སྨོན་ལམ་བདུན་བཅུ་པའི་བསྟན་བཅོས་རྣམ་བཤད་གཞན་ཕན་དབྱངས་ཀྱི་རོལ་མོ། ཀ ༽

༼ཡ༽༄༅། །སྨོན་ལམ་བདུན་བཅུ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་གཞན་ལ་ཕན་པའི་དབྱངས་ཀྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། སྨོན་ལམ་བདུན་བཅུ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱེད་པོའི་སྔོན་གྱི་སྨོན་ལམ་གསེར་གྱི་ཆར། །ཚངས་དང་དབང་པོའི་སྙིང་མཚོར་ངེས་སིམ་པ། །ཚོགས་གཉིས་རྩ་ལག་རྒྱས་པའི་དཔག་བསམ་གྱི། །རྩེ་མོར་སྨིན་པ་དེ་ལ་ཕྱག་འཚལ་ལོ། །སྒྲིབ་ཀུན་བྲལ་བའི་ཡེ་ཤེས་ཉི་མ་ནི། །འགྲོ་དོན་ཡངས་པའི་མཁའ་ལ་རྟག་འཆར་བ། །ལྷག་བསམ་ལུགས་བརྒྱ་ལྡན་པའི་ཁ་ལོ་པས། །གང་དྲངས་སྨོན་ལམ་རྟ་བདུན་ཅན་དེ་ཡིན། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བའི་བསྟན་བཅོས་འདི་འཆད་པ་ལ་དོན་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། བསྟན་བཅོས་འདི་ཉིད་ཀྱི་དགོས་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་དེ་དང་རྗེས་སུ་མཐུན་པའི་སྨོན་ལམ་ཇི་ལྟར་འདེབས་པའི་ཚུལ་ཁོང་དུ་ཆུད་པའོ། །གཉིས་པ་ལ་གཉིས་ཏེ། དེ་ཇི་ལྟར་འདེབས་པའི་ཚུལ་དང༌། སྨོན་ལམ་ཉིད་བཤད་པའོ། །དང་པོ་ནི། ཐོག་མར་རྫོགས་པའི་བྱང་ཆུབ་ཐོབ་པར་སྨོན་དགོས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ། །ཞེས་དང༌། དོན་གསལ་ལས། སྨོན་ལམ་ནི་དོན་དུ་གཉེར་བ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ཡིན་ལ། ཞེས་འབྱུང་བ་ལྟར་རོ། །དེའི་འོག་ཏུ་སེམས་བསྐྱེད་པ་དེ་ཉིད་མི་བརྗེད་པར་སྨོན་དགོས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །ཞེས་དང༌། འཇམ་དཔལ་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པའི་མདོ་ལས། དེ་བཞིན་གཤེགས་པ་མི་འཁྲུགས་པ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན། ཚིག་འདི་སྐད་དུ། གལ་ཏེ་བདག་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཅིག མ་བསྐྱེད་ན་བདག་གིས་སངས་རྒྱས་ཐམས་ཅད་བསླུས་པར་འགྱུར་རོ། །ཞེས་བརྗོད་དེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་མི་འཁྲུགས་པའི་རྗེས་སུ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཏབ་པའི་དགོས་པ་ཡང༌། བྱང་སེམས་ལས་དང་པོ་པ་དག་ཚེ་རབས་གཞན་དུ་བྱང་སེམས་ཀྱི་བསླབས་པ་དང་འགལ་བའི་ལྟུང་བ་མི་འབྱུང་བའི་ཆེད་ཡིན་ཏེ། བསླབ་བཏུས་ལས། ཇི་སྐད་དུ། དུས་ཐམས་ཅད་པའི་སྡོམ་པ་བཟུང་བ་ལས། ཚེ་རབས་གཞན་དུ་ལྟུང་བ་འབྱུང་བར་དོགས་པར་ཡང་མི་བྱ་སྟེ། མདོ་འདི་ཉིད་ལས་མི་འཁྲུགས་པའི་སྨོན་ལམ་གནང་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྨོན་ལམ་དེ་ལྟ་བུ་འགྲུབ་པར་དཀའ་བ་ཡང་མ་ཡིན་ཏེ། མདོ་དེ་ཉིད་ལས་ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ཡི་འབྲས་བུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྟེན་གྱི་གང་ཟག་ཚུལ་ཁྲིམས་དང་ལྡན་པས་བཏབ་པའི་སྨོན་ལམ་ནི། མི་འགྲུབ་པ་མི་སྲིད་དེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ། ཚུལ་ཁྲིམས་དང་ལྡན་པ་དེའི་བསམ་པ་གྲུབ་པ་དང༌། དོན་དུ་གཉེར་བ་གྲུབ་པ་དང༌། སྨོན་ལམ་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་སོ། །སྨོན་པའི་སེམས་བསྐྱེད་པ་དེ་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ལ་སྤྱོད་པར་སྨོན་ལམ་འདེབས་དགོས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་མ་ལུས་བདག་གིས་རྫོགས་པར་བགྱི། །ཞེས་འབྱུང་བ་ལྟར་རོ། །བཟང་པོ་སྤྱོད་པ་དེ་ཡང་གང་ཞེ་ན། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སློབ་པའོ། །དེ་ཡང་ས་ལ་མ་ཞུགས་གོང་དུ་ནི། སློབ་པར་སྨོན་པ་ཡིན་ལ། ཞུགས་ནས་ནི་བསླབ་བྱ་དེ་དག་ལ་སློབ་བཞིན་པར་གྱུར་པའོ། །དེ་ལ་འདིར་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་བློ་ལ་ནི། བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་བྱ་ལ། བྱང་ཆུབ་དེའི་ཆེད་དུ་ཕར་ཕྱིན་དྲུག་ལ་སློབ་པར་སྨོན་པ་དེ་ལ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱ་ཞིང༌། སློབ་བཞིན་པ་དེ་ལ་ནི་བཟང་པོ་སྤྱོད་པ་ཞེས་བྱའོ། །འོ་ན་ཐེག་པ་ཆེན་པོར་སེམས་བསྐྱེད་པ་དག་གི་དོན་དུ་གཉེར་བྱའི་གཙོ་བོ་ནི་རྫོགས་པའི་བྱང་ཆུབ་ཁོ་ནའམ། ཞེ་ན་མ་ཡིན་ཏེ། ཇི་སྐད་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བཤད་པས་ན། གཞན་གྱི་དོན་ཁོ་ནའོ། །དེ་ལྟར་ན་གཞན་དོན་ཁོ་ནའི་ཕྱིར་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སེམས་པ་དེ་ལ་ནི་སྨོན་པ་སེམས་བསྐྱེད་ཅེས་བྱ་ལ། བྱང་ཆུབ་དེའི་ཕྱིར་དུ་གཞན་དོན་ལ་སློབ་པའི་སེམས་པ་དེ་ལ་ནི། འཇུག་པ་སེམས་བསྐྱེད་ཅེས་བྱ་ཞིང༌། དེ་དག་གང་ལ་ཡོད་པའི་བློ་ཅན་དེ་ལ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཉིས་པ་སྨོན་ལམ་ཉིད་བཤད་པ་ནི། ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། བྱེད་ལས་དང༌། ལྡན་པ་སྟེ། ལྔའི་སྒོ་ནས་བཤད་པར་བྱ་བ་ལས། དང་པོ་ནི། མདོ་སྡེའི་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དམིགས་ཡུལ་ཁྱད་པར་ཅན་དོན་དུ་གཉེར་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དོན་དུ་གཉེར་བྱ་དེ་ལའང༌། མངོན་མཐོ་དང་ངེས་ལེགས་ཀྱི་དབྱེ་བས་གཉིས་སུ་འགྱུར་ཞིང༌། དེ་ལའང་བྱང་ཆུབ་གསུམ་གྱི་དབྱེ་བས་གསུམ་དུ་ཡོད་ཀྱང༌། འདིར་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་མིང་ཅན། ངེས་པར་ལེགས་པའི་མཆོག་དེ་ལའང༌། རང་དོན་དང༌། གཞན་དོན་མཐར་ཐུག་པའི་སྐུ་གཉིས་ལས་ཕྱི་མ་ཁོ་ནའོ། །འོ་ན་ཇི་སྐད་དུ། ཐམས་ཅད་བྱང་ཆུབ་ཆེན་པོའི་ཕྱིར་བསྔོའོ། །ཞེས་བསྔོ་བའི་ཚུལ་དུའང་བཤད། སེམས་ཅན་གྱི་དོན་དུ་འཚང་རྒྱ་བར་གྱུར་ཅིག ཅེས་སྨོན་ལམ་གྱི་ཚུལ་དུའང་བཤད་པ་ལས། གཉིས་པོའི་ཁྱད་པར་ཅི་ཞེ་ན། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི། དང་པོ་ལ། བསྔོ་རྒྱུའི་རྫས་ཤིག་ངེས་པར་དགོས་པས་ཁྱབ་ཅིང༌། སྨོན་ལམ་གྱི་ནང་དུ་འདུས་ལ། སྨོན་ལམ་ལ་ནི་བསྔོ་བས་ཁྱབ་པ་མ་ཡིན་ཏེ། རྒྱུའི་དངོས་པོ་ལ་མ་ལྟོས་པར་སྨོན་ལམ་དུ་བྱེད་པ་དུ་མ་མཐོང་བའི་ཕྱིར། དཔེར་ན་བཀྲེས་པས་ཟས་དོན་དུ་གཉེར་བ་བཞིན་ནོ། །གཉིས་པ་རྒྱུ་ནི་ཉེ་བར་ལེན་པའི་རྒྱུ་རིགས་སད་པ་དང༌། ལྷན་ཅིག་བྱེད་པའི་རྐྱེན་སྙིང་རྗེ་ལ་རག་ལས་པ་ཡིན་ཏེ། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་གསུངས་ཤིང༌། །དེའི་འགྲེལ་པར། ཐོགས་མེད་ཞབས་ཀྱིས། རིགས་སད་བྱེད་ཀྱི་རྐྱེན་འཁོར་ལོ་བཞི་ལ་རག་ལས་པར་བཤད་པའི་ཕྱིར་དང༌། མདོ་སྡེའི་རྒྱན་ལས། རྩ་བ་སྙིང་རྗེ་མེད་གྱུར་ན། །སྐྱེ་བ་དཀར་པོ་རྣམ་དག་ཏུ། །སྨོན་ལམ་འདེབས་པར་མི་འགྱུར་རོ། །སྙིང་རྗེའི་འཆུ་བ་བྱམས་པ་སྟེ། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་བུའི་རྒྱུ་དང་རྐྱེན་དེ་དག་ཀྱང༌། དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་ཐོས་པ་དང༌། ཐོས་པའི་དོན་ཚུལ་བཞིན་དུ་སེམས་པ་ལ་རག་ལས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །ཞེས་གསུངས་པས་སོ། །དེའི་ཕྱིར་སྨོན་ལམ་གྱི་རྩ་བར་སྙིང་རྗེ་ཉིད་བསྟེན་པར་བྱ་དགོས་ཏེ། དེ་ཉིད་ལས། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང༌། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉེར་ལེན་གྱི་རྒྱུ་ཐེག་པ་ཆེན་པོའི་རིགས་སད་པ་དང༌། ལྷན་ཅིག་བྱེད་པའི་རྐྱེན་སྙིང་རྗེས་ཀུན་ནས་བསླང་བའི་སྨོན་ལམ་གྱི་ཁྱད་པར་དེ་དག་གང་དུ་འདེབས་པའི་གཞི་ཞིང་ས་གཤིན་པ་དང་འདྲ་བ་ནི། བདེར་གཤེགས་སྙིང་པོའི་མིང་ཅན། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་ལ་འཆད་དགོས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ། །ཞེས་དང༌། དེའི་འགྲེལ་པར། གཞི་ནི་ཡེ་ཤེས་སོ། །ཞེས་དང༌། ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་འཁོར་བའི་ཆོས་ཇི་སྙེད་པའི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ་བཞག་དགོས་པ་དང༌། རྣམ་བྱང་གི་ཕྱོགས་ཀྱི་ཆོས་ཇི་སྙེད་པའི་ས་བོན་ནི། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དེའི་སྟེང་དུ་བཞག་དགོས་པར་བཤད་པའི་ཕྱིར། དེ་ལྟར་བཞག་པ་དེ་ཡུན་རིང་དུ་གོམས་པར་བྱས་པ་ལས། གོམས་པ་པོའི་སེམས་རྒྱུད་དང་འབྲལ་མི་རུང་དུ་འགྱུར་བ་ཡིན་ཏེ། ཇི་སྐད་དུ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་ཐ་མལ་པ་དག་གིས་ཆོས་ཀྱི་ས་བོན་ཡེ་ཤེས་ཀྱི་སྟེང་དུ་འཇོག་པའི་ཚུལ་ཇི་ལྟ་བུ་ཞེ་ན། གཟུང་འཛིན་དུ་སྣང་བའི་སེམས་སུ་མ་གཡེངས་པ་ཉིད་ཀྱི་སྒོ་ནས་དགེ་བ་ལ་སྦྱར་བ་ཙམ་གྱིས་དོན་དེ་ཉིད་འགྲུབ་པ་ཡིན་ཏེ། སྤྱོད་འཇུག་ལས་ཇི་སྐད་དུ། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང༌། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དེ་ལ་ནི། རང་བཞིན་དུ་གནས་པའི་རིགས་དང༌། ཐོས་པའི་བག་ཆགས་དང༌། ཟག་པ་མེད་པའི་ས་བོན་དང༌། དེ་བཞིན་གཤེགས་པའི་སྙིང་པོ་སོགས་མིང་གི་རྣམ་གྲངས་དུ་མས་གསུངས་པ་ཡིན་ལ། སྐྱེ་མཆེད་དྲུག་གི་ཁྱད་པར་ཅན་ཞེས་ཀྱང་བྱ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་གི་མྱོང་བ་གསལ་རིག་གི་ཆ་དེ་ཉིད་ལ་དེར་འཇོག་པའི་ཕྱིར་རོ། །གསུམ་པ་འབྲས་བུའི་ཁྱད་པར་ལ། གནས་སྐབས་དང༌། མཐར་ཐུག་གི་དབྱེ་བས་གཉིས་ལས། དང་པོ་ནི། འཁོར་བར་སྐྱེ་བ་ཡོངས་སུ་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ་ཉིད་གཙོ་བོ་ཡིན་ལ། དེ་ཡང་སྨོན་ལམ་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། སེམས་ཙམ་ལས་ནི་འགྲུབ་པའི་ཕྱིར། །སེམས་ལས་མོད་ལ་འབྲས་བུ་ཅན། །དེ་ནི་མ་འོངས་དོན་གྲུབ་བྱེད། །དེ་ནི་རྒྱུར་འགྱུར་ཤེས་བྱ་སྟེ། །ཞེས་གསུངས་སོ། །གཉིས་པ་ནི། དོན་གཉིས་མཐར་ཕྱིན་པའི་སྐུ་མངོན་དུ་བྱེད་པ་སྟེ། ཡུམ་གྱི་མདོ་ལས་སྨོན་ལམ་རྫོགས་པ་ཉིད་དུ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱ་བར་གསུངས་ལ། དེའི་དོན་ཡང༌། ཆོས་ཀྱི་དབྱིངས་ལས་མ་གཡོ་བཞིན་དུ། གཟུགས་སྐུ་གཉིས་ལས་གཞན་དོན་འབད་མེད་དུ་འབྱུང་བ་ནི་སྨོན་ལམ་གྱི་མཐུ་ཁོ་ན་ཉིད་དུ་དགོངས་པའི་ཕྱིར། བཞི་པ་བྱེད་ལས་ནི། མདོ་སྡེའི་རྒྱན་ལས། རང་གཞན་དོན་རབ་སྒྲུབ་པར་བྱེད། །ཅེས་གསུངས་ལ། དེ་ཡང་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་སྨོན་ལམ་གྱིས་ནི་རང་གི་དོན་འགྲུབ་པར་བྱེད། གཞན་དོན་ལ་དམིགས་པའི་སྨོན་ལམ་གྱིས་ནི་གཞན་གྱི་དོན་འགྲུབ་པར་བྱེད་དོ། །དེ་སྐད་དུ་ཡང༌། ཡུམ་གྱི་མདོ་ལས། ཆོས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞེས་དང༌། སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །སྨོན་ལམ་གཉིས་པ་དེ་ལས་ཀྱང༌། བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་པའི་མིང་ཅན། དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་དེ་ནི། བསོད་ནམས་བསྲུང་བའི་ཐབས་ཁྱད་པར་ཅན་དང༌། དགེ་བའི་རྩ་བ་མི་ཟད་པར་བྱེད་པའི་དགོས་པ་དང་བཅས་པ་ཡིན་ཏེ། བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། ཇི་སྐད་དུ། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡང་ཟད་པར་མི་འགྱུར་རོ། །བཙུན་པ་ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི། བསྐལ་པའི་མཐར་ཐུག་གི་བར་དུ་བར་མ་དོར་ཟད་པ་མེད་དོ། །ཞེས་དང༌། བསླབ་བཏུས་ལས། ཇི་སྐད་དུ། བསོད་ནམས་བསྲུང་བ་མདོར་བསྡུས་པ་ནི་འདི་ཡིན་ཏེ། གང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ། །ཞེས་གསུངས་སོ། །ལྔ་པ་ལྡན་པ་ལ། བཟང་པོ་སྤྱོད་པའི་སྨོན་ལམ་ཅི་ཙམ་པའི་ལྡན་པ་དང༌། ཁྱད་པར་སོ་སོའི་ལྡན་པའོ། །དང་པོ་ལ་གཉིས་ཏེ། སྨོན་ལམ་དེ་ཐོས་ནས་དེ་ལ་དད་པའི་ཡོན་ཏན་དང༌། དད་ནས་ཚུལ་བཞིན་ཏུ་བཏབ་པའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང༌། །ཞིང་གི་རྡུལ་སྙེད་བསྐལ་པར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང༌། །ལན་གཅིག་ཙམ་ཡང་དད་པ་བསྐྱེད་པས་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། གནས་སྐབས་ཀྱི་དང༌། མཐར་ཐུག་གིའོ། །དང་པོ་ལ་གཉིས་ཏེ། ངན་སོང་སྤོང་བའི་དང༌། མངོན་མཐོ་ཐོབ་པའི་ཡོན་ཏན་ནོ། །དང་པོ་ལ་གཉིས་ཏེ། རྒྱུ་སྡིག་པ་སྤོང་ནུས་པའི་དང༌། འབྲས་བུ་སྡུག་བསྔལ་ལས་གྲོལ་བའི་ཡོན་ཏན་ནོ། །དང་པོ་ནི། ཇི་སྐད་དུ། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། མཐོ་རིས་ཀྱི་ཡོན་ཏན་འབྱོར་པ་དང༌། དེ་ལས་ཆོས་ཀྱི་རྙེད་པ་འཐོབ་པའོ། །དང་པོ་ནི། ཇི་སྐད་དུ། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། དགེ་བའི་བཤེས་གཉེན་དང་ཕྲད་པ། དེ་ལས་རྙེད་པ་ཐོབ་པའོ། །དང་པོ་ནི། ཇི་སྐད་དུ། དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང༌། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། དེའི་ཕན་ཡོན་ནོ། །དང་པོ་ནི། ཇི་སྐད་དུ། དེ་དག་རྙེད་པ་རབ་རྙེད་ཅེས་པའོ། །གཉིས་པ་ལ་གཉིས་ཏེ། མཐུན་རྐྱེན་འབྱོར་པ་དང༌། འགལ་རྐྱེན་གྱིས་མི་ནོན་པའོ། །དང་པོ་ནི། ཇི་སྐད་དུ། བེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོངས། །ཞེས་དང༌། འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །ཞེས་སོ། །མཐར་ཐུག་གི་ཕན་ཡོན་ལ་གཉིས་ཏེ། ཀུན་ཏུ་བཟང་པོ་དང་འདྲ་བར་རྟག་ཏུ་འཁོར་བར་གནས་པ་དང༌། བྱམས་པ་དང་འདྲ་བར་མྱུར་དུ་འཚང་རྒྱ་བའི་ཚུལ་སྟོན་པའོ། །དང་པོ་ནི། ཀུན་ཏུ་བཟང་པོ་དེ་ཡང་ཅི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །ཞེས་སོ། །གཉིས་པ་ནི། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་འཚང་རྒྱ་འཁོར་ལོ་རབ་ཏུ་བསྐོར། །ཞེས་པ་ལྟར་རོ། །དེ་ལྟར་བཤད་པ་དེ་ཐམས་ཅད་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། གཞན་དོན་ལ་སློབ་པར་དམ་བཅས་པའི་སྨོན་ལམ་མཐའ་དག་གི་ཡོན་ཏན་དུ་ཁས་ལེན་དགོས་པ་ཡིན་ཏེ། དེ་འདྲ་དེ་ལ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཐ་སྙད་བཏགས་པའི་ཕྱིར། གཉིས་པ་སྨོན་ལམ་གྱི་ཁྱད་པར་སོ་སོ་བ་དག་གི་ཡོན་ཏན་ནི། བཅོམ་ལྡན་འདས་འོད་དཔག་མེད་པའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང༌། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་ལྟ་བུ་སྟེ། དེ་དག་གིས་ནི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། རང་ཉིད་གང་དུ་སངས་རྒྱ་བའི་ཞིང་དེར་སྣོད་བཅུད་ཀྱི་ཞིང་ཁྱད་པར་གཞན་ལས་ཁྱད་པར་ཅན་དུ་གྱུར་པ་རང་རང་གི་མདོ་སོ་སོ་ནས་བཤད་པ་དེ་དང་དེ་འདྲ་བ་དང༌། སེམས་ཅན་གང་གིས་བྱང་སེམས་རང་ཉིད་གང་དུ་སངས་རྒྱས་པའི་སངས་རྒྱས་དེའི་མཚན་ཐོས་པས་བུད་མེད་ཀྱི་དངོས་པོར་མི་འགྱུར་བ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དཔག་ཏུ་མེད་པ་དེ་དག་གི་བར་དུ་འཚང་མི་རྒྱ་བར་དམ་བཅས་ཤིང༌། ཡོན་ཏན་དེ་དག་རྒྱུ་ལ་སློབ་པར་ཁས་བླངས་པ་མཐར་ཕྱིན་པའི་སྟོབས་ལས་ནི། ཇི་སྐད་དུ། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། ཞེས་སོགས་ཀྱི་སྐབས་ནས་བཤད་པའི་ཕན་ཡོན་དེ་དག་འབྱུང་བར་བཤད་པའི་ཕྱིར་རོ། །དྲུག་པ་འཇུག་པ་ནི། མདོ་སྡེའི་རྒྱན་ལས། སྣ་ཚོགས་ཆེ་དང་བྱང་ཆུབ་པར། །ས་རྣམས་གོང་ནས་གོང་དུ་ནི། །རྣམ་དག་ཅེས་མོས་སྤྱོད་ཀྱི་ས་ལ་སྣ་ཚོགས་པའི་སྨོན་ལམ་དང༌། འཕགས་པའི་སར་ཞུགས་ནས་སྨོན་ལམ་ཆེན་པོ་དང༌། ས་ནས་སར་འཕར་བ་ལ་རྣམ་པར་དག་པའི་སྨོན་ལམ་ཞེས་བཤད་ལ། ཕལ་པོ་ཆེའི་མདོ་ལས་ནི། གོང་དུ་བཤད་ཟིན་པ་ལྟར། བྱང་ཆུབ་སྤྱོད་པའི་སྨོན་ལམ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དབྱེ་བས་གཉིས་སུ་བཤད་པ་འདི་ཉིད་གཙོ་བོ་ཡིན་ལ། མདོ་སྡེའི་རྒྱན་སོགས་ནས་སྨོན་ལམ་ཆེན་པོ་བཅུ་ཞེས་བཤད་པ་དེ་ནི། གཉིས་པོ་དེ་ཉིད་ཀྱི་ཁྱད་པར་ལས་སྤྲོས་པའོ། །བསླབ་པ་ཀུན་ལས་བཏུས་པར་ནི། ཇི་སྐད་དུ། མདོར་ན་བཟང་པོ་སྤྱོད་པ་ལས་ཚིག་ཏུ་འབྱུང་བ་འདི་ནི་ཡོངས་སུ་བསྔོ་བ་བླ་ན་མེད་པ་སྟེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་པ་ནས། བཟང་པོ་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཞེས་པའི་བར་ཁ་བཏོན་དུ་བྱེད་པར་བཤད་དོ། །དེའི་དོན་ཡང་ཚིགས་སུ་བཅད་པ་གཉིས་པོ་འདིའི་ནང་དུ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཁྱད་པར་རླབས་པོ་ཆེ་མཐའ་དག་འདུས་པ་ཡིན་ནོ། །ཞེས་གོང་མ་རྣམས་འཆད་དོ། །གཉིས་པ་བསྡུས་པའི་དོན་ནི། འོ་ན་ཚིག་ལེའུར་བྱས་པ་བདུན་བཅུ་པའི་བསྟན་བཅོས་འདི་ཙམ་ལས་བྱང་ཆུབ་སེམས་དཔའ་སྨོན་ལམ་རླབས་པོ་ཆེ་མཐའ་དག་བདེ་བླག་ཏུ་རྟོགས་ནུས་པ་ཇི་ལྟར་ཞེ་ན། བསྟན་བཅོས་འདིའི་བརྗོད་བྱ་ནི་རྣམ་པ་གསུམ་དུ་བསྡུས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་རྫོགས་པར་བྱ་བ་དང༌། སེམས་ཅན་སྨིན་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཆེན་པོར་སྨོན་པ་དང༌། བྱང་ཆེན་དེའི་དོན་དུ་བྱང་སེམས་ཀྱི་བསླབ་བྱ་ལ་སློབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་བསོད་ནམས་གསོག་པ་དང༌། དེའི་དགེ་བ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱི་ཡན་ལག་བདུན་པ་ཞེས་ཡོངས་སུ་གྲགས་པ་དེ་དག་ཡིན་ལ། དེ་དག་ནི་ཇི་སྐད་དུ། ཡོན་ཏན་རིན་ཆེན་དཔག་མེད་ཚོགས་མངའ་ཞིང༌། །ཞེས་པ་ནས། ལོངས་སྤྱོད་དག་ལ་མགྲོན་དུ་གཉེར་བར་བགྱི། །ཞེས་པའི་བར་གྱིས་འཆད་ལ། དེ་དག་བསོད་ནམས་ཀྱི་ཚོགས་འཕེལ་བའི་ཤེས་བྱེད་ནི་བསླབ་པ་ཀུན་ལས་བཏུས་པ་ལས། ཇི་སྐད་དུ། ཕྱག་འཚལ་བ་ལ་སོགས་པ་བཤད་པ་དེས་བསོད་ནམས་འཕེལ་བར་འགྱུར་ཅི་མངོན་ཞེ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདོ་ལས་ཤེས་ཏེ། ཞེས་སོགས་རྒྱས་པར་གསུངས་པ་དང༌། ཡུམ་གྱི་མདོ་ལས་ཀྱང༌། སྟོང་གསུམ་རི་རབ་སྲང་ལ་གཞལ་བའི་ཚད་བཟུང་རུང༌། རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། དེ་ལྟར་དགེ་བ་གང་དག་བསྒྲུབས་པ་འདི། །མ་ལུས་ཡང་དག་བྱང་ཆུབ་བསྔོ་བར་བགྱི། །ཞེས་པའོ། །གཉིས་པ་ལ་གཉིས་ཏེ། སྨོན་སེམས་ཀྱི་བསླབ་བྱ་ཁས་ལེན་པ་དང༌། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པར་དམ་འཆའ་བའོ། །དང་པོ་ནི། དེས་ནི་བདག་ནི་བྱང་ཆུབ་སེམས་དང་ནི། །ཞེས་པ་ནས། རྗེས་སུ་འཛིན་པར་ཤོག ཅེས་པའི་བར་དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་སྨོན་པ་དང༌། དགེ་བའི་བཤེས་གཉེན་བསྟེན་པ་དང༌། དེ་ལས་དམ་པའི་ཆོས་ཐོས་ནས་ཉམས་སུ་ལེན་པ་དང༌། མངོན་མཐོའི་རྟེན་ཁྱད་པར་ཅན་འཐོབ་པ་དང༌། ངེས་ལེགས་ཀྱི་བསམ་པ་ཁྱད་པར་ཅན་ལ་གནས་པར་སྨོན་ལམ་འདེབས་པ་དག་ཡིན་ནོ། །གཉིས་པ་འཇུག་སེམས་ཀྱི་བསླབ་པ་ལ་སློབ་པར་སྨོན་པ་ལ་གཉིས་ཏེ། ཕར་ཕྱིན་བཅུ་ལ་སློབ་པ་དང༌། དེའི་ཡན་ལག་ཏུ་ཚད་མེད་བཞི་ལ་སློབ་པའོ། །དང་པོ་ལ། བཅུ་པོ་གོ་རིམ་བཞིན་དུ་སྟོན་པ་ནི། བདག་གི་སློབ་པ་རྣམས་ལ་གཞན་གྱི་བློ། །ཞེས་པ་ནས། འཇིག་རྟེན་གསུམ་ལ་ཕན་པ་བགྱིད་གྱུར་ཅིག །ཅེས་པའི་བར་གྱིས་འཆད་པ་ཡིན་ནོ། །གཉིས་པ་ནི། ཕ་དག་བུ་གཅིག་ལྷག་པར་གཅེས་པ་བཞིན། །ཞེས་པ་ནས། འཇིག་རྟེན་གསུམ་པོ་ཀུན་གྱི་དོན་སྒྲུབ་ཤོག །ཅེས་པའི་བར་གྱིས་བཤད་པ་ཡིན་ནོ། །དེ་དག་གིས་ནི་སྨོན་ལམ་མཐར་ཕྱིན་པའི་དོན་དུ་བསྔོ་བ་བགྱིས་པ་ཡིན་ལ། དེ་ནས་སེམས་ཅན་སྨིན་པའི་དོན་དུ་བསྔོ་བར་མཛད་པ་ནི། དབང་དང་མངོན་ཤེས། ཞེས་པ་ནས། བདུད་རྩིའི་ཆབ་ཀྱི་རྫིང་བུ་བཟང་པོར་ཤོག །ཅེས་པའི་བར་གྱིས་བཤད་པ་ཡིན་ནོ། །གསུམ་པ་ཞིང་ཡོངས་སུ་སྦྱོང་བར་སྨོན་པ་ནི། བདག་ནི་གྲང་བའི་དམྱལ་བར་ཞེས་པ་ནས། བདེ་བ་དཔག་མེད་བསྐྱེད་པ་བགྱིད་པར་ཤོག །ཅེས་པའི་བར་གྱིས་བསྟན་པ་ཡིན་ནོ། །དེ་ལྟར་རྒྱུ་རྫོགས་སྨིན་སྦྱངས་གསུམ་བྱས་ཟིན་པའི་འོག་ཏུ། འབྲས་བུ་སངས་རྒྱས་ཀྱི་ས་མངོན་དུ་བྱས་ནས། དོན་གཉིས་ལྷུན་གྱིས་གྲུབ་པར་སྨོན་པ་ནི། ཤིན་ཏུ་ཕུན་སུམ་ཚོགས་ཤིང༌། ཞེས་པ་ནས། སྐད་ཅིག་ཙམ་ཡང་འཇུག་པར་མ་གྱུར་ཅིག །ཅེས་པའི་བར་གྱིས་བསྟན་ནོ། །གཉིས་པ་ཚིག་གི་དོན་རྒྱ་ཆེར་བཤད་པ་ལ་བཞི་སྟེ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་བསྒྱུར་བ་དང༌། བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། པྲ་ཎི་དྷ་ན་ཞེས་པ། བོད་སྐད་དུ། སྨོན་ལམ། སཔྟ་ཏི་ཞེས་པ་བདུན་བཅུ་པ། ནཱ་མ་ནི་ཞེས་བྱ་བ། ག་ཐཱ་ཞེས་པ་ཚིགས་སུ་བཅད་པའོ། །གཉིས་པ་ལ། སྨོན་ལམ་ནི། འདིས་ཡུལ་ཁྱད་པར་ཅན། གཞན་དོན་དང༌། རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་འདུན་པ་དང་མཚུངས་པར་ལྡན་པའི་སེམས་པའོ། །དེ་སྐད་དུ་ཡང༌། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་དང༌། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་སོ། །འདིར་དངོས་ཀྱི་དམིགས་པ་རྫོགས་པའི་བྱང་ཆུབ་དེ་ལ་ནི་རང་གི་དོན་ཞེས་བྱ་ཞིང༌། ཆེད་དུ་གཉེར་བྱའི་དམིགས་པ་གཞན་གྱི་དོན་དེ་ལ་གཉིས་ཏེ། སངས་རྒྱས་ནས་གཞན་དོན་གྱི་སྐུ་མཐར་ཕྱིན་པ་དང༌། སངས་རྒྱས་ཀྱི་རྒྱུར་གཞན་གྱི་དོན་བྱ་བ་གཉིས་ལས། འདིར་ཕར་ཕྱིན་བཅུ་ལ་སློབ་པའི་ཚུལ་རྒྱུ་དང་བཅས་པ་ལ་སྨོན་ལམ་འདེབས་པ་དེ་དག་ནི། སངས་མ་རྒྱས་གོང་དུ་དེའི་རྒྱུར་གཞན་དོན་ལ་བརྩོན་པའི་དབང་དུ་བྱས་པ་ཡིན་ཏེ། སངས་རྒྱས་ནས་ཕར་ཕྱིན་བཅུ་ལ་སློབ་མི་དགོས་པའི་ཕྱིར། བདུན་བཅུ་པ་ཞེས་པ་ནི། ཤླཽ་ཀའི་གྲངས་ཡིན་ལ། ཚིགས་སུ་བཅད་པ་ཞེས་པ་ནི། ཚིགས་བཅད་དུ་ཡོད་པའོ། །ཞེས་བྱ་བ་ཞེས་པ་ནི། བསྟན་བཅོས་འདིའི་མིང་ལ་དེ་སྐད་ཅེས་བྱ་བའི་དོན་ནོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འདི་ནི་ངེས་པའི་དོན་དུ་སངས་རྒྱས་ཡིན་ཀྱང༌། གཞན་ངོར་དུས་རྟག་ཏུ་རྒྱལ་བའི་སྲས་ཀྱི་ཚུལ་འཛིན་པ་ཞིག་སྟེ། དེའི་མཛད་པ་ནི་དེ་ཉིད་ཡིན་པར་མདོ་སྡེ་དག་ལས་གསུངས་སོ། །དེས་ན་བསྟན་བཅོས་ཀྱི་བརྗོད་བྱ་དང་མཐུན་པར་ལོ་ཙྪ་བ་དག་གིས་མཆོད་པར་བརྗོད་པ་ཡིན་ཏེ། ཇི་སྐད་དུ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་འབྱུང་བ་ལྟར་རོ། །སྤྱིར་ཀུན་ཏུ་བཟང་པོ་ཞེས་པ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་ལ། དེ་བཅད་པའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་ཞེས་སྨོས་སོ། །གསུམ་པ་གཞུང་གི་དོན་ལ་གཉིས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་པར་དམ་བཅའ་བ་དང༌། བསྟན་བཅོས་འདི་བརྩམ་པའི་དགེ་བ་སེམས་ཅན་གཞན་རྣམས་དང་ཐུན་མོང་དུ་བྱ་བར་སྨོན་ལམ་བཏབ་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང༌། དེའི་རྒྱུ་ལ་བསླབས་ནས་གཞན་དོན་མཐར་ཕྱིན་པའི་སྐུ་ཉིད་སྨོན་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པ་དང༌། བསགས་པ་དེ་ཉིད་བྱང་ཆེན་དུ་བསྔོ་བའོ། །དང་པོ་ལ་གཉིས་ཏེ། མཐའ་དཔྱད་པ་དང༌། གཞུང་ཉིད་ཀྱི་འབྲུ་གཉེར་བའོ། །དང་པོ་ནི། སྤྱིར་བྱང་ཆུབ་ཆེན་པོར་བསྔོ་བ་རྒྱུ་དང་བཅས་པ་ཡན་ལག་བདུན་པ་ཞེས་ཡོངས་སུ་གྲགས་པ་ཡིན་ཏེ། ཇི་སྐད་དུ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་ཆེན་པོའི་ཕྱིར་བསྔོའོ། །ཞེས་གསུངས་སོ། །དེ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་མདོ་དང༌། བསླབ་པ་ཀུན་ལས་བཏུས་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། ཡི་དམ་བླང་བའི་ཆོ་ག་སོགས་མང་པོ་ཞིག་ཏུ་ནི། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པའི་ཡན་ལག་གཉིས་ཀྱི་བར་དུ་མཆོད་པ་དབུལ་བའི་ཡན་ལག་བཞག་ནས། ཡན་ལག་བདུན་ལྡན་དུ་བཤད་ལ། བྱམས་པའི་སྨོན་ལམ་ལས་ཇི་སྐད་དུ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སེམས་ཀྱི་དབང་དུ་གྱུར་པས་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །ཞེས་སོགས་དང༌། ཕུང་པོ་གསུམ་པའི་མདོར། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་གཉིས་ཕུང་པོ་གཅིག་ཏུ་བཞག་ནས། རྗེས་སུ་ཡི་རང་བའི་ཕུང་པོ་དང༌། སངས་རྒྱས་ལ་བསྐུལ་བའི་ཕུང་པོ་ཞེས་བྱ་བ་སྟེ་ཕུང་པོ་གསུམ་བཤད་ནས། མཆོད་པའི་ཡན་ལག་མ་བཤད་ལ། དེར་ཡང་ཡན་ལག་གཞན་དྲུག་ནི་ཚང་བར་བཤད་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་ལ་བསྐུལ་ཞིང་གསོལ་བ་འདེབས་སོ། །བདག་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་ཐོབ་པར་གྱུར་ཅིག ཅེས་པ་དེར་ཡན་ལག་གཞན་གསུམ་ཚང་བས་སོ། །དེ་སྐད་དུ་ཡང༌། སློབ་དཔོན་ཞི་བ་ལྷས། དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ལ་བསྐུལ་བ་ཞེས་བྱ་བ་སྟེ། བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །དེ་ལ་ཕྱག་འཚལ་བ་ནི་སྡིག་པ་བཤགས་པའི་ནང་དུ་འདུས་ཏེ། སངས་རྒྱས་ལ་ཕྱག་བྱས་ནས་སྡིག་པ་བཤགས་སོ། །ཞེས་ཉེ་བར་འཁོར་གྱིས་ཞུས་པ་ལས་བསྟན་པའི་ཕྱིར་དང༌། གསོལ་བ་གདབ་པ་ནི་བསྐུལ་བ་དང་དོན་གཅིག་པའི་ཕྱིར་རོ། །མཆོད་པ་ནི་སྦྱོར་བ་མེད་པའི་ཕྱིར་མི་རྟག་པས་མ་སྨོས་སོ། །ཡིད་དང་ངག་གི་མཆོད་པ་ནི། མདོ་སྡེ་གཞན་ལ་གྲགས་པའི་ཕྱིར་མ་སྨོས་སོ། །ཞེས་བསླབ་བཏུས་སུ་བཤད་དོ། །དེ་དང་འདྲ་བར་བསྟན་བཅོས་འདིར། ཕྱག་འཚལ་བ་དང་བཤགས་པའི་བར་དུ་མཆོད་པའི་ཡན་ལག་བཤད་པ་མི་སྣང་ལ། སྤྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དམ་པའི་ཆོས་ཉན་པ་སོགས་ཀྱང༌། དེ་བཞིན་གཤེགས་པའི་མཆོད་པ་བླ་ན་མེད་པ་ཉིད་དུ་མདོ་སྡེ་དག་ལས་རྣམ་གྲངས་དུ་མར་གསུངས་མོད། འདིར་ནི་ཡན་ལག་བདུན་པའི་ཆ་ཤས་སུ་གྱུར་པའི་མཆོད་པར་འཇོག་པ། ཕྱི་རོལ་གྱི་མཆོད་པ་ལ་བཤད་དགོས་པ་ཡིན་ཏེ། སྤྱོད་འཇུག་ལས། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །ཞེས་པ་ནས། བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་པའི་བར་གྱིས་འདིའི་སྐབས་ཀྱི་མཆོད་པ་དེ་ངོས་འཛིན་པ་དང༌། བསླབ་བཏུས་སུའང༌། ཡན་ལག་བདུན་པའི་ནང་གི་མཆོད་པ་ངོས་འཛིན་པ་ན། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་དྲངས་ནས་ཕྱི་རོལ་ཡོ་བྱད་ཀྱི་མཆོད་པ་ཉིད་ལ་ངོས་བཟུང་བའི་ཕྱིར་རོ། །གཞུང་འདིར་མཆོད་པའི་ཡན་ལག་མ་བཤད་པ་དེ་ལྟ་མོད་ཀྱི། ཡན་ལག་བདུན་ནི་ཚང་བར་བཤད་དེ། རྗེས་སུ་ཡི་རང་བའི་ཡན་ལག་དང་འབྲེལ་ཆགས་སུ། གཞན་གྱི་སྡིག་པ་དང་སྡུག་བསྔལ་དང་དུ་ལེན་པའི་ཡན་ལག་གཅིག་བཤད་ནས། དེ་ཉིད་ཀྱང་བྱང་ཆུབ་ཆེན་པོར་བསྔོ་རྒྱུའི་དགེ་བར་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པ་འདི་ཡང་སྤྱོད་འཇུག་དང་མཐུན་པ་ཡིན་ཏེ། གཞུང་དེར་མྱ་ངན་ལས་མི་འདའ་བར་གསོལ་བ་དང༌། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པའི་ཡན་ལག་གཉིས་པོའི་བར་དེ་ཉིད་དུ། དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་པ་ནས། བདག་ནི་ཉེར་འཚོའི་གཞིར་ཡང་ཤོག །ཅེས་གཞན་དོན་དུ་སྨོན་ལམ་འདེབས་པ་ཞིག་བཤད་ལ། དེ་འདྲ་དེ་བདུན་པ་བསྔོ་བའི་ཡན་ལག་ནི་མ་ཡིན་པས་སོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། རང་དོན་གྱི་དབང་དུ་བྱས་པའི་ཡན་ལག་གསུམ་བཤད་པ་དང༌། གཞན་དོན་གྱི་དབང་དུ་བྱས་པའི་ཡན་ལག་གསུམ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཁྱད་པར་ཅན་ལ་མ་དད་པའི་གཉེན་པོར་ཕྱག་འཚལ་བའི་ཡན་ལག བླང་དོར་གྱི་གནས་ལ་བདག་མེད་པའི་གཉེན་པོར་སྡིག་པ་བཤགས་པའི་ཡན་ལག གཞན་གྱི་དགེ་བ་ལ་ཕྲག་དོག་པའི་གཉེན་པོར་ཡི་རང་གི་ཡན་ལག་གོ །དང་པོ་ལ་གསུམ་སྟེ། གང་གིས་སྟོན་པའི་སངས་རྒྱས་ལ་ཕྱག་འཚལ་བ། དེས་བསྟན་པའི་དམ་ཆོས་ལ་ཕྱག་འཚལ་བ། དེ་ཉིད་ཉམས་སུ་ལེན་པའི་དགེ་འདུན་ལ་ཕྱག་འཚལ་བའོ། །དང་པོ་ནི། ཕྱག་འཚལ་ལོ། །ལས་སུ་བྱ་བ་གང་ལ་ན། བདེ་བར་གཤེགས་པ་རྣམས་ལའོ། །རྣམས་ཞེས་པས་མང་པོ་བསྟན་མོད། ཚད་བཟུང་བར་ནུས་པ་དག་ལ་བྱ་བ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡུལ་གྱི་ཁྱད་པར་ཕྱོགས་བཅུ་པོ་མཐའ་དག་ན་བཞུགས་པ་དང༌། དུས་ཀྱི་ཁྱད་པར། འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་འོངས་པ་སྟེ་གསུམ་དུ་བྱོན་པ་དང༌། འབྱོན་པར་འགྱུར་བ་རྣམས་སོ། །འདིར་ནི། ཇི་སྐད་དུ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །ཞེས་སོགས་དང་ཆ་མཐུན་པ་ཡིན་པས། བྱེད་པ་པོ་གང་གིས་དང༌། ཚུལ་ཇི་ལྟར་ཕྱག་བྱ་བ་གཉིས་ཀྱང་དོན་གྱིས་གྲུབ་པ་ཡིན་ནོ། །དེ་ཡང་ཡིད་དང་བ་ནི། ཡོན་ཏན་དྲན་པ་དང༌། ངག་དང་བ་ནི། ཡོན་ཏན་དེ་བརྗོད་པའི་ངག་སྙན་པ་དང་ལུས་དང་བ་ནི། དེ་དག་དང་ལྷན་ཅིག་པའི་ལུས་ཀྱི་ཡན་ལག་མཆོག་གིས་ས་ལ་གཏུགས་ནས་སྤྱི་བོར་ལེན་པའོ། །དང་བའི་ཁྱད་པར་ནི་རྙོག་པ་དང་བྲལ་བ་སྟེ། སྒོ་གསུམ་མ་གུས་པའི་སྡུག་བསྔལ་དང་བྲལ་བའོ། །འདིར་བདེ་བར་གཤེགས་པ་ཞེས་བྱ་བའི་སྒྲས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོ་ན་འཛིན་པ་ཡིན་ཏེ། རྣམ་འགྲེལ་ལས། ཇི་སྐད་དུ། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དག་དང༌། །སློབ་དང་མི་སློབ་ལས་ལྷག་ཅེས་གསུངས་པ་ལྟར་རོ། །དེ་ལ་ཡོན་ཏན་གྱི་ཁྱད་པར་ནི་གཉིས་ཏེ། རྟོགས་པའི་ཁྱད་པར་དང༌། སྤངས་པའི་ཡོན་ཏན་ནོ། །དང་པོ་ནི། ཡོན་ཏན་རིན་ཆེན་དཔག་མེད་ཚོགས་མངའ་ཞིང༌། །ཞེས་པ་ཡིན་ལ། འདིས་ནི་དམན་པའི་མཐར་ཐུག་གི་མྱང་འདས་ལས་ཁྱད་ཞུགས་པར་བསྟན་པ་ཡིན་ཏེ། གནས་སྐབས་དེ་ན་རྟོགས་པའི་ཡོན་ཏན་གྱི་ཁྱད་པར་ཅི་ཡང་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། ཉེས་པའི་དུག་སྡོང་མཐའ་དག་དྲུང་ཕྱུང་བ། །ཞེས་པ་ཡིན་ལ། འདིས་ནི་བྱང་སེམས་འཕགས་པ་ལས་ཁྱད་ཞུགས་པ་ཉིད་དུ་བསྟན་ཏེ། དེ་དག་ལ་ནི་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་པ། སྔགས་དང་སྨན་གྱིས་གསོད་པའི་དུག་ལྟ་བུ་དག་གི་བག་ལ་ཉལ་མ་སྤངས་པར་ཡོད་པའི་ཕྱིར། སྤྱིར་ཕྱག་འཚལ་བ་ལ་གཉིས་ཏེ། ངེས་དོན་དོན་དམ་པའི་ཕྱག་དང༌། དྲང་དོན་ཀུན་རྫོབ་པའི་ཕྱག་གོ །དང་པོ་ནི། གང་ལ་ཕྱག་བྱ་བའི་ཡུལ་དང༌། གང་གིས་ཕྱག་བྱེད་པ་པོ་གཉིས་ཀ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཤེས་པའོ། །གཉིས་པ་ནི། ཡུལ་གང་ཡིན་པ་དེ་དང་དེ་ལ། ཀུན་རྫོབ་པའི་ལུས་ངག་ཡིད་གསུམ་གྱིས་འདུད་པར་བྱེད་པའོ། །ཡུལ་སངས་རྒྱས་ལ་ཡང་གཉིས་ཏེ། ངེས་དོན་དོན་དམ་པའི་དང༌། དྲང་དོན་ཀུན་རྫོབ་པའི་སངས་རྒྱས་སོ། །དང་པོ་ནི། སངས་རྒྱས་རང་ཉིད་ཀྱི་སས་བསྡུས་པའི་ཆོས་ཀྱི་སྐུ་དག་ཡིན་ལ། གཉིས་པ་ནི། གདུལ་བྱ་གཞན་སྣང་གིས་བསྡུས་པའི་གཟུགས་ཀྱི་སྐུ་རྣམས་སོ། །ཕྱག་ཇི་ལྟར་འཚལ་བའི་ཚུལ་ལ་ཡང་གཉིས་ཏེ། ཆོས་ཀྱི་སྐུ་འབྲས་བུའི་སྐྱབས་སུ་ཁས་ལེན་པ་དང༌། གཟུགས་ཀྱི་སྐུ་རྒྱུའི་སྐྱབས་སུ་ཁས་ལེན་པའོ། །འདིར་ནི་ཕྱི་མ་ཉིད་གཙོ་ཆེ་བ་ཡིན་ཏེ། གཞན་དོན་ལ་དམིགས་པའི་སེམས་ཀུན་སློང་དུ་ཡོད་པའི་ཆོས་སྐུ་དོན་གཉེར་གྱི་བློ་ནི་སྨོན་པ་སེམས་བསྐྱེད་ཀྱི་ནང་དུ་འདུ་བའི་ཕྱིར་རོ། །དེ་ལྟར་སྟོན་པའི་ཡོན་ཏན་རྗེས་སུ་དྲན་པའི་དད་པ་ལས། དེའི་བསྟན་པ་ལ་མི་དགའ་བའི་རྣམ་པ་ཅན་གྱི་མ་དད་པ་ངང་གིས་བཟློག་ཀྱང༌། དང་བ་འདྲེན་པ་ལ་ནི་ཡོན་ཏན་ཤེས་པ་སྔོན་དུ་འགྲོ་དགོས་པས། གཉིས་པ་ནི། ཕྱག་འཚལ་ལོ། །གང་ལ་ན། སྤྱིར་ཆོས་ཞེས་བྱ་བའི་སྒྲ་དོན་བཅུ་ལ་འཇུག་པར་རྣམ་བཤད་རིགས་པ་ལས་གསུངས་མོད། འདིར་ནི་དམ་པའི་ཆོས་ལའོ། །དེའི་ངོས་འཛིན་ཀྱང་མདོ་ལས། ཇི་སྐད་དུ། སྒྲིབ་ཀུན་དག་ནི་ཐམས་ཅད་དང༌། །སྡུག་བསྔལ་སེལ་བྱེད་དམ་པའི་ཆོས། །ཞེས་འབྱུང་བ་ལྟར་ཡིན་ལ། འདིར་ནི། དེའི་ནང་ནས་ཀྱང་འགོག་ལམ་གཉིས་པོ་ངོས་འཛིན་དགོས་པ་ཡིན་ཏེ། རྒྱུད་བླ་མར་ཇི་སྐད་དུ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་འབྱུང་བ་ལྟར། འགོག་ལམ་གཉིས་ལས། གཞུང་འདིར་ལམ་བདེན་དངོས་སུ་བསྟན་ནས། འགོག་པ་ཤུགས་ལ་མཚོན་ནོ། །དེ་ཡང་ལམ་ནི། སྤང་བྱ་སྤོང་བའི་ཁྱད་པར་དང༌། ཡོན་ཏན་མངོན་དུ་བྱེད་པའི་ཁྱད་པར་གཉིས་ལས། དང་པོ་ལ། ཤེས་སྒྲིབ་སྤོང་བའི་ཁྱད་པར་དང༌། ཉོན་སྒྲིབ་སྤོང་བའི་ཁྱད་པར་རོ། །དང་པོ་ནི། མི་ཤེས་པ་ཡི་རབ་རིབ་སེལ་མཛད་ཅིང༌། །ཞེས་པ་ཡིན་ལ། གཉིས་པ་ནི། བག་ལ་ཉལ་བའི་མདའ་དུག་འབྱིན་པའི་ཐབས། །ཞེས་པ་སྟེ། འདི་དག་གིས་ནི་ཆགས་ཐོགས་ཀྱི་སྒྲིབ་པ་ལས་གྲོལ་བའི་འགོག་པ་གཉིས་ཤུགས་ལ་མཚོན་ནོ། །ཡོན་ཏན་མངོན་དུ་བྱེད་པའི་ཁྱད་པར་ལ་གཉིས་ཏེ། ཆོས་ཀྱི་གནས་ལུགས་ཤེས་པ་དང༌། མི་གནས་པའི་མྱང་འདས་མངོན་དུ་བྱེད་པའོ། །དེ་དག་ནི། འགྲོ་བ་གསུམ་པོ་ཀུན་གྱི་བློ་གྲོས་ཀྱིས། །མིག་འབྱེད་པ་ཡི་ཆོས། ཞེས་པ་ཡིན་ལ། འགྲོ་བ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་དང་ཐེག་པ་ཆེན་པོའི་འགྲོ་བ་གསུམ་ལ་ངོས་འཛིན་དགོས་པ་ཡིན་ཏེ། དམ་པའི་ཆོས་ཐོས་པ་ལས་རིགས་ཅན་གསུམ་པོ་སོ་སོའི་རིགས་སད་ནས། རང་རང་གི་ཐེག་པ་དང་མཐུན་པའི་ཤེས་རབ་ཀྱི་མིག་ཕྱེད་པར་འགྱུར་བའི་ཕྱིར་རོ། །ཡོན་ཏན་གྱི་ཁྱད་པར་གཉིས་ཀ་ནི། ཆོས་ཞེས་པ་ཉིད་ཀྱིས་སྟོན་པ་ཡིན་ཏེ། ཆོས་ཞེས་བྱ་བའི་སྒྲ་ཁྱད་པར་ཅན་ནི་མྱ་ངན་ལས་འདས་པ་ལ་འཇུག་པ་ནི། ཇི་སྐད་དུ་མཛོད་ལས། མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར་ཡིན་ལ། དེའི་ཡང་གཙོ་བོ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་ཡོན་ཏན་མཐོང་བའི་དད་པ་ལས། དགེ་འདུན་གྱི་ཡོན་ཏན་ལ་དགའ་བའི་དད་པ་འབྱུང་བ་ཡིན་ཏེ། ཆོས་དང་དགེ་འདུན་གྱི་ཡོན་ཏན་ནི་དོན་གཅིག་ལ་འདུ་བའི་ཕྱིར། དེ་སྐད་དུ་ཡང༌། ཆོས་ཡང་དག་པར་བསྡུད་པའི་མདོ་ལས། དགེ་འདུན་ནི། ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་ལེན་པ། ཆོས་ཀྱི་ཞིང༌། ཆོས་འཛིན་པ། ཆོས་ལ་རྟོན་པ། ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་སྤྱོད་པ་ཕུན་སུམ་ཚོགས་པ། ཞེས་པ་ནས། དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་ནི་འདི་ལྟ་བུ་ཡིན་ཏེ། ཞེས་གསུངས་པ་དང༌། དོན་དེ་ལ་དགོངས་ནས། བློ་གྲོས་ཀྱི་མིག་བྱེ་བ་ཞེས་བྱ་བ་དེ་ཉིད་ཀྱི་སྒོ་ནས་ཆོས་དང་དགེ་འདུན་གཉིས་ཀའི་ཡོན་ཏན་བརྗོད་པར་མཛད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། གཉིས་པ་ནི། ཕྱག་འཚལ་ལོ། །གང་ལ་ན། བདེ་གཤེགས་སྲས་པོ་ཕྱིར་མི་ལྡོག་པའི་དགེ་འདུན་མ་ལུས་པ་ལའོ། །བྱེད་པ་པོ་གང་གིས་ན། མགོ་བོས་སོ། །དུས་ནི། རྒྱུན་མི་ཆད་པར་རྟག་ཏུའོ། །ཡོན་ཏན་གྱི་ཁྱད་པར་ལ། རིག་གྲོལ་དང༌། དང་པོ་ལ། ངོ་བོ་དང༌། ཀུན་སློང་གི་ཁྱད་པར་རོ། །དང་པོ་ནི། བློ་གྲོས་ཀྱི་སྤྱན་བྱེ་བར་གྱུར་ཞེས་པ་སྟེ། བདག་མེད་མངོན་སུམ་དུ་མཐོང་བ་ཡིན་ལ། དེ་ལའང་ཇི་ལྟ་བ་རིག་པ་དང༌། ཇི་སྙེད་པ་རིག་པའི་དབྱེ་བས་གཉིས་དང༌། དང་པོ་ལའང༌། གང་ཟག་དང༌། ཆོས་ཀྱི་བདག་མེད་པའི་དབྱེ་བས་གཉིས་སོ། །གཉིས་པ་ནི། ཐུགས་རྗེ་ཆེན་པོས་ཡིད་ནི་དྲངས་གྱུར་ཏེ། །ཞེས་པ་ཡིན་ལ། རིག་པའི་ཡོན་ཏན་དངོས་སུ་བསྟན་པ་དེ་ཉིད་ཀྱིས་ན་གྲོལ་བའི་ཡོན་ཏན་ཀྱང་མཚོན་པ་ཡིན་ཏེ། རྒྱུད་བླར། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །ཞེས་འབྱུང་བ་ལྟར་རོ། །མདོར་ན། ཐབས་ཤེས་ཁྱད་པར་ཅན་ཐུགས་ལ་མངའ་བའི་བྱང་སེམས་འཕགས་པ་རྣམས་ནི་འདིར་དགེ་འདུན་ནོ། །གཉིས་པ་སྡིག་པ་བཤགས་པའི་ཡན་ལག་ལ། སྔོན་བྱས་བཤགས་པར་བྱེད་པ་དང༌། ཕྱིན་ཆད་མི་བྱེད་པའི་སྡོམ་པ་ལེན་པའོ། །དང་པོ་ནི། བཤགས་སོ། །ལས་སུ་བྱ་བ་གང་ན། ཡུལ་འགྲོ་བ་རིགས་དྲུག་པོ་རྣམས་སུ་འཁོར་བ་ན། བྱེད་པ་པོ་བདག་གིས་ལས་མི་དགེ་བའི་དངོས་པོ་དང༌། དུས་འདས་པ་དང༌། ད་ལྟར་དུ་ཅུང་ཟད་ཙམ་ཡང་བགྱིས་སམ། མ་འོངས་པའི་དུས་སུ་བགྱིད་དུ་སྩལ་བ་དང༌། བྱེད་པ་པོ་གཞན་གྱིས་བྱས་པ་དང་བྱེད་འགྱུར་ལ། རང་ཉིད་ཀྱིས་རྗེས་སུ་ཡི་རང་བ་དེ་ཀུན་ནོ། །ཚུལ་ཇི་ལྟར་དུ་བཤགས་ན། རྒྱལ་བ་རྣམས་ལ་དཔང་པོར་གསོལ་བའི་སྒོ་ནས་དེ་དག་གི་སྤྱན་ལམ་ཉིད་དུ། སྔོན་བྱས་ཟིན་པའི་སྡིག་པ་རྣམས་ལ་འགྱོད་པའི་སྒོ་ནས་སོ། །དེ་ཡང་འདི་ལྟར། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྔོན་ཏུ་བཏང་བའི་སྒོ་ནས་སྡིག་པ་བཤགས་པའི་གོ་དོན་ཡང༌། དེ་དག་ལ་དཔང་པོ་ཉིད་དུ་གསོལ་བའི་སྒོ་ནས་སྔོན་བྱས་པ་ལ་འགྱོད་པ་དང༌། ཕྱིན་ཆད་མི་བྱེད་པར་དམ་བཅས་པའི་དོན་ཏེ། ཕུང་པོ་གསུམ་པའི་མདོར། ཇི་སྐད་དུ། དེ་དག་ལ་སོགས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཏེ། འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ། ཞེས་དང༌། མཁྱེན་ཅིང་གཟིགས་པ་དེ་དག་གི་སྤྱན་སྔར་བཤགས་སོ། །ཞེས་འབྱུང་བ་དང༌། སྤྱོད་འཇུག་ལས། མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཞེས་འབྱུང་བ་དང་མཐུན་ནོ། །གཉིས་པ་ནི། དེ་ལྟར་འགྱོད་ནས་བཤགས་པ་ཙམ་གྱིས་འདག་པར་ནུས་སམ་ཞེ་ན། དེར་མ་ཟད་སླན་ཆད་མི་བགྱིད་པའི་སྡོམ་པ་ཡང་རྒྱལ་བ་རྣམས་ཀྱི་སྤྱན་སྔར་ནོད་དགོས་པ་ཡིན་ཏེ། དེ་མེད་ན་སྔ་མ་དེ་ཙམ་གྱིས་བཤགས་པ་གོ་ཆོད་པོར་མི་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཕུང་པོ་གསུམ་པར་སླན་ཆད་ཀྱང་སྡོམ་པར་བགྱིའོ། །ཞེས་དང༌། སྤྱོད་འཇུག་ཏུ། འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་འབྱུང་བ་ལྟར་རོ། །འོ་ན། དེ་ཙམ་གྱིས་སྡིག་པ་འདག་ནུས་སམ་ཞེ་ན། མ་ཡིན་ཏེ། རྩ་བ་ནས་དྲུངས་འབྱིན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་རག་ལས་པའི་ཕྱིར། །དེ་ཡང་གང་ཞེ་ན། བསླབ་བཏུས་ལས་ཇི་སྐད་དུ། དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བཞི་བསྟན་པའི་མདོ་ལས་བསྟན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ནི་མི་དགེ་བའི་ལས་སྤྱད་པ་ལ་འགྱོད་པ་མང་བ་ཡིན་ནོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི། མི་དགེ་བའི་ལས་སྤྱད་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །ཉེས་པ་ལས་ལྡོག་པ་ནི། སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །རྟེན་གྱི་སྟོབས་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བསྟེན་ན་སྡིག་པས་ཟིལ་གྱིས་གནོན་པར་མི་ནུས་སོ། །ཞེས་གསུངས་པ་ལྟར། སྟོང་ཉིད་རྟོགས་པའི་ལྟ་བ་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་བ་ལ་འབད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ། །གསུམ་པ་ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་བའི་ཡན་ལག་བཤད་པ་ལ་གཉིས་ཏེ། གཞན་གྱིས་བྱས་པའི་དགེ་བ་ལ་ཡི་རང་བ་དང༌། དེས་བྱས་པའི་སྡིག་སྡུག་དང་དུ་ལེན་པའོ། །དང་པོ་ནི། ཡི་རང་ངོ༌། །སུ་ཞིག་ན། བྱེད་པ་པོ་བདག་ནིའོ། །ལས་སུ་བྱ་བ་གང་ལ་ན། བདེ་གཤེགས་རང་རྒྱལ་དང་ནི་ཉན་ཐོས་དང༌། རྒྱལ་བའི་སྲས་ཀྱི་དགེ་བ་གང་བསགས་པ་དང༌། འཇིག་རྟེན་པ་ཡི་ལེགས་པར་སྤྱད་པ་གཞན་མ་ལུས་པ་ལའོ། །གཉིས་པ་ལ་གཉིས་ཏེ། རྒྱུ་མི་དགེ་བ་དང་དུ་ལེན་པ་དང༌། འབྲས་བུ་སྡུག་བསྔལ་དང་དུ་ལེན་པའོ། །དང་པོ་ནི། གལ་ཏེ་གཞན་གྱིས་བྱས་པའི་དགེ་བ་ལ་ཡི་རང་བར་རིགས་ན། དེས་བྱས་པའི་མི་དགེ་བ་ལ་ཇི་ལྟར་ཞེ་ན། བདག་ཉིད་ཁོ་ན་ཀུན་སློང་གི་ཁྱད་པར་དགའ་བཞིན་དུ་ཅི་ནས་ཀྱང་སྟེ་ཐེ་ཚོམ་མེད་པར་དམྱལ་བ་རྣམས་སུ་གཞོལ་བར་བགྱིའོ། །རྒྱུ་གང་གིས་ཤེ་ན། ཀུན་སློང་ཉོན་མོངས་པའི་དུག་གིས་མགོ་རྨོངས་པར་གྱུར་པའི་སྐྱེ་བོ་གཞན་དེ་དག་རྣམས་ལ། རྣམ་སྨིན་དམྱལ་བ་མྱོང་ངེས་ཀྱི་མི་དགེ་བ་གང་མཆིས་པ་དེས་ནིའོ། །ཁོ་ན་ཞེས་བྱ་བའི་སྒྲ་ནི། བྱེད་པ་པོ་དེས་རྣམ་སྨིན་མྱོང་མི་དགོས་པར་སྨོན་པའོ། །གཉིས་པ་ནི། གལ་ཏེ་འོ་ན། གཞན་རྒྱུད་ལ་སྡུག་བསྔལ་སྨིན་ཟིན་པ་རྣམས་ཇི་ལྟར་བྱ་ཞེ་ན། འགྲོ་བ་མཐའ་དག་གི་སྡུག་བསྔལ་ཇི་སྙེད་པ་དེ་ནི་བྱང་སེམས་བདག་གིས་དང་དུ་ལེན་པར་ཤོག་ཤིག དེ་ལྟར་དང་དུ་བླངས་པའི་དགོས་པ་ཅི་ཞེ་ན། འཇིག་རྟེན་པ་རྣམས་རབ་ཏུ་ཞི་བ་མྱང་འདས་ཀྱི་བདེ་བའི་བདུད་རྩི་ཡིས་ཚིམ་ནས། ཡིད་ནི་དགེ་བ་སྟེ་སྡུག་བསྔལ་སྤངས་པའི་བདེ་བ་ཉིད་བགྱིད་པར་གྱུར་ཅིག ཚིམ་ནས་ཞེས་པ་ཐར་པའི་བདེ་བ་ཉམས་སུ་མྱོང་ནས་ཚིམ་པ་ལ་བྱེད་པ་མ་ཡིན་གྱི། དེའི་ཕན་ཡོན་ཐོབ་ནས་ཚིམ་པའོ། །ཡང་ན། གཞུང་འདི་ལྟར། འཇིག་རྟེན་བདེ་བའི་བདུད་རྩིས་ཚིམ་གྱུར་ནས། །ཡིད་ནི་རབ་ཞི་དགེ་བ་བགྱིད་གྱུར་ཅིག །ཅེས་བཏོན་ནས། གཞན་གྱི་སྡིག་སྡུག་བྱང་སེམས་རང་གིས་དང་དུ་བླངས་པ་དེའི་མཐུ་ལས། འཇིག་རྟེན་པ་རྣམས་གནས་སྐབས་སུ་མངོན་མཐོའི་བདེ་བས་ཚིམ་པ་དང༌། མཐར་ཐུག་མྱང་འདས་ཀྱི་བདེ་བ་ལ་འགོད་པར་སྨོན་པའོ། །དེ་སྐད་དུ་ཡང༌། སྤྱོད་འཇུག་ལས། འགྲོ་བའི་མགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང༌། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་བཤད་པ་དང་མཐུན་ནོ། །གཉིས་པ་གཞན་དོན་གྱི་དབང་དུ་བྱས་པའི་ཡན་ལག་ལ་གསུམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་འཚང་རྒྱ་བར་བསྐུལ་བ། ཆོས་བཤད་ནས་ཡུན་རིང་དུ་བཞུགས་པར་གསོལ་བའོ། །དང་པོ་ལ་གསུམ་སྟེ། འགྲོ་བ་བྱང་ཆུབ་ཆེན་པོར་སེམས་མ་བསྐྱེད་པ་རྣམས་སྐྱེད་པར་སྨོན་པ། བསླབས་པ་རྣམས་འཚང་རྒྱ་བར་སྨོན་པའོ། །དང་པོ་ནི། འགྲོ་བ་ཕལ་པ་འདི་དག་གི་ཡིད་ལ། དུས་མྱུར་དུ་ནི། དོན་དུ་གཉེར་བྱ་ཡང་དག་པའི་བྱང་ཆུབ་སྨོན་པ་ཉིད་ནི་སྐྱེ་བར་གྱུར་ཅིག གཉིས་པ་ནི། ཡུལ་ཡིད་ལ། དགོས་པ་བྱང་ཆུབ་ཀྱི་སེམས་དག་ནི་བསྐྱེད་པ་གང་གིས། དེའི་བསླབ་བྱ་བྱང་ཆུབ་ཆེན་པོའི་ཚོགས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས། ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྒྲུབ་པར་ཤོག་ཤིག དེ་ཡང་མདོ་སྡེའི་རྒྱན་ལས། ཇི་སྐད་དུ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ཞེས་འབྱུང་བ་ལྟར་རོ། །གསུམ་པ་ནི། དགེ་བའི་ཚོགས་དེ་དག་བསྒྲུབས་ནས་ནི་ས་བཅུ་པོ་རིམ་གྱིས་ཐོབ་ཅིང༌། སྲིད་པ་གསུམ་གྱི་མགོན་པོ་རྫོགས་པའི་སངས་རྒྱས་ཀྱི་གདུང་བཟུང་བ་སྟེ། དེའི་རིགས་རྒྱུད་མི་ཆད་པ་ཉིད་དུ་བྱས་ནས། སྒྲིབ་པ་གཉིས་ཀྱི་དགྲ་རྣམས་བཅོམ་ནས། འཇིག་རྟེན་གསུམ་པོ་དག་གིས། ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་གནས་ས་བཅུ་གཅིག་པ་ཐོབ་པར་ཤོག་ཤིག དོན་འདི་ནི་ཇི་སྐད་དུ། བསམ་རྫོགས་བྱང་ཆུབ་རིམ་པར་འཚང་རྒྱ་སྤྱོན། །ཞེས་འབྱུང་བ་དེ་ཉིད་དོ། །གཉིས་པ་ནི། གསོལ་བར་བགྱིའོ། །སུ་ཞིག་ལ་ན། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་མ་ཐག་པའི་རྫོགས་པའི་སངས་རྒྱས། ཤིང་དྲུང་དེ་ཉིད་དུ་ཉིན་ཞག་བདུན་ཕྲག་བདུན་ལྟ་བུ་ཇི་སྙེད་དུ་ཆོས་མི་གསུང་བར་ཞལ་གྱིས་བཞེས་ཤིང༌། འཁོར་དང་ལྷན་ཅིག་མ་ཡིན་པར་བཞུགས་པ་ལྟ་བུར་སྣང་བ་རྣམས་ལའོ། །དགོས་པ་ཅིའི་ཆེད་དུ་ན། འགྲོ་བ་ལ་བདུད་རྩིའི་ཆར་དབབ་པའི་སླད་དུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གཞན་ལ་མངོན་སུམ་དུ་བསྟན་པར་ནུས་པ་ལྟ་ཞོག རྟགས་དང་དཔེའི་སྒོ་ནས་ཀྱང་མཚོན་པར་མི་ནུས་པས་ན། དཔེ་མ་མཆིས་པའི་ཆོས་ཀྱི་ཞེས་ཏེ། འཇིག་རྟེན་པའི་ལྷའི་བདུད་རྩི་ལྟ་བུ་ལས་ཁྱད་པར་དུ་ཕྱེ་བའོ། །དོན་དེ་ཡང་ཇི་སྐད་དུ། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཅིག་བདག་གིས་ཐོབ། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །གཅིག་པུ་མི་སྨྲ་ནགས་སུ་འགྲོ་བར་བྱ། །ཞེས་གསུངས་སོ། །གཞུང་འདིར། རང་སངས་རྒྱས་ཞེས་འབྱུང་བ་ནི། ཡི་གེ་མ་དག་པར་མངོན་ཏེ། སྐབས་འདིར་རང་སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་འཆད་པའི་ཚད་ལྡན་གྱི་གཞུང་མེད་པའི་ཕྱིར་དང༌། རང་རྒྱལ་གྱི་བྱང་ཆུབ་ནི་བྱང་ཆུབ་ཀྱི་ཤིང་དྲུང་དེར་མངོན་དུ་བྱེད་དགོས་པའི་བཤད་པ་མི་སྣང་བའི་ཕྱིར་རོ། །དེས་ན་བྱང་ཆུབ་ཤིང་དྲུང་སངས་རྒྱས་རྫོགས་སངས་རྒྱས། །ཞེས་བཏོན་ན་ལེགས་སོ། །ཡང་ན། ཇི་སྐད་དུ། བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། བྱང་ཆུབ་འཚང་རྒྱ། ཞེས་འབྱུང་བ་ལྟར། འདིར་ཡང༌། ཉིན་ཞག་ཇི་སྙེད་བྱང་ཆུབ་ཤིང་དྲུང་དུ། །བཞེས་ཤིང་བཞུགས་ནས་རྫོགས་སངས་རྒྱས་རྣམས་ལ། །ཞེས་བཤད་ན་ལེགས་སོ། །གཉིས་པ་ནི། གཞན་དོན་ཕུན་སུམ་ཚོགས་པའི་མཛད་པ་བཅུ་གཉིས་པོ་རྫོགས་པར་མཛད་ནས། མྱ་ངན་ལས་འདས་པའི་མཆོག་ལྷག་མེད་དུ་གཤེགས་པར་བཞེད་པ་གང་ཡིན་པ་དེ་ལ་གསོལ་བ་གདབ་པར་བགྱིའོ། །ཇི་སྐད་དུ་ན། གཞན་ལ་ཕན་པའི་མཛད་པས་ཡུན་རིང་པོ་བསྐལ་པའི་བར་དུ་བཞུགས་པར་རོ། །གསོལ་བ་དེ་ལྟར་བཏབ་ན། ཇི་ལྟར་བཏབ་པ་བཞིན་དུ་བཞུགས་པ་ཡང་ཡིན་ཏེ། གཞན་ཕན་གྱི་བློ་བཟང་པོ་མངའ་བ་ཅན་ཡིན་པས་སོ། །དེ་ལྟར་ཡུན་རིང་དུ་བཞུགས་ནས་གཞན་ཕན་ཇི་ལྟར་དུ་མཛད་ཅེ་ན། འཇིག་རྟེན་གསུམ་པོ་ནགས་འཐིབས་པོ་དང་འདྲ་བར་མི་ཤེས་པའི་མུན་ནག་གིས་གཏིབས་པ་དེར་རྒྱུ་བའི་སེམས་ཅན་གང་དག་ཇི་སྙེད་མཆིས་པ་རྣམས་དེ་དག་མགྲོན་དུ་གཉེར་བར་བགྱིའོ། །ཇི་ལྟར་དུ་ཞེ་ན། མཐར་ཐུག་རབ་ཏུ་ཞི་བ་མྱང་འདས་ཀྱི་བདེ་བ་དང༌། གནས་སྐབས་སུ་བག་ཡོད་པའི་བདུད་རྩིའི་ལོངས་སྤྱོད་དག་ལའོ། །དེ་སྐད་དུ་ཡང༌། སྤྱོད་འཇུག་ལས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལེགས་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བྱོས། །ཞེས་དང༌། མདོ་ལས། བག་ཡོད་པ་ནི་བདུད་རྩི་སྟེ། །བག་མེད་པ་ནི་འཆི་བའི་གནས། །ཞེས་འབྱུང་བ་ལྟར་རོ། །འདིར་གཞན་བདེ་བ་ལ་འགོད་པ་དང༌། གོང་དུ་གཞན་གྱི་སྡུག་བསྔལ་ལེན་པར་བཤད་པ་གཉིས་པོ། རྒྱུ་བསོད་ནམས་ཀྱི་ཚོགས་སོག་པའི་སྐབས་སུ་འཆད་པ་ཇི་ལྟར་འབྲེལ་ཏེ། དེ་དག་ནི་འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་དངོས་ཡིན་ལ། འདི་ནི་སྨོན་པ་སེམས་བསྐྱེད་ཀྱི་ཡང་སྔོན་དུ་འགྲོ་བ་ཅན་གྱི་རྒྱུ་བསོད་ནམས་ཀྱི་ཚོགས་སོག་པའི་སྐབས་ཡིན་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། འཇུག་སེམས་ཀྱི་བསླབ་བྱ་ནི། དངོས་སུ་གཞན་སྡུག་བསྔལ་ལས་ཕྲལ་ནས། བདེ་བ་ལ་དངོས་སུ་འགོད་པར་བྱེད་པ་ཉིད་ཡིན་ལ། འདིར་ནི་དེ་དང་དེར་སྨོན་ལམ་འདེབས་པ་ཙམ་ཡིན་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ནི། སྔོན་འགྲོ་དད་པ་མ་ལྟ་བུར་སྐྱེད་པ་ཞེས་བྱ་བ་དེ་ཡིན་ཏེ། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་སོ། །དེ་ལྟར་དད་པ་ཞིང་ས་གཤིན་པ་དང་འདྲ་བ་དེའི་སྟེང་དུ། མ་ཆགས་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པའི་དགེ་བ་ས་བོན་དང་འདྲ་བ་འདེབས་པ་ནི། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་རྣམས་ཏེ། མཆོད་པ་ནི། མ་ཆགས་པ་དང༌། སྡིག་པ་བཤགས་པ་ནི་གཏི་མུག་མེད་པ་དང༌། རྗེས་སུ་ཡི་རང་ནི་ཞེ་སྡང་མེད་པའི་དགེ་བའི་རྩ་བར་འདྲེན་དགོས་པས་སོ། །དེ་ཡང་མཆོད་པའི་ཀུན་སློང་ལ་གེགས་བྱེད་པ་ནི་སེར་སྣ་དང༌། སྡིག་པ་མཐའ་དག་གི་ཀུན་སློང་ནི་གཏི་མུག་དང༌། ཡི་རང་ལ་གེགས་བྱེད་པ་ནི་ཕྲག་དོག་ཡིན་པས་ན། མཆོད་པ་ལ་སོགས་པའི་ཡན་ལག་གསུམ་པོ་དེ་ནི་རྒྱུ་དགེ་བའི་རྩ་བ་གསུམ་ལ་ངེས་པར་རག་ལས་སོ། །དེ་ཁོ་ནར་མ་ཟད། མཆོད་པ་སོགས་གསུམ་པོ་དེ་ནི། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་རྗེས་མཐུན་པ་ཡིན་ནོ། །དེ་བཞིན་དུ་འཚང་རྒྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་གསུམ་ནི། རང་དགེ་རྩ་གསུམ་ལ་གནས་ནས། གཞན་ཡང་དེ་ལ་འགོད་པའི་དགེ་རྩ་གསུམ་ཡིན་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་རྗེས་སུ་མཐུན་པའི་ཡན་ལག་སྟེ། འབྲས་བུ་དེ་གསུམ་ནི་རྒྱུ་གསུམ་པོ་དེའི་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་པས་སོ། །དེ་ཡང་མྱ་ངན་ལས་མི་འདའ་བ་ནི་བསམ་གཏན་དང་རྒྱུ་འབྲས་སུ་སྦྱོར་དགོས་ཏེ། ཚེ་འདོར་ལེན་ལ་དབང་བ་ནི་དེའི་མཐུ་ལས་ཡིན་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་ནི། བསྔོ་བར་བགྱིའོ། །གང་དུ་ན། ཡང་དག་པའི་བྱང་ཆུབ་ཏུའོ། །གང་ཞིག་ན། གོང་དུ་བསྟན་པ་དེ་ལྟར། སྡིག་པ་བཤགས་པ་ལ་སོགས་པའི་དགེ་བ་གང་དག་སྒྲུབ་པ་འདི་མ་ལུས་པའོ། །དེ་ཙམ་གྱིས་སྨོན་པ་སེམས་བསྐྱེད་ཀྱི་སྨོན་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེ་ལྟར་སྨོན་ལམ་ལན་གཅིག་བཏབ་པ་ཙམ་གྱིས་ཀྱང་སྨོན་པའི་སེམས་སུ་འགྱུར་མོད། སྡོམ་པར་འགྱུར་བ་ལ་ནི། དེ་དང་དེའི་སྤང་བྱ་སྤོང་བ་དང༌། བསླབ་བྱ་ལ་སློབ་པར་ཁས་ལེན་པ་ཞིག་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། སྤྱོད་འཇུག་ཏུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། ཞེས་སོགས་ཀྱི་སྐབས་ནས་འབྱུང་བ་དང༌། བསླབ་བཏུས་སུ། ཇི་ལྟར་འཕགས་པ་འཇམ་དཔལ་གྱིས། སྤྱོད་པ་དང་ལྡན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ། སེམས་བསྐྱེད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པའི་སྒོ་ནས་ལེན་པ་ཉིད་དུ་གསུངས་པ་ལྟར་སྡོམ་པ་ཁས་ལེན་པ་ཡིན་ནོ། །དེ་ལྟར་ན། ཡན་ལག་བདུན་པ་སྔོན་དུ་བཏང་ནས། སྨོན་པའི་སྡོམ་པ་ཁས་ལེན་པ་འདི་ནི་དབུ་མའི་བསྟན་བཅོས་པ་དག་གི་ལུགས་ཏེ། སེམས་ཙམ་གྱི་བསྟན་བཅོས་ལ་སྨོན་པ་སེམས་བསྐྱེད་ལ་སྡོམ་པ་མི་བཞེད་པའི་ཕྱིར་རོ། །གཉིས་པ་བསླབ་བྱ་ལ་སློབ་པའི་ཚུལ་ནི་གཉིས་ཏེ། སྨོན་སེམས་ཀྱི་བསླབ་བྱ་ལ་སློབ་པ་དང༌། འཇུག་སེམས་ཀྱི་བསླབ་བྱ་ལ་སློབ་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པར་སྨོན་པ་དང༌། མི་བརྗེད་པ་དེའི་རྒྱུ་ཚོགས་ལ་བསླབ་པའོ། །དང་པོ་ནི། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་པ་བདག་ནི་བྱང་ཆུབ་ཀྱི་སེམས་དང་ནི་སྐྱེ་བ་ཐམས་ཅད་དུ་སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག རྒྱུ་གང་གིས་ཤེ་ན། ཕྱག་འཚལ་བ་ལ་སོགས་པའི་དགེ་བ་ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོས་པ་དེས་ནིའོ། །འདི་ནི་ཇི་སྐད་དུ། བྱང་ཆུབ་སེམས་ནི་ནམ་ཡང་བརྗེད་མ་གྱུར། །ཞེས་པ་དང་མཐུན་ནོ། །སྨོན་ལམ་འདི་ནི་ངེས་པར་གདབ་དགོས་ཏེ། བྱང་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་དེའི་འགལ་ཟླ་ཚེ་རབས་གཞན་དུ་བྱུང་ན། དེའི་ཚེ་ལྟུང་བ་དང་བཅས་པར་འགྱུར་བའི་ཕྱིར། བླངས་པ་མི་དྲན་པའི་རྒྱུ་མཚན་གྱིས་ཉེས་པ་དེ་ཁེགས་པ་ཡང་མ་ཡིན་ཏེ། སྡོམ་པ་འདི་ནི་ཚེ་རབས་གཞན་དུ་འཕོས་པས་མི་གཏོང་ལ། དེའི་ཚེ་ཚེ་རབས་སྔ་མར་བླངས་པ་དེ་མ་དྲན་པར། སྨོན་སེམས་ཀྱི་འགལ་ཟླ་མངོན་དུ་གྱུར་སྲིད་ན། དེའི་ཚེ་ཇི་སྐད་དུ། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ན་ལྕི་བ་སྟེ། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་བཤད་པའི་ཉེས་དམིགས་དེ་ཡོད་པའི་ཕྱིར། དེས་ན་སྔོན་སེམས་བསྐྱེད་པའི་སྐྱེ་བ་རྗེས་སུ་དྲན་པའི་སྨོན་ལམ་ཡང་འདེབས་དགོས་ཏེ། ཇི་སྐད་དུ། འགྲོ་བ་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཞེས་བཤད་པ་ལྟར་རོ། །གཉིས་པ་ལ་བཞི་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ལུས་ཕུན་སུམ་ཚོགས་པའི་སྐྱོན་དང་བྲལ་བ་དང༌། བསམ་པ་ཕུན་སུམ་ཚོགས་པའི་སྐྱོན་དང་བྲལ་བར་སྨོན་པའོ། །དང་པོ་ནི། འབྲལ་བར་མ་གྱུར་ཅིག སུ་དང་ན། དགེ་བའི་བཤེས་གཉེན་ཐུབ་པའི་ཁྱུ་མཆོག་གཟུགས་སྐུ་གཉིས་མཐོང་བ་དང༌། བྱང་ཆུབ་སེམས་དཔའ་རྣམ་མཐོང་བ་དང་ངོ༌། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། བདེ་བར་གཤེགས་པའི་གོ་འཕང་མ་མནན་པའི་དུས་ཇི་སྲིད་པ་དེ་སྲིད་དུའོ། །དེ་ཇི་ལྟ་བུ་ཞེ་ན། ཕུན་སུམ་ཚོགས་པ་ཕན་པ་དང་བདེ་བ་མ་ལུས་པའི་གཞིར་གྱུར་པའོ། །བཤེས་གཉེན་བསྟེན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་བྱའི་གཙོ་བོ་ཡིན་ཏེ། ཇི་སྐད་དུ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བསྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་པ་ལྟར་རོ། །གཉིས་པ་ནི། སངས་རྒྱས་སྲས་ཀྱི་ས་ཀུན་ལ་ཡང་སྤར་བ་སྟེ་འཕར་བར་བགྱིའོ། །རྒྱུ་གང་གིས་ཤེ་ན། དགེ་བའི་བཤེས་གཉེན་དེ་དག་ཁོ་ནས་གཞན་ལ་སྨན་པ་སྟེ་ཕན་པ་ཡི་སྤྱོད་པའི་ལམ་ཉེ་བར་བསྟན་པ་ལ། སྐྱོ་བ་མ་མཆིས་པར་ནི་བགྱིས་པ་དེའི་རྒྱུ་ལས་སོ། །དོན་དེ་དག་ཀྱང༌། མདོ་སྡེའི་རྒྱན་ལས། དེ་ལྟར་བཅོམ་ལྡན་འདས་ལ་དང་བ་རབ་སྐྱེས་ཤིང༌། རྫས་དང་བཀུར་བསྟི་ཆེན་པོས་ཤིན་ཏུ་རྒྱུན་མཆོད་ལྡན། །ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བརྟེན་པ། །འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བཤེས་གཉེན་བསྟེན་པ་དང༌། དམ་པའི་ཆོས་ཚུལ་བཞིན་དུ་ཉན་པ་ནི། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུའི་གཙོ་བོ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པར། ཇི་སྐད་དུ། དགེ་བའི་བཤེས་གཉེན་མ་བཏང་བ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་མེད་ན། བསྲུང་བར་མི་འགྱུར། དག་པར་མི་འགྱུར། འཕེལ་བར་ཡང་མི་འགྱུར་ལ། དེའི་ཕྱིར། དེ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་བས། ངེས་པར་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ། །ཞེས་དང༌། ཇི་སྐད་དུ། བཟང་པོ་སྤྱོད་པ་རབ་ཏུ་སྟོན་པ་རྣམས། །དེ་དག་དང་ཡང་རྟག་ཏུ་ཕྲད་པར་ཤོག །ཅེས་དང༌། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །ཞེས་པ་ལྟར་རོ། །གཉིས་པ་ནི། ཚེ་རབས་ཐམས་ཅད་དུ། བདག་གི་ལུས་ཀྱི་ཡན་ལག་དང་ཉིང་ལག་དག་ཚང་ཞིང༌། ལུས་ནི་སྐྱོན་དང་བྲལ་བའི་སྒོ་ནས་མཛེས་པར་ཤོག་ཤིག ཅེས་སྨོན་ལམ་འདེབས་དགོས་ཏེ། གཞན་དུ་ན། སེམས་ཅན་གཞན་དག་ཁོང་ཁྲོ་བའི་གནས་སུ་འགྱུར་བས་སོ། །གཟུགས་བཟང་བ་ཙམ་ནི་རིགས་དམན་པ་དག་ལ་ཡང་ཡོད་པས། སྐྱེ་བོ་ཀུན་གྱིས་བསྟོད་པར་འོས་པའི་ཡོན་ཏན་གྱི་ཕུང་པོ་དང་བཅས་པའི་ཆོ་རིགས་བཙུན་པོ་ཉིད་དུ་འགྱུར་བར་ཤོག་ཤིག་སྟེ། རིགས་དམན་པ་ནི་ཀུན་གྱིས་བཀུར་བའི་གནས་སུ་མི་འགྱུར་བའི་ཕྱིར། དེར་མ་ཟད་ཚེ་རབས་སྔ་མ་རྣམས་ཀྱང་དྲན་པར་ཤོག་ཤིག་སྟེ། དེ་མ་དྲན་ན་ཚེ་རབས་སྔ་མ་དག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་ཤེས་པས་ལྟུང་བ་དང་བཅས་པར་འགྱུར་བའི་ཉེས་དམིགས་ཡོད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དང་ལྡན་པས་སྨོན་ལམ་དེ་ལྟར་བཏབ་པ་དེ་འགྲུབ་པ་ཡང་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང༌། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །ཞེས་དང༌། མཛོད་དུ། བྱང་ཆུབ་སེམས་དཔའ་ངེས་གནས་ངོས་འཛིན་པ་ན། དེ་ནི་རིགས་མཐོ་སྐྱེ་དབང་ཚང༌། །ཕོར་གྱུར་ཚེ་རབས་དྲན་མི་བཟློག །ཅེས་སོ། །བཞི་པ་ནི། སྦྱོར་བས་གཞན་ཕན་སྤངས་ཞིང༌། བསམ་པས་རང་དོན་ལྷུར་ལེན་པ་སྤངས་ནས་སུ། སྙིང་རྗེ་ཆེན་པོས་གདུང་བའི་ཡིད་ཀྱིས། སྦྱོར་བ་གཞན་དོན་ལ་མཐའ་གཅིག་ཏུ་གཞོལ་བས་སྐྱེ་བོ་ཀུན་རྗེས་སུ་འཛིན་པར་ཤོག་ཤིག དམན་པའི་བསམ་སྦྱོར་དེ་སྤངས་དགོས་པའི་རྒྱུ་མཚན་ནི། སེམས་བསྐྱེད་ནས་བསམ་སྦྱོར་དེ་ལྟ་བུ་ནི་ཐ་ཆད་པའི་ཕྱིར་དང༌། ཤེས་བྱེད་ཀྱི་དཔེ་ནི། དུག་དང་འདྲ་བར་རང་གཞན་གཉིས་ཀ་ལ་གནོད་པའི་ཕྱིར། དེ་སྐད་དུ་ཡང༌། ཡུམ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་སྐྱེ་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །དེ་ལྟར་བཤད་མ་ཐག་པའི་ཚིགས་སུ་བཅད་པ་བཞི་པོ་འདིས་ནི། སྨོན་སེམས་མ་སྐྱེས་པ་སྐྱེད་པའི་རྐྱེན་དང༌། སྐྱེས་ཟིན་མི་ཉམས་པའི་རྒྱུ། འཁོར་ལོ་ཆེན་པོ་བཞི་ཞེས་བྱ་བ་དེ་བསྟན་པ་ཡིན་ནོ། །བཞི་གང་ཞེ་ན། བཤེས་སྤྲིང་ལས། མཐུན་པར་འགྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །བདག་གི་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་པའོ། །དེ་དག་འདིས་ཇི་ལྟར་བསྟན་པ་ནི། ཚིགས་སུ་བཅད་པ་དང་པོས་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། ཚིགས་སུ་བཅད་པ་གཉིས་པས་ནི་ལེགས་སྨོན་ཞེས་པ་དམ་པའི་ཆོས་དོན་དུ་གཉེར་བ་ལ་བྱ་བ་ཡིན་པ་དེ་བསྟན་ལ། ཚིགས་སུ་བཅད་པ་གསུམ་པས་ནི། སྔོན་བསོད་ནམས་བྱས་པར་བསྟན་པ་ཡིན་ཏེ། དེ་བྱས་པ་མེད་ན་རིགས་དང་གཟུགས་ཕུན་སུམ་ཚོགས་པ་མི་འབྱུང་བའི་ཕྱིར། ཚིགས་སུ་བཅད་པ་བཞི་པས་ནི། མཐུན་པར་གྱུར་པའི་ཡུལ་ན་གནས་པ་བསྟན་པ་ཡིན་ཏེ། གཞན་གྱི་དོན་བྱེད་པའི་ནུས་པ་ནི། ཡུལ་གང་ན་དེས་གདུལ་བར་ནུས་པའི་སེམས་ཅན་དག་དེར་འབྱུང་གི གཞན་དུ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་དང༌། དེའི་སྡོམ་པ་ཇི་ལྟར་དམ་འཆའ་བའི་ཚུལ་བཤད་ཟིན་ནས། གཉིས་པ་འཇུག་པའི་བསླབ་པ་དམ་བཅས་ནས། དེ་ཉིད་ལ་ཇི་ལྟར་བསླབ་པའི་ཚུལ་འཆད་པ་ལ་གཉིས་ཏེ། རྒྱུ་རྫོགས་སྨིན་སྦྱངས་གསུམ་ལ་སློབ་པར་དམ་བཅའ་བ་དང༌། འབྲས་བུ་རྫོགས་སྨིན་སྦྱངས་གསུམ་བྱས་ཟིན་པའི་ཚད་ཉིད་ལ་སློབ་པའོ། །དང་པོ་ལ་གསུམ་སྟེ། གཟུགས་སྐུ་ལྷུན་གྱིས་གྲུབ་པའི་རྒྱུ་ལ་སྨོན་པ་དང༌། སྐུ་དེའི་འཁོར་དུ་རྒྱུད་ཡོངས་སུ་སྨིན་པའི་སེམས་ཅན་དག་ཁོ་ན་འབྱུང་བའི་རྒྱུ་ལ་བསླབ་པ་དང༌། སྐུ་དེའི་སྣང་བ་གང་དུ་འཆར་བའི་ཞིང་ཡོངས་སུ་སྦྱོང་བའི་རྒྱུ་ལ་བསླབ་པའོ། །དང་པོ་ལ་གཉིས་ཏེ། བསྡུས་དོན་སྤྱིར་བསྟན་པ་དང༌། གཞུང་དོན་སོ་སོར་བཤད་པའོ། །དང་པོ་ནི། གལ་ཏེ་འོ་ན། ལས་དང་པོ་པ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཤེས་པར་ཡང་དཀའ། དེའི་མི་མཐུན་པའི་ཕྱོགས་ཀྱང་ཤེས་པར་དཀའ་བས། ཇི་ལྟར་བྱ་ཞེ་ན། དེ་ལ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སློབ་པའི་ཚུལ་མདོར་བསྡུས་པ་ཙམ་ཤེས་ནས། དེ་ལ་སློབ་པར་དམ་བཅས་པ་དང༌། སློབ་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་རྒྱ་ཆེན་པོ་དག་བཟུང་བར་འགྱུར་ཞིང༌། དེའི་མི་མཐུན་ཕྱོགས་མཐའ་དག་འགོག་ནུས་པ་ཡིན་ཏེ། བསླབ་བཏུས་ལས། ཇི་སྐད་དུ། བདག་ལྟ་བུ་བློ་ཞན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས་དེ་ལ་ཇི་ལྟར་བྱ་བར་རིགས་ཞེ་ན། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །བདག་གིས་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །ངེས་བསྲུང་དག་པ་སྤེལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་མདོར་བསྡུས་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ཀྱང༌། དངོས་པོ་རྣམ་པ་གསུམ་པོ་དེ་གཏོང་བ་དང༌། གསུམ་པོ་དེ་ཉིད་བསྲུང་བ་དང༌། གསུམ་པོ་དེ་རྣམ་པར་དག་པར་བྱེད་པ་དང༌། གསུམ་པོ་དེ་འཕེལ་བར་བྱེད་པ་ཞེས་བྱ་བའི་དོན་ཡིན་ལ། དེ་ཡང་གཏོང་བ་ནི། གསུམ་པོ་སེམས་ཅན་གྱི་དོན་དུ་བསྔོ་བ་དང༌། བསྲུང་བ་ནི། གསུམ་པོ་ཆུད་མི་འཛའ་བར་བྱེད་པ་དང༌། དག་པ་ནི། གསུམ་པོ་སྡིག་པ་དང་མ་འདྲེས་པར་བྱ་བ་དང༌། སྤེལ་བ་ནི། གསུམ་པོ་ཐབས་སྣ་ཚོགས་ཀྱིས་གོང་ནས་གོང་དུ་སྤེལ་བའོ། །དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དུ་མ་འདུས་པ་མེད་དོ། །གསུམ་པོ་སོ་སོའི་དོན་ལ་བཅུ་ལས། དང་པོ་སྦྱིན་པའི་ཕར་ཕྱིན་དམ་འཆའ་བ་ལ་གཉིས་ཏེ། གཞུང་འདི་ཉིད་ཀྱི་འབྲུ་གཉེར་བ་དང༌། བྱང་སེམས་ཀྱི་སྦྱིན་པའི་ངོས་འཛིན་ཁ་བསྐང་བའོ། །དང་པོ་ལ་གཉིས་ཏེ། ཟང་ཟིང་གི་སྦྱིན་པ་སོ་སོ་ལ་སྨོན་པ་དང༌། སྦྱིན་པ་མཐའ་དག་བསྡུས་ཏེ་དམ་འཆའ་བའོ། །དང་པོ་ལ་གཉིས་ཏེ། ལོངས་སྤྱོད་གཏོང་བ་དང༌། ལུས་གཏོང་བར་དམ་འཆའ་བའོ། །དང་པོ་ནི། བག་ཡངས་དག་ཏུ་ལེན་ཞིང་སྤྱོད་པར་ཤོག་ཤིག གང་ལ་ན། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་བདག་གི་བདོག་པ་རྣམས་ལའོ། །ཚུལ་ཇི་ལྟར་ན། སློང་བ་པོ་གཞན་གྱི་བློ་ནི། ནོར་འདི་ནི་བདག་པོ་གཞན་གྱི་ནོར་རོ་སྙམ་དུ་ཅུང་ཟད་མི་འཛིན་ཞིང༌། སློང་བ་པོ་རང་གི་ནོར་ལོངས་སྤྱོད་པ་ལ་སོམ་ཉི་མ་མཆིས་པ་ལྟར་དུའོ། །གཉིས་པ་ལ་གཉིས་ལས། ཤ་གཏོང་བ་ནི། བྱང་སེམས་བདག་གི་ཤ་ཞིག་སློང་བ་མཆིས་ན་ཡང༌། དང་ཞིང་འཛུམ་པའི་མིག་གིས་སྩོལ་བར་ཤོག་ཤིག གཉིས་པ་རུས་པ་སོགས་ཀྱང་གཏོང་བར་དམ་འཆའ་བ་ནི། བདག་གི་རྐང་ལ་སོགས་པ་རྟག་ཏུ་མང༌། །ལུས་ཅན་རྣམས་ཀྱི་དོན་དུ་གཏོང་བར་ཤོག །ཅེས་པའོ། །གཉིས་པ་ནི། བྱང་སེམས་བདག་ནི་ཡིད་བཞིན་གྱི་ནོར་བུ་ལྟར་གསོལ་བ་འདེབས་པར་བྱེད་པའི་འགྲོ་བ་ཡི་འདོད་པའི་དངོས་པོ་མི་འཇིགས་པའི་སྐྱབས་ལ་སོགས་པ་མཐའ་དག་འགྲུབ་པ་དང༌། དམ་པའི་ཆོས་ལ་སོགས་པའི་ཡིད་ལ་རེ་བ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ་དཔག་བསམ་གྱི་ཤིང་དང་འདྲ་བར་ཤོག་ཤིག དེ་སྐད་དུ་ཡང༌། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཤཱ་རིའི་བུ་ཆོས་འདི་བཞི་ནི་བྱང་ཆུབ་སེམས་དཔའ་ལ་མེད་དེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་ལ་གཡོ་མེད་དོ། །སེར་སྣ་མེད་དོ། །ཕྲག་དོག་དང་ཕྲ་མ་མེད་དོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྦྱིན་པ་ཉིད་ངོས་བཟུང་བ་ལ་གཉིས་ཏེ། ཐེག་པ་གསུམ་ཀའི་སྦྱིན་པ་ཐུན་མོང་དུ་ངོས་བཟུང༌། བྱང་ཆུབ་སེམས་དཔའི་སྦྱིན་པ་མཆོག་ཉིད་དུ་བསྟན་པའོ། །དང་པོ་ནི། རྒྱན་ལས། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་བ་སེམས་པ་ལ་བརྟེན་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་དང་ཟང་ཟིང་མི་འཇིགས་གཏོང༌། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་གསུངས་པ་འདིས་ནི། ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། ལྡན་པ་དང༌། འཇུག་པ་དང༌། དྲུག་གི་སྒོ་ནས་ངོས་བཟུང་བ་ཡིན་ནོ། །གཉིས་པ་ནི། མདོ་སྡེའི་རྒྱན་ལས། སྦྱིན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང༌། །རྒྱུ་དང་ཡེ་ཤེས་ཞིང་དག་དང༌། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཅེས་རྣམ་དབྱེ་རྣམ་པ་བརྒྱད་ཀྱི་སྒོ་ནས་ངོས་འཛིན་པར་གསུངས་ལ། དེ་ཡང་རྟེན་ཞེས་པ་ནི། གང་གི་སྦྱིན་པ་སྟེ་བྱང་ཆུབ་སེམས་དཔའི་འོ། །གཞི་ཞེས་པ་ནི་གང་སྦྱིན་པར་བྱ་བའི་དངོས་པོ་སྟེ། ཟང་ཟིང་དང༌། མི་འཇིགས་པ་དང༌། ཆོས་སོ། །རྒྱུ་མཚན་ནི་ཀུན་སློང་གང་གིས་སྦྱིན་པ་སྟེ། སྙིང་རྗེའོ། །ཡོངས་བསྔོ་ཞེས་པ་ནི། དགོས་པ་གང་གི་ཕྱིར་སྦྱིན་པ་སྟེ། བྱང་ཆུབ་ཆེན་པོའི་དོན་དུའོ། །རྒྱུ་དང་ཞེས་པ་ནི། རྒྱུ་གང་ལས་བྱུང་བ་སྟེ། སྔོན་གོམས་པར་བྱས་པ་ལས་སོ། །ཡེ་ཤེས་ཞེས་པ་ནི། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་གང་གིས་དབང་དུ་བྱས་པ་སྟེ། ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་སྦྱིན་པ་ཞེས་པའོ། །ཞིང་ནི་གང་ལ་སྦྱིན་པར་བྱ་བའི་ཡུལ་ཏེ། ཡོན་ཏན་དང༌། སྙིང་རྗེ་དང༌། ཕན་འདོགས་པའི་ཞིང་ལ་སོགས་པའོ། །གནས་ཞེས་པ་ནི། སྦྱིན་པ་གང་ལ་གནས་པའི་གནས་ཏེ། མོས་པ་དང༌། ཡིད་ལ་བྱེད་པ་དང༌། ཏིང་ངེ་འཛིན་ནོ། །ཞེས་འགྲེལ་པར་བཤད་ལ། དེ་དག་གིས་ནི་དང་པོ་དོན་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་པ། བདུན་པ་གནས་གཞི། བརྒྱད་པ་བོད་པ་རྣམས་བསྟན་པར་བཤད་ཅིང༌། གནས་ཞེས་པ་ཞིང་གི་གོང་དུ་བཤད་ན་འབྱོར་བ་ཡིན་ནོ། །དེ་ལྟར་སྦྱིན་པ་ལ་བསླབ་པས་ནི་བསོད་ནམས་མང་པོ་འཕེལ་བར་མ་ཟད། ལྟུང་བའི་ཁྱད་པར་ཡང་དུ་མ་ཁེགས་པ་ཡིན་ཏེ། ཇི་སྐད་དུ། ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད། ཅེས་དང༌། རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །ཞེས་དང༌། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །ཅེས་པ་རྣམས་རང་ཤུགས་ཀྱིས་ཁེགས་པ་ཡིན་པས་སོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དམ་བཅའ་བ་ལ། གཉིས་ཏེ། གཞུང་གི་དོན་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉིད་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། འབྲེལ་ནི། སྦྱིན་པའི་འོག་ཏུ་ཚུལ་ཁྲིམས་འཆད་དགོས་ཏེ། དབུ་མ་ལ་འཇུག་པར། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་འགྲོ་ངན་ལྟུང༌། །ཞེས་དང༌། དེ་ཉིད་ལས། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འབྱུང༌། །ཞེས་སོ། །གཉིས་པ་འབྲེལ་པ་ཅན་དངོས་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དམ་བཅའ་བ་དང༌། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་ལ་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་དམ་འཆའ་བའོ། །དང་པོ་ལ་གཉིས་ཏེ། ཉན་ཐོས་དང་ཐུན་མོང་གི་ཉེས་སྤྱོད་སྤོང་བ་དང༌། ཐུན་མོང་མིན་པར་དམན་པའི་སེམས་སྤོང་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་དང༌། བཅས་པའི་ཁ་ན་མ་ཐོ་བས་མ་གོས་པར་བྱ་བའོ། །དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་བདག་ནི་རང་གི་ངང་གིས་སྡིག་པ་མི་དགེ་བ་དག་མི་གཙང་བ་ལྟར་རྒྱང་རིང་དུ་སྤོང་བར་བགྱིའོ། །གཉིས་པ་ནི། ཐུབ་པའི་སྐྱེས་མཆོག་གིས་ནི་བཅས་པའི་བསླབ་པ་འཆལ་ཚུལ་གྱི་ཆུ་བོ་རྒྱང་རིང་པོ་ནས་འགོག་པའི་ཆུ་ལོན་དང་འདྲ་བ་དེ་འདྲལ་བ་བགྱིད་པར་མ་གྱུར་ཅིག ཅེས་པ་སྟེ། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ངོ༌། །ཉན་ཐོས་ཀྱི་སོ་སོར་ཐར་པ་ནི། ལུས་ངག་གི་སྤང་བྱ་བདུན་སྤོང་བ་འཁོར་དང་བཅས་པ་ཙམ་ཡིན་ཀྱང༌། བྱང་སེམས་ཀྱི་སོ་སོར་ཐར་པ་ལ་ནི་ཡིད་ཀྱི་ཉེས་པ་གསུམ་སྤོང་བ་གཙོ་ཆེ་བས་ན། སྤོང་བ་བཅུ་འཁོར་དང་བཅས་པའོ། །དེ་ལས་ཀྱང༌། ཞེ་སྡང་ཉིད་སྤོང་བ་གཙོ་ཆེ་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། འདི་ཡི་ཞེ་སྡང་རྣམ་ཀུན་ཏུ། །སེམས་ཅན་རྣམས་དང་འགལ་བར་འགྱུར། །ཞེས་སོ། །འདོད་ཆགས་ལ་ཡང༌། ཕྱི་རོལ་ཡོ་བྱད་ལ་ཆགས་པ་ནི་སྡོམ་པ་དང་འགལ་ཡང༌། ནང་སེམས་ཅན་ལ་ཆགས་པ་ནི་དེར་མ་ངེས་ཏེ། དེ་ཉིད་ལས། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །ཞེས་སོ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དེ་ཉིད་ཀྱིས་ནི་བྱང་སེམས་སྡོམ་པ་ལ་ལྟོས་པའི་རྩ་བའི་ལྟུང་བ་མང་པོ་དག་ཁེགས་པ་ཡིན་ཏེ། ཡིད་ཀྱི་ཉེས་པ་གསུམ་བཀག་པ་ན། དེས་ཀུན་ནས་བསླང་བའི་ལྟུང་བ་དག་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དཔེར་ན། གནོད་སེམས་ལས་ལོག་པ་ན། མཚམས་མེད་ལྔ་ལ་སོགས་པ་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་རྣམས་དང༌། གྲོང་འཇོམས་པ་སོགས་བློན་པོ་ལ་འབྱུང་བའི་ལྟུང་བ་རྣམས་སྐྱེ་བའི་གོ་སྐབས་མེད་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། འདུ་འཛི་དང་དམན་སེམས་སྤོང་བ། འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པ་སྤོང་བའོ། །དང་པོ་ནི། ལུས་དང་སྲོག་ལ་ལྟ་བ་སྟེ་བདག་ཏུ་འཛིན་པ་དང༌། དེས་ཀུན་ནས་བསླང་བའི་རྣམ་པར་གཡེང་བ་མང་པོ་དག་རྒྱང་བསྲིང་ནས། རྟག་པར་དགོན་པ་རྣམས་སུ་དགའ་བར་བགྱིའོ། །འདིར་དགོན་པ་ནི་གཉིས་ཏེ། ཁྱིམ་པའི་གྲོང་ལས་རྒྱང་གྲགས་སུ་འཕགས་པ་ཐུན་མོང་དུ་གྲགས་པའི་དགོན་པ་དང༌། དམན་པའི་ས་ཡིད་བྱེད་ཀྱི་ཐུན་མོང་མ་ཡིན་པའི་དགོན་པའོ། །དང་པོ་ནི། མཛོད་ལས། རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་བྱུང་བ་དེ་ཉིད་ཡིན་ལ། གཉིས་པ་ནི། མདོ་རྒྱན་ལས། ས་བཞི་པའི་ཡོངས་སྦྱོང་དུ། ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །ཞེས་བཤད་པ་དེའོ། །འདིར་ནི་ཕྱི་མ་དེ་གཙོ་ཆེ་བ་ཡིན་ཏེ། ཡུམ་ལས། རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང༌། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པར། །དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞན་མི་བསྐྱེད། །འདི་ནི་བདེ་བར་གཤེགས་པའི་སྲས་ཀྱི་དབེན་པར་གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང༌། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །ཞེས་དང༌། ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་མངོན་པར་ཤེས་པ་དང་མི་ལྡན་པ་གཞན་དོན་བྱེད་པའི་མཐུ་དང་མི་ལྡན་པ་དག་ནི། ཇི་སྐད་དུ། ཐོས་བྱ་རྣམ་པར་ཐུན་མོང་དུ་གྲགས་པའི་དགོན་པ་དེ་ཉིད་ལ་བརྟེན་དགོས་པ་ཡིན་ཏེ། བསླབ་བཏུས་ལས། བསམ་པར་བྱ། དེ་ནས་ནགས་སུ་འགྲོ་བར་བྱ། །ཞེས་གསུངས་ཤིང༌། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང༌། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནི་མི་འབྱུང་གནས་པ་མེད། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་དང༌། གཞན་ཡང༌། ཇི་སྐད་དུ། རྟག་ཏུ་བདག་ནི་རབ་ཏུ་འབྱུང་བར་ཤོག །ཅེས་པ་ལྟ་བུ་བྱང་ཆུབ་སེམས་དཔའ་ས་མ་ཐོབ་ཀྱི་བར་དུ་ངེས་པར་རབ་ཏུ་འབྱུང་དགོས་པའི་ལུང་མང་ངོ༌། །ས་ཐོབ་ནས་ནི། ཆོས་ཉིད་ཀྱིས་ཐོབ་པའི་རབ་ཏུ་བྱུང་བ་ཞེས་བྱ་བ་ཞིག་ཡོད་པར་བཤད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ས་རྣམས་ཀུན་ལ་བློ་ལྡན་གྱིས། །རབ་བྱུང་ལེན་པས་ཐོབ་པ་དང༌། །ཆོས་ཉིད་ཀྱིས་ནི་ཐོབ་པ་དག །ཅེས་དང༌། སྤྱོད་འཇུག་ལས། ས་རབ་དགའ་བ་ཐོབ་བར་དུ། །རྟག་ཏུ་ཚེ་རབས་དྲན་པ་དང༌། །རབ་ཏུ་བྱུང་བའང་བྱེད་པར་ཤོག །ཅེས་གསུངས་སོ། །གཉིས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་སྤང་བ་ལ། གཞུང་དོན་དངོས་དང༌། ཤེས་བྱེད་རྒྱས་པར་བཤད་པའོ། །དང་པོ་ནི། བྱང་སེམས་རང་གི་བློ་ནི་བཟློག་པར་བགྱིའོ། །གང་ལ་ན། ཟས་ནོར་གྱི་རྙེད་པ་དག་དང༌། ངག་གིས་བསྟོད་པ་དང༌། ལུས་ཀྱིས་ཕྱག་བྱ་བ་ལ་སོགས་པའི་བཀུར་བསྟི་མཐའ་དག་ལའོ། །ཇི་ལྟར་དུ་ན། ཟས་མ་ཞུ་བར་སྐྱུགས་པ་དང༌། རླུགས་པ་ལྟ་བུ་ལ་ནི་རློན་པའི་ཟས་ཞེས་བྱ་ལ། དེ་བཞིན་དུའོ། །འདིར་རློན་པ་ཞེས་འབྱུང་བ་ནི། ཡི་གེ་མ་དག་པའོ། །འདིས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ལ་ཞེན་པ་སྤངས་དགོས་པར་བསྟན་པ་ཡིན་ལ། བརྒྱད་ནི། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱིའི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་སོ། །འདི་ཡང་འཇིག་རྟེན་གྱི་ཆོས་དང་འབྲེལ་བས་ན། འཇིག་རྟེན་ལས་མི་འདའ་བར་བྱེད་པས་ན་དེའི་ཆོས་ཞེས་བྱ་ལ། རྙེད་མ་རྙེད་ནི་ལུས་ཀྱི་ལོངས་སྤྱོད་ཀྱི་དབང་དུ་བྱས། བདེ་མི་བདེ་ནི་ཡིད་ཀྱི་སིམ་གདུང་གི་དབང་དུ་བྱས། སྙན་མི་སྙན་ནི་ཕྱོགས་ཀྱི་མཐར་གྲགས་པ་བཟང་ངན་གྱི་དབང་དུ་བྱས། བསྟོད་སྨད་ནི་ངོར་བསྟོད་པ་དང་སྨད་པའི་དབང་དུ་བྱས། དེ་ཇི་ལྟར་སྤོང་བའི་ཚུལ་ནི། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་བསྟི་བཅས། །བདག་ལ་མང་པོ་དགའོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་དང༌། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་བསྟིའི་འཆིང་མི་དགོས། །གང་དག་བདག་བཅིངས་འགྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །ཞེས་དང༌། བསྟོད་དང་གྲགས་པའི་རིམ་གྲོས་ནི། །བསོད་ནམས་མི་འགྱུར་ཚེར་མི་འགྱུར། །བདག་སྟོབས་མི་འགྱུར་ནད་མེད་མིན། །ལུས་བདེ་བར་ཡང་མི་འགྱུར་རོ། །ཞེས་དང༌། གྲགས་པའི་དོན་དུ་ནོར་འཆོར་ཞིང༌། །བདག་ཉིད་ཀྱང་ནི་གསོད་བྱེད་ན། །ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། །ཤི་ན་དེས་ཀོ་སུ་ལ་བདེ། །བྱེ་མའི་ཁང་བུ་རྡིབ་གྱུར་ན། །བྱིས་པ་རྣམས་ནི་ག་ཆད་ངུ༌། །ཞེས་དང༌། གལ་ཏེ་སེམས་ཅན་ཉམས་བྱེད་པས། །མི་སྙན་སྨྲ་ལ་ཁྲོ་ཞེ་ན། །གཞན་ལ་མི་སྙན་བརྗོད་ལའང་ཁྱོད། །དེའི་ཅི་སྟེ་ཁྲོ་མི་བྱེད། །མ་དད་གཞན་ལ་རག་ལས་པས། །དད་པ་མེད་ལ་ཁྱོད་བཟོད་ན། །ཉོན་མོངས་སྐྱེ་ལ་རག་ལས་པས། །མི་སྙན་སྨྲ་ལའང་ཅིས་མི་བཟོད། །ཅེས་དང༌། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །ཅེས་འབྱུང་བ་ལྟར་ལན་མང་དུ་ཁ་བཏོན་དུ་བྱས་ཤིང་ཡིད་ལ་ཆུབ་པར་བྱས་ན། ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་མགོ་སྙོམས་པར་འགྱུར་རོ། །གཉིས་པ་དོན་དམ་གྱི་སྒོ་ནས་སྤོང་བ་ནི། ཆོས་ཡང་དག་པར་བསྡུས་པའི་མདོ་ལས། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་སྟེ། རྙེད་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་གསོས་པ་ཡང་མེད། མ་གྲགས་པས་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དྲེགས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བ་ཡང་མེད། སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བ་ཡང་མེད་དེ། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ནི། སྟོང་པ་ཉིད་ཤེས་པ། སྟོང་པ་ཉིད་སྨྲ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །དེ་བས་ན་འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་ཉེས་སྤྱོད་སྡོམ་པའི་མི་མཐུན་པའི་ཕྱོགས་སུ་ངེས་པར་བྱས་པ་དེའི་ཚེ། རྩ་བའི་ལྟུང་བ་མང་པོ་དག་རང་ཤུགས་ཀྱིས་ཁེགས་པ་ཡིན་ཏེ། སྡོམ་པ་ཉི་ཤུ་པར། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །སེར་སྣས་ཆོས་ནོར་མི་སྟེར་དང༌། །ཞེས་ཕམ་པར་བཤད་པ་གཉིས་དང༌། བསླབ་བཏུས་སུ། རྙེད་པ་དང་ནི་བཀུར་བསྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །ཞེས་འབྱུང་བ་དེ་དག་རང་ཤུགས་ཀྱིས་ཁེགས་པའི་ཕྱིར་རོ། །དེ་ལྟར་འདུ་འཛི་དང༌། དམན་པའི་སེམས་དང༌། ཆོས་བརྒྱད་ཀྱིས་དབེན་པའི་དགོན་པ་ལ་ཡིད་དགའ་བ་གོམས་པར་བྱས་པས་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་འགལ་ཟླ་མ་ལུས་པ་བསྲུང་ནུས་པ་ཡིན་ཏེ། དེའི་མི་མཐུན་ཕྱོགས་སུ་གྱུར་པའི་ཁ་ན་མ་ཐོ་བ་མཐའ་དག་ནི་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་སོགས་རྒྱུ་གསུམ་པོ་དེ་ལས་བྱུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ་བརྟག་པར་བྱ་སྟེ། བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ། །ཅི་ཞིག་གིས་ན། འདུ་འཛིས་འཇིགས་ཤིང་སྐྲག་གོ །འགྲོགས་པས་འཇིགས་ཤིང་སྐྲག་གོ །འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གིས་འཇིགས་ཤིང་སྐྲག་གོ །ཞེས་གསུངས་སོ། །གཉིས་པ་དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་ནི། སྤང་བར་བགྱིའོ། །ཅི་ཞིག་ན། འགྲོ་བ་རྣམས་ལ་རྒྱགས་པས་དྲེགས་པ་དང༌། ང་རྒྱལ་གྱིས་དྲེགས་པའོ། །དེ་སྤངས་དགོས་པའི་རྒྱུ་མཚན་ནི། དེ་དང་ལྡན་ན་ཡོན་ཏན་བསྡུས་པའི་སྣོད་དུ་མི་རུང་བའི་ཕྱིར་རོ། །འདིར་དྲེགས་པ་ཞེས་པ་ནི་སྤྱི་མིང་ཡིན་ལ། དབྱེ་ན་གཉིས་ལས། གཉིས་པོའི་ཁྱད་པར་ནི། མཛོད་དུ། ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡིས། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་རང་ལ་ཡོད་པའི་ཆོས་ཀྱིས་དྲེགས་པ་དང༌། ཆོས་གཞན་དང་འཇལ་བས་ཁེངས་པའི་ཁྱད་པར་ཅན་དུ་བཤད་དོ། །ཇི་ལྟར་སྤངས་ཞེ་ན། བྲམ་ཟེ་ལ་སོགས་པའི་རིགས་བཙུན་པོ་དག་གི་དྲུང་དུ། རྡོལ་པའི་ཕྲུག་གུ་དག་གྲགས་པ་མེད་པ་དེ་བཞིན་དུའོ། །དེ་སྐད་དུ་ཡང༌། མདོ་ལས། བྱང་ཆུབ་སེམས་དཔའ་ནི་རྡོལ་བུ་ལྟ་བུར་བལྟ་བར་བྱའོ། །ཞེས་གསུངས་སོ། །དགེ་བའི་ཆོས་བསྡུད་པ་ལ་བར་དུ་གཅོད་པ་གཉིས་པོ་དེས་མཚོན་ནས་གཞན་ཡང་སྤངས་དགོས་ཏེ། བཤེས་སྤྲིང་ལས། སེར་སྣ་གཡོ་རྒྱུ་ཆགས་དང་སྙོམ་ལས་དང༌། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང༌། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌། །དབང་ཐང་ཆེ་བས་དྲེགས་པ་དགྲ་བཞིན་གཟིགས། །ཞེས་གསུངས་པ་རྣམས་ནི་དགེ་བའི་ཆོས་བསྡུད་པའི་འགལ་རྐྱེན་དང༌། མཐུན་རྐྱེན་ཡང་དེ་ཉིད་ལས། དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང༌། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །དེ་བཞིན་དུ། བྱམས་པ་སེངྒེའི་ང་རོའི་མདོ་ལས། རབ་ཏུ་བྱུང་བ་རྒྱགས་པ་བཞི་དང་ལྡན་ན་དམྱལ་བར་འགྲོ་སྟེ། བཞི་གང་ཞེ་ན། མང་དུ་ཐོས་པས་རྒྱགས་ནས་བག་མེད་པ་དང༌། རྙེད་པ་དང་བཀུར་བསྟིས་རྒྱགས་ནས་བག་མེད་པ་དང༌། མཛའ་བཤེས་དང་སློང་མོ་སྟེར་བའི་ཁྱིམ་གྱིས་རྒྱགས་ནས་བག་མེད་པ་དང༌། སྦྱངས་པའི་ཡོན་ཏན་གྱིས་རྒྱགས་ནས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པའོ། །ཞེས་སོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཤད་པ་ལ། སེམས་ཅན་གྱི་དོན་ཇི་ལྟར་བྱེད་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་གོམས་པར་བྱ་བའོ། །དང་པོ་ནི། འགྲོ་བ་རྣམས་ལ་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་སྤྱོད་པར་བྱེད་དུ་འཇུག་ཅིང༌། རང་ཉིད་ཀྱང་སྒྲུབ་པར་བགྱིའོ། །འདིར་སྒྲུབ་པ་དང་སྤྱོད་པ་ནི། སེམས་ཅན་གྱི་དོན་བྱེད་པའི་ཡན་ལག་ཏུ་བསྡུ་བའི་དངོས་པོ་བཞི་དགོས་པ་ལས། དོན་སྤྱོད་པ་ཞེས་བྱ་བ་དང༌། དོན་མཐུན་པ་བསྟན་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པ་རྣམ་པར་སྦྱོང་བའོ། །ཞེས་སོ། །ཇི་ལྟར་བགྱི་ན། རིགས་བཙུན་པོའི་ཉེ་དུའི་ཚོགས་ཀྱིས་ཕན་འདོགས་པར་བྱེད་པ་བཞིན་དུའོ། །འདིས་ནི་བསྡུ་བའི་དངོས་པོ་དང་པོ་གཉིས་ཀྱང་མཚོན་པ་ཡིན་ཏེ། དེ་དག་གིས་ཕན་འདོགས་པ་ནི། གཞན་ལ་སྦྱིན་པར་བྱེད་པ་དང༌། སྙན་པར་སྨྲ་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱི། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོ། །བཞི་པོ་ཡང་གཉིས་སུ་འདུ་སྟེ། དང་པོ་ཟང་ཟིང་གི་བསྡུ་བ་དང༌། ལྷག་མ་རྣམས་ཆོས་ཀྱི་བསྡུ་བའོ། །དེ་ཡང་གཉིས་ཏེ། གཞན་དེ་ལ་འགོད་པ་དང༌། རང་གིས་ཀྱང་དེ་སྒྲུབ་པའོ། །དང་པོ་དེ་ལའང་གཉིས་ཏེ། ལུང་གི་ཆོས་སྟོན་པ་དང༌། བསྟན་པའི་དོན་སྒྲུབ་ཏུ་འཇུག་པའོ། །བཞི་པོ་འདི་ནི་སེམས་ཅན་གྱི་དོན་བྱེད་པ་ལ་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། དེ་ཉིད་ལས། འཁོར་བསྡུས་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་འདི་ཡང་དག་བརྟེན། །ཀུན་གྱི་དོན་ཀུན་འགྲུབ་བྱེད་ཅིང༌། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །ཞེས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་ཚུལ་ཉེ་དུ་དང་འདྲ་བ་ཇི་ལྟར་ཞེ་ན། མདོ་སྡེ་རྒྱན་ལས། གང་དག་རྟག་ཏུ་སེམས་ཅན་རྣམས། །བསམ་པ་མཉམ་པས་འཛིན་བྱེད་ཅིང༌། །འཕགས་པའི་ས་ལ་བསྐྱེད་པ་དང༌། །དགེ་བ་འཕེལ་བར་བྱེད་པ་དང༌། །ཉེས་བྱས་ལས་ནི་ཡོངས་བསྲུང་དང༌། །ཐོས་པ་བྱང་བར་བྱེད་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་ནི། །སེམས་ཅན་མ་དང་འདྲ་བ་ཡིན། །སེམས་ཅན་ཀུན་ལ་རྟག་པར་ནི། །དད་པ་སྐྱེད་པར་བྱེད་པ་དང༌། །ལྷག་པའི་ཁྲིམས་སོགས་བསླབ་པ་དང༌། །རྣམ་པར་གྲོལ་བར་སྦྱོར་བའི་ཕྱིར། །སངས་རྒྱས་ལ་ནི་གསོལ་བ་དང༌། །དེ་དག་སྒྲིབ་པ་སྤོང་བའི་ཕྱིར། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་ཕ་དང་འདྲ་བ་ཡིན། །གང་དག་བསྟན་པར་མི་འོས་པ། །སེམས་ཅན་རྣམས་ལ་གསང་བྱེད་ཅིང༌། །བསླབ་ལས་ཉམས་ལ་སྨོད་པ་དང༌། །ཕུན་སུམ་ཚོགས་ལ་བསྔགས་པ་ཉིད། །གདམས་ངག་སྦྱིན་པར་བྱེད་པ་དང༌། །བདུད་རྣམས་སྦྲོན་པར་བྱེད་པ་སྟེ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་རྩ་ལག་འདྲ་བ་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །གང་དག་རང་བློ་མ་འཁྲུལ་བ། །འཇིག་རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུམ་ཚོགས་པ་སྦྱིན་པར་བྱེད། །སྐྱོ་བ་མེད་པས་མི་བྱེད་ཅིང༌། །རྟག་ཏུ་ཕན་དང་བདེ་འདོད་པ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་གྲོགས་པོ་འདྲ་བ་ཡིན། །བདག་དང་སེམས་ཅན་སྨིན་བྱ་ལ། །རྟག་ཏུ་བཙུན་པ་དང་ལྡན་ཞིང༌། །ཡང་དག་ངེས་པར་འབྱུང་བ་སྨྲ། །ལོག་པར་སྒྲུབ་པ་རྣམས་ལ་བཟོད། །ཕུན་སུམ་ཚོགས་པ་གཉིས་སྦྱིན་བྱེད། །དེ་ཡི་ཐབས་ལ་མཁས་པ་ནི། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་བྲན་དང་འདྲ་བ་ཡིན། །གང་དག་མི་སྐྱེའི་ཆོས་ལ་ནི། །བཟོད་པ་ཐོབ་པར་འདོད་པ་དང༌། །ཐེག་པ་ཐམས་ཅད་སྟོན་པ་དང༌། །རྣལ་འབྱོར་གྲུབ་པར་སྦྱོར་བ་དང༌། །གཞིན་མཛེས་ལན་དུ་ཕན་འདོགས་དང༌། །རྣམ་པར་སྨིན་ལ་མི་ལྟ་བ། །ལས་ལྔ་དག་གིས་རྒྱལ་སྲས་རྣམས། །སེམས་ཅན་སློབ་དཔོན་འདྲ་བ་ཡིན། །སེམས་ཅན་དོན་ལ་ཤིན་ཏུ་བརྩོན། །ཚོགས་རྣམས་རྫོགས་པར་བྱེད་པ་དང༌། །ཚོགས་བསགས་མྱུར་དུ་གྲོལ་བར་བྱེད། །མི་མཐུན་ཕྱོགས་ནི་སྤོང་བྱེད་ཅིང༌། །འཇིག་རྟེན་འཇིག་རྟེན་མ་ཡིན་པའི། །ཕུན་སུམ་ཚོགས་པ་ལ་སྦྱོར་བ། །སེམས་ཅན་མཁན་པོ་འདྲ་བ་ཡིན། །ཞེས་གསུངས་སོ། །དེ་ལྟར་ཚུལ་ཁྲིམས་ལ་གསུམ་དུ་ཕྱེ་བ་དེ་ལས། དང་པོ་ལ། སྡོམ་པའི་ཚུལ་ཁྲིམས་དང༌། ཕྱི་མ་གཉིས་ལ་ནི་བརྩོན་པའི་ཚུལ་ཁྲིམས་ཞེས་བྱ་བའི་ཐ་སྙད་ཡོད་པ་ཡིན་ཏེ། རྒྱན་ལས། རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །ཞེས་གསུངས་སོ། །དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སྡོམ་བརྩོན་ཞེས་བྱ་བའི་ཐ་སྙད་བཏགས་སོ། །གཉིས་པ་ནི། བྱང་སེམས་བདག་ནི་སྡོམ་པ་དང་བརྩོན་པའི་རང་བཞིན་དུ་གྱུར་པའི་ཚུལ་ཁྲིམས་ལ་ནི་གོམས་པར་བགྱིའོ། །ཚུལ་ཁྲིམས་དེ་ཇི་ལྟ་བུ་ཞེ་ན། བྱེད་ལས་ཀྱི་ཁྱད་པར་དང༌། ངོ་བོའི་ཁྱད་པར་གཉིས་ལས། དང་པོ་ནི། ཟླ་ཟེར་ལྟར་བསིལ་བར་བྱེད་པ་དང༌། པདྨ་དཀར་པོ་ལྟར་ཡིད་བདེ་བར་བྱེད་པའོ། །དེ་ཡང་ཇི་སྐད་དུ། བསིལ་བ་ཐོབ་དང༌། ཞེས་ངན་སོང་གི་ཚ་གདུང་ལས་སྐྱོབ་ནུས་པར་བཤད་པ་དང༌། ལུང་ལས་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་བཅུ་བཤད་པའི་ནང་ན། མཆོག་ཏུ་དགའ་བའི་ཆོས་རྣམས་རིམ་གྱིས་ཐོབ་པར་འགྱུར་བ་དང༌། འགྱོད་པ་མེད་པར་ཚེའི་དུས་བྱེད་པ་བཤད་པ་ལྟར་རོ། །གཉིས་པ་ལ། མི་མཐུན་ཕྱོགས་ཀྱི་སྐྱོན་དང་བྲལ་བ་དང༌། མཐུན་ཕྱོགས་ཀྱི་ཡོན་ཏན་དང་ལྡན་པའོ། །དང་པོ་ནི། རྩ་ལག་ཅེས་པ་རྩ་བ་དང་ཡན་ལག་གི་དོན་ཡིན་པ་ལས། རྩ་བ་འདོད་ཆགས་ལྟ་བུའི་དྲི་མ་དང་བྲལ་བ། མ་བྱིན་ལེན་གྱི་ཕམ་པ་ལྟ་བུས་རང་བཞིན་གྱི་ཡན་ལག་མ་རལ་བ་དང༌། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ལྟ་བུས་བཅས་པ་ལ་ནག་ནོག་མ་མཆིས་པ་དང༌། ཀུན་སློང་དམན་པའི་ས་ཡིད་བྱེད་ལྟ་བུ་དང་མ་འདྲེས་པའོ། །གཉིས་པ་ནི། མ་ལུས་པ་དང༌། རབ་ཏུ་ཞི་བ་དང༌། རྒྱན་དུ་གྱུར་པ་ཞེས་བྱ་བའི་ཡོན་ཏན་གསུམ་ལས། དང་པོ་ནི། ཡན་ལག་གི་ཁྱད་པར་དེ་སྣ་གཅིག་སྤྱོད་པ་ལྟ་བུ་མ་ཡིན་པར། མི་དགེ་བ་བཅུ་ཆར་སྤོང་བའི་ཡན་ལག་གམ། མདོ་སྡེ་རྒྱན་ལས་ཡན་ལག་དྲུག་ལྡན་དུ་བཤད་པ་ལྟ་བུའོ། །རབ་ཏུ་ཞི་བ་ནི་ཀུན་སློང་གི་ཁྱད་པར་ཏེ་ངེས་འབྱུང་གི་བསམ་པས་ཟིན་པའོ། །རྒྱན་དུ་གྱུར་པ་ནི། བྱེད་ལས་ཀྱི་ཁྱད་པར་ཏེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཅེས་བཤད་པ་ལྟར་རོ། །དོན་དེ་དག་ཀྱང༌། བཤེས་སྤྲིང་ལས། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བརྟེན་པར་མཛོད། །ཅེས་དང༌། མངོན་པའི་མཛོད་ལས། འཆལ་ཁྲིམས་དེ་རྒྱུས་འཕན་མ་བྱུང༌། །དེའི་གཉེན་པོ་དང་ཞི་ལ་བརྟེན། །ཞེས་བཤད་པ་དག་དང་མཐུན་ནོ། །གཉིས་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉིད་ངོས་བཟུང་བ་ནི། རྒྱན་དེ་ཉིད་ལས། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་པ་སྦྱིན་བྱེད་དང༌། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང༌། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་གསུངས་ལ། འདིས་ནི་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། ལྡན་པ་དང༌། འཇུག་པ་སྟེ་དྲུག་གི་སྒོ་ནས་ཐེག་པ་གསུམ་ཀའི་ཚུལ་ཁྲིམས་ཐུན་མོང་དུ་སྤྱིར་ངོས་བཟུང་བ་ཡིན་ལ། དེའི་ནང་ནས་ཀྱང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཉིད་ཁྱད་ཞུགས་པར་སྒྲུབ་པ་ནི། ཚུལ་ཁྲིམས་རྟེན་དང་གཞི་དང་ནི། །ཞེས་པ་ནས། གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཅེས་པའི་བར་རྣམ་དབྱེ་བརྒྱད་ཀྱི་སྒོ་ནས་འཆད་ཚུལ་སྔ་མ་སྦྱིན་པའི་སྐབས་བཞིན་ནོ། །གསུམ་པ་བཟོད་པའི་ཕར་ཕྱིན་དམ་བཅའ་བ་ལ་གཉིས་ཏེ། གཞུང་གི་དོན་སོ་སོར་བཤད་པ་དང༌། བྱང་ཆུབ་སེམས་དཔའི་བཟོད་པ་ངོས་བཟུང་བའོ། །དང་པོ་ལ་གསུམ་སྟེ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དམ་བཅའ་བ་སྡུག་བསྔལ་དང་ལེན་གྱི་བཟོད་པ་དམ་འཆའ་ཆོས་ལ་ངེས་རྟོག་གི་བཟོད་པ་དམ་འཆའ་བའོ། །དང་པོ་ལ། སྔ་ཕྱིའི་འབྲེལ་ནི། ཚུལ་ཁྲིམས་བསྲུང་བ་ན་གཞན་ལ་མི་གནོད་པས་གནོད་ལན་དུ་གནོད་པ་ནི་མི་སྲིད་མོད། ཕར་གནོད་པ་མ་བྱས་པར་ཡང༌། ཚུར་གནོད་པ་བྱེད་ན་ཇི་ལྟར་བྱ་ཞེ་ན། སྤྱིར་བཟོད་པའི་ཡུལ་དུ་གྱུར་པའི་གནོད་བྱེད་ལ་ནི་ཅེས་སྤྲས་སུ་བྱེད་དགོས་ཏེ། དེ་མེད་པར་ནི་བཟོད་པ་མི་འབྱུང་ལ། དེ་མེད་པར་ཡང་སངས་རྒྱས་མི་འགྲུབ་པའི་ཕྱིར། དེ་སྐད་དུ་ཡང༌། སྤྱོད་འཇུག་ལས། འཇིག་རྟེན་ན་ནི་སློང་བ་མོད། །གནོད་པ་བྱེད་པ་དཀོན་པ་སྟེ། །དེ་བས་ངལ་བས་མ་སྒྲུབས་པར། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་སོ། །དེས་ན་སྤྱིར་གནོད་བྱེད་ལ་གཅེས་པར་འཛིན་དགོས་པ་ཙམ་དུ་མ་ཟད། ཕར་གནོད་པའི་ལན་དུ་མ་ཡིན་པར་ཡང་ཚུར་གནོད་པའི་བྱེད་པོ་ནི་ཤིན་ཏུ་ཡང་གཅེས་པར་འཛིན་དགོས་ཏེ། དེ་ལ་བྱམས་པར་བགྱི་བ་དང༌། །སྙིང་རྗེ་བར་བགྱི་བ་གཉིས་ལས། དང་པོ་ནི། དེ་འདྲ་དེ་ནི། ཇི་སྐད་དུ། སྤྱོད་འཇུག་ལས། འདི་ལྟར་ཕར་གནོད་མ་བྱས་པར། །འགའ་ཡང་གནོད་པར་མི་བྱེད་དོ། །ཞེས་འབྱུང་བ་ལྟར། ཤིན་ཏུ་རྙེད་པར་དཀའ་བའི་བསོད་ནམས་ཀྱི་རྒྱུ་ཁྱད་པར་ཅན་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། བྱང་སེམས་རང་ལ་ནོངས་པ་མ་མཆིས་པར་ཡང་བདག་གི་མགོ་བོ་སོག་ལེས་ཚལ་པ་བརྒྱར་ནི་གཤགས་པར་བགྱིད་ཀྱང༌། དེ་ལ་རྒྱུན་མི་ཆད་པར་རང་གི་སེམས་ལ་ཕངས་པ་སྟེ་བྱམས་པར་བགྱིའོ། །ཇི་ལྟར་ཞེ་ན། མ་རང་གི་བུ་གཅིག་པ་ལ་གཅེས་པར་འཛིན་པ་བཞིན་དུ་ནིའོ། །དེ་སྐད་དུ་ཡང་རྒྱན་ལས། ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །ཞེས་གསུངས་སོ། །གཉིས་པ་ནི། གནོད་བྱེད་སུ་ཞིག་བྱང་སེམས་བདག་ལ་སྙིང་ནས་ཁྲོས་པར་གྱུར་ཏེ། དགོས་པ་ཁྱད་པར་ཅན་མ་མཆིས་བཞིན་དུ་བདག་གི་སྲོག་འཕྲོག་པར་བྱེད་ནའང༌། བྱེད་པ་པོ་དེ་ལ་ལས་ཀྱི་འབྲས་བུ་མི་ཟད་པ་སྟེ། གདུག་པ་ཅན་དུ་གྱུར་ཅིང༌། མི་འཚམས་པ་སྟེ་ཆེས་ཤིན་ཏུ་ལྕི་བ་དག་འབྱུང་བར་མ་གྱུར་ཅིག དེའི་ཤུགས་ལ་སྙིང་ནས་མ་ཁྲོས་པ་དང༌། དགོས་པ་ཁྱད་པར་ཅན་གྱི་སྲོག་འཕྲོག་པ་ལ་ནི། རྣམ་སྨིན་དེ་ལྟ་བུ་མི་འབྱུང་བས་སྨོན་ལམ་བཏབ་མི་དགོས་པའོ། །དེ་ཡང་རྒྱན་ལས། སྙིང་རྗེས་ཟིན་པའི་བརྩེར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས་སོ། །གཞུང་སྔ་མས་གནོད་བྱེད་ལ་བྱམས་པ་དང༌། འདིས་གནོད་བྱེད་ལ་སྙིང་རྗེ་བསྟན་པའི་ཤེས་བྱེད་ཀྱང༌། བྱམས་པ་ནི་བདེ་བ་དང་ཕྲད་པའི་རྣམ་པ་ཅན་དང༌། སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བའི་རྣམ་པ་ཅན་དུ་འཆད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱན་ལས། ཕྲད་དང་བྲལ་བའི་དགོངས་པ་ཅན། །ཞེས་གསུངས་སོ། །གཉིས་པ་ལ། གཞན་གྱི་སྡུག་བསྔལ་དང་དུ་ལེན་པའི་རྒྱུ་དགག་པ་དང༌། དང་དུ་ལེན་པའི་ཤེས་བྱེད་བསྟན་པའོ། །དང་པོ་ནི། བྱང་སེམས་བདག་གིས་བཟོད་པ་མི་གཏོང་བར་བགྱིའོ། །དུས་ནམ་གྱི་ཚེ་ཞེ་ན། བཟོད་པའི་འགལ་རྐྱེན་མངོན་དུ་མ་གྱུར་པའི་ཚེ་ལྟ་ཅི་སྨོས། གཞན་དག་སེམས་ཀྱིས་ཁྲོ་བ་དང་ནི། ངག་གིས་ལྐོག་ཏུ་གཤེ་བ་དང༌། དངོས་སུ་མཚང་འདྲུ་བ་དང༌། ལུས་ཀྱིས་རྡེག་པར་གྱུར་ཀྱང་སྟེ་བཟོད་པའི་འགལ་རྐྱེན་མངོན་དུ་གྱུར་པའི་ཚེ་ན་ཡང་ངོ༌། །དེ་སྐད་དུ་ཡང༌། སྤྱོད་འཇུག་ལས། གལ་ཏེ་བདག་ནི་རང་སྐྱོན་གྱིས། །འདི་ལ་བཟོད་པར་མི་བྱེད་ན། །བསོད་ནམས་རྒྱུར་ནི་ཉེར་གནས་པ། །འདི་ལ་བདག་གེགས་བྱེད་པར་ཟད། །གང་ཞིག་གང་མེད་མི་འབྱུང་ལ། །གང་ཞིག་ཡོད་ན་ཡོད་གྱུར་པ། །དེ་ཉིད་དེ་ཡིས་རྒྱུ་ཡིན་ན། །ཇི་ལྟར་དེ་ལ་གེགས་ཞེས་བྱ། །དུས་སུ་ཕྱིན་པའི་སློང་མོ་པས། །སྦྱིན་པའི་གེགས་བྱེད་ཡོད་མ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། སེམས་ཅན་གཞན་གྱི་སྡུག་བསྔལ་མ་ལུས་པ་དག་དང་དུ་བླང་བར་བགྱིའོ། །དགོས་པ་ཅིའི་ཆེད་དུ་ན། རྒྱལ་བའི་སྲས་ཀྱི་སྤྱོད་པ་སྒྲུབ་པའི་ཕྱིར་དུའོ། །དེའི་འབྲེལ་ཡང༌། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང༌། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་འབྱུང་བ་ལྟར་རོ། །གསུམ་པ་ནི། བདག་གི་སེམས་ལ་སྐད་ཅིག་ཙམ་ཡང་ནི། །སོམ་ཉིའི་དཔྱང་ཐག་གཡོ་བར་མ་གྱུར་ཅིག །སོམ་ཉི་ཟ་བའི་ཡུལ་གང་ལ་ཞེ་ན། ཆོས་པའི་ཆོས་ལ་ཡང་ངོ༌། །དེ་ལ་སོམ་ཉི་འབྱུང་བའི་རྒྱུ་མཚན་ནི། སྔོན་ཆད་རྙེད་མ་མྱོང་བ་དང༌། ཤིན་ཏུ་ཟབ་པ་དང༌། རིགས་པའི་མཆོག་ཡིན་པའོ། །དེ་ཡང་ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་ཐོབ། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །ཞེས་འབྱུང་བ་ལྟར་རོ། །བཟོད་པ་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཞེས་བྱ་བ་འདི་ཉིད་ཡིན་ལ། དེ་ལའང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་དབྱེ་བས་གསུམ་དུ་བཤད་ཅིང༌། གང་ལ་བཟོད་པའི་ཆོས་ནི་སྟོང་པ་ཉིད་ཅེས་བྱ་བ་དེ་ཡིན་ལ། དེ་ལའང་བདག་མེད་པ་གསུམ་རྟོགས་པའི་དབྱེ་བས་གསུམ་མོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་གི་བཟོད་པ་ངོས་བཟུང༌། བྱང་ཆུབ་སེམས་དཔའི་བཟོད་པ་མཆོག་ཉིད་དུ་བསྟན་པའོ། །དང་པོ་ནི། རྒྱན་ལས། མི་མཇེད་ཇི་མི་སྙམ་ཤེས་དང༌། །སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔ་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན། །དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་ངོ་བོ་དང༌། རྒྱུ་དང༌། འབྲས་བུ་དང༌། ལས་དང༌། ལྡན་པ་དང༌། འཇུག་པ་དྲུག་གི་སྒོ་ནས་ངོས་བཟུང་བ་ཡིན་ནོ། །གཉིས་པ་ནི། ཇི་སྐད་དུ། བཟོད་པ་རྟེན་དང་གཞི་དང་ནི། །ཞེས་སྔ་མ་སྦྱིན་པའི་སྐབས་དང་འདྲ་བར་བཤད་དོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དམ་བཅའ་བ་ལ་གཉིས་ཏེ། གཞུང་དོན་སོ་སོར་བཤད་པ་དང༌། བྱང་སེམས་ཀྱི་བརྩོན་འགྲུས་ངོས་བཟུང་བའོ། །དང་པོ་ལ་གཉིས་ཏེ། རྟག་པར་སྦྱོར་བའི་བརྩོན་འགྲུས་དང༌། གུས་པར་སྦྱོར་བའི་བརྩོན་འགྲུས་སོ། །དང་པོ་ནི། བྱང་སེམས་བདག་ནི་དུས་སྐད་ཅིག་ཙམ་ཡང་ལས་སུ་བྱ་བ་དགེ་བ་རྒྱ་ཆེན་པོ་བགྱིད་པར་མི་འགྱུར་བར་ནི་མ་གྱུར་ཅིག དགོས་པ་ཅིའི་ཆེད་དུ་ན། འགྲོ་བ་ཀུན་ལ་དམན་པ་ལྷུར་ལེན་པའི་ཆེད་དུའོ། །དུས་ཇི་ཙམ་གྱི་བར་དུ་ཞེ་ན། སྐྱེ་བ་དང༌། ཚེ་རབས་ནས་ཚེ་རབས་སུ་སྟེ། བསྐལ་བ་གྲངས་མེད་པ་གསུམ་དུའོ། །དེ་ཡང་རྒྱན་ལས། ཚོགས་ལམ་ནས་ས་བཅུ་པའི་བར་ཐམས་ཅད་བརྩོན་འགྲུས་ཀྱི་དབྱེ་བར་བཤད་པ་ཡིན་ཏེ། ཇི་སྐད་དུ། དེ་ཉིད་ལས། གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་དང༌། །ཐར་པའི་དབང་དང་མི་མཐུན་ཕྱོགས་སྤངས་གཞན། །དེ་ཉིད་རབ་ཞུགས་ཡོངས་སུ་སྒྱུར་བྱེད་དང༌། །བརྩོན་འགྲུས་དོན་ཆེན་པོ་ཡང་གཞན་དུ་བརྗོད། །ཅེས་ཡང་དག་སྤོང་བ་ནས། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཡན་ལག་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་མཐར་སོན་པ་དང་སྦྱར་ནས་བཤད་པ་དེ་ནི་རྟག་སྦྱོར་གྱི་དབང་དུ་བྱས་པ་ཡིན་ནོ། །གཉིས་པ་གུས་སྦྱོར་གྱི་བརྩོན་འགྲུས་ནི། མདོ་སྡེའི་རྒྱན་ལས་ལྔར་བཤད་པ་ཡིན་ཏེ། ཇི་སྐད་དུ། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་གསུངས། །ཞེས་བཤད་པ་དང་གཞུང་འདི་དག་སྦྱར་བར་བྱ་བ་ལས། དང་པོ་མ་ཞུམ་པའི་བརྩོན་འགྲུས་དམ་བཅའ་བ་ལ་གཉིས་ཏེ། སེམས་ཅན་གཞན་གྱི་བྱ་བའི་ཁུར་ཐམས་ཅད་རང་གིས་འཁུར་བར་དམ་བཅའ་བ་དང༌། དེས་ཀྱང་དེ་དག་རང་ལ་བསྐུར་བར་སྨོན་པའོ། །དང་པོ་ནི། བྲན་དང་འདྲ་བར་འགྲོ་བ་ཐམས་ཅད་ཀྱི་བགྱི་བ་མ་ལུས་པ་རྣམས་སྒྲུབ་པར་བགྱིད་དོ། །ཅིང་ཞེས་པ་ནི། དོན་འོག་མ་བསྡུད་པའོ། །གཉིས་པ་ནི། འགྲོ་བ་ཀུན་གྱི་བགྱི་བའི་ཁུར་མཐའ་དག་བདག་ལ་སྤངས་ཤིང་བསྐུར་ནས། སེམས་ཅན་གཞན་རྣམས་ནི་བྱ་བ་གང་གིས་ཀྱང་བྲེལ་བ་མེད་པར་བདེ་བར་གནས་པར་ཤོག་ཅིག སྦྱོར་བའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པ་ལ། ལུས་དང༌། ངག་དང༌། སེམས་ཀྱི་དབང་དུ་བྱས་པའི་དབྱེ་བ་རྣམ་པ་གསུམ་སྟོན་པ་ནི། ལུས་ནི་གཞན་གྱི་བྲན་བགྱིད་པའི་དབང་དུ་འགྱུར་བ་དང༌། ཚིག་གིས་ནི་གཞན་ལ་སྟོན་པ་ལ་དགའ་བའི་དང༌། བྱང་སེམས་བདག་གི་ཡིད་ཀྱང་རྟག་ཏུ་སེམས་ཅན་གཞན་རྣམས་ལ་ཕན་པར་སེམས་པའི་དབང་ཉིད་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །མདོ་སྡེའི་རྒྱན་དུ་ནི། བརྩོན་འགྲུས་བདུན་གྱི་དབྱེ་བ་བཤད་པ་ན། ལུས་དང་སེམས་ཀྱི་བརྩོན་འགྲུས་གཉིས་བཤད་ལ། ངག་གི་བརྩོན་འགྲུས་ལོགས་སུ་ཕྱེ་བ་མེད་དོ། །མི་འཁྲུགས་པའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པ་ནི། གལ་ཏེ་དམྱལ་བར་བསྐལ་པ་གྲངས་མེད་པར་གཅིག་པུར་སྡུག་བསྔལ་ཉམས་སུ་མྱོང་དགོས་པར་གྱུར་ན་ཡང༌། འོན་ཀྱང་སེམས་ཀྱི་སྐྱོ་བ་དག་ནི་མ་མཆིས་པར་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་ཤོག ཅེས་པའོ། །དོན་དེ་ཡང་མདོ་སྡེའི་རྒྱན་ལས། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །སེམས་ཅན་གཅིག་བདེ་བསྐལ་མང་དུ། །གནོད་པ་བྱེད་ཀྱང་དགར་འགྱུར་ན། །དེ་ལས་བཟློག་པ་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །གོ་ཆའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པ་ནི། འགྲོ་བ་རིགས་ཅན་གསུམ་པོ་ཡོངས་སུ་སྨིན་པར་བགྱིད་པའི་གོ་ཆ་འདི་ཉིད་བགོ་བར་བགྱིའོ། །དགོས་པ་ཅིའི་སླད་དུ་ན། ལུས་ཅན་རྣམས་ནི་འདུལ་བར་འགྱུར་བའི་སླད་དུའོ། །གང་གིས་སྒོ་ནས་འདུལ་ན། ཅི་ནས་གཞན་དོན་སྒྲུབ་པའི་རིམ་པ་གོང་དུ་བཤད་མ་ཐག་པ་འདི་ཉིད་ཀྱི་སྒོ་ནས་སོ། །ཞར་ལ་གདུལ་བྱ་འདུལ་བའི་ཚུལ་ནི། སློབ་དཔོན་དཔའ་བོས་སྟོན་པའི་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་རྔན་འཐེན་བགྱིད་ལ་བསྐུལ། །ཆོམ་རྐུན་བགྱིད་ལ་ཚར་ཡང་གཅོད། །གྱ་གྱུ་ཅན་རྣམས་རྣལ་དུ་འགོད། །དལ་བུས་འཁོར་ལ་གཞན་བསྐུལ་འདེབས། །དུལ་བ་རྣམས་ནི་ལམ་ལ་སྦྱོར། །དམུ་རྒོད་རྣམས་ལ་བཏང་སྙོམས་མཛད། །དེ་སླད་སྐྱེས་བུ་འདུལ་བ་ནི། །ཁ་ལོ་སྒྱུར་བ་བླ་མེད་ཁྱོད། །ཅེས་འབྱུང་བ་ལྟར་རོ། །ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱི་དབང་དུ་བྱས་པ་ནི། ལེ་ལོ་མ་མཆིས་པའི་སྤྲོ་བ་བགྱིད་པར་ཤོག་ཅིག དགོས་ཅིའི་ཆེད་དུ་ན། སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་ཚིག་གཅིག་ཙམ་ཡང་མཉན་པའི་ཆེད་དུ་ནིའོ། །ཚུལ་ཇི་ལྟར་ན། མེའི་མདག་མས་བར་མཚམས་མ་མཆིས་པའི་འོབས་རྣམས་གང་བ་བརྒལ་ནས་ཀྱང་ངོ༌། །དོན་འདི་ཡང་མདོ་སྡེ་དྲིན་ལན་བསབ་པར། རང་རེའི་སྟོན་པ་སྔོན་རྒྱལ་པོར་གྱུར་པ་ན། ཇི་སྐད་དུ། སྐྱེ་བ་ཡོད་ན་འཆི་བ་ཡོད། །འགོག་པ་འདི་ནི་བདེ་བ་ཡིན། །ཞེས་ལེགས་པར་བཤད་པ་འདི་ཁོ་ན་མཉན་པའི་ཆེད་དུ་ལུས་ལ་མར་མེ་འབར་བ་སྟོང་བཙུད་པ་ལྟ་བུའོ། །གཉིས་པ་ལ་སྔར་ལྟར་གཉིས། དང་པོ་ནི། རྒྱན་ལས། དགེ་ལ་ཡང་དག་སྤྲོ་བ་དང༌། །དད་དང་འདུན་ལ་བརྟེན་པ་དང༌། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང༌། །ཀུན་ནས་ཉོན་མོངས་གཉེན་པོ་དང༌། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམས་བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་གསུངས་ལ། བདུན་གྱི་གྲངས་ནི་བསླབ་པ་གསུམ་ལ་སྤྲོ་བ་རྣམ་པ་གསུམ་དང༌། ལུས་དང་སེམས་ཀྱི་བརྩོན་འགྲུས་གཉིས་དང༌། གུས་སྦྱོར་དང༌། རྟག་སྦྱོར་གྱི་དབྱེ་བ་གཉིས་རྣམས་ལ་བཤད་དོ། །གཉིས་པ་ནི། བརྩོན་འགྲུས་རྟེན་དང་གཞི་དང་ནི། །ཞེས་སོགས་སྔ་མ་ལྟར་གསུངས་སོ། །བསམ་གཏན་གྱི་ཕར་ཕྱིན་དམ་བཅའ་བ་ལ། འཁོར་འདས་དང་མཐུན་པའི་བསམ་གཏན་སྤང་བྱར་བསྟན་པ། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་བླང་བྱར་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཉམ་གཞག་གི་སེམས་སྒྲུབ་པའི་རིམ་པའི་རིམ་པ་བཤད། དེའི་འབྲས་བུ་ཁམས་གོང་མ་ལ་ཞེན་པ་དགག་པ་དང༌། མྱ་ངན་ལས་འདས་པའི་རྒྱུར་ཡང་བསྒོམ་བྱ་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། ཞི་གནས་ཁྱད་པར་ཅན་ངོས་བཟུང༌། དེས་རྣམ་གཡེང་འདུལ་བའི་ཚུལ་བཤད། ཞི་གནས་དེ་འདོད་པའི་ཆགས་བྲལ་ལ་རག་ལས་པར་བསྟན་པའོ། །དང་པོ་ནི། སེམས་རྩེ་གཅིག་ཏུ་གནས་པ་ཡིས་ཟག་པ་མེད་པའི་དགའ་བར་འགྱུར་བ་དག་ཏུ་གོམས་པར་བགྱིའོ། །གང་གི་སྒོ་ནས་ཤེ་ན། རབ་ཏུ་གནས་པ་མཐར་ཕྱིན་པ་སྟེ་བསམ་གཏན་བཞི་པའི་རབ་མཐར་གྱུར་པའི་གནས་ཀྱིས་སོ། །དེ་སྐད་དུ་ཡང༌། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་སོ། །འདི་ནི་སེམས་གནས་པ་མཆོག་ཏུ་གྱུར་པ་ཡིན་པའི་རྒྱུ་མཚན་གྱིས། རྣམ་ཐར་དང༌། ཟད་པར་དང༌། ཟིལ་གནོན་དང༌། སྟོབས་ལ་སོགས་པའི་ཡོན་ཏན་ཐམས་ཅད་འདི་ལ་བརྟེན་ནས་སྒྲུབ་དགོས་པར་ས་སྡེ་ནས་འབྱུང་ལ། གཞུང་འདིར་དགའ་བར་འགྱུར་བ་དག་ཏུ་གོམས་པར་གྱིས་ཞེས་པ་ཡང་ཡོན་ཏན་དེ་དག་ལ་བཤད་ན་འབྱོར་བ་ཡིན་ནོ། །རབ་ཀྱི་མཐར་ཕྱིན་དེ་ཇི་ལྟར་སྒྲུབ་ཅེ་ན། བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་མཐའ་དག་གི་རྣམ་པར་སྨིན་པའི་འབྲས་བུ་སྐྱེ་བའི་གནས་སྐབས་ལ་དགའ་བ་དང་དོན་དུ་གཉེར་བ་སྤངས་ནས་ནིའོ། །དེ་ཡང་འདི་ལྟར། སྤྱིར་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་རྣམས་ལ་ཞུགས་པའི་དགོས་པ་ནི། མི་མཐུན་ཕྱོགས་སྤོང་བ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། ཡོན་ཏན་མངོན་དུ་བྱེད་པ་དང༌། ཁམས་གོང་མ་དག་ཏུ་སྐྱེ་བ་ལེན་པའི་ཕྱིར་ཡིན་ལ། འདིར་བྱང་ཆུབ་སེམས་དཔའ་རྣམས་ཕྱི་མ་ནི་དོན་དུ་གཉེར་བྱ་མ་ཡིན་ཏེ། ཇི་སྐད་དུ། མངོན་པར་རྟོགས་པའི་རྒྱན་ལས། ཡན་ལག་ཡོངས་སུ་ཟད་པ་དང༌། །ཞེས་འབྱུང་བ་ལྟར། གཞུང་འདིར་ཡང་འབྲས་བུ་སྐྱེ་བ་ལ་དགའ་བ་སྤང་བར་བཤད་པས་སོ། །གཞན་གསུམ་པོ་རྣམས་ནི་འདིར་དོན་དུ་གཉེར་བྱ་ཡིན་ཏེ། ཞི་གནས་ཀྱི་སྙོམས་པར་འཇུག་པ་དག་རྒྱུད་ལ་སྐྱེད་པའི་དགོས་པ་ནི་གཞན་གྱི་དོན་ཡིན་ལ། དེ་སྒྲུབ་པ་ལ་ནི་གསུམ་པོ་དེ་ངེས་པར་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །གཉིས་པ་ནི། འདུལ་བར་བགྱིའོ། །གང་ན་སེམས་ཀྱི་གླང་པོ་ཆེ་ཤིན་ཏུ་གདུལ་བར་དཀའ་བ་དེའོ། །དཀའ་བ་ཅི་ཞེ་ན། འབད་མི་དགོས་པར་རང་བཞིན་གྱིས་གཡོ་བའི་རྒྱུ་མཚན་གྱིས་སོ། །གང་དུ་གཡོ་ཞེ་ན། ལོག་པའི་ལམ་བཟུང་འཛིན་གཉིས་པོ་གང་རུང་དུ་ཞུགས་ཤིང་ཤེས་པ་རྣམས་ནིའོ། །འདི་ཡང་མདོ་ལས། སེམས་འདུལ་བས་ནི་ལེགས་པ་སྟེ། །སེམས་འདུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་ལ། དེ་ཇི་ལྟར་འདུལ་བའི་ཚུལ་ཡང༌། གཙུག་ན་རིན་པོ་ཆེའི་མདོ་ལས་གསུངས་ཏེ། ཇི་སྐད་དུ། དེ་སེམས་ཀུན་ཏུ་ཚོལ་བ་ན། ནང་ན་ཡང་དག་པར་རྗེས་སུ་མི་མཐོང༌། ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ལ་ཡང་དག་པར་རྗེས་སུ་མི་མཐོང༌། འདི་ལྟ་སྟེ་དཔེར་ན། རལ་གྲིའི་སོ་དེ་ཉིད་བཅད་པར་མི་ནུས་པ་དང༌། སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་བཞིན་དུ། སེམས་དེ་ཉིད་ཀྱིས་ཀྱང་དེ་ཉིད་མཐོང་བར་མི་ནུས་སོ། །འདི་ལྟར་རྩེ་གཅིག་པ། མི་འཕྲོ་བ། རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་ལ། གཡེང་བ་མེད་པ་འདི་ནི་སེམས་གནས་པའོ། །ཞེས་གསུངས་པ་དང༌། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། ཇི་སྐད་དུ། བདག་གིས་རྣམ་པར་བསྒྲུབ་པར་བྱ་བ་ལ་བརྩོན་པར་བྱ་སྟེ། སེམས་ཀྱི་ཆོས་ཉིད་དེ་ཡང་མི་འདོར་རོ། །དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང༌། རྣམ་པར་སྒྲུབ་པ་ནི་གང་ཞེ་ན། སེམས་ནི་སྒྱུ་མ་ལྟ་བུ་སྟེ། འདི་ལ་གང་ཡང་སྦྱིན་པ་མེད་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ། །གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི། རྣམ་པར་སྒྲུབ་པ་ཞེས་བྱའོ། །ཞེས་གསུངས་པ་དང༌། ཡུམ་ལས་ཀྱང༌། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པས་ན། གཟུང་འཛིན་གྱི་རྒྱུ་བ་གཉིས་དྲན་པ་དང་ཤེས་བཞིན་གྱིས་བཀག་པའི་སྒོ་ནས། ཆོས་ཉིད་ཀྱི་སེམས་ཞེས་བྱ་བ་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ་མཉམ་པར་བཞག་ན་སེམས་དུལ་བ་ཞེས་བྱ་ལ། དེ་ཉིད་ལ་ཞི་གནས་ཞེས་ཀྱང་བྱ་སྟེ། མདོ་སྡེའི་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་གསུངས་སོ། །གསུམ་པ་ནི། ཇི་སྐད་དུ། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་འབྱུང་བ་ལྟར། བཤད་མ་ཐག་པའི་ཞི་གནས་མངོན་དུ་བྱེད་པ་ནི། འདོད་པའི་ཁམས་ལ་ཆགས་པ་དང་བྲལ་བ་ཉིད་སྔོན་དུ་འགྲོ་དགོས་སོ། །ཞེས་འཆད་པ་ནི། བྱང་སེམས་བདག་གི་ཡིད་ནི་འདོད་པའི་ཁམས་ཀྱི་རང་བཞིན་ལ་མི་གཙང་བ་བཞིན་དུ་ལྟོས་པ་མེད་པར་ཤོག་ཤིག དེ་ཇི་ལྟ་བུ་ཞེ་ན། ལྷའི་དབང་པོ་སྟེ། གཙོ་བོ་སུམ་ཅུ་རྩ་གསུམ་པོ་དག་དང༌། མིའི་གཙོ་བོ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡི་འབྱོར་བ་སྡིག་པ་དང་མ་འདྲེས་པས་ན། དམ་པ་དང༌། གྱ་ནོམ་པས་ན་མཆོག་ཏུ་གྱུར་པ་དག ཇི་སྙེད་མཆིས་པ་རྣམས་ལ་ཡང་ངོ༌། །རྒྱུད་བླ་མར། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་གསུངས་སོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་ཁམས་གོང་མའི་བདེ་བ་བླང་ངོ་སྙམ་ན། བྱང་སེམས་བདག་ནི་སྲིད་པར་རྒྱུ་བ་མཐའ་དག་ལ་ཡིད་དགའ་བར་མ་གྱུར་ཅིག དེའི་ཤེས་བྱེད་ཀྱི་གཏན་ཚིགས་ནི། འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པའི་ཕྱིར། དཔེ་ནི་ལྕགས་ཀྱི་ཁང་པ་འབར་བ་དེར་གནས་ན་སྡུག་བསྔལ་གྱི་སྡུག་བསྔལ་ལས་མ་འདས་པ་དང་འདྲའོ། །གཉིས་པ་ནི། འོ་ན་ཁམས་གསུམ་པོ་དག་ཏུ་སྐྱེ་བ་ལེན་པར་མི་བྱེད་དམ་ཞེ་ན། སྙིང་རྗེ་དང་སྨོན་ལམ་གྱིས་དྲངས་ནས། སེམས་ཅན་གཞན་ལ་སྨན་པ་དག་བགྱིད་པའི་རྗེས་སུ་མཐུན་པར་སྐྱེ་བ་ལེན་པར་ཤོག་ཅིག