སུམ་ཅུ་པའི་རབ་ཏུ་བྱེད་པ་བཅས་བཞུགས་སོ།།

༼ཐོར་བུ་༽༄༅། །སུམ་ཅུ་པའི་རབ་ཏུ་བྱེད་པ་བཞུགས་སོ།།

༄། །ན་མོ་མཉྫུ་ཤྲཱི་ཡེ། ཀུན་ལ་སྙོམས་པའི་འཛུམ་དཀར་དོ་ཤལ་གྱིས། །དྲི་མེད་མཁྱེན་པའི་ལང་ཚོ་མཛེས་བྱས་ནས། །ཐུབ་བསྟན་ཀུན་དགར་མཛད་པའི་དཔལ་ཡོན་ཅན། །བརྩེ་ཆེན་འཇམ་པའི་དཔལ་ལ་ཕྱག་བྱས་ནས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་བདུད་རྩི་ནི། །དབྱིག་གཉེན་རྣམ་དཔྱོད་ཧུབ་ཀྱིས་འཐུང་བ་གང༌། །གཞུང་གསུམ་ཡོངས་འདུའི་འབབ་སྟེགས་ལ་འོངས་པ། །དོན་གཉེར་སུམ་རྩེན་དཔལ་དུ་འདི་སྦྱིན་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བའི་ཆོས་ནི། འཇིག་རྟེན་གསུམ་ན་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་དབྱིག་གཉེན་ཞབས་ཀྱིས། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུའི་དེ་ཁོ་ན་ཉིད་བསྡུས་པའི་བསྟན་བཅོས་རྣམ་པ་གསུམ་མཛད་པ་དེའོ། །དེ་ཡང་གང་ཞེ་ན། གཞི་ཤེས་བྱའི་གནས་ལུགས་གཏན་ལ་འབེབས་པ་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང༌། དེ་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་བསྒྲུབ་པ་སུམ་ཅུ་པའི་རབ་ཏུ་བྱེད་པ་དང༌། དེ་ལ་རྩོད་པ་སྤང་བ་ཉི་ཤུ་པའི་རབ་ཏུ་བྱེད་པའོ། །དེ་ཡང་གཞུང་དང་པོས་ཤེས་བྱ་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་གསུམ་དུ་མཚན་ཉིད་མི་འདྲ་བའི་སྒོ་ནས་བསྡུས་ཤིང༌། མཚན་གཞི་སོ་སོའི་དབྱེ་བ་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་བཤད་པས་ནི་གཞི་ཤེས་བྱའི་ཀུན་རྫོབ་ཀྱི་གནས་ལུགས་གཏན་ལ་ཕེབས་པ་ཡིན་ནོ། །གཞུང་གཉིས་པས་ནི། སྣང་བ་དེ་ཐམས་ཅད་སེམས་ལས་ལོགས་ན་མེད་པ་དང༌། དེ་ལྟར་སྣང་མཁན་གྱི་སེམས་དེ་ཉིད་ཀྱང་བདེན་པར་མེད་པ་སྒྱུ་མ་ལྟ་བུ་དང༌། གཟུང་འཛིན་གཉིས་ཀྱིས་སྟོང་བའི་དེ་ཁོ་ན་ཉིད་དེ་ཡང་རྣམ་པར་རིག་པ་ཙམ་དུ་བཤད་ན། དོན་དམ་པའི་བདེན་པ་གཏན་ལ་ཕེབས་པ་ཡིན་ནོ། །གཞུང་གསུམ་པས་ནི། གཞུང་སྔ་མ་གཉིས་སུ་བདེན་པ་གཉིས་ཀ་རྣམ་པར་རིག་པ་ཙམ་དུ་བསྟན་པ་ལ་རྩོད་པ་སྤངས་ཏེ་གྲུབ་པའི་དོན་བསྟན་པ་ཡིན་ནོ། །དེ་ལྟར་གསུམ་ལས། གཞུང་དང་པོ་ཕུང་པོ་ལྔའི་རབ་ཏུ་བྱེད་པ་ལ་གསུམ་སྟེ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན་ནོ། །དང་པོ་ནི། ཕུང་པོ་ལྔ་སྟོན་པའི་རབ་ཏུ་བྱེད་པ་ལ། དེའི་རབ་ཏུ་བྱེད་པ་ཞེས། བར་གྱི་ཚིག་མི་མངོན་པར་བྱས་ནས་དེའི་སྐྱེས་པའི་བསྡུ་བར་མཛད་པ་ཡིན་ལ། དེ་ཡང་འདིར་ཆོས་གསུམ་ཀ་སྟོན་ཡང༌། ཕུང་པོ་ལྔ་གཙོ་བོ་ཡིན་པས་དེའི་མིང་གིས་བཏགས་སོ། །གཉིས་པ་ནི། འཇམ་དཔལ་ཞེས་སོགས་ཏེ་སྔོན་གྱི་བཀས་བཅད་དང་མཐུན་པའོ། །གསུམ་པ་གཉིས་ལས། སྤྱིའི་དོན་ནི། ཆོས་གསུམ་ཀ་ཡང་རེ་རེ་ནས་ཀུན་བཏགས་དང༌། རྣམ་བརྟགས་དང༌། ཆོས་ཉིད་ཀྱི་ཕུང་པོ་སོགས་གསུམ་གསུམ་གྱི་སྒོ་ནས་འཆད་དགོས་པ་ཡིན་ཏེ། བྱམས་ཞུས་ཀྱི་ལེའུ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ལ་རེ་རེ་ཞིང་དེ་གསུམ་གསུམ་དུ་ཕྱེ་ནས་བཤད་པའི་ཕྱིར་རོ། །དེ་ཡང་རྣམ་བརྟགས་ནི། རྣམ་པར་ཤེས་པའི་ཚོགས་བདུན་པོ་འཁོར་དང་བཅས་པ་ལ་ཆོས་གསུམ་པོ་དེ་དང་དེར་སྣང་བའོ། །དེ་སྐད་དུ་ཡང༌། དབུས་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ། །ཞེས་གསུངས་སོ། །ཀུན་བརྟགས་པའི་ཆོས་གསུམ་ནི། དེ་ལ་དེར་སྣང་བ་ལ་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུས་གཟུགས་ལ་སོགས་པ་དེ་དང་དེར་སྒྲོ་བཏགས་པའི་ཆའོ། །ཆོས་ཉིད་ཀྱི་ཆོས་གསུམ་ནི། དེ་དང་དེར་སྣང་བ་གང་ཡིན་པ་དེ་དང་དེ་ཉིད་ཀྱིས་སྟོང་པའི་དེ་བཞིན་ཉིད་དོ། །དེ་སྐད་དུ་ཡང༌། སྔ་མའི་འཕྲོ་ལས། ཇི་སྐད་དུ། དེ་དོན་མེད་དེ། དེ་མེད་པས་ནི་དེ་ཡང་མེད། །ཅེས་གསུངས་སོ། །དེ་ལྟར་ན་ཀུན་བཏགས་དང༌། རྣམ་བརྟགས་ཀྱི་ཆོས་གསུམ་ནི། ཀུན་རྫོབ་ཀྱི་བདེན་པའོ། །ཆོས་ཉིད་ཀྱི་ཆོས་གསུམ་ནི་དོན་དམ་པའི་བདེན་པའོ། །དེ་ཡང་ཀུན་བཏགས་ཀྱི་ཆོས་གསུམ་ནི། ལོག་པའི་ཀུན་རྫོབ་སྟེ། ལྷན་ཅིག་སྐྱེས་པའི་བློ་འཁྲུལ་པ་ལ་སྣང་ཡང༌། ཡོད་པ་མ་ཡིན་པའི་ཕྱིར། རྣམ་བརྟགས་ཀྱི་ཆོས་གསུམ་ནི། ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་སྟེ། ཐ་སྙད་དུ་ཚད་མས་གྲུབ་པའི་ཕྱིར། འདི་དོན་དམ་པའི་བདེན་པ་མ་ཡིན་ཏེ། དོན་དམ་དུ་བདེན་པར་མ་གྲུབ་པའི་ཕྱིར། སྒྱུ་མ་བཞིན་ནོ། །དེ་ལྟར་ན་གཞུང་འདིར་དངོས་སུ་བསྟན་པའི་ཚུལ་ནི། ཀུན་བཏགས་ཀྱི་ཆ་ནས་བསྟན་པའི་ཚུལ་ཡིན་ཏེ། ཕལ་ཆེར་ཕྱི་རོལ་དོན་དུ་སྨྲ་བའི་ལུགས་ཀྱི་ཆོས་གསུམ་གྱི་འཆད་ཚུལ་དང་མཐུན་པར་བཤད་པའི་ཕྱིར། དངོས་སུ་བསྟན་ཚུལ་དེ་ལྟར་ཡིན་ཀྱང༌། དགོངས་པ་ནི། རྣམ་བརྟགས་ཀྱི་ཆོས་གསུམ་ལ་དགོངས་པ་ཡིན་ཏེ། གཞུང་འདི་ཉིད་དུ་རྣམ་ཤེས་ཀྱི་ཕུང་པོའི་རྣམ་གཞག་འཆད་པ་ན། ཀུན་གཞིའི་རྣམ་ཤེས་གཅིག་ཉིད་ཆོས་གསུམ་པོ་ཐམས་ཅད་ཀྱི་ས་བོན་དང༌། ས་བོན་དེ་སྨིན་པ་ལས་ཆོས་གསུམ་དུ་སྣང་བའི་རྣམ་རིག་འབྱུང་བར་བཤད་པའི་ཕྱིར། དེ་ལྟར་ཡིན་པ་དེའི་ཕྱིར། བོད་སྔ་ཕྱི་མང་པོ་དག་རྣལ་འབྱོར་སྤྱོད་པ་བས་ཐ་སྙད་དུ་གཟུགས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་ཁས་ལེན་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་དེའི་གཞུང་གི་དེ་ཁོ་ན་ཉིད་འཆད་མ་ཤེས་པ་ལས་བྱུང་བར་ཟད་དོ། །དོན་དེ་ཡང་རྗེ་བཙུན་ས་སྐྱ་པས། འདི་ལ་སེམས་ཙམ་ཕྱིར་ལོ་དོན། །ཁས་ལེན་ཡིན་ཞེས་བོད་རྣམས་སྨྲ། །རྟག་དངོས་བཞིན་དུ་དེ་མི་སྲིད། །ཞེས་གསུངས་པ་དང་མཐུན་ནོ། །སྐབས་འདིར། རྡུལ་ཕྲ་རབ་ཀྱི་བཤད་པ་མཛད་པ་ཡང་དེར་སྣང་གི་ཤེས་པ་ལ་དགོངས་པ་ཡིན་གྱི། དེ་རང་མཚན་ལ་འཆད་པ་མ་ཡིན་ཏེ། བྱེ་བཤད་དུ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པའི་གཟུགས་ཀྱི་མཚན་གཞི་རྡུལ་ཕྲ་རབ་དང༌། ཐོགས་པའི་རེག་བྱ་དང་བྲལ་བར་བཤད་པའི་ཕྱིར་དང༌། མངོན་པ་ཀུན་ལས་བཏུས་སུའང༌། རྡུལ་ཕྲ་རབ་ལ་ལུས་མེད་པར་བཤད་པས་གཟུགས་ཅན་དུ་འདོད་པའི་གོ་སྐབས་མེད་དོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཆོས་གསུམ་གྱི་རྣམ་གཞག་རྒྱས་པར་བཤད། ཁམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཆོས་གསུམ་སོ་སོའི་ངོས་འཛིན་རྒྱས་པར་བཤད། ཆོས་གསུམ་བསྟན་པའི་དགོས་པའོ། །དང་པོ་ལ་གཉིས། ཕུང་པོའི་རྣམ་གཞག་རྒྱས་པར་བཤད། དེ་ལ་བརྟེན་ནས་གཞན་གཉིས་ཀྱང་བདེ་བླག་ཏུ་རྟོགས་པའི་ཚུལ་ལོ། །དང་པོ་ལ་གཉིས། མཚན་གཞི་རྒྱས་པར་བཤད། མཚན་ཉིད་བསྡུས་ཏེ་སྟོན་པའོ། །དང་པོ་ལ་གཉིས་ཏེ། མིང་གི་སྒོ་ནས་མདོར་བསྟན། དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། ཕུང་པོ་ལྔ་ནི་ཞེས་སོགས་སོ། །གཉིས་པ་ལ། གཟུགས་ཀྱི་ཕུང་པོ་བཤད་པ་སོགས་ལྔ་ལས། དང་པོ་ལ་མདོར་བསྟན་པ་ནི། གཟུགས་གང་ཞེ་ན་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་རྒྱུ་གཟུགས་བཤད་པ་དང༌། འབྲས་གཟུགས་བཤད་པའོ། །དང་པོ་ནི། འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན་སོགས་སོ། །གཉིས་པ་ལ་གཉིས་ལས། བསྟན་པ་ནི། རྒྱུར་བྱས་པའི་གཟུགས་གང་ཞེ་ན་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། མིག་སོགས་དབང་པོ་ལྔ་དང༌། གཟུགས་སོགས་དོན་ལྔ་སྤྱིར་བཤད། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མིག་གི་དབང་པོ་གང་ཞེ་ན་སོགས་དང༌། གཟུགས་གང་ཞེ་ན་ཞེས་སོགས་སོ། །གཉིས་པ་ལ། དྲི་བ་དང་ལན་གཉིས་ལས། དང་པོ་ནི། རྣམ་པར་རིག་བྱེད་མ་ཡིན་པ་གང་ཞེ་ན་ཅེས་པའོ། །གཉིས་པ་ལ་མཚན་ཉིད་ནི། བསྟན་དུ་མེད་ལ་ཐོགས་པ་མེད་པའོ། །ཞེས་པས་བསྟན་ནོ། །དེའི་མཚན་གཞིའི་དབྱེ་བ་ནི། རྣམ་པར་རིག་བྱེད་དང༌། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་ཏེ་ཞེས་པས་བསྟན་ནོ། །དེ་ཡང་རྣམ་རིག་ལས་བྱུང་བ་ནི། སོ་སོར་ཐར་པའི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། སྡོམ་པ་མ་ཡིན་པ་དང༌། བར་མ་རྣམས་སོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་བསམ་གཏན་དང༌། ཟག་མེད་ཀྱི་སྡོམ་པའོ། །འདིར་སྡོམ་པ་གསུམ་གཟུགས་ཅན་དུ་བཤད་པ་ནི། ཀུན་བཏགས་ཀྱི་དབང་དུ་བྱས་པ་ཡིན་ལ། འདིར་དེ་འཆད་པའི་རྒྱུ་མཚན་ནི། རྣམ་བརྟགས་ཀྱི་དེ་གསུམ་ལ་དགོངས་པ་ཡིན་ལ། དགོས་པ་ནི། དོན་སྨྲ་བ་དག་ཐེག་པ་ཆེན་པོ་ལ་རིམ་གྱི་ཞུགས་པའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ནི། དེ་དག་ཆོས་ཅན། དེ་མིན་ཏེ། དེ་ཚད་མས་མ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། བྱེ་བཤད་ལས། འདིར་བྱེ་བྲག་ཏུ་སྨྲ་བས། ཀུན་ཏུ་བརྟགས་པའི་རྣམ་པར་རིག་བྱེད་བཞིན་དུ། རྣམ་པར་རིག་བྱེད་མ་ཡིན་པ་ཡང་མེད་དེ། ཚད་མས་ཡུལ་དུ་མ་གྱུར་པའི་ཕྱིར། འོན་ཀྱང་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ནི་མེད་པ་མིན་ཏེ། ཇི་ལྟར་ཞེ་ན། འདི་ལྟར་བསྙེན་པར་རྫོགས་པར་བྱ་བ་དང་ལ་སོགས་པའི་ཆོ་ག་སྔོན་དུ་བཏང་སྟེ། སེམས་པ་གང་གིས་ལུས་དང༌། ངག་གི་ལས་བཀག་པ་ལས་སྡོམ་པའི་སེམས་པ་དེས་མ་འོངས་པ་ན་དེ་དང་རིགས་གཅིག་པ་བསྐྱེད་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ལ་ས་བོན་བཏབ་ནས། དེའི་འོག་ཏུ་བདག་ནི་སྲོག་གཅོད་པ་སྤངས་པའོ། །ཞེས་ཡང་དག་པར་བླངས་པ་དྲན་པ་ལས་བྱུང་བ་སྟེ། དེ་ལྟར་ན་ཡང་དག་པར་བླངས་པའི་སེམས་པ་རྒྱུན་ཆགས་པ་དང་བཅས་པ་ནི་སྡོམ་པ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་བཤད་པ་དེས་ནི་བོད་སྔ་མ་མང་པོ་མངོན་པ་གོང་མའི་རང་ལུགས་ལ་ཡང་སྡོམ་པ་གཟུགས་ཅན་དུ་ཁས་ལེན་དགོས་པ་ཡིན་ནོ་ཞེས་ཟེར་བ་དེ་ཡང་ཁེགས་པ་ཡིན་ལ། སྡོམ་པའི་ས་བོན་ནི་ལུང་མ་བསྟན་ཡིན་པའི་ཕྱིར་ཁས་ལེན་དགོས་སོ། །གཉིས་པ་ཚོར་བའི་ཕུང་པོ་བཤད་པ་ནི། ཚོར་བ་གང་ཞེ་ན་སོགས་སོ། །གསུམ་པ་འདུ་ཤེས་ཀྱི་ཕུང་པོ་བཤད་པ་ནི། འདུ་ཤེས་གང་ཞེ་ན་སོགས་སོ། །བཞི་པ་འདུ་བྱེད་ཀྱི་ཕུང་པོ་ལ་གཉིས་ལས། འདུ་བྱེད་རྣམས་གང་ཞེ་ན་སོགས་སོ། །བཤད་པ་ལ་གཉིས་ཏེ། མཚུངས་ལྡན་འདུ་བྱེད་བཤད་པ་དང༌། ལྡན་མིན་འདུ་བྱེད་བཤད་པའོ། །དང་པོ་ལ་བསྟན་བཤད་གཉིས་ལས། གཉིས་པ་བཤད་པ་ལའང༌། བསྟན་བཤད་གཉིས་ལས། དང་པོ་ལ་སྡེ་ཚན་དྲུག་ལས། དང་པོ་ཀུན་འགྲོ་ནི། དེ་དག་ཀྱང་གང་ཞེ་ན། རེག་པ་དང་སོགས་སོ། །གཉིས་པ་ཡུལ་ངེས་ནི། འདུན་པ་དང་སོགས་སོ། །གསུམ་པ་དགེ་བ་ནི། དད་པ་དང་སོགས་སོ། །བཞི་པ་རྩ་བའི་ཉོན་མོངས་ནི། འདོད་ཆགས་དང་སོགས་སོ། ལྔ་པ་ཉེ་བའི་ཉོན་མོངས་པ་ནི། ཁྲོ་བ་དང་ཞེས་སོགས་སོ། དྲུག་པ་གཞན་འགྱུར་ནི། འགྱོད་པ་དང་ཞེས་སོགས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་སྡེ་ཚན་དྲུག་ལས། དང་པོ་ནི། རེག་པ་གང་ཞེ་ན་སོགས་སོ། །གཉིས་པ་ནི། འདུན་པ་གང་ཞེ་ན་སོགས་སོ། །གསུམ་པ་ནི། དད་པ་གང་ཞེ་ན་སོགས་སོ། །བཞི་པ་ནི། འདོད་ཆགས་གང་ཞེ་ན་སོགས་སོ། །ལྔ་པ་དང་དྲུག་པ་ཡང༌། གཞུང་དང་བརྡ་འཕྲོད་པར་སླའོ། །དེ་དག་གི་སྤྱིའི་དོན་བསྡུས་པ་ནི། ཀུན་དུ་འགྲོ་བའི་སྒྲ་དོན་ནི། ཁམས་དང་ས་དང་སེམས་ཐམས་ཅད་ཀྱི་འཁོར་དུ་གནས་སྐབས་ཐམས་ཅད་དུ་འགྲོ་བས་ན་དེས་ཞེས་བྱའོ། །དེ་ཡང་ཀུན་གཞིའི་འཁོར་དུ་འབྱུང་བར་བཤད་པ་ནི། དེ་དང་དེས་དེ་མ་ཐག་ཏུ་འདྲེན་པའི་ནུས་པ་ཡོད་པ་ལ་དགོངས་པ་ཡིན་གྱི། དེ་དང་དེ་དངོས་སུ་འབྱུང་བ་ནི་མ་ཡིན་ཏེ། གཞན་དུ་ན་འགོག་པ་ལ་མཉམ་པར་གཞག་པ་དང༌། སྐྱེ་གནས་སུ་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་དང༌། འཆི་བའི་སྲིད་པ་ལ་གནས་པ་དེའི་ཚེ། ཡུལ་དབང་ཡིད་བྱེད་གསུམ་འདུས་པ་སྲིད་པར་ཐལ་བ་དང༌། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་གིས་དེ་འགོག་མི་ནུས་པར་ཐལ་པ་དང༌། གནས་སྐབས་དེ་དག་ཏུ་སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་ཡོད་པར་ཐལ་བ་དང༌། དེར་མ་ཟད་སེམས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ན། སངས་རྒྱས་ཀྱི་ས་དང་ཆོས་ཉིད་ལ་མཉམ་པར་གཞག་བཞིན་པའི་ཚེ་ཡང༌། ཀུན་འགྲོ་ལྔ་པོ་དེ་དག་འབྱུང་བར་ཐལ་ལོ། །དེ་བས་ན། གཞི་ལམ་འབྲས་བུའི་དུས་གསུམ་གྱི་ཡེ་ཤེས་རྣམ་པ་གསུམ་གྱི་འཁོར་དུ་ལྔ་པོ་དེ་མི་འབྱུང་ཡང༌། རྣམ་པར་ཤེས་པ་ཀུན་གྱི་འཁོར་དུ་འབྱུང་བས་ན་དེ་ཞེས་བྱ་ལ། ཀུན་གཞི་ལ་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བས་གཉིས་སུ་ཡོད་ལ། གཞི་དུས་སུ་ཡང་ས་བོན་གྱི་ཆ་ལ་ཀུན་གཞིའི་སྟེང་གི་ས་བོན་ཆ་ལ་རྣམ་ཤེས་བྱ་ལ། རང་བཞིན་གྱིས་འོད་གསལ་བའི་ཆ་ལ་ཡེ་ཤེས་ཞེས་བྱའོ། །ཡུལ་ངེས་པའི་སྒྲ་དོན་ནི། ཡུལ་བྱེ་བྲག་ཅན་ལས་སྐྱེ་བ་དང༌། དེ་