ཁས་ལེན་པའི་ཕྱིར་རོ། །ཡང་གལ་ཏེ་གཞུང་མངོན་པ་ནི་མིང་ཚིག་གང་རུང་གི་བདག་ཉིད་ཡིན་པའི་ཕྱིར། སྒྲའི་སྐྱེ་མཆེད་དུ་ཁས་ལེན་པར་བྱེད་དམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། ཚིག་གམ་མིང་ཡིན་དེ་དག་གི །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་འབྱུང་བའི་ལུགས་ཕྱི་མ་དེ། བྱེ་བྲག་ཏུ་སྨྲ་བའི་རང་ལུགས་སུ་འཆད་དགོས་པའི་ཕྱིར། མདོར་ན། བཀའ་དང་བསྟན་བཅོས་མཐའ་དག་གི་ངོ་བོ་མི་ལྡན་པའི་འདུ་བྱེད་དུ་འདོད་པ་ནི་ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་བ་དག་གི་ལུགས་ཡིན་ལ། རྣལ་འབྱོར་སྤྱོད་པ་པ་དག་གིས་ནི་དེའི་ངོ་བོ་ཤེས་པར་ཁས་ལེན་ཞིང༌། མདོ་སྡེ་པ་དག་གིས་ནི་སྒྲའི་སྐྱེ་མཆེད་དུ་ཁས་ལེན་ནོ་ཞེས་གྲགས་ལ། དེའི་དོན་ཡང༌། བསྟན་བཅོས་ཀྱི་གདགས་གཞིར་གྱུར་པའི་ཡི་གེ་ལ་བསམ་པ་ཡིན་ཏེ། མིང་ཚིག་ནི་ཡི་གེ་ལ་བཏགས་པའི་བཏགས་ཡོད་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དུ་ཞག་དགོས་པའི་ཕྱིར་རོ། །གཉིས་པ་ལམ་མངོན་པའི་དོགས་གཅོད་ནི། གལ་ཏེ་ལམ་མངོན་པ་ལ་ཆོས་མངོན་པས་ཁྱབ་བམ་མ་ཁྱབ། མ་ཁྱབ་ན་ཆོས་མངོན་པ་ལ་གསུམ་དུ་ཕྱེ་བ་དང་མ་མཐུན་ལ། ཁྱབ་ན་ཐོས་བསམ་གྱི་ཤེས་རབ་དང༌། སྒོམ་བྱུང་ཟག་བཅས་ཀྱི་ཤེས་རབ་དག་ནི། ཆོས་འདི་པ་མ་ཡིན་པ་གཞན་ལའང་ཡོད་པས་དེ་དག་ལམ་མངོན་པར་མི་འདོད་པའམ། ཆོས་མངོན་པར་ཡང་འདོད། དང་པོ་ལྟར་ན། ཟག་མེད་ཀྱི་ཤེས་རབ་འཁོར་བཅས་དོན་དམ་པའི་མངོན་པ་དང༌། ཟག་བཅས་ཀྱི་ཤེས་རབ་འཁོར་བཅས་ལ་བརྡར་བཏགས་པའི་ཆོས་མངོན་པར་བཤད་པ་དང་མ་མཐུན། གཉིས་པ་ལྟར་ན། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །གལ་ཏེ་དེ་དག་ལ། དེ་ཐོབ་བྱ་ཕྱིར། ཞེས་པ་ཁྱད་པར་གྱི་ཆོས་སུ་དགོས་པར་འདོད་ན་ཡང༌། སྐྱེས་ཐོབ་ཀྱི་ཤེས་རབ་ལ་བརྡར་བཏགས་པའི་ཆོས་མངོན་པ་ཇི་ལྟར་ཁས་ལེན་ཏེ། ཁྱད་ཆོས་དེ་དང་ལྡན་པའི་ཤེས་རབ་ལ་སྦྱོར་བྱུང་གིས་ཁྱབ་པའི་ཕྱིར་རོ་ཞེ་ན། དེའི་ལན་ལ། ཆོས་མངོན་པ་མཚན་ཉིད་པ་ནི་གཉིས་ཏེ། བརྗོད་བྱ་དོན་གྱི་དང༌། རྗོད་བྱེད་མིང་གིའོ། །དང་པོ་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་འཁོར་དང་བཅས་པ་དང༌། གཉིས་པ་ནི། དེ་སྟོན་པའི་གསུང་རབ་རྣམ་དག་གོ །དེ་ཡང་ལྷག་པ་ཞེས་པ་ནི་ལྷག་མེད་ཀྱི་མྱང་འདས་ལ་བྱ་ཞིང༌། དེའི་ཕྱིར་གྱི་ཤེས་རབ་ཡིན་པས་ན་དེ་ཞེས་བྱའོ། །དེ་ལའང་དོན་དམ་པ་དང༌། བརྡར་བཏགས་པ་གཉིས་ལས། རྒྱ་བོད་ཀྱི་སློབ་དཔོན་གང་དག་བརྡར་བཏགས་པའི་ཆོས་མངོན་པ་གཉིས་པོ་མངོན་པ་མཚན་ཉིད་པ་མ་ཡིན་ནོ། །ཞེས་ཟེར་བ་དེ་ནི་མི་འཐད་དེ། རང་འགྲེལ་ལས། དེ་ཐོབ་བྱ་ཕྱིར་ཞེས་པ་རྟགས་སུ་བཀོད་ནས་གཉིས་པོ་ཡང་ཆོས་མངོན་པ་ཡིན་པར་བསྒྲུབ་པ་དང་འགལ་བའི་ཕྱིར་རོ། །དེས་ན་ལམ་མངོན་པ་ནི་རྒྱུའི་ཀུན་སློང་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བས་ཀུན་ནས་བསླངས་པའི་ཤེས་རབ་དག་གོ །དེ་ལྟ་ནའང་སྐྱེས་ཐོབ་ལ་མ་ཁྱབ་པའི་སྐྱོན་མེད་དེ། ཚེ་རབས་སྔ་མ་ལ་ཐར་པ་ཆ་མཐུན་གྱི་ཤེས་རབ་བསྒོམས་པའི་སྟོབས་ཀྱིས་ཚེ་འདིར་ཤེས་རབ་དེ་སྐྱེ་བས་ཐོབ་པ་སྲིད་པའི་ཕྱིར། དཔེར་ན་བསམ་གཏན་བཞིའི་དངོས་གཞིའི་སྙོམས་འཇུག་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཅན་ཐོབ་པ་དག་གོང་མ་གོང་མ་ལས་ཉམས་ནས་འོག་མ་འོག་མར་སྐྱེས་པའི་ཚེ་ལྟ་བུའོ། །དེ་ལྟར་ན་ཇི་སྐད་དུ། དེ་ཐོབ་བྱ་ཕྱིར་ཞེས་པ་དོན་དམ་པའི་ཆོས་མངོན་པ་དེའི་རྒྱུ་ཡིན་པ་རྟགས་སུ་བཀོད་ནས་ཤེས་རབ་ཟག་བཅས་དེ་དག་ཆོས་མངོན་པར་བསྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པའི་ཀུན་སློང་གིས་ཀུན་ནས་བསླངས་པའི་ཟག་པ་དང་བཅས་པའི་ཤེས་རབ་དེ་དག་ཀྱང་ཆོས་མངོན་པ་ཡིན་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་འཁོར་དང་བཅས་པའི་ཕྱིར། ཞེས་པའི་དོན་ནོ། །གསུམ་པ་བསྟན་བཅོས་ཀྱི་དགོས་སོགས་བཤད་པ་ནི། ཇི་སྐད་དུ། ཆོས་རྣམས་རབ་ཏུ་རྣམ་འབྱེད། ཅེས་སོགས་ཀྱི་གཞུང་འདི་ནི་ཆོས་མངོན་པ་སྡེ་བདུན་གྱི་དགོས་སོགས་ཆོས་བཞི་བཤད་པ་ཡིན་ལ། དེ་ཡང་ཆོས་རྣམས་ཞེས་པས་བརྗོད་བྱ་དང༌། རབ་ཏུ་རྣམ་འབྱེད་ཅེས་པས་དགོས་པ་དང༌། མེད་པར་ཉོན་མོངས་རྣམས། ཞེས་པ་མན་ཆད་ཀྱིས་ཉིང་དགོས་ལྡོག་པའི་སྒོ་ནས་བསྟན་པ་ཡིན་ལ། དེ་གསུམ་དང་མངོན་པའི་སྡེ་སྣོད་ཐབས་དང་ཐབས་ལས་བྱུང་བར་གྱུར་པ་ནི་འབྲེལ་པའོ། །འོ་ན་དེ་དག་ཉིད་བསྟན་བཅོས་འདིའི་ཡང་དགོས་སོགས་སུ་ཁས་ལེན་ནམ་ཞེ་ན། བརྗོད་བྱ་དང་ཉིང་དགོས་ལ་ནི་ཁྱད་པར་མེད་མོད། བསྟན་བཅོས་ཀྱི་དགོས་པ་ནི་ཇི་སྐད་དུ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་འབྱུང་བ་ལྟར། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་གང་ཡིན་པ་དེ་བདེ་བླག་ཏུ་རྟོགས་ནས་ཟག་མེད་ཀྱི་ཡེ་ཤེས་མྱུར་དུ་བསྐྱེད་པའོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ཟག་བཅས་ཟག་པ་མེད་ཆོས་རྣམས། ཞེས་པ་དེ་ཡིན་ལ། འདིར་ཆོས་གཉིས་པོའི་དོན་ལ་སྤྱིར་བཤད་པ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། ཟག་པ་དམིགས་པའམ་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བ་དང༌། མི་འགྱུར་བའི་དངོས་པོ་ནི་གཉིས་པོ་སོ་སོའི་མཚན་ཉིད་དོ། །ཟག་མེད་ཅེས་པའང་ཟག་པ་བཀག་ཙམ་གྱི་མེད་པར་དགག་པ་ལ་བྱ་བ་ནི་མ་ཡིན་ཏེ། དེ་ནི་དངོས་པོར་མེད་པས་རང་གི་མཚན་ཉིད་མི་འཛིན་ལ། དེ་མི་འཛིན་པ་ནི་ཆོས་སུ་མི་རུང་བའི་ཕྱིར་རོ། །ཆོས་ལ་ནི་དངོས་པོས་ཁྱབ་པ་ཡིན་ཏེ། དེ་ལ་འདུས་བྱས་དང་འདུས་མ་བྱས་གཉིས་སུ་ངེས་ཤིང༌། འདུས་བྱས་ལྟ་ཞོག་འདུས་མ་བྱས་ལ་ཡང་དངོས་པོས་ཁྱབ་པའི་ཕྱིར། འདུས་བྱས་ཡིན་པ་ལ་སྐྱེས་པས་མ་ཁྱབ་པར་མ་ཟད་སྐྱེ་བས་ཀྱང་མ་ཁྱབ་སྟེ། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་བྱ་བ་ཞིག་ཁས་ལེན་པའི་ཕྱིར། དེ་ཡང་འདུས་བྱས་ནི་ཡིན་པས་དེའི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་དང་མི་ལྡན་པ་ནི་མ་ཡིན་ནོ། །མཚན་ཉིད་སྐྱེ་བ་དང་ལྡན་པ་ཙམ་གྱིས་སྐྱེ་བར་ཐལ་བ་ཡང་མ་ཡིན་ཏེ། དེ་ནི་མི་སྐྱེའི་ཆོས་ཉིད་ཡིན། །ཞེས་པ་ལྟར། དེ་དང་ལྡན་ན་དེ་ཡོད་མི་དགོས་པའི་ཕྱིར་དང༌། ཇི་སྐད་དུ། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་འཆད་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་ལ་དོན་བྱེད་ནུས་པས་ཀྱང་མ་ཁྱབ་སྟེ། རྟག་པའི་དངོས་པོ་རྣམས་ཀྱིས་འབྲས་བུ་སྐྱེད་ན། ཅིག་ཆར་དུ་བསྐྱེད་པར་ཐལ་བའི་ཕྱིར་རོ། །དངོས་པོ་ལ་རྫས་སུ་གྲུབ་པས་ནི་ཁྱབ་པ་ཡིན་ཏེ། འདས་པ་དང་མ་འོངས་པའི་དངོས་པོ་དང༌། སོ་སོར་བརྟགས་པའི་འགོག་པ་ཡང་རྫས་སུ་གྲུབ་པའི་ཕྱིར། དེ་ལྟ་ན་ཡང་དངོས་པོ་ལ་བདེན་གྲུབ་དང་རང་མཚན་གྱིས་ནི་ཁྱབ་པ་མ་ཡིན་ཏེ། བུམ་ཆུ་བཞིན་དུ་ཀུན་རྫོབ་དུ། །ཡོད་དེ། ཞེས་ཀུན་རྫོབ་པའི་དངོས་པོ་བཤད་པའི་ཕྱིར་དང༌། བཏགས་པའང་མེད་པར་འགྱུར་འོང་བས། །མེད་དོ་ཅེས་ཀྱང་ཁས་མི་ལེན། །ཞེས་གང་ཟག་བཏགས་ཡོད་དུ་ཁས་ལེན་པའི་ཕྱིར། དེ་ལྟ་མོད་ཀྱི་ཞིབ་མོར་ན་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་མི་ཆོད་དཔྱད་དགོས་པ་ཡིན་ཏེ། ཐེག་པ་ཆེན་པོ་པ་དག་དང་འཇིག་རྟེན་གྱི་གྲགས་པ་ལ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་པར་འགལ་ལ་ལུགས་འདིར་ཡང་དེ་དང་ཆ་མཐུན་པར་འཆད་དམ་ཞེས་དཔྱད་དགོས་པའི་ཕྱིར། དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས་སྐབས་སུ་བབ་པ་ཟག་པ་ནི་ཉོན་མོངས་པའི་མིང་གི་རྣམ་གྲངས་ཡིན་ལ། རྒྱས་པ་ནི་གནས་ཐམས་ཅད་པའོ། །དེ་ལའང་གཉིས་ཏེ། དམིགས་པའི་སྒོ་ནས་དང༌། མཚུངས་ལྡན་གྱི་སྒོ་ནས་སོ། །དེ་དག་ཀྱང་གང་ཞེ་ན། ཇི་སྐད་དུ། ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་དང༌། གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེར་མཚུངས་ལྡན་སྒོ་ནས། །ཞེས་གསུངས་སོ། །འོ་ན་ཕྲ་རྒྱས་ཀུན་འགྲོ་དེ་གང༌། ཕྲ་རྒྱས་ཀྱི་དམིགས་པ་ཡིན་ན་དེ་ལ་རྒྱས་པས་ཁྱབ་པ་ཡོད་དམ་ཞེ་ན། དང་པོ་ནི། ཇི་སྐད་དུ། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང༌། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་པ་ནི་རང་སའི་སྤང་བྱ་རིགས་ལྔ་ཆར་ལ་དམིགས་པས་ན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་ཞེས་བྱའོ། །སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་བཅུ་གཅིག་པོ་དེའི་ནང་ནས་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོའང་ཡིན་པ་དུ་ཞེ་ན། ཇི་སྐད་དུ། དེ་དག་ལས་དགུ་གོང་དུ་དམིགས། །ལྟ་བ་གཉིས་ནི་མ་གཏོགས་སོ། །ཞེས་གསུངས། གང་ལ་དམིགས་པ་དེ་ལ་རྒྱས་པས་ཁྱབ་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་གསུངས་སོ། །གོང་མའི་ཡུལ་ཅན་ནི། དེ་དག་ལས་དགུ་གོང་དུ་དམིགས། །ཞེས་བཤད་པ་དེ་ཉིད་ཡིན་མོད། །ཟག་པ་མེད་པའི་ཡུལ་ཅན་གང་ཞེ་ན། །ཇི་སྐད་དུ། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང༌། །ལྡན་དང་འབའ་ཞིག་མ་རིག་དང༌། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་གོ་བརྒྱད་པོ་མཐའ་དག་གཉིས་སུ་འདུས་ཏེ། ཀུན་འགྲོ་དང༌། ཀུན་འགྲོ་མ་ཡིན་པའོ། །དང་པོ་ལ། རང་གི་ཁམས་དང་ས་ཁོ་ན་ལ་དམིགས་པ་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་དང༌། གོང་མའི་ཁམས་དང་ས་ལའང་དམིགས་པ་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་གཉིས་སོ། །ཀུན་འགྲོ་མ་ཡིན་པ་ལའང༌། ཟག་བཅས་ལ་དམིགས་པ་དང༌། ཟག་མེད་ལ་དམིགས་པ་གཉིས་སོ། །དེ་ལ་ཀུན་འགྲོ་རྣམས་ནི་ཕྱིར་སྤང་བྱ་རིགས་ལྔ་ཆར་ལ་དམིགས་ཤིང༌། སྐལ་བ་མཉམ་པའི་ཀུན་འགྲོ་རང་ས་ལ་དམིགས་པ་དང་མི་མཉམ་པའི་ཀུན་འགྲོ་གོང་ས་ལ་དམིགས་པ་གང་ཡིན་ཀྱང་རུང་སྟེ་རྒྱས་པ་ནི་རང་སའི་སྤང་བྱ་རིགས་ལྔ་པོ་ཁོ་ན་ལ་རྒྱས་པར་འགྱུར་རོ། །ཀུན་འགྲོ་མ་ཡིན་པ་རྣམས་ནི་རང་རིས་ཁོ་ན་ལ་དམིགས་ཤིང༌། རྒྱས་པ་ཡང་རང་རིས་ཁོ་ནའོ། །དེའི་ཕྱིར་དེ་དག་ནི་དམིགས་པའི་སྒོ་ནས་རྒྱས་འགྱུར་ཞེས་བྱ་བ་དེ་ཡིན་ལ། ལྷག་མ་རྣམས་ནི་མཚུངས་ལྡན་གྱི་རྒྱས་འགྱུར་རོ། །གཉིས་པོ་འགལ་བ་མ་ཡིན་ཏེ། གང་དམིགས་པས་རྒྱས་འགྱུར་ཡིན་པ་དེ་མཚུངས་ལྡན་གྱིས་ཀྱང་རྒྱས་འགྱུར་ཡིན་པར་འགྲེལ་བཤད་བྱེད་པ་དག་གིས་འཆད་པའི་ཕྱིར། མཚུངས་ལྡན་གྱི་རྒྱས་འགྱུར་ལ་ནི་དེས་ཁྱབ་པ་མ་ཡིན་ཏེ། ཟག་མེད་དང་གོང་མའི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་དེ་ལ་མི་རྒྱས་པས་སོ། །དེའི་ཤེས་བྱེད་ཀྱང་དཔེར་ན་སེར་དང་བཅས་པའི་ཞིང་ལ་མྱུག་གུ་སྐྱེ་བ་ལྟར། གང་ལ་དམིགས་ནས་བདག་ཏུ་ལྟ་བ་དང་སྲེད་པ་འཇུག་པ་དེ་ལ་ཉོན་མོངས་པ་དེ་དག་ཀྱང་རྒྱས་པར་འགྱུར་བ་ཡིན་ན། ཟག་མེད་དང་ས་གོང་མ་ལ་ནི། བདག་ཏུ་ལྟ་བ་དང་སྲེད་པ་མི་འཇུག་པའི་ཕྱིར། དེ་སྐད་དུ་ཡང༌། བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་སོ། །དེ་ལྟར་ན་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་བ་དང༌། དམིགས་དང་མཚུངས་ལྡན་གཉིས་ཀས་རྒྱས་འགྱུར་ཞེས་བྱ་བ་ནི་འདིའི་སྐབས་ཀྱི་རྒྱས་འགྱུར་གཉིས་ཀྱི་ཁྱད་པར་དུ་བྱ་བ་དག་ཡིན་ནོ། །འོ་ན་ཕྲ་རྒྱས་ཀུན་འགྲོ་ཐམས་ཅད་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པས་ཁྱབ་པ་ཡོད་དམ་ཞེ་ན། དེ་ལྟར་བཤད་པ་དེ་ཡང་གང་ལ་དམིགས་པའི་ཡུལ་དེ་མ་སྤངས་པའི་དབང་དུ་བྱས་པ་ཡིན་གྱི་སྤངས་པ་ལ་ནི་དམིགས་ཀྱང་དེ་རྒྱས་པ་མ་ཡིན་ཏེ། དཔེར་ན་ཇི་སྐད་དུ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་འབྱུང་བ་ལྟར་སྤངས་པ་རྣམས་ལ་ནི་དམིགས་ཀྱང་རྒྱས་པར་འགལ་བའི་ཕྱིར་རོ། །དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཟག་མེད་ལ་དམིགས་པ་ཁོ་ན་ཡིན་པ་བཅུ་གཉིས་དང༌། ཟག་བཅས་ཁོ་ན་ལ་དམིགས་པ་བརྒྱད་ཅུ་དང༌། ཟག་བཅས་ཟག་མེད་གཉིས་ཀ་ལ་དམིགས་པ་ནི་འགོག་ལམ་མཐོང་སྤང་དུ་གྱུར་པའི་མ་རིག་པ་དྲུག་གོ །དེ་དག་གི་ནང་ནས་ཟག་མེད་ལ་དམིགས་པ་བཅུ་གཉིས་ནི་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་ཡིན་གྱི་དམིགས་པས་རྒྱས་འགྱུར་མི་སྲིད། འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུག་དང༌། ཁམས་འོག་མ་གཉིས་ཀྱི་ཀུན་འགྲོ་བཅོ་བརྒྱད་དེ་ཉི་ཤུ་རྩ་བཞི་ལ་ནི་དམིགས་ཡུལ་ཟག་བཅས་དང་ཟག་མེད་གཉིས་ཀ་སྲིད་ཅིང༌། རང་ས་དང་གོང་ས་ལ་དམིགས་པའང་ཅི་རིགས་པར་གཉིས་ཀ་ཡོད་ལ། རྒྱས་འགྱུར་ཀྱང་ཅི་རིགས་པར་སྐབས་སྟོབས་ཀྱིས་གཉིས་ཀ་སྲིད་དོ། །ལྷག་མ་རྣམས་ནི་མཐའ་གཅིག་ཏུ་རང་ས་ཁོ་ན་ལ་དམིགས་པ་དང༌། གང་ལ་དམིགས་པ་དེ་ལ་ཡང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བས་ཁྱབ་པ་ཡིན་ནོ། །འོ་ན་ཆོས་དུ་ཞིག་ལ་སེམས་གང་གི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ཞེ་ན། དེའི་ཚུལ་ནི་ཇི་སྐད་དུ། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །ཞེས་སྡུག་ཀུན་མཐོང་སྤང་གཉིས་དང་སྒོམ་པས་སྤང་བར་བྱ་བ་སྟེ་གསུམ་པོ་འདོད་པ་ན་སྤྱོད་པ་རྣམས་ནི་ཡུལ་ཅན་གསུམ་པོ་དེ་དག་དང༌། གཟུགས་ཀྱི་སྒོམ་སྤང་དང་ཟག་མེད་དེ་སེམས་ལྔའི་སྤྱོད་ཡུལ་དུ་འགྱུར་རོ། །ཡང༌། གཟུགས་ཁམས་ལས་སྐྱེས་རང་གི་དང༌། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང༌། །ཞེས་གཟུགས་ན་སྤྱོད་པའི་ཆོས་གསུམ་པོ་དེ་ལ་ཡུལ་ཅན་སེམས་བརྒྱད་ཀྱིས་དམིགས་པ་དང༌། ཡང༌། གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །ཞེས་གཟུགས་མེད་ན་སྤྱོད་པའི་དེ་གསུམ་ནི་ཡུལ་ཅན་སེམས་བཅུས་དམིགས་ཡུལ་དུ་བྱེད་པར་བཤད་ལ། ཡང༌། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་ཁམས་གསུམ་གྱི་འགོག་ལམ་མཐོང་སྤངས་གཉིས་ནི་ཡུལ་ཅན་གྱི་སེམས་གོང་དུ་ལྔ་དང་བརྒྱད་དང་བཅུས་དམིགས་པར་བཤད་པ་དེ་དག་གཞིར་གཞག་ནས། དེའི་སྟེང་དུ་འགོག་ལམ་མཐོང་སྤང་རང་རང་བསྣན་པས་དྲུག་དང་དགུ་དང་བཅུ་གཅིག་གིས་དམིགས་པའོ། །དོན་དེ་དག་ལ་ངེས་པ་རྙེད་པའི་ཡན་ལག་ཏུ་ནི་གོང་དུ་བཤད་ཟིན་པའི་སྐལ་བ་མཉམ་པ་དང་མི་མཉམ་པའི་ཁམས་ཀུན་འགྲོའི་རྣམ་གཞག་དང༌། སྒོམ་པས་སྤང་བར་བྱ་བ་རྣམས་ཀུན་འགྲོ་མ་ཡིན་པའི་རྣམ་གཞག་ངེས་པར་བྱས་ནས། གང་གིས་གང་ལ་དམིགས་པ་དང༌། དེ་ལ་དམིགས་ཀྱང་རྒྱས་པར་མི་འགྱུར་བའི་ཚུལ་ཡང་ཤེས་དགོས་ཏེ། དཔེར་ན་སྒོམ་སྤང་དུ་གྱུར་པའི་ཕྲ་རྒྱས་ཀྱིས་མཐོང་སྤང་རིགས་བཞི་ལ་དམིགས་ཀྱང་དེར་རྒྱས་པ་མ་ཡིན་ཏེ། ཇི་སྐད་དུ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་གསུངས་པས་སོ། །གཉིས་པ་དམིགས་ཀྱིས་གསལ་བ་ནི། འོ་ན་ཟག་བཅས་ཀྱི་རྣམ་པ་མཐའ་དག་ལ་རྒྱས་འགྱུར་གཉིས་པོ་གང་རུང་གིས་ཁྱབ་པ་ངེས་སམ་ཞེ་ན། དེར་ངེས་པ་མ་ཡིན་ཏེ། ཇི་སྐད་དུ། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཞེས་གསུངས་ལ། དེའི་དོན་ནི། ཟག་བཅས་ལ་གཉིས་ཏེ། ཉོན་མོངས་པ་ཅན་དང༌། དགེ་བ་ཟག་བཅས་ལྟ་བུ་ཉོན་མོངས་པ་ཅན་མ་ཡིན་པའོ། །དང་པོ་ལ་མ་སྤངས་པ་དང༌། སྤངས་པ་གཉིས། དང་པོ་ནི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་སེམས་དུས་གསུམ་པ་རྣམས་སོ། །གཉིས་པ་ནི། འཕགས་པ་དགྲ་བཅོམ་པའི་སེམས་ལ་དུས་གསུམ་ལས། ད་ལྟ་བ་ནི་ཟག་པ་སྤངས་ཤིང་ཟག་པ་དང་ལྷན་ཅིག་ཏུ་མི་གནས་པས་ཟག་བཅས་མ་ཡིན་ཀྱང༌། འདས་པའི་སེམས་ཉོན་མོངས་པ་ཅན་དང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་གྱི་སེམས་ཉོན་མོངས་པ་ཅན་རྣམས་ནི། ཟག་པ་དང་བཅས་པ་ཡིན་ཏེ། རང་རང་གི་ས་ན་ཉོན་མོངས་པ་དང་ལྷན་ཅིག་འདུག་པའི་ཕྱིར། དེ་ལྟ་ནའང་རྒྱས་པར་ནི་མི་འགྱུར་ཏེ། སྤངས་ཟིན་པའི་ཕྱིར། དེ་ལྟར་འཆད་པ་འདི་ནི་དུས་གསུམ་རྫས་སུ་གྲུབ་པའི་གྲུབ་མཐའ་སྨྲ་བ་དག་གི་རྣམ་པར་རྟོག་པ་གཏིང་ཚུགས་པ་ཡིན་ལ། འདི་ལྟར་ན་རྒྱས་འགྱུར་རྣམ་པ་གཉིས་པོ་གང་རུང་གིས་རྒྱས་པར་འགྱུར་བ་དང་མི་འགྱུར་བ་ནི་ཆོས་གཉིས་པོའི་མཚན་གཞིར་གཟུང་བ་དེ་དང་དེ་དག་དེར་བསྒྲུབ་པའི་སྒྲུབ་བྱེད་བསྟན་པ་ཡིན་གྱི། མཚན་གཞི་མཐའ་དག་ལ་ཁྱབ་པའི་མཚན་ཉིད་མ་ཡིན་ནོ། །ཞེས་བཤད་ཀྱང་རང་འགྲེལ་རྣམ་བཤད་དང་བཅས་པ་དག་དང་མི་མཐུན་པར་མི་འགྱུར་ཞིང༌། དེ་ལྟར་འཆད་ན་གཉིས་པོའི་མཚན་ཉིད་ནི། ཟག་པའི་སྒོ་དྲུག་པོ་གང་རུང་ཡིན་པ་དང་མ་ཡིན་ཞེས་པས་ཀྱང་མཚོན་པར་ནུས་སོ། །བོད་ཀྱི་སློབ་དཔོན་དག་གི་འཆད་ཚུལ་ལྟར་མཚན་ཉིད་དུ་ཁས་ལེན་ན་ནི་གོང་དུ་བཤད་ཟིན་པ་ལྟར་དམིགས་ཀྱིས་བསལ་བའོ། །ཡང་དམིགས་བསལ་གཉིས་པ་ནི། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་པ་དེའི་དོན་ནི། འོ་ན་གོང་དུ་དམིགས་པས་རྒྱས་འགྱུར་ཐམས་ཅད་མཚུངས་ལྡན་གྱིས་ཀྱང་དེར་བཤད་པ་དེ། དེ་ཁོ་ན་ལྟར་ངེས་སམ་ཞེ་ན། མ་ཡིན་ཏེ། དགེ་བ་ཟག་བཅས་དང་མ་སྒྲིབས་ལུང་མ་བསྟན་ལ་དམིགས་པའི་ཟག་པ་རྣམས་ནི་དམིགས་པས་རྒྱས་པ་ཁོ་ན་ཡིན་གྱི་མཚུངས་ལྡན་གྱིས་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པ་དག་ཉོན་མོངས་པ་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་དམིགས་པས་རྒྱས་འགྱུར་ལ་མཚུངས་ལྡན་གྱི་རྒྱལ་འགྱུར་གྱིས་ཁྱབ་པར་བཤད་པ་དེ་ནི་ཕྲ་རྒྱས་རིགས་ལྔ་པོ་གང་རུང་ཁོ་ན་དམིགས་པར་སོང་བའི་དབང་དུ་བྱས་སོ། །མདོར་བསྡུ་ན་ཟག་བཅས་སུ་འཇོག་བྱེད་ནི་ཟག་པས་དམིགས་པ་དང་ཟག་པ་དང་མཚུངས་པར་ལྡན་པ་གང་རུང་ཡིན་ལ། གཉིས་པ་ལ་ཟག་བཅས་ཀྱིས་ཁྱབ་ཅིང༌། དང་པོ་ལ། དེར་དམིགས་ནས་ཟག་པ་རྒྱས་པ་དང༌། མི་རྒྱས་པ་གཉིས་ལས། དང་པོ་ལ། ཟག་བཅས་ཀྱིས་ཁྱབ་ཅིང༌། གཉིས་པ་ལ་ཟག་མེད་དམ་གོང་མ་ལ་དམིགས་པ་དང༌། རང་སའི་ཟག་བཅས་ལ་དམིགས་པ་སྟེ་གཉིས་སོ། །དང་པོ་ནི་ཤེས་པར་སླ་ལ། གཉིས་པ་ནི། ཇི་སྐད་དུ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཞེས་སོགས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ཆོས་གཉིས་ཀྱི་མཚན་ཉིད་ལ་དཔྱད་ནས། མཚན་གཞི་ལ་གཉིས་ཏེ། ཟག་བཅས་ཀྱི་དང༌། ཟག་མེད་ཀྱི་མཚན་གཞིའོ། །དང་པོ་ནི། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་སུ་བསྒྲུབ་པ་ལ་ཟག་པ་རྒྱས་པ་རྟགས་སུ་བཀོད་པ་དེའི་ཚེ་ན། ཟག་པ་སྤངས་ཟིན་པའི་འདུས་བྱས་རྣམས་དང༌། ཟག་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ནི་ལོགས་སུ་བཀར་བར་བྱ་དགོས་པ་ཡིན་ཏེ། དེ་དག་ལ་ཟག་པ་རྒྱས་པའི་ཕྱིར་ཞེས་པའི་གཏན་ཚིགས་དེ་མི་འགྲུབ་པས་སོ། །དགྲ་བཅོམ་པའི་རྣམ་སྨིན་གྱི་ཕུང་པོ་ཟག་བཅས་སུ་འཆད་དགོས་ཀྱང༌། དེའི་ཚེ་དགྲ་བཅོམ་པས་མ་སྤངས་པར་འཆད་པ་ནི་མ་ཡིན་ཏེ། སྡུག་བདེན་མ་སྤངས་ན་དགྲ་བཅོམ་དུ་འགལ་བའི་ཕྱིར་དང༌། སྒོམ་སྤང་མ་སྤངས་པ་རྫོགས་པའི་སངས་རྒྱས་སུ་འགལ་བའི་ཕྱིར་རོ། །དེས་ན་དེས་དེ་སྤངས་ཀྱང་མ་བྲལ་བ་ཞེས་བྱའོ། །དེ་བཞིན་དུ་དགྲ་བཅོམ་པའི་རྣམ་སྨིན་གྱི་ཕུང་པོ་ཟག་བཅས་སུ་འཇོག་པ་ཡང༌། ཇི་སྐད་དུ། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་པའི་གཞུང་གིས་བསྟན་པའི་དམིགས་པས་རྒྱས་འགྱུར་ཁོ་ན་ཞེས་བྱ་བ་དེ་ཡིན་གྱི། མཚུངས་ལྡན་གྱི་རྒྱས་འགྱུར་མ་ཡིན་ཏེ། དམིགས་པ་དེས་ཟག་པ་སྤངས་ཟིན་པའི་ཕྱིར་དང༌། ལུང་མ་བསྟན་ཡིན་པས་ཟག་པ་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ཡང་དེ་ལ་ཟག་པའི་གནས་ཐམས་ཅད་དམིགས་པས་རྒྱས་འགྱུར་ཞེས་བྱའོ། །དེའི་ཕྱིར་ཟག་པའི་དམིགས་པ་ནི་གཉིས་ཏེ། ཟག་བཅས་དང༌། ཟག་མེད་དོ། །དང་པོ་ལ་གཉིས་ཏེ། ཉོན་མོངས་ཅན་དང༌། དེ་མ་ཡིན་པའོ། །དང་པོ་ལ་ནི་དམིགས་པས་རྒྱས་པ་ན་གང་ལ་དམིགས་པ་དེར་མཚུངས་ལྡན་གྱིས་ཀྱང་རྒྱས་པའོ། །གཉིས་པ་ལ་ནི་དམིགས་པ་ཁོ་ནས་རྒྱས་པའོ། །ཟག་མེད་ལ་ནི་མཚུངས་ལྡན་ཁོ་ནས་རྒྱས་པའོ། །དེ་དག་ཀྱང་རང་དུས་སུ་ཟག་པ་མ་སྤངས་པའི་དབང་དུ་བྱས་ཞེས་བཤད་པར་བྱའོ། །འོ་ན་དེའི་ཚེ་མཐོང་སྤངས་རིས་བཞི་དང་མཚུངས་པར་ལྡན་པའི་སྒོམ་སྤངས་ཉོན་མོངས་ཡོད་པར་ཁས་བླངས་པས་སྤང་བྱ་རིགས་ལྔ་པོ་ཕན་ཚུན་འཆོལ་བ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདིར་མཚུངས་ལྡན་གྱི་དོན་འཛིན་སྟངས་མཚུངས་པ་ལ་འཆད་པའི་ངེས་པ་མེད་ལ། ཡོད་དུ་ཆུག་ཀྱང་བདག་ཏུ་རྨོངས་པ་བཞིན་དུ་མཐོང་སྒོམ་གྱི་ལམ་གཉིས་ཀྱི་རིམ་གྱི་སྤངས་དགོས་པ་དག་སྲིད་པའི་ཕྱིར་རོ། །འདིར་ཚོགས་སྦྱོར་གྱི་ལམ་གཉིས་མཐའ་གཅིག་ཏུ་ཟག་བཅས་ཁོ་ནར་འཆད་དགོས་པས་སྤང་བྱ་དང་དེའི་ནང་ནས་ཀྱང་སྒོམ་སྤངས་སུ་འཆད་དགོས་པ་ནི་རིགས་པའི་རྣམ་གཞག་ཡིན་ལ། ཞིབ་མོར་ན་ལམ་གྱི་ཆ་ནས་བླང་བྱ་དང༌། ཟག་པའི་གནས་ཐམས་ཅད་པའི་ཆ་ནས་སྤང་བྱ་ཡིན་ཞེས་བཤད་ན་ལེགས་སོ། །འོ་ན་གལ་ཏེ་ཚོགས་སྦྱོར་ཟག་མེད་དུ་འཆད་དགོས་ཏེ། ལམ་མ་གཏོགས་པའི་འདུས་བྱས་རྣམས། ཞེས་པས་ཟག་བཅས་ཀྱི་མཚན་གཞི་བཟུང་བ་ཡིན་ལ། དེ་གཉིས་ནི་ལམ་དུ་གཏོགས་པའི་ཕྱིར་ཞེ་ན། མ་ཡིན་ཏེ། མ་གཏོགས་རྒྱུའི་ལམ་དེ་ངོས་འཛིན་པ་ན། ཟག་མེད་ལམ་གྱི་བདེན་པ་དང༌། །ཞེས་གསུངས་པས་སོ། །གཉིས་པ་ཟག་མེད་ཀྱི་མཚན་གཞི་ལ་གཉིས་སྟེ། ལམ་བདེན་ངོས་བཟུང་པ་དང༌། འདུས་མ་བྱས་གསུམ་ངོས་བཟུང་བའོ། །དང་པོ་ནི། མཐོང་སྒོམ་མི་སློབ་པའི་ལམ་གསུམ་མོ། །འོ་ན་ལམ་ཕྱི་མ་གཉིས་ལ་ཟག་བཅས་ཡོད་པ་མ་ཡིན་ནམ་ཞེ་ན། དེ་དག་གི་ཟག་བཅས་ནི་དེ་དང་དེར་མི་འཇོག་སྟེ། སློབ་པ་དང་མི་སློབ་པར་མི་རུང་བའི་ཕྱིར་དང༌། འཕགས་པར་མི་རུང་བའི་ཕྱིར། དཔེར་ན་ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་པ་བ་རྣམས་བཞིན་ནོ། །དེ་དག་ནི་ལམ་གྱི་བདེན་པར་མི་རུང་སྟེ། ཇི་སྐད་དུ། འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེ་མྱང་བྱ། །ཞེས་ཟག་པའི་གནས་ཐམས་ཅད་པར་བཤད་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་པའི་རྒྱུད་ཀྱི་སྲིད་རྩེའི་སྙོམས་པར་འཇུག་པ་ཡང་མི་སློབ་པ་ཟག་བཅས་ཞེས་བྱ་བའི་ཐ་སྙད་ཐོབ་མོད་ཀྱང་མི་སློབ་པ་དངོས་མ་ཡིན་ཏེ། ཟག་མེད་དུ་མི་རུང་བའི་ཕྱིར། དེ་ལྟར་ན་སྒོམ་ལམ་ཟག་མེད་ལ་མཉམ་གཞག་གིས་ཁྱབ་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། ཐེག་པ་ཆེན་པོ་པ་དག་སྒོམ་ལམ་ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་མཉམ་རྗེས་ཀྱིས་འབྱེད་པ་དག་ཡོད་ཀྱང༌། འདིར་ནི་ཟག་པ་དང་བཅས་མ་བཅས་ཀྱི་དོན་འཕགས་པའི་ཡེ་ཤེས་གཞིར་བྱས་པ་ལ་བདེན་པའི་རྣམ་པ་ཅན་ཡིན་མ་ཡིན་གྱིས་འབྱེད་པའི་ཕྱིར་དང༌། དགེ་བ་དག་པ་པའི་ངོ་བོར་གྱུར་པའི་མཉམ་གཞག་ནི་ཤིན་ཏུ་ཡང་སྲིད་པའི་ཕྱིར། འོ་ན་སྒོམ་པའི་ལམ་ལ་བྱིས་པའི་དང་འཕགས་པའི་སྒོམ་ལམ་གཉིས་སུ་དབྱེ་དགོས་པ་མ་ཡིན་ནམ་ཞེ་ན། སྤྱིར་བྱིས་པའི་སྒོམ་ལམ་གྱི་ཐ་སྙད་ཞིག་ནི་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་སྲིད་རྩེ་མ་གཏོགས་པའི་ས་ལྷག་མ་རྣམས་ཀྱི་མཐོང་སྤང་ཡང་སྒོམ་ལམ་གྱིས་སྤོང་བར་བཤད་ལ། དེ་ནི་བྱིས་པའི་སྒོམ་ལམ་ལས་འོས་མེད་པའི་ཕྱིར། དེ་ལྟ་ན་ཡང༌། ཇི་སྐད་དུ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་པའི་སྒོམ་ལམ་དེ་ནི་འཕགས་པའི་ལམ་ཁོ་ན་ལ་བྱ་དགོས་པ་ཡིན་ཏེ། བདེན་པ་མཐོང་དང་གོམས་པ་ལས། །ཞེས་པ་དང་འབྲེལ་དགོས་པའི་ཕྱིར། དེ་བཞིན་དུ་ཐར་ལམ་ལྔའི་ཡ་གྱལ་དུ་གྱུར་པའི་སྒོམ་ལམ་ལའང་འཕགས་ལམ་གྱིས་ཁྱབ་པ་ཡིན་ཏེ། བྱིས་པའི་སྒོམ་ལམ་གྱི་མིང་ཅན་དེ་དག་ནི་ཕྱི་རོལ་པ་ལ་ཡང་སྲིད་པའི་ཕྱིར་རོ། །འཕགས་ལམ་དུ་གྱུར་པའི་སྒོམ་ལམ་ལའང༌། ཟག་མེད་བདེན་པའི་རྣམ་པ་ཅན་དང༌། ཟག་བཅས་ཀྱི་དགེ་བ་དག་པ་པ་གཉིས་ལས། གཉིས་ཀ་ལའང་མཉམ་གཞག་དང་རྗེས་ཐོབ་གཉིས་གཉིས་སུ་ཡོད་ཅིང༌། ཟག་བཅས་དེ་དག་རྟེན་གྱི་གང་ཟག་འཕགས་པ་ལ་ཡོད་ཀྱང་བྱིས་པ་སོ་སོ་སྐྱེ་བོ་དང་ཐུན་མོང་བའི་ཡོན་ཏན་ཡིན་པས་ན་འཇིག་རྟེན་པ་ཞེས་བྱའོ། །གཉིས་པ་ལ་གསུམ་ལས། ནམ་མཁའ་ནི། མདོ་སྡེ་པས་ཐོགས་བཅས་ཀྱི་གཟུགས་བཀག་ཙམ་གྱི་མེད་དགག་ལ་འཆད་ཀྱང༌། བྱེ་བྲག་ཏུ་སྨྲ་བས་སྤྱིར་ནམ་མཁའ་ལ་འདུས་བྱས་དང་འདུས་མ་བྱས་གཉིས་ལས། དང་པོ་ནི། ཇི་སྐད་དུ། བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་གཟུགས་ཕུང་གིས་བསྡུས་པར་བཤད་པ་དེ་ཡིན་ལ། གཉིས་པ་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ། །ཞེས་སྒྲིབ་བྱ་སྒྲིབ་བྱེད་གཉིས་དང་བྲལ་བའི་དངོས་པོ་གཟུགས་ཅན་སྐྱེ་བའི་གོ་འབྱེད་པའོ། །འོ་ན་དོན་བྱེད་ནུས་པར་འགྱུར་རོ་ཞེ་ན། དོན་བྱེད་ནུས་པ་ལ་གཉིས་ཏེ། འབྲས་བུ་བསྐྱེད་པ་དང༌། འབྲས་བུའི་རྟེན་བྱེད་པའོ། །དང་པོ་དེར་མི་འདོད་ཀྱང་ཕྱི་མ་དེར་ཁས་ལེན་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་མདོ་ལས། རྟེན་དཀྱིལ་འཁོར་བཞི་ཀ་ཡང་ནམ་མཁའ་ལ་བརྟེན་པར་བཤད་པའི་ཕྱིར། དེས་ན་རྟག་པ་དང་རྫས་ཡོད་དུ་ཁས་ལེན་ཀྱང་དེ་སྣང་ཡུལ་དུ་བྱས་ནས་འཇལ་བའི་ཚད་མ་ནི་འདིར་མི་དཔྱོད་དོ། །གཉིས་པ་སོ་སོར་བརྟགས་འགོག་གི་ངོ་བོ་ནི། དགག་བྱ་དུས་གསུམ་པའི་ཟག་བཅས་སྐྱེ་བའམ་མི་སྐྱེ་བའི་ཆོས་ཅན་གང་རུང་གིས་ཁྱད་པར་དུ་བྱས་པ་རྣམས་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་བྲལ་བའོ། །དེ་ཡང་མདོ་སྡེ་པས་མེད་དགག་ཏུ་འདོད་ཀྱང་འདིར་ནི་དགག་བྱ་དེ་དང་བྲལ་བའི་དངོས་པོ་རྫས་སུ་ཡོད་པ་ཞིག་སྟེ། བྲལ་བ་དང་མི་ལྡན་པ་དང་མ་ཐོབ་པ་ཞེས་བྱ་བ་རྣམས་རྫས་ཡོད་དུ་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར། དེས་ན། སོ་སོར་བརྟགས་པས་འགོག་པ་གང༌། །ཞེས་པས་ནི་མཚན་གཞི་བསྟན་ལ། བྲལ་བའོ། །ཞེས་པས་མཚན་ཉིད་དང༌། སོ་སོ་ཡིན་ཞེས་པས་ལྡན་པའི་རྫས་ཇི་སྙེད་པའི་གྲངས་དང་མཉམ་པའི་བྲལ་བའི་རྫས་ཀྱང་དེ་སྙེད་དུ་བསྟན་ནོ། །དེ་ཡང་ལྡན་པ་ཞེས་པ་ནི་ཟག་བཅས་ཀྱི་ཡིན་ལ། བྲལ་བ་ཞེས་པ་ནི་དགག་བྱ་ཟག་བཅས་དེའི་མི་ལྡན་པ་དང་མ་ཐོབ་པ་མངོན་དུ་གྱུར་པའོ། །འོ་ན་འདིར་བྲལ་བ་སོ་སོ་བ་ཁོ་ནར་བཤད་པ་དང༌། འོག་ནས་ཟག་པ་སྤངས་པའི་བྲལ་ཐོབ་མཐའ་དག་གཅིག་ཏུ་སྡོམ་པ་ཞེས་བྱ་བའི་ཐ་སྙད་གསུངས་པ་འགལ་ལོ་ཞེ་ན། འགལ་བ་མ་ཡིན་ཏེ། འདིར་ནི་རྫས་སོ་སོར་བསྟན་པ་ཡིན་ལ། འོག་ནས་ཇི་སྐད་དུ། འབྲས་བུ་ཐོབ་ཕྱིར་དེ་དག་སྡོམས། །ཞེས་བཤད་པ་ལྟ་བུ་ནི་རྫས་སོ་སོ་བ་དེ་དག་གི་ཐོབ་པ་ཐུན་མོང་བ་གཅིག་རྙེད་པ་ཞེས་བྱ་བའི་དོན་ཡིན་གྱི། རྫས་སོ་སོ་བ་རྣམས་འདྲེས་ནས་གཅིག་ཏུ་སོང་བར་འཆད་པ་མ་ཡིན་པའི་ཕྱིར། གཉིས་པ་བརྟགས་མ་ཡིན་གྱི་འགོག་པ་ནི། དགག་བྱ་ཟག་བཅས་དང་ཟག་མེད་གང་ཡིན་ཀྱང་རུང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དག་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བྲལ་བ་ལས་གཞན་དུ་གྱུར་པའི་འགོག་པའོ། །དགག་བྱ་དེ་འགོག་བྱེད་གང་ཞེ་ན། སོ་སོར་བརྟགས་པའི་ཤེས་རབ་ཀྱིས་ནི་མ་ཡིན་གྱི། རྐྱེན་མ་ཚང་བས་སོ། །དེ་ལྟར་ན་འགོག་པ་འདིའི་མིང་ནི་རྐྱེན་མ་ཚང་བ་ཁོ་ནས་ཐོབ་པའི་འགོག་པའོ། །དེ་ལྟ་ན། སྐྱེད་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་ཞེས་པས་ནི་མཚན་ཉིད་དང༌། སོ་སོར་བརྟགས་མིན་པས། ཞེས་པས་ནི་མཚན་གཞི་བསྟན་པའོ། །དེ་ལྟར་བསྟན་པ་ན་འགོག་པ་གཉིས་པོའི་ཁྱད་པར་དགག་བྱ་ནི་ཟག་བཅས་ཁོ་ན་དང༌། དེ་ཡང་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་གང་རུང་གིས་ཁྱད་པར་དུ་བྱས་པ་དང༌། ཟག་བཅས་དང་ཟག་མེད་ཀྱི་འདུས་བྱས་གང་ཡིན་ཀྱང་རུང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་པའི་ཁྱད་པར་ལས་དང༌། འགོག་བྱེད་ལས་ནི་སོ་སོར་བརྟགས་པའི་ཤེས་རབ་དང༌། རྐྱེན་མ་ཚང་བ་ལས་དང༌། ངོ་བོའི་ཁྱད་པར་ལས་ནི་དགག་བྱ་དེ་འགོག་པར་འདྲ་ཡང་བྲལ་བ་དང་མ་བྲལ་བའི་ཁྱད་པར་དག་གོ །དེ་ལྟར་ན་ཡང་དམིགས་ཀྱིས་བསལ་བ་ནི་སྤངས་ཀྱང་མ་བྲལ་བའི་ཁྱད་པར་འགའ་ཞིག་བཤད་པ་དེ་དག་ནི་སོ་སོར་བརྟགས་འགོག་གི་དམིགས་བསལ་དང༌། འགོག་པ་གཉིས་ཀྱི་དགག་བྱ་ཐུན་མོང་བ་འགོག་ཚུལ་དེ་མ་ཐག་འཆད་པར་འགྱུར་བ་དེ་དག་ནི། རགས་པའི་རྣམ་གཞག་ལ་བརྟགས་མ་ཡིན་གྱི་འགོག་པའི་དམིགས་བསལ་དུ་ཡང་འགྱུར་རོ། །རྐྱེན་མ་ཚང་བས་དགག་བྱ་མ་འོངས་པ་འགོག་པའི་རྣམ་གསལ་གྱི་དཔེ་ནི། ཡུལ་གཅིག་ཏུ་གཟུགས་སོགས་དོན་ལྔ་པོ་གཅིག་ཆར་དུ་ཚོགས་པའི་ཚེ་མིག་དང་ཡིད་གཟུགས་ཡིད་འོང་ལྟ་བུ་གཅིག་ལ་ཡེངས་པ་ཅན། དོན་ལྷག་མ་རྣམས་ཡུལ་དུ་བྱེད་པའི་དབང་ཤེས་ནི་ཡིད་བྱེད་སྔ་མ་མ་ཚངས་བས་མ་སྐྱེས་ཤིང༌། དེའི་བར་ལ་གཟུགས་དེ་དང་དུས་མཉམ་པའི་དོན་ལྷག་མ་རྣམས་འགགས་ཟིན་ལ་དེའི་སྟོབས་ཀྱིས་དེ་དག་ཡུལ་དུ་བྱེད་པའི་རྣམ་པར་ཤེས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་ལྟ་བུའོ། །འོ་ན་མི་སྐྱེ་བའི་ཆོས་ཅན་དེ་དག་བྱར་བྱས་ནས་འགོག་ཅེས་སྨྲས་པ་ན་དགག་པ་གཉིས་ཀྱིས་སྒྲུབ་པ་གོ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དགག་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་མི་སྐྱེ་བ་དེ་ཉིད་འགོག་པ་མ་ཡིན་གྱི། དེ་འདྲ་དེ་སྐྱེ་བ་འགོག་པར་འདོད་པ་ཡིན་པས་སོ། །ཇི་ལྟར་བྱས་པས་ཤེ་ན་རྐྱེན་མ་ཚང་བས་སོ། །རྐྱེན་མ་ཚང་བའི་ཚུལ་ལའང་གཉིས་ཏེ། འགལ་རྐྱེན་ཡོད་པས་གེགས་བྱས་པ་དང༌། གེགས་བྱེད་མེད་ཀྱང་མ་ཚང་བའོ། །དང་པོ་ལ་གཉིས་ཏེ། ཚ་རེག་གིས་གེགས་བྱས་ནས་དེའི་འགལ་ཟླ་མ་འོངས་པའི་རྐྱེན་མ་ཚང་བ་ལྟ་བུ་དོན་གྱི་དང༌། ངེས་འབྱེད་བཟོད་པ་སྐྱེས་པའི་སྟོབས་ཀྱིས་ངན་སོང་གི་ཕུང་ཁམས་སྐྱེ་མཆེད་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུ་འཇིག་རྟེན་པའི་ལམ་གྱི་དང༌། མཐོང་ལམ་མཉམ་གཞག་གི་དུས་སུ་སྒོམ་སྤངས་ཉོན་མོངས་ད་ལྟར་བ་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུ་ཟག་མེད་ལམ་གྱིས་གེགས་བྱས་པ་དང༌། གཉིས་པ་ནི། མདུན་གྱི་གཞི་འདིར་འཁོར་ལོ་སྒྱུར་བའི་རྒྱལ་པོ་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུའོ། །གོ་བདེ་བར་བརྗོད་ན་འདུས་བྱས་མ་འོངས་པ་སྐྱེ་རུང་འགལ་རྐྱེན་ནམ་མཐུན་རྐྱེན་མ་ཚང་བའི་དབང་གིས་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་དེ་ཉིད་རྐྱེན་མ་ཚང་བ་ཁོ་ནས་འགོག་པ་དེ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱ་ཞིང༌། དེའི་ཚེ་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་དེ་ཉིད་རྐྱེན་མ་ཚང་བ་ཁོ་ནས་འགོག་པ་དེ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱ་ཞིང༌། དེའི་ཚེ་མི་སྐྱེ་བའི་ཆོས་ཅན་དེ་དགག་བྱ་ཡིན་ཞེས་བཏགས་པ་ཡིན་གྱི། ངེས་པའི་དོན་དུ་ན་སྐྱེ་རུང་ཉིད་དགག་བྱ་ཡིན་ཏེ། དེ་ལས་གཞན་དུ་ན་མོ་གཤམ་གྱི་བུ་ལ་སོགས་པ་རྐྱེན་མ་ཚང་བའི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་སོང་བའི་འགོག་པ་ཡང་ཁས་ལེན་དགོས་པ་ཐལ་བའི་ཕྱིར། འོ་ན་མཐོང་ལམ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་དེའི་རང་དུས་སུ་སྒོམ་སྤང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་འགོག་པ་དེ་ཆོས་ཅན། བརྟགས་འགོག་ཏུ་ཐལ། དགག་བྱ་ཟག་བཅས་གཉེན་པོ་ཟག་མེད་ཀྱི་སྟོབས་ཀྱིས་འགགས་པའི་འགོག་པ་ཡིན་པའི་ཕྱིར་སྙམ་ན། ཁྱབ་པ་མ་ངེས་ཏེ། བརྟགས་འགོག་ཏུ་འཇོག་པ་ལ་དགག་བྱ་འགོག་ལ་བྲལ་བ་ཞེས་བྱ་བ་ཞིག་ཚང་དགོས་པ་ལས། དེར་ནི་འགོག་པ་ཚང་ཡང་བྲལ་བ་མ་ཚང་བའི་ཕྱིར། དེ་ཡང་དགག་བྱ་མ་འོངས་པ་དེ་སྤངས་ཏེ་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་ཡིན་ཀྱང༌། འདིར་དེ་འདྲ་དེ་སྤངས་པ་མ་ཡིན་པའི་ཕྱིར་དང༌། མི་སྐྱེ་བའི་ཆོས་ཅན་དུ་སོང་ཡང་བྲལ་བས་མ་ཁྱབ་པ་ནི། ཇི་སྐད་དུ། མི་སྐྱེ་རྣམས་ཀྱི་ཐམས་ཅད་དང༌། །ཞེས་འབྱུང་བ་ལྟར་ཡིན་ལ། འདིར་གཞན་དག འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་པ་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཁོ་ནས་སྒྲོ་བཏགས་པར་འདོད་མོད། དེར་མ་ངེས་ཏེ། ཐེག་པ་ཆེན་པོ་པ་དག་གིས་ཀྱང་མཐོང་ལམ་བར་ཆད་མེད་ལམ་གྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་མཐོང་སྤང་རྟོག་པ་ལྟ་བུ་ངེས་པར་ཁས་ལེན་དགོས་པའི་ཕྱིར། སྐབས་འདིར་འགྲེལ་པ་ལས་འགོག་པ་གཉིས་ཀྱི་དགག་བྱ་ལ་མུ་བཞི་གསུངས་པ་ནི། ཟག་བཅས་འདས་ད་ལྟ་དང་མ་འོངས་པ་འབྱུང་རུང་རྣམས་ནི་བརྟགས་པ་ཁོ་ནའི་དགག་བྱ་སྟེ། ཟག་བཅས་དང་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར། ཟག་མེད་ཀྱི་འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི་བརྟགས་མ་ཡིན་གྱི་འགོག་པ་ཁོ་ནའི་དགག་བྱ་སྟེ། ཟག་བཅས་མ་ཡིན་པ་དང༌། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཡིན་པས་སོ། །གཉིས་ཀ་ཡིན་པ་ནི་ཟག་བཅས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནོ། །གཉིས་ཀ་མ་ཡིན་པ་ནི་ཟག་མེད་སྐྱེ་བའི་ཆོས་ཅན་དག་གོ །འགོག་པ་གཉིས་ཀའི་དགག་བྱ་གཞི་མཐུན་སྲིད་པ་དེའི་ཚེ་འགོག་པ་གཉིས་པོ་ཅིག་ཆར་འཐོབ་པའམ་རིམ་ཅན་དུ་འཐོབ་ཅེ་ན། འདི་ལ་རྒྱལ་པོ་སྲས་ཀྱི་མུ་གསུམ་བཞེད་པ་ཡིན་ཏེ། བརྟགས་འགོག་སྔར་ཐོབ་ལ། ཅིག་ཤོས་ཕྱིར་ཐོབ་པ་ནི། ཕྱིར་མི་འོང་དབང་རྟུལ་གྱིས་སྒོམ་སྤང་སྤངས་པའི་ཚེ་ལྟ་བུའོ། །དེའི་ཤེས་བྱེད་ཀྱང་ཇི་སྲིད་དེ་འདྲ་དེ་དབང་པོ་མ་འཕོས་པ་དེ་སྲིད་དུ་སྤངས་པ་དེ་ཉམས་སྲིད་པ་དང༌། འཕོས་པའི་ཚེ་སྤང་བྱ་དེ་མི་སྐྱེ་བའི་ཆོས་ཅན་དུ་སོང་བས་སོ། །ཡང་བརྟགས་མ་ཡིན་སྔར་ཐོབ་ལ་ཅིག་ཤོས་ཕྱིས་ཐོབ་པ་ནི་བཟོད་པ་ཐོབ་པ་རྣམས་ཀྱི་ངན་སོང་གི་འགྲོ་བ་ལྟ་བུའོ། །དེའི་ཤེས་བྱེད་ནི་ཕུང་ཁམས་དེ་དག་གི་ཐོབ་པ་གཅོད་བྱེད་ནི་སྒོམ་ལམ་བར་ཆད་མེད་ལམ་ཡིན་པས་སོ། །གཉིས་ཀ་ལྷན་ཅིག་ཐོབ་པ་ནི་དབང་རྟུལ་གྱིས་མཐོང་སྤང་སྤངས་པ་དང་དབང་རྣོན་གྱིས་ནི་དེར་མ་ཟད་སྒོམ་སྤང་གི་རྣམ་པར་སྤངས་པའི་ཚེ་ཡང་ངོ༌། །ཞེས་པ་འདི་བཞེད་ལ། དེ་ལྟ་ཡིན་པ་དེའི་ཚེ་སྤྱིའི་སྐད་ལ་སྐྱེ་རུང་ཡིན་པ་རྟགས་སུ་བཀོད་ནས་བརྟགས་མ་ཡིན་གྱི་དགག་བྱ་མ་ཡིན་པར་བསྒྲུབ་པ་ལ་ཁྱབ་པ་མ་ངེས་པ་དང༌། མཐོང་སྤང་སྤངས་པའི་བརྟགས་འགོག་དང་བརྟགས་མ་ཡིན་གྱི་འགོག་པའི་གཞི་མཐུན་ཁས་ལེན་དགོས་པ་མ་ཡིན་ནམ། ཡིན་ན་ནི། ཇི་སྐད་དུ། འགོག་གཞན། ཞེས་གཉིས་པོ་ལ་གཞི་མཐུན་མི་སྲིད་པར་བཤད་པས་གནོད་པ་མ་ཡིན་ནམ་ཞེ་ན། ཉེས་པ་དང་པོ་མེད་དེ། སྤྱིར་སྐྱེ་རུང་ཡིན་ཀྱང་ཇི་སྲིད་མི་སྐྱེ་བའི་ཆོས་ཅན་དུ་མ་སོང་བ་དེ་སྲིད་དུ་བརྟགས་མིན་གྱི་འགོག་པའི་དགག་བྱར་མི་འཇོག་པའི་ཕྱིར། ཉེས་པ་གཉིས་པའི་བརྟགས་པ་དང་པོ་ཁས་མི་ལེན་ཞིང༌། ཕྱི་མ་མི་གནོད་དེ། དགག་བྱ་མཐོང་སྤངས་ལྟ་བུ་གཅིག་ཉིད་ལ་གཉེན་པོའི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་དང༌། རྐྱེན་མ་ཚང་བའི་སྟོབས་ཀྱིས་སྐྱེ་བ་ལ་གེགས་བྱས་པའི་རྫས་ཆོས་སོ་སོར་འབྱེད་པའི་ཕྱིར། འདིར་ལྷན་ཅིག་ཏུ་ཐོབ་པ་ཞེས་པ་ཡང་ཐོབ་པ་ལྷན་ཅིག་ཏུ་སྐྱེས་པ་ལ་འཆད་དགོས་པ་ཡིན་གྱི། འགོག་པ་གཉིས་ཀྱི་དངོས་པོ་ཅིག་འཆར་དུ་གྲུབ་པ་ནི་མ་ཡིན་ཏེ། དེ་ཡང་མཐོང་ལམ་བར་ཆད་མེད་ལམ་གྱི་རང་དུས་སུ་ནི་དེའི་ངོས་སྐལ་གྱི་སྤང་བྱ་འདས་པ་དང་ད་ལྟ་བའི་ཐོབ་པ་བཅད་ཟིན་ལ། མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་སོང་ཀྱང་ཐོབ་པ་བཅད་མ་ཟིན་པས་དུས་དེར་བརྟགས་མིན་གྱི་འགོག་པ་མངོན་དུ་གྱུར་པའོ། །མ་འོངས་པའི་ཐོབ་པ་བཅད་པ་དང་རྣམ་པར་གྲོལ་བའི་ལམ་སྐྱེས་པ་དུས་མཉམ་མོ། །དེ་ལྟ་བུའི་རྣམ་པར་གྲོལ་བའི་ལམ་དང་བརྟགས་འགོག་གི་རྫས་ནི་དུས་མཉམ་ལ། དེས་ན་བརྟགས་འགོག་གི་རྫས་རྣམས་ཀྱང་སོ་སོ་བ་གཞི་མཐུན་མི་སྲིད་པ་ཁོ་ནར་ངེས་ན་འགོག་པ་གཉིས་ཀྱི་རྫས་ལ་གཞི་མཐུན་སྲིད་པ་ལྟ་ག་ལ་སྲིད། འོ་ན་འགོག་པ་གཉིས་པོ་ལྷན་ཅིག་ཏུ་ཐོབ་པའི་དུས་ཀྱི་འགོག་པ་གཉིས་ཀྱི་དགག་བྱ་ལ་གཞི་མཐུན་སྲིད་པ་དེ་ལྟ་ན། བརྟགས་མིན་གྱི་འགོག་པ་ཡང༌། དགག་བྱ་དེ་དང་བྲལ་བར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། སྤྱིར་དེ་དང་མི་ལྡན་པ་ལ་བསམས་ནས་དེ་དང་བྲལ་བར་ཁས་ལེན་མོད། དེ་ཙམ་གྱིས་བརྟགས་འགོག་ཏུ་ཐལ་དེ་མེད་དེ། བརྟགས་མིན་གྱི་འགོག་པ་རང་གི་དགག་བྱ་ཐུན་མོང་བ་དེ་དང་མི་ལྡན་པ་ནི་རང་བྱེད་པ་པོ་དེའི་ལག་རྗེས་མ་ཡིན་གྱི། བརྟགས་འགོག་བྱེད་པ་པོ་དེའི་ལག་རྗེས་ཡིན་པའི་ཕྱིར། དཔེར་ན་གང་ཟག་གཉིས་ཀྱི་དགྲ་ཐུན་མོང་བ་གཅིག