དེ་སྐད་དུ་ཡང༌། རྒྱུད་བླ་མར། སྐྱེ་སོགས་ཕོངས་དང་བྲལ་ཡང་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་བསྐྱེད་ཕྱིར་བརྟེན། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། ཁམས་གསུམ་ལ་ཞེན་པ་མ་མཆིས་པའི་ཞི་གནས་དེས་ལས་སུ་བྱ་བ་ཅི་ཞིག་བགྱི་ཞེ་ན། མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་མངོན་དུ་བྱས་ནས་སེམས་ཅན་གྱི་དོན་བསྒྲུབ་པར་བགྱིའོ། །ཞེས་སྟོན་པ་ནི། རིགས་ཅན་གསུམ་གྱིས་བསྡུས་པའི་འགྲོ་བ་གསུམ་པོ་མ་ལུས་པ་དག་ལ་གནས་སྐབས་སུ་མཐོང་བའི་ཆོས་ལ་བདེ་བར་གནས་པ་གྱ་ནོམ་པ་བསྒྲུབས་ནས། མཐར་ཐུག་རང་རང་གི་ཐེག་པའི་རྩེ་མོར་བྱང་ཆུབ་པ་རབ་ཏུ་སྩལ་ཏོ། །བྱེད་པ་པོ་གང་གིས་ན། འགྲོ་བའི་མགོན་པོ་སངས་རྒྱས་ཀྱི་སྲས་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སོ། །ཇི་ལྟར་དུ་ན། དཔའ་བར་འགྲོ་བ་དག་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་ལ་སོགས་པའི་མིང་ཅན། ཤེར་ཕྱིན་གྱི་མདོར་བརྒྱ་དང་ཉི་ཤུ་གསུངས་པ་ལྟ་བུ་མ་ལུས་པ་ཐོབ་པར་བགྱིས་ནས་སོ། །ཅིའི་ཕྱིར་དཔའ་བར་འགྲོ་བ་ཞེས་བྱ་ཞེ་ན། ཏིང་ངེ་འཛིན་གང་ཞིག་ལ་ནི་དབང་འབྱོར་བ་བརྙེས་པ་ན། སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའི་མིང་ཅན་དུ་གྱུར་པ་བསམ་གྱིས་མི་ཁྱབ་པའི་སྒོ་ནས་དཔའ་བོའི་རོལ་པ་སྣ་ཚོགས་མཛད་པ་ཡི་ཕྱིར་ན་དེ་ཞེས་བྱའོ། །མདོར་ན། ཡུམ་གྱི་མདོར། སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཞེས་གསུངས་པ་དེ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་གསུངས་པ་དེ་ནི་དོན་གཅིག་ཏུ་འཆད་པ་ཡིན་ལ། ངོ་བོ་ནི་ཤེས་རབ་ཀྱི་ཕར་ཕྱིན་ཡང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་དུས་ཀྱི་བསམ་གཏན་གྱི་ཕར་ཕྱིན་དེ་ཉིད་དོ། །གཞུང་འདིས་བསྟན་པའི་བསམ་གཏན་ནི་གསུམ་དུ་འདུ་སྟེ། འཁོར་བའི་སྲེད་པ་དང་མཚུངས་པར་ལྡན་པ་འཇིག་རྟེན་པའི་བསམ་གཏན། མྱང་འདས་ལ་སྲེད་པ་དང་མཚུངས་པར་ལྡན་པ་ཉན་རང་གི་བསམ་གཏན། མཐའ་གཉིས་ལ་མི་གནས་པ་བྱང་ཆུབ་སེམས་དཔའི་བསམ་གཏན་ཏེ། འདིར་སྨོན་ལམ་གྱི་སྒོ་ནས་དམ་བཅའ་བ་ནི་ཕྱི་མ་དེ་ཁོ་ནའོ། །དེ་ཡང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པ་ནི་བསམ་གཏན་ལ་རག་ལས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། མངོན་པར་ཤེས་པ་དྲུག་དང་རིག་པ་གསུམ། །རྣམ་ཐར་བརྒྱད་དང་དེ་བཞིན་ཟིལ་གནོན་བརྒྱད། །ཟད་པར་སྐྱེ་མཆེད་བཅུ་དང་ཏིང་ངེ་འཛིན། །དཔག་ཏུ་མེད་པར་གཏན་པ་ཐོབ་པའི་མཐུ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་ཡང་སྔར་ལྟར་གཉིས་ལས། དང་པོ་ནི། རྒྱན་ལས། སེམས་ནི་ནང་དུ་གནས་པ་དང༌། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང༌། །མངོན་ཤེས་གནས་ལ་དབང་སྒྱུར་བ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་བར་བྱེད། །ཅེས་སོ། །གཉིས་པ་ནི། བསམ་གཏན་རྟེན་དང་གཞི་དང་ནི། །ཞེས་སོགས་སྔ་མ་བཞིན་ནོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་དམ་འཆའ་བ་ལ་གཉིས་ཏེ། རང་གིས་ཐོབ་པར་དམ་བཅའ་བ་དང༌། གཞན་ལ་སྟོན་པར་དམ་འཆའ་བའོ། །དང་པོ་ལ་གསུམ་སྟེ། འཇིག་རྟེན་པའི་ཤེས་རབ་མངོན་ཏུ་བྱེད་པར་དམ་འཆའ་བ་དང༌། འཇིག་རྟེན་ལས་འདས་པ་ཆུང་ངུའི་ཤེས་རབ་ཐོབ་པར་དམ་འཆའ་བ་དང༌། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ཐོབ་པར་དམ་འཆའ་བའོ། །དང་པོ་ནི། བཟོའི་གནས་མི་འདྲ་བ་བཅོ་བརྒྱད་ལྟ་བུ་དང༌། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སམ། ཡང་ན། རིག་པའི་གནས་སྒྲ་ཚད་དང༌། སྙན་དངགས་སྡེབ་སྦྱོར་ལ་སོགས་པ་དག་དང༌། སྒྱུ་རྩལ་རྒྱ་མཚོའི་ཚོགས་རྣམས་མཆོག་ཏུ་ཕ་མཐའ་མཆོག་ཏུ་ཕུལ་དུ་ཕྱིན་པར་ཤོག་ཅིག ཅེས་པའོ། །བཟོ་དང་སྒྱུ་རྩལ་གྱི་རྣམ་གྲངས་ནི། བྱེ་བྲག་རྟོགས་བྱེད་ལས་འདི་ལྟར་བཤད་དེ། སྒྱུ་རྩལ། ཡི་གེ ལག་རྩིས། གྲངས། རྩིས། འཛིན་སྟངས། ཐོར་ཚུགས། གོམ་སྟངས། ལྕགས་ཀྱུ་སྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་ཐབས། འཕོང་གི་སློབ་དཔོན་མདུན་དུ་བསྒྱུར་བ། ཕྱིར་བསྒྱུར་བ། མཆོངས་པ། གྱད་ཀྱི་འཛིན་སྟངས། བང༌། རྐྱལ་བ། བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཞེས་སོགས་བཤད་ལ། འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཞེས་པའང༌། རིག་པའི་གནས་བཅོ་བརྒྱད་སྟོན་པ་སྟེ། སྒྲ་དང༌། གསོ་དཔྱད་དང༌། ཆོས་ལུགས་དང༌། རོལ་མོ་དང༌། འཁྲིག་ཐབས་དང༌། སྐར་མའི་དཔྱད་དང༌། རྩིས་དང༌། མིག་འཕྲུལ་དང༌། སྔོན་གྱི་གཏམ་རྒྱུད་ལ་སོགས་པའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ཚིག་གི་དོན་ཏེ། འཇིག་རྟེན་གྱི་གཞུང་ལུགས་མ་ལུས་པ་དག་རྟོགས་ཤིང༌། གཞན་ལ་སྟོན་པའི་ཚུལ་མཁས་པར་ཤོག འདི་ནི་ཀུན་རྫོབ་རྟོགས་པའི་ཤེས་རབ་སྟེ། འདི་ལ་མཁས་པར་གྱུར་པ་ན་ཐབས་ཀྱི་ཆ་ལ་མི་རྨོངས་པས། བསོད་ནམས་ཀྱི་ཚོགས་ཀྱི་ཚུལ་དུ་གྱུར་པས་ན། འཇིག་རྟེན་ལས་འདས་པ་ཆུང་ངུའི་ཤེས་རབ་ཅེས་བྱའོ། །ཡང་ན་རྐང་པ་འདིས། ཇི་སྐད་དུ། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་འབྱུང་བ་ལྟར། ཚིག་ཤེས་པའི་ཤེས་རབ་བསྟན་པ་ཡིན་ལ། རྐང་པ་འོག་མ་གཉིས་ཀྱིས་དོན་ཤེས་པའི་ཤེས་རབ་འཆད་པ་ཡིན་ནོ། །འདི་ཡང་མདོ་སྡེའི་རྒྱན་དུ། ཆོས་ཤེས་པ་དང༌། དོན་ཤེས་པ་ཞེས་པའི་ཐ་སྙད་འབྱུང་བ་དང༌། སོ་སོར་ཡང་དག་པར་རིག་པ་བཞིའི་ཚིགས་སོ་སོར་ཡང་དག་པར་རིག་པ་དང༌། དོན་སོ་སོར་ཡང་དག་པར་རིག་པ་ཞེས་འབྱུང་བ་དང་མཐུན་ནོ། །གསུམ་པ་ནི། སངས་རྒྱས་ཀྱི་གསུང་རབ་ཀྱི་དབང་དུ་བྱས་པའི་ཚིག་དོན་མ་ལུས་པ་སྤྱོད་པའི་ཤེས་རབ་ནི། འཆལ་པ་དང་མ་འདྲེས་པས་ན་དྲི་མ་མེད་པ་དང༌། ཐོགས་པ་མེད་པར་འཇུག་པས་ན་རྣོན་པོ་དང༌། ཉི་ཚེ་བ་ཙམ་མ་ཡིན་པས་ན་དཔག་ཏུ་མེད་པ་ཐོབ་པར་ཤོག་ཅིག གཉིས་པ་གཞན་ལ་སྟོན་པར་དམ་འཆའ་བ་ལ་གཉིས་ཏེ། ཟབ་པའི་ཆོས་འཆད་པར་དམ་འཆའ་བ་དང༌། རྒྱ་ཆེ་བའི་ཆོས་འཆད་པར་དམ་བཅའ་བའོ། །དང་པོ་ནི། ནས་ཞེས་པ་རིམ་པར་སྟོན་པའི་ཚིག་སྟེ། དཔེར་ན། ཁྲུས་བྱས་ནས་ཟན་བཟའ་ཞེས་པ་བཞིན་ནོ། །དེ་ཡང་འདི་ལྟར། སེམས་ཅན་རྣམས་ལ་བརྗོད་བྱ་ཤིན་ཏུ་ཟབ་ཅིང༌། རྗོད་བྱེད་རིག་པ་དང་ལྡན་པའི་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀྱི་ནི་བགོ་བཤའ་རང་རང་གི་སྐལ་བ་དང་འཚམས་པར་བགྱིའོ། །འདི་ཡང་ཇི་སྐད་དུ། རྒྱན་ལས། དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ངག་དང་ཚིག་རྣམས་དྲི་མེད་པས། །ཞེས་འབྱུང་བ་དང་མཐུན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་གསུང་རབ་དག་མཐར་ཕྱིན་པ་སྟེ་རྫོགས་པར་མ་རྟོགས་པའི་སེམས་ཅན་མ་ལུས་པ་ནི་མཐའ་དག་ལ་རབ་ཏུ་སྟོན་པར་བགྱིའོ། །གང་གི་སྒོ་ནས་ཤེ་ན། དྲང་དོན་དང་ངེས་དོན་གྱི་ཚུལ་རབ་ཏུ་མང་པོ་དག་གི་སྒོ་ནས་སོ། །ཇི་ལྟར་ཞེ་ན། སེམས་ལ་ཡི་གེར་བྲིས་པ་དང་འདྲ་བར་དང་ནོར་འཁྲུལ་མེད་པའི་གསལ་པོ་ཉིད་དུའོ། །འདིར་མཐར་ཕྱིན་ཞེས་པ་ནི། རྗོད་བྱེད་གསུང་རབ་ཀྱི་ཚོགས་མཐའ་དག་ལ་བྱ་བ་མ་ཡིན་གྱི། བརྗོད་བྱ་ཐབས་དང་ཤེས་རབ་ཆ་ཚང་བ་ལ་ནི་མཐའ་དག་ཅེས་བྱའོ། །དེའི་ཕྱིར་དམན་པའི་སྡེ་སྣོད་ལ་ནི་བརྗོད་བྱ་མཐར་ཕྱིན་པ་ཞེས་མི་བྱ་སྟེ། རྒྱན་ལས། མ་ཚང་བ་དང་འགལ་བ་དང༌། །ཐབས་མིན་དེ་ལྟ་མ་བསྟན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་གསུངས་སོ། །གཉིས་པ་ལ་ཡང་སྔར་ལྟར་གཉིས་ལས། དང་པོ་ནི། རྒྱན་ལས། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང༌། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང༌། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཅེས་སོ། །འདིར་གསུམ་ཞེས་པ་ནི། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དམན་པ་དང་ཆེན་པོ་གཉིས་ཏེ་གསུམ་ལ་འགྲེལ་པས་བཤད་ལ། དེའི་གོ་བ་ཡང༌། དང་པོ་ཀུན་རྫོབ་ཤེས་པ་དང༌། ཕྱི་མ་གཉིས་དོན་དམ་ཤེས་པའོ། །དེ་ལའང་ཕྱི་རོལ་པ་དང་ཐུན་མོང་གི་རིག་པའི་གནས་ཤེས་པ། གཉིས་པ་ནི། སངས་རྒྱས་ཀྱི་གསུང་རབ་ཁོ་ནའི་དབང་དུ་བྱས་པའི་ཟབ་རྒྱས་ཀྱི་ཆོས་རྣམས་ཤེས་པའོ། །དེ་ལྟར་འཆད་པ་ན། སྔར་གོང་དུ་བཤད་མ་ཐག་པའི་གཞུང་གི་གོ་རིམ་ཅུང་ཟད་བཟློག་སྟེ་ཤླཽ་ཀ་དང་པོའི་རྐང་པ་ཕྱི་མ་གཉིས་སྔར་བཤད་པར་བྱའོ། །གཉིས་པ་ནི། ཇི་སྐད་དུ། ཤེས་རབ་རྟེན་དང་གཞི་དང་ནི། །ཞེས་སོགས་སྔ་མ་བཞིན་ནོ། །བདུན་པ་ཐབས་མཁས་ཀྱི་ཕར་ཕྱིན་དམ་བཅའ་བ་ནི། ཐབས་ཀྱི་སྤྱོད་པ་སྒྲུབ་པའི་སྒོ་ནས་བསྒྲུབ་པར་བགྱིའོ། །གང་ན་སྟོབས་བཅུ་པའི་གོ་འཕང་དེའོ། །གོ་འཕང་དེ་ཇི་ལྟ་བུ་ཞེ་ན། ཅི་ནས་གཞན་དོན་མཐར་ཕྱིན་པར་སྨོན་ལམ་བཏབ་པའི་འབྲས་བུ་དང་བཅས་པའོ། །རྒྱུ་ཐབས་མཁས་དེ་ཇི་ལྟ་བུ་ཞེ་ན། འགྲོ་བའི་དོན་མ་ཚང་བ་མེད་པའི་འབྲས་བུ་མཆིས་པར་བགྱིད་པའི་ཐབས་སོ། །འབྲས་བུ་དེ་ནམ་གྱི་ཚེ་འབྱུང་ཞེ་ན། སྟོབས་བཅུ་པའི་གོ་འཕང་དེར་མངོན་པར་འཛེགས་པའི་ཚེ་ནའོ། །འདིར་ཐབས་མཁས་ཀྱི་ངོ་བོ་ནི། ཡང་དག་པའི་མཐའ་མངོན་དུ་བྱ་བའི་དུས་དང་དུས་མ་ཡིན་པ་ཤེས་པ་ཞིག་ཡིན་ལ། འདི་ནི་འཕྲིན་ལས་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་སྟེ། ཕར་ཕྱིན་པ་དག་འཕྲིན་ལས་ཀྱི་རྒྱུ་ཐབས་མཁས་ཀྱི་སྦྱོར་བ་ཞེས་འཆད་དོ། །ཐབས་ལ་མཁས་པ་འདི་ནི། གཞན་དོན་མཐར་ཕྱིན་པའི་སྐུ་གཉིས་ཀྱི་མེད་ན་མི་འབྱུང་བའི་རྒྱུ་སྟེ། འདི་མེད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དག་གིས་ཀྱང༌། ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དུས་མ་ཡིན་པར་ཡང་མངོན་དུ་བྱས་ནས། ཆད་པའི་མྱང་འདས་ཀྱི་མཐར་ལྟུང་བ་སྲིད་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས་དབུ་མ་ལ་འཇུག་པར། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང༌། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང༌། །ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བའང་ཐོབ། །ཅེས་གསུངས་སོ། །དེ་ལྟར་བཤད་པ་དེས་ནི་ཐབས་མཁས་ཀྱི་ཕ་རོལ་ཏུ་ཕྱིན་པའང༌། ངོ་བོ། རྒྱུ། འབྲས། ལས། ལྡན། འཇུག་པ་དྲུག་གི་སྒོ་ནས་འཆད་པའང་བདེ་བླག་ཏུ་ཤེས་པར་འགྱུར་ཞིང༌། ཐེག་པ་དམན་པ་པ་དག་ལ་འདི་མེད་པའི་ཕྱིར་བྱང་སེམས་ཀྱི་ཐབས་མཁས་མཆོག་ཉིད་དུ་སྒྲུབས་པ་མི་འཆད་དོ། །བརྒྱད་པ་སྨོན་ལམ་གྱི་ཕར་ཕྱིན་དམ་འཆའ་བ་ནི། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་ཐོབ་པར་བགྱིའོ། །དུས་ནི་རྒྱུན་དུའོ། །ཚུལ་ནི་ཐུབ་པ་རྣམས་ཀྱི་སྨོན་ལམ་སྔོན་སེམས་ཅན་རྣམས་ལ་ཕན་པའི་རྒྱུ་ཇི་ལྟ་ཇི་ལྟར་བཏབ་པ་མ་ལུས་པ་དེ་ལྟ་དེ་ལྟར་དུའོ། །སྨོན་ལམ་གྱི་ཕར་ཕྱིན་ངོ་བོ་རྒྱུ་འབྲས་ལ་སོགས་པའི་སྒོ་ནས་ངོས་འཛིན་པའང་སྔར་དགོས་དོན་གྱི་སྐབས་སུ་བཤད་པ་ལས་རྟོགས་པར་གྱུར་པ་དེ་ཉིད་དོ། །དགུ་པ་སྟོབས་ཀྱི་ཕར་ཕྱིན་དམ་འཆའ་བ་ནི། མཉམ་གཞག་ཏུ་ནང་སེམས་ཀྱི་སྤྱོད་པ་རྣམས་ནི། མི་མཐུན་པའི་ཕྱོགས་ཀྱིས་མི་གཡོ་ཞིང༌། རྗེས་ཐོབ་ཏུ་ས་སྟེང་གི་འགྲོ་བ་ཇི་སྙེད་པ་ལ་ཕན་པ་ཁོ་ནས་གནས་པར་བགྱིའོ། །ཇི་ལྟར་མི་གཡོ་ཞེ་ན། ཕྱི་རོལ་ཡུལ་གྱི་དགྲའི་ཚོགས་ནི་མི་བཟད་པ་སྟེ་གདུག་པ་ཅན་མ་ལུས་པ་མཐའ་དག མོད་ལ་སྟེ་དེ་མ་ཐག་ཏུ་ཅི་དགའ་བར་ཏེ་འབད་རྩོལ་མེད་པར་ཟིལ་གྱིས་མནན་ནས་སོ། །འདིར་སྟོབས་ཀྱི་ངོ་བོ་ནི། མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པས་ན་དེ་ཞེས་བྱ་ལ། དེ་ལའང་ཐབས་ཀྱི་ཆ་ལ་དེས་བརྫི་བར་མི་ནུས་པ་དང༌། ཤེས་རབ་ཀྱི་ཆ་ལ་དེས་བརྫི་བར་མི་ནུས་པ་གཉིས། དེ་གཉིས་ཀ་ཡང༌། དད་པ་དང༌། བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་དེར་འདུས་ཤིང༌། དེ་དང་པོར་ཐོབ་པའི་ས་མཚམས་ཀྱང༌། ངེས་འབྱེད་བཟོད་པ་ནས་ཡིན་ཏེ། བཤེས་སྤྲིང་ལས། དད་དང་བརྩོན་འགྲུས་དག་དང་དྲན་པ་དང༌། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས་ཞེས་དང༌། མདོ་སྡེའི་རྒྱན་ལས། མི་མཐུན་ཕྱོགས་ཉམས་ཆུང་བ་ཡང༌། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཞེས་གསུངས་སོ། །བཅུ་པ་ཡེ་ཤེས་ཀྱི་ཕར་ཕྱིན་དམ་འཆའ་བ་ནི། མཉམ་གཞག་ཏུ་རྟོག་པའི་དྲྭ་བ་རྣམས་ནི་སྤངས་ནས་སུ། རྗེས་ཐོབ་ཏུ་འཇིག་རྟེན་གསུམ་ལ་ཕན་པ་ཁོ་ན་བགྱིད་པར་གྱུར་ཅིག གཉེན་པོ་གང་གིས་སྤོང་ཞེ་ན། ཕྱི་ནང་གི་ཆོས་འདི་དག་ནི། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྤྲུལ་པ་ལྟ་བུར་འཁྲུལ་པའི་ངོར་སྣང་ཡང༌། སྣང་བ་ལྟར་མི་བདེན་པ་ཉིད་དུ་ཡང་དག་པར་རྟོགས་པའི་ཤེས་རབ་མངོན་དུ་བགྱིས་ནས་སོ། །ཡེ་ཤེས་ཀྱི་ཕར་ཕྱིན་ལ་དབང་འབྱོར་བ་ཐོབ་པ་ན། གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པ་ཞེས་བྱ་བ་ཡིན་ཏེ། ཡུམ་ལས། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །ཞེས་དང༌། རྒྱུད་བླ་མར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་དང༌། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཉམ་པ་ཉིད། །ཅེས་སོ། །སྤྱིར་ཡེ་ཤེས་ལ་དབང་འབྱོར་བ་ཐོབ་པ་ལ་ནི། རྣམ་པར་ཤེས་པའི་ཚོགས་གནས་གྱུར་པ་ཐོབ་པ་ལ་རག་ལས་པ་ཡིན་ལ། རྣམ་པར་ཤེས་པ་ཡང་ཚོགས་བརྒྱད་འཁོར་དང་བཅས་པ་ཡིན་ལ། དེ་དག་གི་གནས་གྱུར་ལ། གནས་སྐབས་དང༌། མཐར་ཐུག་གཉིས་ལས། དང་པོ་ནི། དམན་པའི་ལྷག་མེད་ཀྱི་མྱང་འདས་སུ་ཡང་མངའ་བ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ཞེས་ཐེག་པ་གསུམ་ཀའི་རྟེན་ཅན་དུ་བཤད་པས་སོ། །དེ་ལྟ་ན་ཡང༌། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ནི་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར། དེ་ལྟ་མོད་ཀྱི། ལྷག་མེད་ཀྱི་དབྱིངས་ན་ཤེས་པ་གང་ཡོད་པ་དེ་ཐམས་ཅད་ནི་ཡེ་ཤེས་ཁོ་ན་ཡིན་གྱི། རྣམ་པར་ཤེས་པའི་ཆ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དམན་ལམ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་སངས་རྒྱས་ལས་གཞན་དུ་མེད་ལ། ཚོགས་བདུན་པོ་གཞན་དུ་གྱུར་པ་ནི་ས་བརྒྱད་པ་ནས་ཏེ། དེ་ཉིད་ལས། ཇི་སྐད་དུ། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་བཞི་སྟེ། །ཞེས་སོ། །དེ་ལྟར་ན་ཡང་མཉམ་ཉིད་ཡེ་ཤེས་སོགས་མངོན་དུ་མ་གྱུར་པའི་ཤེས་བྱེད་ནི་སྔ་མ་དང་འདྲ་ལ། ཞིབ་མོར་ན། གནས་སྐབས་ཀྱི་འདི་དག་ལ་གཞན་དུ་གྱུར་པ་ཞེས་བྱའི། གནས་གྱུར་པ་ཞེས་མི་བྱ་ཞིང༌། གནས་གྱུར་པ་མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ཁོ་ན་སྟེ། དེར་རྣམ་ཤེས་ཀྱི་ཆོས་རྡུལ་ཙམ་ཡང་མ་དམིགས་པའི་ཕྱིར་རོ། །མདོར་ན་ཕ་རོལ་ཏུ་ཕྱིན་པ་ཕྱི་མ་བཞི་པོ་འདི་ནི་ཤེས་རབ་ཀྱི་ཕར་ཕྱིན་དུ་འདུ་ཞིང༌། ཤེས་རབ་ཉིད་བྱེད་ལས་མི་འདྲ་བ་བཞི་བྱེད་པའི་ཆ་ནས་བཞིར་ཕྱེ་བ་ཡིན་ཏེ། དབུས་མཐའ་ལས། ཇི་སྐད་དུ། མི་ཟད་པ་དང་རྟག་འཇུག་དང༌། །ངེས་དང་ལོངས་སྤྱོད་སྨིན་པར་བྱེད། །ཅེས་ཐབས་ཀྱིས་སྦྱིན་སོགས་དགེ་བ་རྣམས་བྱང་ཆུབ་ཏུ་བསྔོ་བས་མི་ཟད་པར་བྱེད། སྨོན་ལམ་གྱི་རྐྱེན་འཁོར་ལོ་བཞི་དང་ལྡན་པར་སྨོན་པ་འགྲུབ་པས་སྦྱིན་སོགས་ལ་རྟག་ཏུ་འཇུག སྟོབས་ཀྱི་མི་མཐུན་ཕྱོགས་ཟིལ་གྱིས་མནན་པས་སྦྱིན་སོགས་ལ་ངེས་པར་འཇུག ཡེ་ཤེས་ཀྱི་གནས་ལུགས་ལ་མ་རྨོངས་པས་སྦྱིན་སོགས་ལ་ལོངས་སྤྱོད་ཅིང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་ཡིན་ནོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་ཚུལ་བཞིན་དུ་སློབ་པར་དམ་བཅས་པས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཚུལ་བསྟན་པ་ཡིན་ཏེ། སྨོན་ལམ་གྱི་ངོ་བོ་ནི། སངས་རྒྱས་པ་ན་གཞན་གྱི་དོན་ལྷུན་གྲུབ་རྒྱུན་མི་ཆད་དུ་འབྱུང་བར་སྨོན་པ་ཉིད་ཡིན་ལ། དེའི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སློབ་པ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་སེམས་ཅན་སྨིན་པར་དམ་བཅའ་བ་ལ་གཉིས་ཏེ། བསམ་པས་ཚད་མེད་བཞི་སྒོམ་པ་དང༌། སྦྱོར་བས་བསྡུ་བའི་དངོས་པོ་བཞི་བསྒྲུབ་པའོ། །དང་པོ་ལ་བཞི་ལས། ཕ་བཞིན་དུ་བྱམས་པར་སྨོན་པ་ནི། ཇི་ལྟར་འཇིག་རྟེན་ན་ཕ་དག་བུ་གཅིག་པུ་ལྷག་པར་གཅེས་པ་བཞིན་དུ། བསམ་པས་གཞན་ལ་འཚེ་བའི་ནག་ནོག་མ་ལུས་པ་དག་སྤངས་ནས་སུ། སྦྱོར་བས་དུས་རྒྱུན་མི་ཆད་པར། ཡུལ་འགྲོ་བ་མཐའ་དག་ལ་ལས་སུ་བྱ་བ་བྱམས་པ་སྟེ། བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་ཅན་དུ་སྒོམ་པ་དག་གིས་གནས་པར་བགྱིའོ། །གཉིས་པ་མ་བཞིན་དུ་བརྩེ་བར་སྨོན་པ་ནི། འཇིག་རྟེན་ན་མ་དག ཡུལ་རང་གི་བུ་ན་བ་ལ་བསམ་པ་བརྩེ་བ་སྟེ་སྡུག་བསྔལ་དང་བྲལ་འདོད་ཀྱི་བློས་སྦྱོར་བ་ཁུ་ལྗོང་མང་པོས་རྗེས་སུ་མཐུན་པར་སྤྱོད་པ་དེ་བཞིན་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བདག་ཀྱང༌། ཡུལ་འགྲོ་བ་སེམས་ཅན་ལ། བསམ་པ་སྙིང་རྗེ་དཔེ་ལས་བརྒྱ་འགྱུར་དུ་བསྒྱུར་བ་ཡུལ་སོ་སོར་བགྱིད་པར་ཤོག་ཅིག འདིར་ཁུ་འཇོ་བའི་ཞེས་དང༌། ཁུལ་ལྗི་ཞེས་པ་ནི་ཡི་གེ་མ་དག་པའོ། །གསུམ་པ་བུ་གཅིག་པ་ལ་དགའ་བ་དང་འདྲ་བར་སྨོན་པ་ནི། ཡུལ་སེམས་ཅན་ཕ་རོལ་བདེ་བའི་འབྱོར་བ་མཐོང་ནས་ནི། བསམ་པ་ལྷག་པར་དགའ་བ་སྟེ། བདེ་བ་དེ་དང་མི་འབྲལ་བར་འདོད་པའི་བློ་མང་པོ་སྐྱེད་ནས་སུ། དེ་ལྟ་བུའི་དགའ་བ་སྒོམ་པ་དག་གིས་དུས་རྟག་ཏུ་གནས་པར་བགྱིའོ། །དཔེ་ནི། འཇིག་རྟེན་ན་ཕ་མ་དག་སྙིང་གི་བུ་གཅིག་པ་ལ་བདེ་བ་སྐྱེས་པ་ན་བདེ་བ་དེ་དང་མི་འབྲལ་བའི་བློ་སྐྱེད་པ་བཞིན་ནོ། །བཞི་པ་རང་གི་བུ་ལ་བྱ་བ་སློབ་པ་དང་འདྲ་བར་བཏང་སྙོམས་ལ་གནས་པར་དམ་འཆའ་བ་ནི། ཡུལ་སེམས་ཅན་རྣམས་ལ་ཕན་པ་སྟེ་བདེ་བ་དང༌། གནོད་པ་སྟེ་སྡུག་བསྔལ་བའི་རྒྱུ་གཉེན་ལ་རྗེས་སུ་ཆགས་པ་དང༌། དགྲ་ལ་ཁོང་ཁྲོ་བ་སྤངས་ནས་ནི། འཇིག་རྟེན་གསུམ་པོ་ཀུན་གྱི་དོན་སྒྲུབ་པར་ཤོག་ཅིག དཔེ་ཇི་ལྟར་ཞེ་ན། འཇིག་རྟེན་ན་ཕ་བཟང་པོ་དག་རང་གི་བུ་ལ་བགྱི་བ་སྟེ་བྱ་བ་ཚུལ་དང་མཐུན་པར་སྒྲུབ་པ་བཞིན་ནོ། །དེ་ཡང་ཚོར་བ་བདེ་བས་ནི་རྗེས་སུ་ཆགས་པ་འདྲེན་པར་བྱེད། སྡུག་བསྔལ་གྱིས་ནི་ཁོང་ཁྲོ་བ་འདྲེན་པར་བྱེད་པས་ན། སེམས་ཅན་ཐམས་ཅད་རྒྱུ་རྣམ་འཚེ་དང༌། འདོད་པའི་འདོད་ཆགས་དེ་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་སྨོན་པའོ། །འདིའི་སྐབས་ཀྱི་བདེ་སྡུག་བཏང་སྙོམས་གསུམ་ལ་ནི། རྟེན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས། ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང༌། དོན་དམ་པའི་དབང་དུ་བྱས་པ་གཉིས་སུ་འགྱུར་རོ། །གཉིས་པ་བྱང་སེམས་ཀྱི་ཚད་མེད་ངོས་བཟུང་བ་ནི། མདོ་སྡེའི་རྒྱན་ལས། བརྟན་པའི་ཚངས་པ་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཅེས་ཁྱད་པར་བཞི་ལྡན་དུ་བཤད་དོ། །དམིགས་པ་གསུམ་པོའི་ཁྱད་པར་ནི། དེ་ཉིད་ལས། ཉོན་མོངས་ཅན་དང་དེ་དག་བསྟན་བཅོས་དང༌། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །ཅེས་གསུངས་ལ། དེའི་དོན་ནི། འདོད་པའི་བདེ་བ་དང་ཕྲད་འདོད་པ་དང༌། སྡུག་བསྔལ་དང་བྲལ་འདོད་པ་དང༌། བདེ་བ་དང་མི་འབྲལ་བར་འདོད་པ་དང༌། འདོད་པའི་འདོད་ཆགས་ཞེ་སྡང་གཉིས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པའི་སེམས་ཅན་རྣམས་ནི། སེམས་ཅན་ལ་དམིགས་པའི་བྱམས་སོགས་བཞིའི་དམིགས་པ་དང༌། སེམས་ཅན་གྱི་གདགས་གཞིར་གྱུར་པའི་ཕུང་པོ་ཆོས་ཙམ་ནི། ཆོས་ལ་དམིགས་པའི་བྱམས་སོགས་ཀྱི་དམིགས་པ་དང༌། སེམས་ཅན་རྣམས་ཀྱི་ཆོས་ཉིད་ནི། དམིགས་མེད་ལ་དམིགས་པའི་བྱམས་སོགས་ཀྱི་དམིགས་པའོ། །འདི་ཡང་གང་ཟག་དང་ཆོས་གཉིས་སུ་རྣམ་པར་མི་རྟོག་པས་ན་དམིགས་པ་མེད་པ་ཞེས་བྱ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་དག་འཁྲུལ་ངོར་སྡུག་བསྔལ་དང་བྲལ་བ་ལ་སོགས་པར་འདོད་པས་ན། དམིགས་པ་མེད་པའི་སྙིང་རྗེ་ལ་སོགས་པའི་མིང་གིས་བཏགས་སོ། །བཞི་པོ་འདིའི་ཐུན་མོང་གི་བྱེད་ལས་ནི། ཇི་སྐད་དུ། ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང༌། །སེམས་ཅན་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །ཞེས་པས་ནི། རྣམ་སྨིན་ལ་སོགས་པའི་འབྲས་བུ་ལྔ་ངོས་བཟུང་བ་ཡིན་ལ། ཇི་སྐད་དུ། བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་ཟད་པས་ཀྱང་མི་འགྱུར་རོ། །ཞེས་པས་ནི། དེ་དག་སྐྱེས་པའི་རྟགས་ངོས་བཟུང་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་གང་དང་གང་སྤོང་བའི་ཁྱད་པར་ཡང༌། དེ་ཉིད་ལས། བྱང་ཆུབ་སེམས་དཔའ་གནོད་སེམས་དང༌། །འདོད་པའི་འདོད་ཆགས་དང་ལྡན་པ། །ཞེས་དང༌། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོང་མི་གཏོང༌། །ཞེས་གསུངས་སོ། །གཉིས་པ་སྦྱོར་བ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་སྨིན་པའི་ཚུལ་ལ་བཞི་སྟེ། དོན་མཐུན་པ་ལ་གནས་ནས་སེམས་ཅན་སྨིན་པར་དམ་འཆའ་བ་དང༌། དོན་སྤྱོད་པའི་སྒོ་ནས་དེ་སྨིན་པར་དང༌། སྙན་པར་སྨྲ་བའི་སྒོ་ནས་དེ་སྨིན་པར་དང༌། སྦྱིན་པའི་སྒོ་ནས་དེ་སྨིན་པར་དམ་འཆའ་བའོ། །དང་པོ་ནི། བྱང་སེམས་རང་གི་དབང་བཅུ་དང༌། མངོན་པར་ཤེས་པ་དྲུག་དང༌། སོ་སོར་ཡང་དག་པར་རིག་པ་བཞི་དང༌། ཚིག་ལ་སོགས་པའི་གཟུངས་རྣམ་པ་བཞི་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལ་སོགས་པ་གསུམ་རྟོགས་ཤིང༌། རང་དེ་ལ་གནས་ནས། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དུས་རྟག་ཏུ་ཕན་པའི་བྱ་བ་མ་ལུས་པ་ཅིག་ཆར་དུ་བགྱིད་པར་ཤོག་ཅིག