ལ་དམིགས་པའི་ཕྱིར་དེ་ཞེས་བྱའོ། །དེ་ཡང་བདུན་སོགས་དང་པོ་གསུམ་ལ། མཚན་ཉིད་པ་ནི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་ལ། རྟོག་མེད་ཀྱི་ཤེས་པ་དང་མཚུངས་ལྡན་དུ་འབྱུང་བར་བཤད་པ་དེ་དག་ནི། དེ་དང་དེ་དེ་མ་ཐག་ཏུ་འདྲེན་པའི་རྐྱེན་ཚང་བ་ལ་འཆད་དགོས་པ་ཡིན་ཏེ། དཔེར་ན་དབང་ཤེས་འཁོར་དུ་ཆགས་སྡང་འབྱུང་བར་བཤད་པ་བཞིན་ནོ། །དགེ་བའི་སྒྲ་དོན་ནི། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བྱེད་པ་དང་འབྲས་བུ་ཡིད་དུ་འོང་བ་འཛིན་པའི་ཕྱིར་དེ་ཞེས་བྱའོ། །འདི་དག་ལ་ཡང༌། རྟོག་པ་དང་རྟོག་ཀྱི་དབྱེ་བས་གཉིས་གཉིས་འབྱུང་མོད། སོ་སོ་སྐྱེ་བོའི་རྒྱུད་ལ་ནི་རྟོག་པ་ཁོ་ནའོ། །རྩ་ཉོན་གྱི་སྒྲ་དོན་ནི། ཉེ་ཉོན་གྱི་རྩ་བར་གྱུར་པ་དང༌། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཕྱིར་དེ་ཞེས་བྱའོ། །མ་རིག་པ་ལ་རྟོག་མེད་ཀྱི་ཤེས་པ་སྲིད་ཀྱང༌། གཞན་ལྔ་པོ་རྟོག་པ་ཁོ་ནར་ངེས་ལ། དྲུག་པོ་རེ་རེ་ལ་ཡང་ཕྱི་རོལ་ཡུལ་ལ་དམིགས་པའི་ཆགས་སོགས་དང༌། ནང་སེམས་ཅན་ལ་དམིགས་པའི་ཆགས་སོགས་གཉིས་གཉིས་ལས། འདིར་ནི་ཕལ་ཆེར་དང་པོའི་དབང་དུ་བྱས་ལ། གཉིས་པ་ཡང་མེད་པ་ནི་མིན་ཏེ། ང་རྒྱལ་དང་འཇིག་ཚོགས་ལ་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་བཞིན་ནོ། །ཉེ་ཉོན་གྱི་སྒྲ་དོན་ནི། རང་གང་ལ་ལྡན་པའི་སེམས་ཉོན་མོངས་དང་ཉེ་བར་བྱེད་པ་དང༌། ཉོན་མོངས་པའི་ཆར་གཏོགས་པས་ན་དེ་ཞེས་བྱའོ། །འདི་དག་ཀྱང་ཕལ་ཆེར་སྒྲ་དོན་འཛིན་པའི་རྟོག་པའོ། །གཞན་འགྱུར་གྱི་སྒྲ་དོན་ནི། དེ་དག་སོགས་གསུམ་པོ་གང་དུ་ཡང་འགྱུར་དུ་རུང་བས་ན་དེ་ཞེས་བྱའོ། །འདིར་ཡང༌། གཉིད་ལས་གཞན་གསུམ་ལ་ནི། སྒྲ་དོན་འཛིན་པའི་མཚན་ཉིད་ཚང་ལ། རྟོག་མེད་ཀྱི་ཤེས་པ་དང་མཚུངས་ལྡན་དུ་བཤད་པ་དེ་དག་ནི། དེ་དང་དེ་དེ་མ་ཐག་ཏུ་འདྲེན་པའི་རྐྱེན་ཚང་བ་ལ་བཤད་པ་ཡིན་གྱི། མཚན་ཉིད་པ་མིན་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར། དཔེར་ན། རྟོག་དཔྱོད་ཀྱི་མཚན་ཉིད་དུ་ཡིད་ཀྱི་བརྗོད་པ་དགོས་པར་བཤད་ལ། དེ་ཡང་སྒྲ་དོན་འཛིན་པའི་རྟོག་པ་ལས་གཞན་དུ་མེད་པའི་ཕྱིར་རོ། །གཉིས་པ་ལྡན་པ་མིན་པའི་འདུ་བྱེད་བཤད་པ་ལ། བསྟན་པ་དང༌། བཤད་པ་གཉིས་ལས། དང་པོ་ནི། སེམས་དང་ཞེས་སོགས་སོ། །གཉིས་པ་ནི། དེ་ལ་ཐོབ་པ་གང་ཞེ་ན་སོགས། འདིར་བཅུ་བཞིར་བཤད་པ་དང༌། ཀུན་བཏུས་སུ་ཉེར་གསུམ་དུ་བཤད་པ་གཉིས་ལས། ཉེར་གསུམ་པོ་འདིར་འདུས་ལ། མངོན་པ་འོག་མ་ནས་འབྱུང་བའི་བཅུ་བཞི་དང༌། འདིར་བཤད་པའི་ཁྱད་པར་ནི། དེར་རྫས་ཡོད་དུ་འདོད་ལ། འདིར་བཏགས་ཡོད་དུ་འཆད་པ་དང༌། དེར་མ་ཐོབ་པ་བཤད་ཀྱང༌། འདིར་དེའི་བྱེ་བྲག་སོ་སོ་སྐྱེ་བོ་ཙམ་ཞིག་བཤད་དོ། །བྱེ་སྨྲས་ཀྱང༌། དེ་ལ་རྫས་ཀྱིས་ཁྱབ་པ་ཁས་ལེན་པ་ནི་མིན་ཏེ། སོ་སོ་སྐྱེ་བོ་བཞིན་ནོ། །ཀུན་ལས་བཏུས་སུ། ཐོབ་པ་དང༌། རྙེད་པ་དང༌། ལྡན་པ་གསུམ་མིང་གི་རྣམ་གྲངས་སུ་བཤད་ཀྱང༌། འདིར་ནི་མངོན་པ་འོག་མ་དང་མཐུན་པར་གསར་དུ་རྙེད་པ་དང༌། རྒྱུན་ལྡན་པ་ལ་བཤད་དོ། །ལྡན་པ་ཡང་གསུམ་ཏེ། ས་བོན་དང༌། དབང་དང༌། མངོན་དུ་གྱུར་པའོ། །དང་པོ་གཉིས་ནི། ས་བོན་དང༌། རྣམ་སྨིན་དངོས་ལ་ཟེར་ཞིང༌། དེ་དག་ཀྱང་ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆའོ། །གསུམ་པ་ནི། རྣམ་སྨིན་ལས་བྱུང་བ་ཡིན་ལ། དེ་ཡང་རྣམ་ཤེས་ཚོགས་བདུན་ཡུལ་དང་བཅས་པའོ། །འདུ་ཤེས་མེད་པའི་སྙོམས་འཇུག་ལ་གཉིས་ཏེ། སྦྱོར་བ་ལས་བྱུང་བ་དང༌། སྐྱེ་བས་ཐོབ་པའོ། །དང་པོ་ནི། རྒྱུའི་སྙོམས་འཇུག་ཡིན་པས་འོག་མའི་རྟེན་ཅན་དུ་ངེས་ལ། གཉིས་པ་ནི། རང་སའི་རྟེན་ཅན་དུ་ངེས་ལ། དེ་ལྟ་ན་ཡང་འདི་རྒྱུའི་སྙོམས་འཇུག་ཏུ་མི་རུང་སྟེ། འབྲས་བུ་ཆེ་བའི་རྟེན་ལ་དེ་སྒོམས་པས་རྣམ་སྨིན་གྱིས་འབྲས་བུ་འགྲུབ་པའི་ཚུལ་ཆོས་མངོན་པ་བ་དག་གིས་མི་འཆད་པའི་ཕྱིར། འདུ་ཤེས་མེད་པའི་སྙོམས་འཇུག་འདི་རང་སའི་རྟེན་ལ་སྔར་གཏན་ལ་དབབ་པ་བསྡུ་བ་ལས་བཤད་དོ། །ཇི་སྐད་དུ། དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ་ཞེས་པ་ནི། ཁྱབ་པ་ངེས་པ་༼ཡིན༽་ཏེ། གསུམ་པ་ལ་ཆགས་བྲལ་མ་བྱས་པར་སྙོམས་འཇུག་འདི་ཐོབ་པའི་གོ་སྐབས་མེད་པའི་ཕྱིར་རོ། །འགོག་སྙོམས་ཀྱི་སྐབས་སུ། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་པ་ནི། མཚན་གཞི་ངོས་འཛིན་པ་ཡིན་གྱི། དེར་ངེས་པ་ནི་མ་ཡིན་ཏེ། ས་འོག་མ་ལ་ཆགས་བྲལ་མ་བྱས་པར་སྲིད་རྩེའི་སེམས་ཐོབ་པ་དང༌། དེ་ནས་འགོག་པ་ལ་སྙོམས་པར་འཇུག་པ་སྲིད་པའི་ཕྱིར། མིང་ཚིག་ཡི་གེ་གསུམ་ནི་ལྡན་མིན་འདུ་བྱེད་དུ་འཆད་པ། ཆོས་མངོན་པ་བ་དག་གི་སྤྱི་ལུགས་ཡིན་ལ། སེམས་ཙམ་པའི་ཐུན་མོང་མིན་པའི་ལུགས་ལ་ནི། ཀུན་བརྟགས་ཀྱི་དེ་གསུམ་ནི་ལྡན་མིན་འདུ་བྱེད་དང༌། བཏགས་ཡོད་ཡིན་པས་རང་གི་མཚན་ཉིད་ཀྱིས་མེད་ལ། རྣམ་བརྟགས་ཀྱི་དེ་གསུམ་ནི་རྣམ་པར་རིག་པ་ཡིན་པས་རང་གི་མཚན་ཉིད་ཀྱི་ཡོད་ཅིང༌། གཞན་དབང་གི་ངོ་བོ་ཡིན་པས་རྣམ་ཤེས་ཀྱི་ཕུང་པོ་ལས་ལོགས་ན་མེད་དོ། །ལྔ་པ་རྣམ་ཤེས་ཀྱི་ཕུང་པོ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། ཀུན་གཞི་དང་ཉོན་ཡིད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང་མཚན་གཞིའོ། །དང་པོ་ནི། རྣམ་པར་ཤེས་པ་གང་ཞེ་ན། དམིགས་པ་རྣམ་པར་རིག་པའོ། །ཞེས་པས་འཆད་དོ། །ཀུན་གཞི་དང་ཉོན་ཡིད་ལ་མཚན་ཉིད་འདི་ཚང་བ་མིན་ཏེ། དེས་དམིགས་པ་མི་རིག་པའི་ཕྱིར་རོ། །གཉིས་པ་ནི། སེམས་དང་ཡིད་ཀྱང་ཞེས་སོགས་སོ། །དེ་ཡང་སེམས་ཡིད་གཉིས་པོ་རྣམ་ཤེས་དངོས་མིན་ཀྱང་དེའི་ཕུང་པོའི་ནང་དུ་འདུས་པར་སྟོན་པའོ། །གཉིས་པ་ལ། ཀུན་གཞི་བཤད་པ་དང༌། ཉོན་ཡིད་བཤད་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ངོས་བཟུང༌། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད། སྒྲ་དོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། དངོས་སུ་ན་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཞེས་སོགས་སོ། །གཉིས་པ་ནི། འདི་ལྟར་འགོག་པའི་སྙོམས་པར་འཇུག་པ་དང་ཞེས་སོགས་སོ། །འདིར་དེའི་སྒྲུབ་བྱེད་ཀྱི་རིགས་པ་བཞི་འཆད་པ་ཡིན་ཏེ། འདི་ལྟར་སྲོག་དང་ལྡན་པའི་གང་ཟག་གི་རྒྱུད་ཆོས་ཅན། འཇུག་ཤེས་དྲུག་པོ་གང་རུང་མིན་པའི་སེམས་ཀྱི་རྒྱུད་ཡོད་དེ། སྙོམས་འཇུག་གཉིས་དང༌། འདུ་ཤེས་མེད་པ་ལས་ལངས་མ་ཐག་ཏུ་རིག་པ་ཕྱི་མ་མཚམས་སྦྱོར་བའི་ཕྱིར། ཞེས་པ་ནི། འདི་ལྟར་ཞེས་སོགས་ཏེ། ལུང་གི་སྒྲུབ་བྱེད་དོ། །འཇུག་ཤེས་དང་ལྡན་པའི་གང་ཟག་གི་རྒྱུད་ཆས་ཅན། དེ་ཡོད་དེ། དམིགས་རྐྱེན་མི་འདྲ་བ་ལ་ལྟོས་ནས་ཚོགས་དྲུག་པོ་གཞན་སྐྱེ་བའི་ཕྱིར། ཞེས་འཆད་པ་ནི། དམིགས་པའི་རྐྱེན་ལ་ལྟོས་ནས་སོགས་སོ། །ཡང་འཇུག་ཤེས་དང་མི་ལྡན་པའི་སེམས་ཅན་གྱི་རྒྱུད་ཆོས་ཅན། དེ་ཡོད་དེ། ཤི་ནས་ཉིང་མཚམས་སྦྱོར་བའི་ཕྱིར། ཞེས་འཆད་པ་ནི། ཆད་ནས་ཡང་འབྱུང་བ་དང་ཞེས་སོ། །དེ་གཉིས་ནི། རིགས་པ་དང་ཁས་བླངས་པའི་སྒྲུབ་བྱེད་དོ། །ཡང་ལམ་ཉམས་སུ་ལེན་པའི་གང་ཟག་གི་རྒྱུད་ཆོས་ཅན། དེ་ཡོད་དེ། འཁོར་བར་འཇུག་ལྡོག་བྱེད་པ་མཐོང་བའི་ཕྱིར། ཞེས་པ་ནི། འཁོར་བར་འཇུག་པ་དང༌། ལྡོག་པའི་ཕྱིར་ཞེས་པའོ། །ཡང་ན་འདི་ཐལ་འགྱུར་དུ་བྱས་ནས་ཁས་བླངས་ནང་འགལ་དུ་བྱའོ། །འོ་ན་རིགས་པ་འདི་དག་སངས་རྒྱས་ཀྱི་ས་དང་ལྷག་མེད་ཀྱི་དབྱིངས་ལ་ཡང་མཚུངས་པ་མིན་ནམ་ཞེ་ན། མཚུངས་པར་འདོད་པ་ཡིན་༼མིན་༽ཏེ། དེ་དང་དེར་རྣམ་ཤེས་ཚོགས་བདུན་པོ་གང་རུང་མིན་པའི་རིག་པ་ཁས་ལེན་པའི་ཕྱིར། དེ་ལྟ་ན་ཡང་དེ་འདྲ་དེ་ལ་སེམས་ཅན་གྱི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་ཞིང༌། སངས་རྒྱས་པར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །དམན་པའི་ལྷག་མེད་ཀྱི་ཚེ་ན་ཀུན་གཞིའི་རྣམ་སྨིན་གྱི་ཆ་དང༌། དེའི་ཟླས་ཕྱེ་བའི་ས་བོན་གྱི་ཆ་གཉིས་བཟློག་པར་ཁས་ལེན་ཀྱང༌། སྤྱིར་ཀུན་གཞི་ཙམ་དང༌། བྱེ་བྲག་ཤེས་སྒྲིབ་དང་ཟག་མེད་ཀྱི་ས་བོན་གྱི་ཆ་བཟློག་པར་ཁས་མི་ལེན་ཏེ། གཞན་དུ་ན་དེར་རྣམ་ཤེས་ཚོགས་བདུན་ནི་སྤང་ཟིན་པས། སྒྲིབ་པ་དང་བཅས་པའི་སེམས་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་སྒྲ་བཤད་པ་ནི། འོ་ན་ཀུན་གཞི་དེ་ཕྱི་རོལ་པ་ལྟར། བདག་རྟག་པའམ། གཙོ་བོ་ཆ་མེད་ལྟ་བུར་ཁས་ལེན་ནམ་ཞེ་ན་མིན་ཏེ། རྣམ་པར་རིག་པ་ཉིད་དུ་འདོད་པའི་ཕྱིར། ཞེས་འཆད་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ནི། །ཞེས་པའོ། །དེ་ཡིན་ན་ཀུན་གཞི་ཡིན་པར་འགལ་ལོ་ཞེ་ན། མི་འགལ་བའི་ཤེས་བྱེད་འཆད་པ་ནི། ས་བོན་ཐམས་ཅད་ཀྱི་གཞི་དང་ཞེས་སོགས་སོ། །དེའི་མིང་གི་རྣམ་གྲངས་གཉིས་པ་འཆད་པ་ནི། ལེན་པའི་ཞེས་སོགས་སོ། །གཉིས་པ་ཉོན་ཡིད་བཤད་པ་ལ། མཚན་ཉིད་དང༌། མཚུངས་ལྡན་གྱི་ཁྱད་པར་དང༌། འཇུག་ལྡོག་གི་དུས་བཤད་པའོ། །དང་པོ་ནི། དངོས་སུ་ནི་ཞེས་སོགས་སོ། །གཉིས་པ་ནི། བདག་ཏུ་རྨོངས་པ་དང་ཞེས་སོགས་སོ། །གསུམ་པ་ནི། རྒྱུན་ཆགས་པར་འཇུག་པ་སྟེ། དགྲ་བཅོམ་པ་དང་ཞེས་སོགས་དང༌། མདོར་ན། སེམས་ཡིད་རྣམ་ཤེས་གསུམ་དོན་གཅིག་པར་འཆད་པ་ནི། ཀུན་གཞི་དང་ཉོན་ཡིད་ཁས་མི་ལེན་པའི་ཤེས་བྱེད་དངོས་ཡིན་ལ། དོན་མི་གཅིག་པར་འཆད་པ་ནི། དེ་དང་དེ་ཁས་ལེན་པའི་སྒྲུབ་བྱེད་མཐར་ཐུག་པའོ། །གཉིས་པ་ཕུང་པོའི་མཚན་ཉིད་བསྡུས་པ་ནི། ཅིའི་ཕྱིར་ཕུང་པོ་ཞེས་བྱ་ཞེ་ན། སྤུངས་པའི་ཕྱིར་ཞེས་སོགས་སོ། །མདོར་ན་སྤུང་བྱ་རྣམ་བརྟགས་ཀྱི་ཆོས་དུ་མ། སྤུང་བྱེད་རྣམ་གཡེང་གི་རྣམ་པར་རྟོག་པས་ཕྱོགས་གཅིག་ཏུ་སྤུངས་པའི་ཆོས་དེར་ཕུང་པོའི་མཚན་ཉིད་དོ། །འདི་ཡང༌། སྤུང་བྱ་ནི་རིག་པ་ཁོ་ན་ཡིན་ལ། སྤུངས་པའི་ངོ་བོ་ནི་གཟུགས་དང་ལྡན་མིན་གཉིས་ནི་ཀུན་བཏགས་སུ་འཆད་དགོས་ལ། གཞན་རྣམས་ནི། གཞན་དབང་ཡིན་པས་རིག་པ་ཁོ་ནའོ། །འོ་ན་འདུས་མ་བྱས་ལ་ཕུང་པོ་མི་འཇོག་པ་ཅི་ཞེ་ན། ཡུལ་དང་དུས་ཀྱི་མ་བསྡུས་པའི་ཕྱིར། འོ་ན་ཀུན་བརྟགས་ཀྱི་ཕུང་པོ་ལའང་མཚུངས་སོ་ཤེ་ན། མ་ཡིན་ཏེ། འདིའི་སྤུང་བྱ་གཞན་དབང་ཁོ་ན་ཡིན་པའི་ཕྱིར་དང༌། ཅིག་ཤོས་ཀྱི་དེ་མ་ཡིན་པའི་ཕྱིར། དཔེར་ན། འགོག་པ་གཉིས་དང༌། ནམ་མཁར་སྣང་བའི་ཤེས་པ་རྣམ་ལ་དེ་དང་དེའི་ཐ་སྙད་མི་འདོགས་ཤིང༌། གཟུགས་སུ་སྣང་བ་ལ་དེའི་ཐ་སྙད་འདོགས་པ་བཞིན་ནོ། །ཞིབ་མོར་ཕྱེ་ན་འདིར་ནམ་མཁའ་ནི་མེད་དགག་གི་ཆ་ཁོ་ན་ལ་འདོགས་ལ། འགོག་པའི་བདེན་པ་ལ་མིན་པར་དགག་པ་དང༌། མེད་དགག་གི་ཆ་གཉིས་ལས། དང་པོ་ནི། རིག་པ་ཡིན་ཀྱང༌། རྣམ་ཤེས་ཀྱི་ཕུང་པོ་མི་འཇོག་ཏེ། འདུས་མ་བྱས་སུ་བཞག་པའི་ཕྱིར། དངོས་པོ་ལ་འདུས་བྱས་དང་ཕུང་པོས་མ་ཁྱབ་པ་ནི་མངོན་པ་གོང་འོག་གཉིས་ཀའི་ལུགས་ཡིན་ལ། ལུགས་འདིར་ནི། འདུས་བྱས་ཀྱི་ཆོས་ཐམས་ཅད་རིག་པར་འདུས་ཤིང༌། དེ་ལ་ཕུང་པོར་འཇོག་ཚུལ་མི་འདྲ་བ་གསུམ་སྟེ། གཟུགས་དང༌། ལྡན་མིན་དང༌། མཚུངས་ལྡན་དུའོ། །དེ་ལྟར་འཇོག་པའི་རྒྱུ་མཚན་ནི། བྱིས་པ་རྣམས་ཀྱིས་དེ་དང་དེར་སྒྲོ་འདོགས་པའོ། །དགོས་པ་ནི། རིལ་པོའི་བདག་ཏུ་འཛིན་པ་བཟློག་པའོ། །འདུས་མ་བྱས་འགའ་ཞིག་གི་དངོས་པོར་ཡོད་ཀྱང་ཕུང་པོར་མི་འཇོག་པ་ནི། བྱིས་པའི་བློས་ཕྱོགས་གཅིག་ཏུ་སྤུངས་ཏེ། རིལ་པོ་གཅིག་ཏུ་འཛིན་པ་མེད་པས་སོ། །གཉིས་པ་དེས་ཁམས་དང་སྐྱེ་མཆེད་མཚོན་པར་བཤད་པ་ལ་གཉིས་ཏེ། སྐྱེ་མཆེད་བཅུ་གཉིས་མཚོན་ནུས་པའི་ཚུལ་དང༌། ཁམས་བཅོ་བརྒྱད་མཚོན་ནུས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་གཞི་རྒྱས་པར་བཤད་པ་དང༌། མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། བཅུ་གཅིག་པོ་ཕུང་པོས་མཚོན་ནུས་པར་བསྟན་པ་དང༌། ཆོས་ཀྱི་སྐྱེ་མཆེད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྐྱེ་མཆེད་བཅུ་གཉིས་ནི་ཞེས་སོགས་སོ། །འདིར་ཕུང་པོ་ཐམས་ཅད་སྐྱེ་མཆེད་དུ་བཤད་ཀྱང༌། དེ་དག་དེར་འཇོག་པའི་དུས་ནི་རྣམ་ཤེས་མ་འོངས་པ་སྐྱེ་བའི་དངོས་ཀྱི་རྒྱུར་གྱུར་པའི་དུས་དེར་འཇོག་པ་ཡིན་ཏེ། དཔེར་ན། ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མ་སྐྱེ་མཆེད་བཞིན་དེའི་ཚེ་དེའི་སྔ་ལོགས་སུ་བྱུང་བའི་རྣམ་ཤེས་ཚོགས་དྲུག་པོ་ཡིད་ཀྱི་སྐྱེ་མཆེད་དུ་འཇོག་དགོས་པ་བཞིན་ནོ། །སྐྱེ་མཆེད་དུ་འཇོག་པའི་རྒྱུ་མཚན་ནི། རྣམ་ཤེས་མ་འོངས་པ་སྐྱེ་བའི་གོ་འབྱེད་པའོ། །སྐྱེ་མཆེད་ཀྱི་བྱ་བ་བྱེད་པའི་དུས་ནི། མིག་སོགས་རང་རང་སྐྱེས་པ་མ་འགགས་པའི་དུས་དེ་ཉིད་དུའོ། །གཉིས་པ་ནི། ཆོས་ཀྱི་སྐྱེ་མཆེད་ནི་རྣམ་ཤེས་སོགས་ཡིན་ལ། དེའི་དབྱེ་བ་གཞན་རྣམས་གོང་དུ་བཤད་ཟིན་པས་འདིར་འཆད་མི་དགོས་ལ། འདུས་མ་བྱས་བྱེ་བྲག་ཏུ་འཆད་པ་ནི། འདུས་མ་བྱས་གང་ཞེ་ན་ཞེས་སོགས་སོ། །འདིར་ནམ་མཁའ་དང་བརྟགས་མིན་ནི་མེད་དགག་གི་ཆ་དང་རྟག་པ་ཁོ་ནར་ཁས་ལེན་ལ། དེ་བཞིན་ཉིད་དང་བརྟགས་འགོག་ནི། དངོས་པོར་ཁས་ལེན་དགོས་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པས་བདེན་པར་གྲུབ་པའི་ཕྱིར། བདེན་གྲུབ་ཀྱི་དངོས་མེད་ཁས་ལེན་པ་ནི་དངོས་པོར་སྨྲ་བའི་ལུགས་འདི་ལ་མེད་པས་སོ། །གཉིས་པ་མཚན་ཉིད་ནི། ཅིའི་ཕྱིར་སྐྱེ་མཆེད་ཞེས་བྱ་ཞེ་ན་ཞེས་སོགས་སོ། །དེ་ཡང་རྣམ་ཤེས་མ་འོངས་པའི་རྐྱེན་གསུམ་གང་རུང་བྱེད་པའོ། །རྣམ་ཤེས་མ་འོངས་པའི་རྒྱུའི་རྐྱེན་དང༌། བརྒྱུད་པའི་རྒྱུ་བྱེད་པའི་ཆ་ནས་ཁམས་སུ་འཇོག གཉིས་པ་ཁམས་མཚོན་ནས་བཤད་པ་ལ། མཚན་གཞི་རྒྱས་པར་བཤད་པ་དང༌། མཚན་ཉིད་བསྡུས་ཏེ་སྟོན་པའོ། །དང་པོ་ལ། ཕུང་པོས་མཚོན་ནུས་པ་བཅུ་བདུན་བཤད་པ་དང༌། དེས་མཚོན་མི་ནུས་པའི་ཆོས་ཁམས་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། ཁམས་བཅོ་བརྒྱད་ནི་ཞེས་སོགས་སོ། །འདིར་སྐྱེ་མཆེད་འཇོག་པའི་ཚེ། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་མཆེད་སོ་སོར་མི་འབྱེད་པར་ཁམས་འཇོག་པའི་ཚེ། དེ་དང་དེའི་ཁམས་སོ་སོར་འབྱེད་པའི་རྒྱུ་མཚན་འཆད་པ་ནི། ཡིད་ཀྱི་ཁམས་ནི་དེ་དག་ཉིད་འགགས་མ་ཐག་པ་སྟེ། ཞེས་སོགས་སོ། །འདིའི་དོན་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཉིད་ལ་ལྡོག་ཆ་སོ་སོར་ཕྱེ་བ་ཡིན་ཏེ། དེས་ཡིད་ཀྱི་རྣམ་ཤེས་མ་འོངས་པ་སྐྱེ་བའི་གོ་འབྱེད་པ་དང༌། དེ་འབྲས་བུར་འཛིན་པའི་ཆ་ནས་ཡིད་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་ཁམས་སུ་བཞག རྣམ་ཤེས་རང་གི་ངོ་བོ་ད་ལྟར་བར་གནས་པའི་ཆ་ནས་རྣམ་ཤེས་ཀྱི་ཁམས་སུ་བཞག་པའོ། །དེ་ལྟར་ན། ཁམས་སུ་འཇོག་པའི་དུས་ནི། འདས་པ་དང་ད་ལྟར་བའི་དུས་གཉིས་ཏེ། རྟེན་དབང་པོའི་ཁམས་དང་པོ་ལྔ་ལ་ནི། ཉེར་སྤྱོད་ད་ལྟར་བ་འཛིན་པ་དང༌། མ་འོངས་པ་འཛིན་པ་གཉིས་ཡོད་ལ། དང་པོ་ནི། རང་དུས་དེ་ཉིད་དུ་དེར་ཁམས་སུ་འཇོག་ལ། གཉིས་པ་རྣམས་ནི། རང་འདས་ཟིན་པའི་དུས་དེར་ཁམས་སུ་འཇོག་པ་ཡིན་ཏེ། དུས་དེར་ཉེར་སྤྱོད་བཟུང་ཟིན་པའི་ཕྱིར། དྲུག་པ་ཡིད་ཀྱི་དབང་པོ་ནི། འདས་པ་ཁོ་ནའི་ཆ་ནས་དེར་འཇོག་དགོས་པ་ཡིན་ཏེ། ད་ལྟར་བའི་ཆ་ནས་ནི། རྣམ་ཤེས་ཀྱི་ཁམས་སུ་འདུས་པའི་ཕྱིར་རོ། །སྤྱིར་ཁམས་ཀྱི་འཇོག་བྱེད་ནི། ཉེར་སྤྱོད་འཛིན་པ་ཡིན་ལ། དེ་ལ་ཚུལ་གཉིས་ཏེ། ད་ལྟར་བ་འཛིན་པ་དང༌། མ་འོངས་པའོ། །དང་པོ་ནི། རང་དུས་དེ་ཉིད་དུ་ཁམས་སུ་འཇོག་ལ། གཉིས་པ་ནི། རང་འདས་ཤིང་རང་ཉིད་འབྲས་བུ་ཉེར་སྤྱོད་ཕྱུང་ཟིན་པ་དེའི་ཚེ། ཁམས་སུ་འཇོག་པ་ཡིན་ཏེ། དཔེར་ན་བུ་སྐྱེས་ཟིན་པའི་ཚེ་མར་འཇོག་པ་བཞིན་ནོ། །འོ་ན་ཁམས་དང་སྐྱེ་མཆེད་ཀྱི་ཁྱད་པར་ཅི་ཞེ་ན། སྐྱེ་མཆེད་ལ་ནི། རྣམ་པར་ཤེས་པ་ད་ལྟར་བ་སྐྱེ་བའི་གོ་འབྱེད་པའི་ཆ་ནས་སྐྱེ་མཆེད་ཞེས་བྱ་བའི་ཐ་སྙད་འདོད་པ་མི་སྲིད་ལ། ཁམས་ལ་ནི་ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཆ་ནས་དེར་འཇོག་པ་ནི། ཁམས་བཅུ་བདུན་པོ་ཐམས་ཅད་དོ། །ཉེར་སྤྱོད་མ་འོངས་པ་འཛིན་པའི་ཆ་ནས་ཁམས་སུ་འཇོག་པ་ནི། ཡིད་ཀྱི་ཁམས་གཅིག་བུའོ། །འོ་ན་ཡིད་ཀྱི་ཁམས་དང་ཡིད་ཀྱི་བསྐྱེད་མཆེད་ལ་ཁྱད་པར་ཅི་ཞེ་ན། ཡིད་ཀྱི་ཁམས་ནི། འབྲས་བུ་ཡིད་ཀྱི་རྣམ་པར་ཤེས་པ་ཕྱི་མའི་བདག་རྐྱེན་ཁོ་ནའི་ཆ་ནས་བཞག་ལ། ཡིད་ཀྱི་སྐྱེ་མཆེད་ནི། འབྲས་བུ་རྣམ་པར་ཤེས་པའི་ཚོགས་དྲུག་ཀ་ལ་རྐྱེན་བྱེད་ཚུལ་ཡང༌། དེ་མ་ཐག་པའི་རྐྱེན་གཙོ་ཆེ་ཞིང་ཡིད་དེས་གཅིག་བུ་ལ་བདག་པོའི་རྐྱེན་ཀྱང་སྲིད་པའོ། །དུས་ཀྱི་སྒོ་ནས་ཀྱང་ཁམས་ནི་འདས་པའི་ཆ་ནས་དང༌། སྐྱེ་མཆེད་ནི་ད་ལྟར་བའི་ཆ་ནས་སོ། །གཉིས་པ་ཆོས་ཁམས་བྱེ་བྲག་ཏུ་བཤད་པ་ནི། གཞན་ཕུང་པོ་གསུམ་པོ་གང་ཡིན་པ་དག་དང་ཞེས་སོགས་སོ། །གཉིས་པ་མཚན་ཉིད་བསྡུས་ཏེ་བཤད་པ་ནི། ཅིའི་ཕྱིར་ཁམས་ཞེས་བྱ་ན་ཞེས་སོགས་སོ། །དེ་ཡང་ཉེར་སྤྱོད་འཛིན་པའོ། །འཛིན་པའི་ཚུལ་ཡང༌། སྐྱེས་ཟིན་པ་ནི་གནས་དང་དམིགས་པའི་སྒོ་ནས་འཛིན་ལ། མ་འོངས་པ་ནི་རྒྱུའི་རྐྱེན་དང་ཡིད་ཁམས་ཀྱིས་ནི་བདག་པོའི་རྐྱེན་གྱི་སྒོ་ནས་སོ། །གཉིས་པ་ཆོས་གསུམ་བསྟན་པའི་དགོས་པ་ནི། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་ཞེས་སོགས་སོ། །དེ་ཡང་གཟུགས་མཐོང་བའི་བདག་གང་ཡིན་པ་དེ་ཉིད་སྒྲ་ཐོས་པའི་བདག་ཀྱང་དེ་ཡིན་ནོ། །ཞེས་གཅིག་པུར་བདག་ཏུ་འཛིན་པའི་གཉེན་པོར་ཕུང་པོ་ལྔ་བསྟན། དེ་ལྟར་ན་ཡང་གཟུགས་སོགས་ཡུལ་དྲུག་ལ་ལོངས་སྤྱོད་པར་བྱེད་པའི་བདག་དུ་མ་ཡོད་དོ། །ཞེས་ཟ་བ་པོའི་བདག་ཏུ་འཛིན་པའི་གཉེན་པོར་སྐྱེ་མཆེད་བཅུ་གཉིས་བསྟན། ཟ་བ་པོའི་བདག་མེད་པ་དེ་ལྟར་ན་ཡང་བྱེད་པ་པོའི་བདག་ཡོད་དོ་སྙམ་དུ་འཛིན་པའི་གཉེན་པོར་ཁམས་ཀྱི་དབྱེ་བ་བསྟན་པ་ཡིན་ནོ། །གཉིས་པ་ཁམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་བཤད་པ་ལ། གཟུགས་ཅན་ཡིན་མིན་གྱི་དབྱེ་བ། བསྟན་དུ་ཡོད་མེད་ཀྱི་དབྱེ་བ། ཐོགས་བཅས་དང་ཐོགས་མེད་ཀྱི་དབྱེ་བ། ཟག་བཅས་དང་ཟག་མེད་ཀྱི་དབྱེ་བ། ཁམས་གསུམ་པོ་གང་དུ་གཏོགས་ཀྱི་དབྱེ་བ། ཕུང་པོར་བསྡུས་མ་བསྡུས་ཀྱི་དབྱེ་བ། ཉེ་བར་ལེན་པའི་ཕུང་པོས་བསྡུས་མ་བསྡུས་ཀྱི་དབྱེ་བ། དགེ་སོགས་གསུམ་གྱི་དབྱེ་བ། ནང་དང་ཕྱི་རོལ་གྱི་དབྱེ་བ། དམིགས་པ་དང་བཅས་མ་བཅས་ཀྱི་དབྱེ་བ། རྣམ་པར་རྟོག་པ་དང་བཅས་མ་བཅས་ཀྱི་དབྱེ་བ། ཟིན་མ་ཟིན་གྱི་དབྱེ་བ། བརྟེན་མཚུངས་དེ་མཚུངས་ཀྱི་དབྱེ་བ་རྣམས་ཏེ། དེ་དག་ནི་གཞུང་དང་འཕྲོད་པར་སླའོ། །ཆོས་གསུམ་གྱི་སྤྱིའི་དོན་མདོར་བསྡུས་པ་ནི། མཚན་ཉིད་དང༌། མཚན་གཞི་དང༌། དུས་གསུམ་གང་ཡིན་དཔྱད་པའོ། །དང་པོ་ནི། ཕུང་པོའི་མཚན་ཉིད། སྤུང་བྱ་འདུས་བྱས་ཀྱི་ཆོས་དུ་མ་སྤུངས་པ་དང༌། ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་རྣམ་པར་ཤེས་པའི་ཚོགས་དྲུག་འཛིན་པ་དང༌། སྐྱེ་མཆེད་ཀྱི་མཚན་ཉིད་ནི། ཉེར་སྤྱོད་རྣམ་ཤེས་དངོས་སུ་སྐྱེ་བའི་གོ་འབྱེད་པའོ། །དེ་ཡང་འདུས་བྱས་ནི། རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་རྣམས་ལ་ཟེར་བ་ཡིན་གྱི། དངོས་པོ་གང་ཡིན་ལ་ཟེར་བ་མ་ཡིན་ཏེ། འདུས་མ་བྱས་ཀྱི་དངོས་པོ་བརྒྱད་བཤད་པ་བཞིན་ནོ། །སྤུངས་པའི་ཚུལ་ཡང༌། བློ་རྟོག་པས་ཕྱོགས་གཅིག་ཏུ་བསྡོམས་པ་ལ་ཟེར་བ་ཡིན་གྱི། ནས་ཀྱི་ཕུང་པོ་བཞིན་དུ་རྫས་ཀྱི་ངོ་བོ་ཕྱོགས་གཅིག་ཏུ་སྤུངས་པ་ནི་མིན་ཏེ། དེ་ལྟར་མི་ནུས་པའི་ཕྱིར། སྤུང་བྱ་དངོས་པོར་ཁས་ལེན་ཀྱང༌། སྤུངས་པའི་རང་གི་ངོ་བོ་དངོས་པོར་ཁས་ལེན་པའི་ཁྱབ་པ་མེད་དེ། ཀུན་བཏགས་ཀྱི་ཕུང་པོ་བཞིན་ནོ། །ཉེར་སྤྱོད་འཛིན་པ་དང༌། སྐྱེ་བའི་གོ་འབྱེད་པའི་ཚུལ་ནི་འདི་ལྟར། ཉེར་སྤྱོད་ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་འཁོར་དང་བཅས་པ་ལ་ཟེར་བ་ཡིན་ཏེ། ཡུལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར། འཛིན་པའི་ཚུལ་ནི་གསུམ་སྟེ། དམིགས་པའི་སྒོ་ནས་འཛིན་པ་དང༌། གནས་ཀྱི་སྒོ་ནས་འཛིན་པ་དང༌། རང་གི་ངོ་བོའི་སྒོ་ནས་འཛིན་པའོ། །འདི་གཉིས་ལ། མོད་སྡེ་པ། རྒྱུ་འབྲས་སྔ་ཕྱི་བ་ཁོ་ན་དགོས་པར་འདོད་ཀྱང༌། བྱེ་བྲག་ཏུ་སྨྲ་བ་དང༌། རྣལ་འབྱོར་སྤྱོད་པ་བས་ནི། དུས་མཉམ་པའི་བདག་རྐྱེན་དང༌། དམིགས་རྐྱེན་ཡང་ཁས་ལེན་པ་ཡིན་ཏེ། དེ་ལྟར་ན་མིག་སོགས་དབང་པོའི་ཁམས་ལྔ་ནི། ཉེར་སྤྱོད་ད་ལྟར་བ་གནས་ཀྱི་སྒོ་ནས་འཛིན་པ་ནི། དེ་དག་ཁམས་སུ་འཇོག་པའི་འཇོག་བྱེད་ཀྱི་གཙོ་བོ་ཡིན་ལ། ཉེར་སྤྱོད་མ་འོངས་པ་སྐྱེ་བའི་བདག་པོའི་རྐྱེན་བྱེད་པ་ནི། དེ་དག་སྐྱེ་མཆེད་དུ་འཇོག་པའི་བྱེད་ཆོས་ཀྱིས་གཙོ་བོ་ཡིན་ནོ། །དྲུག་པ་ཡིད་ཀྱི་སྐྱེ་མཆེད་ཀྱང་སྐྱེ་མཆེད་དུ་འཇོག་བྱེད་ནི། སྐྱེ་མཆེད་ཀྱི་འཇོག་བྱེད་སྤྱི་དང་འདྲ་ལ། འདི་ལ་ཉེར་སྤྱོད་མ་འོངས་པའི་དེ་མ་ཐག་རྐྱེན་དང་བདག་པོའི་རྐྱེན་གཉིས་སྲིད་དོ། །དྲུག་པ་ཡིད་ཀྱི་ཁམས་སུ་འཇོག་བྱེད་ནི། ཡིད་ཀྱི་རྣམ་ཤེས་མ་འོངས་པ་གནས་ཀྱི་སྒོ་ནས་འཛིན་པའོ། །འོ་ན་ཡིད་ཀྱི་སྐྱེ་མཆེད་དང་ཁྱད་པར་ཅི་ཞེ་ན། ཡིད་ཀྱི་སྐྱེ་མཆེད་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་དུ་མ་ངེས་ཀྱི། རྣམ་པར་ཤེས་པའི་ཚོགས་དྲུག་ཀའི་རྐྱེན་དང༌། དེ་ཡང་བདག་པོའི་རྐྱེན་ཁོ་ནར་མ་ངེས་ཀྱིས། དེ་མ་ཐག་པའི་རྐྱེན་དུ་ཡང་འགྱུར་བའོ། །འོ་ན་སྐྱེ་མཆེད་ཀྱི་ཚེ་ཡིད་ཀྱི་དབང་པོས་ཡིད་ཀྱི་ཤེས་པའི་བདག་པོའི་རྐྱེན་བྱེད་པ་མི་སྲིད་དམ་ཞེ་ན། དེ་སྲིད་ཀྱང་དེའི་ཆ་ནས་ཡིད་ཀྱི་བསྐྱེད་མཆེད་དུ་འཇོག་པ་མ་ཡིན་གྱི། དེ་སྐྱེ་བའི་གོ་འབྱེད་པའི་ཆ་ནས་ཡིན་ལ། དེ་ལ་ནི་རྐྱེན་བཞི་ཀ་ཡོད་མོད་ཀྱང༌། འདིར་ནི་རྐྱེན་གཉིས་བྱེད་པའི་ཆ་ནས་སོ། །མཚན་གཞི་ཡང་མི་འདྲ་སྟེ། ཡིད་ཀྱི་ཁམས་ནི་འདས་པ་ཁོ་ན་ཡིན་ལ། ཡིད་ཀྱི་སྐྱེ་མཆེད་ལ་ནི། བདག་རྐྱེན་ཡིན་པའི་ཚེ་ན་འདས་པ་དང༌། དེ་མ་ཐག་རྐྱེན་གྱི་ཚེ་ན་ད་ལྟར་བའི་ཆ་ནས་འཇོག་དགོས་པས་སོ། །དེ་ལྟར་ན། ཁམས་ཀྱི་ཚེ་ན། རྒྱུ་འབྲས་དུས་མཉམ་པས་ཀྱང་ཆོག་ལ། སྐྱེ་མཆེད་ཀྱི་ཚེ་ན། རྒྱུ་འབྲས་སྔ་ཕྱི་བ་ངེས་པར་ཁས་ལེན་དགོས་པས། རྐྱེན་གསུམ་ཀ་ཚང་དགོས་ལ། ཁམས་ལ་ནི་གཉིས་ཏེ། དེ་མ་ཐག་རྐྱེན་ངེས་པར་དགོས་པའི་བཤད་པ་མེད་དོ། །དེ་ལྟར་ན། ཉེར་སྤྱོད་འཛིན་པ་དང་ཉེར་སྤྱོད་སྐྱེ་བའི་ཁྱད་པར་ནི་དེ་ཡིན་ལ་དེ་ཉིད་ཀྱི་ཁམས་དང༌། སྐྱེ་མཆེད་ཀྱི་ཁྱད་པར་ཡང་གྲུབ་བོ། །གཉིས་པ་མཚན་གཞི་ལ། ཆོས་གསུམ་ཀ་ལ་ཀུན་བརྟགས་ཀྱི་དང༌། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་དེ་གསུམ་དུ་ཡོད་པར་མ་ཟད། ཀུན་གཞིའི་སྟེང་གི་ས་བོན་གྱི་ཆར་གྱུར་པའི་ཆོས་གསུམ་དང༌། རྣམ་སྨིན་གྱི་ཆར་གྱུར་པའི་དེ་གསུམ། རྣམ་སྨིན་ལས་བྱུང་བའི་དེ་གསུམ་དུ་བྱེད་དགོས་པར་ནི་མངོན་པ་ཀུན་ལས་བཏུས་སུ་གསལ་ལ། གོང་དུ་བཤད་མ་ཐག་པའི་ཆོས་གསུམ་གྱི་རྣམ་པར་བཞག་པ་དེ་ནི། རྣམ་སྨིན་ལས་བྱུང་བའི་དབང་དུ་བྱས་ནས་དངོས་བསྟན་ཉན་ཐོས་སྡེ་པ་དང་མཐུན་པར་སློབ་དཔོན་གྱི་བཤད་པ་ཡིན་ལ། དེའི་ཚེ་ན་ནི་ཀུན་གཞི་དང་ཉོན་ཡིད་གཉིས་ཆོས་གསུམ་པོ་དེར་འདུས་པ་མ་ཡིན་ཏེ། གཉིས་པོ་དེ་ལ་གོང་དུ་བཤད་མ་ཐག་པའི་རྣམ་ཤེས་ཀྱི་ཕུང་པོ་དང༌། ཡིད་ཀྱི་སྐྱེ་མཆེད་དང༌། ཡིད་ཀྱི་ཁམས་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ་བཞི་པོ་གང་གིས་ཡང་དངོས་བསྟན་གྱི་མཚན་ཉིད་མ་ཚང་ལ། དེ་ལས་གཞན་གང་གི་ནང་དུ་ཡང་བསྡུ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་མོད་ཀྱི། ཀུན་བཏུས་སུ་ནི། ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་ཆོས་གསུམ་མངོན་གྱུར་གྱི་དབང་དུ་བྱས་པའི་ཡིད་ཀྱི་ཁམས་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཚང་དུ་རུང་བར་འཆད་ལ། གཞུང་འདིར་མ་བཤད་པའི་ཕྱིར། ཀུན་གཞི་ལ་ནི་རྣལ་འབྱོར་སྤྱོད་པའི་གཞུང་གི་ཆ་གང་དུ་ཡང༌། ཆོས་གསུམ་མངོན་གྱུར་གྱི་མཚན་ཉིད་ཚང་བའི་བཤད་པ་མེད་དོ། །ཀུན་གཞིའི་ས་བོན་གྱི་ཆ་ནས་ཆོས་གསུམ་འཇོག་པའི་ཚེ་ཁམས་ནི་ཉེར་སྤྱོད་མ་འོངས་པ་ཁོ་ན་འཛིན་པ་དང་དེ་ཡང་རྒྱུའི་རྐྱེན་ཁོ་ན་དང༌། སྐྱེ་མཆེད་ནི་རྐྱེན་གསུམ་ཀ་དང༌། དེ་ཡང་ཀུན་གཞིའི་སྟེང་གི་ནུས་པ་གསུམ་ཕུང་པོ་ལ་ནི་ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ཀ་རྣམ་ཤེས་ཕུང་པོར་བསྡུས་སོ། །གསུམ་པ་དུས་གསུམ་གང་ཡིན་དཔྱད་པ་ནི། ཕུང་པོའི་མཚན་གཞི་ནི། དུས་གསུམ་ཀ་ལ་རུང་བ་ཡིན་ཏེ། དུས་ཐམས་ཅད་དང་ཡུལ་ཐམས་ཅད་ཀྱི་ཆོས་དེ་དང་དེ་བསྡོམ་ནས་སྤུངས་པ་ལ་ཕུང་པོའི་དོན་དུ་བཤད་པས་སོ། །ཁམས་བཅུ་བདུན་པོ་ད་ལྟར་གྱི་ཆ་ནས་གཞག་པ་ཡིན་ཏེ། ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཆ་ནས་ཁམས་གསུམ་གཞག་ལ། དེ་ལ་གནས་དང༌། དམིགས་པ་དང༌། རིགས་མཚན་ཉིད་ཀྱི་སྒོ་ནས་འཛིན་པའི་ཚུལ་གསུམ་ཡོད་པ་ལས། འདས་པ་དང་མ་འོངས་པ་ལ། ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཚུལ་དང་པ་གསུམ་པོ་མི་རུང་བའི་ཕྱིར། དམིགས་གསལ་ལ། བཅོ་བརྒྱད་པ་ཡིད་ཀྱི་ཁམས་ནི་འདས་པ་ཁོ་ན་སྟེ། ཚོགས་དྲུག་ད་ལྟར་བས། ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཆ་ནས་ནི་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་གཞག་ཟིན་ལ། ཚོགས་དྲུག་འདས་པས་ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཆ་ནས་དེར་ཡིད་ཀྱི་ཁམས་སུ་གཞག་དགོས་པའི་ཕྱིར། སྐྱེ་མཆེད་ནི། ད་ལྟར་བའི་ཆ་ནས་གཞག་པ་ཡིན་ཏེ། ཉེར་སྤྱོད་མ་འོངས་པ། སྐྱེ་བའི་གོ་འབྱེད་པའི་ཆ་ནས་དེར་འཇོག་ལ། དུས་གཞན་གཉིས་ལ་དེ་མི་རུང་བའི་ཕྱིར། དེ་ཡང་འདས་པ་ནི་འགགས་ཟིན་པས་བྱ་བ་དང་བྲལ། མ་འོངས་པ་ནི་མ་སྐྱེས་པས་བྱ་བ་མི་བྱེད་པར་མ་ཟད། སྔ་ཕྱིའི་གོ་རིམས་ཀྱང་མེད་པའི་ཕྱིར། དོན་དེ་ལ་དགོངས་ནས། ཀུན་ལས་བཏུས་སུ། ཁམས་དང་སྐྱེ་མཆེད་ཀྱི་གྲངས་ངེས་གསུང་པ་ཡིན་ནོ།།  ༈  །།རྣམ་རིག་སྨྲ་བའི་ཐུན་མོང་མིན་པ་ཡི། །ཆོས་གསུམ་རྣམ་གཞག་སྔོན་རབ་མཛངས་པས་ཀྱང༌། །ཇི་བཞིན་མ་བཤད་གཞན་གྱི་སྨོས་ཅི་དགོས། །དེ་གཞུང་ཇི་བཞིན་བརྟགས་ནས་བཤད་འདི་གཟུང༌། །བདག་ཏུ་རྨོངས་པ་རྣམ་གསུམ་བཟློག་བྱའི་ཕྱིར། །རྒྱལ་བས་ཆོས་གསུམ་རྣམ་གཞག་རྒྱས་པར་གསུངས། །ཆོས་གསུམ་གསལ་བའི་དབྱེ་བ་མ་བཤད་ན། །ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ཅི། །དེ་ཕྱིར་བདག་འཛིན་རི་བོ་བསྙིལ་སླད་དུ། །བདག་མེད་སྒྲུབ་པའི་རིགས་པ་བཙལ་བྱའི་ཕྱིར། །གཞན་གྱིས་མ་བཤད་ཆོས་གསུམ་རྣམ་གཞག་འདི། །རྣལ་འབྱོར་སྤྱོད་པའི་གཞུང་བཞིན་བཤད་པ་ཡིན། །དེ་ཡིས་དགེ་བས་དོན་གཉེར་སློབ་མའི་ཚོགས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་ཕ་མཐའ་ནི། །ལེགས་པར་གོ་ནས་དབུ་མའི་ཁང་བཟང་སུ། །ངེས་དོན་རིན་ཆེན་དཔལ་གྱིས་མཚོ་བར་ཤོག །གཞུང་འདིའི་སྤྱི་དོན་དང༌། བསྡུས་དོན་ནི་དེ་ཙམ་དུ་བསྡུས་ལ་ཚིག་དོན་རྒྱས་པ་ནི་སློབ་དཔོན་བློ་གྲོས་བརྟན་པས་སྦྱར་བའི་བྱེ་བྲག་ཏུ་བཤད་པ་ལས་བལྟའོ། །ཞེས་བྱ་བ་འདིར་ནི། ཐམས་ཅད་མཁྱེན་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་ཉེ་བར་སྦྱར་བའི་བསྟན་བཅོས། ཕུང་པོ་ལྔའི་རབ་ཏུ་བྱེད་པ་ཞེས་བྱ་བའི་རྣམ་པར་བཤད་པ་ལེགས་པར་གྲུབ་པའོ།།  །། ༄༅། །ན་མོ་མཉྫུ་ཤྲཱི་ཡེ། བྱམས་པའི་ཕྱག་རིང་འཁོར་བའི་གཏིང་དུ་རྐྱང༌། །ཐོག་མེད་སྤྱན་གྱིས་མཐོན་པོའི་གནས་ནས་གཟིགས། །མཁྱེན་བརྩེའི་དབྱིག་གིས་འགྲོ་བའི་གཉེན་གྱུར་པ། །རྣམས་ལ་ཕྱག་འཚལ་དེ་ནས་དེ་ཡི་གཞུང༌། །ཐེག་ཆེན་མདོ་དོན་རྣམ་རིག་ཙམ་དུ་ནི། །འགྲེལ་བྱེད་གཞུང་བརྒྱའི་སྙིང་པོ་མདོར་བསྡུས་པ། །དོན་མང་ཚིག་ཉུང་ལྡན་པའི་སུམ་ཅུ་པ། །ཚིག་ཟུར་ཕྱིན་པའི་ངག་གིས་འདིར་བཤད་བྱ། །ཅེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་ཤེས་བྱའི་གནས་ལུགས་རྣམ་རིག་ཙམ་དུ་སྒྲུབ་པ་སུམ་ཅུ་པའི་རབ་ཏུ་བྱེད་པ་འཆད་པ་ལ་གསུམ་སྟེ། གཞི་བདེན་པ་གཉིས་ཀྱི་གནས་ལུགས་རྣམ་པར་རིག་པ་ཙམ་དུ་གཏན་ལ་ཕབ། དེ་ལྟར་གཏན་ལ་ཕབ་པའི་དོན་ཡིད་ལ་བྱེད་པའི་རིམ་པ། ཡིད་ལ་བྱས་པས་གནས་གྱུར་གྱི་ཡེ་ཤེས་མངོན་དུ་གྱུར་པའི་ཚུལ་ལོ། །དང་པོ་ལ། ཀུན་རྫོབ་ཀྱི་གནས་ལུགས་རྣམ་རིག་ཙམ་དུ་གཏན་ལ་ཕབ། དོན་དམ་གྱི་གནས་ལུགས་ཀྱང་རྣམ་རིག་ཙམ་དུ་གཏན་ལ་ཕབ། བདེན་པ་གཉིས་ཀའི་གནས་ལུགས་རྣམ་པར་རིག་པ་ཙམ་ཡིན་ཀྱང༌། གཟུང་འཛིན་གཉིས་ཀྱི་སྣང་བ་འབྱུང་བའི་ཤེས་བྱེད་དོ། །དང་པོ་ལ་གསུམ་སྟེ། བདག་དང་ཆོས་སུ་སྒྲོ་འདོགས་པའི་གཞི་རྣམ་པར་རིག་པ་ཙམ་ཡིན་པའི་དམ་བཅའ་རྒྱས་པར་བཞག དེ་སྒྲུབ་བྱེད་ཀྱི་རིགས་པ་མདོར་བསྡུས་ཏེ་བཤད། ཐམས་ཅད་རྣམ་པར་རིག་པ་ཙམ་ལས་གཞན་མེད་ན། མདོ་ལས། ངོ་བོ་ཉིད་གསུམ་གསུང་པ་དང་འགལ་བ་སྤང་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། རྩ་བའི་རྣམ་ཤེས་ལས་འཇུག་ཤེས་དྲུག་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ནི། བདག་དང་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །དེའི་དོན་ནི། བདག་དང་གཟུགས་སོགས་ཆོས་སུ་སྣང་བ་འདི་ཆོས་ཅན། ཇི་ལྟར་སྣང་བ་ལ་རྟོག་པས་སྒྲོ་བཏགས་པ་དེ་ལྟར་དུ་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པར་གྱུར་པ་ཡིན་པའི་ཕྱིར། གྱུར་པ་དེ་ཡང་ཆོས་ཅན། རྣམ་པ་གསུམ་དུ་ཡོད་དེ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང༌། ངར་སེམས་པའི་དང༌། ཡུལ་ལ་རྣམ་པར་རིག་པའི་རྣམ་པར་ཤེས་པ་དང་གསུམ་དུ་མདོ་ལས་གསུངས་པའི་ཕྱིར་ཞེས་པའོ། །འདིར་ཆོས་ཤེས་པ། ཆོས་ཀྱི་བདག་ཁོ་ན་ལ་ཟེར་བ་མ་ཡིན་གྱི། ཕུང་སོགས་ཆོས་གསུམ་པོ་ཐམས་ཅད་དོ། །དེ་དག་ལ་ཡང་གསུམ་ལས། ཀུན་བཏགས་ཀྱི་ཆ་དེ་ཇི་ལྟར་བཏགས་པ་ལྟར་ཡོད་པ་མ་ཡིན་གྱི། དེ་གང་ལ་འདོགས་པའི་གཞི་ནི། རྣམ་བརྟགས་ཀྱི་ཆོས་གསུམ་ལ་བྱ་བ་ཡིན་ལ། དེའི་ངོ་བོ་ནི་རྣམ་པར་རིག་པ་ཙམ་མ་ཡིན་ཅིང༌། དེ་ཉིད་འདིར་ཀུན་རྫོབ་ཀྱི་བདེན་པ་དང༌། དེ་དེས་སྟོང་པའི་དེ་བཞིན་ཉིད་ལ་ནི་ཆོས་ཉིད་ཀྱི་ཕུང་སོགས་ཞེས་བྱ་ལ། དེ་ཡང་རྣམ་པར་རིག་པ་ཙམ་ཡིན་ཅིང༌། དེ་ཉིད་དོན་དམ་པའི་བདེན་པར་གཞག་གོ །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་འཁོར་དང་བཅས་པ་བཤད་ནས། ལྡོག་པའི་མཚམས་ངོས་བཟུང༌། ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་བཤད་ནས། འཇུག་ལྡོག་གི་འཚམས་ངོས་བཟུང༌། འཇུག་ཤེས་འཁོར་དང་བཅས་པ་བཤད་ནས། ཡིད་ཀྱི་རྣམ་ཤེས་གང་དུ་འབྱུང་བའི་ས་མཚམས་བསྟན་པའོ། །དང་པོ་ལ། མཚན་ཉིད། དམིགས་པ། མཚུངས་ལྡན། འཇུག་ལྡོག་གི་རིམ་པའོ། །དང་པོ། དེ་ལ་སོགས་རྐང་པ་གཉིས་སོ། །གཉིས་པ་ནི། དེ་ནི་སོགས་རྐང་པ་གཉིས། གསུམ་པ་ནི། རྟག་ཏུ་སོགས་རྐང་པ་བཞིའོ། །བཞི་པ་ནི། དེ་ནི་སོགས་རྐང་པ་གཉིས་སོ། །ངག་དོན་ནི་རིམ་པ་བཞིན། ཀུན་གཞིའི་རྣམ་ཤེས་ནི་ཆོས་ཅན། རྣམ་པར་སྨིན་པ་ཡིན་ཏེ། ཁམས་གསུམ་གང་རུང་དུ་འཕེན་བྱེད་ཀྱི་ལས་ཀྱིས་རྣམ་སྨིན་དངོས་ཡིན་པའི་ཕྱིར། ས་བོན་ཐམས་ཅད་པ་ཞེས་བྱ་སྟེ། ཟག་པ་དང་བཅས་པའི་ས་བོན་མ་ལུས་པའི་རྟེན་ཡིན་པའི་ཕྱིར། དེ་ཡང་ཀུན་གཞིའི་སྟེང་ན་གསལ་ཆ་ཞིག་དང༌། རྣམ་སྨིན་གྱི་ཆ་གཉིས་ལས། དང་པོ་ནི། གཞི་དུས་ཀྱི་ཡེ་ཤེས་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། དོན་དམ་པའི་བདེན་པ་ཡིན་པས་ཀུན་གཞིའི་རྣམ་ཤེས་སུ་མི་འཇོག་ལ། གཉིས་པ་དེ་ལ་ནི་དེ་ཞེས་བྱ་ཞིང༌། དེ་ལ་ཡང་ཟས་ཀྱི་ལས་སྔ་མའི་རྣམ་སྨིན་དུ་སྨིན་ཟིན་པའི་ཆ་དང༌། སྨིན་མ་ཟིན་པའི་ལས་གཞན་གྱི་ས་བོན་འཛིན་པའི་ཆ་སྟེ་གཉིས་སོ། །མདོར་ན། མྱོང་བ་གསལ་རིག་གི་ངོ་བོ་གཅིག་ལ་རང་བཞིན་གྱིས་འོད་གསལ་བའི་ཆ་ནས་ཟག་མེད་དང༌། རྣམ་སྨིན་དང༌། ཟས་ཀྱི་ས་བོན་འཛིན་པའི་ཆ་ནས་རྣམ་ཤེས་བྱའོ། །འོ་ན། རྣམ་ཤེས་དེའི་དམིགས་པ་དང་རྣམ་པ་ཅི་ཞེ་ན། དེ་ལ་དེ་དག་མེད་པ་ནི་མ་ཡིན་མོད་ཀྱང༌། དམིགས་པ་དང་རྣམ་པ་སོ་སོར་རྒྱ་ཆད་པ་མེད་པས། དམིགས་པ་རྣམ་པར་རིག་པ་མ་ཡིན་ནོ། །ཞེས་འཆད་པ་ལ། ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་ཆོས་ཅན། དམིགས་པའི་དབྱེ་བས་གཉིས་སུ་འགྱུར་ཏེ། ལེན་པའི་རྣམ་པར་རིག་པ་དང༌། གནས་ཀྱི་རྣམ་པར་རིག་པ་གཉིས་སུ་འགྱུར་བའི་ཕྱིར། དེ་གཉིས་པོ་རིག་པ་ནི་མ་ཡིན་ཏེ། དེར་མི་སྣང་བའི་ཕྱིར་རོ། །ཞེས་སྟོན་པ་ནི། དེ་ནི་ལེན་པ་སོགས་སོ། །དེ་ཡང་ཀུན་གཞིའི་སྟེང་གི་མིག་སོགས་དབང་པོ་ལྔ་དང༌། ཕྱི་སྣོད་ཀྱི་འཇིག་རྟེན་དུ་སྣང་བའི་བག་ཆགས་ལ་དེ་དང་དེ་ཞེས་བྱ་ལ། དེས་དེ་མི་རིག་པའི་ཤེས་བྱེད་ཀྱང༌། དེ་དང་དེ་མངོན་དུ་མ་གྱུར་པའི་རྒྱུ་མཚན་གྱིས་སོ། །འོ་ན་ཀུན་གཞིའི་དེ་གྲོགས་དང་བཅས་སམ་གཅིག་པུར་ངེས་ཞེ་ན། གཅིག་པོ་མ་ཡིན་ཏེ། རེག་པ་སོགས་ལྔ་དང་བཅས་པའི་ཕྱིར། དེའི་འཁོར་དུ་ཚོར་བ་བདེ་སྡུག་མི་འབྱུང་སྟེ། དེས་དེའི་དམིགས་རྣམ་མི་འཛིན་པའི་ཕྱིར། དེ་ནི། དགེ་བ་དང་མི་དགེ་བར་འགྱུར་བ་མི་སྲིད་དེ། ལུང་དུ་མ་བསྟན་པའི་ཕྱིར། ཉོན་མོངས་པ་ཅན་མི་སྲིད་དེ། ཉོན་མོངས་པ་དང་མཚུངས་པར་མི་ལྡན་པས་མ་སྒྲིབ་པ་ཁོ་ན་ཡིན་པའི་ཕྱིར། དེའི་འཁོར་གྱི་རིག་སོགས་ཆོས་ཅན། ཀུན་གཞི་དེ་བཞིན་དུ་ཤེས་པར་བྱ་སྟེ། རྣམ་སྨིན་ཡིན་པ་དང༌། དམིགས་རྣམ་མི་འཛིན་པ་དང༌། མ་སྒྲིབ་ལ་ལུང་དུ་མ་བསྟན་པའི་ཕྱིར། ཞེས་སྟོན་པ་ནི། རྟག་ཏུ་རེག་དང་སོགས་སོ། །དེ་ལྟར་ན། དེའི་འཁོར་གྱི་ཀུན་འགྲོ་ལྔ་པོ་འདི་ལ། དེ་དང་དེའི་མཚན་ཉིད་གཞུང་ལས་བཤད་པ་དེ་དང་དེ་ཚང་བ་མ་ཡིན་ཏེ། དམིགས་རྣམ་མི་འཛིན་པའི་ཕྱིར་རོ། །འོ་ན་ཅི་ཤེ་ན། དེ་དང་དེ་དབང་ལྡན་གྱི་ཚུལ་དུ་ལྡན་པ་ཡིན་ཏེ། དེ་དག་རྣམ་སྨིན་དངོས་ཡིན་པའི་ཚུལ་གྱིས་ལྡན་པས་སོ། །འདིར་ཡང་རྣམ་སྨིན་དངོས་ནི། ཚོར་བ་བཏང་སྙོམས་ལ་བྱ་བ་ཡིན་ཏེ། ཚེ་སྔ་མའི་ཚོར་བ་དེ་བཏང་ནས། ཚེ་ཕྱི་མའི་ཚོར་བ་དེ་ཐོབ་པའི་ཚེ། རྣམ་སྨིན་འདོར་ལེན་དུ་འཇོག་དགོས་པའི་ཕྱིར། དེ་ལྟར་ན། དེའི་འཁོར་དུ་སེམས་བྱུང་དགེ་བ་དང༌། ཉོན་མོངས་ཅན་རྣམས་ཀྱང་འཇོག་རིགས་པར་འགྱུར་ཏེ། མངོན་གྱུར་དུ་མེད་ཀྱང་དེ་དང་མཚུངས་ལྡན་དུ་འཇོག་པ་མཐོང་བའི་ཕྱིར། ཀུན་འགྲོ་ལྔ་བཞིན་ནོ་ཞེ་ན། མི་མཚུངས་ཏེ། རྣམ་སྨིན་གྱི་ངོ་བོར་དང༌། དབང་ལྡན་དྲང་ལྡན་ནོ་ཞེས་བཤད་ཟིན་ལ། དེའི་སྟེང་དུ་དེ་དག་དེར་ལྡན་པ་མི་སྲིད་པའི་ཕྱིར། འོ་ན། ཀུན་གཞིའི་རྣམ་ཤེས་དེ་ཡང་ཚོགས་བདུན་པོ་བཞིན་དུ་ཚེ་འཕོས་པའི་ཚེ། རྒྱུན་ཆད་ཅིང་འཇུག་པ་ཡིན་ནམ་ཞེ་ན། དེ་ནི། རྒྱུན་ཆད་པ་མི་སྲིད་དེ། ཆུ་བོ་བཞིན་དུ་བར་མཚམས་མེད་པར་འཇུག་པའི་ཕྱིར། ཞེས་སྟོན་པ་ནི། དེ་ནི་རྒྱུན་འབབ་ཅེས་སོ། །འདི་ཡང་ཞིབ་མོར་ན། གསལ་ཆ་ལ་བསམ་པ་ཡིན་གྱི། རྣམ་སྨིན་གྱི་ཆ་ནི་རྒྱུན་ཆད་ཅིང་འཇུག་པ་ཡིན་ཏེ། གཞན་དུ་ན་ཚེ་འཕོས་པའི་ཚེ་རྣམ་སྨིན་མ་འཕོས་པར་ཐལ་བས་སོ། །འོ་ན། རྣམ་ཤེས་དེ་རྒྱུན་ཆད་པ་མི་སྲིད་དམ་ཞེ་ན། དེ་ནི། དེ་མི་སྲིད་པ་མ་ཡིན་ཏེ། དགྲ་བཅོམ་པ་ཉིད་ཀྱི་ཚེ་ལྡོག་པའི་ཕྱིར་རོ། །ཞེས། དགྲ་བཅོམ་ཉིད་སོགས་སོ། །འདི་ཡང་ཞིབ་མོར་ན། ལྷག་བཅས་ཀྱི་དགྲ་བཅོམ་པའི་ཚེ། ཉོན་མོངས་པའི་ས་བོན་གྱི་ཆ་ལྡོག་ཀྱང༌། རྣམ་སྨིན་གྱི་ཆ་མ་ཟློག་ལ་ལྷག་མེད་ཀྱི་ཚེ་ནི་དེ་གཉིས་ཀ་བཟློག་ཀྱང༌། གསལ་ཆ་དེ་མ་ལོག་ལ། དེ་ལྟ་ན་ཡང༌། དེ་ལས་རྣམ་ཤེས་ཚོགས་བདུན་སྐྱེ་བའི་རྐྱེན་ཚང་བ་མི་སྲིད་པས་རྣམ་ཤེས་ཕྱི་མའི་རྒྱུ་མ་ཡིན་པ་དང༌། ཉོན་མོངས་པའི་ས་བོན་དང་རྣམ་སྨིན་གཉིས་ཀ་དང་བྲལ་བས་ཀུན་གཞིའི་རྣམ་ཤེས་ཞེས་མི་བྱ་ལ། ཡེ་ཤེས་ཞེས་བྱའོ། །གཉིས་པ་ཉོན་ཡིད་ལ། རྒྱུའི་རྐྱེན་དང༌། དམིགས་པ་དང༌། ངོ་བོའི་དང༌། མཚུངས་ལྡན་དང༌། མཚུངས་ལྡན་དེ་དག་ས་གང་དུ་རྟོགས་པ་དང༌། འཇུག་ལྡོག་གི་གནས་སྐབས་ཏེ། དྲུག་པོ་དེ་དག་ནི་གོ་རིམས་བཞིན་དུ། དེ་ལ་ཞེས་སོགས་རྐང་པ་རེ་རེ་དང༌། བསྒྲིབས་ལ་ཞེས་སོགས་རྐང་པ་བཞིའི་དང༌། གང་དུ་སྐྱེས་པ་དེའི་འོ་ཞེས་དང༌། དགྲ་བཅོམ་མེད་ཞེས་སོགས་རྐང་པ་ཕྱེད་དང་གསུམ་མོ། །འདིར་ཡང་ངེས་པའི་འཁོར་བཞི་ནི་མཚན་ཉིད་པ་ཡིན་ལ། ཀུན་འགྲོ་ལྔ་ནི་མཚན་ཉིད་པ་མ་ཡིན་ཏེ། དེ་དང་དེའི་མཚན་ཉིད་མ་ཚང་བའི་ཕྱིར། འདི་ནི་གྱུར་པ་གཉིས་པའོ་ཞེས་པ་ནི། མཇུག་བསྡུ་བའོ། །གསུམ་པ་འཇུག་ཤེས་རྒྱས་པར་བཤད་པ་ལ་གསུམ་སྟེ། མཚན་ཉིད། ངོ་བོ་དང༌། བཅས་པ་དང༌། མཚུངས་ལྡན་གྱི་ཁྱད་པར་རྒྱས་པར་བཤད་པ་དང༌། འཇུག་ལྡོག་གི་དུས་སོ། །དང་པོ་ནི། གསུམ་པ་ཞེས་སོགས་རྐང་པ་གསུམ་མོ། །གཉིས་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། ཀུན་ཏུ་འགྲོ་དང་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ལ་དྲུག་ལས། དང་པོ་ཀུན་འགྲོ་ལྔ་བཤད་པ་ནི། དང་པོའོ། །ཞེས་སོགས་རྐང་པ་གཅིག་གོ །གཉིས་པ་ཡུལ་ངེས་བཤད་པ་ནི། འདུན་མོས་སོགས་རྐང་པ་གཉིས་སོ། །མངོན་པ་འོག་མ་ལས་ལྔ་པོ་དེ་སེམས་ཀྱི་ས་མང་དུ་བཤད་པའི་དགོངས་པ་ནི། གཙོ་བོ་སེམས་ཐམས་ཅད་ཀྱི་འཁོར་དུ་ལྔ་པོ་འདི་འབྱུང་སྲིད་པ་ལ་བསམས་པ་ཡིན་གྱི། གཙོ་བོ་སེམས་ཡིན་ན་ལྔ་པོ་འདི་འཁོར་དུ་འབྱུང་བས་ཁྱབ་པ་ནི་དེར་ཡང་ཁས་མི་ལེན་ནོ། །ཀུན་གཞི་དང་ཉོན་ཡིད་ཀྱི་འཁོར་དུ་འདི་མི་འབྱུང་སྟེ། གཞན་དུ་ན་འདི་དག་གི་ཡུལ་མ་ངེས་པར་ཐལ་བས་སོ། །གསུམ་པ་དགེ་བ་བཅུ་གཅིག་ནི། དད་དང་ཞེས་སོགས་རྐང་པ་ཕྱེད་དང་བཞིའོ། །བཞི་པ་རྩ་ཉོན་ནི། ཉོན་མོངས་ནི་ཞེས་སོགས་རྐང་པ་ཕྱེད་དང་གསུམ་མོ། །ལྔ་པ་ཉོན་མོངས་ནི། ཁྲོ་དང་ཞེས་སོགས་ཚིགས་སུ་བཅད་པ་གཉིས་སོ། །དྲུག་པ་གཞན་གྱུར་ནི། འགྱོད་དང་ཞེས་སོགས་རྐང་པ་གསུམ་མོ། །འདིར། གཉིས་རྣམ་གཉིས་ཞེས་པ་ནི་ཚན་གཉིས་པོ་དེ་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་སྲིད་པའི་དོན་ནོ། །གསུམ་པ་འཇུག་ལྡོག་གི་སྐབས་ནི། ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། ཞེས་སོགས་རྐང་པ་བཞི་གོང་དུ་བླངས་ནས་བཤད་ན་བདེའོ། །དེ་ཡང་འབྱུང་བའི་དུས་ནི། རྟག་ཏུའོ་ཞེས་པས་བསྟན་ལ། ལྡོག་པའི་དུས་ནི། འདུ་ཤེས་མེད་པ་དང་ཞེས་སོགས་སོ། །དེ་ཡང་འདུ་ཤེས་མེད་པའི་སེམས་ཅན་ལ། སྐྱེ་སྲིད་དང༌། འཆི་སྲིད་ཀྱི་ཚེ། ཡིད་ཀྱི་རྣམ་ཤེས་འབྱུང་ཡང༌། སྔོན་དུས་ཀྱི་ཚེ་འབྱུང་མི་སྲིད་པ་ལ་བསམས་པའོ། །སྙོམས་འཇུག་རྣམ་གཉིས་ཀྱི་དུས་སུ་དེ་མེད་པའི་ཤེས་བྱེད་ནི། དགག་བྱ་ཡིན་པ་དང༌། གནས་སྐབས་དེ་དག་ན་ཡིད་ཀྱི་དབང་པོ་མེད་པའོ། །གཞན་དག་འཇིག་རྟེན་ལས་འདས་པའི་མཉམ་གཞག་ཡེ་ཤེས་ཀྱང༌། ཡིད་ཀྱི་རྣམ་ཤེས་སུ་འདོད་པ་ལྟར་ན། སྙོམས་འཇུག་འདི་གཉིས་ཀྱི་ཡིད་ཀྱི་རྣམ་ཤེས་མི་འགོག་པར་ཐལ་བ་དང༌། ཡེ་ཤེས་དེ་དག་བདག་རྐྱེན་ཡིད་ཀྱི་དབང་པོ་ལ་བརྟེན་པར་ཐལ་བའི་ཉེས་པ་ཡོད་དོ། །གཉིད་དང་བགྱལ་མ་གཏོགས་ཞེས་པ་གཉིས་ཀ་ལ་ཡང་སེམས་མེད་པ་ཞེས་སྦྱར་དགོས་ཏེ། སྤྱིར་གཉིས་པོ་སེམས་བྱུང་དུ་བཤད་པས། སེམས་བཅས་ཀྱི་གནས་སྐབས་སུ་ཡང་འབྱུང་སྲིད་པས་སོ། །གནས་སྐབས་འདི་དག་ལས་གཞན་འཆི་བའི་སྲིད་པ་ལ་གནས་བཞིན་པ་དེའི་ཚེ་ཡང་ཚོགས་བདུན་ཀ་མེད་དོ། །གསུམ་པ་ཀུན་གཞི་ལས་རྣམ་ཤེས་ཚོགས་དྲུག་ཇི་ལྟར་སྐྱེ་བའི་ཚུལ་ནི། ལྔ་རྣམས་ཞེས་སོགས་རྐང་པ་བཞིའོ། །ངག་དོན་ནི། རྣམ་པར་ཤེས་པའི་ཚོགས་དྲུག་ཆོས་ཅན། རྩ་བ་ཀུན་གཞི་ལས་ཅིག་ཆར་དུ་འབྱུང་བ་དང༌། རེས་འགའ་ཁར་ཡར་དུ་འབྱུང་བ་གཉིས་ཀ་སྲིད་དེ། རང་གི་བག་ཆགས་སད་བྱེད་རྐྱེན་ཇི་ལྟར་ཡོད་པ་ལས་དེ་ལྟར་དུ་འབྱུང་བའི་ཕྱིར། ཞེས་པའོ། །གཉིས་པ་སྒྲུབ་བྱེད་བསྡུས་ནས་བཤད་པ་ལ་དངོས་དང་རྩོད་པ་སྤང་བ་གཉིས་ལས། དང་པོ་ནི། རྣམ་པར་ཤེས་པ་སོགས་རྐང་པ་བཞིའོ། །དོན་ནི། བཤད་མ་ཐག་པའི་རྣམ་པར་ཤེས་པར་གྱུར་པ་གསུམ་པོ་ཆོས་ཅན། རྣམ་པར་རྟོག་པ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པའི་ཕྱིར། རྟོག་པ་དེའི་རྣམ་པར་བརྟགས་པའི་ཁམས་གསུམ་པོ་གང་ཡིན་པ་དེ་ནི་བརྟགས་པ་ལྟར་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་བརྟགས་པ་ཡིན་པའི་ཕྱིར། དེ་ལྟར་ན་ཁམས་གསུམ་པོ་དང༌། འདུས་མ་བྱས་འདི་ཐམས་ཅད་ཆོས་ཅན། རང་གི་གནས་ཚུལ་རྣམ་པར་རིག་པ་ཙམ་དུ་གནས་པ་ཡིན་ཏེ། རྟོག་པས་རང་གི་གནས་ཚུལ་དུ་སྒྲོ་བཏགས་པ་དེ་དག་ནི་ཡོད་པ་མ་ཡིན་པའི་ཕྱིར། འདིའི་འགྲེལ་པར། འདུས་མ་བྱས་ཀྱང་རྣམ་རིག་ཙམ་དུ་བཤད་པས། འདུས་མ་བྱས་གསུམ་པོ་ཀུན་བཏགས་ཀྱི་ཆ་དངོས་པོར་མེད་ཀྱང༌། རྣམ་བརྟགས་ཀྱི་ཆ་དངོས་པོར་ཁས་ལེན་དགོས་པའོ། །ཐམས་ཅད་རྣམ་པར་རིག་པ་ཙམ་ཞེས་པ་འདིའི་སྒྲུབ་བྱེད་མཐར་ཐུག་པ་ནི། ཕྱི་རོལ་གྱི་དོན་ཚད་མས་མ་གྲུབ་པ་དེ་ཡིན་ལ། དེ་ཡང་ཉི་ཤུ་པའི་རབ་ཏུ་བྱེད་པ་ལས་འབྱུང་སྟེ། འདི་ལས་འཕྲོས་པའོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ཏེ། བྱེད་པ་པོའི་བདག་མེད་ན་ཀུན་གཞི་ལས་ཚོགས་དྲུག་འབྱུང་བ་མི་འཐད་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་ཡིན་ན་ཕྱི་མར་ཉིང་མཚམས་སྦྱོར་བ་མི་འཐད་པའི་རྩོད་པའོ། །དང་པོ། རྣམ་ཤེས་སོགས་རྐང་པ་བཞིའོ། །དོན་ནི། རྩོད་པ་དེ་ལྟར་བླངས་ནས། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་འདིར་ཆོས་ཅན། བྱེད་པ་པོའི་བདག་མེད་ཀྱང་རྩ་བའི་རྣམ་ཤེས་ལས་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་བར་མ་ཆད་དུ་སྐྱེ་བའི་ཚུལ་འཐད་པ་ཡིན་ཏེ། ཀུན་གཞིའི་སྟེང་ན། རྟོག་པ་ཕྱི་མའི་ས་བོན་ཡོད་པ་དེ། གསོས་འདེབས་བྱེད་ཀྱི་རྟོག་པས་གསོས་བཏབས་པ་ལས། རྟོག་པ་ཕྱི་མ་སྐྱེ་ཞིང༌། རྟོག་པ་ཕྱི་མ་དེས་ཀྱང་ཀུན་གཞིའི་སྟེང་དུ་རྟོག་པ་གཞན་གྱི་ས་བོན་འདེབས་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཕྱོགས་སྔ་མ་དེ་ལྟར་བླངས་ནས། ཚུལ་འདིར་ཆོས་ཅན། དེ་མེད་ཀྱང་ཉིང་མཚམས་སྦྱོར་བའི་ཚུལ་འཐད་དེ། ཉེར་ལེན་གྱི་རྒྱུ་ཀུན་གཞིའི་སྟེང་གི་ལས་ཀྱི་བག་ཆགས་དང༌། ལྷན་ཅིག་བྱེད་པའི་རྐྱེན་གཟུང་འཛིན་དུ་ཞེན་པའི་འཛིན་པ་གཉིས་ཀྱིས་རྣམ་སྨིན་གསར་དུ་བསྐྱེད་པའི་ཕྱིར། ཞེས་འཆད་པ་ནི། ལས་ཀྱི་བག་ཆགས་ཞེས་སོགས་རྐང་པ་བཞིའོ། །གསུམ་པ་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་ན་མདོ་དང་འགལ་བ་སྤང་བ་ལ། ཕྱོགས་སྔ་མ་ནི། དེ་ལྟར་ན་མདོ་ལས། ངོ་བོ་ཉིད་གསུམ་གསུངས་པ་དང་འགལ་ཏེ། རྣམ་པར་རིག་པ་ཙམ་ལ་གཞན་དབང་གཅིག་པུ་འཐད་དུ་ཆུག་ཀྱང༌། གཞན་གཉིས་པོ་མི་འཐད་པས་སོ་ཞེ་ན། ལན་ལ་གསུམ་སྟེ། ངོ་བོ་ཉིད་མེད་པ་གསུམ་ངོས་བཟུང་སྟེ། དེ་རྣམ་པར་རིག་པ་ཙམ་ལ་འཐད་པའི་ཚུལ། གསུམ་པོ་གཅིག་དང་ཐ་དད་གང་དུ་གྲུབ་བསལ། ངོ་བོ་ཉིད་གསུམ་ཁས་ལེན་ན། འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང་འགལ་བ་སྤང་བའོ། །དང་པོ་ལ་གསུམ་ལས། དང་པོ་ཀུན་བཏགས་ངོས་བཟུང་བ་ནི། རྣམ་པར་རྟོག་པ་ཞེས་སོགས་རྐང་པ་བཞིའོ། །ངག་དོན་ནི། རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་སོགས་སྒྲ་དོན་འཛིན་པའི་རྟོག་པ་ལྷན་སྐྱེས་གང་གིས་ཕྱི་ནང་གི་དངོས་པོ་གང་གང་རྣམ་པར་བརྟགས་པ་དེ་ཉིད་ཆོས་ཅན། ཀུན་དུ་བཏགས་པའི་ངོ་བོ་ཉིད་ཡིན་ཏེ། རང་གི་གདགས་གཞིའི་སྟེང་ན་མེད་བཞིན་དུ། ལྷན་ཅིག་སྐྱེས་པའི་རྟོག་པས་བཏགས་པའི་ཕྱིར། ཀུན་བཏགས་དེ་བཞིན་ནོ། །ལུགས་འདི་ལ་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། ལུགས་འདིའི་ཐ་སྙད་ཀྱི་བདེན་པ་རང་ལུགས་ཀྱི་ཚད་མས་རྣམ་པར་དཔྱད་ནས་འཇོག་པ་གང་ཞིག ཁྱེད་ནི་རང་ལུགས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། འོན་ཀྱང་སྡེ་བདུན་མཛད་པའི་ལུགས་ལ། སྤྱི་འཛིན་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྤྱི་ཡོད་པར་གྲུབ་པ་དག་སྣང་ངོ་ཞེས་འཆད་པ་དག་སྣང་བ་དེ་ཇི་ལྟར་ཡིན་བརྟག་པར་བྱའོ། །གཉིས་པ་གཞན་དབང་ནི། གཞན་གྱི་ཞེས་སོགས་རྐང་པ་གཉིས་སོ། །དོན་ནི། ཡང་དག་མིན་རྟོག་ཆོས་ཅན། གཞན་དབང་གི་ངོ་བོ་ཉིད་ཡིན་ཏེ། ཀུན་གཞིའི་སྟེང་དུ་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་གཞན་གྱི་ནུས་པ་སྨིན་པའི་དབང་གིས་བྱུང་བའི་རིག་པ་ཡིན་པའི་ཕྱིར། དེ་ནི། ལུགས་འདིའི་ཐ་སྙད་དུ་བདེན་པར་གྲུབ་པ་ཡིན་ཏེ། རྒྱུ་རྐྱེན་ལས་གསར་དུ་སྐྱེས་པའི་ཕྱིར། དེ་ལྟ་ན་ཡང༌། འདི་དོན་དམ་པར་གྲུབ་པ་ནི་མིན་ཏེ། གཞན་དུ་ན་དོན་དམ་པའི་བདེན་པར་ཐལ་བས་སོ། །གསུམ་པ་ཡོངས་གྲུབ་ནི། གྲུབ་ནི་ཞེས་སོགས་རྐང་པ་གཉིས་སོ། དོན་ནི། གཟུགས་འཛིན་དབང་ཤེས་གཟུགས་ཀྱིས་སྟོང་པའི་དེ་ཁོ་ན་ཉིད་ཆོས་ཅན། ཡོངས་གྲུབ་ཡིན་ཏེ། གདགས་གཞི་གཞན་དབང་དེ་ལ། བཏགས་ཆོས་ཀུན་བཏགས་ཀྱིས་སྟོང་པའི་དེ་བཞིན་ཉིད་ཡིན་པའི་ཕྱིར། སྐབས་འདིར་ཉིད་ཅེས་པ་དངོས་པོའི་རྐྱེན་ཡིན་པས། དེ་དེས་སྟོང་པའི་དངོས་པོ་ལ། སྟོང་པ་ཉིད་ཅེས་འཆད་པར་བློ་བརྟན་གྱི་བཤད། གསུམ་པ་ནི། དེ་ཕྱིར་ཞེས་སོགས་རྐང་པ་བཞིའོ། །འདི་ལ་གཉིས་ཏེ། དངོས་དང༌། གྲུབ་པའི་དོན་ནོ། །དང་པོ། འདིར་ཀུན་བཏགས་ཡོད་པར་ཁས་མི་ལེན་པས། དེ་ལ་གཅིག་དང་ཐ་དད་དཔྱད་མི་དགོས་ལ། གཞན་གཉིས་པོ་ཐ་སྙད་དང༌། དོན་དམ་དུ་བདེན་པར་གྲུབ་པས། གཉིས་པོ་ཆོས་ཅན། གཞན་ཡང་མ་ཡིན། གཞན་མིན་པའང་མ་ཡིན་ཏེ། འབྲེལ་པ་མེད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན་པའི་ཕྱིར། དཔེར་ན། ཉན་ཐོས་སྡེ་པའི་ལུགས་ལ། མི་རྟག་སོགས་མཚན་ཉིད་བཞི་དང༌། མཚན་གཞི་སྡུག་བདེན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་ཁས་ལེན་དགོས་པ་བཞིན་ནོ། །ཞེས་འཆད་པ་ནི། རྐང་པ་དང་པོ་གསུམ་མོ། གཉིས་པ་གྲུབ་དོན་ནི། དེ་ལྟར་གྲུབ་པ་ན། ཇི་སྲིད་ཡོངས་གྲུབ་མ་མཐོང་བ་དེ་སྲིད་གཞན་དབང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མཐོང་བ་མེད་དེ། དེ་མ་མཐོང་བའི་སོ་སོ་སྐྱེ་བོ་རྣམས་ཀྱིས་གཞན་དབང་གི་ངོ་བོ་ཀུན་བཏགས་སུ་སྒྲོ་བཏགས་ནས་མཐོང་བ་ཡིན་གྱི། སྒྱུ་མ་ལྟ་བུར་མཐོང་བ་མེད་པའི་ཕྱིར། ཞེས་འཆད་པ་ནི། དེ་མ་མཐོང་བར་དེ་མི་མཐོང༌། །ཞེས་པའོ། །གཞུང་འདིས་གཞན་དབང་སྒྱུ་མ་ལྟ་བུར་བསྟན་པ་ནི་འགྲེལ་པ་ན་གསལ་ཞིང༌། དེ་ཉིད་བྱམས་ཆོས་བར་པ་གསུམ་གྱི་དགོངས་པའོ། །མདོར་ན། ཡང་དག་མིན་རྟོག་གི་སྟེང་ན། ངོ་བོ་གསལ་རིག་གི་ཆ་དང༌། དྲི་མ་གཟུང་འཛིན་གཉིས་སྣང་གི་ཆ་གཉིས་ལས། དང་པོ་དེ་གཞན་དབང་གི་ངོ་བོ་ཡིན་ཀྱང༌། གཞན་དབང་དངོས་མ་ཡིན་ཏེ། ཡོངས་གྲུབ་དངོས་ཡིན་པའི་ཕྱིར། གཉིས་སྣང་དྲི་མའི་ཆ་དེ། གཞན་དབང་དངོས་ཡིན་ལ། དེ་ནི་སྒྱུ་མ་ལྟ་བུ་ཡིན་ཏེ། སྣང་ཞིང་སྣང་བ་ལྟར་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར། གཞན་དབང་གི་ངོ་བོ་ཡོངས་གྲུབ་ལ་བཤད་པ་ན་དེ་བདེན་པར་གྲུབ་ཀྱང༌། གཞན་དབང་རང་ལྡོག་ནས་ངོ་བོ་མ་གྲུབ་པས། ཆོས་ཅན་དང་ཆོས་ཉིད་ངོ་བོ་གཅིག་ཅིང༌། ལྡོག་པ་ཐ་དད་པ་ཞེས་ནི་ཁས་བླང་པར་བྱ་བ་མ་ཡིན་ལ། དེ་ཉིད་གཞན་དུ་བརྗོད་བྱ་མ་ཡིན་པ་ཞེས་ཐ་སྙད་འདོགས་པ་ནི་དབུ་སེམས་གཉིས་ཀའི་ལུགས་སོ། །གསུམ་པ་འཁོར་ལོ་བར་པ་དང་འགལ་བ་སྤང་བ་ལ་གཉིས་ཏེ། ཕྱོགས་སྔ་དང༌། ལན་ནོ། །དང་པོ་ནི། གཞན་དབང་དང་ཡོངས་གྲུབ་ཀྱི་ངོ་བོ་ཉིད་ཚད་མས་གྲུབ་པར་ཁས་ལེན་ན། ཤེར་ཕྱིན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བཤད་པ་དང་འགལ་ལོ། །ཞེ་ན། ལན་ལ། དགོངས་གཞི་གང་ལ་དགོངས་ནས་དེ་ལྟར་བཤད་པ་དང༌། དགོངས་གཞི་དེ་ཉིད་ངོས་བཟུང་བའོ། །དང་པོ་ནི། ངོ་བོ་ཉིད་ནི་ཞེས་སོགས་རྐང་པ་བཞི་སྟེ། དོན་ནི། ལུགས་འདིར་ཆོས་ཅན། དེ་དང་དེ་མི་འགལ་ཏེ། ངོ་བོ་ཉིད་རྣམ་པ་གསུམ་པོ་དེའི་སྟེང་གི་ངོ་བོ་ཉིད་མེད་པར་རྣམ་པ་གསུམ་ལ་དགོངས་ནས། དེ་ལས་དེ་ལྟར་དུ་བསྟན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། དང་པོ་པ་ནི་ཞེས་སོགས་རྐང་པ་དྲུག་གོ །དོན་ནི། ངོ་བོ་ཉིད་གསུམ་པོ་ཆོས་ཅན། རང་རང་ལ་ངོ་བོ་ཉིད་མེད་པར་རེ་རེ་ཤེར་ཕྱིན་ལས་གཞག་པ་ཡིན་ཏེ། ཀུན་བཏགས་ལ་རང་གི་མཚན་ཉིད་མེད་པས་ངོ་བོ་ཉིད་མེད་པ་དང༌། གཞན་དབང་ལ་བདག་ལས་སྐྱེས་བ་མེད་པས་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་ནི། དོན་དམ་པ་ཡང་ཡིན། གཞན་དབང་གི་ངོ་བོ་ཉིད་དུ་མེད་པ་ཡང་ཡིན་པས་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་ནོ། །ཞེས་འཆད་དགོས་པར་མདོ་སྡེ་དགོངས་འགྲེལ་ལས་གསུངས་པའི་ཕྱིར། འདིར་དམ་པ་ནི་འཕགས་པའི་མཉམ་གཞག་ཡེ་ཤེས་ཡིན་ལ། དེའི་དོན་ནམ་ཡུལ་ཡིན་པས་ན། དོན་དམ་པ་ཞེས་བྱའོ། །ཡོངས་གྲུབ་ཀྱི་མིང་གི་རྣམ་གྲངས་གཉིས་པ་འཆད་པ་ནི། འདི་ལྟར། དེ་བཞིན་ཉིད་ཀྱང་དེ་ཞེས་པའོ། །ཡང་ན། གཞུང་རྐང་པ་འདི་གཉིས་ཀྱིས། དབུས་མཐར། འགྱུར་མེད་ཕྱིན་ཅི་མ་ལོག་པ། ཞེས་འབྱུང་བ་དེ་བཤད་པར་མངོན་ནོ། །འོ་ན་ཅིའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་ཞེ་ན། དུས་རྣམས་ཀུན་ན་ཞེས་སོགས་རྐང་པ་གཉིས་སོ། །གཉིས་པ་དོན་དམ་པའི་བདེན་པ་རྣམ་རིག་ཙམ་དུ་བསྟན་པ་ནི། དེ་ཉིད་རྣམ་པར་རིག་པ་ཙམ། ཞེས་རྐང་པ་གཅིག་གོ །དོན་ནི། དེ་བཞིན་ཉིད་དེ་ཆོས་ཅན། གཞི་གཞན་དབང་གི་སྟེང་དུ་ཀུན་བཏགས་བཀག་ཙམ་གྱི་མེད་པར་དགག་པ་ལ་བྱ་བ་མ་ཡིན་ཏེ། དེ་ལ་དེ་བཀག་པས་ཁྱད་པར་དུ་བྱས་པའི་རྣམ་པར་རིག་པ་ཙམ་ལ་བཤད་པར་བྱ་བ་ཡིན་པའི་ཕྱིར། ཞེས་པའོ། །གསུམ་པ་ནི། བདེན་གཉིས་ཀྱི་གནས་ལུགས་རྣམ་པར་རིག་པ་ཙམ་དུ་ངེས་ན། གཟུང་འཛིན་གཉིས་ཀྱི་སྣང་བ་འབྱུང་བར་འགལ་ལོ་ཞེ་ན། མི་འགལ་ཏེ། ཇི་སྲིད་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་རྣམ་པར་རིག་པ་ཙམ་གྱི་རྣལ་འབྱོར་ལ་མཉམ་པར་མི་འཇོག་པ་དེ་སྲིད་དུ། གཉིས་སྣང་གི་བག་ཆགས་ལྡོག་པར་མི་ནུས་ལ། དེ་མ་ལོག་པ་དེ་སྲིད་དུ་དེ་འབྱུང་བའི་ཕྱིར། ཞེས་འཆད་པ་ནི། ཇི་སྲིད་རྣམ་རིག་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ཡིད་ལ་བྱེད་པའི་རིམ་པ་ནི། འོ་ན། དེ་ལྟར་གཏན་ལ་ཕེབས་པ་ཙམ་གྱིས་རྣམ་པར་རིག་པ་ཙམ་གྱི་དོན་མཐོང་བར་ནུས་སམ་ཞེ་ན། མ་ཡིན་ཏེ། གཏན་ལ་ཕབ་པའི་དོན་དེ་ཉིད་སྒོམ་བྱུང་གི་རིམས་པས་ཡིད་ལ་བྱེད་དགོས་པའི་ཕྱིར། ཞེས་འཆད་པ་ནི། འདི་དག་རྣམ་རིག་ཙམ་ཉིད་ཅེས། །ཞེས་པ་ནས། གཟུང་བ་མེད་པས་དེ་འཛིན་མེད། །ཞེས་པའི་བར་ཡིན་ནོ། །འདི་ལ་གཉིས་ཏེ། གཟུང་བ་ཕྱི་རོལ་གྱི་དོན་ཙམ་ཞིག་མེད་པར་ཡིད་ལ་བྱས་པས་རྣམ་རིག་གི་རྣལ་འབྱོར་མི་རྫོགས་པར་བསྟན། དེས་ན་ནང་འཛིན་པ་ཡང་མི་དམིགས་པར་ཡིད་ལ་བྱེད་དགོས་པར་བསྟན། འཛིན་པ་བདེན་པར་མེད་པའི་ཤེས་བྱེད་དོ། །དང་པོ་ནི། འདི་དག་སོགས་རྐང་པ་བཞིའོ། །གཉིས་པ་ནི། ནམ་ཞིག་སོགས་རྐང་པ་གསུམ་མོ། །བཞི་པ་ནི། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་པའོ། །ལུགས་འདིར། གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ལ་ནི། འཛིན་པའི་མིང་མི་འདོགས་ཏེ། ཡུལ་གང་ཡང་མི་འཛིན་པའི་ཕྱིར། ངོ་བོ་ཉིད་མེད་པར་སྨྲ་བས་ནི། འདི་ལ་ཡང་འཛིན་པའི་མིང་གིས་བཏགས་པ་ཡིན་ཏེ། ཇི་སྐད་དུ། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་གསུངས་པ་ལྟར་རོ། །དེས་ན། གཞུང་འདིས་ཀྱང་གཞན་དབང་བདེན་མེད་དུ་བསྒྲུབས་པ་ཡིན་ཏེ། དེ་ལས་གཞན་དུ་ན། འདིར་གང་ཞིག་དུ་བསྒྲུབས་པའི་ཤེས་འདོད་ཆོས་ཅན་མི་རྙེད་པས་སོ། །དེ་ལྟར་བཤད་པ་ན། ལུགས་འདིར་གཞན་དབང་བདེན་པར་གྲུབ་པ་དང༌། དོན་