ཅིག་ཤོས་ཀྱི་དཔུང་གིས་བཅོམ་པའི་ཚེ་གཅིག་པོ་དེ་ཡང་དགྲ་དེ་དང་བྲལ་བར་འཇོག་པའི་སྐབས་བཞིན་ནོ། །དེ་ལྟར་ན་བརྟགས་འགོག་གི་དགག་བྱ་ནི་སླར་ལྡོག་པ་སྲིད་ལ། བརྟགས་མིན་གྱི་དགག་བྱ་ནི་སླར་ལྡོག་པ་མི་སྲིད་དོ། །ཞེས་བྱ་བ་དང༌། འགོག་པ་གཉིས་ཀྱི་དགག་བྱ་ཐུན་མོང་བ་སྲིད་ཀྱང་རང་ཐོབ་པའི་བྱེད་པ་པོ་ཐུན་མོང་བ་མི་སྲིད་པས་ན་འགོག་པ་གཉིས་ཀྱི་ངོ་བོ་ལ་གཞི་མཐུན་པ་མི་སྲིད་དོ། །ཞེས་ཤེས་པར་བྱའོ། །འོ་ན་ཅི་སོ་སོ་སྐྱེ་བོའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་འགོག་དག་སྲིད་དམ་ཞེ་ན། སོ་སོར་བརྟགས་འགོག་ལ་གཉིས་ཏེ། མཚན་ཉིད་པ་དང༌། རྣམ་གྲངས་པ་གཉིས་ལས། དང་པོ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་འཐོབ་མི་སྲིད་དེ། བྲལ་བའོ། །ཞེས་པའི་རང་འགྲེལ་ལས། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པའི་འགོག་པའོ། །ཞེས་གསུངས་སོ། །འོ་ན་འཕགས་པས་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་སྤངས་པའི་སོ་སོར་བརྟགས་འགོག་བཤད་པ་ཇི་ལྟར་ཞེ་ན། དེ་ཡང་ཇི་སྐད་དུ། འཇིག་རྟེན་པ་ཡིས་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་དང༌། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང༌། ཞེས་འབྱུང་བ་ལྟར་ཁས་ལེན་ཏེ། ཞེས་པ་ནི། རྒྱལ་པོ་སྲས་ཀྱི་ལུགས་ཡིན་ལ། །སོ་སོ་སྐྱེ་བོས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་ཐོབ་པའི་འགོག་པ་ཁས་ལེན་པ་ནི། གང་སྤེལ་གྱི་ལུགས་སོ། །དེ་ལྟ་ན་ཡང་དེ་འདྲ་དེ་འགོག་པའི་བདེན་པར་ནི་མི་རུང་སྟེ། ལམ་གྱི་བདེན་པས་ཐོབ་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ་བརྟགས་མིན་གྱི་འགོག་པ་ལ་ཡང་ཐོབ་བྱེད་ལམ་གྱི་བདེན་པ་ཁས་བླངས་ནས་འགོག་པའི་བདེན་པ་ཉིད་དུ་ཐལ་བ་ལས་གཞན་མེད་དོ། །འདིར་གང་སྤེལ་གྱི་འགོག་པ་ལྔའི་རྣམ་གཞག་གསུངས་ཏེ། འདི་ལྟར། མི་རྟག་པའི་དང༌། སྙོམས་འཇུག་གི་དང༌། སྐྱེ་བའི་དང༌། སོ་སོར་བརྟགས་པའི་དང༌། བརྟགས་མིན་གྱི་འགོག་པའོ། །འདིར་འགོག་པ་གཉིས་པོ་སོ་སོའི་མཚན་ཉིད་བསྟན་པས་ནི་རང་ལས་གཞན་པའི་འགོག་པ་བཞི་པོ་སེལ་བར་བྱེད་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །སྤྱིར་དབྱེ་བ་དེ་ལྟར་ཡིན་ཀྱང་འགོག་པ་དང་པོ་གསུམ་ནི་འདུས་བྱས་ལས་རབ་ཏུ་ཕྱེ་བའི་ཕྱིར་འདུས་མ་བྱས་རྒྱས་བཤད་ཀྱི་སྐབས་འདིར་མི་འཆད་དོ། །མདོར་ན་ཟག་བཅས་དང་ཟག་མེད་ཀྱི་ཆོས་ཇི་སྙེད་པ་འདུས་བྱས་དང༌། འདུས་མ་བྱས་གཉིས་སུ་འདུས་པ་ལས་འདུས་མ་བྱས་ཀྱི་རྒྱས་པར་བཤད་པ་ནི་གསུམ་པོ་དེ་ཙམ་མོ། །དེ་ནས་འདུས་བྱས་ཀྱི་ཆོས་རྣམས་རྒྱས་པར་འཆད་པ་ལ་གནས་སམ་ལེའུ་བརྒྱད་གསུངས་སོ། །འདི་ལ་གཉིས་ཏེ། སྤྱིའི་དོན་དང༌། གཞུང་སོ་སོའི་དཀའ་བའི་གནས་དཔྱད་པའོ། །དང་པོ་ལ་གསུམ་སྟེ། གནས་བརྒྱད་ཀྱི་གྲངས་ངེས་དང༌། གོ་རིམ་དང༌། གནས་གང་གང་ནས་བརྗོད་བྱ་གང་སྟོན་པའོ། །དང་པོ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་པ་ནི་བསྟན་བཅོས་འདིའི་བསྡུས་དོན་ཡིན་ལ། དེ་ཉིད་ཚིག་དོན་གྱི་སྒོ་ནས་འཆད་པ་ནི་གནས་བརྒྱད་དོ། །དེ་ཡང་འདུས་མ་བྱས་ནི། གོང་དུ་བཤད་ཟིན་ནས་དེའི་ལྷག་མར་གྱུར་པའི་ཟག་བཅས་དང་ཟག་མེད་སྤྱིར་བསྟན་པ་ནི་གནས་དང་པོ་གཉིས་སོ། །ཟག་བཅས་བྱེ་བྲག་ཏུ་སྟོན་པའི་དབང་དུ་མཛད་ནས་གནས་གསུམ་སྟེ། གང་ཀུན་ནས་ཉོན་མོངས་པ་སེམས་ཅན་གྱི་འཇིག་རྟེན་དང༌། གང་དུ་ཀུན་ནས་ཉོན་མོངས་པ་སྣོད་ཀྱི་འཇིག་རྟེན་དང༌། ཇི་ལྟར་ཀུན་ནས་ཉོན་མོངས་པ་སྐྱེ་གནས་བཞི་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་རྣམས་བསྟན་པ་ནི་གནས་གསུམ་པ་འཇིག་རྟེན་བསྟན་པའི་མཛོད་ཡིན་ནོ། །གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པའི་ལས་དང་ཉོན་མོངས་པ་རྣམས་འཆད་པ་ནི་ལས་བསྟན་པ་དང་ཕྲ་རྒྱས་བསྟན་པའི་མཛོད་དོ། །ཟག་མེད་བྱེ་བྲག་ཏུ་བསྟན་པའི་དབང་དུ་བྱས་ནས་གནས་ཕྱི་མ་གསུམ་སྟེ། གང་རྣམ་པར་བྱང་བའི་གང་ཟག་དང༌། གང་དུ་རྣམ་པར་བྱང་བའི་ཁམས་གསུམ་དང༌། ཇི་ལྟར་རྣམ་པར་བྱང་བའི་མངོན་རྟོགས་ཀྱི་རིམ་པ་སྟོན་པ་ནི། གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་མཛོད་ཡིན་ལ། གང་གིས་རྣམ་པར་བྱང་བའི་ཡེ་ཤེས་ནི་གནས་བདུན་པ་ཡེ་ཤེས་བསྟན་པའི་མཛོད་ཀྱིས་འཆད་དོ། །ཡེ་ཤེས་ཀྱི་རྟེན་དུ་གྱུར་པའི་ཞི་གནས་ཀྱི་རྣམ་གཞག་འཆད་པ་ནི་བརྒྱད་པ་སྙོམས་འཇུག་བསྟན་པའི་མཛོད་དོ། །གཉིས་པ་ནི། གནས་བརྒྱད་ཀྱི་གོ་རིམ་ཀྱང་དེ་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། ཟག་བཅས་བསྟན་པ་མེད་པར་ཟག་མེད་ལ་འཇུག་པ་མི་འབྱུང་ཞིང་དེ་རེ་རེ་ཡང་གང་དང༌། གང་དུ་དང༌། གང་གིས་དང༌། ཇི་ལྟར་ཞེས་བྱ་བའི་རྣམ་གཞག་བཞི་བཞིའི་སྒོ་ནས་འཆད་དགོས་པའི་ཕྱིར། གསུམ་པ་ནི། ཐོག་མར་ཟག་བཅས་ཀྱི་ཆོས་གསུམ་པོ་རྒྱས་པར་འཆད་པ་ནི་ཁམས་བསྟན་པའི་མཛོད་དོ། །དེར་དབང་པོའི་མིང་ཙམ་བསྟན་པ་ལ་འཕྲོས་ནས་དེ་ཉིད་རྒྱས་པར་འཆད་པ་ནི་གཉིས་པ་དབང་པོ་བསྟན་པའི་མཛོད་དོ། །དེར་འདོད་པའི་ཁམས་ལ་སོགས་པ་གསུམ་པོའི་མིང་ཙམ་བསྟན་པ་དེ་ཉིད་རྒྱས་པར་འཆད་པ་ནི་གསུམ་པ་འཇིག་རྟེན་བསྟན་པའི་མཛོད་དོ། །ཁམས་གསུམ་པོ་དེའི་རྒྱུ་དབང་ཕྱུག་རྟག་པ་ལ་སོགས་པ་ཡིན་པ་བཀག་ནས་ལས་ལས་འབྱུང་བའི་ཡོན་ནོ་ཞེས་སྟོན་པའི་ཕྱིར་དུ་བཞི་པ་ལས་བསྟན་པའི་མཛོད་བཤད་དོ། །ལས་དེ་ཀུན་ནས་སློང་བྱེད་ཀྱང་ཕྲ་རྒྱས་ཡིན་ནོ། །ཞེས་བསྟན་པའི་ཕྱིར་དུ་ལྔ་པ་ཕྲ་རྒྱས་བསྟན་པའི་མཛོད་གསུངས་སོ། །ཕྲ་རྒྱས་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ནི་ལམ་ཡིན་ནོ། །ཞེས་སྟོན་པའི་དོན་དུ་དྲུག་པ་ལམ་དང་གང་ཟག་བསྟན་པའི་མཛོད་གསུངས་སོ། །དྲུག་པ་དེར་ཡེ་ཤེས་ཀྱི་མིང་ཙམ་བསྟན་པའི་བྱེ་བྲག་རྟོགས་པའི་དོན་དུ་གནས་བདུན་པ་ཡེ་ཤེས་ཀྱི་མཛོད་གསུངས་སོ། །བདུན་པ་དེར་སངས་རྒྱས་ཀྱི་ཡོན་ཏན་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་གསུངས་པའི་ཐུན་མོང་གི་ཡོན་ཏན་བསྟན་པའི་ཕྱིར་བརྒྱད་པ་སྙོམས་འཇུག་བསྟན་པའི་མཛོད་ཐ་མར་གསུངས་པ་ཡིན་ནོ། །གཉིས་པ་གཞུང་སོ་སོའི་དཀའ་བའི་གནས་འགྲེལ་པ་ལ་གནས་བརྒྱད་ལས། དང་པོའི་སྐབས་སུ་གཉིས་ཏེ། ཆོས་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཚན་ཉིད་དང་མཚོན་བྱའི་སྒྲ་བཤད་ཐུན་མོང་དུ་བསྟན་པ་དང༌། ཆོས་གསུམ་བསྟན་པའི་དགོས་པའོ། །དང་པོ་ནི། ཇི་སྐད་དུ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཞེས་པའོ། །འདིར་གཞན་དག དུ་མ་སྤུངས་པ་ཕུང་པོའི་མཚན་ཉིད་མ་ཡིན་གྱི། འདུས་བྱས་ཀྱི་ཆོས་དུ་མ་སྤུངས་པའོ། །ཞེས་འཆད་པ་ནི་གཞུང་གི་དོན་མ་ཡིན་ཏེ་དོན་དུ་མི་རུང་ཕྱིར་མ་བཤད། ཅེས་པའི་འགྲེལ་པར་འདུས་མ་བྱས་ལ་སྤྱིར་སྤུངས་པ་ཞེས་བྱ་བའི་དོན་དེ་མི་རུང་བར་བཤད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་དུས་གསུམ་གྱི་ཆོས་དུ་མ་སྤུངས་པ་ནི་འདིར་སྤུངས་པ་ཞེས་བྱ་བའི་དོན་ཡིན་ལ། དེ་ནི་འདུས་མ་བྱས་ལ་མི་རུང་བས་སོ། །འོ་ན་འདུས་མ་བྱས་གསུམ་པོ་ཕྱོགས་གཅིག་ཏུ་བསྡོམས་ནས་འདུས་མ་བྱས་སོ་ཞེས་རིགས་གཅིག་ཏུ་བསྡུ་བར་བྱེད་པ་དག་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདུས་མ་བྱས་རྣམས་ནི་ཡུལ་དང་ཉེ་བ་མེད་པས་མདོར་བསྡུར་མི་རུང་བའི་ཕྱིར་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཡིན་ལ། རྣལ་འབྱོར་སྤྱོད་པ་དག་ནི་ཕུང་པོའི་དོན་ནི་ཕྲག་ཁུར་ཁྱེར་བ་ཞེས་བྱ་བ་ཡིན་ལ། དེ་འདུས་མ་བྱས་ལ་མེད་པའི་ཕྱིར་ཕུང་པོ་མི་རུང་ངོ་ཞེས་འཆད་དོ། །ཕུང་པོའི་ནང་དུ་ནི་དུས་གསུམ་པའི་འདུས་བྱས་སྐྱེ་བའི་ཆོས་ཅན་རྣམས་བསྡུ་བར་ནུས་མོད། མི་སྐྱེ་བའི་ཆོས་ཅན་རྣམས་ཇི་ལྟར་བསྡུ་སྟེ། དེ་ལ་དུས་གསུམ་གྱི་བྱེ་བྲག་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དེ་འདྲ་དེ་ཡུལ་ཉེ་བ་ན་གནས་པའི་ཕྱིར་དང༌། འདས་ད་ལྟར་གྱི་འདུས་བྱས་དང་ཕྱོགས་གཅིག་དུ་བསྡོམས་ནུས་པའི་ཕྱིར། དེ་ལྟ་མོད་ཀྱི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་དག་སྐྱེ་མཆེད་ཀྱི་ནང་དུ་ནི་བསྡུ་བ་མ་ཡིན་ཏེ། དེ་དག་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྒོར་མི་རུང་བའི་ཕྱིར་རོ། །རང་མི་སྐྱེ་བ་གཞན་སྐྱེ་བའི་སྒོར་ཇི་ལྟར་རུང་ཞེ་ན། མི་སྐྱེ་བའི་ཆོས་ཅན་ཡིན་ཀྱང་སེམས་དང་སེམས་ལས་བྱུང་བ་འགའ་ཞིག་གི་དམིགས་པ་དང་བདག་པོའི་རྐྱེན་དུ་མི་རུང་བ་མ་ཡིན་ཏེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཅེས་དང༌། བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་དང༌། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟ་ནའང་རྣམ་པར་ཤེས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཡིད་ཀྱི་སྐྱེ་མཆེད་དུ་ཇི་ལྟར་རུང་སྟེ། བདག་པོའི་རྐྱེན་ལས་མ་བྱུང་ཞིང་དམིགས་རྐྱེན་ལ་དམིགས་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྐྱེ་མཆེད་ཡིན་ན་དམིགས་པ་དང་བདག་པོའི་རྐྱེན་གང་རུང་ཡིན་པས་ཁྱབ་པར་ཁས་ལེན་གྱི། དེ་ལས་སྐྱེས་པས་ཁྱབ་པ་ཁས་མི་ལེན་པའི་ཕྱིར་དང༌། ཇི་སྐད་དུ། མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང༌། །ཞེས་སེམས་སེམས་བྱུང་མ་འོངས་པའི་མི་སྐྱེ་བའི་ཆོས་ཅན་རྣམས་ལྕམ་པ་བཞིན་དུ་ཡུལ་ལ་མངོན་པར་ཕྱོགས་པའི་ཚུལ་གྱིས་གནས་པ་ཡིན་གྱི། ཡུལ་སོ་སོ་ལ་དམིགས་པ་མ་ཡིན་པར་བཤད་པའི་ཕྱིར། དེ་བཞིན་དུ་མ་འོངས་པ་སྐྱེ་བའི་སྒོ་ཡིན་པ་ཙམ་གྱིས་དེ་སྐྱེད་བྱེད་ཡིན་པས་ཁྱབ་པ་ཡང་མ་ངེས་ཏེ། ཆོས་འདུས་མ་བྱས་རྣམས་དང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་རང་གིས་འབྲས་བུ་སྐྱེད་བྱེད་དུ་མི་རུང་བའི་ཕྱིར། ཇི་སྐད་དུ། འདུས་མ་བྱས་ལ་དེ་དག་མེད། །ཅེས་འདུས་མ་བྱས་དག་ལ་འབྲས་བུ་མེད་པར་བཤད་པའི་ཕྱིར་དང༌། རང་མི་སྐྱེ་བ་གཞན་སྐྱེད་བྱེད་དུ་མི་རུང་བའི་ཕྱིར་རོ། །དེ་ལྟར་བཤད་པ་འདིས་ནི་ཁམས་ཀྱི་རྩོད་སྤོང་ཀྱང་རྟོགས་པར་བྱ་སྟེ། ཁམས་ཀྱི་དོན་ནི་རྒྱུའི་དོན་ཡིན་ལ། རྒྱུ་ཡིན་ན་སྐྱེད་བྱེད་ཡིན་མི་དགོས་པའི་ཕྱིར་དང༌། འདུས་མ་བྱས་ཀྱི་ཁམས་རྣམས་ལ་འབྲས་བུ་ཡོད་པར་ཁས་ལེན་ན། འདུས་མ་བྱས་ལ་དེ་དག་མེད། །ཅེས་པའི་གཞུང་དང་འགལ་བའི་ཕྱིར་དང༌། ཁམས་དང་དབྱིངས་དང་དབྱིངས་གསུམ་པོ་རྒྱ་སྐད་གཅིག་ལ་ལོ་ཙཱ་བའི་འགྱུར་གྱི་ཁྱད་པར་དུ་ཟད་པའི་ཕྱིར། དེ་ལྟ་ན་ཡང་ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་རང་རང་གི་འབྲས་བུ་སྐྱེད་བྱེད་མ་ཡིན་པར་འཆད་པ་ནི་འོག་ནས་འགོག་པར་འགྱུར་རོ། །གཉིས་པ་ནི། གལ་ཏེ་ཆོས་གསུམ་པོ་གང་རུང་གཅིག་བསྟན་པས་ཆོག་མོད། གསུམ་ཀ་བསྟན་པ་ལ་དགོས་པ་ཅི་ཞིག་སྙམ་ན། སྤྱིར་ཆོས་གསུམ་བསྟན་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་དོན་དུ་ཡིན་ལ། དེ་ཡང་རྨོངས་པ་བཟློག་པའི་ཕྱིར་ཡིན་ལ། དེ་ལའང་གསུམ་སྟེ། སེམས་བྱུང་ལ་རིལ་པོར་འཛིན་པ་དང༌། གཟུགས་ལ་དང༌། གཟུགས་སེམས་གཉིས་ཀ་ལ་རིལ་པོར་འཛིན་པའི་རྨོངས་པའོ། །འདིར་རྒྱུད་ཀྱིས་བསྡུས་པའི་རིལ་པོར་འཛིན་པ་ནི་གང་ཟག་གི་བདག་འཛིན་དུ་བཤད་དུ་རུང་ཡང༌། རྒྱུད་ཀྱིས་མ་བསྡུས་པ་རྣམས་ལ་རིལ་པོར་འཛིན་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པ་ལས་གཞན་དུ་བཤད་མི་ནུས་པའི་ཕྱིར་ན་གྲུབ་པའི་མཐའ་འདིར་ཆོས་ཀྱི་བདག་འཛིན་དང་དེའི་གཉེན་པོ་མ་བསྟན་ནོ་སྙམ་དུ་དོགས་པར་མི་བྱའོ། །གཉིས་པ་སོ་སོའི་དཀའ་བའི་གནས་བཤད་པ་ལ་གསུམ་སྟེ། ཕུང་པོ་ལས་ཕྱེ་བའི་དང༌། སྐྱེ་མཆེད་ལས་དང༌། ཁམས་ལས་ཕྱེ་བའི་ཆོས་སོ་སོའི་དཀའ་བའི་གནས་དཔྱད་པའོ། །དང་པོ་ལ་གཟུགས་ཕུང་གི་སྒྲ་དོན་དང༌། རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱས་བཤད་དོ། །དང་པོ་ནི། གལ་ཏེ་འདིར་གཟུགས་རུང་གཟུགས་ཀྱི་མཚན་ཉིད་བཤད་པ་དང༌། མངོན་པ་གོང་མར་གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པ་ཞེས་བཤད་པ་དེའི་ཁྱད་པར་གང་ཞེ་ན། འདིར་གཟུགས་སུ་རུང་བ་ཞེས་པ་ནི་གནོད་པ་བྱར་རུང་བ་ལ་བྱེད་ལ། དེ་དང་གཟུགས་རུང་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་རེག་པས་གཟུགས་སུ་ཡོད་པ་ཞེས་བྱ་བ་དེ་དོན་གཅིག་ཅིང༌། ཡུལ་དཔྱད་པས་གཟུགས་རུང་ནི་འདིར་ཁས་མི་ལེན་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཞེས་བྱ་བ་དེ་ཕྱོགས་ཆ་དང་བཅས་པ་ཡིན་ཀྱང་འདིར་གཟུགས་སུ་མི་འདོད་པའི་ཕྱིར། འོ་ན་གནོད་པ་བྱར་རུང་གི་དོན་གང་ཞེ་ན། ཡོངས་སུ་འགྱུར་བ་སྐྱེད་པ་སྟེ། ཇི་སྐད་དུ་མདོ་ལས། གལ་ཏེ་འདོད་པ་ཚོལ་བྱེད་ཅིང༌། །འདུན་པ་སྐྱེས་པའི་ལུས་ཅན་དེ། །འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་གཟུགས་རུང་གི་དོན་ནི་ཐོགས་པ་དང་བཅས་པའོ། །འོ་ན་རྡུལ་ཕྲ་རབ་དག་གཟུགས་རུང་མ་ཡིན་པར་འགྱུར་རོ། །ཞེ་ན། རྡུལ་ཕྲ་རབ་ཀྱི་མིང་ཅན་ལ་གཉིས་ཏེ། རྫས་ཀྱི་དང༌། སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་བོ། །དང་པོ་ནི། རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་མི་གནས་པ་དབང་ཤེས་ཀྱི་ཡུལ་ལས་འདས་པ་སྒྲིབ་ཐོགས་ལ་སོགས་པའི་བྱ་བ་དང་བྲལ་བ་ཞིག་གོ །དེ་འདྲ་དེ་ནི་གཟུགས་རུང་མ་ཡིན་པར་ཐལ་བར་འདོད་ལ། གཉིས་པ་དེ་ནི། ཇི་སྐད་དུ། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་འབྱུང་བས་དེ་ཉིད་ཡིན་ལ། དེ་ནི་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་སུ་རུང་བ་ཉིད་དོ། །དེ་སྐད་དུ་ཡང་རང་འགྲེལ་ལས། རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ། །འདུས་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ། །ཞེས་གསུངས་སོ། །དོན་འདི་ལ་ངེས་པ་རྙེད་པ་ན། རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པའི་འགྲེལ་བར། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་པས་ཉེས་པ་མེད་དོ། །ཞེས་བཤད་པའི་དུས་ཀྱི་རང་མཚན་གཉིས་པོ་དེའི་ཁྱད་པར་ཕྱེད་པར་འགྱུར་ལ། དེ་ཡང་ཟླ་མེད་ཀྱི་རྡུལ་ཕྲན་ཡན་གར་བ་མེད་པར་འདོད་པ་ནི་མ་ཡིན་གྱི། དེ་འདྲ་དེ་གཟུགས་ཅན་དང་དབང་ཤེས་ཀྱི་ཡུལ་དུ་མི་འདོད་པའོ། །འོ་ན་དེ་འདྲ་དེ་གཟུགས་ཕུང་དང་གཟུགས་ཀྱི་སྐྱེ་མཆེད་དུ་མི་འདོད་མོད། ཆོས་ཀྱི་སྐྱེ་མཆེད་དུ་ཁས་ལེན་པར་བྱེད་དམ་ཞེ་ན། དེར་ཁས་ལེན་དགོས་པ་ཡིན་ཏེ། སྤྱིར་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཡིན་ལ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཞེས་ཆོས་ཐམས་ཅད་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་རྐྱེན་དུ་བཤད་པའི་ཕྱིར་དང༌། དེ་ཙམ་གྱི་ཆོས་ཀྱི་སྐྱེ་མཆེད་དུ་བཞག་དགོས་པའི་ཕྱིར་སྙམ་ན། རྡུལ་དུ་གྲུབ་པས་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པ་མེད་དོ། །འོ་ན་དེ་འདྲ་དེ་རང་གི་མཚན་ཉིད་དུ་བཤད་པས་རང་གི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོར་ཁས་ལེན་ནམ་ཞེ་ན། དངོས་པོར་ཁས་ལེན་ཀྱང་མི་རྟག་པར་ནི་མི་འདོད་དོ། །ཇི་སྐད་དུ། འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་བྱེ་བྲག་པའི་ངོར་རྡུལ་ཕྲ་རབ་མི་རྟག་པར་སྒྲུབ་དགོས་པ་ཉིད་དུ་བཤད་ལ། འདིར་ཡང་དེ་དང་ཆ་མཐུན་པ་ཉིད་དུ་འདོད་པར་བོད་སྔ་མ་དག་འཆད་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོ་ལས་ཀྱང་འདི་ལ་སྟོང་པའི་རྡུལ་ཞེས་བྱ་བའི་མིང་གིས་བཏགས་སོ། །འོ་ན་འདི་དོན་སྨྲ་གཉིས་ཀྱི་ཐུན་མོང་བ་ཡིན་ནམ་ཞེ་ན། །མ་ཡིན་ཏེ། མདོ་སྡེ་པས་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱིས་ཀྱང་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པར་འཆད་པའི་ཕྱིར་ཏེ། ཇི་སྐད་དུ། འདིས་ནི་སྒྲིབ་བྱེད་ལ་སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་ནའང་རྫས་ཀྱི་རྡུལ་ཕྲ་རབ་མདོ་སྡེ་པས་དབང་ཤེས་ཀྱི་ཡུལ་དུ་ནི་མི་འདོད་དོ། །ཇི་སྐད་དུ། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་གསུངས་ལ། དེ་ཡང་རྫས་ཀྱི་རྡུལ་ཕྲ་རབ་ལ་དགོངས་པའི་ཕྱིར་ཏེ། ཁྱད་མེད་ཕྱིར་དང༌། ཞེས་པ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་བྱེད་དུ་བྱུང་བ་ཡིན་པའི་ཕྱིར། ཡང་འདས་པ་དང་མ་འོངས་པའི་གཟུགས་ལ་མཚན་ཉིད་དེ་དང་མི་ལྡན་ནོ་ཞེ་ན། མ་ཡིན་ཏེ། འདས་པའི་གཟུགས་དང་མ་འོངས་པའི་གཟུགས་སྐྱེ་བའི་ཆོས་ཅན་ནི་རང་རང་གང་ན་ཡོད་པའི་ས་དེར་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་ཅིང༌། གཟུགས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི་གཟུགས་རུང་དང་མཐུན་པའི་ཕྱིར། རིའི་བུད་ཤིང་བཞིན་ནོ། །དེ་ལྟ་ནའང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ་ཅེ་ན། འདིའི་ལན་ལ་ལུགས་གཉིས་ལས། དང་པོ་ནི། དེ་ཀུན་ནས་སློང་བྱེད་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ལ་གནོད་པ་བྱར་རུང་བའི་ཕྱིར་དེ་ལ་ཡང་གནོད་པ་བྱར་རུང་བ་ཡིན་ཏེ། ཤིང་ལྗོན་པ་གཡོས་པ་ན་དེའི་གྲིབ་མ་གཡོ་བ་བཞིན་ནོ། །ཡང་ན་རྣམ་པར་རིག་བྱེད་ལོག་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་ལྡོག་པར་འགྱུར་ཏེ། ཤིང་ལྗོན་པ་མེད་ན་གྲིབ་མ་མེད་པ་བཞིན་ནོ། །ལུགས་གཉིས་པ་ནི། རྟེན་གྱི་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་དེ་ཡང་གཟུགས་སུ་ཡོད་དོ། །ཞེས་པའོ། །དེ་སྐད་བསྟན་པ་ལ་རྒོལ་བ་དང་ལན་ནོ། །དང་པོ་ནི། དེ་ལྟར་ན་མིག་གི་རྣམ་པར་ཤེས་པ་སོགས་ཀྱང་གཟུགས་སུ་རུང་བར་འགྱུར་ཏེ། རྟེན་གཟུགས་ཡོད་པའི་ཕྱིར་ཞེ་ན། ལན་ལ་གཉིས་ཏེ། གཞན་གྱི་ལན་མི་འཐད་པ་དང༌། རང་གི་ལན་གདབ་པའོ། །དང་པོ་ནི། བྱེ་སྨྲའི་ལུགས་འཛིན་སྔ་རབས་པ་དག་ན་རེ། དེ་ལྟར་མཚུངས་པ་མ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་ནི། དཔེར་ན་ཤིང་ལྗོན་པ་ལ་གྲིབ་མ་ཉིད་དང༌། མར་མེ་ལ་འོད་བརྟེན་པ་བཞིན་དུ། འབྱུང་བ་རྣམས་ལ་བརྟེན་ནས་འཇུག་པ་ཡིན་ལ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པ་མ་ཡིན་གྱི། འབྱུང་བ་དེ་དག་རང་ཉིད་སྐྱེ་བའི་རྒྱུ་ཙམ་ཡིན་པ་འབའ་ཞིག་ཏུ་ཟད་པས་སོ། །ཤིང་ལྗོན་པ་ལ་གྲིབ་མ་འབྱུང་བ་དང༌། མར་མེ་ལས་འོད་དང༌། རིག་བྱེད་ལས་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་བ་ཞེས་བྱ་བ་གསུམ་པོ་འདི་དཔེ་དོན་དུ་འབྱོར་བ་མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་གྲུབ་པ་ལ་གྲིབ་མ་དང་འོད་ལ་སོགས་པ་ཁ་དོག་གི་རྡུལ་རྣམས་རང་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་ནས་འབྱུང་བ་ཡིན་གྱི། ནོར་བུ་དང་ཤིང་ལྗོན་པ་དག་ནི་གཞིའི་རྒྱུ་ཡིན་གྱི་རྟེན་གྱི་རྒྱུ་མ་ཡིན་པའི་ཕྱིར། དེའི་དོན་ཡང་འོད་དང་གྲིབ་མ་ནི་སོ་སོ་རང་རང་གི་འབྱུང་བ་བཞི་ཚན་ལ་བརྟེན། དེ་ཡང་ལྗོན་པ་དང༌། ནོར་བུ་ལ་བརྟེན་པའི་དོན་ནོ། །དེ་ལྟར་ནའང་དཔེ་དོན་མི་མཚུངས་ཏེ། རིག་བྱེད་མ་ཡིན་པ་ནི་རང་གི་རྟེན་འབྱུང་བ་ཆེན་པོ་འགགས་ཟིན་ཀྱང་དེ་འགག་པར་མི་འདོད་པའི་ཕྱིར། ནོར་བུ་འགགས