འདི་ལ་ནི་དོན་མཐུན་པ་ཞེས་བྱ་སྟེ། རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱི། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གཞན་གང་ལ་འགོད་པའི་ཆོས་དེ་ལ་རང་ཉིད་ཀྱང་གནས་པ་ལ་ནི་དོན་མཐུན་པ་ཞེས་བྱ་བའི་མིང་གིས་འདོགས་པར་བཤད་པའི་ཕྱིར་རོ། །གཉིས་པ་དོན་སྤྱོད་པ་ལ་གཉིས་ཏེ། གཞན་སངས་རྒྱས་ཀྱི་ཆོས་ལ་འགོད་པ་དང༌། གཞན་འཇིག་རྟེན་གྱི་ཆོས་དང༌། རིག་པའི་གནས་ལ་འགོད་པའོ། །དང་པོ་ནི། སངས་རྒྱས་ཞེས་བྱ་བའི་སྒྲ་ནི་རྣ་ལམ་དུ་ཐོས་མ་མྱོང་བའི་ཡུལ་ཁམས་གང་ལགས་པ་དེར་ནི། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའམ། མཛད་པ་བཅུ་གཉིས་ལ་སོགས་པའི་ཐབས་ཚུལ་རྣམ་པ་སྣ་ཚོགས་པ་དག་གིས། སངས་རྒྱས་ཀྱི་མཛད་པ་དག་དང་མཐུན་པར། སེམས་ཅན་རྣམས་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་ལམ་ལ་འགོད་པར་བགྱིའོ། །གཉིས་པ་ནི། ནམ་ཞིག་འཇིག་རྟེན་འདིར་ནི་སྲིད་པ་གསུམ་གྱི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཉི་མ་ཤར་བར་མ་གྱུར་པ་དེར་ནི་སྟེ་དེ་སྲིད་དུ། བྱང་སེམས་བདག་གིས་ཉི་མ་བཞིན་དུ་ནི། བཟོ་དང༌། གསོ་བ་དང༌། སྒྲ་དང༌། གཏན་ཚིགས་དང༌། ནང་རིག་པ་མངོན་པར་མཐོ་བའི་ལམ་བསྟན་པའི་སྒོ་ནས་འཇིག་རྟེན་ཀུན་གྱི་རབ་རིབ་སེལ་བར་བགྱིའོ། །འདི་དག་ལ་ནི་དོན་སྤྱོད་པ་ཞེས་བྱ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག གཞན་དག་ཡང་དག་པར་ལེན་དུ་འཇུག་པ་ལ་དེའི་མིང་གིས་བཏགས་པའི་ཕྱིར། ཚིགས་སུ་བཅད་པ་སྔ་ཕྱི་གཉིས་ཀྱི་དོན་སྟོན་ཚུལ་དེ་ལྟར་ཡིན་པའི་ཤེས་བྱེད་ཀྱང༌། ཐེག་པ་གསུམ་གྱི་དམ་པའི་ཆོས་ནི་སངས་རྒྱས་མ་བྱོན་པ་དེ་སྲིད་དུ་མི་འབྱུང་ལ། དཀོན་མཆོག་གསུམ་གྱི་སྒྲ་མ་ཐོས་པའི་ཡུལ་དག་ཏུ། སངས་རྒྱས་སམ། དེའི་བསྟན་པ་འཛིན་པ་དག་གིས་དམ་པའི་ཆོས་སྟོན་པ་མི་འགལ་བའི་ཕྱིར་རོ། །གསུམ་པ་སྙན་པར་སྨྲ་བས་གཞན་སྨིན་པར་དམ་བཅའ་བ་ནི། བྱང་སེམས་བདག་གི་དམ་པའི་ཆོས་འཆད་པའི་ཚིག་དག་གི་སྤྱོད་ཡུལ་རྣམས་ལ་བརྟེན་ནས་འདུལ་བར་བགྱིའོ། །སུ་ཞིག་ན། བདེ་གཤེགས་རབ་ཏུ་མང་པོ་ཡིས་སྤངས་པའི་ཡུལ་དག་ན། སྡིག་པས་སྤགས་པ་གང་ལགས་པའི་འགྲོ་བ་དེ་དག་ནིའོ། །འདིར་ཡི་དྭགས་ཞེས་འབྱུང་བ་ནི་ཡི་གེ་མ་དག་པའོ། །འདི་ཡང་དཔེར་ན། སྙིགས་མ་ལྔ་ཤས་ཆེ་བའི་ཡུལ་དུས་དེར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་དཀོན་པ་དེའི་ཚེ། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་དེར་སེམས་བསྐྱེད་པ་ལྟ་བུའོ། །བཞི་པ་སྦྱིན་པས་སེམས་ཅན་སྨིན་པར་དམ་བཅའ་བ་ལ་གསུམ་སྟེ། ཆོས་ཀྱི་སྦྱིན་པས་དང༌། མི་འཇིགས་པའི་སྦྱིན་པས་དང༌། ཟང་ཟིང་གི་སྦྱིན་པས་སེམས་ཅན་སྨིན་པར་དམ་བཅའ་བའོ། །དང་པོ་ནི། བྱང་སེམས་བདག་ནི་འཇིག་རྟེན་ཏེ་སེམས་ཅན་མ་ལུས་པ་བདག་གིས་བསྙེན་བཀུར་ཏེ། རིམ་གྲོ་བགྱིད་པ་དག་ལ། ཉེ་དུ་དང་འདྲ་བར་བསམ་པ་ཐག་པས་བགྱིད་པ་དང༌། བྱམས་པའི་ཚུལ་ལ་མཛའ་བཤེས་ཏེ་གྲོགས་པོ་དང་འདྲ་བར་ཕན་འདོད་པ་དང༌། མ་བཞིན་དུ་སྙིང་བརྩེ་བས་ལན་ལ་རེ་བ་མེད་པར་རིམ་གྲོར་བྱ་བ་དག་སྒྲུབ་པ་དང༌། ཕ་བཞིན་དུ་གནས་སྐབས་དང་མཐར་ཐུག་ཏུ་ཕན་པའི་གདམས་ངག་འདོམས་པར་ཤོག་ཅིག གཉིས་པ་ནི། བྱང་སེམས་བདག་གི་མིང་ནི་དྲན་པ་ཙམ་གྱིས་ཀྱང་དེའི་མོད་ལ་འཇིགས་པས་ཉེན་པའི་འགྲོ་བ་མ་ལུས་པ་དག འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ལས་སྐྱོབ་པར་གྱུར་ཅིག ཚེ་འདིའི་འཇིགས་པ་ཁོ་ནར་མ་ཟད། ཕྱི་མར་སྲིད་པ་གསུམ་གྱི་སྡུག་བསྔལ་མ་ལུས་པ་དག་ལས་བསྐྱབས་པའི་སྒོ་ནས་སྤངས་པར་ཤོག་ཅིག གསུམ་པ་ནི། ཕོངས་པ་བརྒྱ་ཕྲག་དུ་མ་བསྟེན་པ་སྟེ་དང་དུ་བླངས་པའི་མི་དག་ལ། བྱང་སེམས་བདག་ནི་གཏེར་ཆེན་པོའི་བུམ་པ་བཟང་པོ་དང༌། ནད་པ་སོ་སོ་ལ་རང་དང་འཚམས་པའི་སྨན་དང་ནི། ཡི་དྭགས་ཀྱི་ཚོགས་ལ་རྒྱུན་མི་ཆད་པར་ཡང་བདུད་རྩིའི་ཆབ་ཀྱི་རྫིང་བུ་བཟང་པོ་དག་སྦྱིན་པར་ཤོག་ཅིག དེ་སྐད་དུ་ཡང༌། འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་འབབ་པའི་འོ་རྒྱུན་གྱིས། །ཡི་དྭགས་རྣམས་ནི་ཚིམ་བྱས་ཤིང༌། །ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག །ཅེས་དང༌། སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། ཡོ་བྱད་མཁོ་རྒུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །ཅེས་དང༌། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་གསོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང༌། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་སྤྱོད་འཇུག་ལས་འབྱུང་བ་དང་མཐུན་ནོ། །འདིར་བསྡུ་བའི་དངོས་པོ་བཞིའི་གོ་རིམ་ལུང་གཞན་ལས་འབྱུང་བ་དང་མི་མཐུན་པར་གོ་རིམ་བཟློག་ནས་བསྟན་པ་ནི། འབྲས་བུ་སྔར་བསྟན་ནས། རྒྱུ་ཕྱིས་སྟོན་པའི་རིམ་པ་སྟེ། ཡུམ་ལས། རྣམ་མཁྱེན་སྔར་བསྟན་ནས། དེའི་རྒྱུ་ཕྱིས་སྟོན་པ་དང་མཐུན་ནོ། །བསྡུ་དངོས་བཞི་པོ་འདི་ནི་དུས་གསུམ་ཆར་དུ་ཡང་སེམས་ཅན་སྨིན་པའི་ཐབས་བླ་ན་མེད་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། བསྡུས་དང་སྡུད་པར་འགྱུར་བ་དང༌། །གང་དག་ད་ལྟར་བསྡུས་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ལམ། །ཞེས་སོ། །འཁོར་སྡུད་པའི་ཐབས་བླ་ན་མེད་པ་ཡང་ཡིན་ཏེ། དེ་ཉིད་ལས། འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བརྟེན། །ཞེས་སོ། །དེ་ཇི་ལྟར་སྡུད་པའི་ཚུལ་ཡང༌། སློབ་དཔོན་རྟ་དབྱངས་ཀྱིས། བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཤིང༌། །སྙན་པར་སྨྲ་བའི་གཏམ་བརྗོད་ནས། །དོན་མཐུན་པ་ཡིས་བག་ཕབ་སྟེ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་སོ། །གསུམ་པ་ཞིང་སྦྱོང་བར་དམ་བཅའ་བ་ལ་གཉིས་ཏེ། སྣོད་ཀྱི་སྐྱོན་སྦྱོང་བར་བསྟན་པ་དང༌། བཅུད་ཀྱི་སྐྱོན་སྦྱོང་བར་བསྟན་པའོ། །དང་པོ་ནི། གཞན་ཡང་བྱང་སེམས་རང་ཉིད་གང་དུ་སངས་རྒྱས་པའི་ཞིང་དེར། ཤིན་ཏུ་སྨད་པའི་ངན་འགྲོའི་གནོད་པ་མ་ལུས་པ་ཞི་བར་བགྱིད་པར་ཤོག་ཅིག ཇི་ལྟར་ཞེ་ན། གྲང་བའི་དམྱལ་བར་དྲོ་བ་དང༌། ཚ་བའི་དམྱལ་བར་རྫི་དང་བཅས་པའི་ཆར་འབེབས་ཤིང༌། ཡི་དྭགས་རྣམས་ལ་ཟས་སྐོམ་གྱི་ཆར་འབབ་པ་དང༌། དུད་འགྲོ་རྣམས་ཀྱང་ཆོས་ཀྱི་བློ་དང་ལྡན་པར་བྱས་པའི་སྒོ་ནས་སོ། །དེ་སྐད་དུ་ཡང༌། སྤྱོད་འཇུག་ལས། འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་གྱུར་པ། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཅན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །བྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །ཅེས་པ་ནས། ལྕགས་སྲེག་གསེར་གྱི་ས་གཞི་བསྟར་བར་ཤོག ཅེས་དང༌། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྻའི། །རང་བཞིན་བཟང་པོར་གནས་གྱུར་ཅིག །ཅེས་བཤད་པ་དང་མཐུན་ནོ། །གཉིས་པ་ལ་གཉིས་ཏེ། འཁོར་བའི་ཉེས་པ་སེལ་བར་དམ་བཅའ་བ་དང༌། མྱང་འདས་ཀྱི་ཡོན་ཏན་སྒྲུབ་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། འདོད་པའི་སྡུག་བསྔལ་སྤོང་བར་དམ་བཅའ་བ་དང༌། སྲིད་པ་གསུམ་ཆར་གྱི་ཉོན་མོངས་སེལ་བར་དམ་འཆའ་བའོ། །དང་པོ་ནི། བྱང་སེམས་བདག་ནི་སངས་རྒྱས་པའི་ཞིང་དེར། འདོད་པའི་ཁམས་ཀྱི་འགྲོ་བས་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། ཕོངས་པ་མངོན་དུ་གྱུར་པ་ལ་ཅི་འདོད་སྟེར་བའི་གཉེན་བཤེས་སུ་འགྱུར་བ་དང༌། ལུས་ལ་ཉམ་ཐག་པའི་མདའི་ཆར་པ་འབབ་པ་ལ་གོ་ཆ་སྲ་བ་ཉིད་དུ་འགྱུར་བ་དང༌། ཡིད་ལ་མྱ་ངན་གྱི་མེ་འབར་བ་ལ་བསིལ་བའི་ཆབ་ཉིད་དུ་འགྱུར་བར་ཤོག་ཅིག འདི་ཡང་ཇི་སྐད་དུ། བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང༌། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །ཅེས་དང༌། མདག་མ་རྡོ་སྲེགས་མཚོན་གྱི་ཆར་པ་དག །དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར། །ཞེས་པ་དང་མཐུན་ནོ། །གཉིས་པ་ནི། རང་ཉིད་སངས་རྒྱས་པའི་ཞིང་དེར་འགྲོ་བ་དག་གིས་དྲན་ན་ཉོན་མོངས་པའི་དུག་གི་གཉེན་པོར་གྱུར་ཅིང༌། སྲིད་པ་གསུམ་གྱི་ཆུ་བོ་དག་ལ་ཟམ་པ་བརྟན་པོ་དང༌། ངན་སོང་རྣམས་ཀྱི་སྒོ་གཏན་བགྱིད་པར་ཤོག་ཅིག གཉིས་པ་ལ་གཉིས་ཏེ། ལམ་ལ་འགོད་པར་དམ་བཅའ་བ་དང༌། ལམ་གྱི་འབྲས་བུ་ལ་འགོད་པར་དམ་བཅའ་བའོ། །དང་པོ་ནི། གང་དུ་སངས་རྒྱས་པའི་ཞིང་དེར་བདག་གི་མིང་ཙམ་དྲན་ནའང༌། མཐོན་པོའི་གནས་སུ་འདྲེན་པའི་དཔྱང་ཐག་ལ་འཇུས་པ་བཞིན་དུ། འགྲོ་བ་སྲིད་པའི་གཡང་ས་རུ་ལྷུང་བ་མ་ལུས་པ་རྣམས། ཞི་བ་མྱ་ངན་ལས་འདས་པ་གསུམ་པོ་དག་གི་རྩེ་མོ་ལ་འཛེགས་པར་གྱུར་པའི་ཐེམ་སྐས་བཞི་པོ་ཉིད་དུ་གྱུར་ཅིག འདིར་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་བཞི་དང༌། དེར་འཛེགས་པའི་ཐེམ་སྐས་རྣམ་པ་བཞི་ཞེས་བྱ་བའི་ཐ་སྙད་ཡོད་པ་ལས། དང་པོ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་བཞི་པོ་དག་ཡིན་ལ། གཉིས་པ་ནི། བདེན་པ་བཞིའི་རྣམ་པ་བཅུ་དྲུག་པོ་དག་གོ །གཉིས་པ་ལ་གཉིས་ཏེ། མཐར་ཐུག་ཕན་པ་ལ་འགོད་པ་དང༌། གནས་སྐབས་བདེ་བ་ལ་འགོད་པའོ། །དང་པོ་ནི། བདག་གང་དུ་སངས་རྒྱས་པའི་ཞིང་དེར་བདག་ལ་དང་བ་རྣམས་ལྟ་ཞོག སྐད་ཅིག་ཙམ་ལ་ཡང་ཁྲོ་ཞིང༌། སྡང་བ་དེ་དག་གིས་ཀྱང་བདག་གི་མིང་བློ་ལ་དྲན་པ་ཙམ་ཞིག་བགྱིས་ན་ཡང༌། ངན་སོང་རྣམས་སུ་ལྟུང་བར་མི་འགྱུར་ཞིང༌། ངེས་པར་ཡང་དག་པའི་བྱང་ཆུབ་ཆེན་པོ་སྒྲུབ་པར་ཤོག་ཅིག འདི་ནི་ཇི་སྐད་དུ། ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །དཀའ་བ་སྤྱད་པ་མེད་པར་ཡང༌། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་འབྱུང་བ་དང་མཐུན་ནོ། །གཉིས་པ་ནི། ཟླ་ཟེར་དྲི་མ་མེད་པ་དེས་མཐོང་ན་ཡིད་དགའ་བར་བྱེད་པ་ལྟར་བདག་གི་ཡོན་ཏན་གྱི་ཆ་ཤས་ཕྲ་མོ་རྣམས་ཀྱང་འཇིག་རྟེན་མ་ལུས་པ་ལ་བདེ་བའི་རྒྱུར་གྱུར་ཅིག དེར་མ་ཟད་བདག་གི་དབུགས་ཙམ་ཕྱུང་བ་རྣམས་ཀྱང་བདེ་བ་དཔག་ཏུ་མེད་པ་སེམས་ཅན་ཕ་རོལ་ལ་བགྱིད་པར་ཤོག་ཅིག དོན་དེ་དག་ཀྱང༌། ཡུམ་ལས་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་དེ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སེམས་ཅན་ཡོང་ཡེ་མེད་པ་དེ་ལྟར་བྱའོ། །ཞིང་དེ་ན་རྐུན་པོའི་འཇིགས་པ་དང༌། ཆུའི་དགོན་པ་དང༌། བཀྲེས་པའི་དགོན་པ་འདི་ལྟ་བུ་ཡོང་ཡེ་མི་འབྱུང་བ་དང༌། སེམས་ཅན་དེ་དག་ཐམས་ཅད་བདེ་བར་འགྱུར་ཞིང༌། བདེ་བ་ལ་དབང་བ་དང༌། བདེ་བ་དང་ལྡན་པ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ། ཞེས་གསུངས་སོ། །དེ་ཡང་རྫོགས་སྨིན་སྦྱངས་གསུམ་དམ་བཅའ་བ་དང༌། དེ་མཐར་ཕྱིན་པ་གཉིས་ལས་སློབ་པའི་སར་ནི་དམ་བཅའ་བ་ཡིན་ལ། སངས་རྒྱས་ཀྱི་སར་ནི་མཐར་ཕྱིན་པའོ། །དེ་གསུམ་ལ་སློབ་པ་ནི། ངོ་བོ་གཅིག་ཅིང་ལྡོག་པས་ཕྱེ་བ་ཡིན་ཏེ། སངས་རྒྱས་ཀྱི་སར་གཞན་དོན་གྱི་སྐུ་ལྷུན་གྱིས་གྲུབ་པའི་ཆེད་དུ་ཕར་ཕྱིན་བཅུ་ལ་སློབ་པ་དང༌། སྐུ་དེས་སེམས་ཅན་གྱི་དོན་བྱེད་པ་ན་འཁོར་དུ་སེམས་ཅན་སྨིན་པ་ཤ་སྟག་འབྱུང་བའི་ཆེད་དུ་བཅུ་ལ་སློབ་པ་དང༌། སྐུ་དེ་གང་དུ་སངས་རྒྱས་པའི་ཞིང་དེ་སྣོད་བཅུད་ཀྱི་སྐྱོན་དང་བྲལ་བར་འབྱུང་བའི་ཆེད་དུ་ཕར་ཕྱིན་བཅུ་ལ་སློབ་པའོ། །དེའི་ཕྱིར་གསུམ་པོ་ཕར་ཕྱིན་བཅུ་ལ་སློབ་པའོ། །དེའི་ཕྱིར་གསུམ་པོ་མཐར་ཕྱིན་པའི་ཚེ་ན་ཡང་ངོ་བོ་གཅིག་ཏུ་གྲུབ་པའོ། །གཉིས་པ་འབྲས་བུ་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་པའི་ཚད་བཤད་ནས། དེ་ལ་སྨོན་པ་ལ་གསུམ་སྟེ། གཟུགས་ཀྱི་སྐུ་དག་པའི་ཞིང་དུ་སྨིན་པའི་སེམས་ཅན་གྱི་དོན་བྱ་བར་སྨོན་པ། མ་དག་པའི་ཞིང་དུ་མ་སྨིན་པའི་སེམས་ཅན་ལའང་སྐུའི་བཀོད་པ་སྟོན་པར་སྨོན་པ། སྐུའི་བཀོད་པ་བསྡུས་ཀྱང་ཕྲིན་ལས་རྒྱུན་མི་ཆད་པར་སྨོན་པའོ། །དང་པོ་ལ་གསུམ་སྟེ། སྨོན་ལམ་རྫོགས་པའི་ཚད་ངོས་བཟུང་ནས་དེ་ལ་སྨོན་པ་དང༌། སེམས་ཅན་སྨིན་པའི་ཚད་བཤད་ནས། དེ་ཉིད་ལ་སྨོན་ལམ་དུ་བྱ་བ། ཞིང་སྦྱངས་པའི་ཚད་བཤད་ནས་དེ་ཉིད་དོན་དུ་གཉེར་བའོ། །དང་པོ་ནི། སྟོབས་ལ་སོགས་པའི་ཡོན་ཏན་ཤིན་ཏུ་ཕུན་སུམ་ཚོགས་ཤིང༌། རང་གཞན་གྱི་དོན་མ་ལུས་པ་མཐར་ཕྱིན་པ་ཡི་སངས་རྒྱས་ཉིད་ཐོབ་ནས། དམ་པ་སྟེ་དགེ་ཞིང་མཁས་པའི་སངས་རྒྱས་དེ་ཉིད་ཁོ་ན་ལ་གདུལ་བྱར་གྱུར་པའི་འགྲོ་བ་མ་ལུས་པ་ཡང་སྦྱར་བར་བགྱིའོ། །དེ་ལྟར་བཤད་པ་དེ་ལ། རྐང་པ་དང་པོ་གཉིས་ཀྱིས་སྨོན་ལམ་རྫོགས་པའི་ཚད་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་དེའི་བྱེད་ལས་བསྟན་པའོ། །གཉིས་པ་ནི། རང་ཉིད་སངས་རྒྱས་ནས་གདུལ་བྱ་ཡང་གོ་འཕང་དེ་ཉིད་ལ་འགོད་པ་དེའི་ཚེ་ན། གདུལ་བྱ་སུའི་སེམས་ལ་ཡང༌། ཉེས་བྱས་ཕྲན་ཚེགས་ཙམ་ཡང་མི་འབྱུང་ཞིང༌། སྐྱེ་བོ་གཞན་ལ་རྒྱུན་དུ་ཕན་པ་བགྱིད་པའི་འབྲས་བུ་ཅན་གྱི་དགེ་བ་བཅུའི་ལམ་ལ་གནས་པར་ཤོག་ཅིག འདིར་ཡང་རྐང་པ་དང་པོ་གཉིས་ཀྱིས་སྨིན་པའི་ཚད་དང༌། ཕྱི་མ་གཉིས་ཀྱིས་དེའི་བྱེད་ལས་བསྟན་ནོ། །སྨིན་པ་ཞེས་པ་འདི་ཡང༌། སངས་རྒྱས་ནས་གདུལ་བྱ་སྨིན་པར་བྱས་པ་ལ་ཟེར་བ་མ་ཡིན་གྱི། རང་ཉིད་སངས་རྒྱས་པའི་ཞིང་དེར་གདུལ་བྱ་སྨིན་པ་ཤ་སྟག་འབྱུང་བའི་ཆེད་དུ། སྔོན་སློབ་པའི་སར་བསོད་ནམས་ཀྱི་ཚོགས་བསགས་པ་མཐར་ཕྱིན་པ་ལ་འཆད་དགོས་པ་ཡིན་ཏེ། ཡུམ་ལས། ཇི་སྐད་དུ། སེམས་ཅན་སྨིན་པར་བྱས་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། རང་ཉིད་སངས་རྒྱས་པའི་ཞིང་དེའི་སེམས་ཅན་སུ་ལ་ཡང་རུང་སྟེ། ངན་སོང་གི་གནས་རྣམས་ནི་རྨི་ལམ་དུ་ཡང་མཐོང་བར་མི་འགྱུར་ཞིང༌། ངན་འགྲོ་རྣམས་ཀྱི་གནས་ནི་མཐའ་དག་ཀྱང༌། ལྷའི་འཇིག་རྟེན་བཞིན་དུ་བདེ་འགྲོའི་གནས་ཀྱིས་གང་ནས་དགའ་བ་ལྷུར་ལེན་པར་ཤོག་ཅིག འདིར་ཡང་རྐང་པ་དང་པོ་གཉིས་ཀྱིས་ཞིང་སྦྱངས་པའི་ཚད་དང༌། ཕྱི་མ་གཉིས་ཀྱིས་བྱེད་ལས་བསྟན་ནོ། །གཉིས་པ་ནི། གལ་ཏེ་འོ་ན་ཞིང་དེར་ཡོངས་སུ་མ་སྨིན་པའི་སེམས་ཅན་འགའ་ཞིག་ལྷགས་པ་དང༌། དེའི་སྐྱོན་གྱིས་སྣོད་ཀྱི་ཞིང་ངན་པར་གྱུར་པའི་ཚེ་ན། ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དམ་ཞེ་ན། མ་ཡིན་ཏེ། ཇི་སྲིད་འཇིག་རྟེན་གསུམ་གྱི་མི་དགེ་བའི་མཚོ་ཀླུང་དབུས་སུ་སེམས་ཅན་འགའ་ཞིག་ཚུད་པར་གྱུར་ན་ཡང་སྟེ། དེའི་དུས་སུ་རང་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བའི་བར་ཡོངས་སུ་མཐར་ཕྱིན་པར་གྱུར་ཀྱང༌། མ་སྨིན་པའི་སེམས་ཅན་དེའི་ཆེད་དུ་དེ་ཡོངས་སུ་སྨིན་པར་གྱུར་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བ་ཉིད་དུ་བསྡད་པར་བགྱིའོ། །ཡང་ན་ཞིང་གཅིག་ཏུ་སངས་རྒྱས་ཀྱི་མཛད་པ་མཐར་ཕྱིན་ཀྱང༌། ཞིང་གཞན་དུ་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་ཆད་པར་སྟོན་དགོས་པའི་དོན་ཉིད་དུ་བཤད་པར་བྱའོ། །གསུམ་པ་ནི། བྱང་སེམས་བདག་ནི་སངས་རྒྱས་ནས་མྱ་ངན་ལས་འདས་པར་འགྲོ་བའི་ཚུལ་སྟོན་པ་ན། རང་གིས་བཤད་པའི་གསུང་རབ་རྣམས་ནི་ནམ་ཡང་རང་བཟོ་མཁན་གྱིས་འཁྲུག་པར་མི་འགྱུར་ཞིང༌། གསུང་རབ་དེ་ལ་ཐོས་བསམ་དང་གོམས་པར་བྱེད་པ་འགའ་ཡང༌། སོམ་ཉིའི་དཔྱང་ཐག་ལ་སྐད་ཅིག་ཙམ་ཡང་འཇུག་པར་མ་གྱུར་ཅིག་སྟེ། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་བཞིན་དུ་འཛིན་ནུས་པར་གྱུར་ཅིག གཉིས་པ་བརྩམས་པའི་དགེ་བ་སེམས་ཅན་མཐའ་དག་དང་ཐུན་མོང་དུ་བྱ་བ་ནི། ཐུན་མོང་དུ་འགྱུར་བར་ཤོག སུ་ཞིག་དང་ན། འགྲོ་བ་མ་ལུས་པ་རྣམས་དང་ངོ༌། །གང་ཞིག་ཐུན་མོང་དུ་བྱ་ན། གོང་དུ་བསྟན་པ་དེ་ལྟར་རྒྱལ་བའི་སྲས་ཀྱི་རྣམ་འཕྲུལ་ལ་ཡོན་ཏན་དུ་མཐོང་བའི་མངོན་པར་དགའ་བ་སྔོན་དུ་བཏང་ནས། བསྟན་བཅོས་འདི་རྩོམ་པ་པོ་བདག་གིས་དེ་ལྟར་བརྩམས་པའི་དགེ་བ་བསྒྲུབས་པ་མ་ལུས་པ་གང་ཡིན་པ་ནིའོ། །གསུམ་པ་མཇུག་གི་དོན་ལ་གཉིས་ཏེ། བསྟན་བཅོས་རྩོམ་པ་པོ་གང་གིས་མཛད་པའི་མཚན་བསྟན་པ་དང༌། པཎྜི་ཏ་གང་གིས་ཞུས་ནས། ལོ་ཙྪ་བ་སུ་ཞིག་གིས་བསྒྱུར་བའི་མཚན་བསྟན་པའོ། །དང་པོ་ནི། སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་པ་ཞེས་བྱ་བ། རྒྱལ་བའི་གསུང་རབ་མཐའ་དག་ཐུགས་ལ་ཆུབ་པར་བྱས་པ་སྟེ། སྟག་གིས་རང་ལ་སྐྱོན་ཏེ་ནགས་ཁུང་དུ་ཕྱིན་པ་ན། ཀུན་སློང་སྙིང་རྗེས་གདུངས་པའི་ཡིད་ཀྱིས། ཆེད་དུ་བྱ་བ་འགྲོ་བའི་དོན་སྒྲུབ་པའི་ཆེད་དུ། ལས་སུ་བྱ་བ་སྨོན་ལམ་བདུན་བཅུ་པ་ཞེས་བྱ་བ་འདི་མཛད་པའོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་པྲ་བྷ་ཝ་དང༌། ལོ་ཙྪ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།  །།འདིར་སྨྲས་པ། བསྟན་བཅོས་མཛད་པོ་གཞན་ཕན་དབྱངས། །དཔའ་བོའི་སྡེ་དང་དོན་གཅིག་ཅེས། །མང་པོ་དག་གིས་རབ་འདོན་ཀྱང༌། །གནས་དེར་ངེས་པ་ཐོབ་མིན་མོད། །དེ་ལྟ་ན་ཡང་རྒྱལ་བ་ཡི། །གདུང་འཚོབ་ཀུན་གྱི་སྤྱོད་པ་ལ། །རྨོངས་མེད་གྱུར་པའི་བསྟན་བཅོས་མཁན། །གང་གིས་མཛད་པ་འདི་ཡ་མཚན། །འདི་ལ་རྣམ་བཤད་མཛད་པ་སྔོན། །ཡོད་པར་མཐོང་དང་ཐོས་པ་ནི། །བྱུང་བ་མིན་མོད་ཆེན་པོ་འགའི། །གསུང་གིས་དགེ་བར་བསྐུལ་བ་ན། །རྒྱལ་བའི་བཀའ་དང་བྱམས་པའི་གཞུང༌། །གཞན་ཡང་ཚད་ལྡན་མཁས་པ་གང༌། །རྒྱ་ཆེའི་དོན་སྟོན་མཛད་རྣམས་ཀྱི། །གཞུང་གི་ལམ་ནས་དྲངས་ཏེ་བཤད། །དེ་ཡི་ལེགས་བྱས་ཨུཏྤལ་གཉེན། །རང་བློའི་གདུང་བ་འཕྲོག་བྱེད་པ། །ཁོ་ནར་མ་ཟད་བསྐུལ་མཛད་ཀྱི། །ཡོན་ཏན་རྒྱ་མཚོའང་གོང་འཕེལ་ཤོག །དེ་ལྟར་དེ་བརྩམས་པ་ལས་བྱུང་བའི་ལེགས་བྱས་ཉི་འོད་གཞོན་ནུ་མས། །ངེས་པར་བསྐྱངས་པའི་གང་བློ་བྱམས་པའི་ས་གཞི་གཤིན་པ་དང་འདྲ་བར། །སྙིང་རྗེའི་རྩ་ལག་ཕྱོགས་བརྒྱར་སྤྲོས་པའི་བྱང་ཆུབ་སེམས་ཀྱི་དཔག་བསམ་ནི། །རྫོགས་སངས་རབ་རྒྱས་གཞན་ཕན་བདུད་རྩིའི་འབབ་སྟེགས་བཟང་པོར་འདི་གྱུར་ཅིག །ཅེས་བྱ་བ་འདི་ནི། རིགས་རུས་ཆོ་འབྲང་གི་དཔལ་གྱིས་མངོན་པར་མཐོ་བ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། སྣ་ཚོགས་དབྱིག་ཅེས་པ་ཤིང་མོ་སྦྲུལ་གྱི་ལོ། ནག་པས་ཉ་བའི་ཡར་ཚེས་ལ། གཙང་གཡས་རུའི་སའི་ཐིག་ལེ། གསེར་མདོག་ཅན་ཞེས་བྱ་བར། ཉེ་བར་སྦྱར་བའི་ཡི་གེ་པ་ནི་མངའ་རིས་སྨད་ཀྱི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།  ༄། །སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་བསྟན་བཅོས་ཀྱི་རྣམ་བཤད་སྨྲ་བའི་རྒྱན་བཞུགས་སོ།། ན་མོ་ལོ་ཀི་ཤྭ་ར་ཡ། ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་པོ། །རྨ་བྱའི་ཁྲིར་འཁོད་སྨིན་ལེགས་དྲུག་བཟུང་ནས། །རིག་པའི་གནས་རྣམས་ཀུན་གྱི་བརྡའ་སྤྲོད་པ། །འཇིག་རྟེན་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །དོན་དམ་དབྱིངས་ཀྱི་ཡི་གེ་བརྗོད་བྲལ་ཡང༌། །གཉིས་སྣང་འཁྲུལ་པའི་བློ་ལ་བརྗོད་བཅས་སུ། །གང་ཤར་བརྗོད་པ་ཀུན་གྱི་གཞིར་གྱུར་པ། །མིང་ཚིག་ཡི་གེའི་ཚོགས་རྣམས་འདིར་བཤད་བྱ། །སྡེ་སྣོད་ཤེས་པའི་ལང་ཚོ་རྒྱས་གྱུར་ཀྱང༌། །ཐ་སྙད་གཞུང་བརྒྱའི་སྐྱེ་མཆེད་མི་མཚར་ན། །དཔྱོད་ལྡན་མཛའ་བོའི་ཡིད་རབ་འདྲེན་མི་ནུས། །དེ་ཕྱིར་མཁས་པའི་སྐྱེ་མཆེད་འདི་མཚར་བྱ། །ཞེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བ་ནི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའི་བསྟན་བཅོས་རྩོད་པ་དང་བྲལ་བ་དེའོ། །ཇི་ལྟར་འཆད་པ་ནི། སྤྱི་དོན་གྱི་སྒོ་ནས་གོ་བ་སྐྱེད་ཅིང༌། བསྡུས་དོན་གྱི་སྒོ་ནས་ཚོམས་བཅད་དེ་དཀའ་བའི་གནས་ལ་ལར་ཚིག་གི་དོན་ཡང་རྒྱ་ཆེར་སྦྱར་བའི་ཚུལ་གྱིས་སོ། །གང་ལ་བརྟེན་ནས་འཆད་ན། མཁས་པའི་དབང་པོ་རོང་ཟོམ་ཆོས་ཀྱི་བཟང་པོ་ཞེས་བྱ་བ། ལུས་གཅིག་ལ་ཀུ་ས་ལི་དང་པཎྜི་ཏའི་སྐྱེ་བ་གཉིས་བཟུང་བར་གྲགས་པ་དེས་མཛད་པའི་འགྲེལ་པ་ལ་བརྟེན་ནས་སོ། །འདི་ལ་དོན་གསུམ་སྟེ། མཚན་གྱི་དོན་དང༌། འགྱུར་གྱི་ཕྱག་དང༌། གཞུང་གི་དོན་ནོ། །གསུམ་པ་ལ་གསུམ་སྟེ། བཤད་པ་ལ་འཇུག་པ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ་གཉིས་ལས། མཆོད་པར་བརྗོད་པ་ནི། སྨྲ་མཆོག་གཙོ་ལ་ཕྱག་འཚལ་ནས། །ཞེས་སོ། །རྩོམ་པར་དམ་བཅའ་བ་ནི། སྨྲ་བའི་ཡན་ལག་རྫོགས་དོན་དུ། །ངག་གི་འདུ་བྱེད་གང་དེ་ཡི། །ཚོགས་པ་བདག་གིས་བཤད་པར་བྱ། །ཞེས་སོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་གསུམ་སྟེ། ཡི་གེའི་ཚོགས་དང༌། མིང་གི་དང༌། ཚིག་གི་ཚོགས་སོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། ཡི་གེའི་ངེས་ཚིག་བཤད་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་མདོར་བསྟན་པ་དང༌། ངོ་བོ་མདོར་བསྟན་པའོ། །དང་པོ་ནི། ཁོག་པ་མགྲིན་པ་རྐན་དང་ལྕེ། །སྣ་དང་སྤྱི་བོ་སོ་དང་མཆུ། །ཞེས་པས་ནི་གནས་བསྟན་ཏོ། །དེ་ལས་ཇི་ལྟར་འབྱུང་བའི་ཚུལ་ནི། སྤྱི་དང་རེ་རེའི་ཆ་དག་ལས། །ཕྲད་དང་ཅུང་ཟད་ཕྲད་པ་དང༌། །དོག་པ་དང་ནི་ཡངས་པ་ནས། །ཞེས་པའོ། །དེ་ཡང་ཕྲད་པ་ནི། ལྕེ་རྐན་སོ་དང་མཆུ་རྣམས་སོ། །ཅུང་ཟད་ཕྲད་པ་ནི། མགྲིན་སྣ་སྤྱི་བོ་དང་ཁོག་པ་རྣམས་སོ། །དོག་པ་ནི། མགུལ་པ་དང༌། སྣ་དང༌། སྤྱི་བོ་རྣམས་སོ། །ཡངས་པ་ནི། རྐན་དང༌། སོ་དང༌། ལྕེ་དང༌། མཆུ་དང༌། ཁོག་པ་རྣམས་སོ། །གཉིས་པ་ངོ་བོ་མདོར་བསྟན་པ་ལ། རྩ་བའི་ང་རོ་བདུན་དུ་བསྟན་པ་དང༌། དེའི་རབ་ཏུ་དབྱེ་བ་རྒྱས་པར་བཤད་པ་དང༌། རྩ་བའི་ང་རོ་དཔེས་བསྟན་པའོ། །དང་པོ་ནི། དྲང་པོ་སྒྲེང་དང་བཀུག་པ་དང༌། །བསྟོད་པ་དང་ནི་སྨད་པ་དང༌། །བསྒྲིམས་དང་ཀློད་པའི་ང་རོ་འབྱུང༌། །ཞེས་པའོ། །འདི་ཡང་ཨ་ནས་ལིའི་བར་ཏེ། བདུན་པོ་དེ་ལ་ནི་རང་བཞིན་གྱི་ཡི་གེ་ཞེས་བཤད་དོ། །ཨ་ཨི་ཨུ་ནི་རྩ་བའི་ཡི་གེ་དང༌། ལྷག་མ་བཞི་ནི་ཕན་ཚུན་སྦྱར་བའི་ཡི་གེའོ། །དེ་ལ་ཨ་དང་ཨི་སྦྱར་བ་ལས་ཨེ་འབྱུང་བ་དང༌། ཨ་དང་ཨུ་སྦྱར་བ་ལ་ཨོ་འབྱུང་བ་དང༌། ཨ་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ལས་རྀ་འབྱུང་བ་དང༌། ཨ་ཉིད་ཀློད་དེ་འདྲེན་པ་ནི་ལྀ་ཡིན་པ་རྣམས་སོ། །དབྱངས་བདུན་པོ་ལ་རྩ་བའི་ཡི་གེ་དང༌། སྦྱར་བའི་ཡི་གེ་གཉིས་སུ་ཕྱེ་བ་དེ་བཞིན་དུ། གསལ་བྱེད་རྣམས་ལའང་གཉིས་སུ་དབྱེ་བར་བྱ་བ་ལས། སྡེ་པ་ལྔ་པོའི་ཐ་མ་ལྔ་སྤངས་པའི་ཉི་ཤུ་དང༌། ཧ་དང་ཀྵ་སྟེ་ཉེར་གཉིས་པོ་ནི་རྩ་བ་ཡིན་ལ། ཇི་སྐད་དུ། ཨེ་ཨ་ཡའོ། །ཞེས་འབྱུང་བ་ལྟར་ཡ་ནི་ཨི་དང་ཨ་སྦྱར་བ་ལས་བྱུང་བ་ཡིན་ལ། ཇི་སྐད་དུ། ཨོ་ཨ་ཝའོ། །ཞེས་འབྱུང་བ་ལྟར་ཝ་ནི་ཨུ་དང་ཨ་སྦྱར་བ་ལས་བྱུང་བ་ཡིན་ཞིང༌། ར་དང་ལ་ནི་ང་རོའི་སྐབས་སུ་བཤད་པ་དང་མཚུངས་ལ། ཤ་ཥ་ས་གསུམ་ནི་ར་དང་མཚུངས་པ་ཡིན་ཏེ། རྣམ་བཅད་དང་སྦྱར་བ་ལས་བྱུང་བ་ཡིན་པའི་ཕྱིར། ཇི་སྐད་དུ། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤའོ། །ཞེས་སོགས་འབྱུང་བ་ལྟར་རོ། །ང་ཉ་ཎ་ན་མ་ལྔ་ནི་ཨཾ་ཞེས་བྱ་བའི་ནང་དུ་འདུས་པ་ཡིན་ཏེ། ཇི་སྐད་དུ། ང་ཉ་ཎ་ན་མ་རྣམས་སྣ་ལྡན་ནོ་ཞེས་གསུངས། དེ་ལྟར་ན་རྩ་བའི་ཡི་གེ་ནི་དབྱངས་གསུམ་དང་གསལ་བྱེད་ཉེར་གཉིས་ཏེ་ཉེར་གཉིས་པོ་དེ་ཡང་ཞིབ་མོར་བརྟགས་ན་རྩ་བའི་ཡི་གེ་བཅུ་གཅིག་ཡིན་ཏེ། སྡེ་པ་ལྔའི་གསུམ་པ་རྣམས་ནི་ཀ་ལ་སོགས་པ་དང་པོ་རྣམས་དང་ཨ་ལྡན་པ་ཡིན་ལ། གྷ་ལ་སོགས་པའི་བཞི་པ་རྣམས་ནི་གསུམ་པ་རྣམས་དང་ཧ་ལྡན་པ་ཡིན་ཞིང༌། ཀྵ་ཡང་ཨ་དང་ཀའི་ཆ་ཡིན་པའི་ཕྱིར། དེ་ལྟར་ན་སྡེ་པ་ལྔའི་དང་པོ་གཉིས་པ་རྣམས་དང་ཧ་དང་བཅུ་གཅིག་གོ །དབྱངས་གསུམ་པོའི་རྩ་བ་ཡང་ཨ་ཁོ་ནར་འདུས་པས་དེ་ལྟར་ན་བཅུ་གཉིས་སོ། །བཅུ་གཉིས་པོ་ཡང་ཞིབ་མོར་བརྟགས་ན་རྩ་བའི་ཡི་གེ་བདུན་ཁོ་ན་ཡིན་ཏེ། ཁ་ལ་སོགས་པ་གཉིས་པ་རྣམས་ཀྱང་ཀ་ལ་སོགས་པའི་དང་པོ་རྣམས་ཀྱི་སྒྲའི་ཆ་དང་འབྱུང་ཁུངས་གཅིག་པའི་ཕྱིར། དེ་ལྟར་ན་ཨ་དང་སྡེ་པ་ལྔའི་ཐོག་མ་རྣམས་དང་ཧ་རྣམས་སོ། །འདི་དག་ལ་ཨ་ཀ་ཙ་ཊ་ཏ་པ་ཧ་ཞེས་བྱའོ། །བདུན་པོ་དེ་ཐམས་ཅད་ཀྱི་རྩ་བ་ཡང་ཨ་ཁོ་ནར་འདུས་པས་ཨ་ནི་ཡི་གེ་ཐམས་ཅད་ཀྱི་རྩ་བ་དང་ཕྱི་མོའོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་བཞི་སྟེ། ང་རོ་བཅུ་དྲུག་ཏུ་དབྱེ་བ། བརྒྱ་རྩ་གཉིས་སུ་དབྱེ་བ་དང༌། བརྒྱ་དང་བཅུ་གཉིས་སུ་དབྱེ་བ་དང༌། དེ་ལྟར་དབྱེ་བའི་རྒྱུ་མཚན་བཤད་པའི་སྒོ་ནས་ཞར་བྱུང་གཞན་ཡང་བསྟན་པའོ། །དང་པོ་ནི། དྲང་པོ་བཀུག་དང་སྨད་པ་དང༌། །བསྒྲིམས་པ་དང་ནི་ཀློད་པ་ལ། །གྭར་དང་ཙྭང་གིས་ཕྱེ་བ་དང༌། །ཞེས་པ་ལྔ་པོ་དེ་ལ་རིང་ཐུང་གི་དབྱེ་བས་གཉིས་གཉིས་སུ་ཕྱེ་ནས་བཅུ་དང༌། སྒྲེང་དང་བསྒྲེངས་ཏེ་གཏུགས་པ་དང༌། །སྟོད་དང་བསྟོད་དེ་སྨད་པ་དང༌། །སྣ་ལྡན་རྣམ་པར་བཅད་པ་ཡིས། །ང་རོ་བཅུ་དྲུག་དག་ཏུ་འདོད། །ཅེས་པ་དབྱངས་ཡིག་བཅུ་དྲུག་ཏུ་གྲགས་པ་དེ་ཉིད་ཡིན་ལ། ཀ་ལཱ་པར་བཅུ་བཞིར་བཤད་པ་ནི། ཨཾ་དང་ཨ་གཉིས་མི་འདྲེན་པ་ཡིན་ལ། དེའི་ཤེས་བྱེད་ཀྱང་རྗེས་སུ་ང་རོ་དང་རྣམ་བཅད་གཉིས་ནི་གསལ་བྱེད་ལས་བྱུང་བ་ཡིན་ལ། ཨ་གཉིས་པོ་ནི་དེ་དག་བརྗོད་པའི་རྟེན་ཙམ་དུ་བཤད་པ་ཡིན་གྱི། རང་གི་ངོ་བོ་ཨའི་ནང་དུ་མ་འདུས་པ་མེད་དོ། །གཉིས་པ་ལ་གཉིས་ཏེ། གསལ་བྱེད་ལྔ་བཅུ་རྩ་བཞིར་དབྱེ་བ་དང༌། གསལ་བྱེད་བཞི་བཅུ་རྩ་བརྒྱད་དུ་དབྱེ་བའོ། །དང་པོ་ནི། ང་རོ་དག་གིས་གསལ་བྱེད་ནི། །དྲང་པོ་བཀུག་དང་སྨད་པ་ལ། །ཞེས་པ་ནི་རྩ་བའི་དབྱངས་གསུམ་པོ་ལའོ། །འདྲེན་པའི་རིང་ཐུང་གསུམ་ཡོད་དེ། །ཞེས་པ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའོ། །དེ་ལ་ཆེ་འབྲིང་རྣམ་པ་གསུམ་ཞེས་པ་གསུམ་པོ་དེ་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བ་སྟེ། གསུམ་པོའི་ཁྱད་པར་ནི་འོག་ནས། ཨུ་ཏཏྟ་ནི་མཚུངས་གཉིས་གཅིག །ཅེས་པའི་སྐབས་སུ་འབྱུང་ངོ༌། །འདི་ཡང་སྲབ་འཐུག་གིས་ཕྱེ་བ་ཡིན་གྱི། རིང་ཐུང་གི་དབྱེ་བ་ནི་མ་ཡིན་ནོ། །དེ་ལྟར་དགུ་པོ་དེ་རེ་རེ་ལ་སྣ་ལྡན་ལྔ་པོ་གང་རུང་དང་ལྡན་མི་ལྡན་གཉིས་གཉིས་སུ་ཕྱེ་བས་བཅོ་བརྒྱད་དུ་འགྱུར་ལ། བཅོ་བརྒྱད་པ་ཕྲག་གསུམ་བསྡོམས་པས་ལྔ་བཅུ་རྩ་བཞིའོ། །ཞེས་འཆད་པ་ནི། དེ་དགུ་སྣ་ལྡན་བཅོ་བརྒྱད་དོ། །ཞེས་པའོ། །གཉིས་པ་བཞི་བཅུ་རྩ་བརྒྱད་དུ་དབྱེ་བ་ནི། །གསལ་བར་བྱ་བ་འདི་ལྟ་སྟེ། །སྒྲེང་དང་སྟོད་ལ་ཐུང་བ་སྟེ། །སྒྲིམ་དང་ཀློད་ལ་རིང་པོའོ། །ཞེས་པ་དབྱངས་ཡིག་རྫས་ཀྱི་སྒོ་ནས་དགུ་ཡོད་པ་ལས། རྩ་བའི་ཡི་གེ་གསུམ་ལ་བཅོ་བརྒྱད་ཕྲག་གསུམ་དུ་ཕྱེ་བ་དེའི་ལྷག་མ་དྲུག་ཡོད་པ་ལས་ཨེ་ཨོ་གཉིས་ལ་ཐུང་ངུ་མི་སྲིད་ཅིང༌། རྀ་ལྀ་གཉིས་ལ་རིང་པོ་མི་སྲིད་པས་བཞི་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་ཞིང༌། གཉིས་པོ་རེ་རེ་ལའང་ཆེ་འབྲིང་ཆུང་ངུ་གསུམ་གསུམ་དུ་ཕྱེ་བས་དྲུག་ཏུ་འགྱུར་ཞིང༌། དྲུག་པོ་རེ་རེ་ལ་སྣ་ལྡན་ཡིན་མིན་གཉིས་གཉིས་སུ་ཕྱེ་བས་བཅུ་གཉིས་སུ་འགྱུར་ཞེས་པའོ། །དེ་ལྟར་ན་བཅུ་གཉིས་པ་ཚན་པ་བཞི་ལ་བཞི་བཅུ་རྩ་བརྒྱད། སྔ་མའི་བཅོ་བརྒྱད་ཕྲག་གསུམ་དང་བསྡོམས་པས་བརྒྱ་དང་གཉིས་སོ། །ཞེས་སྟོན་པ་ནི། བཅུ་གཉིས་ཡིན་ཏེ་བརྒྱ་རྩ་གཉིས། །ཞེས་པའོ། །དེ་ལྟར་བཤད་པ་ན་གོང་དུ་དབྱངས་ཡིག་བཅུ་དྲུག་ཏུ་བཤད་ཀྱང་འདིར་གསལ་བའི་དབྱེ་བ་འཆད་པ་ན་བཅུ་བཞི་ཉིད་དུ་འདུས་པ་ཡིན་ཏེ། རྗེས་སུ་ང་རོ་ལ་ནི་སྣ་ལྡན་གྱི་མིང་གིས་བཏགས་ནས་གོང་མ་བཅུ་བཞི་པོ་དང་སྦྱོར་བར་བྱེད་ཀྱི། ལོགས་སུ་མ་བགྲངས་པའི་ཕྱིར་དང༌། རྣམ་བཅད་ནི་དབྱེ་བར་མ་བཤད་པའི་ཕྱིར། དེ་མི་འཆད་པའི་རྒྱུ་མཚན་ཡང་སྣ་ལྡན་གྱི་སྦྱོར་ཚུལ་ལ་དཔགས་ནས་ཤེས་ནུས་པ་ལ་བསམས་པའོ། །དེ་ལྟར་བརྒྱ་རྩ་གཉིས་ཀྱི་གྲངས་ངེས་བཤད་པ་དེ་ལ་འདི་ལྟར་རྒོལ་བ་བྱུང་ན་ལན་ལྡོན་དཀའ་བ་ཡིན་ཏེ། དེ་ཡང་འདི་ལྟར། དཔྱོད་པ་དང་ལྡན་པ་དག་ན་རེ། དབྱངས་ཡིག་བརྒྱ་རྩ་གཉིས་ཀྱི་གྲངས་ངེས་དེ་འཐད་པ་མ་ཡིན་ཏེ། རྩ་བའི་དབྱངས་གསུམ་ལ་སྣ་ལྡན་གྱི་སྦྱོར་ཚུལ་ཇི་ལྟར་ཡོད་པ་དེ་དབྱངས་ལྷག་མ་བཞི་ལ་ཡང་སྦྱོར་དགོས་པར་མཚུངས་པའི་ཕྱིར་དང༌། སྣ་ལྡན་གང་ལ་སྦྱོར་བའི་གཞི་དེ་ལ་རྣམ་བཅད་ཀྱི་སྦྱོར་ཚུལ་ཡོད་པར་ཡང་མཚུངས་པའི་ཕྱིར་ཞེས་པའོ། །རྀ་ལྀ་གཉིས་ལ་རིང་པོ་མི་འབྱུང་ཞེས་པའི་དོན་ནི། ཤིན་ཏུ་རིང་པོ་མེད་པ་ལ་འཆད་དགོས་པ་ཡིན་ཏེ། དེ་ལས་གཞན་དུ་སྤྱིར་རིང་པོ་མེད་པ་ལ་བཤད་ན། བཅུ་གཉིས་ཡིན་ཏེ། ཞེས་པ་འཆད་མི་ཤེས་པའི་ཕྱིར་དང༌། བརྒྱ་དང་གཉིས་འོང་དོན་མེད་པའི་ཕྱིར། འོ་ན་དེ་གཉིས་ལ་དེ་མེད་པའི་རྒྱུ་མཚན་ཅི་ཞེ་ན། རྀ་ལྀ་གཉིས་ལ་ཤིན་ཏུ་རིང་པོ་བརྗོད་ན་ཨིར་འགྱུར་བའི་ཕྱིར། ཞེས་ཤོང་སྟོན་གསུང་ལ། ས་སྐྱ་པའི་གསུང་གིས་ནི། ལྀ་རྒྱུད་མེད་ཅེས་བྱ་བ་ཡིན་པས་རིང་པོ་མེད་མོད་ཀྱི། ཤིན་ཏུ་རིང་པོ་ཡོད་ལ། རྀ་ལ་ནི་གསུམ་ཀ་ཡོད་དོ། །ཞེས་གསུང་བ་གཞུང་འདི་དང་འགལ་ཡང་སྡེབ་སྦྱོར་གྱི་བསྟན་བཅོས་ཀྱི་ལུགས་སོ་ཞེས་བཤད་པར་བྱའོ། །གསུམ་པ་བརྒྱ་རྩ་བཅུ་གཉིས་སུ་དབྱེ་བ་ནི། སྤྱིར་ནི་བརྒྱ་དང་བཅུ་རྩ་གཉིས། །རང་གནས་དང་ནི་བཅུ་གསུམ་སྟེ། །ཞེས་པ་བརྒྱ་རྩ་གཉིས་པོའི་སྟེང་དུ་ཡི་གེ་རྣམས་ཀྱི་ཐུན་མོང་གི་འབྱུང་ཁུངས་ཁོག་པ་ལ་སོགས་པ་བརྒྱད། རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག་གིས་སྐྱེད་པའི་ཆ་ཤས་གཅིག་སྟེ་དགུ་བསྣན་པས་བརྒྱ་དང་བཅུ་རྩ་གཅིག རང་གནས་ཀྱི་སྐྱེད་པ་གཙོ་ཆེ་བ་དང་བཅུ་གཉིས་སོ། །བཅུ་གསུམ་ཞེས་འབྱུང་བ་ལྟར་ན་ཡི་གེ་རང་ཉིད་བསྣན་པའོ། །ཞེས་འཆད་པ་དག་སྣང་མོད་ཀྱང་ཡི་གེ་མ་དག་པས། སྤྱིར་ནི་བརྒྱ་དང་བཅུ་རྩ་གཅིག །རང་གནས་དང་ནི་བཅུ་གཉིས་སོ། །བཞི་པ་ནི། ཡི་གེ་གཅིག་གི་རྣམ་པའི་ཆ། །ངག་གི་འདུ་བྱེད་ཚོགས་པའོ། །ཞེས་པ་ནི་རང་གནས་འདྲེན་པའི་རྒྱུ་མཚན་ཏེ། ཡི་གེ་གཅིག་ཅེས་པ་གསལ་བྱེད་ཀྱི་དབང་དུ་བྱས་པའོ། །ལྔ་པ་ཞར་བྱུང་ནི། དུས་གཅིག་ཏུ་ནི་བཅུ་གཅིག་གམ། །ཞེས་བཤད་མ་ཐག་པ་བཅུ་གཅིག་པོ་དེའོ། །སྣ་ལྡན་དང་ནི་བཅུ་གཉིས་ཏེ། །ཞེས་པ་སྣ་ལྡན་གྱི་ཡི་གེ་རྣམས་ཀྱི་དབང་དུ་བྱས་པའོ། །རང་གི་གནས་དང་བཅུ་གསུམ་མོ། །ཞེས་པ་རང་གནས་ཤས་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། འབྱུང་གནས་བརྒྱད་ཀྱི་ནང་དུ་མ་འདུས་པ་མེད་དོ། །གསུམ་པ་ང་རོ་དཔེས་བསྟན་པ་ལ་གཉིས་ཏེ། ལུས་ཀྱི་རྣམ་འགྱུར་གྱི་དཔེས་བསྟན་པ་དང༌། ཕྱི་རོལ་གཟུགས་དབྱིབས་ཀྱི་དཔེས་བསྟན་པའོ། །དང་པོ་ནི། མཚོན་འདེབས་གར་དང་ལས་བྱེད་དང༌། །སྟབས་འགྲོས་ལྟ་སྟངས་བྱེ་བྲག་དང༌། །རྐང་ལག་མིག་གི་འགྱུར་བག་གིས། །ལུས་ཀྱི་འདུ་བྱེད་བདུན་པོ་ལྟར། །ངག་གི་འདུ་བྱེད་དེ་བཞིན་ནོ། །ལུས་ཀྱི་འདུ་བྱེད་བདུན་པོ་ནི། །ཐད་ཀར་བལྟ་དང་གྱེན་དུ་བལྟ། །དེ་བཞིན་བཟློག་སྟེ་བལྟ་བ་དང༌། །བསྟོད་དེ་བལྟ་དང་སྨད་དེ་བལྟ། །བསྒྲིམས་དང་ཀློད་དེ་ལྟ་བ་ལྟར། །གར་ལ་སོགས་པ་དེ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། དེ་སྟོན་དབྱིབས་ཀྱི་གནས་ལུགས་ཀྱང༌། །མདའ་དང་བསེ་རུ་གླང་ཆེན་སྣ། །གདུགས་དང་རྐང་རྟེན་ལྟ་བུ་དང༌། །མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར། །ཐད་ཀ་ཟུར་དང་ཟུར་ལོགས་དང༌། །སྟེང་འོག་རང་གི་ལུས་རྣམས་ལས། །གནས་པའི་བརྡའ་འདིར་ཤེས་པར་བྱ། །ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡི་གེའི་རྒྱུ་རྒྱས་པར་བཤད་པ་དང༌། རང་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཡི་གེ་རྣམས་རྒྱུ་བདུན་ལས་ཇི་ལྟར་འབྱུང་བའི་ཚུལ་དང༌། རྒྱུ་བདུན་པོའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། དེས་བསྟན་བརྡའ་ཅན་འབྱུང་བ་ན། །ལྕགས་རྣམས་ལ་ནི་ཁབ་ལེན་བཞིན། །རྣམ་རྟོག་དབང་གིས་གནས་རྣམས་གཡོ། །ཇི་ལྟར་གནས་གཞི་མེད་བཞིན་དུ། །མཁའ་ལ་འདབ་སྐྱོད་རླུང་འབྱུང་ལྟར། །རྣམ་པར་རྟོག་པ་སྐྱོད་པ་ན། །ལུས་ལ་རབ་ཏུ་གཡོ་བར་འགྱུར། །གཡོ་རླུང་རབ་ཏུ་གཡོས་པ་ཡིས། །བྱེད་པ་ཀུན་ཏུ་བསྐྱོད་པ་ན། །དོག་དང་ཡངས་པའི་གནས་རྣམས་སུ། །ཕྲད་དང་ཅུང་ཟད་ཕྲད་པར་བྱེད། །དེའི་ཚེ་ནི་ཤྭ་ས་ཞེས་པའི། །རླུང་དང་ལྷན་ཅིག་འབྱུང་བ་སྟེ། །ཇི་ལྟར་གཟུགས་ལ་འབྱུང་བ་བཞིན། །ང་རོ་ལ་ནི་བརྟེན་བཞིན་དུ། །རྣམ་རྟོག་རང་གི་སྣང་ཆ་ལས། །གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ། །ཞེས་པའོ། །གཉིས་པ་རྒྱུ་བདུན་པོའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་སོ་སོར་བཤད་པའོ། །དང་པོ་ནི། གནས་རྣམས་དང་ནི་བྱེད་པ་དང༌། །རྣམ་པར་རྟོག་དང་རླུང་གཉིས་དང༌། །ང་རོ་གསལ་བྱེད་སྣང་ཆ་ཡིས། །ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད། །གཉིས་པ་སོ་སོར་བཤད་པ་ནི། །རྒྱུ་བདུན་དག་ལས་འབྱུང་བ་ནི། །གནས་རྣམས་གཞི་ཡི་རྒྱུད་ཡིན་ཏེ། །བྱེད་པ་འབྱིན་པར་བྱེད་པའི་རྒྱུ། །དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །ཇི་ལྟར་ཤིང་ལས་རླུང་བཞིན་དུ། །བྱེད་པ་སྐྱོད་རྒྱུ་བ་ཡ་ཏའོ། །སྐྱེས་བུ་དང་ནི་བཞོན་པ་བཞིན། །ལྷན་ཅིག་འབྱུང་རྒྱུ་ནི་ཤྭ་ས། །ང་རོ་རྣམས་དང་གསལ་བྱེད་ནི། །ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། །སྣང་ཆ་འདྲ་བར་འབྱུང་བ་ནི། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ། །ཞེས་པའོ། །དེ་ཡང་འདི་ལྟར། གཞིའི་རྒྱུ་དང༌། འབྱིན་པའི་རྒྱུ་དང༌། སྐུལ་བའི་རྒྱུ་དང༌། སྐྱོད་པའི་དང༌། ལྷན་ཅིག་འབྱུང་བའི་དང༌། ཀུན་ཏུ་འགྲོ་བའི་དང༌། སྐལ་བ་མཉམ་པའི་རྒྱུ་སྟེ་བདུན་ནོ། །དེ་ལ་ས་སྐྱ་པཎྜི་ཏའི་གསུང་གིས། དང་པོ་བཞི་སྔོན་དུ་འགྲོ་བའི་རྒྱུ་དང༌། ཕྱི་མ་གསུམ་སྐལ་བ་མཉམ་པའི་རྒྱུར་བཞེད། དབུས་པ་བློ་གསལ་གྱིས་ནི། ཇི་སྐད་དུ། བཞི་ནི་སྔོན་དུ་འགྲོ་བའི་རྒྱུ། །ལྷག་མ་ལྷན་ཅིག་འབྱུང་བར་བཞེད། །ཡང་ན་རྣམ་རྟོག་ཉེར་ལེན་རྒྱུ། །ལྷག་མ་ལྷན་ཅིག་བྱེད་པར་ཤེས། །ཞེས་བཤད་དོ། །འདིར་བརྟགས་པ་ནི། ཁོག་པ་དང་མགྲིན་པ་ལ་སོགས་པ་ཡི་གེ་གང་ནས་འབྱུང་བའི་གནས་ལ་ནི་གཞིའི་རྒྱུ་ཞེས་བྱ་ལ། དཔེར་ན། དྲིལ་བུའི་སྒྲ་གང་ནས་འབྱུང་བའི་སྦུབས་དང་འདྲའོ། །རྐན་ལྕེ་སྦྱར་བ་དང༌། སོ་ལྕེ་སྦྱར་བ་དང༌། མཆུ་གཉིས་སྦྱར་བ་ལྟ་བུ་ལ་ནི་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་ལ། དྲིལ་བུའི་ལྕེ་དང་འདྲའོ། །ཀུན་སློང་གི་རྣམ་པར་རྟོག་པ་ལ་ནི་སྐུལ་བའི་རྒྱུ་ཞེས་བྱ་ལ། དེ་ནི་དྲིལ་བུ་བསིལ་བར་བྱེད་པའི་སྐྱེས་བུ་དང་འདྲའོ། །བ་ཡ་ཏ་ཞེས་བྱ་བའི་རླུང་ལ་ནི་སྐྱོད་པར་བྱེད་པའི་རྒྱུ་ཞེས་བྱ་ལ། དྲིལ་བུའི་ལྕེ་སྐྱོད་པར་བྱེད་པའི་རླུང་གི་ཤུགས་དང་འདྲའོ། །བཞི་པོ་དེ་དག་ནི་རང་འབྲས་ཡི་གེའི་སྔ་རོལ་དུ་ངེས་པར་འབྱུང་དགོས་པས་སྐྱེད་པའི་རྒྱུ་ཡིན་ལ། ནི་ཤྭ་ས་ཞེས་བྱ་བ་ནི་དབུགས་ཀྱི་སྐད་དོད་ཡིན་ལ། དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ཡི་གེའི་སྒྲ་རྣམས་ནི་དབུགས་དང་རྐན་ལྷན་ཅིག་སྐྱེ་འགག་བྱེད་པའི་ཕྱིར་དང༌། དབུགས་ཀྱི་རྟ་ལ་ཞོན་པའི་ཕྱིར་དབྱངས་བདུན་དང་གསལ་བྱེད་བཅོ་བརྒྱད་པོ་རྣམས་ལ་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱ་ལ། འབྲས་བུ་འབྱུང་གྱུར་གཟུགས་གང་ན་ཡོད་པ་དེ་ན་རྒྱུ་འབྱུང་བའི་གཟུགས་ཀྱིས་ཁྱབ་པ་བཞིན་ནོ། །རྟོག་པ་ལ་དབྱངས་གསལ་གྱི་ཡི་གེ་དེ་དང་དེར་སྣང་བའི་ཤེས་རྣམ་ལ་ནི་སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་སྟེ། ཡི་གེ་རང་རང་གི་རིགས་འདྲའི་རྒྱུན་སྔ་མ་ཡིན་པའི་ཕྱིར། དཔེར་ན་བྱད་བཞིན་དང་དེའི་གཟུགས་བརྙན་བཞིན་ནོ། །དེ་ཡང་འདི་ལྟར་ཤེས་དགོས་ཏེ། ཡི་གེ་དངོས་ནི་རྣམ་པར་རྟོག་པ་ལ་དེ་དང་དེར་སྣང་བའི་ཤེས་རྣམ་ལ་བྱ་ལ། དེ་ལས་གཟུགས་བརྙན་གྱི་ཚུལ་དུ་བྱུང་བའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་དེ་ནི་ཡི་གེའི་གཟུགས་བརྙན་ནམ་འབྲས་བུ་ཡིན་གྱི། ཡི་གེ་དངོས་མ་ཡིན་ནོ། །དེ་ལྟར་ན་ཡི་གེ་དངོས་དང༌། དེ་ཀུན་ནས་སློང་བའི་རྟོག་པ་དང༌། ཡི་གེ་དེའི་འབྲས་བུར་གྱུར་པའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་དང་གསུམ་མོ། །དོན་དེ་ལ་དགོངས་ནས། ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེ་ལ། ཞེས་དང༌། ཤེས་པས་སྒྲ་སྐྱེའོ། །དེ་ཡི་ཁྱད་པར་ཅན་དེ་ནི། །སྣང་བས་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་གཞུང་འདིར་ནི་ཡི་གེའི་འབྲས་བུ་ལ་ཡི་གེར་བཏགས་ནས། ཡི་གེ་དངོས་སུ་འཆད་རྒྱུ་དེ་སྐལ་བ་མཉམ་པའི་རྒྱུར་བཤད་དོ། །གཉིས་པ་ཡི་གེ་རྒྱས་པར་བཤད་པ་ལ། གནས་ཀྱི་ཡི་གེ་རྒྱས་པར་བཤད་པ་དང༌། རྩ་བའི་ཡི་གེ་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་སྟེ། འབྲས་བུའི་དབྱེ་བ། གྲངས་ཀྱི་དབྱེ་བ། གནས་ཀྱི་དབྱེ་བ། འདྲེན་པའི་དབྱེ་བ། འབྱིན་པའི་རྐྱེན་བཤད་པའོ། །དང་པོ་ནི། དེ་ལ་གདངས་ཀྱི་བྱེ་བྲག་ནི། །རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །སྔོན་དུ་སོང་བར་རིག་པར་བྱ། །དེ་ལ་རྒྱུ་དང་རང་བཞིན་ནོ། །ཞེས་པ་རྒྱུ་ནི་བཤད་མ་ཐག་པ་བདུན་དང༌། རང་བཞིན་ནི་ང་རོ་བདུན་པོ་དེའོ། །གཉིས་པ་ནི། ང་རོ་དྲང་པོ་ལས་བྱུང་བ། །ཀ་སོགས་སྡེ་ནས་རིམ་བཞིན་དུ། །སྡེ་ལྔ་དག་དང་ཨནྟཥྛ། །ཨུསྨ་ཤྭ་དང་མཐར་ཟད་དོ། །ཞེས་པ་སྡེ་པ་ལྔ་ནི་ང་རོ་དྲང་པོ་ཨ་ཐུང་ཞུགས་པ་དག་གོ །ཨནྟཥྛ་ཞེས་པ་མཐར་གནས་ཏེ་སྡེ་པའི་མཐའ་ན་གནས་པས་སོ། །མཚན་གཞི་ནི་ཡ་ར་ལ་ཝ་བཞིའོ། །ཨུསྨ་ཥ་ནི་དྲོ་བ་སྟེ། དེ་ངག་འདོན་པ་ན་དབུགས་དྲོ་བ་འབྱུང་བའི་ཕྱིར། མཚན་གཞི་ནི་ཤ་ཥ་ས་ཧ་དང་བཞིའོ། །མཐར་ཟད་ཅེས་པ་ནི། ཀྵ་ཡིག་གི་མིང་ཡིན་ལ། དེ་ཡང་ཀྵྱནྟ་ཞེས་པ་མཐར་ཟད་པ་དང་མ་ལུས་པ་ལ་འཇུག་པས་སོ། །དེ་ལྟར་ན་སུམ་ཅུ་རྩ་བཞི་པོ་དེ་དག་ལ་གནས་ཀྱི་ཡི་གེ་ཞེས་ཀྱང་བྱ། མིང་གི་ཡི་གེ་ཞེས་ཀྱང་བྱ། ཕོའི་ཡི་གེ་ཞེས་ཀྱང་བྱའོ། །ཞེས་སྟོན་པ་ནི། གནས་ཀྱི་ཡི་གེ་སུམ་ཅུ་སྟེ། །མིང་དང་ཕོ་ཞེས་གྲགས་པའོ། །ཞེས་པའོ། །དེ་ཡང་སྤྱིར་ཡི་གེ་ལ་སྒྲའི་ཡི་གེ་དང༌། གནས་ཀྱི་ཡི་གེ་ཞེས་བྱ་བ་གཉིས་སུ་འབྱེད་ཅིང༌། དེ་ཡང་དབྱངས་ཀྱི་ང་རོ་རྣམས་ལ་ནི་སྒྲའི་ཡི་གེ་ཞེས་བྱའོ། །གསུམ་པ་གནས་ཀྱི་དབྱེ་བ་ནི། དེ་ལ་དང་པོའི་སྡེ་པ་དང༌། །ཨུསྨ་ཤྭའི་བཞི་པ་ནི། །བཅད་པར་བྱས་པ་མགྲིན་པ་ལས། །གཉིས་པ་དང་ནི་ཨནྟཥྛའི། །དང་པོ་ཨུསྨའི་དང་པོ་རྣམས། །རྐན་ལས་རབ་ཏུ་འབྱུང་བ་ཡིན། །གསུམ་པ་དག་དང་ཨནྟཥྛའི། །གསུམ་པ་ཨུསྨའི་གཉིས་པ་རྣམས། །སྤྱི་བོ་ལས་ནི་རབ་ཏུ་འབྱུང༌། །བཞི་པ་དང་ནི་ཨནྟཥྛའི། །བཞི་པ་ཨུསྨའི་གསུམ་པ་རྣམས། །སོ་ཡི་ཆ་ལས་ཀུན་ཏུ་འབྱུང༌། །ལྔ་པ་དང་ནི་ཨནྟཥྛའི། །གཉིས་པ་མཆུ་ལས་འབྱུང་བ་ཡིན། །མཐར་ཟད་མགུལ་དང་སྤྱི་བོ་ལས། །ཞེས་པའོ། །དེ་ཡང་གཞུང་འདིའི་ལུགས་ལ་མཐར་གནས་ཀྱི་གོ་རིམ་ནི། ཡ་ཝ་ར་ལ་ཞེས་འདོན་དགོས་པར་སྣང་བས་གཞན་དང་མི་མཚུངས་པ་ཉིད་དུ་གོ་བར་བྱའོ། །བཞི་པ་འདྲེན་པའི་དབྱེ་བ་ནི། སྡེ་ལྔ་དག་ལས་ལྔ་ལྔ་པོ། །དང་པོ་རང་གནས་དྲག་པོ་སྟེ། །གཉིས་པ་འབྲིང་དང་སྤྱི་བོའི་ཆ། །གསུམ་པ་རྣམས་ནི་ཞན་པ་སྟེ། །མ་ཧཱ་པྲཱ་ཎ་ཞེས་བྱ་བའི། །བཞི་པ་རང་གནས་ཁོང་ནས་ཏེ། །ཨ་ནུ་སྭ་ར་ཞེས་བྱ་བའི། །ལྔ་པ་རང་གནས་སྣ་ལས་འབྱུང༌། །ཞེས་པའོ། །དེ་ཡང་མ་ཧཱ་པྲཱ་ཎ་ཞེས་པ་ནི་སྲོག་ཆེན་པོ་ཞེས་བྱ་བ་ཡིན་ལ། དེའི་དོན་ཡང་གོང་དུ་ང་རོ་ལ་དགུར་དབྱེ་བའི་སྐབས་སུ། ང་རོ་གཉིས་ཀྱི་གདངས་ཅན་ལ་ཆེན་པོར་བཤད་པ་དེ་ཉིད་དོ། །ཨ་ནུ་སྭ་ར་ཞེས་པ་ནི། རྗེས་དབྱངས་སམ་རྗེས་སུ་ང་རོ་ཞེས་པ་ཡིན་ལ། དེ་ཡང་སྡེ་པ་ལྔའི་ཐ་མ་ལྔ་པོ་དེ་སྐབས་ལ་ལ་ཞིག་ཏུ། ཀླད་སྐོར་རམ། ཐིག་ལེའི་རྣམ་པ་ཅན་དུ་འདྲི་དགོས་པའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱའོ། །འོ་ན་ཀླད་སྐོར་ལ་གཟུགས་གཅིག་ལས་མེད་པས། ང་ཉ་ཎ་ན་མ་བཞིའི་ཁྱད་པར་གང་གིས་དབྱེ་ཞེ་ན། ཇི་སྐད་དུ། མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ཡང་ནའོ། །ཞེས་གསུངས་ལ། ཇི་ལྟར་ཀློག་པའི་ཚུལ་ཡང༌། ཡི་གེའི་མདོ་ལས། འོག་ཏུ་རང་གི་རིགས་མཐོང་ན། །ཐ་མའི་ཡི་གེའི་དབང་དུ་བཀླག །ཤད་ཡོད་ན་ནི་དེ་ཉིད་དེ། །ཤད་མེད་ནི་འོག་མ་བཙན། །ཞེས་འཆད་དོ། །ལྔ་པ་འབྱིན་པའི་རྐྱེན་བཤད་པ་ནི། མགུལ་དང་སྣ་དང་ཀླད་པའི་སྦུབས། །དོག་པ་ཡིན་ཏེ་ཡངས་པ་གཞན། །རྐན་དང་སོ་དང་ལྕེ་དང་མཆུ། །ཕྲད་པ་ཡིན་ཏེ་གཞན་ཞེས་བྱ། །ཞེས་པའོ། །གཉིས་པ་རྩ་བའི་ཡི་གེ་རྒྱས་པར་བཤད་པ་ལ་བཞི་སྟེ། ཡི་གེའི་ལྡང་ཚད་བཤད་པ་དང༌། འདྲེན་པའི་ཁྱད་པར་བཤད་པ་དང༌། གནས་ཀྱི་ཁྱད་པར་བཤད་པ་དང༌། སྤྱིའི་དོན་བསྡུ་བའོ། །དང་པོ་ནི། གནས་ཆའི་ཡི་གེ་ཇི་སྙེད་ཀྱང༌། ང་རོ་གཅིག་གིས་བཅིངས་པ་ལ། །དེ་ལ་ཡི་གེ་གཅིག་ཅེས་བརྗོད། །ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །དེ་ཡང་ཡི་གེ་གཅིག་ཅེས་བྱ། །ཞེས་པ་སྤྱིར་ཡི་གེ་ལ་གནས་སྐབས་ཆ་ནས་གཉིས་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང༌། མིང་གི་མཐའི་ཡི་གེའོ། །དང་པོ་ནི། ཨོཾ་ཞེས་པ་ལྟ་བུ་ལ་ཡི་གེ་མང་པོ་འདུས་ཀྱང་ང་རོ་གཅིག་གིས་བཅིངས་པས་ཡི་གེ་གཅིག་ཏུ་འཇོག་པ་ལྟ་བུ་ཡིན་ལ། གཉིས་པ་ནི། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་སྟེ། དེ་ལས་ཕྲ་བ་མེད་པ་བཞིན་དུ་མིང་རྣམས་བཤིག་ན་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུའོ། །དེ་ལྟ་མོད་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའི་ཡི་གེ་བགྲང་བ་ནི་དབྱངས་གཅིག་གིས་བཅིངས་པ་རྣམས་བགྲང་བ་ཡིན་ནོ། །གཉིས་པ་འདྲེན་པའི་ཁྱད་པར་ནི། སྒྲ་འདི་དག་ལ་འདྲེན་པའི་ཆ། །ཨལྤ་པྲཱ་ཎ་གཉིས་གཅིག་ཡིན། །མ་ཧཱ་པྲཱ་ཎ་གཅིག་གཉིས་ཡིན། །ཨ་ནུ་སྭ་ར་རྔུབ་པའི་སྒྲ། །བི་སརྫ་ནི་བཅད་པའོ། །ཧྲ་ས་ཐ་མལ་སྒྲ་ཡིན་ཏེ། །དཱིརྒྷ་དག་ནི་གཉིས་ཀྱི་ཡུན། །པོ་ནུཏྟ་ནི་དེ་བཞིན་གསུམ། །ཨུ་ཏཏྟ་ནི་མཚུངས་གཉིས་གཅིག །ཨ་ནུཏྟ་ནི་ཕྱེད་ཆ་ཡིན། །སྭ་ར་ཏ་ནི་རང་སྒྲའོ། །སྣ་ལྡན་ཨ་ནུ་སྭ་རའི་ཆ། །ཨ་ལྡན་ཨ་མེད་ཅེས་བྱ་བ། །ཆེ་བ་དག་དང་ཆུང་བའི་མིང༌། །དྲང་པོ་དག་ལ་ཇི་ལྟ་བར། །ང་རོ་གཞན་ལ་དེ་བཞིན་ནོ། །ཞེས་པ་ཨལྤ་པྲཱ་ཎ་ནི་སྲོག་ཆུང་ཞེས་པ་སྟེ། ཧཱུྃ་དང༌། ཕཊ་ལྟ་བུའོ། །མ་ཧཱ་པྲཱ་ཎ་ནི་སྲོག་ཆེན་ཞེས་པ་སྟེ། གྷ་དང་ཛྷ་ལྟ་བུའོ། །ཨ་ནུ་སྭ་ར་ནི་རྗེས་དབྱངས་ཏེ། འདི་ལ་རྔུབ་པའི་སྒྲར་བཤད་པ་ནི་ཨོཾ་ལྟ་བུ་ལ་འགྲིག་ཀྱང་ཧཱུྃ་ལྟ་བུ་ལ་ཅུང་དཀའ་བས་དཔྱད་པར་བྱའོ། །བི་སརྫ་ཞེས་པ་ནི་རྣམ་བཅད་དེ། དྲག་པོར་གཅོད་པ་ཞེས་བྱ་བའི་དོན་ནོ། །འོ་ན་རྣམ་བཅད་འབྱུང་བའི་རྒྱུ་དང་གནས་སྐབས་གང་ཞེ་ན། མཚམས་སྦྱོར་དང་པོ་ལས། སྡེ་ཚན་རྣམས་ཀྱི་དང་པོ་དང༌། གཉིས་པ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*