དམ་པར་གྲུབ་པ་དང༌། ཐ་སྙད་དུ་བདེན་པར་གྲུབ་པས། བདེན་པར་གྲུབ་པའི་གོ་ཆོད་དོ་ཞེས་ཁས་བླངས་བར་མི་བྱའོ། །དབུ་མ་ལ་འཇུག་པར། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །ཞེས་སོགས་སོ། །གཞན་དབང་གིས་ངོ་བོ་བདེན་གྲུབ་དུ་རྣམ་པར་རིག་པས་ཁས་ལེན་པར་བཤད་པ་དེ་ནི། གོང་དུ་བཤད་ཟིན་པ་ལྟར་དེ་དང་དེའི་ངོ་བོ་སོ་སོར་ཕྱེད་དགོས་སོ། །དེ་ལྟ་ན་ཡང་དེ་བདེན་གྲུབ་དུ་ཁས་ལེན་པའི་རྣམ་རིག་པ་མེད་པ་མ་ཡིན་ཏེ། སེམས་ཙམ་རྣམ་བདེན་པས་དེ་དེར་ཁས་ལེན་པས་སོ། །དེ་ལྟ་ན་ཡང༌། འདིས་རྣལ་འབྱོར་སྤྱོད་པའི་གྲུབ་མཐའ་ཡོངས་སུ་རྫོགས་པར་ཤེས་པ་ནི་མ་ཡིན་ཏེ། དེའི་ངོར་གཅིག་དང་དུ་བྲལ་གྱི་རིགས་པས་གཟུང་རྣམ་བདེན་མེད་དུ་སྒྲུབ་དགོས་ལ། དེ་ལྟར་གྲུབ་པ་ན། རྣལ་འབྱོར་སྤྱོད་པ་པའི་ལྟ་བའི་ཆ་ཡོངས་སུ་རྫོགས་པ་ཡིན་ཏེ། ཇི་སྐད་དུ། གང་གིས་དངོས་པོ་རྣམ་དཔྱད་ན། །ཞེས་སོགས་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་བསྒྲོགས་པར་ཤེས། །གསུངས་པས་སོ། །གསུམ་པ་དེ་ལྟར་ཡིད་ལ་བྱས་པས་ཡེ་ཤེས་མངོན་དུ་འགྱུར་བའི་ཚུལ་ནི། འོ་ན། སྒོམ་བྱུང་གི་བློས་རྣམ་པར་རིག་པ་ཙམ་དུ་ཡིད་ལ་བྱས་པ་ལས་འབྲས་བུ་ཅི་ཞིག་འབྱུང་ཞེ་ན། གོང་གི་རྣམ་པར་ཤེས་པར་གྱུར་པ་གསུམ་པོ་གནས་གྱུར་པ་ལས་ཡེ་ཤེས་སུ་འགྱུར་རོ། །ཞེས་འཆད་པ་ལ། འདི་ལ་གནས་སྐབས་སུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བའི་ཕན་ཡོན། མཐར་ཐུག་སྒྲིབ་གཉིས་སྤངས་པའི་ཕན་ཡོན། སྤངས་པ་དེའི་མིང་གི་རྣམ་གྲངས་བཤད་པའོ། །དང་པོ་ནི། དེ་ནི་སེམས་མེད་ཞེས་སོགས་རྐང་པ་གཉིས་སོ། །སེམས་མེད་ཞེས་པ་སྒྲ་ཇི་བཞིན་པར་ཁས་བླངས་པས་ཆོག་པ་ཡིན་ཏེ། སེམས་ཞེས་པ། སྒྲ་དོག་པར་བྱས་པའི་ཚེ། ཀུན་གཞིའི་རྣམ་ཤེས་ཁོ་ན་དང༌། སྒྲ་ཡངས་པར་བྱས་པའི་ཚེ། རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་ལ་འཆད་དགོས་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་དེ་དག་གང་དུ་ཡང་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། གནས་ཀྱང་གཞན་དུ་ཞེས་སོགས་རྐང་པ་གཉིས་སོ། །གསུམ་པ་ནི། འོ་ན་དེ་ལྟ་བུའི་སྤངས་པ་དེ་གནས་ངན་ལེན་གཉིས་དང་བྲལ་ཙམ་གྱི་མེད་པར་དགག་པ་ཁོ་ན་ལ་འཆད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཟག་པ་མེད་པའི་ཡེ་ཤེས་ལ་སོགས་པའི་མིང་གི་རྣམ་གྲངས་འདི་དག་དང་བཅས་པའོ། །ཞེས་འཆད་པ་ནི། དེ་ཉིད་ཟག་པ་མེད་དང་དབྱིངས། །ཞེས་སོགས་སོ། །དེ་ཡང་རྣམ་གྲངས་དང་པོ་ལྔ་ནི། གཞི་དུས་ཀྱི་ཡེ་ཤེས་ཏེ་གནས་གྱུར་གྱི་གཞིའོ། །བདེ་བ་དང་རྣམ་གྲོལ་ནི། ཉན་ཐོས་དང་ཐུན་མོང་བའི་གནས་གྱུར་གྱི་ངོ་བོའོ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་པ་ནི། ཡང་དག་པར་རྫོགས་སངས་རྒྱས་ཀྱི་དབང་དུ་བྱས་པའོ།།  ༈  །།རྗོད་བྱེད་ཉུང་ངུས་བརྗོད་བྱའི་ཚོགས་ཆེན་པོ། ལེགས་པར་བསྡུད་ཤེས་དབྱིག་གཉེན་ཞབས་ཀྱི་གཞུང༌། སྔོན་རབ་མཁས་པས་བཤད་པ་མ་མཐོང་ཡང༌། །སྐྱེ་མཆེད་དོད་པའི་འཆད་ཚུལ་འདི་ཁོ་ན། །གང་གིས་འཆད་པ་མང་ཐོས་རྣམ་དཔྱོད་བློ། །གང་ཞིག་འཆད་པ་དོན་རྒྱས་སུམ་ཅུ་པ། །ཇི་ལྟར་འཆད་པ་བྱམས་པའི་ཆོས་བཞིན་དུ། །གང་ཕྱིར་འཆད་པ་མ་རྣམས་དོན་དུ་བསྔོ། །འདི་ཙམ་ཁོ་ན་ཤེས་པས་ཀྱང༌། །གང་གི་བློ་མཚོའི་མེ་ལོང་ལས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས། །དགོས་པའི་དོན་རྣམས་ངང་གིས་འཆར། །ཞེས་བྱ་བ་འདིས་ནི། ཐམས་ཅད་མཁྱེན་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་ཉེ་བར་སྦྱར་བའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་པར་བཤད་པ་ལེགས་པར་གྲུབ་པའོ། །གཞུང་འདིའི་སྤྱིའི་དོན་དང༌། བསྡུས་པའི་དོན་ནི་དེ་ཙམ་གྱི་རྟོགས་པར་ནུས་ལ། ཚིག་གི་དོན་རྒྱས་པ་ནི་སློབ་དཔོན་བློ་གྲོས་བརྟན་པས་སྦྱར་བའི་འགྲེལ་པ་དང༌། དེའི་འགྲེལ་བཤད་དུལ་བའི་ལྷས་མཛད་པ་ལས་རྟོགས་པར་བྱའོ། །མངྒ་ལཾ།།  །། ༄༅། །ན་མོ་མཉྫུ་ཤྲཱི་ཡེ། ཕ་རོལ་རྒོལ་བས་ནམ་ཡང་མི་གནོན་ཞིང༌། །མཐོན་པའི་གོ་འཕང་གོང་ནས་གོང་དག་དུ། །རྣམ་པར་གནས་ནས་འགྲོ་བའི་དོན་བརྩོན་པ། །སྤྱན་རས་གཟིགས་དབང་དེ་ལ་ཕྱག་བྱས་ནས། །ཕྱི་རོལ་སྣང་བ་སེམས་སུ་བསྒྲུབ་པ་ལ། །སྒྲུབ་བྱེད་དོན་དུ་གཉེར་བ་བཟུང་ཟིན་མོད། །འགའ་ཞིག་གནོད་བྱེད་བརྗོད་པ་སྤང་བའི་ཕྱིར། །རབ་བྱེད་གསུམ་པ་དེ་འདིར་བཤད་པར་བྱ། །ཞེས་མཆོད་པར་བརྗོད་པ་དང༌། བརྩམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གསུམ་པ་ཆོས་གསུམ་རྣམ་རིག་ཙམ་དུ་བསྟན་པ་ལ་རྩོད་པ་སྤོང་བའི་རབ་ཏུ་བྱེད་པ་ཉི་ཤུ་པ་ཞེས་བྱ་བ་འདི་འཆད་པ་ལ། ཆོས་གསུམ་རྣམ་པར་རིག་པ་ཙམ་ཡིན་པ་ལ་གནོད་བྱེད་མེད་པར་བསྟན། ཕྱི་རོལ་གྱི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་པར་བསྟན། ཕྱི་རོལ་གྱི་དོན་མེད་པ་ལ་སྒྲུབ་བྱེད་ཡོད་པར་བསྟན། ཕྱི་དོན་མེད་པ་ལ་གནོད་བྱེད་མང་པོ་བརྗོད་པ་རྣམས་མི་འཇུག་པར་བསྟན། གཞུང་འདི་སློབ་དཔོན་རང་ཉིད་ཀྱི་རིགས་པས་སྦྱར་བར་བསྟན་པས་མཇུག་བསྡུ་བ་དང་རྣམ་པ་ལྔ་ཡིན་ནོ། །དང་པོ་ལ། དམ་བཅའ་གཞག་པ་དང༌། དེ་ལ་གནོད་བྱེད་བརྗོད་པ་མི་འཇུག་པར་བསྟན་པའོ། །དང་པོ་ནི། འདི་དག་རྣམ་པར་རིག་ཙམ་ཉིད། །ཅེས་པའོ། །དེ་ལྟར་བསྟན་པ་ལ། རྒོལ་བའི་རིགས་གཉིས་འབྱུང་སྟེ། འགའ་ཞིག་ནི། དམ་བཅའ་ལ་ཤེས་འདོད་ཞུགས་ནས་འདྲི་བ་དང༌། འགའ་ཞིག་གི་གནོད་བྱེད་མཐོང་ནས་དེའི་རིགས་པ་བརྗོད་པའོ། །གཉིས་པའི་དབང་དུ་བྱས་པ་ནི། འོག་ནས་འབྱུང་བ་རྣམས་ཡིན་ལ། དང་པོའི་དབང་དུ་བྱས་པ་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི། ཡོད་པ་མ་ཡིན་དོན་སྣང་ཕྱིར། །ཞེས་པ་སྟེ། ཡང་ན་དོན་དུ་སྣང་བ་རྣམ་རིག་ཙམ་ཡིན་པ་ནི། མདོ་སྡེ་པའི་གྲུབ་པའི་མཐའ་ཡང་ཡིན་པས། དེ་ལས་ཁྱད་པར་དུ་བྱས་པའི་ཕྱིར། ཡོད་པ་མ་ཡིན་ཞེས་གསུངས་སོ། །ཕྱི་དོན་མེད་པའི་སྒྲུབ་བྱེད་ཀྱང་འོག་ནས་འཆད་དོ། །ཤེས་བྱེད་ཀྱི་དཔེ་ནི། དཔེར་ན་ཞེས་སོགས་རྐང་པ་གཉིས་སོ། །གཉིས་པ་ལ། རྩོད་པ་དང་ལན་ནོ། །དང་པོ་ནི་གལ་ཏེ་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །དོན་ནི། ཉི་ཟླ་ལ་སོགས་པའི་གཟུགས་སུ་སྣང་བ་དེ་ནི། ཡུལ་ལ་ལ་ན་ཡོད་ལ། གཞན་ན་མེད་པ་དང༌། དུས་འགའ་ཞིག་གི་ཚེ་ཡོད་ལ། གཞན་ན་མེད་པ་དང་གང་ཟག་འགའ་ཞིག་གི་སེམས་ལ་སྣང་ལ། གཞན་ལ་མི་སྣང་བའི་ཁྱད་པར་དང༌། ཚ་བ་དང་བསིལ་བ་སོགས་པའི་བྱ་བ་བྱེད་མི་བྱེད་ཀྱི་ཁྱད་པར་མི་རིགས་པར་འགྱུར་ཏེ། ཕྱི་རོལ་གྱི་དོན་མིན་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་ཡིན་པའི་ཕྱིར། ཞེས་པའོ། །དེའི་ལན་ལ་གཉིས་ཏེ། དཔེ་སོ་སོ་ཐལ་བ་པོ་ལ་ཁྱབ་པ་མ་ངེས་པའི་ཚུལ་སོ་སོར་བཤད་པ་དང༌། དཔེ་ཐུན་མོང་བ་གཅིག་གིས་ཐལ་འགྱུར་བཞི་ཀ་ལ་ཁྱབ་པ་མ་ངེས་པའི་ལན་ཐུན་མོང་དུ་བསྟན་པའོ། །དང་པོ་ལ། ཕྱི་དོན་མེད་ཀྱང་རྨི་ལམ་གྱི་དཔེས་ཡུལ་དུ་ངེས་པའི་ལན་དང༌། དེ་མེད་ཀྱང་ཡི་དྭགས་ལ་མཐུན་པར་ཆུ་ཀླུང་རྣག་ཁྲག་དུ་སྣང་བའི་དཔེས་སེམས་ངེས་པ་ཡོད་པའི་ལན་དང༌། དེ་མེད་ཀྱང་རྨི་ལམ་གྱི་བྱ་བྱེད་ཀྱིས་དཔེས་བྱ་བྱེད་སོ་སོར་ངེས་པའི་ལན་ནོ། །དང་པོ་ནི། ཡུལ་ལ་སོགས་པ་ངེས་འགྲུབ་ཏེ། རྨི་འདྲའོ། །ཞེས་པས་བསྟན། གཉིས་པ་ནི། སེམས་ཀྱང་ངེས་པ་མེད། ཡི་དྭགས་བཞིན་ཏེ། ཞེས་སོགས་ཀྱི་བསྟན། ངག་དོན་ནི། ཕྱི་རོལ་གྱི་དོན་མེད་བཞིན་དུ་སྣང་ན་ཡུལ་དུས་ཀྱི་ངེས་པ་མེད་པར་སྣང་མི་དགོས་ཏེ། རྨི་ལམ་གྱི་གྲོས་དང་བསྐྱེད་ཙམ་བཞིན་ནོ། །ཡང་དེར་སྣང་ན། སེམས་ལ་ངེས་པ་མེད་པར་སྣང་མི་དགོས་ཏེ། ཕྱི་རོལ་གྱི་དོན་མེད་ཀྱང་ཡི་དྭགས་ལས་མཐུན་པ་ཐམས་ཅད་ཀྱི་སེམས་ལ་རྣག་དུ་སྣང་བ་བཞིན་ནོ། །ཡང་དེ་ལྟར་ན་བྱ་བྱེད་སོ་སོར་མ་ངེས་མི་དགོས་ཏེ། རྨི་ལམ་གྱི་ཕན་གནོད་སོ་སོར་ངེས་པ་བཞིན་ནོ། །དེ་ཡང་རྨི་ལམ་གྱི་བུད་མེད་དང་ཕྲད་པས་ཁུ་བ་འབྱིན་ནུས་ལ། རྨི་ལམ་གྱི་ལྗོན་ཤིང་སོགས་ཀྱི་མི་ནུས་པ་བཞིན་ནོ། །ཞེས་པའོ། །འདིར། སེམས་ཀྱང་ངེས་མེད་མ་ཡིན་ལ། ཞེས་པའི་རྩོད་གཞུང་དང༌། དེའི་ལན་འདེབས་ཚུལ་གྱི་གཞུང་གཉིས་ཀྱི་བཞུགས་ཚུལ་ཅུང་ཟད་མི་མཐུན་པར་སྣང་བས་ཞིག་ཏུ་བརྟག་པར་བྱའོ། །དེ་ལྟར་བརྟག་པ་ན་སེམས་ལ་ངེས་མེད་དུ་སྣང་བར་ཐལ། ཞེས་པ་ནི་རྩོད་པ་ཡིན་ལ། མ་ཡིན་ལ་ཞེས་པ་ནི་དེ་ལ་འདོད་པར་མི་ནུས་ཞེས་ཕྱོགས་སྔ་ལས་སྨྲས་པའོ། །གཉིས་པ་ལ་དངོས་དང༌། རྩོད་པ་སྤངས་བའོ། །དང་པོ་ནི། ཐམས་ཅད་ཞེས་སོགས་རྐང་པ་གསུམ་མོ། །དོན་ནི། ཕྱི་རོལ་གྱི་དོན་མེད་པར་སེམས་ཀྱི་སྣང་བ་ཙམ་ཡིན་ན། ཡུལ་དུས་ངེས་པ་མེད་པ་དང༌། སེམས་ཐམས་ཅད་ལ་སྣང་བར་ཐལ་བ་དང༌། ཕན་གནོད་ཀྱི་བྱེ་བྲག་མེད་པར་ཐལ་བའི་ཁྱབ་པ་མ་ངེས་ཏེ། དམྱལ་བའི་སྲུང་མ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། མདོ་སྡེ་པ་ན་རེ། དམྱལ་བའི་སྲུང་མ་དང༌། ལྕགས་ཀྱི་རི་བོ་ལ་སོགས་པ་སེམས་ཅན་དངོས་དང༌། ཕྱི་རོལ་གྱི་དོན་དངོས་ཡིན་ནོ། །ཞེ་ན། འོ་ན་དམྱལ་བའི་སྲུང་མ་དེ་དག་དམྱལ་བའི་སེམས་ཅན་ནམ། དུད་འགྲོའམ། ཡི་དྭགས་རྣམས་ལས་གང་ཡིན། དང་པོ་མ་ཡིན་ཏེ། དམྱལ་བའི་སྡུག་བསྔལ་མི་མྱོང་བའི་ཕྱིར། དུད་འགྲོ་མ་ཡིན་ཏེ། དེ་ནི་མི་འབྱུང་བའི་ཕྱིར། ཡི་དྭགས་ཀྱང་མ་ཡིན་ཏེ། དམྱལ་བའི་གནས་དེར་མི་འབྱུང་བའི་ཕྱིར། ཞེས་ཐོག་མར་ཁ་བསྐང་སྟེ། གལ་ཏེ་རྟགས་མ་གྲུབ་སྟེ་དུད་འགྲོ་མཐོ་རིས་སུ་འབྱུང་བ་བཞིན་ནོ་ཞེ་ན། མི་མཚུངས་ཏེ། དུད་འགྲོ་མཐོ་རིས་སུ་འབྱུང་བ་དེས་མཐོ་རིས་ཀྱི་གནས་ཀྱི་བདེ་བ་མྱོང་ལ། དུད་འགྲོ་དམྱལ་བའི་སྲུང་མར་གྱུར་པ་དེ་དང༌། ཡི་དྭགས་དེའི་སྲུང་མར་གྱུར་པ་དེས། དམྱལ་བའི་གནས་ཀྱི་སྡུག་བསྔལ་མི་མྱོང་བའི་ཕྱིར། ཞེས་འཆད་པ་ནི། ཇི་ལྟར་དུད་འགྲོ་མཐོ་རིས་སུ་ཞེས་སོགས་རྐང་པ་བཞིའོ། །ཡང་མདོ་སྡེ་པ་ན་རེ། དམྱལ་བའི་སྲུང་མ་སེམས་ཀྱི་སྣང་བ་མ་ཡིན་ཏེ། སེམས་ཅན་དམྱལ་བ་པའི་ལས་ཀྱི་དབང་གིས་ཕྱི་རོལ་དུ་འབྱུང་བའི་ཁྱད་པར་འགའ་ཞིག་གྲུབ་ནས། དེས་གནོད་པ་བྱེད་ཅིང་དམྱལ་སྲུང་གི་མིང་ཐོབ་པ་ཡིན་ཏེ། དཔེར་ན། ལུག་ལྟ་བུའི་རི་དང༌། ལྕགས་ཀྱི་ཤལ་མ་རི་བཞིན་ནོ། །ཞེས་རྩོད་པ་ནི། གལ་ཏེ་སོགས་རྐང་པ་གསུམ་མོ། །དེ་ལྟ་ན་གོ་དམྱལ་སྲུང་དེ་དག་ཆོས་ཅན། རྣམ་པར་ཤེས་པར་ཅིས་མི་འདོད་དེ། ལས་ཀྱི་དབང་གིས་སྣང་བ་ཡིན་པའི་ཕྱིར། ཞེས་པ་ནི། གོ་ཅེས་སོགས་སོ། །ཁྱབ་པ་ཡོད་དེ། ལས་ཀྱི་བག་ཆགས་ལས་འབྲས་བུ་འབྱུང་བ་སྐྱེ་ན་རྒྱུ་འབྲས་འབྲེལ་མེད་དོན་གཞན་དུ་ཐལ་བས་སོ། །ཞེས་འཆད་པ་ནི། གཞན་ན་ཞེས་སོགས་རྐང་པ་གཉིས་སོ། །དེ་དག་གི་དོན་བསྡུ་བ་ནི། མདོར་ན་དམྱལ་བའི་སྲུང་མ་དེ་དག་ཆོས་ཅན། ལས་ཀྱི་བག་ཆགས་གང་ལ་ཡོད་པ་དེའི་རྒྱུད་ཀྱི་རྣམ་ཤེས་སུ་འདོད་དགོས་ཏེ། དེ་གང་ལ་ཡོད་པའི་རྣམ་ཤེས་ལ་སྣང་ཞིང༌། དེ་མེད་པ་ལ་མི་སྣང་བའི་ཕྱིར་རོ། །ཞེས་པ་ནི། གང་ན་སོགས་རྐང་པ་གཉིས་སོ། །གཉིས་པ་ཕྱི་དོན་ཡོད་པ་ལ་སྒྲུབ་བྱེད་མེད་པར་བསྟན་པ་ལ་གཉིས་ཏེ། དེ་དག་ཡོད་པའི་སྒྲུབ་བྱེད་འདྲི་བ་དང༌། སྒྲུབ་བྱེད་དེ་འཁྲུལ་བར་བསྟན་པའོ། །དང་པོ་ནི། རྣམ་པར་རིག་པ་ཙམ་ལ་གནོད་བྱེད་མི་འཇུག་ཀྱང༌། ཕྱི་རོལ་གྱི་དོན་ཡོད་པ་ལ་ཡང་སྒྲུབ་བྱེད་ཡོད་དོ་སྙམ་དུ་དོགས་ན་དེའི་སྒྲུབ་བྱེད་གང་ཡིན་ཞེས་དྲིའོ། །དོན་སྨྲ་བ་ན་རེ། དེ་ཡོད་དེ། འཁོར་ལོ་དང་པོར་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་གསུངས་པའི་ཕྱིར་ཞེ་ན། གཉིས་པ་ལ་བསྟན་པ་དང་བཤད་པའོ། །དང་པོ་ནི། ཕྱོགས་སྔ་མ་དེའི་ཁྱབ་པ་འཁྲུལ་ཏེ། དེ་ལྟར་གསུངས་པ་དེ་དགོངས་པ་ཅན་ཡིན་པའི་ཕྱིར་རོ། །དཔེར་ན། རྫུས་ཏེ་སྐྱེ་བའི་སེམས་ཅན་ཡོད་པར་བཤད་པའི་མདོ་དགོངས་པ་ཅན་དུ་ཉན་ཐོས་སྡེ་པས་འདོད་པ་བཞིན་ནོ། །ཞེས་འཆད་པ་ནི། གཟུགས་སོགས་སྐྱེ་མཆེད་ཅེས་སོགས་རྐང་པ་བཞིའོ། །གཉིས་པ་ལ། དགོངས་གཞི་བཤད་པ་དང༌། དགོས་པ་བཤད་པ་དང༌། ཞར་ལ་རྣམ་རིག་ཙམ་དུ་བསྟན་པའི་དགོས་པ་ཡང་བཤད་པའོ། །འདིའི་དངོས་ལ་གནོད་བྱེད་ནི། འོག་ནས་རྡུལ་ཕྲན་འགོག་པའི་རིགས་པས་འཆད་དོ། །དང་པོ་ནི། རང་གི་ས་བོན་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ནི། དེ་ལྟར་སོགས་རྐང་པ་ཕྱེད་དང་གཉིས་སོ། །ངག་དོན་ནི། ཕྱི་ནང་གི་སྐྱེ་མཆེད་གཟུགས་ཅན་བཅུ་ཡོད་པར་མདོ་ལས་གསུངས་པ་ཆོས་ཅན། དགོངས་པ་ཅན་ཡིན་ཏེ། དགོངས་གཞི་དེ་དང་དེར་སྣང་བའི་རྣམ་ཤེས་ལ་དགོངས། དགོས་པ་གང་ཟག་གང་གི་བདག་མེད་ལ་འཇུག་པར་བྱ་བའི་ཕྱིར་དུ་ཡིན་པས་སོ། །གསུམ་པ་ནི། འོ་ན་འཁོར་ལོ་དང་པོར་དེ་ལྟར་བསྟན་པ་ལ་དགོས་པ་དེ་ཡོད་ན། འཁོར་ལོ་ཐ་མར་རྣམ་རིག་ཙམ་དུ་བསྟན་པ་ལ་དགོས་པ་ཅི་ཞེ་ན། དེར་དེ་བསྟན་པ་བཞིན་ནོ། །དགོས་པ་ཡོད་དེ། ཆོས་ཀྱི་བདག་མེད་ལ་འཇུག་པར་བྱ་བའི་ཕྱིར་དུ་ཡིན་པས་སོ། །ཞེས་འཆད་པ་ནི། གཞན་དུ་ཡང་ཞེས་སོགས་རྐང་པ་ཕྱེད་དང་གསུམ་མོ། །འོ་ན་ཆོས་ཀྱི་བདག་མེད་ན། རྣམ་པར་རིག་པ་ཙམ་ཡང་མི་བདེན་པར་འགྱུར་རོ་ཞེ་ན། ཆོས་ཀྱི་བདག་མེད་སྟོན་པའི་མདོ་ཆོས་ཅན། གཉིས་མེད་ཀྱི་ཤེས་པ་མི་བདེན་པར་བཤད་པ་མིན་ཏེ། ཀུན་བཏགས་པའི་ཆོས་ཀྱི་བདག་ཙམ་ཞིག་བཀག་པའི་ཕྱིར། ཞེས་འཆད་པ་ནི། བརྟགས་པའི་བདག་ཉིད་ཀྱིས་ཞེས་པའོ། །གསུམ་པ་ཕྱི་དོན་མེད་པའི་སྒྲུབ་བྱེད་བཤད་པ་ལ། འཕྲོས་ནི། གོང་དུ་གཞི་སོགས་གསུམ་གྱིས་ཟླས་ཕྱེ་བའི་དངོས་ལ་གནོད་བྱེད་གང་ཞེ་ན། ཞེས་སམ། ཡང་ན་མདོར་བསྟན་དུ། ཡོད་པ་མ་ཡིན་དོན་སྣང་ཕྱིར། །ཞེས་དང༌། སུམ་ཅུ་པར། རྣམ་བརྟགས་དེ་མེད་ཅེས་བཤད་ན། ཕྱི་དོན་མེད་པའི་སྒྲུབ་བྱེད་འཆད་དགོས་སོ་ཤེ་ན། དེ་བཤད་པ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་དུ་སྣང་བ་བཞིན། སྣང་བ་ལྟར་ཕྱི་རོལ་གྱི་དོན་དུ་ཡོད་པ་མིན་ཏེ། བྱེ་བྲག་པ་འདོད་པ་ལྟར། ཡན་ལག་ཅན་རྫས་གཞན་གཅིག་ཏུའང་ཡོད་པ་མ་ཡིན། བྱེ་མདོ་གཉིས་ཀྱི་འདོད་པ་ལྟར། རྡུལ་ཕྲ་རབ་རེ་རེ་བའི་བདག་ཉིད་དུའང་ཡོད་པ་མ་ཡིན། དེ་དག་འདུས་པའི་བདག་ཉིད་དུའང་ཡོད་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་འདྲ་དེ་ཚད་མའི་ཡུལ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་གཉིས་གྲུབ་ཏེ། རྡུལ་ཕྲ་རབ་མི་འགྲུབ་པའི་ཕྱིར། ཞེས་འཆད་པ་ནི། དེ་ནི་གཅིག་ནའང་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ལ། རྡུལ་ཕྲན་ལ། ཕྱོགས་ཆ་དྲུག་ཡོད་པར་ཁས་ལེན་དགོས་པའི་གཞན་གྲགས་ཀྱི་གཏན་ཚིགས་བཀོད་ནས། དེ་མེད་ན་གོང་བུ་རྡུལ་ཕྲན་དུལ་བ་དང༌། ཕྱོགས་ཆ་འགལ་བར་ཡོད་པའི་གཞན་གྲགས་ཀྱི་གཏན་ཚིགས་བཀོད་ནས། དེ་མེད་ན་གྲིབ་པ་དང༌། སྒྲིབ་པ་མི་འོང་བར་ཐལ་བའི་ཁས་བླངས་ནང་འགལ་ལོ། །དང་པོ་ལ། དངོས་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཡོད་པ་མ་ཡིན་ཏེ། རགས་པ་རྩོམ་པའི་ཚེ། དབུས་ཀྱི་རྡུལ་ཕྲན་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བའི་ཚེ། དབུས་མ་ལ་ཕྱོགས་ཆ་འགལ་བ་དྲུག་ཡོད་པར་དོན་སྨྲ་བས་ཁས་ལེན་དགོས་པའི་ཕྱིར། ཞེས་འཆད་པ་ནི། དྲུག་གིས་ཞེས་སོགས་རྐང་པ་གཉིས་སོ། །གལ་ཏེ་དྲུག་པོ་དེ་ཆ་མེད་གཅིག་ཡིན་པའི་ཕྱིར། རྟགས་མ་གྲུབ་པོ་ཞེ་ན། འོ་ན་དེས་རྩོམ་པའི་གོང་བུ་ཆོས་ཅན། རྡུལ་ཕྲན་ཆ་མེད་དང་བོངས་ཚོད་མཉམ་པར་ཐལ། ཕྱོགས་ཆ་ཐ་དད་མེད་པའི་རྒྱུན་ཡིན་པའི་ཕྱིར། ཞེས་འཆད་པ་ནི། དྲུག་པོ་དག་ནི་སོགས་རྐང་པ་གཉིས་སོ། །གཉིས་པ་ནི། ཁ་ཆེ་བྱེ་སྨྲ་ན་རེ། རགས་པ་རྩོམ་པའི་ཚེ་རྡུལ་ཆ་མེད་སྦྱོར་བ་མ་ཡིན་གྱི། ཆ་མེད་གཉིས་འདུས་པའི་ཆ་བཅས་རྣམས་ཕན་ཚུན་སྦྱར་ནས་རགས་པ་རྩོམ་མོ་ཞེས་ཟེར། འོ་ན་རྡུལ་ཕྲན་ཆ་མེད་གཉིས་འདུས་པ་མི་སྲིད་པར་ཐལ། དེ་གཉིས་སྦྱོར་བ་མི་སྲིད་པའི་ཕྱིར། ཞེས་འཆད་པ་ནི། རྡུལ་ཕྲན་སོགས་རྐང་པ་གཉིས་སོ། །མདོར་ན། རྡུལ་ཕྲན་ཆ་མེད་སྦྱར་ནས་རགས་པ་མི་རྩོམ་ན། གཉིས་འདུས་པའི་ཆ་བཅས་ཀྱི་ཀྱང་དེ་མི་རྩོམ་དགོས་ཏེ། མཚུངས་པའི་ཕྱིར། ཞེས་སྟོན་པ་ནི། ཆ་ཤས་སོགས་རྐང་པ་གཉིས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང་དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། རྡུལ་ཕྲ་རབ་དེ་ནི་ཆོས་ཅན། གཅིག་ཏུ་མི་རུང་སྟེ། ཕྱོགས་ཆ་ཐ་དད་པ་དང་བཅས་པར་ཁས་ལེན་དགོས་པའི་ཕྱིར། ཞེས་སྟོན་པ་ནི། གང་ལ་སོགས་རྐང་པ་གཉིས་སོ། །རྟགས་མ་གྲུབ་སྟེ། དེ་ལ་ཕྱོགས་ཆ་མེད་པས་སོ་ཞེ་ན། དེ་ནི། ཁྱོད་ལ་ཉི་མ་ཤར་བ་ན་གྲིབ་མ་འབབ་པ་དང༌། སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པར་ཐལ། ཕྱོགས་ཆ་ཐ་དད་པ་མེད་པའི་ཕྱིར། ཞེས་འཆད་པ་ནི། གྲིབ་དང་སྒྲིབ་པར་ཇི་ལྟར་འགྱུར། ཞེས་པའོ། །གཉིས་པ་ནི། གལ་ཏེ་ཉེས་པ་དེ་ཡོད་པ་མ་ཡིན་ཏེ། དེ་ལྟ་བུའི་བྱ་བ་དེ་གོང་བུས་བྱེད་པ་ཡིན་གྱི། རྡུལ་ཕྲ་རབ་ཀྱིས་བྱེད་པ་མ་ཡིན་ནོ་ཞེ་ན། གྲིབ་པ་དང༌། སྒྲིབ་པའི་བྱ་བ་ནི། གོང་བུས་བྱེད་ལ་རྡུལ་ཕྲ་རབ་ཀྱི་མི་བྱེད་པའི་ཁྱད་པར་འཐད་པ་མ་ཡིན་ཏེ། གོང་བུ་རྡུལ་ཕྲ་རབ་ལས་གཞན་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། གོང་བུ་གཞན་མིན་དེ་དེའི་མིན། །ཞེས་པའོ། །དེ་དེ་ལས་གཞན་ཡིན་ནོ་ཞེ་ན། འོ་ན་གོང་བུ་དེ་ཆ་མེད་གཅིག་ཡིན་ནམ། ཆ་དུ་མ་དང་བཅས་པ་ཡིན། གཉིས་པ་ལྟར་ན། དེ་དེ་ལས་གཞན་མ་ཡིན་པར་གྲུབ་ལ། དང་པོ་ལྟར་ན། ས་གཞི་ལ་རིམ་གྱིས་འགྲོ་བ་མེད་པ་དང༌། གོམས་པས་ཟིན་པ་དང་མ་ཟིན་པའི་ཆ་གཉིས་ཅིག་ཏུ་མེད་པར་ཐལ་བ་དང༌། རྟ་དང་གླང་པོ་ལ་སོགས་པའི་རིས་སུ་ཆད་པ་དུ་མ་ཡུལ་གཅིག་ན་འདུག་པ་མེད་པར་ཐལ་བ་དང༌། ཆུ་སྲོག་ཆགས་ཆུང་དུ་རྣམས་ཀྱང་མིག་གིས་མི་སོད་པར་མི་འགྱུར་ཏེ། གོང་བུ་དེ་ཆ་མེད་གཅིག་ཁོ་ན་ཡིན་པའི་ཕྱིར། ཞེས་འཆད་པ་ནི། གཅིག་ནི་ཞེས་སོགས་རྐང་པ་ཕྱེད་དང་བཞིའོ། །རགས་པ་གཅིག་ཏུ་མེད་པའི་ཕྱིར། རྡུལ་ཕྲ་རབ་ཀྱང་གཅིག་ཏུ་མེད་ལ། དེ་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་བོ། །ཞེས་འཆད་པ་ནི། ཕྲ་བའང་མེད། ཞེས་པའོ། །ཐལ་འགྱུར་བཤད་མ་ཐག་པ་དེ་དག་ནི། དོན་སྨྲ་བ་ལ། ཁས་བླངས་འགལ་བ་བརྗོད་པ་ཡིན་གྱི་ཁྱོད་ལ་ཚད་མས་བསལ་པ་འཇུག་པ་ནི་མ་ཡིན་ནོ། །དེ་ལྟ་ན་ཡང༌། རྒྱབ་རྟེན་ཚད་མ་མེད་པའི་ཁས་བླངས་འགལ་བས་ཀྱང་དམ་བཅའ་ཕྱོགས་གཅིག་འཇིག་པར་ནུས་པ་ཡིན་ཏེ། ཕན་ཚུན་གེགས་བྱེད་པའི་ཕྱིར། དེའི་ཕྱིར། ཚད་མ་བསྐྱེད་པའི་ཐལ་འགྱུར་དུ་འགྲོ་བ་ལ་ནི་ཐལ་ཆོས་ལ་ཚད་མའི་བསལ་བ་ངེས་པར་དགོས་པ་ཡིན་ནོ། །བཞི་པ་ཕྱི་རོལ་གྱི་དོན་མེད་པ་ལ་ཉེས་པ་མང་པོ་བརྗོད་པ་མི་འཇུག་པར་བསྟན་པ་ལ། མངོན་སུམ་དང་འགལ་བའི་ཉེས་པ་མི་འཇུག་པ་དང༌། དོན་མྱོང་བ་མེད་ན་དྲན་པར་མི་འབྱུང་བར་ཐལ་བའི་ཉེས་པ་མེད་པ་དང༌། དོན་སྣང་ཐམས་ཅད་རྨི་ལམ་དང་འདྲ་ན། ཐ་མལ་པས་ཀྱང་ཕྱི་རོལ་གྱི་དོན་མེད་པ་ཁོང་དུ་ཆུད་པར་ཐལ་བའི་ཉེས་པ་མེད་པ་དང༌། དོན་མེད་ན་རྒྱུད་གཞན་མ་གྲུབ་པར་ཐལ་བའི་ཉེས་པ་མི་འཇུག་པ་དང༌། སྣང་བ་ཐམས་ཅད་རྨི་ལམ་དང་འདྲ་ན། སད་པའི་ཚེ་ལས་སོག་པ་མེད་པར་ཐལ་བའི་ཉེས་པ་མེད་པ་དང༌། ཕྱི་རོལ་གྱི་དོན་མེད་ན་རྣམ་རིག་ཙམ་ལ་སྲོག་གཅོད་པ་སོགས་ལུས་ངག་གི་ཉེས་པ་བདུན་མི་སྲིད་པར་ཐལ་པའི་ཉེས་པ་མི་འཇུག་པ་དང༌། གཟུང་འཛིན་རྫས་གཞན་མེད་ན། གཞན་སེམས་ཤེས་པའི་མངོན་ཤེས་མེད་པར་ཐལ་བའི་ཉེས་པ་མི་འཇུག་པ་དང་བདུན་ཡིན་ནོ། །དང་པོ་ནི། དོན་མེད་ན་མངོན་སུམ་ལ་སྣང་བ་དང་འགལ་ལོ་ཞེ་ན། འདི་ལ་སྣང་བ་མི་འགལ་བའི་ཤེས་བྱེད་དང༌། སྣང་བ་དེ་མངོན་སུམ་མ་ཡིན་པའི་སྒྲུབ་བྱེད་དོ། །དང་པོ་ནི། མངོན་སུམ་བློ་ནི་རྨི་སོགས་བཞིན། །ཅེས་པའོ། །གཉིས་པ་ནི། དེ་ཡང་སོགས་རྐང་པ་གསུམ་སྟེ། དོན་ནི། མདོ་སྡེ་པས་མངོན་སུམ་དུ་འདོད་པའི་ཕྱི་དོན་འཛིན་པའི་ཤེས་པ་ཆོས་ཅན། དོན་ལ་མངོན་སུམ་མ་ཡིན་ཏེ། དོན་རང་མཚན་མི་སྣང་བའི་ཕྱིར། རྟགས་ཁས་བླངས་ཏེ། དེའི་དུས་སུ་དེ་འགགས་ཟིན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཕྱི་རོལ་གྱི་དོན་མྱོང་བ་མེད་ན། དེ་དྲན་པའི་བློ་སྐྱེ་བ་འགལ་ལོ་ཞེ་ན། མི་འགལ་ཏེ། དོན་དུ་སྣང་བ་རྣམ་རིག་ཙམ་དུ་ཁས་ལེན་པ་ལ་ཡང་དྲན་པ་དེ་སྐྱེ་བ་འཐད་པར་རྨི་ལམ་སོགས་ཀྱི་དཔེས་བཤད་ཟིན་པའི་ཕྱིར། ཞེས་འཆད་པ་ནི། དཔེར་ན་སོགས་རྐང་པ་གཉིས་སོ། །གསུམ་པ་ནི། ཐ་མལ་པས་ཀྱང་ཕྱི་རོལ་གྱི་དོན་མེད་པ་ཁོང་དུ་ཆུད་པར་འགྱུར་ཏེ། དོན་དུ་སྣང་བ་རྨི་ལམ་དང་འདྲ་བའི་ཕྱིར། དཔེར་ན་རྨི་ལམ་གྱི་རྟགས་སོགས་མེད་པར། དེས་ཁོང་དུ་ཆུད་པ་བཞིན་ནོ་ཞེ་ན། ཐ་མལ་པ་ཆོས་ཅན། ཕྱི་རོལ་མེད་ཀྱང་དེ་མེད་པ་དེ་ཇི་སྲིད་མ་རིག་པའི་གཉིད་མ་སད་པ་དེ་སྲིད་དེ་ཁོང་དུ་ཆུད་ནུས་པ་མ་ཡིན་ཏེ། དེའི་བར་དུ་དེའི་རྒྱུ་མ་སོང་བའི་ཕྱིར། དཔེར་ན་ཐ་མལ་གྱི་གཉིད་མ་སད་པ་དེ་སྲིད་དུ་རྨི་ལམ་གྱི་རྟ་མེད་པར་མི་རྟོགས་པ་བཞིན་ནོ། །ཞེས་འཆད་པ་ནི། རྨི་ལམ་སོགས་རྐང་པ་གཉིས་སོ། །བཞི་པ་ནི། ཕྱི་དོན་མེད་ན། རྒྱུད་གཞན་མེད་པར་འགྱུར་ལ། དེ་ལྟར་ན་བཤེས་གཉེན་བརྟེན་པ་དང༌། དེའི་རྗེས་སུ་བསྒྲུབ་པ་སོགས་མེད་པར་འགྱུར་རོ། །ཞེ་ན། དོན་དུ་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་ངེས་ན་རྒྱུད་གཞན་མེད་པས་མ་ཁྱབ་སྟེ། རྣམ་པར་རིག་པ་ཙམ་ཕན་ཚུན་རྫས་ཐ་དད་པའི་དབང་གིས་རྒྱུད་སོ་སོར་འཇོག་ལ། དེའི་ཚེ་བཤེས་གཉེན་དང༌། སྡིག་གྲོགས་སོགས་རྒྱུད་གཞན་གྱིས་བདག་པོའི་རྐྱེན་བྱས་པ་ལས། རང་རང་གི་སེམས་ཀྱི་སྣང་བ་ཉིད་གཞན་གྱི་ལུས་ངག་གི་རྣམ་པར་འཆར་ཞིང་དེ་དང་དེའི་བག་ཆགས་སེམས་ལ་བཞག་པ་སྨིན་པ་ན། དགེ་བ་དང་མི་དགེ་བའི་དོན་དེར་འཆར་བའི་ཕྱིར། ཞེས་འཆད་པ་ནི། གཅིག་ལ་གཅིག་གི་སོགས་རྐང་པ་གཉིས་སོ། །ལྔ་པ་ནི། སྣང་བ་ཐམས་ཅད་རྨི་ལམ་དང་འདྲ་ན། དགེ་སྡིག་གི་ལས་སོག་པ་མེད་པར་འགྱུར་རོ། །ཞེ་ན། མ་རིག་པའི་གཉིད་ཀྱི་སྣང་བ་ཐམས་ཅད་ཐ་མལ་པའི་གཉིད་ཀྱི་སྣང་བ་དང་འདྲ་ཡང༌། སད་རྨིས་གཉིས་ལ་ལས་སྟོབས་ཆེ་ཆུང་གི་ཁྱད་པར་ཡོད་དེ། ཐ་མལ་པའི་སད་རྨིས་གཉིས་ཀ་མ་རིག་པའི་གཉིད་ཀྱི་ནོན་པར་འདྲ་ཡང༌། ཐ་མལ་པའི་གཉིད་ཀྱིས་ནོན་པ་དང་མ་ནོན་པའི་ཁྱད་པར་ཡོད་པའི་ཕྱིར། ཞེས་སྟོན་པ་ནི། སེམས་ནི་སོགས་རྐང་པ་གཉིས་སོ། །དྲུག་པ་ནི། ཕྱི་རོལ་གྱི་དོན་མེད་ན། སྲོག་གཅོད་པ་སོགས་མི་འབྱུང་སྟེ། གསད་བྱ་དང་གསོད་བྱེད་གཉིས་ཀ་རིག་པ་ཙམ་ཡིན་ལ། རིག་པས་རིག་པ་གསད་པར་མི་ནུས་པའི་ཕྱིར། ཞེ་ན། ལན་ལ་གསུམ་སྟེ། རྣམ་རིག་ཙམ་ལ་འཆི་བ་འཐད་པའི་རིགས་པའི་སྒྲུབ་བྱེད་དང༌། ལུང་གི་སྒྲུབ་བྱེད་དང༌། སྒྲུབ་བྱེད་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གསོད་བྱེད་ཀྱི་རྣམ་རིག་ཙམ་གྱིས་གསད་བྱ་འཆི་བར་ནུས་ཏེ། འདྲེ་ལ་སོགས་པའི་ཡིད་རྐྱང་པས་གཞན་གྱི་དྲན་པ་ཉམས་པར་བྱེད་ནུས་པ་བཞིན་ནོ། །ཞེས་འཆད་པ་ནི། འཆི་བ་གཞན་གྱི་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ནི། གཞན་གྱི་རྣམ་རིག་ཙམ་གྱིས་གཞན་འཆི་བར་ནུས་པའི་ལུང་གི་སྒྲུབ་བྱེད་ཀྱང་ཡོད་དོ། །ཞེས་འཆད་པ་ནི། དྲང་སྲོང་ཁྲོས་པས་སོགས་རྐང་བ་གཉིས་སོ། ལུང་འདི་ནི། བཅོམ་ལྡན་འདས་ཀྱི་ཁྱིམ་བདག་ཉེ་བར་འཁོར་ལ་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་དན་ཏ་ཀའི་དགོན་པ་དང༌། ཀ་ལིང་ཀའི་དགོན་པ་དང༌། མ་ཏང་ཀའི་དགོན་པ་དེ་དག་ཅི་ཞིག་གིས་སྟོངས་པ་དང༌། ཅི་ཞིག་གིས་གཙང་མར་གྱུར་ཞེས་ཐོས། ཅེས་བཀའ་སྩལ་པ་དང༌། གསོལ་པ། དྲང་སྲོང་གཽ་ཏ་མ་ཁྲོས་པས་དེ་ལྟར་གྱུར་ཞེས་ཐོས་སོ། །ཞེས་བཤད་ལ། ལུང་འདི་ཡང་ཡིད་ཀྱི་ཉེས་པ་ཁོ་ན་ཁ་ན་མ་ཐོ་བ་ཤིན་ཏུ་ལྕི་བས་ཤེས་བྱེད་དུ་གསུངས་པ་ཡིན་ནོ། །གསུམ་པ་ནི། དེ་མི་འཐད་དེ། དྲང་སྲོང་ཁྲོས་པ་ཁོ་ནས་དགོན་པ་དེ་དག་གི་མི་རྣམས་ཚེའི་དུས་བྱས་པ་མ་ཡིན་གྱི་དེ་ཁྲོས་པ་ན་དེའི་འཁོར་གྱི་མི་མ་ཡིན་པ་རྣམས་ཀྱི་དེ་དག་སྟོངས་པར་བྱས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན། ལུང་དེ་ཡིད་ཀྱི་ཉེས་པ་ཁོ་ན་ཤིན་ཏུ་ལྕི་བའི་ཤེས་བྱེད་དུ་མདོ་ལས་གསུངས་པ་དེ་མི་རིགས་པར་འགྱུར་བའི་ཕྱིར། ཞེས་འཆད་པ་ནི། ཡིད་ཉེས་ཞེས་སོགས་རྐང་པ་གཉིས་སོ། བདུན་པ་ནི། གཟུང་འཛིན་རྫས་གཞན་མེད་ན། གཞན་གྱི་སེམས་ཤེས་པ་མི་འཐད་པའམ། ཡང་ན་གཞན་གྱི་སེམས་ཀྱང་རང་གི་སེམས་སུ་ཐལ་ལོ་ཅེ་ན། མངོན་ཤེས་དེས་གཞན་གྱི་སེམས་དངོས་སུ་ཤེས་ན་ཉེས་པ་དེ་འཇུག་ཀྱང༌། དེ་ལྟ་མ་ཡིན་ཏེ། མངོན་ཤེས་ཅན་གྱི་གང་ཟག་གི་སེམས་ཀྱི་གཟུང་ཆ་ཞིག་གཞན་གྱི་སེམས་དང་འདྲ་བར་སྐྱེས་པ་ལ། དེས་དེ་ཤེས་པར་འཇོག་པའི་ཕྱིར། དངོས་སུ་མི་ཤེས་པའི་དཔེ་ནི། ཐ་མལ་པའི་རྒྱུད་ཀྱི་རང་སེམས་ཤེས་པའི་རང་རིག་གིས་ཀྱང༌། རང་གི་སེམས་དངོས་སུ་མི་ཤེས་ཏེ། སངས་རྒྱས་ཀྱི་མཁྱེན་པ་དང་མི་མཐུན་པའི་ཕྱིར། ཞེས་འཆད་པ་ནི། གཞན་སེམས་སོགས་རྐང་པ་བཞིའོ། །ལྔ་པ་གཞུང་འདི་སློབ་དཔོན་གྱི་རིགས་པས་སྦྱར་བར་བསྟན་པ་ནི། རྣམ་རིག་ཙམ་དུ་ཞེས་སོགས་རྐང་པ་བཞིའོ། །དོན་ནི། རྣམ་པར་རིག་པ་ཙམ་གྱི་ཚུལ་འདི་ནི་རྟོག་གེ་བ་ཁོ་ནའི་སྤྱོད་ཡུལ་མ་ཡིན་ཏེ། སངས་རྒྱས་ཁོ་ནས་གཟིགས་ནས་གཞན་ལ་སྟོན་པར་མཛད་པའི་ཕྱིར། བསྟན་བཅོས་རྩོམ་པ་པོ་བདག་གིས་ཀྱང༌། རྟོག་གེའི་བློས་བཏགས་ནས་བཤད་པ་མ་ཡིན་ཏེ། རང་གི་རྣམ་དཔྱོད་ཀྱི་མཐུ་རིགས་ཙམ་ཡོད་པ་དེ་ཙམ་གྱིས། སངས་རྒྱས་ཀྱི་གསུངས་པའི་དོན་ལ་རྣམ་པར་བརྟགས་ནས་བཤད་པའི་ཕྱིར། ཞེས་བྱ་བ་འདིས་ནི། ཐམས་ཅད་མཁྱེན་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཉེ་བར་སྦྱར་བའི་བསྟན་བཅོས་ཉི་ཤུ་པའི་རབ་ཏུ་བྱེད་པ་ཞེས་བྱ་བའི་རྣམ་པར་བཤད་པ་ལེགས་པར་གྲུབ་པའོ། །རབ་བྱེད་འདི་ལ་ཚིག་དོན་གྱི། །བཤད་པ་རྒྱས་པར་མ་ཕྱེ་ན། །འདི་དོན་ཇི་བཞིན་རྟོགས་དཀའ་བས། །ཉིད་འགྲེལ་ཇི་བཞིན་ཚིག་གི་ཟུར། །ལེགས་པར་དོད་པའི་རྣམ་བཤད་འདི། །ལེགས་བཤད་བ་དན་རབ་རྐྱང་ནས། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །གཏིང་རྟོགས་གྲུ་ཆེན་དེ་ཐོབ་ཤོག །རྣལ་འབྱོར་སྤྱོད་པའི་གཞུང་གི་དེ་ཁོ་ན་ཉིད་ལྟ་བ་ལ་སྒྲིབ་བྱེད་དུ་གྱུར་པའི་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། ལུགས་འདི་ལ་གཟུགས་ཅན་གྱི་ཕུང་ཁམས་སྐྱེ་མཆེད་དངོས་པོར་ཁས་ལེན་པ་དང༌། དངོས་པོ་ལ་བདེན་གྲུབ་དང༌། གཞན་དབང་གིས་ཁྱབ་པ་ཁས་ལེན་པ་དང༌། གཞན་དབང་དོན་དམ་དུ་གྲུབ་པར་ཁས་ལེན་པ་དང༌། ཀུན་བཏགས་རང་ལུགས་ལ་ཡོད་པར་ཁས་ལེན་པ་དང༌། བདག་གཉིས་པོ་ཀུན་བཏགས་སུ་མི་འདོད་པ་དང༌། ཡོངས་གྲུབ་ཀྱི་ངོ་བོ་མེད་དགག་དུ་ཁས་ལེན་པ་དང༌། དེ་ཉིད་སྤྱི་མཚན་དུ་ཁས་བླངས་ནས། སྤྱི་མཚན་གང་ཡིན་ཀུན་བཏགས་སུ་འདོད་པ་དང༌། ཡང་ལ་ལ་དག རང་མཚན་དང་རྟག་པའི་གཞུང་བཞིན་ཁས་ལེན་པ་དང༌། རྟག་པ་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཁས་ལེན་པ་དང༌། དོན་དམ་བདེན་པ་ལ་རྟག་པས་ཁྱབ་པ་ཁས་ལེན་པ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ། ཡོངས་གྲུབ་གོ་ཆོད་པོར་མི་འདོད་པ་དང༌། རྟོག་པ་དང༌། རྟོག་མེད་ཀྱི་ཤེས་པ་ལ་སྣང་བ་ཐམས་ཅད་རིག་པར་ཁས་མི་ལེན་པ་དང༌། རྟོག་མེད་ཀྱི་ཤེས་པ་ལ་ཕྱི་རོལ་དོན་དུ་སྣང་བ་དེ། དེའི་དམིགས་རྐྱེན་དུ་མི་འདོད་པར། དེའི་དམིགས་རྐྱེན་དང༌། རྒྱུའི་རྐྱེན་གཞི་མཐུན་ཁས་ལེན་པ་དང༌། དེའི་དེ་མ་ཐག་རྐྱེན་གྱི་སྟེང་གི་ནུས་པ་དམིགས་རྐྱེན་དུ་འདོད་པ་དང༌། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་སྔོར་སྣང་དབང་ཤེས་སུ་ཁས་མི་ལེན་པར་སྔོན་པོར་ཁས་ལེན་པ་དང༌། རྟོག་གཟུགས་སུ་སྣང་བ་གཟུགས་ཀྱི་དགོངས་པ་གཞི་ཡིན་པར་བཤད་པ་མི་ཤེས་པར། གཟུགས་ཉིད་དུ་ཁས་ལེན་པ་དང༌། སྣང་བ་ཐམས་ཅད་སེམས་ཡིན་པ་དེ་མདོ་སེམས་གཉིས་ཀའི་ཐུན་མོང་གི་གྲུབ་མཐའ་ཡིན་ཀྱང༌། སྣང་བ་དེ་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་གྱི་དོན་ཡོད་པ་དང་མེད་པ་དེ། གྲུབ་མཐའ་གཉིས་པོའི་ཁྱད་པར་ཡིན་པར་མི་ཤེས་པར། རྟོག་མེད་ཀྱི་ཤེས་པ་ཁོ་ན་ལ་སྣང་བ་ཙམ་སེམས་སུ་ཁས་ལེན་པ་དེ་རྣམ་རིག་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་འཆད་པ་དང༌། ཁ་ཕྱིར་ལྟའི་ཤེས་པ་ཐམས་ཅད་ཡིན་ལུགས་ལ་རང་རིག་དུ་འཆད་པ་མདོ་སེམས་གཉིས་ཀའི་ཐུན་མོང་གི་གྲུབ་མཐའ་ཡིན་པ་དེ་མ་གོ་བར། ཁ་ནང་ལྟའི་ཤེས་པ་ཁོ་ན་ལ་རང་རིག་དུ་འཆད་པ་དང༌། ཕྱི་རོལ་དོན་གྱི་རྣམ་པ་སྣང་བའི་གཟུགས་རྣམ་དེ། རྣམ་བདེན་བརྫུན་གྱི་རྩོད་གཞི་ཡིན་པ་དེ་མི་ཤེས་པར། གཟུགས་སྒྲ་སོགས་དེའི་རྩོད་གཞིར་འདོད་པ་དང༌། གཟུང་རྣམ་དེ་རྣམ་བདེན་པས་ཤེས་པ་དང༌། རྣམ་བརྫུན་པས་དངོས་མེད་དུ་འདོད་པ་མི་ཤེས་པར། གཉིས་ཀའི་ལུགས་ལ་དེ་ཤེས་པ་དང༌། བདེན་གྲུབ་ཡིན་ནོ་ཞེས་ཟེར་བ་དང༌། གཞན་དབང་བདེན་མེད་སྒྱུ་མ་ལྟ་བུར་སྟོན་པ་རྣལ་འབྱོར་སྤྱོད་པའི་མཐར་ཐུག་གི་ལྟ་བ་གཏན་ལ་འབེབས་ཚུལ་ཡིན་པ་དེ་མ་གོ་བར། དེ་བདེན་མེད་དུ་ཁས་བླངས་ན་རྣལ་འབྱོར་སྤྱོད་པའི་གྲུབ་མཐའི་ནང་ན་མེད་དོ་ཞེས་ཟེར་བ་དང༌། གཞན་དབང་དང་ཡོངས་གྲུབ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བཤད་པ་དེ་མ་གོ་བར། དེ་གཉིས་ངོ་བོ་གཅིག་ཏུ་ཁས་ལེན་པ་དང༌། རྣལ་འབྱོར་སྤྱོད་པ་པ་ལ་དབུ་སེམས་གཉིས་སུ་ཕྱེ་བ་དེ་མ་གོ་བར། དེ་གང་ཡིན་སེམས་ཙམ་པར་འདོད་པ་དང༌། རྣམ་བརྫུན་པས། དོན་དམ་བདེན་པ་རིག་པར་ཁས་ལེན་ཡང༌། ཀུན་རྫོབ་ཀྱི་སྣང་བ་རིག་པ་དང་སེམས་སུ་ཁས་མི་ལེན་པའི་ཤན་མ་ཕྱེད་པར། རྣམ་རིག་པ་དང་སེམས་ཙམ་པ་དོན་གཅིག་ཏུ་འདོད་པ་དང༌། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་མི་ཕྱེད་པར། ཤེས་པ་གང་ཡིན་རྣམ་ཤེས་འཁོར་བཅས་སུ་འདོད་པ་དང༌། ཀུན་གཞིའི་སྟེང་གིས་གསལ་རིག་གི་ཆ་བདེ་བར་གཤེགས་འི་སྙིང་པོ་དང༌། ཟག་མེད་ཀྱི་ཡེ་ཤེས་དང༌། ཀུན་གཞིའི་གཉེན་པོར་བཤད་པ་དེ་མ་གོ་བར། གསལ་ཆ་དེ་ཀུན་གཞིའི་རྣམ་ཤེས་སུ་ཁས་ལེན་པ་དང༌། ཚོགས་བདུན་ཀའི་གསལ་ཆ་དང༌། ཀུན་གཞིའི་གསལ་ཆ་ངོ་བོ་གཅིག་ཡིན་པ་དེ་མ་གོ་བར། དེ་རྣམས་རྫས་གཞན་དུ་ཁས་ལེན་པ་དང༌། ཀུན་གཞི་ཁས་མ་བླངས་ན་སེམས་ཙམ་གྱི་རྩ་བའི་གྲུབ་མཐའ་འཇོག་མི་ཤེས་པ་དེ་མ་ཁོ་བར། ཀུན་གཞི་ཁས་མི་ལེན་པའི་སེམས་ཙམ་པ་སྡེ་བདུན་མཛད་པ་སོགས་ཡིན་ནོ། །ཞེས་ཟེར་བ་དང༌། སེམས། ཡིད། རྣམ་ཤེས་གསུམ་དོན་མི་གཅིག་པར་འཆད་པ་དེ། ཀུན་གཞི་སྒྲུབ་བྱེད་ཀྱི་རིགས་པའི་གཙོ་བོ་ཡིན་པ་མ་གོ་བར། དེ་གསུམ་དོན་གཅིག་ཏུ་འཆད་པ་སྟེ། དེ་དག་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུའི་དེ་ཁོ་ན་ཉིད་ལྟ་བ་ལ་གེགས་བྱེད་དུ་གྱུར་པའི་ལོག་པར་རྟོག་པའི་གནས་སུ་གྱུར་པ་གཞུང་གསུམ་པོ་འཆད་ཤེས་པ་ལ་གོ་དགོས་པའི་ཆ་ཤས་འགའ་ཞིག་བརྗོད་པ་ཡིན་ལ། དེ་དག་རྣམ་པར་སེལ་བྱེད་ཀྱི་ལུང་དང་རིགས་པ་གཞུང་ཉིད་དང་སྦྱར་ནས་འཆད་པ་ནི། འདིར་ཁོ་བོས་སྦྱར་བའི་རྣམ་པར་བཤད་པ་འདི་གསུམ་གྱི་ཆེད་དུ་བྱ་བའི་དགོས་པ་ཡིན་པ་དེའི་ཕྱིར། ཊཱི་ཀ་བྱེད་པ་གཞན་དག གཞན་གྱི་ཟེར་ཟློས་རྗེས་སུ་སྒྲོག་པ་དག་དང་མཚུངས་སོ་སྙམ་དུ་བསམས་ནས། རྣམ་པར་བཤད་པ་གསུམ་པོ་འདི་དག་ཀྱང་ཁྱད་དུ་གསད་པར་མི་བྱའོ། །སྨྲས་པ། རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །གཞུང་གི་ཆ་ཤས་ཇི་སྙེད་པ། །དེ་སྙེད་ཚོལ་ཞིང་རྟོག་བྱེད་པ། །ཆེན་པོ་ཡིན་ཡང་ངལ་བར་འགྱུར། །གཞུང་གསུམ་རྣམ་བཤད་དངུལ་དཀར་གྱི། །མེ་ལོང་བལྟར་བ་འདི་བཟུང་ན། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །སྐྱེ་མཆེད་མཚར་བ་ལག་ཏུ་འོང༌། །ཞེས་གཞུང་གསུམ་གྱི་རྣམ་པར་བཤད་པ། རྣལ་འབྱོར་སྤྱོད་པའི་གྲུ་བོ་ཆེ་ཞེས་བྱ་བ་འདི་ནི། སྡེ་སྣོད་འཛིན་པའི་གཤེས་གཉེན་སྟན་གཅིག་པ་བློ་གྲོས་བརྟན་པས་བསྐུལ་བའི་ངོར་བགྱི་ནས། ཐེག་པ་ཆེ་ཆུང་གི་བསྟན་བཅོས་ཀྱི་དོན་རྣམ་པར་ངེས་པའི་བློ་ཅན། ཡུལ་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས། གསེར་འཕྱང་གི་ལོ། སྨིན་དྲུག་ཅན་གྱི་ཕྱོགས་དང་པོ་ལ། གཙང་གཡས་རུའི་སའི་ཐིག་ལེ། ཁྱུང་ཚང་གསེར་མདོག་ཅན་ཞེས་བྱ་བའི་དབྱེན་གནས་སུ་ཉེ་བར་སྦྱར་བའི་ཡིག་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ། །མངྒ་ལཾ་བྷ་ཝནྟུ།།  །། ༄༅། །«འདིའི་ལུང་རྗེ་བཙུན་དངོས་ལ་ཐོབ།»ན་མོ་བུདྡྷ་ཡ། རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི། །གྲུབ་མཐའི་ངོས་འཛིན་སྔོན་རབས་དང༌། །ཕྱི་རབས་འདོད་པ་མཐུན་ནམ་ཞེས། །དྲིས་པའི་ལན་འགའ་འདིར་བརྗོད་བྱ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་སུ། །སེམས་ཙམ་པ་དང་དབུ་མ་པ། །གཉིས་སུ་དབྱེ་བ་བྱམས་པའི་གཞུང༌། །འགྲེལ་པར་བཅས་པ་དག་ན་བཞུགས། །བོད་དུ་གྲགས་པ་སེམས་ཙམ་པ། །རྣམ་བདེན་རྣམ་རྫུན་ཞེས་བྱར་འཆད། །སེམས་ཙམ་རྣམ་རྫུན་ཡིན་གྱུར་ཀྱང༌། །གྲུབ་མཐའི་རྩེ་མོར་འཆད་པའང་བྱུང༌། །རྣམ་རྫུན་ལྟ་བ་བླ་མེད་ཀྱི། །རྒྱུད་དང་མཐུན་པར་འཆད་དེ་བཞིན། །ཐལ་རང་གཞུང་གི་རྗེས་འབྲང་བའི། །ཕར་ཕྱིན་པ་རྣམས་རྣམ་རྫུན་པ། །གྲུབ་མཐའ་འོག་མར་འདོད་ཅེས་པའང༌། །སྔ་རབས་པ་ལ་བྱུང་ཚུལ་ལོ། །ཕྱི་དུས་རྗེ་བཙུན་རེད་འདའ་པས། །སེམས་ཙམ་རྣམ་རྫུན་ཞེས་བྱ་བའི། །གྲུབ་མཐའ་བོད་ན་གྲགས་པ་དེ། །སངས་རྒྱས་པ་ཡི་གྲུབ་མཐའ་བཞི། །གང་གི་ནང་ནའང་ཡོད་མ་ཡིན། །ཅི་ཕྱིར་ཞེ་ན་དབུ་མ་པ། །མིན་ཏེ་བདེན་གྲུབ་ཁས་བླངས་ཕྱིར། །སེམས་ཙམ་མིན་ཏེ་གཞན་གྱི་དབང༌། །སྒྱུ་མ་ལྟ་བུར་འདོད་ཕྱིར་རོ། །རྣལ་འབྱོར་སྤྱོད་དང་རྣམ་རིག་པ། །སེམས་ཙམ་གསུམ་པོ་དོན་གཅིག་ཅིང༌། །དེ་ཡི་གྲུབ་མཐའ་གཞན་དབང་དང༌། །ཡོངས་གྲུབ་གཉིས་ཀ་བདེན་པར་གྲུབ། །ཀུན་བཏགས་གཅིག་པུ་བདེན་པར་མེད། །གཞི་དུས་ཀུན་གཞིའི་རྣམ་ཤེས་དང༌། །ལམ་དུས་གང་སྣང་སེམས་ཞེས་དང༌། །འབྲས་དུས་གནས་གྱུར་ཁས་ལེན་པ། །གཞུང་ལུགས་གང་ན་སྣང་གྱུར་ཀྱང༌། །སེམས་ཙམ་གྲུབ་མཐར་གནས་ཞེས་གསུང༌། །གྲུབ་མཐའི་རྣམ་དབྱེ་མི་འབྱེད་པ། །ཐམས་ཅད་འདི་ཡི་རྗེས་སུ་འབྲང༌། །དེ་ལྟ་ན་ནི་རྣམ་རིག་པའི། །གཞུང་ན་གཟུང་འཛིན་གཉིས་ཀ་ཡང༌། །རང་གི་ངོ་བོས་སྟོང་བར་བཤད། །སེམས་ཙམ་པས་ཀྱང་དེར་འདོད་འགྱུར། །རྣམ་རིག་གཞུང་ན་སྟོང་པ་ཉིད། །བཅུ་དྲུག་དང་ནི་ཉི་ཤུ་ཡི། །ངོས་འཛིན་འཁྲུལ་པ་མེད་པར་བཤད། །སེམས་ཙམ་པས་ཀྱང་དེ་འདོད་འགྱུར། །རྣམ་རིག་གཞུང་ན་ཆགས་སོགས་ལས། །ངེས་འབྱུང་ཆགས་སོགས་ཉིད་ཡིན་ཞེས། །རྣལ་འབྱོར་བླ་མེད་གཞུང་བཞིན་བཤད། །སེམས་ཙམ་པས༔ རྣམ་རིག་གཞུང་ན་ཆོས་དབྱིངས་ལས། །མ་གཏོགས་ཤེས་བྱ་མེད་པ་དང༌། །སེམས་ཀྱང་མེད་པ་ཡིན་ཞེས་བཤད། སེམས་ཙམ་པས༔ གཟུང་མེད་འཛིན་པ་མེད་པ་དང༌། །གཅིག་དང་དུ་བྲལ་གཏན་ཚིགས་ཀྱིས། །མཐར་ཐུག་སྣང་བ་སེམས་ཀྱང་བཀག །སེམས༔ རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ན། །ལམ་ལྔ་དང་ནི་ས་བཅུ་དང༌། །ཤེས་སྒྲིབ་གཉེན་པོ་ཡོངས་རྫོགས་བཤད། །སེམས༔ དེ་ལྟར་འདོད་མོད་དེ་དག་ནི། །སྒྲ་ཇི་བཞིན་པ་མིན་ནོ་ཞེས། །འཆད་པ་དེ་ཡིས་བྱམས་པའི་ཆོས། །བླ་མེད་རྒྱུད་དང་བཅས་པ་སྤངས། །སེམས་ཙམ་པ་ལ་སྟོང་པ་ཉིད། །བཅུ་དྲུག་རྣམ་གཞག་ཡོད་ཅེས་ཟེར། །གཟུང་འཛིན་གཉིས་ཀྱིས་མི་སྟོང་པ། །དེ་སྲིད་སྟོང་ཉིད་བཅུ་དྲུག་གི །རྣམ་གཞག་འཆད་ནུས་མིན་པ་ནི། །ཐོགས་མེད་མཆེད་ཀྱི་སྲོལ་ལས་འབྱུང༌། །སེམས་ཙམ་པ་ཡི་ལྟ་བ་ཡིས། །རང་སངས་རྒྱས་ལས་གོང་མི་འགྲོ། །དེ་ལ་སྟོང་ཉིད་རྟོགས་བློ་མེད། །འཛིན་པ་བདེན་མེད་ཁས་ལེན་པའི། །ལྟ་བ་དབུ་མ་པ་ཡིན་ཞེས། །རྗེ་བཙུན་སྐུ་མཆེད་རྣམ་གཉིས་བཞེད། །ཁྱད་པར་རྗེ་བཙུན་རེད་འདའ་པས། །རྒྱུད་གསུམ་དགོངས་པ་སེམས་ཙམ་དུ། །གནས་པའི་ཤེས་བྱེད་གང་བཀོད་པ། །དེ་ལ་གསང་བ་འདུས་པ་ཡི། །རྒྱུད་ཀྱིས་མ་ངེས་པ་དེ་འཕངས། །རྣམ་རིག་པ་དང་སེམས་ཙམ་པ། །དོན་གཅིག་གྱུར་ན་སྟོང་ཉིད་དང༌། །ས་བཅུ་ལ་སོགས་གང་བཤད་པ། །དེ་དག་དངོས་པོར་སྨྲ་བ་དང༌། །རང་སངས་རྒྱས་ཀྱི་ལམ་དུ་འགྱུར། །ཞེས་སོགས་དེ་ལྟར་འཕེན་པ་ཡིན། །རྒྱས་པར་གཞུང་ཆེན་མང་པོ་ལ། །བཤེས་གཉེན་མཁས་པ་བསྙེན་བྱས་ནས། །ཐོས་བསམ་གྱིས་ནི་སྒྲོ་འདོགས་ཆོད། །དེ་ནས་རྒྱལ་བ་དགྱེས་པར་འགྱུར། །ཞེས་པ་འདི་ནི་བཤེས་གཉེན་འགས། །ཚུལ་གཉིས་རྣམ་པར་འབྱེད་གཞུང་ན། །རྣམ་རིག་པ་དང་དབུ་མ་པའི། །གཞི་མཐུན་སྲིད་པ་ཇི་ལྟར་ཞེས། །དྲིས་པའི་ལན་དུ་གསེར་མདོག་ཅན། །སྡེ་སྣོད་ཀློག་པའི་ལྟ་ནས་སོ།།  །།སླར་ཡང་དྲིས་པ་ནི། འོ་ན་རྣམ་རིག་སེམས་ཙམ་ལ། །ཁྱད་པར་ཅི་ཞིག་ཡོད་ཅེས་དང༌། །རྒྱུད་གསུམ་དགོངས་པ་རྣམ་རིག་ཏུ། །གནས་ཤེས་ཟེར་མཁན་བྱུང་བ་ལ། །རྫོགས་སངས་རྒྱས་ཀྱི་སྟོང་ཉིད་ཀྱི། །གདུལ་བྱ་ལོག་པའི་ལམ་དག་ཏུ། །དྲངས་པར་ཐལ་ཞེས་འཕངས་པ་དེའི། །ཁྱབ་འབྲེལ་ཇི་ལྟར་གྲུབ་པ་ཡིན། །ཞེས་ནི་ཁ་ཅིག་འདྲི་བར་བྱེད། །དྲི་བ་དང་པོའི་དངོས་ལན་ནི། །ཀུན་རྫོབ་སྣང་ཚུལ་ཇི་སྙེད་པ། །སེམས་ཙམ་ཁོ་ན་ཉིད་ཡིན་ཞིང༌། །སེམས་དེ་རྫས་སུ་གྲུབ་ཅེས་པ། །དེ་ལ་སེམས་ཙམ་པ་ཞེས་ཟེར། །གཟུང་འཛིན་གཉིས་ཀ་དངོས་མེད་ཅིང༌། །དོན་དམ་ངོ་བོ་གཉིས་སྟོང་པ། །དེ་ཡི་ངོ་བོའང་རྣམ་རིག་ཅེས། །འཆད་པ་དེ་ཡང་རྣམ་རིག་པ། །དེ་ཕྱིར་རྣམ་རིག་པ་ལ་ནི། །སེམས་ཙམ་པ་ཡིས་མ་ཁྱབ་ཅིང༌། །སེམས་ཙམ་པ་ལ་རྣམ་རིག་དང༌། །རྣལ་འབྱོར་སྤྱོད་པས་ཁྱབ་ཅེས་པ། །གཞུང་དང་སྔོན་གྱི་རྒན་པོའི་ལུགས། །ལེགས་ལྡན་འབྱེད་དང་ཟླ་གྲགས་ཀྱི། །གཞུང་གི་ཆ་འགའ་ལ་བརྟེན་ནས། །རྣམ་རིག་པ་དང་སེམས་ཙམ་པ། །དོན་གཅིག་ཟེར་བ་བོད་ཡུལ་གྱི། །དེང་སང་ཕྱི་རབས་ཕལ་ཆེར་འདོད། །དྲི་བ་གཉིས་པའི་ལན་བཏབ་པ། །དབུས་མཐའི་དགོངས་པ་སེམས་ཙམ་དུ། གནས་ན་རྗེ་བཙུན་བྱམས་པ་ཡིས། །སྟོང་པ་ཉིད་ཀྱི་གདུལ་བྱ་རྣམས། །ཕྱིན་ཅི་ལོག་ཏུ་དྲངས་པར་ཐལ། །ཅི་ཕྱིར་ཞེ་ན་མདོ་སེམས་དང༌། །བྱེ་བྲག་སྨྲ་དང་གཞན་སྡེ་ལ། །སྟོང་ཉིད་གྲངས་ཚང་སྨོས་ཅི་དགོས། །ནང་སྟོང་ཉིད་ཀྱི་རྣམ་གཞག་ཀྱང༌། །ཚང་བར་ཡོད་པ་མིན་ཕྱིར་རོ། །དེ་དང་འདྲ་བར་སེམས་ཙམ་དང༌། །རྣམ་རིག་སྨྲ་བ་དོན་གཅིག་ཏུ། །བྱས་ནས་རྒྱུད་གསུམ་སེམས་ཙམ་དུ། །གནས་པར་འདོད་པ་ཐལ་བ་དེ། །འཕངས་པ་གནོད་བྱེད་ཉིད་དུ་འཇུག །དུས་འཁོར་ལ་ཡང་མཚུངས་མེད་ཀྱི། །ཕྱོགས་སྔ་མ་ལ་མ་གྲུབ་པས། །རྒྱུད་གསུམ་པོ་དང་གསང་འདུས་ཀྱི། །ལྟ་བ་ཁྱད་པར་མེད་དོ་ཅེས། །རང་རེས་ལེགས་པར་བསྒྲུབས་པ་ཡིན། །ཞུས་དག།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*