་ན་དེའི་འོད་འགགས་པའི་ཕྱིར། དེས་ན་གཞན་གྱི་ལན་འདི་ནི་མི་འཐད་དོ། །གཉིས་པ་རང་གི་ལན་ནི། མིག་ཤེས་གཟུགས་ལ་བརྟེན་པ་དང༌། རིག་བྱེད་མ་ཡིན་པ་འབྱུང་བ་ལ་བརྟེན་པ་གཉིས་མཚུངས་པ་མ་ཡིན་ཏེ། རིག་བྱེད་མ་ཡིན་པའི་རྟེན་འབྱུང་བ་ནི་དེའི་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་ལ། ཅིག་ཤོས་ཀྱི་ནི་དེ་ལྟར་མ་ཡིན་པར་ཤེས་པ་སྔ་མ་ཉིད་ཉེར་ལེན་གྱི་རྒྱུར་འདོད་པའི་ཕྱིར། ཞེས་བྱ་བ་འདི་ལན་ནོ། །སྐབས་འདི་དག་ཏུ་གཞིའི་འབྱུང་བ་དང་རྟེན་གྱི་འབྱུང་བ་ཞེས་པའི་དོན་ནི་འཇུག་པ་དང་རྗེས་སུ་འཇུག་བྱེད་ཡིན་ལ། དེ་ཡང་འབྲས་དུས་སུ་འདས་པ་དང་དུས་མཉམ་པ་སྟེ། དཔེར་ན་འཁོར་ལོ་ཕུལ་བྱེད་ལག་པ་ལྟ་བུ་དང༌། རྟེན་བྱེད་ས་གཞི་ལྟ་བུའོ། །གཉིས་པ་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྣམ་གཞག་ལ། གནས་དང་པོའི་གཞུང་འདིས་ཇི་ལྟར་བསྟན་པ་དང༌། དེར་མ་ཚང་བ་གནས་བཞི་པ་ནས་ཁ་བསྐང་བའོ། །དང་པོ་ནི། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ཁྱད་པར་གསུམ་དང་ལྡན་པ་སྟེ། གནས་སྐབས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། རྒྱུའི་ཁྱད་པར་གསུམ་གྱིས་ཁྱད་པར་དུ་བྱས་པའི་གཟུགས་སོ། །དང་པོ་ནི། རང་ཀུན་ནས་སློང་བྱེད་ཀྱི་སེམས་གཞན་དུ་ཡེངས་པ་དང༌། སེམས་མེད་པ་གཉིས་པོའི་གནས་སྐབས་ན་ཡང་ཡོད་པའོ། །གཉིས་པ་ནི། དགེ་བ་དང་མི་དགེ་བ་གང་རུང་གི་རྒྱུན་རྗེས་སུ་འབྲེལ་བའོ། །རྒྱུའི་ཁྱད་པར་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའོ། །ཁྱད་པར་དང་པོས་ནི་རིག་བྱེད་ཀྱི་གཟུགས་སེལ། ཁྱད་པར་གཉིས་པས་ནི་མིག་ལ་སོགས་པ་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་རྣམས་སེལ། ཁྱད་པར་གསུམ་པས་ནི་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཐོབ་པ་སེལ་བྱེད་དོ། །དེའི་ཤེས་བྱེད་ཀྱང་ལུས་ངག་གི་རིག་བྱེད་ནི་རང་ཀུན་ནས་སློང་བྱེད་ཀྱི་སེམས་མེད་ན་མི་འབྱུང་བའི་ཕྱིར་དང༌། རྣམ་སྨིན་གྱི་ལུས་ལ་ཁྱད་པར་ཐོག་མཐའ་གཉིས་ཚང་བའི་ཕྱིར་དང༌། རིག་བྱེད་མ་ཡིན་པའི་ཐོབ་པ་ལ་ཁྱད་པར་དང་པོ་ཉིད་ཚང་བའི་ཕྱིར། ཡང་ཞེས་པའི་སྒྲས་ནི་མ་གཡེངས་པ་དང༌། སེམས་བཅས་ཀྱི་གནས་སྐབས་སུ་ཡོད་པར་མ་ཟད་ཅེས་པའི་དོན་ཡིན་ལ། དེ་ནི་རིག་བྱེད་མ་ཡིན་པའི་གཟུགས་གསུམ་ཀ་ལ་ཚང་བས་ཤུགས་ལ་བསྟན་པ་དེ་ཉིད་ཀྱིས་ཆོག་ལ། དེ་ལས་ལྡོག་པ་གཡེངས་པའི་གནས་སྐབས་ན་ཡོད་པའང་གསུམ་ཀ་ཡིན་མོད། སེམས་མེད་ཀྱི་སྐབས་ན་ཡོད་པ་ནི་སོ་སོར་ཐར་པའི་སྡོམ་པ་ཁོ་ན་སྟེ། གཞན་གཉིས་ནི་ཇི་སྐད་དུ། གཡེངས་དང་སེམས་མེད་པ་ཡི་ཡང༌། །ཞེས་སེམས་མེད་ཀྱི་གནས་སྐབས་སུ་མེད་པར་བཤད་པའི་ཕྱིར། གནས་སྐབས་དེ་དག་ན་ཡོད་པའི་ཁྱད་པར་ཡང་ཐོབ་བྱའི་ཆོས་དེ་ཡོད་པ་ལ་བྱའི། ཐོབ་པ་དང་ལྡན་པ་ཙམ་ལ་ནི་མ་ཡིན་ཏེ། གནས་སྐབས་དེ་དག་ན་རིག་བྱེད་ཀྱི་གཟུགས་ཀྱི་ཐོབ་པ་ཡང་ལྡན་པའི་ཕྱིར། དེས་ན་རིག་བྱེད་མ་ཡིན་པའི་གཟུགས་ཕྱི་མ་གཉིས་ནི་ཁྱད་པར་ཕྱི་མ་གཉིས་པོ་ཁོ་ན་དང་བཅས་པའོ། །འོ་ན་ཁྱད་པར་གསུམ་པོ་འདིས་དེའི་མཚན་ཉིད་བསྟན་པ་མ་ཡིན་པར་འགྱུར་ཏེ། ཁྱད་པར་དང་པོས་དེའི་མཚན་གཞི་མཐའ་དག་ལ་མ་ཁྱབ་པའི་ཕྱིར་ཞེ་ན། འདོད་པ་ཉིད་དེ། འདིས་ནི་དེའི་མཚན་གཞི་ཙམ་ཞིག་བསྟན་པར་འདོད་པའི་ཕྱིར། འོ་ན་འདིར་སེམས་མེད་ཀྱི་མཚན་གཞི་ནི་འགྲེལ་པར། སེམས་མེད་ཀྱི་སྙོམས་འཇུག་གཉིས་ལ་བཤད་ནས་འདུ་ཤེས་མེད་པ་པ་མི་འཛིན་པ་ཅི་ཞེ་ན། འདུ་ཤེས་མེད་པ་པ་ནི་རྟེན་གཟུགས་ཁམས་པ་ཡིན་པས་སོ་ཐར་གྱི་སྡོམ་པ་མེད་ཅིང་མཉམ་གཞག་སེམས་བཅས་མ་ཡིན་པས་སྡོམ་པ་ཕྱི་མ་གཉིས་ཀྱང་མེད་པའི་ཕྱིར་མ་བཤད་དོ། །རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ཐོབ་པ་ནི་རྟེན་དེར་ཡང་ཡོད་དེ། ཇི་སྐད་དུ། གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད་ཅེས་གསུངས་པས་སོ། །འོ་ན་ཇི་སྐད་དུ། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། །རྟག་ཏུའོ་འདུ་ཤེས་མེད་པ་དང༌། །སྙོམས་པར་འཇུག་པ་རྣམ་གཉིས་དང༌། །སེམས་མེད་གཉིས་དང་བརྒྱལ་མ་གཏོགས། །ཞེས་གནས་སྐབས་ལྔ་བཤད་པའི་ཕྱི་མ་གཉིས་འདིར་མི་འཆད་པ་ཅི་ཞེ་ན། གནས་སྐབས་དེ་གཉིས་ན་ཡང་འདི་ཡོད་པར་ཁས་བླངས་པ་ལ་ཉེས་པ་མེད་མོད། དེ་ལྟ་ནའང་གཉིས་པོ་བྱེ་བྲག་ཏུ་སྨྲ་བས་སེམས་མེད་དུ་མི་འདོད་པའོ། །རིག་བྱེད་མ་ཡིན་པའི་གཟུགས་གཞུང་འདིར་བསྟན་པ་ལ་སློབ་དཔོན་འདུས་བཟང་གིས་སྐྱོན་ཇི་ལྟར་བརྗོད་པའི་ཚུལ། དེའི་ཉེས་སྤོང་དང་བཅས་པ་རྒྱལ་སྲས་ལས་འབྱུང་བ་ནི། འདི་ལ་མ་ཚང་བསྟན་འཆོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་སུན་འབྱིན་པར་བྱེད་དོ། །དེ་ཡང་རིག་བྱེད་མ་ཡིན་པའི་གཟུགས་སྐད་ཅིག་དང་པོ་ལ་རྒྱུན་མེད་པས་མཚན་ཉིད་མ་ཚང་བ་དང༌། རྒྱུན་རྫས་སུ་མེད་པས་ན་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་རྫས་སུ་མེད་པར་ཁས་ལེན་དགོས་ལ། དེ་ལྟ་ན་བསྟན་བཅོས་ལས་རྫས་སུ་བཤད་པ་དང་འགལ། གཡེངས་པ་དང་སེམས་མེད་ཀྱི་གནས་སྐབས་ན་ཡོད་པ་དགོས་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་རིག་བྱེད་མ་ཡིན་པའི་གཟུགས་ཡིན་པ་ཉམས། མ་གཡེངས་སེམས་བཅས་ཀྱི་ཚེ་ཡོད་པས་དེར་འགྱུར་ན་རིག་བྱེད་ཀྱི་གཟུགས་ཀྱང་དེར་ཐལ་བ་དང༌། སེམས་གཡེངས་པ་ན་འབྲེལ་བར་བསྟན་པས་སེམས་དང་བཅས་པའི་ཚེ་འབྲེལ་བར་དོན་གྱིས་གོ་བའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་ལྷག་པ་དང༌། སེམས་མེད་ཀྱི་ཚེ་ན་ཡོད་ཅེས་པས་ནི་དགེ་བའི་རིག་བྱེད་མ་ཡིན་པ་ཁྱད་པར་དུ་བསྟན་དགོས་ཏེ། མི་དགེ་བའི་ནི་སྙོམས་འཇུག་གཉིས་ཀྱི་སྐབས་སུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་ཏེ། དེ་གཉིས་གང་རུང་ལ་མི་དགེ་བ་སྤངས་པས་ཁྱབ་པའི་ཕྱིར། ཡང་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཞེས་བྱ་བ་འདི་དེའི་འཇོག་བྱེད་ཀྱི་གཙོ་བོ་ཡིན་པ་དེ་འདིར་མ་བསྟན་པའི་ཉེས་པ་ཡོད་དོ་ཅེས་བཀག་ནས། འདུས་པ་བཟང་པོ་རང་གི་ལུགས་ནི། བྱས་པ་དང་ཡང་མི་འདྲ་བའི། །སེམས་ལའང་སེམས་མེད་པ་ལ་གང༌། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་འཆད་པར་བྱེད་མོད། ཇི་སྐད་དུ། ཉམས་དང་དེ་མིན་དེ་ཉིད་ཐལ། །ཞེས་པའི་ཉེས་པ་ནི་སོ་ན་གནས་སོ། །གཉིས་པ་འདིར་མ་བཤད་པ་འོག་ནས་ཁ་བསྐང་བ་ནི། གསུམ་སྟེ། སྒྲུབ་བྱེད་ཀྱི་ལུང་གང་ནས་འབྱུང་བ་དང༌། རྒྱུ་འབྱུང་བའི་ཁྱད་པར་གང་ཡིན་པ་དང༌། དབྱེ་བ་སོ་སོའི་རྣམ་གཞག་གོ །དང་པོ་ནི། ཇི་སྐད་དུ། རྣམ་གསུམ་དྲི་མེད་གཟུགས་གསུངས་དང༌། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་གསུངས་པ་དེ་ཉིད་དོ། །གཉིས་པ་ལ། སོ་ཐར་སྡོམ་པའི་རྒྱུ་འབྱུང་བའི་ཁྱད་པར་དང༌། ཕྱི་མ་གཉིས་པོའི་རྒྱུ་འབྱུང་བའི་ཁྱད་པར་རོ། །དང་པོ་ནི། ཇི་སྐད་དུ། རྣམ་རིག་བྱེད་མིན་མ་ཟིན་དང༌། །རྒྱུ་མཐུན་ལས་བྱུང་སེམས་ཅན་སྟོན། །རྒྱུ་མཐུན་ཟིན་པའི་འབྱུང་ལས་སྐྱེ། །ཞེས་གསུངས་པའི་རྐང་པ་དང་པོ་གཉིས་ནི་རིག་མིན་གྱི་གཟུགས་རང་གི་ངོ་བོའི་ཁྱད་པར་ཡིན་ལ། རྐང་པ་གསུམ་པས་ནི་དེའི་རྒྱུ་འབྱུང་བའི་ཁྱད་པར་བསྟན་པའོ། །དེ་ཡང་འདོད་པ་ན་སྤྱོད་པའི་རིག་བྱེད་མ་ཡིན་པ་ནི་མ་ཟིན་པ་ཞེས་བྱ་སྟེ། སེམས་སེམས་བྱུང་གི་རྟེན་མ་ཡིན་པའི་ཕྱིར། བྱུང་བ་གསུམ་གྱི་ནང་ནས་རྒྱུ་མཐུན་ལས་བྱུང་བ་ཡིན་ཏེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེས་པའི་ཕྱིར། རྣམ་སྨིན་སྐྱེས་མ་ཡིན་ཏེ། དགེ་མི་དགེ་གང་རུང་དུ་ངེས་པའི་ཕྱིར། རྒྱས་བྱུང་མ་ཡིན་ཏེ། རྡུལ་ཕྲན་བསགས་པ་མ་ཡིན་པས་རྒྱས་པའི་རྒྱུ་བཞི་པོ་དག་གིས་རྒྱས་པར་བྱེད་མི་ནུས་པའི་ཕྱིར། སེམས་ཅན་དུ་སྟོན་པ་ཞེས་བྱ་སྟེ། རྒྱུད་དུ་གཏོགས་པའི་ཕྱིར། དེར་མ་ཟད་གཟུགས་དེའི་རྒྱུར་གྱུར་པའི་འབྱུང་བ་བཞི་ཚན་ཇི་སྙེད་ཡོད་པ་དེ་དག་ཀྱང་བྱུང་བ་གསུམ་གྱི་ནང་ན་རྒྱུ་མཐུན་ལས་བྱུང་བ་ཁོ་ན་ཡིན་གྱི། རྣམ་སྨིན་སྐྱེས་ནི་མ་ཡིན་ཏེ། གཞན་དུ་ན་འདོད་པའི་རྣམ་སྨིན་གྱི་ལུས་དང་ལྡན་པ་ཐམས་ཅད་ལ་སོ་ཐར་གྱི་སྡོམ་པ་དངོས་སུ་སྐྱེ་བར་ཐལ་བའི་ཕྱིར་དང༌། དེའི་རྒྱུ་འབྱུང་བ་ནི་ཆད་ནས་ཀྱང་མཚམས་སྦྱོར་བའི་ཕྱིར། རྒྱས་བྱུང་མ་ཡིན་ཏེ། མཉམ་པར་མ་བཞག་པའི་ས་པ་ཡིན་པས་ཏིང་ངེ་འཛིན་གྱིས་རྒྱས་པར་བྱེད་པ་ཡང་མ་ཡིན། ཀུན་སློང་གི་སེམས་ལ་ལྟོས་པས་གཉིད་ཀྱིས་རྒྱས་པར་བྱེད་པ་ཡང་མ་ཡིན་པའི་ཕྱིར་དང༌། ཟས་དང་ཚངས་པར་སྤྱོད་པ་ལ་ལྟོས་པ་ཡང་མ་ཡིན་པའི་ཕྱིར་རོ། །ཟིན་པ་ཞེས་བྱ་སྟེ། ལུས་ཀྱི་དབང་པོ་ད་ལྟ་བའི་ཚོགས་པ་ན་ཡོད་པའི་ཕྱིར་རོ། །སྤོང་བ་བདུན་པོ་རེ་རེ་ཞིང་འབྱུང་བ་བཞི་ཚན་ཐ་དད་པ་རེ་རེ་ཁོ་ན་ལས་སྐྱེ་དགོས་པ་ཡིན་ཏེ། རང་འགྲེལ་ལས། སོ་སོར་ཐར་པའི་སྡོམ་པ་ནི་འབྱུང་བ་གཞན་དང་གཞན་དག་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཇི་སྐད་དུ། ཏིང་འཛིན་སྐྱེ་འབྱུང་མ་ཟིན་དང༌། །རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་གསུངས་ལ། དེའི་དོན་ནི། རྐང་པ་དང་པོས་མཉམ་གཞག་གི་ས་པའི་གཟུགས་དང་དེའི་རྒྱུ་འབྱུང་བ་གཉིས་ཀའི་ཁྱད་པར་བསྟན་ལ། རྐང་པ་གཉིས་པས་རྒྱུ་འབྱུང་བ་ཁོ་ནའི་ཁྱད་པར་བསྟན་ནོ། །དེ་ཡང་རྒྱུ་འབྲས་གཉིས་ཀ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བདེ་སྡུག་སྐྱེ་བའི་རྟེན་དུ་མི་འགྱུར་བའི་ཕྱིར། དེ་སྐད་དུ་ཡང་རང་འགྲེལ་ལས། ཟིན་པའི་འབྱུང་བ་ཆེན་པོ་རྣམས་ནི། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་སྐབས་དག་ན་སེམས་མེད་པར་འབྱུང་ངོ༌། །ཞེས་བཤད་པས་སོ། །རྒྱུ་འབྱུང་བ་ནི་ཏིང་ངེ་འཛིན་ལས་སྐྱེས་པས་ན་རྒྱས་པ་ལས་འབྱུང་བ་དང༌། འབྲས་བུ་སྤོང་བ་བདུན་ཀ་ཡང་རྒྱུ་འབྱུང་བ་བཞི་ཚན་ཐ་དད་མ་ཡིན་པ་གཅིག་ཁོ་ན་ལས་སྐྱེ་བ་ཡིན་ཏེ། རང་འགྲེལ་ལས། ཐ་མི་དད་པ་དག་ཀྱང་ཡིན་ཏེ། འབྱུང་བ་ཆེན་པོ་གང་དག་ཁོ་ན་རྒྱུར་བྱས་ནས་སྲོག་གཅོད་པ་སྤོང་བར་བྱེད་པ་དེ་དག་ཁོ་ན་ལས་ཚིག་འཁྱལ་པ་སྤོང་བའི་བར་དུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། སེམས་བཞིན་དུ་འབྱུང་བ་ཐ་མི་དད་པའི་ཕྱིར་རོ། །ཞེས་གསུངས་པ་དེའི་དོན་ནི་མཉམ་གཞག་གི་ས་པའི་སྡོམ་པ་གཉིས་པོའི་སྤོང་བ་བདུན་ཀ་ཡང་སོ་ཐར་གྱི་སྤོང་བ་བདུན་དང་མི་འདྲ་བར་འབྱུང་བ་བཞི་ཚན་ཐ་མི་དད་པ་རེ་རེ་ལས་སྐྱེ་བ་ཡིན་ཏེ། སྡོམ་པ་གཉིས་པོ་དེའི་ཀུན་སློང་གི་སེམས་ཀྱང་སོ་ཐར་གྱི་སྤོང་བ་སོ་སོ་ལ་ཀུན་སློང་ཐ་དད་པ་དག་དགོས་པ་དང་འདྲ་བ་མ་ཡིན་པར་ཀུན་སློང་གི་སེམས་རེ་རེ་བར་ངེས་པ་བཞིན་དུ། སྐྱེ་བྱེད་ཀྱི་འབྱུང་བ་ཡང་བཞི་ཚན་ཚོགས་པ་ཐ་མི་དད་པ་རེ་རེ་ཁོ་ནར་ངེས་པའི་ཕྱིར། ཞེས་བྱ་བའི་དོན་ནོ། །ཡང་སོ་ཐར་གྱི་རྒྱུ་འབྱུང་བ་ཟིན་པ་དང་སྡོམ་པ་གཞན་གྱི་རྒྱུ་འབྱུང་བ་མ་ཟིན་པར་བཤད་པ་དེའི་ཁྱད་པར་ནི་སྤྱིར་བདེ་སྡུག་སོགས་སེམས་སེམས་བྱུང་གི་རྟེན་དུ་རུང་མི་རུང་གིས་འབྱེད་ལ། དེའི་ཁྱད་པར་ཡང་སྔ་མ་ནི་འདས་པའི་འབྱུང་བ་ཆེན་པོ་དག་ནི་འཇུག་པ་དང་འཕེན་པའི་རྒྱུར་ཡོད་ཅིང༌། དུས་མཉམ་པ་ད་ལྟར་གྱི་འབྱུང་བ་ཆེན་པོ་དག་ནི་རྗེས་སུ་འཇུག་པའི་རྒྱུ་དང་བརྟེན་པར་བྱེད་པའི་རྒྱུར་ཡོད་པ་ཡིན་ལ། སྡོམ་པ་ཕྱི་མ་གཉིས་ལ་ནི་འདས་པའི་འབྱུང་བ་འཕེན་པའི་རྒྱུར་ཡོད་པ་མ་ཡིན་གྱི། རང་དང་དུས་མཉམ་པའི་འབྱུང་བ་ཁོ་ན་རྒྱུར་ཡོད་པ་ཡིན་ལ། དེ་འདྲ་དེ་ཡང་རྟེན་དང་རྗེས་སུ་འཇུག་བྱེད་ནི་མ་ཡིན་གྱི། གཞི་དང་འཇུག་པའི་རྒྱུར་གྱུར་པའོ། །དེའི་ཤེས་བྱེད་ཀྱང་དུས་མཉམ་པའི་འབྱུང་བ་བརྟེན་གྱི་དོན་དུ་ཡོད་ན་ལུས་ཀྱི་རྗེས་འབྲང་དུ་ཐལ་བ་ལས་འདི་གཉིས་ནི། སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །ཞེས་པའོ། །འབྱུང་བ་བཞི་ཚན་ཐ་མི་དད་པ་གཅིག་ལས་བསམ་གཏན་གྱི་སྤོང་བ་བདུན་ཀ་སྐྱེ་བའི་ཤེས་བྱེད་ཀྱང་དེ་ཉིད་དེ། རྟེན་དང་རྗེས་སུ་འཇུག་པའི་རྒྱུ་ཡིན་ན་སྤོང་བ་རེ་རེ་ཡང་འབྱུང་བ་བཞི་ཚན་ཐ་དད་པ་རེ་རེ་ལས་སྐྱེ་དགོས་པའི་ཕྱིར། འོ་ན་གཞི་དང་རྟེན་ཞེས་པ་དང་འཇུག་པ་དང་རྗེས་སུ་འཇུག་བྱེད་ཅེས་པའི་ཁྱད་པར་ཅི་ཞེ་ན། དང་པོ་གཉིས་ནི་མ་སྐྱེས་པ་བསྐྱེད་པར་བྱེད་པའི་རྒྱུ་ཡིན་ལ། ཕྱི་མ་གཉིས་ནི་སྐྱེས་ཟིན་གནས་པའི་རྟེན་ཏེ། དཔེར་ན་འཁོར་ལོ་ས་ལ་འདྲིལ་བ་ན་འཕུལ་བྱེད་ལག་པ་ལྟ་བུ་དང་རྟེན་བྱེད་ས་ཕྱོགས་བཞིན་ནོ། །དོན་དེ་དག་ནི་ཇི་སྐད་དུ། འདོད་གཏོག་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེ། །ཞེས་པའི་དངོས་ཤུགས་ལ་ཅི་རིགས་པར་བསྟན་ནོ། །མདོར་ན་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མཉམ་པར་མ་བཞག་པ་དང་བཞག་པའི་ས་པ་གཉིས་ཀ་ཡང་རྒྱུ་འབྱུང་བ་ལས་སྐྱེས་པར་ཁྱད་པར་མེད་ཀྱང་རྟེན་འབྱུང་བ་ཁོ་ན་ལ་བརྟེན་པ་དང༌། སེམས་ཁོ་ན་ལ་བརྟེན་པ་ཞེས་བྱ་བའི་ཁྱད་པར་གྱིས་རྣམ་པར་བཞག་པ་ཡིན་ནོ། །དེའི་ཕྱིར་མཉམ་གཞག་གི་སེམས་གཉིས་པོ་དང་ལྷན་ཅིག་པའི་འབྱུང་བ་བཞི་ཚན་གང་ཡིན་པ་དེ་དག་ནི་ལུས་ཀྱི་རྣམ་པར་ཤེས་པའི་རྟེན་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་ཁ་ཕྱི་རོལ་དུ་བལྟས་ནས་མཉམ་གཞག་གི་ས་པ་མ་ཡིན་པའི་ཕྱིར། དེས་ན་དེ་དུས་ཀྱི་ལུས་ནི་རྣམ་ཤེས་ཀྱི་རྟེན་མ་ཡིན་པས་ན་མ་ཟིན་པ་ཞེས་བྱའོ། །འོ་ན་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་རྒྱུ་འབྱུང་བ་དེ་དང་དེ་དག་གང་དང་གང་གི་ས་པ་ཡིན་ཞེ་ན། ཇི་སྐད་དུ། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་དག་རྒྱུར་བྱས། །ཟག་མེད་གང་དུ་སྐྱེས་པའི་ཡིན། །ཞེས་གསུངས་སོ། །དེ་ཡང་དཔེར་ན་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེས་པ་ན་དེས་རྟེན་དེ་ཉིད་ལ་བསམ་གཏན་དང་པོའི་འབྱུང་བ་བཞི་ཚན་སྐྱེད། དེས་དེའི་ས་པའི་ལུས་ངག་གི་ལས་སྐྱེད། ལས་དེ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སོ། །བསམ་གཏན་གཉིས་པ་ཡན་ཆད་ཀྱི་སས་བསྡུས་པའི་རིག་བྱེད་ཀྱི་ལས་མེད་དེ། དེའི་ཀུན་སློང་རྟོགས་དཔྱོད་གཉིས་མེད་པའི་ཕྱིར། ཟག་མེད་ཀྱི་སྡོམ་པའི་སྐྱེད་བྱེད་ཀྱི་འབྱུང་བ་ནི་ལུས་རྟེན་གང་གི་ས་པ་ཡིན་པ་དེ་ཉིད་དུ་གཏོགས་པ་ཡིན་ཏེ། འབྱུང་བ་ལ་ཟག་མེད་མི་སྲིད་པའི་ཕྱིར། འོ་ན་སྐལ་བ་མི་མཉམ་པ་ཇི་ལྟར་སྐྱེ་ཞེ་ན། འགྲེལ་པར་དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར། ཞེས་གསུངས། དེའི་ཚེ་རྒྱུ་དྲུག་པོ་གང་ཞིག་ཅེ་ན། སྤྱིར་འབྱུང་བས་འབྱུང་གྱུར་ལ་བྱེད་རྒྱུ་གཞིར་བྱས་པའི་ཕན་འདོགས་ཚུལ་རྣམ་པ་ལྔ་བྱེད་དེ། ཇི་སྐད་དུ། འབྱུང་ལས་གྱུར་པའི་རྣམ་པ་ལྔ། །ཞེས་གསུངས་སོ། །དེས་དེ་ལ་རྒྱུ་གཞན་རྣམ་པ་ལྔ་པོ་ནི་གང་ཡང་བྱེད་པ་མ་ཡིན་ཏེ། སྐལ་བ་མི་མཉམ་པའི་ཕྱིར་དང༌། ལྷན་ཅིག་འབྱུང་ཡང་ཕན་ཚུན་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང༌། ཀུན་འགྲོ་མ་ཡིན་པ་དང༌། མཚུངས་པར་མི་ལྡན་པ་དང༌། འབྱུང་བ་ལ་ལུང་མ་བསྟན་གྱིས་ཁྱབ་པའི་ཕྱིར་རོ། །འདིར་སྡོམ་པ་ཕྱི་མ་གཉིས་རྒྱུ་འབྱུང་བ་ལས་སྐྱེ་བར་བཤད་པ་ཡང་དེ་དང་དེའི་ངོ་བོར་གྱུར་པའི་ལུས་ངག་གི་སྤོང་བའི་དབང་དུ་བྱས་པ་ཡིན་གྱི། ཡིད་ཀྱི་སྤོང་བའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། དེ་ནི་སེམས་པའི་ལས་ཀྱིས་བསྡུས་པའི་ཕྱིར། དེའི་ཕྱིར་སྡོམ་པ་དེ་གཉིས་གང་རུང་ལ་གཟུགས་ཅན་གྱིས་མ་ཁྱབ་པ་ཡང་འོག་ནས་སྟོན་པར་འགྱུར་རོ། །འོ་ན་རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ཅེས་པ་རྒྱུ་འབྱུང་བ་དང་ལས་ཀུན་སློང་གི་སེམས་གཉིས་ཀ་ལ་བཤད་ན་རྒྱུའི་ཀུན་སློང་དང་རབ་ཏུ་འཇུག་ཅེས་པ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡིན་པ་དང༌། དུས་ཀྱི་ཀུན་སློང་དང་རྗེས་སུ་འཇུག་བྱེད་ཀྱང་ཁྱབ་བྱ་དང་ཁྱབ་བྱེད་ཡིན་པ་དེའི་ཚེ་གཉིས་པོའི་ཁྱད་པར་གང་ཞེ་ན། རྒྱུའི་ཀུན་སློང་ནི་འབྲས་བུ་དེའི་སྐྱེད་བྱེད་དང་འབྲས་དུས་སུ་འདས་ཟིན་པ་ཁོ་ན་ཡིན་ལ། དུས་ཀྱི་ཀུན་སློང་ནི་བྱ་བ་དང་དུས་མཉམ་དུ་ཞུགས་ནས་དེ་མཐར་མ་ཕྱིན་གྱི་བར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །འོ་ན་དུས་ཀྱི་ཀུན་སློང་ལ་དགོས་པ་མེད་པར་འགྱུར་ཏེ། རྒྱུའི་ཀུན་སློང་གིས་འཕངས་ཟིན་པ་དང༌། སྐྱེད་ཟིན་པའི་ཕྱིར་ཞེ་ན། དེའི་ལན་ནི། འགྲེལ་པ་ལས། ད་ནི་བྱ་བ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད། འཕངས་སུ་ཟིན་ཀྱང་དེ་མེད་ན་ཤི་བ་བཞིན་དུ་དེ་ཡོད་པར་མི་འགྱུར་རོ། །འོ་ན་སེམས་མེད་པའི་སྡོམ་པ་སྐྱེ་བ་ལ་ཇི་ལྟར་ཡོད། འོ་ན་དེ་སེམས་དང་བཅས་པ་ལ་ཆེས་གསལ་བ་ཡིན་པས་ནུས་པ་ནི་དེ་ཡིན་ནོ། །ཞེས་གསུངས་སོ། །འདིའི་དོན་ནི། རིག་བྱེད་མ་ཡིན་པའི་གཟུགས་དགེ་མི་དགེར་འཇོག་པ་ནི་ཀུན་སློང་གི་དབང་གིས་ཡིན་ལ། དེ་ཡང་རྒྱུའི་ཀུན་སློང་གིས་དགེ་མི་དགེར་འཕངས་ཟིན་པའི་གཟུགས་ཅན་རྣམས་ལ་དུས་ཀྱི་ཀུན་སློང་གི་ནུས་པ་ཅི་ཡང་མི་འཇུག་པའི་ཕྱིར། ཞེས་པའི་དོགས་པ་བསུ་བ་ནི། ད་ནི་ཞེས་སོགས་ཡིན་ལ་དེའི་ལན་ནི། དེ་དེས་དེ་ལྟར་འཕངས་ཟིན་པ་ཡིན་མོད། དེ་ལྟ་ནའང་དུས་ཀྱི་ཀུན་སློང་ལ་དགོས་ནུས་མེད་པ་མ་ཡིན་ཏེ། དེ་མེད་ན་ལས་ལམ་དངོས་གཞིའི་འཇུག་ཏུ་གྱུར་པའི་ལུས་ངག་གི་རྣམ་པར་རིག་བྱེད་ཀུན་ནས་སློང་མི་ནུས་ལ། དེ་ལྟར་ན་ཤི་བའི་ལུས་དང་མཚུངས་པའི་ཕྱིར་ཞེས་སྟོན་པ་ནི། འཕངས་སུ་ཟིན་ཀྱང་ཞེས་སོགས་སོ། །འོ་ན་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་རྗེས་སུ་སོ་ཐར་གྱི་སྡོམ་པ་ལེན་པ་དང་ཐོབ་པ་མེད་པར་འགྱུར་ཏེ། དེར་དུས་ཀྱི་ཀུན་སློང་རྣམ་པར་རིག་བྱེད་ཀུན་ནས་སློང་བྱེད་ཀྱི་རྟོག་དཔྱོད་མེད་པའི་ཕྱིར། ཞེས་དོགས་པ་བསུ་བ་ནི། འོ་ན་སེམས་མེད་པའི་ཞེས་སོགས་སོ། །དེའི་ལན་ནི། མཉམ་གཞག་གི་ས་པའི་སྡོམ་པ་གཉིས་དགེ་བར་སྐྱེད་པ་ལ་དུས་ཀྱི་ཀུན་སློང་མི་དགོས་ཀྱང༌། མཉམ་པར་མ་བཞག་པའི་གཟུགས་དགེ་བར་བསྐྱེད་པ་ལ། དུས་ཀྱི་ཀུན་སློང་དགོས་ཏེ། དཔེར་ན་སོ་ཐར་གྱི་སྡོམ་པ་རིག་བྱེད་ལ་ལྟོས་པ་བཞིན། ཞེས་སྟོན་པ་ནི། འོ་ན་ནི་སེམས་དང་བཅས་པ་ཞེས་སོགས་སོ། །ཡང་གལ་ཏེ་རྒྱུའི་ཀུན་སློང་གི་དབང་གིས་རིག་མ་ཡིན་གྱི་གཟུགས་དགེ་མི་དགེར་བྱེད་ནུས་ན་དེའི་རྒྱུ་འབྱུང་བ་ཡང་དགེ་མི་དགེ་གང་རུང་དུ་ཐལ་བར་འགྱུར་ཏེ། དེ་གཉིས་ཀ་ཡང་རྒྱུའི་ཀུན་སློང་གཅིག་ལས་སྐྱེས་པའི་ཕྱིར་སྙམ་ན། དེའི་ལན་ནི། མི་མཚུངས་ཏེ། རྒྱུ་ཀུན་སློང་གིས་ནི་འབྲས་བུ་ལུས་ངག་གི་ལས་འདི་ལྟར་དུ་བྱའོ་སྙམ་དུ་བསམས་པ་ཡིན་གྱི། རྒྱུ་འབྱུང་བ་ལ་དམིགས་པའི་བསམས་པ་སྔོན་དུ་མ་སོང་བའི་ཕྱིར་ཞེས་སྟོན་པ་ནི། ཀུན་སློང་རྣམ་གཉིས། ཞེས་པའི་སྔ་འགྲེལ་དུ། ད་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ་ཀུན་ནས་སློང་བའི་དབང་གིས་ལུས་དང་ངག་གི་ལས་དག་དགེ་བ་དང་མི་དགེ་བ་ཉིད་ཡིན་ན་ཅི་སྟེ་འབྱུང་བ་ཆེན་པོ་རྣམས་མ་ཡིན་ཞེ་ན། བྱེད་པ་པོ་ནི་ལས་ལ་སེམས་པ་ཡིན་གྱི་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་སློབ་དཔོན་གྱི་རྒོལ་བ་ནི། ཇི་སྐད་དུ། མཉམ་པར་བཞག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ནི་བསམ་པ་མེད་དོ། །ཞེས་དང༌། མཉམ་པར་མ་བཞག་པའི་སེམས་ནི་སྐལ་བ་མི་མཉམ་པའི་ཕྱིར་ཀུན་ནས་སློང་བར་བྱེད་པ་མ་ཡིན་ན་ཇི་ལྟར་དགེ་བ་ཉིད་ཡིན། ཞེས་དང༌། ཡང་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་བས་འདི་ལ་འབད་པར་བྱ་དགོས་སོ། །ཞེས་གསུངས་པ་ལས་རྐང་པ་དང་པོའི་དོན་ནི། བསམ་གཏན་དང་ཟག་མེད་གཉིས་ཀྱི་སྡོམ་པ་གཉིས་ཀུན་སློང་གི་དགེ་བ་མ་ཡིན་པར་འགྱུར་ཏེ། དེ་ཀུན་ནས་སློང་བྱེད་ཀྱི་སེམས་པ་དེ་ལ་དམིགས་པ་དེ་འདྲ་མི་སྲིད་པའི་ཕྱིར། ཞེས་པའོ། །རྐང་པ་གཉིས་པའི་དོན་ནི། མཉམ་པར་མ་བཞག་པའི་སེམས་ཀྱི་ཀུན་ནས་སློང་ངོ་ཞེ་ན། མ་ཡིན་ཏེ། སྐལ་བ་མི་མཉམ་པའི་ཕྱིར་ཞེས་པའོ། །རྐང་པ་གསུམ་པའི་དོན་ནི། མཉམ་པར་མ་བཞག་པའི་སེམས་དགེ་བས་ཀུན་སློང་བྱས་པའི་སྟོབས་ཀྱིས་མཉམ་པར་བཞག་པའི་དགེ་བ་སློང་ནུས་ན་ལྷའི་མིག་དང་རྣ་བ་དག་ཀྱང་དགེ་བ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལ་དམིགས་ནས་དེ་དག་བསྒྲུབ་པར་བྱའོ་སྙམ་པའི་སེམས་པ་མཉམ་པར་མ་བཞག་པ་ཞིག་སྔོན་དུ་སོང་བས་བསྒྲུབ་པའི་ཕྱིར་ཞེས་པའོ། །མདོར་ན་ཀུན་སློང་གི་དགེ་བ་མཚུངས་ལྡན་མ་ཡིན་པ་རྣམས་ལ་ནི་རྒྱུའི་ཀུན་སློང་དབང་བཙན་པ་ཡིན་ལ། མཚུངས་ལྡན་ཡིན་པ་རྣམས་ལའང་རྒྱུ་དུས་ཀྱི་ཀུན་སློང་གཉིས་སྤང་བྱ་རིགས་ཐ་དད་ཀྱིས་བར་དུ་མ་ཆོད་ན་རྒྱུ་དུས་དབང་བཙན་ལ། ཆོད་ན་དུས་ཀྱི་ཀུན་སློང་དབང་བཙན་པ་ཡིན་ནོ། །གཉིས་པ་མཚན་གཞིའི་དབྱེ་བ་བསྟན་པ་ནི། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཅེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཞེས་དང༌། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཟག་མེད་འཕགས་པའི་སེམས་ཅན་དང༌། །ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཞེས་གསུངས་སོ། །དེ་དག་གི་དོན་ལ་བོད་སྔ་རབས་པ་རྣམས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་དང༌། སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཡོད་པར་འཆད་དོ། །འདི་མི་འཐད་པར་བརྟགས་པ་ལ་གཉིས་ཏེ། སྡོམ་པ་ཕྱི་མ་གཉིས་ལ་དེས་ཁྱབ་པ་ལ་བརྟག དང་པོ་ལ་དེས་མ་ཁྱབ་པ་མི་འཐད་པའོ། །དང་པོ་ནི། དེ་གཉིས་ཀྱི་ངོ་བོར་གྱུར་པའི་ལུས་ངག་གི་སྤོང་བ་བདུན་གྱི་ངོ་བོར་གྱུར་པའི་སྡོམ་པ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་ཀྱང་སྤྱིར་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གང་རུང་ལ་དེས་མ་ཁྱབ་སྟེ། ཡིད་ཀྱི་མི་དགེ་བ་གསུམ་པོ་སྤོང་བའི་སེམས་པ་སྡོམ་པ་གཉིས་པོ་གང་རུང་གི་ངོ་བོར་གྱུར་པ་ཞིག་ཀྱང་ཁས་ལེན་དགོས་པའི་ཕྱིར་ཏེ། སོ་སོར་ཐར་པའི་མདོ་ལས། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་པའི་དོན་འཆད་པ་ན། གཞུང་འདིར། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་གསུངས་པས་སོ། །དེ་སྐབས་ཀྱི་ཡིད་ཀྱི་སྡོམ་པ་དང་སོ་ཐར་གྱི་གཞི་མཐུན་མེད་དེ། སོ་ཐར་ལ་ཡིད་ཀྱི་སྡོམ་པ་འདིར་ཁས་མི་ལེན་པའི་ཕྱིར། དེར་མ་ཟད་སྡོམ་པ་དེ་གཉིས་དང༌། སྤོང་བའི་སྡོམ་པའི་གཞི་མཐུན་བཤད་ལ། དེའི་ངོ་བོ་ནི་འབྲས་བུ་འཆད་ཚུལ་དང༌། རྒྱུ་ཀུན་སློང་ཉོན་མོངས་པ་སྤོང་བྱེད་ལ་འཆད་པའི་ཕྱིར། དེ་ཡང་དང་པོ་ནི་ལུས་ངག་གི་ཚུལ་ཁྲིམས་དང༌། གཉིས་པ་ནི་ཡིད་ཀྱི་ཚུལ་ཁྲིམས་སོ། །གཉིས་པ་ནི། སོ་ཐར་གྱི་སྡོམ་པའི་ངོ་བོར་གྱུར་པའི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་བྱེ་བྲག་ཏུ་སྨྲ་བས་ཁས་ལེན་པ་མ་ཡིན་ཏེ། འདོད་པ་ན་སྤྱོད་པའི་སྡོམ་པའི་ངོ་བོར་གྱུར་པའི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཁས་མི་ལེན་པའི་ཕྱིར། དེ་ཡང་ལུས་ཀྱི་རྣམ་པར་རིག་བྱེད་ནི་ལུས་ཀྱི་དབྱིབས་ལ་བཤད་ཅིང༌། དེ་ནི་རྣམ་སྨིན་དངོས་ཡིན་པས་དགེ་བར་མི་རུང་བའི་ཕྱིར། སོ་སོར་ཐར་པའི་སྡོམ་པར་མི་རིགས་པ་དང༌། ངག་གི་རྣམ་པར་རིག་བྱེད་ནི་སྡོམ་པ་ལེན་པ་པོའི་ངག་གི་སྒྲ་ཉིད་ལས་གཞན་དུ་མེད་ལ། དེ་ནི་སྡོམ་པ་ཐོབ་བྱེད་ཀྱི་རྐྱེན་ཆོ་ག་ཡིན་གྱི་སྡོམ་པ་དངོས་སུ་མི་རུང་བ་དང༌། སོ་ཐར་སྡོམ་པའི་ལས་ལམ་དངོས་གཞི་དང་དུས་མཉམ་པའི་ངག་གི་རིག་བྱེད་ནི་ལས་ལམ་གྱི་མཇུག་ཡིན་གྱི་དངོས་གཞི་མ་ཡིན་པའི་ཕྱིར། གལ་ཏེ་རྣམ་པར་རིག་བྱེད་ཀྱི་གཟུགས་ཞེས་བྱ་བ་རྣམ་སྨིན་གྱི་ལུས་དངོས་དེའི་གསེབ་ན་ནགས་ལ་མེ་ཞུགས་པ་ལྟ་བུའི་ཚུལ་གྱིས་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་ཉིད་ཀྱིས་སྡོམ་པ་མ་ཡིན་པར་གྲུབ་སྟེ། རྣམ་སྨིན་གྱི་ལུས་ལས་རྫས་གཞན་དུ་མེད་པའི་ཕྱིར། གལ་ཏེ་ནགས་དང་དེ་ལ་མེ་ཞུགས་པའི་དཔེས་རྣམ་སྨིན་གྱི་ལུས་དང་རིག་བྱེད་ཀྱི་ལུས་རྫས་གཞན་དུ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞན་དུ་ན་སོ་ཐར་གྱི་སྡོམ་པ་ཐོབ་པའི་ཚེ་རྟེན་དེ་ལ་ལུས་རྫས་གཞན་གཉིས་གྲུབ་པར་ཐལ་བས་སོ། །འོ་ན་ཇི་སྐད་དུ། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་སོ་ཐར་སྡོམ་པ་སྐད་ཅིག་མ་དང་པོའི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་སོ་ཐར་དང་སྡོམ་པའི་གཞི་མཐུན་པ་ཉིད་དུ་བཤད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟར་མ་བཤད་པའི་ཕྱིར་དང༌། འཆད་མི་ནུས་པའི་ཕྱིར། དང་པོ་ནི། རང་འགྲེལ་ལས། སྡོམ་པ་ཡང་དག་པར་བླངས་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། ཞེས་གསུངས་ཀྱི་སྡོམ་པ་ཞེས་མ་གསུངས་པའི་ཕྱིར། གཉིས་པ་ནི། སོར་སྡོམ་ཡང་དག་པར་བླངས་པའི་སྐད་ཅིག་མ་དང་པོའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་པོ་ནི་དེའི་སྡོམ་པར་མི་རུང་བའི་ཕྱིར་ཏེ། དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས་པའི་དུས་ཀྱི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང་པོ་ནི་དེ་ལེན་པའི་སྦྱོར་བའི་དུས་ནས་ཀྱང་སྐྱེ་བ་ཡིན་ལ། སྡོམ་པ་ནི་བརྗོད་པ་གསུམ་པའི་དུས་སུ་སྐྱེ་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་དཔེར་ན་སྲོག་གཅོད་སྤངས་པའི་སོ་ཐར་གྱི་སྡོམ་པ་ནི་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་སྤངས་པ་ལས་ཐོབ་པ་ཡིན་ལ། སྡོམ་པ་དེ་ལེན་པའི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་ནི་སྲོག་གཅོད་ཀྱི་སྦྱོར་བ་སྤོང་བའི་ལས་ལམ་གྱི་སྦྱོར་བའི་དུས་ནས་ཐོབ་པའི་ཕྱིར། དེ་སྐད་དུ་ཡང༌། འདོད་གཏོགས་ཐམས་ཅད་གཉིས་ཀ་དང༌། །ད་ལྟར་དག་ལས་འཐོབ་པར་འགྱུར། །བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང༌། ཞེས་གསུངས་སོ། །དེའི་ཚེ་སྲོག་གཅོད་ལྟ་བུའི་སྦྱོར་འཇུག་ལ་ནི་རིག་བྱེད་ཀྱང་ཡོད་ལ། དངོས་གཞི་ནི་རིག་བྱེད་མ་ཡིན་པའི་ངོ་བོར་སྐྱེ་བས་ཁྱབ་པ་ཡིན་ཏེ། དེའི་དངོས་གཞི་ནི་སྲོག་བཅད་ཅིང་ཤི་ཟིན་པའི་དུས་དེ་ཉིད་དུ་འབྱུང་ལ། དེ་དང་དུས་མཉམ་པའི་རིག་བྱེད་ནི་སྲོག་གཅོད་པར་བྱེད་པའི་རིག་བྱེད་དུ་མི་རུང་བའི་ཕྱིར། དེ་སྐད་དུ་ཡང༌། རང་འགྲེལ་དུ། འདིར་ཇེ་རེ་ཞིག་སྲོག་ཆགས་དེ་འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པ་དེ་དག་ལས་ཀྱི་ལམ་ཡིན་ནམ་འོན་ཏེ་ཤི་བའི་སྲིད་པ་ལ་གནས་པ་དེའི་ཚེའི་ཡིན་པ་ཞེས་བྱ་བ་འདི་བརྗོད་པར་བྱའོ། །དེ་ལས་ཅིར་འགྱུར། རེ་ཞིག་གལ་ཏེ་འཆི་བའི་སྲིད་པ་ལ་གནས་པ་ཡིན་ན་ནི་གསོད་པའམ་གསོད་དུ་འཇུག་པ་ལྷན་ཅིག་ཤི་བ་ཡང་སྲོག་གཅོད་པའི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་ཏེ། གྲུབ་པའི་མཐའ་ལས་ནི་དེ་སྐད་མི་འབྱུང་ངོ༌། །འོན་ཏེ་ཤི་བ་ཡིན་ན་ནི་བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེ་རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གང་སྨྲ་བ་དེ་བརྗོད་པར་མི་བྱའོ། །ཞེས་དང༌། འོ་ན་དེའི་ཚེ་རྣམ་པ་རིག་བྱེད་ཇི་ལྟར་ལས་ཀྱི་ལམ་དངོས་སུ་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། མི་ནུས་པའི་ཕྱིར་རོ། །ཞེས་གསུངས། དེ་དག་གི་དོན་ནི། གསད་བྱ་དེ་འཆི་བའི་སྲིད་པ་ལ་གནས་པའི་དུས་ཀྱི་རྣམ་པར་རིག་བྱེད་དེ་ལས་ལམ་གྱི་དངོས་གཞི་ཡིན་ན། ཡུལ་རྟེན་གཉིས་མཉམ་དུ་ཤི་བའི་ཚེ་ཡང་ལས་ལམ་གྱི་དངོས་གཞི་དང་ལྡན་པར་ཧ་ཅང་ཐལ་ལ། ཤི་ཟིན་པའི་དུས་ཀྱི་དེ་དེར་འདོད་ན་ཡང་མི་རིགས་ཏེ། ཤི་ཟིན་པ་ལ་སྲོག་གཅོད་པར་བྱེད་པའི་རིག་བྱེད་ཀྱི་ནུས་པ་མི་འཇུག་པའི་ཕྱིར་རོ། །ཞེས་པའོ། །དེ་ལ་གལ་ཏེ་དེ་ལྟར་བཤད་པ་དེ་སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བ་འགོག་པའི་གཞུང་ངོ་སྙམ་ན། མ་ཡིན་ཏེ་སློབ་དཔོན་གྱི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་ངོ་ཤེས་པ་དེ་འཇོག་པའི་དབང་དུ་བྱས་ནས་དེ་ལྟར་གསུངས་པས་སོ། །དེ་ལས་གཞན་དུ་ན་འདི་མདོ་སྡེ་པའི་ལུགས་སུ་འགྱུར་ལ། དེ་ཡང་མ་ཡིན་ཏེ། འདིར་ལས་ལམ་དངོས་གཞིའི་ངོ་བོའི་རིག་བྱེད་དུ་འདོད་པ་བཀག་ནས། ལུས་ངག་ལས་ལམ་དངོས་གཞིའི་ངོ་བོར་རིག་བྱེད་མ་ཡིན་པའི་གཟུགས་སུ་བཤད་ལ། དེ་འདྲ་དེ་མདོ་སྡེ་པའི་ལུགས་སུ་མི་རུང་བའི་ཕྱིར་རོ། །དེས་ན་རང་འགྲེལ་དུ་བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པ་གཉིས་བཤད་པ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་ལུགས་དང༌། སློབ་དཔོན་གྱིས་དེའི་ལུགས་མ་ནོར་བར་བཤད་པའོ། །དང་པོ་ནི། ཇི་སྐད་དུ། རང་འགྲེལ་ལས། བསྣུན་པ་གང་གིས་སྲོག་གཅོད་པར་བྱེད་པ་དེའི་ཚེ་རྣམ་པར་རིག་བྱེད་དང༌། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །ཞེས་གསུངས་སོ། །ལུགས་གཉིས་པའི་དབང་དུ་བྱས་པ་ནི། དེའི་ཚེ་རྣམ་པར་རིག་བྱེད་དང༌། རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ་ཞེས་གང་སྨྲ་བ་དེ་བརྗོད་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་མི་དགེ་བ་བདུན་པོའི་ལས་ལམ་དངོས་གཞི་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་མ་ནོར་བར་གྲུབ་པ་ན་སོ་ཐར་སྡོམ་པའི་དངོས་གཞི་ལ་ཡང་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པར་གྲུབ་པ་ཡིན་ཏེ། མི་དགེ་བ་བདུན་གྱི་སྦྱོར་བ་སྤོང་བ་ལས་སོ་ཐར་སྡོམ་པའི་སྦྱོར་བ་དང༌། དེའི་དངོས་གཞི་སྤོང་བ་ལས་སྡོམ་པའི་ཡང་དངོས་གཞིར་འཇོག་པ་ཉིད་དུ་བཤད་པའི་ཕྱིར། འོ་ན་སོར་སྡོམ་ལེན་པའི་དུས་ཀྱི་རྣམ་པར་རིག་བྱེད་སྡོམ་པ་མ་ཡིན་དུ་ཆུག བླང་ཟིན་ནམ་མ་བཏང་བའི་བར་གྱི་མི་དགེ་བ་བདུན་སྤོང་བའི་ལུས་ངག་གི་རིག་བྱེད་རྣམས་ཇི་ལྟར་སྡོམ་པ་མ་ཡིན་ཞེ་ན། མ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་ལེན་པར་བྱེད་པའི་རྒྱུའི་དུས་ཀྱི་ཀུན་སློང་གིས་ཀུན་ནས་མ་བསླངས་པའི་ཕྱིར་དང༌། ལུས་ཀྱི་རིག་བྱེད་ལ་ནི་ལུང་མ་བསྟན་གྱིས་ཁྱབ་པའི་ཕྱིར་དང༌། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་སྐྱེས་ཕྱིན་ཆད་ཀྱི་ལུས་ངག་གི་རིག་བྱེད་ཀྱང་སྡོམ་པ་དེ་དང་དེར་ཐལ་བ་མཚུངས་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། སོ་ཐར་གྱི་སྡོམ་པ་ནི་ལུས་ངག་གི་རིག་བྱེད་ལ་ངེས་པར་རག་ལས་པས་སྦྱོར་དངོས་གཉིས་ཀའི་གནས་སྐབས་ན་རིག་བྱེད་ཡོད་ལ། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ནི་སེམས་ཙམ་ཁོ་ན་ལ་སྐྱེ་བའི་ཕྱིར་སྦྱོར་དངོས་ཀྱི་གནས་སྐབས་ན་རིག་བྱེད་ཡོད་པ་མ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། དགེ་བ་བདུན་རྣམས་གཉིས། །ཞེས་དང༌། ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །མ་ཡིན་བཟློག་པ་གཞན་ཡིན་ནོ། །ཞེས་གསུངས་སོ། །སྡོམ་པའི་ངོ་བོ་མི་དགེ་བའི་ལས་ལམ་དངོས་གཞི་སྤོང་བའི་ཆ་ནས་འཆད་པ་དེ་ལྟར་ན། བཅས་རྐྱང་གི་འགལ་ཟླ་སྤོང་བའི་སྡོམ་པ་ཁས་མི་ལེན་པའམ་ཞེ་ན། དེ་ནི་དེ་ལྟར་ཡིན་ཏེ། འཆལ་ཚུལ་གྱི་ངོ་བོ་མི་དགེ་བའི་ལས་ལམ་ལ་འཇོག་པའི་ཕྱིར་དང༌། བཅས་རྐྱང་གི་འགལ་ཟླ་ནི་འཆལ་བའི་ཚུལ་ཁྲིམས་སུ་མི་འཇོག་པའི་ཕྱིར། དེ་སྐད་དུ་ཡང༌། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་སོ། །འོ་ན་སྐབས་དེར་ཚུལ་ཁྲིམས་ལ་ལུས་ངག་གི་རིག་བྱེད་ཀྱང་བཤད་པས་ན་ཚུལ་ཁྲིམས་ལ་སྡོམ་པ་དང་དགེ་བས་མ་ཁྱབ་པར་ཁས་ལེན་ནམ་ཞེ་ན། ཚུལ་ཁྲིམས་ལ་སྡོམ་པས་མ་ཁྱབ་པ་ནི་མི་དགེ་བ་སྤོང་བའི་སྦྱོར་བའི་ཚུལ་ཁྲིམས་བཤད་པ་ལས་ངེས་པར་གྲུབ་པ་དང༌། སོ་སོར་ཐར་པའི་ཚུལ་ཁྲིམས་ཡིན་ལ་སྡོམ་པ་མ་ཡིན་པ་ནི་ལུས་ངག་གི་སྤོང་བའི་ངོ་བོ་གྱུར་པའི་སེམས་པའི་ལས་བཤད་པ་ལས་རྟོགས་པ་དང༌། བར་མ་ཡང་དག་པ་བླངས་པའི་ཚུལ་ཁྲིམས་ཀྱང་ངེས་པར་འཆད་རིགས་པ་དང༌། འཆལ་ཚུལ་ལ་སྡོམ་མིན་གྱིས་མ་ཁྱབ་པའི་རིགས་པ་མཚུངས་པ་དང༌། རབ་ཏུ་འཇུག་བྱེད་དང་རྗེས་སུ་འཇུག་བྱེད་ལུང་མ་བསྟན་གྱིས་ཀུན་ནས་བསླངས་སྟེ་མི་དགེ་བ་ལ་མི་འཇུག་པའི་ཚུལ་ཁྲིམས་དག་ཀྱང་སྲིད་པའི་ཕྱིར་ན་ཚུལ་ཁྲིམས་ལ་དགེ་བས་མ་ཁྱབ་པའོ། །དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་དབྱེ་བ་དེ་གསུམ་ལས་རིག་བྱེད་ལ་ངེས་པར་ལྟོས་པ་ནི་གང་ཞེ་ན། སློབ་དཔོན་གཞན་དག་ནི། སྡོམ་པ་ཕྱི་མ་གཉིས་ནི་རྒྱུ་རིག་བྱེད་ལ་ལྟོས་པ་མ་ཡིན་པས་ཁྱབ་ཀྱང༌། སོ་སོར་ཐར་པ་ལ་ནི་རིག་བྱེད་ལ་ལྟོས་པ་དང་མི་ལྟོས་པ་གཉིས་བཤད་པ་ཡིན་ཏེ། ཇི་སྐད་དུ། གཞན་གྱི་རྣམ་རིག་བྱེད་སོགས་ཀྱི་ཞེས་པར་སོགས་པའི་སྒྲས་རིག་བྱེད་ལ་མི་ལྟོས་པའི་ཐོབ་རྒྱུ་བཅུ་བཤད་པའི་ཕྱིར། ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་དེ་ཉིད་ཀྱི་དོན་མ་ཡིན་པ་དང༌། ལུང་གཞན་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ལུང་དེས་ནི་གཞན་མཁན་སློབ་སོགས་ཀྱི་རིག་བྱེད་ལ་ལྟོས་པ་དང་མི་ལྟོས་པའི་དབྱེ་བ་བཤད་པ་ཡིན་གྱི། སྤྱིར་རིག་བྱེད་ལ་མི་ལྟོས་པའི་དབྱེ་བ་འཆད་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། གཞན་གྱི་རྣམ་རིག་བྱེད་སོགས་ཀྱིས། །ཞེས་གཞན་ཞེས་བྱ་བའི་ཁྱད་པར་སྨོས་པའི་ཕྱིར་དང༌། དེའི་འགྲེལ་པར་གཞན་གྱི་རྣམ་པར་རིག་བྱེད་ལས། གཞན་ལ་རྣམ་པར་རིག་པར་བྱེད་ན། །གཞན་གྱི་རྣམ་པར་རིག་བྱེད་ལས་འཐོབ་བོ། །དེ་ཡང་དགེ་འདུན་ནམ། གང་ཟག་ལས་ཏེ། འཆད་པ་མ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་དགེ་སློང་དང༌། དགེ་སློང་མ་དང༌། དགེ་སློང་མའི་སྡོམ་པ་རྣམས་ནི་དགེ་འདུན་ལས་སོ། །གཞན་དག་གི་ནི་གང་ཟག་ལས་སོ། །ཞེས་གསུངས་པའི་ཕྱིར། གལ་ཏེ་འོ་ན་འགྲེལ་པ་དེའི་འཕྲོ་ཉིད་ནས་དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ནོ། །ཞེས་བཤད་པ་ཇི་ལྟར་དྲང་ཞེ་ན། དེ་ཡང་གཞན་གྱི་ཞེས་པའི་ཚིག་རྣམ་པར་སྦྱར་དགོས་པ་ཡིན་ཏེ། གོང་དུ་དྲངས་མ་ཐག་པའི་རྩ་འགྲེལ་གྱི་འཕྲོས་ལས་གསལ་བས་སོ། །དེ་ལས་གཞན་དུ་སྟོན་པ་སངས་རྒྱས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་དང་འོད་སྲུང་ཆེན་པོས་སྟོན་པར་ཁས་བླངས་པ་དང་དྲི་བས་མཉེས་པ་དང་ལྕི་བའི་ཆོས་སྤོང་བར་ཁས་བླངས་པ་སོགས་རང་རང་གི་རིག་བྱེད་ལ་མི་ལྟོས་པར་ཐལ་བ་ཉིད་དུ་འགྱུར་ལ། འདོད་ན་རང་བྱུང་གཉིས་ནི་མཉམ་པར་འཇོག་པ་ལ་སོགས་པ་ལུས་ཀྱི་རིག་བྱེད་ལ་ངེས་པར་ལྟོས་ལ། གཞན་དེ་དག་ནི་ངག་གི་རིག་བྱེད་ལ་ལྟོས་པར་རང་རང་གི་མིང་དེ་ཉིད་ལས་གསལ་བའི་ཕྱིར། གཉིས་པ་ནི། རིག་བྱེད་ལ་མི་ལྟོས་པའི་རིག་བྱེད་མ་ཡིན་པ་འདོད་པའི་སས་བསྡུས་ཡོད་པར་ཁས་ལེན་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པར་དག་ཤོས་དེ་ནི་མ་ཡིན་ཏེ། འགྲེལ་པ་ལས། ཇི་སྐད་དུ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ཡང་མེད་པས་ཇི་ལྟར་ན་དེ་གཉིས་ཀྱིས་ལས་ཀྱི་ལམ་དུ་འགྲུབ་སྟེ། འདི་ལ་འབད་པར་བྱའོ། །ཞེས་གསུངས་པས་སོ། །གལ་ཏེ་འདི་སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བ་བཀག་པའི་གཞུང་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པར་དག་པ་མི་ཤེས་པའི་སྔ་རབས་པ་དག་གི་ལུགས་བཀག་ནས། སློབ་དཔོན་རང་གིས་བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པར་དག་པ་ཞིག་འཇོག་པའི་དབང་དུ་མཛད་པའི་ཕྱིར། དེ་ལས་གཞན་དུ་ན་ལུགས་དེ་མདོ་སྡེ་པའི་ལུགས་སུ་ཁས་ལེན་དགོས་པ་ལས། དེ་ཡང་མ་ཡིན་ཏེ། ལས་ལམ་གྱི་དངོས་གཞི་གཟུགས་ཅན་དུ་ཁས་ལེན་པ་ནི་ལུགས་དེ་ལ་མི་སྲིད་པའི་ཕྱིར་རོ། །འོ་ན་གོང་གི་ལུང་དྲངས་མ་ཐག་པ་དེའི་དོན་ཅི་ཞེ་ན། བྱེ་བྲག་ཏུ་སྨྲ་བའི་གཞུང་འཛིན་སྔ་རབས་པ་དག་གིས་ལུས་ངག་གང་རུང་གི་རིག་བྱེད་ལ་མ་ལྟོས་པའི་ལུས་ངག་གི་ལས་ལམ་དངོས་གཞི་ཡོད་པའི་ཤེས་བྱེད་ཀྱི་དཔེར་དྲང་སྲོང་རྣམས་ཡིད་རབ་ཏུ་ཁྲོས་པས་ལུས་ཀྱི་ལས་ལམ་དངོས་གཞི་འབྱུང་བ་ཡོད་པའི་དཔེ་དང༌། གསོ་སྦྱོང་གི་ཚེ་ཁ་ན་མ་ཐོ་བའི་ལྟུང་བ་དང་ལྡན་བཞིན་དུ་གནས་བརྟན་གྱིས་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན། མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་པ་དཔེར་བྱས་པ་ལ། སློབ་དཔོན་གྱིས་དེ་སུན་འབྱིན་པའི་ཚུལ། ཐོག་མར་གཏན་ཚིགས་སྒྲུབ་པ་ནི། ཇི་སྐད་དུ། འདོད་པ་ན་སྤྱོད་པའི། ཞེས་སོགས། དམ་བཅའ་མི་འཐད་པ་ནི། དེ་གཉིས་ཀྱིས་ཞེས་སོགས་ཏེ། དོན་ནི་དཔེ་དེ་གཉིས་ཀྱིས་བསྒྲུབ་བྱ་དེ་མི་འགྲུབ་ཅེས་པའོ། །དེས་ན་བྱེ་སྨྲའི་རང་ལུགས་འཇོག་ལུགས་རྣམ་པར་དག་པ་ཞིག་འཆད་ལུགས་ལ་འབད་དགོས་ཞེས་སྟོན་པ་ནི། འདི་ལ་འབད་པར་བྱའོ། །ཞེས་པའོ། །དེའི་གོ་དོན་ཀྱང་དྲང་སྲོང་ཡིད་རབ་ཏུ་ཁྲོས་ནས་དམོད་པ་འདོར་བ་དེའི་ཚེ་ལུས་ངག་གི་རྣམ་པར་རིག་བྱེད་ཡོད་པར་གདོན་མི་ཟ་བ་དང༌། གསོ་སྦྱོང་གི་ཚེ་ན་ཡང་ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་ལ་ངེས་པར་ལྟོས་པའི་ཕྱིར། ཞེས་པའོ། །དེ་ལྟར་ན་ཡང་ལུགས་འདི་ལ་ལུས་ངག་གི་ལས་ལམ་གཞིའི་དུས་སུ་རྣམ་པར་རིག་བྱེད་ངེས་པར་ཡོད་པ་ཉིད་དུ་ཁས་ལེན་པའི་ལུགས་དང༌། དེའི་ངེས་པ་མེད་པར་འདོད་པའི་ལུགས་གཉིས་ལས། ལུགས་དང་པོ་ནི། དཔེར་ན་རྫུན་སྨྲ་བའི་ངག་རྫོགས་པ་དང་ལྷན་ཅིག་ཏུ་ལས་ལམ་དངོས་གཞི་གྲུབ་པར་འདོད་པ་ཡིན་ལ། ལུགས་གཉིས་པ་ནི། ངག་དེ་རྫོགས་པའི་འོག་ཏུ་ཕ་རོལ་པོས་དོན་གོ་བའི་ཚེ་ལས་ལམ་དངོས་གཞི་གྲུབ་པ་ཡིན་ལ། དེའི་ཚེ་ནི་ངག་གི་རིག་བྱེད་འགགས་ནས་མེད་པར་འདོད་པའོ། །གཞུང་རྩ་བ་དང་ནི་ལུགས་ཕྱི་མ་འདི་མཐུན་པ་ཡིན་ཏེ། ཇི་སྐད་དུ། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཞེས་འབྱུང་བས་སོ། །དེ་བཞིན་དུ་ཕྲ་མ་ཚིག་རྩུབ་ངག་འཁྱལ་གསུམ་ལའང་དོན་གོ་བ་ཞེས་ངེས་པར་སྦྱོར་དགོས་པ་ཡིན་ཏེ། འགྲེལ་བ་ཉིད་ན་དོན་མངོན་པར་གོ་བ་དང་མ་ནོར་བ་ཞེས་བྱ་བ་ལྷག་མ་གསུམ་ལ་ཡང་སྦྱོར་དགོས་པ་ཉིད་དུ་བཤད་པའི་ཕྱིར་རོ། །དོན་དེ་ཉིད་དེའི་ལོག་ཕྱོགས་ཀྱི་དགེ་བ་བཞི་པོ་དག་ལའང་སྦྱར་དགོས་ཏེ། མི་དགེ་བའི་ལས་ལམ་གྱི་དངོས་གཞི་སྤོང་བ་དེ་ཉིད་དགེ་བའི་ལས་ལམ་གྱི་དངོས་གཞིར་འདོད་དགོས་པའི་ཕྱིར། འོ་ན་དགེ་མི་དགེའི་སྦྱོར་བ་དང་འཇུག་དག་ལས་ལམ་དངོས་སུ་འདོད་དམ་མི་འདོད། འདོད་ན་ནི། ཇི་སྐད་དུ། སྲོག་གཅོད་པ་ནི་བསམ་བཞིན་དུ། །ཞེས་སོགས་མི་དགེ་བ་བཅུའི་ལས་ལམ་ངོས་འཛིན་པ་ན། ལས་ལམ་དངོས་གཞི་ཁོ་ནའི་ངོས་འཛིན་བཤད་པ་དང་འགལ། མི་འདོད་ན་དེའི་ཤེས་བྱེད་ཅི་ཞེ་ན། དགེ་མི་དགེའི་སྦྱོར་འཇུག་གཉིས་ནི་ལས་ལམ་དངོས་མ་ཡིན་པ་ཉིད་རྩ་འགྲེལ་གྱི་དགོངས་པ་ཡིན་ལ། དེའི་ཕྱིར་སྡོམ་པའི་སྦྱོར་འཇུག་གཉིས་ཀྱང་དེ་དངོས་མ་ཡིན་པར་གྲུབ་བོ། །དེའི་ཤེས་བྱེད་ཀྱང་གཞུང་རྩ་བར་མི་དགེ་བཅུ་ངོས་འཛིན་པའི་ལུང་རྣམས་བཀླགས་པ་ཙམ་གྱིས་གོ་བ་དང༌། དེ་ཁོ་ནར་མ་ཟད་ཇི་སྐད་དུ། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་པའི་རང་འགྲེལ་དུ། འདིར་ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་ཅི་ཞིག་མ་བསྡུས་ཤེ་ན། རེ་ཤིག་མི་དགེ་བའི་ལས་ཀྱི་ལམ་རྣམས་སུ་ནི་ལུས་ཀྱི་ཉེས་པར་སྤྱོད་པའི་ཕྱོགས་སྦྱོར་བ་དང་འཇུག་དང་ཉོན་མོངས་པ་ཅན་ཡང་མ་བསྡུས་ཏེ། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཉེས་པར་སྤྱོད་པ་གཞན་དག་འཚོ་བ་དང་ལོངས་སྤྱོད་དང་ཆུང་མ་རྣམས་དང༌། བྲལ་བར་བྱེད་པ་གང་ཡིན་པ་དེ་ནི་དེ་དང་བྲལ་བར་བྱ་བའི་ཕྱིར་ལས་ཀྱི་ལམ་དུ་བཤད་དོ། །ངག་གི་ཉེས་པར་སྤྱད་པ་ཚབས་པོ་ཆེ་གང་ཡིན་པ་དེ་ཁོ་ན་ཉིད་ཀྱི་ཕྱིར་ལས་ཀྱི་ལམ་དུ་བཤད་དོ། །ཡིད་ཀྱི་ཉེས་པར་སྤྱད་པ་སེམས་པ་ཡང་མ་བསྡུས་སོ། །དགེ་བ་ལ་ཡང་ལུས་ཀྱི་ལེགས་པར་སྤྱད་པའི་ཕྱོགས་སྦྱོར་བ་དང་འཇུག་དང་མྱོས་པར་འགྱུར་བ་སྤོང་བ་ལ་སོགས་པ་དང༌། སྦྱིན་པ་དང་མཆོག་སྦྱིན་པ་ལ་སོགས་པ་མ་བསྡུས་སོ། །ངག་གི་ལེགས་པར་སྤྱད་པའི་ཡང་སྙན་པར་སྨྲ་བ་ལ་སོགས་པ་མ་བསྡུས་སོ། །ཡིད་ཀྱི་ལེགས་པར་སྤྱད་པའི་ཡང་སེམས་པ་མ་བསྡུས་སོ། །ཞེས་གསུངས་སོ། །དེ་ལྟར་བཤད་པ་དེ་བས་ན་དགེ་བ་དང་མི་དགེ་བའི་སྦྱོར་འཇུག་གཉིས་དེའི་ལས་ལམ་དུ་མི་འཆད་པར་གྲུབ་པ་དེས་ན་དེ་དང་དེའི་ལས་ལམ་ཡིན་པ་ལ་ལས་ལམ་དངོས་གཞིས་ཁྱབ་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་ལུས་ངག་གི་དགེ་བ་དང་མི་དགེ་བའི་ལས་ལམ་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་དང༌། ཡིད་ཀྱི་མི་དགེ་བའི་ལས་ལམ་དངོས་ལ་ཉོན་མོངས་པས་ཁྱབ་པ་ཡིན་ཏེ། དེ་ལ་ཉོན་མོངས་པ་གསུམ་པོ་གང་རུང་གིས་ཁྱབ་པའི་ཕྱིར། དེའི་རིགས་པས་ལུས་ངག་སྡོམ་པའི་སྦྱོར་འཇུག་གིས་བསྡུས་པའི་རིག་བྱེད་རྣམས་ནི་སྡོམ་པར་མི་རུང་ཞིང༌། དེས་མ་བསྡུས་པའི་དེ་སྐབས་ཀྱི་རིག་བྱེད་ནི་མི་སྲིད་དེ། སྡོམ་པ་སྐྱེས་མ་ཟིན་གོང་གི་རིག་བྱེད་ནི་སྦྱོར་བས་བསྡུས་ལ། དེ་སྐྱེས་ཟིན་པ་དང༌། དུས་མཉམ་པའི་རིག་བྱེད་ནི་འཇུག་གིས་བསྡུས་པའི་ཕྱིར། དཔེར་ན་ཤི་ཟིན་པའི་རོ་ལ་བསྣུན་པ་བཞིན་ནོ། །དེ་ལྟར་བཤད་པ་ན་སོ་ཐར་གྱི་སྡོམ་པ་ཡང་དག་པར་ལེན་པ་ན་བརྗོད་པ་གསུམ་དགོས་པའི་དུས་ཀྱི་སྡོམ་པ་སྐྱེ་བའི་མཚམས་དེར་མ་སླེབ་ཀྱི་བར་དུ་ནི་སྦྱོར་བ་ཡིན་ལ། སྐྱེས་ཟིན་པའི་དུས་དེར་ལས་ལམ་དངོས་གཞིར་འཇོག་པ་དང༌། སྤོང་བ་དེ་དང༌། དེའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་སྐྱེས་པ་ལ་རག་ལས་པ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་བོ། །འོ་ན་སྦྱོར་བའི་གནས་སྐབས་སུ་རིག་བྱེད་མ་ཡིན་པའི་གཟུགས་སྐྱེ་བ་དག་མེད་པར་འདོད་དམ། ཡོད་ན་ནི་དེ་ཡང་ལས་ལམ་དངོས་སུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། མེད་པར་འདོད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །རྣམ་རིག་བྱེད་མིན་འགྱུར་བའམ། །ཞེས་གསུངས་པས་སོ། །དེས་ན་ལུས་ངག་གི་ལས་ལམ་དངོས་ལ་རིག་བྱེད་མ་ཡིན་གཟུགས་ཀྱིས་ཁྱབ་ཀྱང༌། དེ་སྐབས་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་ལ་ལས་ལམ་གྱི་ཁྱབ་པ་མ་ངེས་ཏེ། སྐབས་ཀྱི་བྱ་བ་མ་རྫོགས་པར་ཡང་རིག་བྱེད་མ་ཡིན་པ་སྐྱེ་སྲིད་པའི་ཕྱིར། ཀུན་སློང་དྲག་པོའི་ཀུན་ནས་བསླངས་པའི་སྦྱོར་བའི་སྐབས་བཞིན་ནོ། །དེ་དང་དེའི་སྦྱོར་འཇུག་རྣམས་ལས་ལམ་དུ་མ་བཞག་ཀྱང་སྤྱིར་དགེ་མི་དགེ་དང་ལེགས་སྤྱད་དང་ཉེས་སྤྱད་དུ་ནི་བཞག་དགོས་ཏེ། ཇི་སྐད་དུ། ལུས་ཀྱི་ལས་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །ཅེས་གསུངས་པས་སོ། །དེ་ལྟ་ན་དེ་དང་དེའི་སྦྱོར་འཇུག་ནི་ལས་སུ་མི་འཇོག་པ་མ་ཡིན་ཀྱང་ལམ་དུ་འཆད་ནུས་པ་མ་ཡིན་ཏེ། དེར་འཇོག་པ་ལ་ནི་སེམས་པ་འཇུག་པའི་གཞིའམ་དམིགས་པར་འགྱུར་བ་ལ་རག་ལས། ལུས་ངག་གི་ལས་སེམས་པ་འཇུག་པའི་གཞིར་རུང་བ་ནི་རིག་བྱེད་མ་ཡིན་པ་ཁོ་ན་སྟེ། རིག་བྱེད་རྣམས་ནི་རྒྱུན་ཆད་ཅིང་འཇུག་པས་ལམ་དུ་མི་རུང་བའི་ཕྱིར། དེ་བས་ན་མི་དགེ་བའི་ལས་ལམ་གྱི་དངོས་ཀྱི་འགལ་ཟླར་གྱུར་པའི་དགེ་བའི་ལས་ལམ་ནི་གཉིས་ཏེ། ཟག་བཅས་དང༌། ཟག་མེད་དོ། །དང་པོ་ལ་གཉིས་ཏེ། འདོད་པའི་སས་བསྡུས་པ་དང༌། བསམ་གཏན་གྱི་སས་བསྡུས་པའོ། །དང་པོ་ལ་གཉིས་ཏེ། ལུས་ངག་གི་དང༌། ཡིད་ཀྱིའོ། །དང་པོ་ལ་ཡང་གཉིས་ཏེ། བར་མའི་ངོ་བོར་གྱུར་པ་དང༌། སྡོམ་པའི་ངོ་བོར་གྱུར་པའོ། །དེ་གཉིས་ཀ་ལ་ཡང་སྤྱིར་གཟུགས་ཅན་གྱིས་ཁྱབ་པ་དང༌། བྱེ་བྲག་ཏུ་སྦྱོར་འཇུག་གི་ངོ་བོར་གྱུར་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཡོད་ཅིང༌། དངོས་གཞི་ལ་ནི་རིག་བྱེད་མ་ཡིན་པས་ཁྱབ་པ་ཉིད་བྱེ་བྲག་ཏུ་སྨྲ་བའི་ལུགས་རྣམ་པར་དག་པ་དེའོ། །དེ་སྐབས་ཀྱི་སྡོམ་པ་དེ་ལ་ནི་སོ་སོར་ཐར་པའི་སྡོམ་པས་ཁྱབ་ཅིང༌། དེ་ཁས་ལེན་ལན་གསུམ་གྱིས་ཐོབ་དགོས་པའི་ཤེས་བྱེད་ཀྱང་མི་དགེ་བ་དེ་དང་དེ་དག་གི་སྦྱོར་བ་སྤོང་བ་སྔོན་ཏུ་བཏང་ནས་གང་གི་ཚེ་དངོས་གཞི་སྤོང་བའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པ་སྐྱེས་པ་དེ་ནས་སྡོམ་པར་འཇོག་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་བཞིན་དུ་ལུས་ངག་གི་མི་དགེ་བའི་ངོ་བོར་གྱུར་པའི་ལས་ལམ་ནི་གཉིས་ཁོ་ན་ཏེ། བར་མ་དང་སྡོམ་མ་ཡིན་ནོ། །དེ་དག་གི་ཤེས་བྱེད་ཀྱང་སྤྱིར་རིག་བྱེད་ཀྱི་ངོ་བོར་གྱུར་པའི་ལས་དགེ་བ་དང་མི་དགེ་བ་དག་ཁས་མི་ལེན་པ་མ་ཡིན་མོད། ལུས་ངག་གང་རུང་གི་ལས་ཀྱི་ལམ་དུ་འཇོག་པ་ནི་རིག་བྱེད་མ་ཡིན་པའི་གཟུགས་ཁོ་ནར་ངེས་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ཡིད་ཀྱི་དགེ་བ་དང་མི་དགེ་བ་གསུམ་ནི། ལས་དང་ལམ་གཉིས་ཀའི་གཞི་མཐུན་པར་ཁས་ལེན་པ་ནི་མ་ཡིན་ཏེ། ཡིན་ན་ཡིད་ཀྱི་ལས་སུ་འདོད་དགོས་པ་ལས་དེ་ཡང་མ་ཡིན་ཏེ། ཉོན་མོངས་པ་གསུམ་པོ་དག་དང་དེའི་འགལ་བ་མི་མཐུན་ཕྱོགས་དག་ལས་གང་ཡང་རུང་བར་ཁས་ལེན་པ་ཡིན་གྱི། སེམས་པར་མི་འདོད་པའི་ཕྱིར་རོ། །ཡིད་ཀྱི་གསུམ་པོ་འདི་ལ་ནི། འདོད་པའི་དགེ་བ་དང༌། མི་དགེ་བ་དག་གང་དུ་ཡང་བར་མ་དང་སྡོམ་པ་དང་སྡོམ་མ་ཡིན་གྱི་རྣམ་པར་བཞག་པ་ཁས་མི་ལེན་ཏེ། གཟུགས་ཅན་དུ་མི་རུང་བའི་ཕྱིར་དང༌། སོ་སོར་ཐར་པའི་སྡོམ་པ་དང་སྡོམ་མ་ཡིན་ལ་ནི་ཡིད་ཀྱི་ངོ་བོར་གྱུར་པ་དག་ཁས་མི་ལེན་པའི་ཕྱིར་དང༌། དེ་དག་ཁས་མི་ལེན་པ་ན་དེ་གཉིས་ཀྱི་བར་མ་ཁས་ལེན་པའི་ཐབས་མེད་པའི་ཕྱིར། མདོར་ན་སྤྱིར་ལས་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་དང༌། སེམས་པ་ཞེས་བྱ་བ་གསུམ་དུ་གྲངས་ངེས་པ་ལས། བརྣབ་སེམས་སོགས་ཡིད་ཀྱི་མི་དགེ་བ་གསུམ་དང༌། དེའི་འགལ་ཟླར་གྱུར་པའི་དགེ་བ་གསུམ་སྟེ། དྲུག་པོ་དེ་དག་ནི་རིག་བྱེད་ཀྱི་གཟུགས་ལ་སོགས་པ་གསུམ་པོ་གང་དུ་ཡང་མི་རུང་བའི་རྒྱུ་མཚན་གྱིས་ལས་སུ་འཆད་མི་ནུས་ཀྱང་ལས་ཀྱི་ལམ་ཞེས་ནི་བྱ་བ་ཡིན་ཏེ། སེམས་པ་འཇུག་པའི་གཞིའམ་རྟེན་ཡིན་པའི་ཕྱིར། དེ་བས་ན་ལུས་ངག་གི་བདུན་ལ་ནི་ཡིད་ཀྱི་ལས་འཇུག་པའི་གཞི་ཡིན་པས་ལས་ཀྱི་ལམ་དུ་འཇོག་པར་མ་ཟད་པར་ལས་དང་ལམ་གཉིས་ཀ་ཡིན་པས་ཀྱང་དེ་ཞེས་བྱའོ། །དེའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་ལམ་བཅུ་བཅུ་འཆད་པའི་སྐབས་འདིར་དེ་དང་དེའི་ངོ་བོར་གྱུར་པའི་སེམས་པའི་ལས་ནི་བཤད་པ་མེད་དོ། །ཞེས་བྱ་བ་འདི་ངེས་སོ། །གལ་ཏེ་འོ་ན་མི་དགེ་བ་བཅུ་སྤོང་བའི་གཉེན་པོར་གྱུར་པའི་འདོད་པའི་སས་བསྡུས་ཀྱི་དགེ་བ་བཅུ་ཁས་ལེན་པ་དེ་ལྟར་ན། འདོད་པའི་སས་བསྡུས་ཀྱི་གཉེན་པོས་འདོད་པ་ལ་ཆགས་བྲལ་བྱེད་ནུས་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་དགེ་བ་བཅུ་པོ་དེའི་ནང་ན་འདོད་པའི་སས་བསྡུས་ཀྱི་ཉེས་པའི་གཙོ་བོ་རྣམ་འཚེ་མགོ་གནོན་བྱེད་ཀྱི་གཉེན་པོ་ཡོད་ཀྱང་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་མེད་པའི་ཕྱིར། འདོད་པའི་སས་བསྡུས་ཀྱི་སྤོང་བ་བདུན་པོ་འགལ་ཟླ་བདུན་སྤོང་བྱེད་དུ་ཁས་ལེན་ཀྱང་སྤོང་གཉེན་དུ་འཇོག་པ་མ་ཡིན་ཏེ། ས་མཚུངས་པས་དེའི་ཐོབ་པ་གཅོད་མི་ནུས་པའི་ཕྱིར་དང༌། མཉམ་པར་མ་བཞག་པའི་སས་བསྡུས་པའི་རྒྱུ་མཚན་གྱིས་བྲལ་ཐོབ་འདྲེན་བྱེད་ཀྱི་ལམ་དུ་མི་རུང་བའི་ཕྱིར། འོ་ན་མི་དགེ་བ་བཅུ་པོའི་སྤོང་བ་གཉེན་པོ་གང་ཞེ་ན། དེ་ནི་གཉིས་ཏེ། གཟུགས་ཀྱི་སས་བསྡུས་པ་དང༌། ཟག་པ་མེད་པའོ། །དེ་ཡང་གང་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ངོ་བོར་སྐྱེས་པའི་ཟག་བཅས་དང་ཟག་མེད་ཀྱི་ལྷག་མཐོང་ངོ༌། །དེ་དག་ལའང་གཉིས་གཉིས་ཏེ། ལུས་ངག་གི་མི་དགེ་བ་བདུན་གྱི་སྤོང་གཉེན་དུ་གྱུར་པ་དང༌། ཡིད་ཀྱི་གསུམ་པོའི་སྤོང་གཉེན་དུ་གྱུར་པའོ། །དང་པོ་ལ་ནི་གཟུགས་ཅན་དང༌། གཟུགས་ཅན་མ་ཡིན་པ་གཉིས་ཀ་ཡོད་དེ། སྤྱིར་བསམ་གཏན་དང་པོའི་ཉེར་བསྡོགས་དེ་འཁོར་བཅས་སུ་ཕོང་པོ་ལྔ་པོ་ཅན་ཡིན་པ་དང༌། བྱེ་བྲག་ཏུ་བསམ་གཏན་དང་ཟག་མེད་ཀྱི་ངོ་བོར་གྱུར་པའི་ལུས་ངག་གི་སྤོང་བ་བདུན་ནི་རིག་བྱེད་མ་ཡིན་པའི་གཟུགས་སུ་ཁས་ལེན་པའི་ཕྱིར། ཕྱི་མ་ལ་ནི་གཟུགས་ཅན་མི་སྲིད་དེ། ཡིད་ཀྱི་མི་དགེ་བ་གསུམ་སྤོང་བའི་གཉེན་པོ་གཟུགས་ཅན་དག་མ་བཤད་པའི་ཕྱིར། འོ་ན་གསུམ་པོ་དེ་དག་གི་གཉེན་པོར་གྱུར་པའི་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དག་ཀྱང་ཁས་མི་ལེན་ནམ་ཞེ་ན། དེ་ནི་ཁས་མི་ལེན་པ་མ་ཡིན་ཏེ། ཇི་སྐད་དུ། བར་ཆད་མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །ཞེས་གསུངས་པས་སོ། །གལ་ཏེ་དེ་ལྟར་བཤད་པ་དེ་ནི་ལུས་ངག་གི་མི་དགེ་བ་བདུན་པོ་དག་གི་གཉེན་པོ་ལ་དགོངས་སོ་ཤེ་ན། མ་ཡིན་ཏེ། སྤྱིར་ཡང་ས་གོང་མའི་ཉེར་བསྡོགས་འོག་མའི་སྤོང་གཉེན་དུ་འཆད་པ་ནི་ས་འོག་མའི་འདོད་ཆགས་ལ་དགུ་དགུར་ཕྱེ་ནས་སྤོང་བ་ཡིན་ལ། བྱེ་བྲག་ཏུ་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་ནི་འདོད་པའི་འདོད་ཆགས་དང་རྣམ་འཚེ་གཉིས་སྤོང་བའི་ཆ་ནས་ས་དེའི་སྤོང་གཉེན་དུ་འཇོག་པ་ཡིན་གྱི། དེ་མི་སྤོང་བར་ལུས་ངག་གི་མི་དགེ་བ་ཙམ་སྤོང་བའི་ཆ་ནས་འདོད་པའི་གཉེན་པོར་གཞག་མི་ནུས་པའི་ཕྱིར་དང༌། གལ་ཏེ་ནུས་ན་སོ་སོར་ཐར་པའི་སྡོམ་པ་ཡང་དེར་ཐལ་བས་སོ། །དེའི་ཕྱིར་སྤོང་བའི་སྡོམ་པ་ནི་འདོད་པའི་འདོད་ཆགས་ཀྱི་དང༌། རྣམ་འཚེའི་གཉེན་པོར་གྱུར་པའི་ཆགས་སྡང་མེད་པའི་དགེ་བའི་རྩ་བ་ཉིད་ཡིན་ལ། དེ་ཡང་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །དེ་ལྟར་ན་སོ་ཐར་གྱི་སྡོམ་པ་ལ་གཟུགས་ཅན་གྱི་ཁྱབ་པ་དང༌། སྡོམ་པ་ཕྱི་མ་གཉིས་ལ་གཟུགས་ཅན་ཡིན་མ་ཡིན་གཉིས་ཀ་སྲིད་པ་ལ་དགོངས་ནས་ཐ་མ་གཉིས་སེམས་ཀྱི་རྗེས་འབྲང་ཡིན་པ་དང༌། འཁོར་བཅས་ཕུང་པོ་ལྔ་པ་ཅན་དུ་བཤད་དོ། །ཞར་ལ་ཇི་སྐད་དུ། ཐ་མ་གཉིས་ནི་སེམས་རྗེས་འབྲང༌། །ཞེས་པའི་དོན་ཡང་ཤི་འཕོས་ནས་ཀྱང་སེམས་ཀྱི་རྗེས་སུ་འབྲང་ཞེས་པ་ལྟ་བུའི་དོན་དུ་འཆད་པ་དག་མང་ཡང༌། དཔྱིས་ཕྱིན་པ་མ་ཡིན་གྱི། ཇི་སྲིད་སྡོམ་པ་གཉིས་པོ་ཐོབ་ནས་མ་བཏང་བ་དེ་སྲིད་དུ་སེམས་དང་བཅས་པའི་གནས་སྐབས་ཉིད་ན་ཡོད་ཀྱི། སོ་སོར་ཐར་པའི་སྡོམ་པ་ལྟར་སེམས་མེད་ཀྱི་གནས་སྐབས་ན་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ནོ། །དེའི་གོ་བ་ཡང་སྡོམ་པ་འདི་གཉིས་ལ་ཡིད་ཀྱི་སྡོམ་པ་ངེས་པར་ཡོད་པའི་རྒྱུ་མཚན་གྱིས་སོ། །འོ་ན་ཡིད་ཀྱི་སྡོམ་པའི་ངོ་བོར་ཐེག་པ་ཆེན་པོ་པ་དག་གི་འདོད་པ་ལྟར་སེམས་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། ཤེས་བཞིན་དང་ནི་དྲན་དག་གཉིས། །ཡིད་དང་དབང་པོའི་སྡོམ་པ་ཡིན། །ཞེས་བཤད་པས་དྲན་པ་དང་ཤེས་བཞིན་གྱི་ངོ་བོར་གྱུར་པའོ། །འདི་ཡང་བསམ་གཏན་གྱི་སེམས་མ་ཐོབ་པ་དག་ལ་ནི་ཡིད་དང་དབང་པོའི་སྡོམ་པ་མཚན་ཉིད་པ་ཁས་མི་ལེན་ཏེ། འདོད་པའི་སས་བསྡུས་ཀྱི་སྡོམ་པ་ལ་སོ་ཐར་གྱིས་ཁྱབ་ཅིང༌། དེ་ལ་ཡིད་དང་དབང་པོའི་སྡོམ་པ་མི་སྲིད་པའི་ཕྱིར་རོ། །ཡང་གལ་ཏེ་འོ་ན་རྟེན་གྱི་གང་ཟག་གང་གི་རྒྱུད་ལ་མི་དགེ་བའི་ལས་ལམ་དངོས་གཞི་མངོན་དུ་གྱུར་པ་དེའི་ཚེ་དགེ་བའི་ལས་ལམ་དངོས་གཞི་གཏོང་བ་དང༌། ཡང་ཅིག་ཤོས་མངོན་དུ་གྱུར་པ་དེའི་ཚེ་མི་དགེ་བའི་ལས་ལམ་དངོས་གཞི་གཏོང་བར་ངེས་སམ་ཞེ་ན། དེ་ལྟར་ངེས་པ་མ་ཡིན་ཏེ། ཇི་སྐད་དུ། སྡོམ་མིན་གནས་པ་དགེ་བ་དང༌། །སྡོམ་ལ་གནས་པ་མི་དགེ་བའི། །རྣམ་རིག་མིན་ལྡན་ཇི་སྲིད་དུ། །རབ་དང་ཉོན་མོངས་ཤུགས་ལྡན་པར། །ཞེས་གསུངས་པས་སོ། །དེ་དུས་ཀྱི་དགེ་མི་དགེ་གཉིས་པོ་ཡང་བར་མའི་ངོ་བོར་གྱུར་པ་ཡིན་གྱི། སྡོམ་པའམ་སྡོམ་མིན་གྱི་ངོ་བོ་ནི་མ་ཡིན་ཏེ། སྡོམ་པ་དང་ལྡན་པ་ལ་སྡོམ་མིན་དང༌། སྡོམ་མིན་ཅན་ལ་སྡོམ་པའི་དགེ་བ་མངོན་དུ་འགྱུར་མི་སྲིད་པའི་ཕྱིར་རོ། །དེ་བས་ན་བར་མ་མི་དགེ་བའི་ལས་ལམ་དངོས་གཞིར་གྱུར་པའི་སྲོག་གཅོད་ཀྱི་ལས་ལྟ་བུས། སྡོམ་པ་དགེ་བའི་ངོ་བོར་གྱུར་པའི་སྲོག་གཅོད་སྤོང་བའི་ལས་ལམ་དངོས་གཞི་གཏོང་ནུས་པ་མ་ཡིན་ཞིང༌། ཅིག་ཤོས་ཀྱིས་ཀྱང་སྡོམ་མ་ཡིན་གྱི་ལས་ལམ་དངོས་གཞི་གཏོང་བ་མ་ཡིན་པར་གྲུབ་བོ། །དེ་ལྟར་ཤེས་པ་ན་བར་མའི་ངོ་བོར་གྱུར་པའི་སྲོག་གཅོད་ཀྱི་ཕམ་པས་སོ་ཐར་གྱི་སྡོམ་པ་མི་གཏོང་ཞིང༌། སྡོམ་མིན་གྱི་ངོ་བོ་གྱུར་པའི་སྲོག་གཅོད་ཀྱི་ཕམ་པ་ལྟ་བུས་གཏོང་ངོ་ཞེས་ངེས་པར་བྱའོ། །བསམ་གཏན་གྱི་སྡོམ་པ་ནི་བར་མ་མི་དགེ་བའི་སྦྱོར་བ་ཙམ་གྱིས་ཀྱང་གཏོང་བར་ངེས་ཏེ། དེའི་ཚེ་འདོད་པའི་ཉོན་མོངས་མངོན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་བསམ་གཏན་གྱི་སས་བསྡུས་པའི་དགེ་བ་བཅུའི་རྣམ་གཞག་སྤྱིར་བསམ་གཏན་གྱི་སས་བསྡུས་པའི་དགེ་བ་ལ་བསམ་གཏན་གྱི་སྡོམ་པ་དང་མི་ལྡན་པ་དག་སྲིད་ཀྱང༌། རང་གི་ངོ་བོ་ནི་བར་མ་དགེ་བའི་ངོ་བོར་གྱུར་པ་དང་སྡོམ་པའི་ངོ་བོར་སྐྱེ་བ་གཉིས་འབྱུང་ངོ༌། །དང་པོ་ནི། བསམ་གཏན་གྱི་ས་པའི་དགེ་བ་རིག་བྱེད་དང་སེམས་པའི་ངོ་བོར་གྱུར་པ་དང༌། སེམས་མེད་ཀྱི་སྙོམས་པར་འཇུག་པ་གཉིས་ལྟ་བུའོ། །གཉིས་པ་སྡོམ་པའི་ངོ་བོར་སྐྱེ་བ་ལ་གཉིས་ཏེ། ལུས་ངག་གི་དང༌། ཡིད་ཀྱིའོ། །དང་པོ་ལ་ནི་ལས་ལམ་དངོས་གཞི་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་ལྟ་ཅི་སྨོས། སྡོམ་པ་དེའི་སྦྱོར་འཇུག་གི་ངོ་བོར་གྱུར་པའི་རིག་བྱེད་ཀྱང་ཁས་ལེན་པ་མ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་ཟག་མེད་སྡོམ་པ་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །ཞེས་མི་དགེ་བའི་ལས་ལམ་གྱི་དངོས་གཞི་ཁོ་ན་སྤངས་པས་རབ་ཏུ་ཕྱེ་བ་བཤད་པའི་ལུང་ལས་དང༌། རིགས་པ་ཡང་སོ་ཐར་ནི་འདོད་པའི་ཉོན་མོངས་པ་དག་གི་འབྲས་བུ་ལ་སྐྱོན་དུ་བལྟས་པའི་སྒོ་ནས་དེའི་རྒྱུ་དང་དུ་མི་ལེན་པ་ཙམ་ཡིན་པས་སྦྱོར་བ་རིག་བྱེད་ལ་ལྟོས་ཤིང༌། འདི་ནི་རྒྱུ་འདོད་པའི་ཉོན་མོངས་པ་སྤངས་པའི་སྒོ་ནས་དེའི་འབྲས་བུ་སྤངས་པའི་འགོག་པ་མངོན་དུ་བྱེད་པ་ཡིན་པས་ལུས་ངག་གི་སྦྱོར་བ་ལ་མི་ལྟོས་པ་དང༌། གཟུགས་ན་སྤྱོད་པའི་རིག་བྱེད་མ་ཡིན་པ་ནི་རྒྱུ་རིག་བྱེད་ལ་ངེས་པར་མི་ལྟོས་པ་ནི་འདི་པ་དག་གི་གྲུབ་པའི་མཐའོ། །དེ་བཞིན་དུ་སྡོམ་པ་འདི་གཉིས་ནི། སྤང་བྱ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བས་རབ་ཏུ་ཕྱེ་བ་ཡིན་གྱི། བཅས་པའི་ཁ་ན་མ་ཐོ་བ་སྤོང་བས་རབ་ཏུ་ཕྱེ་བ་ནི་མ་ཡིན་ཏེ། དེ་སྤོང་བ་ནི་སོ་སོར་ཐར་པའི་ཁྱད་ཆོས་ཡིན་པའི་ཕྱིར། དེའི་ཕྱིར་བསམ་གཏན་གྱི་སས་བསྡུས་པའི་བཅས་ལྟུང་སྤོང་བའི་དགེ་བ་ཡང་རྣམ་པར་མ་བཞག་གོ །མདོར་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་ངོ་བོར་གྱུར་པའི་སྤོང་བ་བདུན་པོ་ནི་སྦྱོར་འཇུག་དང་བྲལ་བའི་ལས་ལམ་དངོས་གཞི་ཁོ་ན་ཉིད་དུ་ངེས་པར་མ་ཟད། སྤོང་བ་བདུན་པོ་ཡང་རྫས་ཐ་མི་དད་པ་ཡིན་ཏེ། ཇི་སྐད་དུ། རྒྱས་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་སྡོམ་པ་གཉིས་པའི་སྤོང་བ་བདུན་ཀ་ཡང་འབྱུང་བ་བཞི་ཚན་ཐ་མི་དད་པ་རེ་རེ་ལ་སྐྱེ་བར་བཤད་པའི་ཕྱིར། གཉིས་པ་ཡིད་ཀྱི་སྤང་བྱ་གསུམ་སྤོང་བའི་བསམ་གཏན་དང་པོའི་ཉེར་བསྡོགས་སྐད་ཅིག་མ་དང་པོའི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་གང་ནས་སྐྱེས་པ་དེ་ནས་མངོན་དུ་འགྱུར་བ་ཡིན་ལ། དེ་དང་དུས་མཉམ་པར་བསམ་གཏན་གྱི་སྡོམ་པ་ཡང་སྐྱེས་པ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་ཐོབ། ཅེས་བཤད་པས་སོ། །འདིར་ཡང་མངོན་དུ་འགྱུར་བ་ནི་ཡིད་ཀྱི་སྡོམ་པ་ཁོ་ན་ཡིན་ལ། དེའི་སྟོབས་ཀྱིས་ལུས་ངག་གི་སྤོང་བ་བདུན་པོ་རྗེས་སུ་སྐྱེ་དགོས་པ་ཡིན་ཏེ། རྒྱུ་བསམ་གཏན་གྱི་ཏིང་ངེ་འཛིན་སྔོན་དུ་སོང་བ་མེད་པར་འབྲས་བུ་བསམ་གཏན་གྱི་སས་བསྡུས་པའི་རིག་བྱེད་མ་ཡིན་པའི་གཟུགས་སྐྱེ་བ་མེད་པའི་ཕྱིར། དཔེར་ན་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེད་ནས་བསྒོམ་པའི་སྟོབས་ཀྱིས་བསམ་གཏན་གྱི་ས་པའི་འབྱུང་བ་ཆེན་པོ་བཞི་བསྒྲུབ་དགོས་པར་བཤད་པ་བཞིན་ནོ། །གཉིས་པ་ཟག་མེད་ཀྱི་དགེ་བ་བཅུའི་རྣམ་པར་བཞག་པ་ནི། དེ་ལ་ཡང་ལུས་ངག་གི་ངོ་བོར་གྱུར་པ་དང༌། ཡིད་ཀྱི་ངོ་བོར་གྱུར་པའོ། །དང་པོ་ལ། བར་མའི་ངོ་བོར་གྱུར་པ་དང༌། སྡོམ་པའི་ངོ་བོར་གྱུར་པ་གཉིས། དང་པོ་ལ། རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་ལ། གཉིས་པ་ལ་ནི་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་ཡིན་ནོ། །འོ་ན་བསམ་གཏན་དང་ཟག་མེད་ཀྱི་བར་མ་དགེ་བ་རིག་བྱེད་མ་ཡིན་པའི་ངོ་བོར་སྐྱེས་པ་དེ་དང༌། སྡོམ་པའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། བསམ་གཏན་དང་ཟག་མེད་གང་རུང་གི་སས་བསྡུས་པ་གཞིར་བྱས་པ་ལ་ལུས་ངག་གི་མི་དགེ་བའི་ལས་ལམ་བདུན་པོ་གང་རུང་གི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པ་དང་མ་གྱུར་པའི་དབྱེ་བ་ལས་སོ། །གཉིས་པ་ཡིད་ཀྱི་སྤང་བྱ་གསུམ་སྤོང་བའི་ཟག་མེད་ཀྱི་དགེ་བ་ནི་སྡུག་བསྔལ་ལ་ཆོས་བཟོད་ཀྱི་ཚོགས་པ་ན་ཡོད་པའི་དགེ་བ་ཇི་སྙེད་པ་དག་ཡིན་ལ། དེ་དང་དུས་མཚུངས་པར་ཡིད་ཀྱི་སྡོམ་པ་གསུམ་སྐྱེས་པ་ཡིན་ལ། དེའི་སྟོབས་ཀྱིས་སྐད་ཅིག་གཉིས་པར་ཟག་མེད་ཀྱི་ཡེ་ཤེས་དེའི་སྟོབས་ཀྱིས་ལུས་ངག་གི་སྡོམ་པའི་ངོ་བོར་གྱུར་པའི་རིག་བྱེད་མ་ཡིན་པའི་གཟུགས་སྐྱེ་བར་ངེས་སོ། །དེ་ལྟར་ན་སྡོམ་པ་ཕྱི་མ་གཉིས་སྐྱེ་བའི་གནས་སྐབས་ནི་གཉིས་ཏེ། ཡིད་ཀྱི་སྡོམ་པ་སྐྱེ་བའི་དང༌། ལུས་ངག་གི་སྡོམ་པ་སྐྱེ་བའི་འོ། །དང་པོ་ནི། ཇི་སྐད་དུ། བསམ་གཏན་ལས་སྐྱེས་བསམ་གཏན་དང༌། །ཞེས་དང༌། འཕགས་དེས་ཞེས་པའི་གཞུང་གིས་བསྟན་པ་ཡིན་ལ། གཉིས་པ་གཉིས་ནི། ཇི་སྐད་དུ། ཏིང་འཛིན་སྐྱེས་འབྱུང་མ་ཟིན་དང༌། །རྒྱལ་བྱུང་ཐ་དད་མིན་ལས་སྐྱེ། །ཞེས་པའི་གཞུང་གིས་སྟོན་ནོ། །དེ་ལྟར་ན་ཡང་གཉིས་པོ་ཐོབ་པ་ནི་ལྷན་ཅིག་ཏུ་ཡིན་ཏེ། ཇི་སྐད་དུ། བསམ་གཏན་སྐྱེས་དང་དེ་ལྡན་པ། །ཞེས་དང༌། ཟག་མེད་འཕགས་པའི་སེམས་ཅན་དང༌། །ཞེས་གསུངས་སོ། །གལ་ཏེ་མཉམ་གཞག་གི་ས་པའི་སྡོམ་པ་རེ་རེ་ལ་རྫས་ཐ་དད་པ་གཉིས་གཉིས་ཀྱི་བཤད་པ་མེད་དོ་ཅེ་ན། མ་བཤད་པ་མ་ཡིན་ཏེ། ཇི་སྐད་དུ། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་དང༌། སྙོམས་འཇུག་དགེ་བ་རྩེ་གཅིག་པ། །རྗེས་འབྲང་བཅས་ན་ཕུང་པོ་ལྔ། །ཞེས་བསམ་གཏན་དང་ཟག་པ་མེད་པའི་ཤེས་པ་གཉིས་ཀ་ཡང་འཁོར་བཅས་ཕུང་པོ་ལྔ་པ་ཅན་དུ་བཤད་པ་བཞིན་ནོ། །དེ་ལྟར་སྡོམ་པ་གསུམ་གྱི་ངོ་བོ་དང་སྐྱེ་ཚུལ་བཤད་ཟིན་ནས། ལྡན་ཚུལ་དང་གཏོང་ཚུལ་བཤད་པར་བྱ་བ་ལ་གཉིས་ལས། དང་པོ་ལ། སོ་སོར་ཐར་པའི་ལྡན་ཚུལ་ནི། ཇི་སྐད་དུ། སོ་སོར་ཐར་གནས་ཇི་སྲིད་དུ། །མ་བཏང་བར་དག་ད་ལྟར་གྱི། །རྣམ་རིག་མི་ལྡན་སྐད་ཅིག་མ། །དང་པོ་ཕྱིན་ཆད་འདས་དང་ལྡན། །ཞེས་པས་རིག་བྱེད་མ་ཡིན་པའི་ལྡན་ཚུལ་དང༌། རིག་བྱེད་ཀྱི་ལྡན་ཚུལ་ཀྱང་ཇི་སྐད་དུ། རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །མ་བཏང་བར་དུ་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན་མ་འོངས་མེད། །ཅེས་གསུངས་སོ། །དེ་ལ་ལྡན་ཚུལ་དང་པོ་ནི་ཕལ་ཆེར་གོ་བར་ཟད་ལ། སོ་ཐར་གྱི་སྡོམ་པ་མ་འོངས་པ་དང་ལྡན་པ་མེད་ཅིང༌། གཞན་གཉིས་མ་འོངས་དང་ལྡན་པ་ཡོད་པའི་ཁྱད་པར་ནི། ཐོབ་པ་སྔར་སྐྱེ་བ་ཡོད་མེད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་སེམས་ཁོ་ནའི་རྗེས་སུ་འབྲང་བ་ཡིན་པ་དང་མ་ཡིན་པའི་རྒྱུ་མཚན་གྱིས་སོ། །གལ་ཏེ་སོ་ཐར་གྱི་སྡོམ་པ་སྐད་ཅིག་མ་དང་པོའི་ཚེ་རིག་བྱེད་ད་ལྟར་བ་ཁོ་ན་དང་ལྡན་པ་དང༌། གཉིས་པ་ཕན་ཆད་འདས་པ་དང་ཡང་ལྡན་པར་བཤད་པ་དེ་སྡོམ་པའི་དབང་དུ་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལྡན་ཚུལ་འདི་ནི་སྡོམ་པ་དང་སྡོམ་མ་ཡིན་དང་བར་མ་གསུམ་ཆར་གྱི་རིག་བྱེད་ལྡན་ཚུལ་ཡིན་ལ། དེ་ཡང་དེ་གསུམ་ཆར་གྱི་སྦྱོར་བའི་གནས་སྐབས་ཀྱི་རིག་བྱེད་སྐད་ཅིག་མ་དང་པོ་དེའི་ལྡན་ཚུལ་སྟོན་པར་གསལ་ལ། དེ་ནི་སྡོམ་པ་དང་སྡོམ་མ་ཡིན་གང་དུ་ཡང་མི་རུང་བའི་ཕྱིར། དཔེར་ན་དགེ་ཚུལ་གྱི་སྡོམ་པ་ལེན་པའི་བརྗོད་པ་གཉིས་པའི་ཚེ་ན། སོ་ཐར་སྡོམ་པའི་རྣམ་པར་རིག་བྱེད་འདས་པ་དང་ལྡན་ཡང་དེའི་སྡོམ་པ་མ་ཡིན་པ་བཞིན་ནོ། །གཉིས་པ་བསམ་གཏན་གྱི་སྡོམ་པའི་ལྡན་ཚུལ་ནི། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང༌། །ཞེས་བཤད་ནས་ཟག་མེད་སྡོམ་པའི་ལྡན་ཚུལ་ཡང་ཕལ་ཆེར་དེ་དང་འདྲ་བར་སྟོན་པ་ནི། འཕགས་ནི་དང་པོ་འདས་དང་མིན། །ཞེས་དང༌། དེ་གཉིས་ཀའི་ལྡན་ཚུལ་ནི། མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན། ཞེས་གསུངས་སོ། །བསམ་གཏན་གྱི་སྡོམ་པ་འདས་པ་དང་ལྡན་པའི་ཤེས་བྱེད་ནི་ཚེ་འདིར་སྐྱེ་མྱོང་བ་དག་ཏུ་མ་ཟད་ཀྱི། ཚེ་རབས་གཞན་དུ་དེ་སྐྱེ་མ་མྱོང་བ་མི་སྲིད་པ་དང་གཏོང་རྒྱུས་བར་ཆོད་པ་དག་ཀྱང་སེམས་ཀྱི་རྗེས་འབྲང་ཡིན་པའི་དོན་གྱིས་བསམ་གཏན་གྱི་སེམས་ད་ལྟ་བས་སྔོན་གྱི་ཐོབ་པ་ད་ལྟ་བའི་གནས་སུ་འདྲེན་ནུས་པའོ། །བསམ་གཏན་གྱི་སྡོམ་པ་མ་འོངས་པ་དང་ལྡན་པའི་ཤེས་བྱེད་ནི་ཐོབ་པ་སྔར་སྐྱེ་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ལ། འདི་ཡང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་དང་ནི་ངེས་པར་ལྡན་པས་ཁྱབ་ལ། སྐྱེ་བའི་ཆོས་ཅན་རྣམས་ནི་གཏོང་རྒྱུས་བར་དུ་མ་ཆོད་པ་དག་དང་ལྡན་པ་ཡིན་ཞིང༌། དེ་དག་གི་ཤེས་བྱེད་ཀྱང་སེམས་ཀྱི་རྗེས་འབྲང་ཡིན་པ་ལ་ཐུག་གོ །འོ་ན་འདས་པ་ནི་གཏོང་རྒྱུས་བར་ཆོད་པ་དག་དང་ཡང་ལྡན་ལ། མ་འོངས་པ་གཏོང་རྒྱུས་བར་ཆོད་པ་དག་དང་མི་ལྡན་པའི་ཁྱད་པར་ཅི་ཞེ་ན། བཏང་ཟིན་ཐོབ་པ་དང་གཏོང་རྒྱུ་བཏང་མ་ཟིན་པའི་ཁྱད་པར་ལས་སོ། །ཡང་ཟག་མེད་སྐད་ཅིག་དང་པོ་ལ་གནས་པའི་ཚེ་ཟག་མེད་འདས་པ་དང་མི་ལྡན་པར་བཤད་པ་དེ་ཡང་སྡུག་བསྔལ་ཆོས་བཟོད་ཀྱི་ཚེ་ཁོ་ནར་མ་ཟད། འབྲས་བུ་གསར་དུ་ཐོབ་པ་དང་དབང་པོ་ཕོས་པའི་སྐད་ཅིག་མ་དང་པོ་ལ་གནས་པའི་ཚེ་ཡང་ཟག་མེད་སྡོམ་པ་འདས་པ་དང་ལྡན་པ་མ་ཡིན་ཏེ། ཟག་མེད་སྔ་མ་བཏང་ཟིན་ལ་བཏང་བ་དེ་དང་འདྲ་བ་ཞིག་གསར་དུ་རྙེད་པ་ཡང་མ་ཡིན་པའི་ཕྱིར། ཡང་ད་ལྟར་དང་ལྡན་ཞེས་པའི་དོན་གྱི་ཤུགས་བསྟན་མཉམ་གཞག་ལས་ལངས་པའི་ཚེ་སྡོམ་པ་དེ་གཉིས་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་ད་ལྟ་བ་མངོན་གྱུར་དུ་མི་ལྡན་པའི་དོན་ཡིན་གྱི། སྤྱིར་དུས་དེར་དེ་འདྲ་ད་ལྟ་བ་ཡེ་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་སྐབས་དེར་སྡོམ་པ་རྒྱུན་ཆད་པར་ཐལ་བས་སོ། །སྐྱོན་མེད་དེ། སྐབས་དེར་སྡོམ་པ་འདས་པའི་ཚེ་ཐོབ་པ་ཡོད་པས་སོ་ཤེ་ན། སྡོམ་པ་དངོས་མེད་ན་དེའི་ཐོབ་པས་སྡོམ་པའི་གོ་མི་ཆོད་དེ། ཐོབ་པ་ནི་ངེས་པར་ལྡན་མིན་འདུ་བྱེད་དུ་གནས་ལ། སྡོམ་པ་ནི་དེར་འགལ་བའི་ཕྱིར་རོ། །ཡང་འདི་ལྟར་སྡོམ་པ་དང་སྡོམ་མིན་གང་རུང་ལ་རིག་བྱེད་མ་ཡིན་པའི་གཟུགས་ཀྱིས་ཁྱབ་པ་དེ་ལྟ་ན། བར་མ་ལའང་དེས་ཁྱབ་བམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། བར་གནས། ཡོད་ན། ཞེས་དང༌། བར་མ་དོར་ནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན་སྡོམ་པ་དང་སྡོམ་མ་ཡིན་ནི་ཀུན་སློང་དྲག་པོ་ཁོ་ནས་ཀུན་ནས་བསླང་བར་ངེས་པའི་ཕྱིར་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་ངེས་ལ། བར་མ་ལ་ཀུན་སློང་དྲག་ཞན་གྱི་དབྱེ་བས་རིག་བྱེད་ཡིན་མིན་གྱི་གཟུགས་ཀྱི་དབྱེ་བ་གཉིས་འབྱུང་ངོ༌། །དེའི་ཕྱིར་ལུང་མ་བསྟན་གྱི་ཀུན་སློང་ལའང་ཞན་པས་ཁྱབ་པའི་ཕྱིར་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་མེད་པས་ཁྱབ་པ་ཁོ་ནར་མ་ཟད། རིག་བྱེད་ཀྱི་གཟུགས་ཀྱང་ཐོབ་བྱའི་ཆོས་ཀྱི་སྔ་ཕྱིར་སྐྱེ་བ་མེད་དེ། ཇི་སྐད་དུ། སྒྲིབ་པ་དང་ནི་མ་སྒྲིབས་པ། །འདས་པ་དག་དང་ལྡན་པ་མེད། །ཅེས་དང༌། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །ཞེས་སོ། །སྐབས་འདིར་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་ལྡན་ཚུལ་ལ་མུ་བཞི་སྟེ། གཉིས་ཀ་དང་ལྡན་པ་ནི་སྡོམ་པའམ་སྡོམ་མིན་ཅན་དག་གོ །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་ཀྱི་སོ་སོ་སྐྱེ་བོའོ། །རིག་བྱེད་ཁོ་ན་དང་ལྡན་པ་ནི། ཇི་སྐད་དུ། སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་པའོ། །རིག་བྱེད་མ་ཡིན་པ་ཁོ་ན་དང་ལྡན་པ་ནི། ཇི་སྐད་དུ། རྣམ་རིག་གཏང་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །ཞེས་པའོ། །འདི་ཡང་འཕགས་པའི་གང་ཟག་གཟུགས་མེད་དུ་སྐྱེས་པའི་ཚེ་ལྟ་བུ་དེ་ནི་སྡོམ་པ་དང་སྡོམ་མིན་གང་རུང་དང་ལྡན་ལ། བར་མ་དང་ལྡན་པ་དང་མི་ལྡན་པ་གཉིས་དང༌། བར་མ་དང་ལྡན་ལ། སྡོམ་པ་དང་སྡོམ་མིན་གང་རུང་གཉིས་དང་ལྡན་པ་དང་མི་ལྡན་པའི་མུ་གཉིས་སྟེ་བཞིའོ། །མུ་གསུམ་ནི་ཤེས་པར་སླ་ལ། སྡོམ་པའམ་སྡོམ་མིན་ཅན་བར་མ་དང་མི་ལྡན་པའི་བར་མ་ཡང་དག་པར་བླངས་པ་དང་མི་ལྡན་ཞིང༌། ཀུན་སློང་དྲག་པོ་ཁོ་ནས་དགེ་བའམ་མི་དགེ་བའི་ལས་བྱེད་པའི་ཚེ་ལྟ་བུའོ། །ཡང་བསམ་གཏན་གྱི་སྡོམ་པ་ནི་འཐོབ་ཚུལ་གསུམ་སྟེ། སྦྱོར་བས་དང༌། འདོད་ཆགས་དང་བྲལ་བས་དང༌། སྐྱེ་བས་ཐོབ་པ་གསུམ་མོ། །དང་པོ་ནི། འདོད་པའི་རྟེན་ལ་བསམ་གཏན་གྱི་ཉེར་བསྡོགས་མངོན་དུ་བྱས་པའི་ཚེ་ལྟ་བུའོ། །གཉིས་པ་ནི། བསམ་གཏན་གྱི་ས་གོང་མ་ནས་འོག་མར་སྐྱེས་པའི་ཚེ་ལྟ་བུའོ། །གསུམ་པ་ནི། འདོད་པ་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་དགུ་པའི་ཚེ་དངོས་གཞིས་བསྡུས་པའི་བསམ་གཏན་གྱི་སྡོམ་པ་མ་འོངས་པ་ཐོབ་པ་ལྟ་བུའོ། །ཟག་མེད་ལའང་དེ་དང་འདྲ་བར་ཐོབ་ཚུལ་དང་པོ་གཉིས་ཡོད་ལ། སྐྱེ་བས་ཐོབ་པ་མི་སྲིད་དེ། ཁམས་གསུམ་པ་ཅན་གྱི་སས་མ་བསྡུས་པའི་ཕྱིར་རོ། །ཡང་ཇི་སྐད་དུ། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་སྐྱེས་ཡོད་ཟག་མེད་ནི། །བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང༌། །ཞེས་གསུངས་པ་ལས། གཟུགས་ཀྱི་ལྷ་ལ་ནི་བསམ་གཏན་གྱི་སྡོམ་པ་དང་ལྡན་པས་ཁྱབ་ལ་འདོད་པའི་ལྷ་ནི་རྟེན་དུ་རུང་བ་ཙམ་མོ། །གཟུགས་མེད་པའི་ཁམས་ན་ནི་སྡོམ་པ་འདི་ཡོད་པ་མ་ཡིན་ཏེ། རང་ས་ནས་གཟུགས་མེད་པའི་ཕྱིར་དང༌། འོག་མར་ཐོབ་པ་ནི་ས་འཕོས་པས་གཏོང་བའི་ཕྱིར། འོ་ན་གཟུགས་མེད་ནའང༌། ཞེས་དེ་ན་ཟག་མེད་ཀྱི་སྡོམ་པ་ཡོད་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་ནི་དེའི་ཐོབ་པ་ལ་བསམས་པ་ཡིན་ཏེ། ས་འོག་མར་ཐོབ་པའི་ཟག་མེད་ཀྱི་སྡོམ་པ་ནི་ས་འཕོས་པས་མི་གཏོང་བའི་ཕྱིར་དང༌། གཟུགས་ཀྱི་ལྡན་པ་ཡོད་པ་ལ་གཟུགས་ཡོད་པས་མ་ཁྱབ་པའི་ཕྱིར། འོ་ན་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་དང༌། འདུ་ཤེས་མེད་པའི་སེམས་ཅན་ལ་དེའི་ལྡན་པ་མེད་པ་ཅི་ཞེ་ན། ཚངས་པ་ཆེན་པོ་ནི་ལྟ་བ་ཕྱིན་ཅི་ལོག་དང་ལྡན་པས་ཟག་མེད་ལམ་གྱི་རྟེན་དུ་མི་རུང་བ་དང༌། གཉིས་པ་ནི་མི་ཁོམ་པའི་གནས་ཡིན་པས་འཕགས་པ་རྣམས་ཀྱིས་གཡང་ས་ལྟ་བུར་གཟིགས་ཏེ་དེར་སྐྱེ་བ་མི་ལེན་པའི་ཕྱིར་རོ། །ཚངས་པ་ཆེན་པོ་ཟག་མེད་ལམ་གྱི་རྟེན་དུ་མི་རུང་བ་འདི་ཉིད་གྲུབ་མཐའ་སྨྲ་བ་འདི་པ་དག་གི་ལུགས་ཡིན་པ་མོད། ཐེག་པ་ཆེན་པོ་ལས་ནི་ལས་ཀྱི་དབང་གིས་དེར་སྐྱེ་བ་བླངས་པའི་ཚངས་པ་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་དེར་སྐྱེ་བ་བླངས་པ་གཉིས་ལས་དང་པོ་ལྟ་བ་ངན་པ་དང་ལྡན་པ་ཡིན་ཀྱང་གཉིས་པ་ནི་བསམ་གཏན་དང་ཟག་མེད་གཉིས་ཀའི་ལམ་གྱི་རྟེན་ཅན་ནོ། །ཡང་འོ་ན། བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་བཤད་པ་དེ་དེ་ཁོ་ནར་ངེས་སམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་བླངས་པས་ཐོབ་པ་མ་ཡིན་པའི་བར་མའི་དབང་དུ་མཛད་པ་ཡིན་ལ། བར་མ་ལེན་བྱེད་ཀྱི་ཆོ་ག་ཇི་ལྟ་བ་བཞིན་གྱིས་བླངས་པ་ལ་ནི་རིག་མིན་གྱི་གཟུགས་དང་ལྡན་པས་ཁྱབ་སྟེ། ཇི་སྐད་དུ། ལྷག་མའི་རྣམ་རིག་མིན་ཞིང་དང༌། །ལེན་དང་གུས་པར་བྱེད་པས་ཐོབ། །ཅེས་བཤད་པའི་ཕྱིར་རོ། །དེས་ན་དེ་བླངས་པའི་འོག་ཏུ་ནི་ཀུན་སློང་ཞན་པས་བྱས་ཀྱང་རིག་བྱེད་མ་ཡིན་པའི་གཟུགས་དང་ལྡན་ཏེ། དཔེར་ན་རྫས་ལས་བྱུང་བའི་བསོད་ནམས་བཞིན་ནོ། །གཉིས་པ་གཏོང་ཚུལ་ལ་གསུམ་ལས། དང་པོ་སོ་ཐར་གྱི་ནི། ཇི་སྐད་དུ། བསླབ་པ་ཕུལ་དང་ཤི་འཕོས་དང༌། །མཚན་གཉིས་དག་ནི་བྱུང་བ་དང༌། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང༌། །ཞེས་པའོ། །འདི་དག་གི་དོན་ལ་རང་འགྲེལ་ལས། སྒྲུབ་བྱེད་གོ་རིམ་བཞིན་དུ། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་སྐྱེད་པ་དང༌། རྟེན་བོར་བ་དང༌། རྟེན་ཉམས་པ་དང༌། གཞི་ཆད་པ་དང༌། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །ཞེས་དང༌། བསྙེན་གནས་ནི་གཏོང་རྒྱུ་དེ་དག་ཁོ་ནར་མ་ཟད། མཚན་མོ་འདས་པས་ཀྱང་གཏོང་ངོ༌། །ཞེས་གསུངས། འདི་ནི་སྡོམ་པ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་སྐྱེས་པ་ཞེས་བྱ་བའི་དོན་ཡིན་གྱི་སྐྱེད་པ་ཙམ་གྱིས་མི་ཆོག་པ་དང༌། དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་དང༌། འགལ་བ་དགོས་ཀྱི། བཅས་རྐྱང་བླངས་པ་དང་འགལ་བ་ཙམ་གྱིས་མི་ཆོག་པ་དང༌། དེ་ཡང་རྩ་བ་བཞི་བླངས་པ་དང་འགལ་དགོས་པ་དང༌། དེ་ཡང་སྡོམ་པ་གཏོང་འདོད་ཀྱི་བསམ་པས་ཀུན་ནས་བསླངས་དགོས་ཀྱི། དེ་ལས་གཞན་དུ་ཕམ་པས་ཀྱང་སྡོམ་པ་གཏོང་བར་འགྱུར་ཏེ། སྡོམ་པ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་སྐྱེས་པའི་ཕྱིར་རོ། །གལ་ཏེ་སྡོམ་མིན་དང་འགལ་བའི་རིག་བྱེད་སྐྱེས་པའི་སྟོབས་ཀྱིས་སྡོམ་མིན་གཏོང་བ་ནི་ངེས་པར་སྡོམ་པ་སྐྱེས་པ་ལ་རག་ལས་པ་བཞིན་དུ། ཅིག་ཤོས་འདི་ལ་ཡང་སྡོམ་མིན་ངེས་པར་སྐྱེས་པ་ཅིག་དགོས་སམ་མི་དགོས། དགོས་ན་བསླབ་པ་ཕུལ་བ་ཙམ་གྱིས་མི་ཆོག་པར་སྡོམ་མིན་ལེན་དགོས་པ་ཉིད་དུ་ཐལ་བར་འགྱུར་ལ། མི་དགོས་ན་གཉིས་པོ་མི་མཚུངས་པའི་རྒྱུ་མཚན་བཤད་དགོས་སོ་ཤེ་ན། འགྲེལ་པར་དཔེའི་སྒོ་ནས་བཤད་པ་ནི། ནད་འགའ་ཞིག་སྐྱེད་པའི་རྒྱུ་ནི། མི་འཕྲོད་པའི་ཟས་དང༌། སེལ་བའི་ཐབས་ནི་སྨན་ཡིན་པ་དེའི་ཚེ་མི་འཕྲོད་པའི་ཟས་དེ་སྤངས་པ་ཙམ་གྱིས་ནད་སེལ་བར་མི་ནུས་ཀྱི་སྨན་ངེས་པར་སྟེན་དགོས་པ་བཞིན་དུ་སྡོམ་མིན་ནི་སྲོག་གཅོད་པ་ལ་སོགས་པ་མི་བྱ་བར་དམ་བཅས་པ་ཙམ་གྱིས་གཏོང་བར་མི་ནུས་ཀྱི། དེའི་འགལ་ཟླར་གྱུར་པའི་གཉེན་པོ་རྒྱུད་ལ་སྐྱེད་པར་བྱ་དགོས་སོ། །ཡང་ནད་སྐྱེད་པ་ལ་མི་འཕྲོད་པའི་ཟས་རྟེན་པ་ཙམ་གྱིས་ཆོག་གི དེའི་འགལ་ཟླར་གྱུར་པའི་སྨན་མི་དགོས་པ་བཞིན་དུ་སྡོམ་པ་གཏོང་བའི་ཚུལ་ཡང་དེ་དང་འདྲ་བར་བཤད་དོ། །ཡང་རྟེན་བོར་བ་ཞེས་པ་ཡང་སྡོམ་པ་ཇི་ཙམ་དུ་བསྲུང་བ་ཁས་བླངས་པའི་རྟེན་དེ་བོར་བ་ལ་བྱ་བ་ཡིན་གྱི། སྒྲ་ཇི་བཞིན་པ་དེ་ཉིད་ཀྱིས་ཆོག་པ་མ་ཡིན་ཏེ། གཞན་དུ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་གཉིས་ཀྱང་ཤི་འཕོས་པས་གཏོང་བ་ཧ་ཅང་ཐལ་ལོ། །རྟེན་ཉམས་པ་ཞེས་པ་ཡང་ཕོ་མོ་གཉིས་ཀའི་རྟེན་ལས་ཉམས་པ་ལ་འཆད་དགོས་ཀྱི། སྒྲ་ཇི་བཞིན་པ་ལྟར་ན། དགེ་སློང་ཕ་མཚན་གྱུར་པ་ན་སྡོམ་པ་གཏོང་བར་འགྱུར་ཏེ། རྟེན་ཉམས་པའི་ཕྱིར་རོ། །དགེ་བའི་རྩ་བ་ཆད་པས་གཏོང༌། །ཞེས་པ་ཡང་ཞིབ་མོར་ཤེས་དགོས་ཏེ། ཆད་པའི་དོན་སྐྱེས་ཐོབ་ཆད་པའམ་སྦྱོར་བྱུང་ཆད་པ་གང་ལ་བྱེད། དང་པོ་ལྟར་ན་དགེ་རྩ་ཆད་པ་སྡོམ་པའི་གཏོང་རྒྱུར་མི་རིགས་ཏེ། སྐྱེས་ཐོབ་ཆད་པའི་དུས་སུ་སྦྱོར་བྱུང་ཆད་ནས་ཡུན་རིང་དུ་ལོན་པའི་ཕྱིར། དེ་སྐད་དུ་ཡང༌། ཀུན་གྱིས་རིམ་གྱིས། ཞེས་གསུངས་སོ། །གཉིས་པ་ལྟར་ན་དགེ་རྩ་ཆད་པ་གཏོང་རྒྱུར་མ་སོང་སྟེ། དགེ་བའི་རྩ་བ་སྦྱོར་བྱུང་ཆད་པ་ཙམ་གྱིས་དགེ་རྩ་ཆད་པར་བཞག་མི་ནུས་པའི་ཕྱིར། དེས་ན་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལོག་ལྟས་སྡོམ་པ་གཏོང་བ་ལ་རྩ་བ་ཆད་པས་གཏོང་ཞེས་ཐ་སྙད་སྦྱར་བདེ་བར་བྱའོ། །ཡང་བསྙེན་གནས་མཚན་མོ་འདས་པ་ན་གཏོང་ཞེས་པ་ཡང་མཚན་མོ་མ་མཐའི་སྐད་ཅིག་མ་ཐ་མ་འདས་པ་ཙམ་ལ་གཏོང་ཞེས་པ་ནི་མ་ཡིན་ཏེ། དེ་འདས་པའི་འོག་ཏུ་སྐྱ་རེངས་གསུམ་རིམ་གྱིས་ཤར་ནས་ནམ་ལངས་པ་ཡིན་པ་ལས་ནམ་ལངས་ཀྱི་བར་དུ་འདི་མི་གཏོང་བའི་ཕྱིར། དེ་སྐད་དུ་ཡང༌། ནམ་ནི་ལངས་བར་དུ། །ཞེས་གསུངས་སོ། །ལུགས་འདིར་ཉིན་ཞག་ཕྱེད་པའི་བསྙེན་གནས་ཀྱི་སྡོམ་པ་ཁས་མི་ལེན་པ་ཡང་མ་ཡིན་ཏེ། ཇི་སྐད་དུ། འགྲེལ་པ་ལས། སྔོན་ཡང་དག་པར་བླངས་པ་བྱས་པ་དེ་ནི་ཟན་ཟོས་ནས་ཀྱང་ནོད་པར་བྱའོ། །ཞེས་ཕྱི་དྲོ་ལེན་པར་ཡང་བཤད་པའི་ཕྱིར། དེས་ན་ལུགས་འདིར་ཡང་བསྙེན་གནས་ལ་བར་མ་དང་སྡོམ་པ་གཉིས་ལས། དང་པོ་ནི། ཟླ་བ་འབྱུང་ངོ་ཅོག་གི་ཚེས་བརྒྱད་ཐམས་ཅད་ལ་བསྲུངས་བར་དགེ་སློང་གི་དྲུང་དུ་ཁས་བླངས་པ་དེ་ཡང་བར་མ་ལས་མ་འདས་ཏེ། སྡོམ་པ་ནི་དེ་ལྟར་བླངས་པས་མི་སྐྱེ་བའི་ཕྱིར་རོ། །ཡང་ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུས་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པ་དེ་ལ་རྐང་པ་དང་པོ་ནི་མདོ་སྡེ་པའི་འདོད་པ་སྟེ། ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་པར་ཁས་ལེན་པ་ཡིན་གྱི་རྩ་བའི་ལྟུང་བ་འཆབ་མེད་འདོད་པ་ནི་མ་ཡིན་ཏེ། གཞན་དུ་ན། ཇི་སྐད་དུ། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་པའི་གཞུང་གི་དོན་མདོ་སྡེ་པས་འཆད་མི་ནུས་པར་ཐལ་བས་སོ། །བོད་ལ་ལ་དག ཕམ་པ་འཆབ་མེད་ཅན་ལ་སྡོམ་པ་སླར་བྱིན་ནས་དེའི་འོག་ཏུ་ཆད་པའི་ལས་ཀྱིས་བསླབ་པ་སྤྱོད་པ་ནི་མདོ་སྡེ་པའི་གྲུབ་པའོ། །ཞེས་ཟེར་བ་དག་ཡོད་ཀྱང་དེ་ནི་འདོད་པ་མ་ཡིན་པར་འགྲེལ་པ་ན་གསལ་བའི་ཚུལ་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གོས་དམར་བའི་སྡེ་པ་དག་དམ་པའི་ཆོས་ནུབ་པ་ཡང་སྡོམ་པའི་གཏོང་རྒྱུར་འདོད་མོད། སློབ་དཔོན་དང་བྱེ་བྲག་ཏུ་སྨྲ་བ་ནི་དེའི་ཚེ་སྡོམ་པ་ཕྱིས་མི་སྐྱེ་བ་ཡིན་གྱི་སྔར་ཡོད་གཏོང་བ་ནི་མ་ཡིན་ནོ་ཞེས་འདོད་ལ་སྔར་ཡོད་ཀྱི་སྡོམ་པ་མི་གཏོང་བ་དེ་ལྟ་ན་དམ་པའི་ཆོས་ནུབ་པ་མ་ཡིན་པར་ཐལ་ལོ། །ཞེས་པའི་སྐྱོན་ཡང་མེད་དོ། །སྡོམ་པ་སླར་མི་སྐྱེ་བ་དེ་ཉིད་དམ་པའི་ཆོས་ནུབ་པའི་ས་མཚམས་སུ་འཇོག་པའི་ཕྱིར་རོ། །དེ་ནས་བུ་ལོན་ནོར་བཞིན་ཞེས་བྱ་བའི་གཞུང་གི་དོན་ལ་བོད་མང་པོ་དག་ན་རེ། ཁ་ཆེ་བྱེ་སྨྲའི་འདོད་པ་ནི་རྩ་བའི་ལྟུང་བ་བྱུང་ན་དེའི་ངོས་སྐལ་གྱི་སྡོམ་པ་དེ་གཏོང་བ་ཡིན་གྱི། སྡོམ་པ་མཐའ་དག་གཏོང་བ་མ་ཡིན་ལ་དེ་བཞིན་དུ་མི་གཅིག་བསད་པའི་རྩ་བའི་ལྟུང་བ་བྱུང་བ་ན་ཡང་དེའི་ངོ་སྐལ་གྱི་སྡོམ་པ་དེ་ཉིད་གཏོང་བ་ཡིན་གྱི། སྲོག་གཅོད་ཀྱི་སྤོང་བ་མཐའ་དག་གཏོང་བ་མ་ཡིན་ནོ། །དེས་ན་གང་ཉམས་པ་དེ་ཉིད་སླར་སོར་མ་ཆུད་པ་དེ་སྲིད་དུ་ནི་ཚུལ་ལྡན་དང་ཚུལ་འཆལ་གཉིས་ཀ་ཡིན་ལ། སླར་སོར་ཆུད་པ་དེའི་ཚེ་ནི་ཚུལ་ཁྲིམས་དང་ལྡན་པ་ཁོ་ནའོ། །ཞེས་བྱ་བ་འདི་ཡིན་ནོ། །ཞེས་འཆད་པ་ནི་དེའི་འདོད་པ་ངོས་མ་ཟིན་པ་ཡིན་ནོ། །འགྲེལ་པར་དེའི་འདོད་པ་འཆད་པ་ན། ཅི་འདྲ་ཡང་རུང་དགེ་སློང་གི་དངོས་པོ་ནི་ཡོད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཙུནྡ་ལ་བཀའ་སྩལ་བ། དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱི་རྒྱལ་དང་ལམ་སྟོན་དང༌། །ལམ་ཕྱིར་འཚོ་དང་ལམ་སུན་འབྱིན། །ཞེས་གསུངས་སོ། །གལ་ཏེ་འཆལ་པའི་ཚུལ་ཁྲིམས་ལས་དགེ་སློང་མ་ཡིན་པར་འགྱུར་ན་ནི་བསླབ་པ་སྦྱིན་པ་མེད་པར་འགྱུར་རོ། །གལ་ཏེ་ཕས་ཕམ་པ་དགེ་སློང་མ་ཡིན་ན་ཅི་སྟེ་ཡང་རབ་ཏུ་མི་འབྱུང༌། ཞེས་འབྱུང་ལ། དེ་ཉིད་བྱེ་བྲག་ཏུ་སྨྲ་བའི་གཞུང་ཡིན་པའི་ཕྱིར་རོ། །གལ་ཏེ་ལུང་དེའི་དོན་ཁོ་བོ་ཅག་གིས་ཀྱང་བཤད་ཟིན་པ་དེ་ཉིད་མ་ཡིན་ནམ་ཞེ་ན། ཁྱེད་ཀྱིས་ལེགས་པར་བཤད་པ་མ་ཡིན་ཏེ། རྩ་བའི་ལྟུང་བ་གཅིག་བྱུང་བ་ན་དེའི་ངོ་སྐལ་གྱི་དགེ་སློང་གི་དངོས་པོ་བཏང་བར་བཤད་ལ། ལུང་དེས་ནི་དེས་དེ་གཏོང་བ་ལ་གནོད་བྱེད་བརྗོད་པའི་ཕྱིར། ཇི་སྐད་དུ། ཇི་ལྟར་ཞེ་ན། རྩ་བ་གཅིག་བྱུང་བའི་དགེ་སློང་དེ་ལ་ཆད་པའི་ལས་ཀྱི་བསླབ་པ་བྱིན་ནས་སྤྱོད་པའི་ཚེ་སླར་ཡང་སྔོན་བྱུང་ཟིན་པའི་རྩ་བའི་ལྟུང་བ་དེ་སྤྱད་ན་ཕམ་པ་འབྱུང་བ་མ་ཡིན་པར་ཐལ་བ་དང༌། དེ་འདྲ་དེ་ལ་ཆད་པའི་ལས་ཀྱི་བསླབ་པ་བྱིན་པའི་སྔོན་རོལ་དུ་སླར་ཡང་སྡོམ་པ་ལེན་དགོས་པ་ཉིད་དུ་ཐལ་བར་འགྱུར་ཏེ། རྩ་བའི་ལྟུང་བ་བྱུང་བ་ན་དེའི་ངོ་སྐལ་གྱི་སྡོམ་པ་གཏོང་བའི་ཕྱིར། རྩ་བའི་ལྟུང་བ་གང་བྱུང་བ་དེ་བཤགས་པའི་ཚེ་ན། ཚུལ་ཁྲིམས་དང་ལྡན་པ་ཁོ་ན་ཡིན་ཞེས་འབྱུང་བ་དེ་ཡང་མི་འཐད་པར་འགྱུར་ཏེ། རྩ་བའི་ལྟུང་བ་དེས་སྡོམ་པ་བཏང་ཟིན་པའི་ཕྱིར། དེས་ན་ཁ་ཆེ་བའི་འདོད་པ་ནི། རྩ་བའི་ལྟུང་བས་སྡོམ་པ་མཐའ་དག་གཏོང་བ་ལྟ་ཅི་སྨོས། ངོ་སྐལ་གྱི་སྡོམ་པ་གཏོང་བར་འདོད་པ་ཡང་མ་ཡིན་ཏེ། འགྲེལ་པ་ལས། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་ལྟར་འདོད་དེ། རྩ་བའི་ལྟུང་བ་བྱུང་བ་ལ་ཡང་སྡོམ་པ་གཏོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་ནི་མི་རིགས་སོ། །ཞེས་གསུངས་པས་སོ། །དེས་ན་རྩ་བའི་ལྟུང་བ་བྱུང་བ་ན་དེའི་ངོ་སྐལ་གྱི་སྡོམ་པ་ཁོ་ན་ཉམས་པར་བྱེད་ཅིང༌། དེ་ཡང་འཆབ་མེད་ནི་སླར་གསོར་རུང་བས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་དེའི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཁོ་ནར་འགྱུར་ལ། འཆབ་བཅས་ནི་སླར་གསོར་མི་ནུས་པས་དེའི་ཕྱིར་བཅོས་པ་ན་ཚུལ་ཁྲིམས་དང་ལྡན་པ་ཁོ་ནར་འགྱུར་བ་ཞེས་བྱ་བ་དེ་མི་སྲིད་དོ། །ཞེས་འདོད་དོ། །དེ་ལ་མདོ་སྡེ་པ་ན་རེ། འོ་ན་ལུང་ལས། དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང༌། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། ཞེས་བཤད་པ་དང་འགལ་ལོ། །བྱེ་བྲག་ཏུ་སྨྲ་བ་ན་རེ། དེ་ནི་དོན་དམ་པའི་དགེ་སློང་ལ་དགོངས་སོ། །མདོ་སྡེ་པ་ན་རེ། འོ་ན་སྔོན་དོན་དམ་པའི་དགེ་སློང་ཡིན་པར་འགྱུར་རོ། །བྱེ་སྨྲ་ན་རེ། འོ་ན་ཕྱོགས་གཅིག་བླངས་པས་མཐའ་དག་བླངས་པར་འགྱུར་ཏེ། ཕྱོགས་གཅིག་ཉམས་པས་མཐའ་དག་ཉམས་པའི་ཕྱིར། མདོ་སྡེ་པ་ན་རེ། དེས་དེ་ཉམས་པ་ལ་ལུང་རིགས་གཉིས་ལས། ལུང་ནི། ཤིང་ཏ་ལའི་མགོ་བོ་བཅད་པའི་དཔེས་གསུངས་སོ། །རིགས་པ་ནི། རྩ་བའི་ལྟུང་བ་འཆབ་པ་དང་བཅས་པ་གང་ཡང་རུང་བ་ཞིག་བྱུང་ན། ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པས་སྡོམ་པའི་རྩ་བ་གཅོད་པར་བྱེད་ནུས་པ་ཡིན་ནོ། །དེར་ཡང་མ་ཟད་ཀྱི་རྩ་བའི་ལྟུང་བ་འཆབ་པ་དང་བཅས་པ་བྱུང་བ་ནི་དགེ་འདུན་གྱི་ཆོས་དང་ཟང་ཟིང་མཐའ་དག་གིས་སྤོང་བར་བཤད་པ་དང༌། ཇི་སྐད་དུ། དགེ་སློང་མིན་ལ་དགེ་སློང་དུ། །སྨྲ་བའི་སྲེད་པ་བསལ་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །སྙིང་པོ་མེད་པ་འདོར་བར་གྱིས། །ཞེས་གསུངས་སོ་ཞེས་འཆད་དོ། །བོད་ཀྱི་འདུལ་བ་འཛིན་པ་རྣམས་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་འདོད་པ་འདི་ཉིད་ལུང་དང་མཐུན་པ་ཡིན་ཏེ། ལུང་ལས་ཕམ་པ་བཞི་ཀ་བྱུང་བའི་དགེ་སློང་གསུངས་པ་དང༌། ཚུལ་ཁྲིམས་འཆལ་པ་དགེ་སློང་མ་ལ་རྗེས་སུ་སྟོན་པར་བྱེད་ན་ལྟུང་བྱེད་དུ་གསུངས་པ་དང༌། ཕམ་པར་གྱུར་པ་ལྷག་པར་སྤྱོད་པས་དགེ་སློང་ཉམས་པ་ལ་སྐུར་པ་བཏབ་ན་ཡང༌། དགེ་འདུན་ལྷག་མ་གསུངས་པའི་ཕྱིར། ཞེས་འཆད་དོ། །གཉིས་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་གཏོང་རྒྱུ་ནི། ཇི་སྐད་དུ། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཞེས་གསུངས་པ་དེའི་དོན་ནི། བསམ་གཏན་གྱི་སྡོམ་པ་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། ས་འཕོས་པ་དང༌། སྙོམས་འཇུག་ལས་ཉམས་པའོ། །རིགས་མཐུན་བཏང་བས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ། །དེ་དག་གི་ནང་ནས་ས་འཕོ་བའི་ཚུལ་ནི་གཉིས་ཏེ། འོག་ས་ནས་གོང་སར་འཕོ་བ་དང༌། གོང་ས་ནས་འོག་སར་འཕོ་བའོ། །རང་ས་ནས་རང་ས་སྐྱེས་པ་ལ་ནི་ས་འཕོ་བའི་དོན་མེད་དེ། དཔེར་ན་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་དངོས་གཞི་སྐྱེས་པ་ཚངས་རིགས་སུ་སྐྱེ་བ་བླངས་པའི་ཚེ་ལྟ་བུའོ། །དེ་ལྟ་ཡིན་པ་དེའི་ཕྱིར་བསམ་གཏན་དང་པོ་ནས་གཉིས་པར་སྐྱེ་བ་བླངས་པ་དེའི་ཚེ་ཡང་ས་འཕོས་པ་མ་ཡིན་ཏེ། རང་གི་སར་སོང་བ་ཁོ་ན་ཡིན་པའི་ཕྱིར། འོ་ན་དེའི་ཚེ་ས་འཕོས་པ་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། གོང་མའི་དངོས་གཞི་མངོན་དུ་མ་བྱས་པར་ནི་ས་གོང་མར་སྐྱེ་བ་ལེན་པ་མི་སྲིད་པས་འོག་མའི་རྟེན་ལ་གོང་མའི་དངོས་གཞི་མངོན་དུ་བྱས་པ་དེའི་ཚེ་འོག་ས་གཏང་ན་ས་གོང་སར་འཕོས་པ་ཡིན་པས་སོ། །དེས་ནས་འོག་མ་ནས་གོང་མར་འཕོས་པའི་འཇོག་མཚམས་ནི་སྐྱེ་བ་ལེན་པ་ལ་རག་མ་ལས་སོ། །ཡང་ས་གོང་མ་ནས་འོག་མར་འཕོ་བའི་ཚུལ་ལ་གཉིས་ཏེ། བསམ་གཏན་གཉིས་པ་ནས་དང་པོར་སྐྱེ་བ་ལྟ་བུ་དང༌། འདོད་པའི་རྟེན་ལ་བསམ་གཏན་བཞི་ཐོབ་པ་གོང་མ་གོང་མ་བཏང་ནས་འོག་མ་འོག་མར་འཕོ་བའོ། །དེ་ལའང་གཉིས་ཏེ། གོང་མ་ལས་ཉམས་ནས་དང༌། མ་ཉམས་པར་འཕོ་བའོ། །དེ་ལྟར་གསུམ་ལས་ཐོག་མཐའ་གཉིས་ལ་ནི་ས་འཕོས་པ་ཞེས་བྱ་ཡི། ཉམས་པ་ཞེས་མི་བྱ། བར་པ་དེ་ནི་ཉམས་པས་གཏོང་པའི་ནང་དུ་བསྡུའོ། །འོ་ན་འོག་ས་ནས་གོང་སར་སྐྱེ་བའི་ཚེ་ས་འཕོ་བར་འཇོག་པ་ལ་འཆི་འཕོ་བ་མི་དགོས་ལ། གོང་མ་ནས་འོག་སར་སྐྱེ་བའི་ཚེ་ས་འཕོ་བ་ལ་འཆི་འཕོ་བ་དགོས་པའི་ཁྱད་པར་ཅི་ཞེ་ན། འོག་མ་ནས་གོང་མར་སྐྱེ་བ་ལ་ས་འཕོས་པ་སྔོན་དུ་འགྲོ་དགོས་ལ། ཅིག་ཤོས་ལ་དེ་མི་དགོས་པས་སོ། །དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། འཆི་འཕོའི་དག་ལས་ཉོན་མོངས་ཀུན། །ཞེས་འབྱུང་བ་ལྟར། བསམ་གཏན་གཉིས་པའི་འཆི་སེམས་དག་པ་བ་ལས་བསམ་གཏན་དང་པོའི་ཉིང་མཚམས་སྦྱོར་སེམས་ཉོན་མོངས་དངོས་སུ་སྐྱེ་བར་བཤད་པའོ། །དེའི་རྒྱུ་མཚན་གྱིས། ཇི་སྐད་དུ། སྐྱེ་བ་ལས་ནི་དག་པ་ཐོབ། །ཞེས་དང༌། ཁམས་གསུམ་པ་ཡིན་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་བསྙད་དོ། །ཞེས་བཤད་དོ། །དེ་ལྟར་ན་ས་འོག་མ་ནས་གོང་མར་སྐྱེ་བའི་ཚེ་འདོད་ཆགས་དང་བྲལ་བས་ཐོབ་པ་དང༌། གོང་ས་ནས་འོག་སར་སྐྱེ་བའི་ཚེ་སྐྱེ་བས་ཐོབ་པ་ཞེས་བྱ་བ་འདི་གཉིས་ནི་སྐབས་འདིར་དངོས་སུ་བསྟན་པའི་ས་འཕོས་པ་ཞེས་བྱ་བ་དེ་ཉིད་ཡིན་ལ། འདི་ཡང་སྔར་མི་ལྡན་པ་གསར་དུ་ཐོབ་པའི་དབང་དུ་བྱས་པ་ཡིན་ཞིང༌། འདི་ཡང་ཇི་སྐད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལས་ནི་དག་པ་ཐོབ། །ཞེས་གསུངས་པ་དེ་ཉིད་དོ། །དེར་མ་འདུས་པའི་ས་འཕོ་ཚུལ་གཞན་ཡང་ཡོད་པ་ནི་འདོད་པའི་རྟེན་ལ་བསམ་གཏན་བཞི་དང་གཟུགས་མེད་མེད་ཐོབ་ལ་མ་ཉམས་པ་དེས། ཇི་སྐད་དུ། ས་བརྒྱད་རྣམ་པ་གཉིས་འབྲེལ་དང༌། །ཞེས་པའི་སྐབས་ནས་འབྱུང་བ་ལྟར་བསམ་གཏན་དང་པོ་ནས་གཉིས་པ་ལྟ་བུ་ལ་སྙོམས་པར་ཞུགས་པའི་ཚེ་སྔ་མས་འཕོས་པ་དང༌། སྔ་མ་བཏང་ནས་ཕྱི་མ་ཐོབ་པར་འཇོག་དགོས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པས་དེ་དག་ས་བོར་བས། །གཏོང་ངོ༌། །ཞེས་བཤད་པ་ལྟར་རོ། །འོ་ན་བསམ་གཏན་བཞི་པ་ནས་གཟུགས་མེད་དུ་སྙོམས་པར་ཞུགས་པའི་ཚེ་བསམ་གཏན་གྱི་སྡོམ་པ་མ་ལུས་པ་བཏང་བར་ཁས་ལེན་དགོས་པ་ཡིན་ནམ་ཞེ་ན། དེ་ལྟར་དགོས་པ་ཡིན་ཏེ། དཔེར་ན། གཟུགས་མེད་ནམ་མཁའི་ཉེར་བསྡོགས་ཀྱིས་བསམ་གཏན་བཞི་པ་ལ་ཆགས་བྲལ་བྱས་པའི་ཚེ་བསམ་གཏན་གྱི་སྡོམ་པ་མ་ལུས་པ་གཏོང་བ་འདོད་དགོས་པ་བཞིན་ནོ། །དེ་ཡང་ཇི་སྐད་དུ། འགྲེལ་པར། བསམ་གཏན་དག་པ་པ་འདོད་ཆགས་དང་བྲལ་བས་ཐོབ་པར་འགྱུར་ལ། འདོད་ཆགས་དང་བྲལ་བས་འདོར་བར་འགྱུར་བ་དང༌། ཡོངས་སུ་ཉམས་པར་ཐོབ་པར་འགྱུར་བ་དང་འདོར་བར་འགྱུར་བ་དང༌། སྐྱེ་བས་ཐོབ་པ་དང་འདོར་བར་འགྱུར་བ་ཡོད་དམ་ཞེ་ན་ཡོད་དེ། བསམ་གཏན་དང་པོའི་ཉམས་པའི་ཆ་དང་མཐུན་པའོ། །དེ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བས་ཐོབ་ལ། ཚངས་པའི་འཇིག་རྟེན་ལ་འདོད་ཆགས་དང་བྲལ་བས་འདོར་རོ། །ཚངས་པའི་འཇིག་རྟེན་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་ཐོབ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ལས་འདོར་རོ། །གོང་ནས་ཚངས་པའི་འཇིག་རྟེན་སྐྱེ་བ་ན་ཐོབ་ལ། དེ་ནས་འདོད་པའི་ཁམས་སུ་སྐྱེ་བ་ན་འདོར་རོ། །ས་འཕོས་པ་ཙམ་གྱིས་གཏོང་བ་དེ་ལྟ་ན། ཇི་སྐད་དུ། བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་ལྡན། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་འགལ་བ་མེད་དེ། བསམ་གཏན་དང་པོ་ནས་གཉིས་པར་འཕོས་པའི་ཚེ་ལན་གཅིག་དང་པོ་བཏང་ཡང༌། གཉིས་པ་ཐོབ་པའི་ཚེ་དང་པོའི་སེམས་འདས་པ་དང་ལྡན་པར་བཞག་དགོས་པའི་ཕྱིར་དང༌། ཇི་སྐད་དུ་གང་ལས་ཆགས་བྲལ་བྱ་ཕྱིར་གང༌། །འཐོབ་པ་དེར་ཡང་འོག་མའང་འཐོབ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་དེར་མ་འདུས་པའི་ཡོངས་སུ་ཉམས་པས་གཏོང་བ་ནི་གཉིས་ཏེ། མ་ལུས་པར་གཏོང་བ་དང༌། ཕྱོགས་རེ་གཏོང་བའོ། །དང་པོ་ནི། འདོད་པའི་རྟེན་ལ་བསམ་གཏན་ལས་ཉམས་པ་ལྟ་བུའོ། །གཉིས་པ་ནི། རྟེན་དེ་ལ་བསམ་གཏན་གོང་མ་ལས་ཉམས་ནས་འོག་མ་མངོན་དུ་བྱས་པའི་ཚེ་ལྟ་བུའོ། །གསུམ་པ་རིགས་མཐུན་བཏང་བས་ཅུང་ཟད་བཏང་བ་ནི། གོང་དུ་བཤད་པའི་གོང་ས་ནས་འོག་སར་ཤི་འཕོས་པ་ལྟ་བུའི་ཚེ་ལ་ཟེར་བ་ནི་མ་ཡིན་ཏེ། དེ་ནི་ས་འཕོས་པའི་གཏོང་བའི་ནང་དུ་བསྡུ་བ་ཉིད་འགྲེལ་པའི་དགོངས་པར་གནས་པས་སོ། །འོ་ན་ཅི་ཞེ་ན། བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་འདོད་རྟེན་ཅན་ཤི་འཕོས་པ་ཉིད་ཀྱིས་བསམ་གཏན་གྱི་སྡོམ་པ་མ་ལུས་པར་གཏོང་བར་ལྟ་བུའམ། བསམ་གཏན་གཉིས་པའི་ཉེར་བསྡོགས་ཙམ་ཞིག་ཐོབ་པའི་བསམ་གཏན་དང་པོའི་རྟེན་ཅན་འཆི་འཕོས་པའི་ཚེ་ལྟ་བུའོ། །དང་པོ་ནི། བསམ་གཏན་གྱི་སྡོམ་པ་རིལ་གྱི་གཏོང་བ་ཡིན་ཏེ། དེ་འདྲ་དེ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་རྒྱུ་མཚན་གྱིས་སྐྱེ་བ་ལེན་པ་ནི་འདོད་པའི་ཁམས་ཁོ་ནར་ངེས་ལ། བསམ་གཏན་གྱི་ཉེར་བསྡོགས་ལས་མ་ཉམས་བཞིན་དུ་འདོད་པར་སྐྱེ་བ་ལེན་པ་ནི་མི་སྲིད་པའི་ཕྱིར་རོ། །གཉིས་པ་དེ་ནི་བསམ་གཏན་གྱི་སྡོམ་པའི་ཆ་ཤས་ཅུང་ཟད་ཅིག་གཏོང་བ་ཡིན་ཏེ། བསམ་གཏན་གཉིས་པས་བསྡུས་པའི་ཉེར་བསྡོགས་བཏང་ཡང་བསམ་གཏན་དང་པོའི་དངོས་གཞི་མ་བཏང་བས་སོ། །འོ་ན་དེ་འདྲ་དེ་ས་འཕོས་པའི་ནང་དུ་མི་བསྡུས་པ་ཅི་ཞེ་ན། ས་འཕོས་པ་ནི་དངོས་གཞིའི་ས་འཕོས་པ་ལ་བྱ་བ་ཡིན་པ་དང༌། གོང་མའི་དངོས་གཞི་མ་ཐོབ་པ་དེ་སྲིད་དུ། ས་འོག་མ་དེ་དང་དེར་སྐྱེ་བ་ལ་ནི་རང་སར་སོང་བ་ཡིན་གྱི་ས་འཕོས་པ་མ་ཡིན་པའི་ཕྱིར་རོ། །ཡང་བསམ་གཏན་གྱི་སྡོམ་པའི་ཐོབ་གཏོང་འཆད་པ་ན་ངེས་འབྱེད་ཀྱི་ཐོབ་གཏོང་འཆད་པ་ཞིག་འགྲེལ་པ་དག་ན་སྣང་བ་འདིའི་དོན་ཅི། འཕགས་པས་ངེས་འབྱེད་ས་བོར་བས་དང༌། འཕགས་མིན་གྱིས་ངེས་འབྱེད་འཆི་བ་གཏོང་བར་བཤད་པ་དེའི་དོན་ཡང་གང་ཞེ་ན། དེར་དེ་འཆད་ལ་མཐོང་ལམ་དང་སྒོམ་ལམ་ཟག་མེད་ཀྱིས་འཐོབ་གཏོང་མི་འཆད་པ་ཅི་ཞེ་ན། ངེས་འབྱེད་ནི་ཟག་བཅས་ཀྱི་དགེ་བ་དག་པ་པ་ཁོ་ནའི་ངོ་བོར་སྐྱེ་ཞིང༌། དེ་ཡང་བསམ་གཏན་ས་དྲུག་པོ་གང་རུང་གིས་བསྡུས་པ་ལས་དང༌། སྒོམ་ལམ་ཟག་བཅས་ཀྱི་འཐོབ་གཏོང་ནི་བསམ་གཏན་དང་གཟུགས་མེད་ཀྱི་དགེ་བ་དག་པ་པའི་ཐོབ་གཏོང་གི་ཚུལ་ལས་དཔག་ནུས་པ་དང༌། ལམ་ཟག་མེད་དག་ནི་ཟག་མེད་སྡོམ་པའི་འཐོབ་གཏོང་ལས་གཏོང་ནུས་པའོ། །དེ་ཡང་འཕགས་པས་ནི་སྔོན་ངེས་འབྱེད་ཆ་མཐུན་གང་གིས་ཐོབ་པའི་ས་དེ་མ་འཕོས་པ་དེ་སྲིད་དུ་ངེས་འབྱེད་མི་གཏོང་བས་ན་སངས་རྒྱས་འཕགས་པ་ཡང་སྦྱོར་ལམ་དང་ལྡན་པ་ཡིན་ཏེ། དེས་ནི་དྲོད་ནས་བཟུང་སྟེ་ཟད་མི་སྐྱེ་ཤེས་ཀྱི་བར་ས་གཅིག་ལ་བརྟེན་ནས་མངོན་དུ་བྱས་པས་སོ། །དེས་ན་འཕགས་རྒྱུད་ལ་ངེས་འབྱེད་ཀྱི་ཐོབ་པ་དང༌། སོ་སོ་སྐྱེ་བོའི་ཐོབ་པ་ལྡན་པ་དེ་ནི་ས་འཕོས་པའི་ཚེ་ན་གཏོང་བར་ངེས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པས་དེ་དག་ས་བོར་བས། །གཏོང་ངོ༌། །ཞེས་དང༌། །ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་དེ་ཐོབ་དང༌། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་གསུངས་པས་སོ། །འོ་ན་སོ་སྐྱེའི་གནས་སྐབས་ཀྱི་ངེས་འབྱེད་ཀྱང་དེ་ཙམ་གྱིས་གཏོང་ངམ་ཞེ་ན། མ་ཡིན་ཏེ། བསམ་གཏན་དང་པོའི་དངོས་གཞི་ལ་རྟེན་པའི་སྦྱོར་ལམ་གྱི་བསམ་གཏན་གཉིས་པའི་དངོས་གཞི་མངོན་དུ་བྱས་པ་དེའི་ཚེ་རྟེན་བསམ་གཏན་དང་པོའི་དངོས་གཞི་བཏང་ཡང་བརྟེན་པ་ངེས་འབྱེད་ནི་བཏང་བ་མེད་དོ། །དེའི་ཚེ་བརྟེན་པ་གཉིས་པོ་ནི་འདོད་ཆགས་བྲལ་བས་འདོར་བ་དང་ཐོབ་པ་ཞེས་བྱ་བ་དེ་ཡིན་ལ། ངེས་འབྱེད་ནི་སྦྱོར་བ་འབད་རྩོལ་ཁོ་ནས་ཐོབ་པར་ངེས་ཀྱི་འདོད་ཆགས་དང་བྲལ་བས་ཐོབ་པ་དང་འདོར་བ་གཉིས་ཀ་མི་སྲིད་པའི་ཕྱིར་རོ། །འཕགས་པའི་གནས་སྐབས་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྐབས་དེར་ནི་ངེས་འབྱེད་ཀྱི་ཐོབ་པ་ཡོད་ཀྱང་ངེས་འབྱེད་དངོས་ཡོད་པ་མ་ཡིན་པས་མི་འདྲ་བའི་ཕྱིར་དང༌། ངེས་འབྱེད་དངོས་དང་བྲལ་བའི་ཐོབ་པ་ནི་གཏོང་སླ་བའི་ཕྱིར། སོ་སོ་སྐྱེ་བོས་ནི་ས་འཕོས་ཀྱང་རུང་མ་འཕོས་ཀྱང་རུང་སྟེ། འཆི་བ་ཁོ་ནས་ངེས་འབྱེད་གཏོང་བའི་ཁྱབ་པ་ངེས་པ་ཡིན་ཏེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་སྦྱོར་ལམ་པ་འཆི་འཕོ་བ་ནི་གཟུགས་ཁམས་སུ་སྐྱེ་བར་ངེས་ལ། དེ་ན་ངེས་འབྱེད་མེད་ཕྱིར་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པའི་སྦྱོར་ལམ་པ་འཆི་འཕོ་བ་ནི་འདོད་པའི་ཁམས་སུ་སྐྱེ་བར་ངེས་ལ། དེའི་ཚེ་བསམ་གཏན་གྱི་ཉེར་བསྡོགས་ལས་མ་ཉམས་པ་མི་སྲིད་པས་བསམ་གཏན་གྱི་ས་པའི་དགེ་བ་དག་པ་པ་གང་དང་ཡང་མི་ལྡན་པའི་ཕྱིར་རོ། །འོ་ན་དང་པོའི་ཉེར་བསྡོགས་ལ་བརྟེན་པའི་བཟོད་པ་དང༌། ཆོས་མཆོག་ལ་གནས་པའི་སོ་སོ་སྐྱེ་བོ་འདོད་པར་སྐྱེ་བ་ལེན་པ་དག་ཡོད་དམ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། བསམ་གཏན་གྱི་ཉེར་བསྡོགས་ལས་མ་ཉམས་པར་ནི་འདོད་པར་སྐྱེ་བ་ལེན་པ་མེད་ལ། བཟོད་མཆོག་གཉིས་ལས་ནི་ཡོངས་སུ་ཉམས་པ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། དང་པོ་གཉིས་ཡོངས་ཉམས་པས་ཀྱང༌། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན་འཕགས་པ་སྦྱོར་ལམ་གྱི་ཐོབ་པ་གང་ལ་བརྟེན་པའི་ས་དེ་མ་འཕོས་པར་ཁམས་གོང་དུ་སྐྱེ་བ་ཞིག་ནི་ངེས་པར་ཡོད་དགོས་ལ། དེའི་ཚེ་ཁམས་གོང་མར་ངེས་འབྱེད་དང་ལྡན་པའི་འཕགས་པ་ཡོད་དོ་ཞེས་ཁས་ལེན་དགོས་སོ། །ཡང་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་བར་བཤད་པའི་ཤུགས་བསྟན་ལ་འདོད་པ་ཁམས་ཀྱི་བདེ་འགྲོར་སྐྱེ་བ་ཡོད་པར་གྲུབ་ཅིང༌། དེའི་ཚེ་བཟོད་པ་ལས་ཉམས་པ་ཡོད་པར་གྲུབ་སྟེ། རྟེན་བསམ་གཏན་ལས་མ་ཉམས་པར་ནི་འདོད་པར་སྐྱེ་བ་ལེན་པ་མི་སྲིད་ལ། རྟེན་ཉམས་ན་བརྟེན་པ་ཡང་ཉམས་དགོས་པའི་ཕྱིར། དེ་ཡང་དེ་ལྟ་ན་ནི་བཟོད་མཆོག་གཉིས་ཉམས་པས་གཏོང་བ་མི་སྲིད་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། སྤྱིར་ཉམས་པ་ལ་ཡོངས་སུ་ཉམས་པ་དང་རྣམ་པར་ཉམས་པ་ཞེས་བྱ་བ་གཉིས་ཡོད་ལ། དེ་གཉིས་ཀ་ཡང༌། ཇི་སྐད་དུ། ཉམས་པ་གཉིས་ནི་མི་ལྡན་པ། །ཞེས་གང་ལ་ཉམས་པའི་ཆོས་དེ་དང་ལྡན་པར་འདྲ་ཡང་བཟོད་མཆོག་གཉིས་ལ་ནི་རྣམ་པར་ཉམས་པ་ཞེས་བྱ་བ་དེ་ཡོད་ཀྱང་ཡོངས་སུ་ཉམས་པ་ཞེས་བྱ་བ་དེ་ལ་དགོངས་ནས་གོང་དུ་བཤད་མ་ཐག་པ་དེ་ཉིད་ཀྱི་ཕྱིར་རོ། །འོ་ན་ཉམས་པ་གཉིས་པོའི་ཁྱད་པར་ནི་གང༌། ངེས་འབྱེད་བཞི་ལ་དེ་ཡོད་མེད་ཀྱི་དབྱེ་བ་ཅི་ཞེ་ན། དང་པོ་ནི། ཉེས་པས་ཉམས་པ་ཁོ་ན་ཡིན་ལ། གཉིས་པ་ལ་ནི་ཉེས་པས་ཉམས་པ་ཁོ་ནར་མ་ཟད་འཆི་འཕོ་བ་དང༌། འདོད་ཆགས་དང་བྲལ་བས་དང༌། ས་གོང་མ་ཐོབ་པ་ས་འོག་མ་ཉམས་ཤིང་གཏོང་བ་ལྟ་བུ་དག་ཡོད་དོ། །དེའི་ཕྱིར་ཡོངས་ཉམས་ལ་རྣམ་ཉམས་ཀྱིས་ཁྱབ་ཅིང་ཅིག་ཤོས་ལ་དེས་མ་ཁྱབ་པར་ངེས་སོ། །དེ་ལྟར་ན་ངེས་འབྱེད་དང་པོ་གཉིས་ལ་ནི་ཉམས་པ་གཉིས་ཀ་སྲིད་ལ། ཕྱི་མ་གཉིས་ལ་ནི་ཡོངས་སུ་ཉམས་པ་ཞེས་བྱ་བ་དེ་མི་སྲིད་ཀྱང་རྣམ་པར་ཉམས་པ་ནི་སྲིད་པ་ཡིན་ཏེ། བསམ་གཏན་དང་པོའི་དངོས་གཞི་ལ་བརྟེན་པའི་བཟོད་མཆོག་ཅན་ཁམས་གོང་མར་འཆི་འཕོ་བའི་ཚེ་ལྟ་བུ་དང༌། འཕགས་ལམ་ཐོབ་ནས་ས་འཕོས་པའི་ཚེ་ངེས་འབྱེད་ཕྱི་མ་གཉིས་རྣམ་པར་ཉམས་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཉེར་བསྡོགས་ལ་བརྟེན་པའི་བཟོད་པ་ཅན་ཤི་འཕོས་པ་དེའི་ཚེ་བཟོད་པ་གཏོང་བ་ནི་ཡིན་ཏེ། རང་གི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ཤི་འཕོས་པ་ནི་དེའི་གཏོང་རྒྱུར་ངེས་པའི་ཕྱིར། དེའི་རྒྱུ་མཚན་གྱིས་དེ་ལས་རྣམ་པར་ཉམས་པ་ཡིན་ཀྱང་ཡོངས་སུ་ཉམས་པ་ནི་མ་ཡིན་ཏེ། བཟོད་པ་ཉེས་པས་ཉམས་མི་ནུས་པ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་དང༌།                   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*