འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ།  ཀ ༽

༼ཟ༽༄༅། །འདུལ་བ་མདོའི་དཀའ་བའི་གནས་རྣམ་པར་བཤད་པ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་བཞུགས།།

ན་མཿསརྦ་ཛྙཱ་ཡ། འདུལ་བ་མདོའི་དཀའ་གནས་ཀྱི་གཞུང་སོ་སོའི་དོན་གསལ་བར་བྱེད་པའི་བསྟན་ཆོས། མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བརྩེ་ཆེན་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན། །འཇིགས་མེད་ཞི་བའི་ནགས་ཁྲོད་དེར་ཞུགས་ནས། །ཆོས་འདུལ་སེང་གེའི་ང་རོ་བགྲང་ཡས་ཀྱིས། །ཀུན་གྱི་རྒུད་པ་སེལ་ཁྱོད་ཕྱག་གི་གནས། །བྱུང་བཅས་རོལ་མཚོའི་སྐྱེ་མཆེད་མཚར་དུ་དངར། །རྗེས་བཅས་གསེར་རིའི་ལང་ཚོ་བལྟ་ན་སྡུག །གནང་བཀག་ཆུ་གཏེར་བཞི་ཡི་ཁྲིར་འཁོད་པའི། །ཆོས་འདུལ་ལྷུན་པོ་གང་ཁྱོད་བསྔགས་པར་འོས། །མེ་ཏོག་གཞུ་དང་སྦྲང་རྩིའི་དགྲ་བོ་ཡི། །མཚོན་ཆའི་འཁྲུལ་འཁོར་མང་པོས་མ་དུལ་བའི། །ཡིད་ཅན་དེ་ཀུན་བག་ཡོད་བདུད་རྩི་ཡིས། །དུལ་མཛད་ཡོངས་འདུའི་ཚོགས་ལ་ཕྱག་བགྱིའོ། །ཀུན་མཁྱེན་དེས་གསུངས་མདོ་ལུང་པད་དཀར་གཉེན། །སྡེབ་ལེགས་ངག་གི་ཤིང་རྟ་ལ་དྲངས་པ། །བསྟན་འཛིན་ཀུན་གསལ་སྒེག་མོའི་མགུལ་རྒྱན་དུ། །སྟེར་མཛད་ཡོན་ཏན་འོད་བརྒྱའི་མགོན་དེས་བསྲུངས། །བདུད་རྩིའི་དགྲ་བོས་མ་མྱང་རོ་བརྒྱ་པ། །རྣམ་དཔྱོད་ཧུབ་ཀྱིས་གསོལ་ནས་གཞན་ཕན་གྱི། །ཕྲེང་མཛེས་ཀུན་དགའི་དཔལ་དུ་སྟེར་བརྩོན་པ། །རྒྱུད་པའི་བཤེས་གཉེན་མཁའ་ལྡིང་གིས་འདིར་སྐྱོངས། །མདོ་ལུང་ཚིག་དོན་གོ་སླ་ཕལ་ཆེ་བ། །དལ་བུར་ཀློག་པའི་ངལ་བ་ཉིད་ཀྱིས་ཤེས། །རྟོགས་དཀའི་གནས་རྣམས་གཞན་གྱིས་མ་བརྗོད་པ། །བཟུང་བདེར་འཆད་དོ་དོན་གཉེར་གཟུ་བོས་ཉོན། །དེ་ལ་འདིར་ཆོས་འདུལ་བ་ནི་གཉིས་ཏེ། ཐེག་པ་ཐུན་མོང་གི་དང༌། ཐུན་མོང་མ་ཡིན་པའི་འོ། །དང་པོ་ལ། བརྗོད་བྱ་དོན་གྱི་དང༌། རྗོད་བྱེད་ཚིག་གིའོ། །དང་པོ་ནི། བྱུང་བ་དང༌། བཅས་པ་དང༌། རྗེས་སུ་བཅས་པ་དང༌། གནང་བ་དང༌། བཀག་པ་རྣམས་སོ། །གཉིས་པ་ནི། རྩ་བའི་ལུང་སོ་སོར་ཐར་པ་གཉིས་དང༌། བཤད་པའི་ལུང་སྡེ་བཞིའོ། །དེ་ལས་ཀྱང་ལུང་རྣམ་པར་འབྱེད་པ་ནི་སོ་སོར་ཐར་པ་གཉིས་ཀྱི་ཚིག་གི་འགྲེལ་པའོ། །དེ་ལའང་དགེ་སློང་ཕ་མའི་དབྱེ་བས་གཉིས་སུ་ཡོད་ལ། དང་པོ་ལ་བམ་པོ་བརྒྱད་ཅུ་གྱ་གསུམ་མོ། །ལུང་གཞི་ནི། སོ་སོར་ཐར་པ་རྣམ་པ་གཉིས་ཀྱི་མ་ཚང་བ་ཁ་བསྐང་བའི་འགྲེལ་པ་ཡིན་ལ། བམ་པོ་ནི་བརྒྱ་དང་བཅུའོ། །ལུང་ཕྲན་ཚེགས་ནི། བསླབ་པའི་གནས་ཕྲ་མོ་རྣམས་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས། སོ་སོར་ཐར་པ་རྣམ་གཉིས་ཀྱི་སྤྱི་དོན་ལྟ་བུར་གྱུར་པའི་འགྲེལ་པ་ཡིན་ལ། བམ་པོ་ནི་ལྔ་བཅུ་རྩ་དགུའོ། །གཞུང་དམ་པ་ནི་དེ་གཉིས་ཀྱི་དཀའ་བའི་གནས་རྣམས་གཏན་ལ་འབེབས་པ་ལ་ཤིན་དུ་གཅེས་པའི་འགྲེལ་པ་ཡིན་ལ། བམ་པོ་ནི་ལྔ་བཅུ་རྩ་ལྔ་དང༌། སྡེ་ཚན་མི་གཅིག་པ་ནི་བཅུ་གཅིག་སྟེ། ཞུ་བ་དང༌། འདུལ་བྱེད་དང༌། གཅིག་ནས་བཅུའི་བར་དུ་འཕྲོས་པ་དང༌། ལུང་མ་མོ་དང༌། བྲམ་ཟེའི་བུ་མོ་དང༌། ཨུཏྤ་ལའི་ཕྲེང་བ་དང༌། བྱ་བའི་ཕུང་པོ་དང༌། ལྕི་ཡང་བསྟན་པ་ལ་སོགས་པའོ། །གཞུང་བླ་མ་ནི་ཟུར་དུ་བགྲང་དགོས་པ་མ་ཡིན་ཏེ། གཞུང་དམ་པ་དང་འགྱུར་གྱི་ཁྱད་པར་ཡིན་པའི་ཕྱིར་དང༌། དགེ་ལེགས་བཤེས་གཉེན་གྱི་འགྲེལ་པས་གཏན་ལ་ཕབ་པའི་ཞུ་བ་ཁ་ཆེ་བ་ལ་གཞུང་བླ་མ་ཞེས་བཏགས་པ་ཙམ་དུ་ཟད་པའི་ཕྱིར་དང༌། བོད་དུ་བམ་པོ་བཅུ་གཉིས་ལས་ལྷག་པ་མ་འགྱུར་བའི་ཕྱིར་རོ། །དེ་དག་གི་བཞུགས་ཚུལ་ལ། བོད་སྔ་མ་རྣམས་ཐོག་མར་ལུང་གཞི་དང༌། དེའི་འོག་ཏུ་རྣམ་འབྱེད་བཞུགས་པར་མཛད་དོ། །བུ་སྟོན་རིན་པོ་ཆེས་ནི། ཐོག་མར་ལུང་རྣམ་འབྱེད་བཞུགས་པར་མཛད་མོད། སློབ་དཔོན་ཡོན་ཏན་འོད་ཀྱི་བཞེད་པ་ནི། མདོ་རྩ་བ་ལས་འབྱུང་བའི་གོ་རིམ་བཞིན་ནོ། །འདུལ་བ་དེ་འཛིན་པའི་དགེ་འདུན་ནི་གཉིས་ཏེ། ཉན་ཐོས་སྡེ་པ་དང༌། ཐེག་པ་ཆེན་པོའོ། །དང་པོ་ལ། རྩ་བའི་སྡེ་བཞི་དང༌། གྱེས་པ་བཅོ་བརྒྱད་དོ། །དེ་དག་ལ་འདུལ་བ་མི་འདྲ་བའི་དབྱེ་བའང་བཅོ་བརྒྱད་དུ་ཡོད་པ་ཡིན་ཏེ། འདུལ་བ་ཡི་གེར་བྲི་བར་སངས་རྒྱས་ཀྱིས་མ་གནང་བའི་རྒྱུ་མཚན་གྱིས་ཡུན་རིང་པོ་སོང་བ་ན། སོ་སོར་ཐར་པའི་མདོའི་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་པར་བཤད་པའི་ཕྱིར་རོ། །དེ་ལྟར་གྱེས་ཀྱང་བཀའ་བསྡུ་བ་གསུམ་པའི་ཚེ། གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་བཀར་སྒྲུབས་ཤིང༌། འདུལ་བའི་ཚོགས་དེ་དག་ཡི་གེར་བྲིས་པ་ཡིན་ནོ། །དེ་དག་ལས་འདིར་གང་བཤད་པར་བྱ་བའི་ཆོས་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའོ། །མི་མཁས་པ་གང་དག་འདི་ཉན་ཐོས་ཀྱི་ཐུན་མོང་མ་ཡིན་པའི་སྡེ་སྣོད་དོ་ཞེས་ཟེར་བ་དེ་དག་ནི་འཐད་པ་མ་ཡིན་ཏེ། འདུལ་བ་འདི་ལས་འབྱུང་བའི་ཆ་ཤས་ཅུང་ཟད་ཀྱང་ཁས་མི་ལེན་པའི་ཐེག་པ་ཆེན་པོ་པ་མེད་པའི་ཕྱིར་དང༌། འདིའི་ནང་ན་ཉན་ཐོས་སྡེ་པས་ཐུན་མོང་མ་ཡིན་པར་ཁས་ལེན་དགོས་པའི་གྲུབ་པའི་མཐའ་ཅི་ཡང་མི་སྣང་བའི་ཕྱིར། འདི་ཆོས་ཀྱི་འཁོར་ལོ་དང་པོ་ཁོ་ནའི་མཚན་གཞིར་འདོད་པ་ཡང་ལེགས་པ་མ་ཡིན་ཏེ། མངོན་པར་སངས་རྒྱས་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་བྱུང་བ་དང་བཅས་པའི་རྣམ་པར་གཞག་པ་ཐམས་ཅད་འདིར་བསྡུས་པའི་ཕྱིར་དང༌། མྱ་ངན་ལས་འདས་ནས་བཀའ་བསྡུ་གཉིས་པ་མ་བྱུང་གི་བར་གྱི་ཐེག་པ་ཐུན་མོང་གི་འདུལ་བའི་རྣམ་པར་གཞག་པ་ཐམས་ཅད་ཀྱང་འདི་ན་བཞུགས་པའི་ཕྱིར་རོ། །དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་ནི་གཉིས་ཏེ། ཉན་ཐོས་ཀྱི་ཐུན་མོང་མ་ཡིན་པའི་དང༌། ཐེག་པ་ཐུན་མོང་གིའོ། །དང་པོ་ནི། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཡིན་ལ། གཉིས་པ་ནི། ས་གསུམ་པ་འོད་བྱེད་པ་མཉེས་པ་བྲམ་ཟེའི་བཙུན་པ་འཕགས་པ་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་འདུལ་བའི་མདོའོ། །བསྟན་བཅོས་འདི་ཉན་ཐོས་སྡེ་པ་ཐུན་མོང་མ་ཡིན་པའི་བསྟན་བཅོས་སོ་ཞེས་ཟེར་བ་ནི། མི་མཁས་པ་དག་གིས་གྱ་ཚོམ་དུ་སྨྲས་པ་ཡིན་ཏེ་བསྟན་བཅོས་འདིའི་ནང་ན། ཉན་ཐོས་སྡེ་པ་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་དང༌། གྲུབ་མཐའ་གོང་མ་སྨྲ་བ་དག་གིས་ཁས་ལེན་དུ་མི་རུང་བ་ནི་ཆ་ཤས་ཙམ་ཡང་བསྟན་བཅོས་འདི་ན་མི་བཞུགས་པའི་ཕྱིར་རོ། །དེ་ལྟར་ན་ཐེག་པ་ཐུན་མོང་གི་བསྟན་བཅོས་འདིའི་མཚན་གྱི་རྣམ་གྲངས་ནི། འདུལ་བའི་མདོ་ཞེས་བྱ་སྟེ། བཤད་པའི་ལུང་སྡེ་བཞི་པོ་མཐའ་དག་གི་བརྗོད་བྱའི་དོན་ཚན་མ་ལུས་པ་མདོར་བསྡུས་པའི་ཕྱིར། འདུལ་བ་ཀུན་ལས་བཏུས་པ་ཞེས་ཀྱང་བྱ་སྟེ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ལུང་ཀུན་ལས་བཏུས་པའི་ཕྱིར། བོད་རྣམས་ཀྱིས་མདོ་རྩ་བ་ཞེས་ཀྱང་བཏགས་མོད། རྒྱུ་མཚན་སྔ་མ་ཉིད་དོ། །དེ་ལྟ་བུའི་བསྟན་བཅོས་འདི་ནི། རྣམ་འབྱེད་རྣམ་གཉིས། གཞི་བཅུ་བདུན་དང་བཅས་པ་གཞུང་ཤིང་དུ་བྱས་ཤིང༌། གཞན་རྣམས་ཁ་སྐོང་གི་ཚུལ་དུ་སྦྱར་ནས་འཆད་པར་བྱེད་དོ། །འདི་འཆད་པར་བྱེད་པའི་ཐབས་ཀྱི་འགྲེལ་པ་ནི་བཞི་སྟེ། ཉིད་ཀྱི་རྣམ་བཤད་དུ་གྲགས་པ་དང༌། བྱེ་བྲག་དུ་སྨྲ་བའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་རྒྱ་ཆེར་འགྲེལ་དང༌། སློབ་དཔོན་ཤེས་རབ་བྱེད་པས་བྱས་པ་འགྲེལ་པ་བར་པ་དང༌། ཡོན་ཏན་འོད་ཅེས་བྱ་བས་མཛད་པར་མིང་བཏགས་པའི་འགྲེལ་ཆུང་རྣམས་སོ། །དེ་དག་ལ་ཡིད་བརྟན་དུ་རུང་བ་ནི་དང་པོ་གཉིས་ཁོ་ན་ཡིན་ལ། རྒྱ་འགྲེལ་རྣམས་སུ་མ་ཐོན་པའི་འཆད་ཚུལ་ཆེས་ཤིན་ཏུ་ལེགས་པ་དག་ཀྱང་བོད་ཀྱི་སློབ་དཔོན་སྔ་མ་དག་གིས་མཛད་པར་སྣང་བས། དེ་དག་ལའང་གུས་པ་བསྐྱེད་པར་བྱའོ་དེ་ལྟར་སྤྱིར་བཤད་ནས། གཞུང་གི་དོན་ལ་གཉིས་ཏེ། བསྟན་བཅོས་ཀྱི་དགོས་སོགས་ཐོག་མར་བཀོད་པ་དང༌། དགོས་སོགས་དེ་དང་ལྡན་པའི་བསྟན་བཅོས་སོ། །དང་པོ་ལ། སྤྱི་དོན་དང༌། གཞུང་གི་འབྲུ་གཉེར་བ་གཉིས་ལས། དང་པོ་ནི། སྤོང་བ་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་ནི་བསྟན་བཅོས་འདིའི་བརྗོད་བྱའོ། །འདི་ལ་བརྟེན་ནས་དེ་བདེ་བླག་དུ་རྟོགས་པ་ནི་དགོས་པའོ། །དེ་ལས་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པ་ནི་ཉིང་དགོས་སོ། །དགོས་སོགས་གསུམ་དང་བསྟན་བཅོས་འདི་ཐབས་དང་ཐབས་བྱུང་དུ་གྱུར་པ་ནི་འབྲེལ་པའོ། །འོ་ན་བཞི་པོ་དེ་གཞུང་འདིས་ཇི་ལྟར་བསྟན་ཅེ་ན། དགོས་འགྲེལ་གཉིས་ཤུགས་ལ་བསྟན་ཅིང༌། གཞན་གཉིས་པོ་དངོས་སུ་བསྟན་ནོ། །འདིར་ངེས་འབྱུང་ཞེས་པ་འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་བློ་ལ་འདོད་པ་ནི་མ་ཤེས་པ་ཡིན་ཏེ། དེ་ཙམ་ནི་ཕྱི་རོལ་པ་ལའང་ཡོད་པའི་ཕྱིར་དང༌། ཡི་གེའི་དོན་ལ་མ་ཞུགས་པའི་ཕྱིར། དེས་ན་ངེས་པར་འབྱུང་བ་ནི་ལྷག་མེད་ཀྱི་མྱང་འདས་ཡིན་ལ། དེ་ལའང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །ཚུལ་ཁྲིམས་ལའང་གསུམ་སྟེ། འདོད་པའི་སས་བསྡུས་པ་སོ་སོར་ཐར་པ་དང༌། གཟུགས་ཀྱི་སས་བསྡུས་པ་བསམ་གཏན་གྱི་དང༌། ཁམས་དང་སས་མ་བསྡུས་པ་ཟག་པ་མེད་པའི་འོ། །གཉིས་པ་ལ་གཉིས་ཏེ། ཕྱི་རོལ་པའི་དང༌། ཆོས་འདི་པའི་འོ། །དེ་ལའང་རྒྱུའི་ཀུན་སློང་གི་དབང་དུ་བྱས་ན་གསུམ་སྟེ། ངེས་འབྱུང་གི་དང༌། ལེགས་སྨོན་གྱི་དང༌། འཇིགས་སྐྱོབ་ཀྱིའོ། །འདིར་ནི་དང་པོ་ཁོ་ནའི་དབང་དུ་བྱས་སོ། །གཉིས་པ་གཞུང་གི་འབྲུ་གཉེར་བ་ནི། འབྱུང་བ་ཞེས་བྱ་བ་ནི། གང་ནས་དང༌། གང་གིས་དང༌། གང་དུ་འབྱུང་བ་གསུམ་ཀ་ལ་འཇུག་ཀྱང༌། འདིར་ནི་ཐ་མའི་དབང་དུ་བྱས་པ་ཡིན་ཏེ། ཐོབ་བྱ་འཆད་པའི་སྐབས་ཡིན་པའི་ཕྱིར། དེ་ལའང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་ལས་ཕྱི་མའི་དབང་དུ་བྱས་ཏེ། ངེས་པར་ཞེས་བྱ་བའི་ཚིག་དང་འབྲེལ་བའི་ཕྱིར། དེ་སྐད་དུ་ཡང༌། ཊཱི་ཀ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་འབྱུང་ངོ༌། །དེ་ཐོབ་བྱེད་ཀྱི་རྒྱུ་ཡིན་པས་ན་དེའི་ཚུལ་ཁྲིམས་ཞེས་དྲུག་པའི་སྒྲ་སྨོས་སོ། །དེ་དེའི་ཐོབ་བྱེད་ཀྱི་རྒྱུ་ཡིན་ཏེ། དེ་ལས་ཡེ་ཤེས་སྐྱེ་བའི་ཕྱིར་རོ། །དབང་དུ་བྱས་ཞེས་པ་ནི། བསྟན་བཅོས་འདི་ཡོངས་སུ་རྫོགས་པ་ཚུལ་ཁྲིམས་དེའི་དབང་དུ་བྱས་ཞེས་པའོ། །ཏེ་ཞེས་པ་ནི་དམ་བཅའ་བ་ཡིན་ཏེ། དེ་ལྟར་དམ་བཅས་པས་རྩོམ་པ་མཐར་ཕྱིན་པར་འགྱུར་བའི་ཕྱིར་རོ། །ཡང་ན་མཚམས་སྦྱོར་བར་བྱེད་པའི་ཚིག་ཡིན་ནོ། །ངག་དོན་ནི། ངེས་འབྱུང་ཆོས་ཅན། བསྟན་བཅོས་འདིའི་ཉིང་དགོས་ཡིན་ཏེ། དེའི་མཐར་ཐུག་གི་དགོས་པ་ཡིན་པའི་ཕྱིར། དེའི་ཚུལ་ཁྲིམས་ཆོས་ཅན། འདིའི་བརྗོད་བྱ་ཡིན་ཏེ། འདིའི་བསྟན་བྱའི་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ལ། ལུང་གི་སྐབས་རྒྱས་པར་བཤད་པ་དང༌། རུང་མཐུན་བསྡུས་ཏེ་བསྟན་པའོ། །དང་པོ་ལ། སློབ་པ་པོ་རྟེན་གྱི་གང་ཟག་དང་གང་ཟག་དེའི་བསླབ་པར་བྱ་བའོ། །དང་པོ་ལ། ལུང་གཞི་སོགས་ལས་གསུངས་པ་མ་ཐོབ་པ་ཐོབ་པའི་རྟེན་དང༌། རྣམ་འབྱེད་ནས་གསུངས་པ་ཐོབ་ཟིན་མ་བཏང་བའི་རྟེན་ནོ། །དང་པོ་ལ། ལུང་གཞི་ལས་གསུངས་པ་གཞུང་གི་ཚུལ་དུ་བཤད་པ་དང༌། ཕྲན་ཚེགས་ལས་གསུངས་པ་ཁ་སྐོང་གི་ཚུལ་དུ་བཤད་པ་དང༌། ཞུ་བའི་སྐབས་ནས་འབྱུང་བ་དོགས་གཅོད་ཀྱི་ཚུལ་གྱིས་བཤད་པ་དང་གསུམ་ལས། དང་པོ་ལ་ཚེགས་ཆུང་ངུས་རྫོགས་པ་སྔོན་གྱི་ཆོ་ག་དང༌། ཚེགས་དང་བཅས་པས་རྫོགས་པ་ད་ལྟར་གྱི་ཆོ་གའོ། །དང་པོ་སྤྱིའི་དོན་དང༌། གཞུང་གི་དོན་ཏེ། དང་པོ་ལ་གཉིས་ལས། གཞན་གྱི་ལུགས་བཀོད་པ་ནི། བོད་ཀྱི་སློབ་དཔོན་རྣམས་སྔོན་གྱི་ཆོ་ག་ནི་བཅུ་སྟེ། སངས་རྒྱས་གཉིས་ལ་རང་བྱུང་གི་དང༌། ལྔ་སྡེ་བཟང་པོ་ངེས་པར་འཇུག་པའི་དང༌། ཤཱ་རིའི་བུ་སོགས་ཚུར་ཤོག་གི་དང༌། འོད་སྲུངས་ཆེན་པོ་སྟོན་པར་ཁས་བླངས་པས་དང༌། ལེགས་བྱིན་དྲི་བས་མཉེས་པའི་དང༌། སྐྱེ་དགུའི་བདག་མོ་སོགས་ལྕི་བའི་ཆོས་བརྒྱད་སྤོང་བར་ཁས་བླངས་པའི་དང༌། མཆོད་སྦྱིན་མ་ཕོ་ཉས་དང༌། བཟང་སྡེའི་ཚོགས་དྲུག་ཅུ་ལ་སྐྱབས་གསུམ་ཁས་བླངས་པས་དང༌། ཡུལ་དབུས་སུ་བཅུའི་ཚོགས་དང༌། མཐའ་འཁོབ་ཏུ་ལྔའི་ཚོགས་ཀྱི་བསྙེན་པར་རྫོགས་པའོ། །ཞེས་གསུངས་སོ། །འདི་ལ་སློབ་དཔོན་ཕྱི་མ་དག་ན་རེ། འདི་མི་འཐད་དེ། མཛོད་དང་ལུང་མ་མོ་ལས་སྡོམ་པའི་ཐོབ་རྒྱུ་དང༌། བསྙེན་རྫོགས་ཙམ་གྱི་དབྱེ་བ་བཤད་པ་ཡིན་གྱི། སྔོན་དང་ད་ལྟར་གྱི་དབྱེ་བ་མེད་པའི་ཕྱིར་དང༌། འཕྲིན་ཆོག་ཡིན་ན། ད་ལྟར་གྱི་ཆོ་ག་ཡིན་དགོས་པའི་ཕྱིར་དང༌། ལྔ་ཚོགས་དང༌། བཅུ་ཚོགས་དང༌། ལྕི་ཆོས་ནི་ད་ལྟར་གྱི་ཆོ་གའི་རྗེས་སུ་བྱུང་བའི་ཕྱིར་དང༌། རང་བྱུང་གཉིས་དང་ཡེ་ཤེས་ཁོང་དུ་ཆུད་པ་ལ་ནི་རིག་བྱེད་མེད་པས་ཆོ་གའི་དོན་མ་ཚང་བའི་ཕྱིར་དང༌། སྔོན་གྱི་ཆོ་ག་གཞུང་ལས་བཤད་པ་ཡིན་ངོ་ཤེས་པ་འདི། དེ་དག་དུ་མ་འདུས་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་རང་གི་ལུགས་ནི། བསྙེན་པར་རྫོགས་པའི་དབྱེ་བ་ནི་གཉིས་ཏེ། གསོལ་བ་དང་བཞིའི་ལས་ཀྱི་ཆོ་ག་ལ་ལྟོས་པ་དང༌། མི་ལྟོས་པའོ། །དང་པོ་ལ་གཉིས་ཏེ། ད་ལྟར་གྱི་ཆོ་ག་དང༌། སྔོན་གྱི་ཆོ་གའོ། །དང་པོ་ལའང་གཉིས་ཏེ། དངོས་སུ་སྒྲུབ་པ་དང༌། ཕྲིན་གྱིས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། མ་མཐའི་ས་མཚམས་བཅུ་ཚོགས་དང༌། ལྔ་ཚོགས་སོ། །འདིར་ལྔ་ཚོགས་ནི། ལས་བྱེད་པ་པོ་དང་ལྔ་ཡིན་གྱི། ཁ་སྐོང་གི་དགེ་སློང་ལྔ་ཁོ་ན་ངེས་པར་དགོས་པ་མ་ཡིན་ཏེ། ལུང་ལས་བཞིས་ཆོག་པར་གསུངས་ཤིང༌། དེས་མི་ཆོག་པའི་རིགས་པ་ཡང་མི་སྣང་བའི་ཕྱིར་རོ། །གཉིས་པ་མི་ལྟོས་པ་ལ་གཉིས་ཏེ། རང་ཉིད་ཀྱི་རྒྱུད་ལ་དོན་དམ་པའི་དགེ་སློང་སྐྱེས་པས་དང༌། སངས་རྒྱས་ཀྱི་བྱིན་གྱིས་བརླབས་པས་བསྙེན་པར་རྫོགས་པའོ། །དང་པོ་ནི། སངས་རྒྱས་གཉིས་དང་ལྔ་སྡེ་བཟང་པོའོ། །གཉིས་པ་ནི། ལྷག་མ་རྣམས་སོ། །འདི་དག་ལ་སྔོན་གྱི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། སྔོན་གྱི་གང་ཟག་སྲིད་པ་ཐ་མ་པར་གྱུར་པ་ཤ་སྟག་གི་རྒྱུད་ལ་བྱུང་བའི་བསྙེན་པར་རྫོགས་པ་ཡིན་པའི་ཕྱིར། དེའི་ཕྱིར་དེ་དག་གི་ཆོ་གའི་མིང་བཏགས་ཀྱང་འགལ་བ་མེད་དོ། །ཡེ་ཤེས་ཁོང་དུ་ཆུད་པ་སོགས་ལ་རིག་བྱེད་མེད་དོ་ཞེས་ཟེར་བ་མི་ལེགས་ཏེ། རིག་བྱེད་ལ་མ་ལྟོས་པར་འདོད་པར་གཏོགས་པའི་རིག་བྱེད་མ་ཡིན་པ་མངོན་དུ་འགྱུར་བའི་སྐབས་མི་སྲིད་པའི་ཕྱིར། ད་ལྟར་ཆོ་ག་བཅས་རྗེས་སུ་བྱུང་བའི་བསྙེན་རྫོགས་ཀྱི་ཆོ་ག་ཡིན་ན། ད་ལྟར་གྱི་ཆོ་ག་ཡིན་མི་དགོས་ཏེ། སྟོན་པ་མྱ་ངན་ལས་འདའ་ཁར་ཚུར་ཤོག་གི་བསྙེན་རྫོགས་མཛད་པ་བཞིན་ནོ། །འཕྲིན་གྱི་ཆོ་ག་ཡང༌། ད་ལྟར་གྱི་ཆོ་ག་ཁོ་ནར་མ་ངེས་ཏེ། ཆོ་ག་གཉིས་ཀའི་གསོལ་བཞིའི་ལས་ལ་བརྟེན་པའི་ཕྲིན་ཆོག་འབྱུང་བར་གདོན་མི་ཟ་བའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ད་ལྟར་གྱི་ཆོ་ག་ལ་མ་ལྟོས་པར་བསྒྲུབ་བྱ་བསྙེན་པར་རྫོགས་པར་བྱེད་པའི་ཆོ་ག་དེ། སྔོན་ཆོག་གི་མཚན་ཉིད། ཆོ་ག་འདིས་རབ་བྱུང་དང་བསྙེན་རྫོགས་ཅིག་ཅར་དུ་བྱེད་པའི་ཁྱབ་པ་མེད་དེ། རང་སངས་རྒྱས་དང་ལྔ་སྡེ་བཟང་པོ་ནི་སྔར་རབ་དུ་བྱུང་ནས་ཕྱིས་བསྙེན་པར་རྫོགས་པ་ཐོབ་པའི་ཕྱིར་དང༌། སྟོན་པ་སངས་རྒྱས་ནི་སྔར་བསྙེན་པར་རྫོགས་ནས་ཕྱིས་རབ་དུ་བྱུང་བའི་ཕྱིར། མཁན་སློབ་མེད་པའི་ཁྱབ་པ་ཡང་མེད་དེ། ཚུར་ཤོག་སོགས་ཀྱི་ཚེ་སྟོན་པ་སངས་རྒྱས་མཁན་པོ་ཡིན་པར་གྲུབ་ལ། གསོལ་བཞིའི་ལས་ཀྱིས་སྔོན་ཆོག་བྱས་པའི་ཚེ། ལས་བྱེད་པ་པོ་དེས་དོན་གྲུབ་པའི་ཚེ། སློབ་དཔོན་དུ་འགྱུར་བ་ལས་འོས་མེད་པའི་ཕྱིར་རོ། །དབྱེ་བ་ནི་སྔོན་གྱི་ཆོ་ག་བཅུ་སྟེ། རང་བྱུང་གཉིས་སོ་སོར་ཕྱེ་བ་དང༌། ཡེ་ཤེས་ཁོང་དུ་ཆུད་པ་དང༌། ཚུར་ཤོག་དང༌། སྟོན་པར་ཁས་བླངས་པ་དང༌། དྲི་བས་མཉེས་པ་དང༌། ལྕི་བའི་ཆོས་ཁས་བླངས་པ་དང༌། འཕྲིན་དང༌། སྐྱབས་འགྲོ་ཁས་བླངས་པ་དང༌། གསོལ་བཞིའི་ཆོ་ག་རྣམས་སོ། །སྔོན་ཆོག་གི་རྗེས་སུ་བཅས་པ་མཛད་པའི་གསོལ་བཞིའི་ཆོ་ག་འཁོར་དང་བཅས་པ་དེ། ད་ལྟར་ཆོ་གའི་མཚན་ཉིད། དབྱེ་ན། བཅུ་ཚོགས་དང༌། ལྔ་ཚོགས་དང༌། དགེ་འདུན་སྡེ་གཉིས་ལས་རྫོགས་པ་དང༌། ཕྲིན་གྱི་ཚིགས་སྔ་ཕྱི་རིམ་ཅན་དུ་སྒྲུབ་པར་བྱེད་པ་རྣམས་སོ། །གཉིས་པ་གཞུང་གི་དོན་ནི། ཡུལ་གྱི་ཁྱད་པར་མཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་འདུས་པ་ན། ཆ་ལུགས་ཀྱི་ཁྱད་པར་ཆོས་འདི་པའི་དགེ་སློང་བཞིན་དུ་བྱས། བྱ་བའི་ཁྱད་པར་རྒན་རིམ་ལ་ཕྱག་གསུམ་གསུམ་བྱས་ནས། སྤྱོད་ལམ་གྱི་ཁྱད་པར་ཐལ་མོ་སྦྱར། ཙོག་ཙོག་པོར་འདུག་ཅིང༌། ཆོ་གའི་ཁྱད་པར་བསྒྲུབ་བྱ་དེས་གསོལ་བ་ལན་གསུམ་བཏབ་པར་གྱུར་པ་དང༌། ལས་བྱེད་པའི་དགེ་སློང་གིས་གསོལ་བ་དང་བཞིའི་ལས་ཀྱིས་ཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ཉེ་བར་བསྒྲུབས་པར་གྱུར་པ་ལྟ་བུ་ནི་ཆོས་ཅན། སྔོན་གྱི་ཆོ་ག་ཡིན་ཏེ། སྔོན་གྱི་གང་ཟག་སྲིད་པ་ཐ་མ་པའི་རིགས་ཅན་རྣམས་ལ་གཙོ་བོར་བྱ་བའི་བསྙེན་རྫོགས་ཀྱི་ཆོ་ག་ཡིན་པའི་ཕྱིར། འདིར་ལྟ་བུ་ཞེས་སྨོས་པ་ནི་མཚན་ཉིད་ངོས་བཟུང་བ་ཡིན་ལ། ནི་ཞེས་སྨོས་པ་ནི། འོག་ནས་འབྱུང་བའི་ད་ལྟར་གྱི་ཆོ་ག་ལས་བགར་བའོ། །ཁ་ཅིག་མཛོད་ནས་འབྱུང་བའི་བསྙེན་རྫོགས་བཅུའི་དབྱེ་བ་དེ་བྱེ་བྲག་ཏུ་སྨྲ་བ་ཁོ་ནའི་འདོད་པ་ཡིན་ནོ། །ཞེས་གསུངས་པ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། འདུལ་བའི་ལུང་ལས་གསལ་བར་གསུངས་པའི་ཕྱིར། གཉིས་པ་ད་ལྟར་གྱི་ཆོ་ག་ལ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། འགལ་རྐྱེན་བར་ཆད་ཀྱི་སྤྲོས་པ་རྣམས་སོ། །དང་པོ་ལ་གཉིས་ལས། སྤྱིའི་དོན་ནི། སོ་ཐར་སྡོམ་པའི་མཚན་ཉིད། འཆལ་ཚུལ་གྱི་རྒྱུན་སྡོམ་པར་བྱེད་པའི་ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །དབྱེ་བ་ནི་རྫས་བཞི་ཁོ་ནའོ། །ངོ་བོ་ལ་བྱེ་བྲག་ཏུ་སྨྲ་བ་ནི། རིག་བྱེད་མ་ཡིན་པའི་གཟུགས་སུའོ། །མདོ་སྡེ་པ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དེ། མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་གསུང་པས་སོ། །སེམས་ཙམ་པ་ནི། སེམས་པ་ས་བོན་དང་བཅས་པ་ལ་འདོད་ལ། དེ་ཡང་སེམས་པ་རྐྱང་པ་ལ་བྱས་ན་རྒྱུན་མེད་ལ། བག་ཆགས་ཙམ་ལ་བྱས་ན་འཆི་འཕོས་ནས་ཀྱང་རྗེས་སུ་འབྲང་བའི་ཕྱིར། དོན་དེ་ཉིད་ལས་གྲུབ་པའི་རབ་ཏུ་བྱེད་པ་ལས་གསལ་བར་གསུངས་པ་ཡིན་ནོ། །བུ་སྟོན་རིན་པོ་ཆེས། བྱེ་བྲག་ཏུ་སྨྲ་བས་སོ་ཐར་སྡོམ་པའི་ངོ་བོ་རིག་བྱེད་དང༌། རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པ་འདོད་དོ། །ཞེས་གསུང་བ་ནི་ལེགས་པ་མ་ཡིན་ཏེ། ལུས་ངག་གི་ཚུལ་ཁྲིམས་ལ་དེ་གཉིས་སུ་ཡོད་པར་བཤད་པ་ཡིན་གྱི། སྡོམ་པ་ལ་དེར་བཤད་པ་མེད་པའི་ཕྱིར་དང༌། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་གསུངས་པའང་སོ་སོར་ཐར་པ་དང༌། དེའི་སྡོམ་པ་ལ་མུ་བཞི་བརྩི་བའི་སྐབས་ཡིན་པའི་ཕྱིར། དེ་ལྟར་ན་དེ་དེར་འཆད་པའི་ལུང་མེད་དོ། །རིགས་པ་དང་འགལ་བ་ནི། འབྱུང་བ་བཞི་ཚན་གཅིག་ལས་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཅིག་ཆར་དུ་སྐྱེ་བ་ནི་བྱེ་སྨྲའི་འདོད་པ་མ་ཡིན་པའི་ཕྱིར་དང༌། ལུས་ངག་གི་རིག་བྱེད་གང་རུང་ཡིན་ན། མིག་ཤེས་ཀྱི་བཟུང་བྱ་དང༌། ཉན་ཤེས་ཀྱི་མཉན་བྱ་ཡིན་དགོས་ལ། སྡོམ་པ་ཡིན་ན་བསྟན་དུ་ཡོད་པ་དང༌། ཐོགས་བཅས་མ་ཡིན་དགོས་པ་ནི། དེའི་འདོད་པ་ལས་གསལ་བའི་ཕྱིར་དང༌། དགེ་སློང་གཅིག་གི་རྒྱུད་ལ་དུས་ཉི་མ་གཅིག་ལ་ཡང་སོ་ཐར་སྡོམ་པའི་ཁྱད་པར་ཞིག་རྒྱུན་ཆད་ཅིང་གསར་དུ་སྐྱེ་བའི་ལན་གྲངས་བརྒྱ་ཕྲག་དུ་མ་བྱེད་པར་ཐལ་བའི་ཕྱིར། སྡོམ་པ་གཏོང་བའི་རྒྱུ་ནི། ཇི་སྐད་དུ། བསླབ་པ་ཕུལ་དང་ཤི་འཕོས་དང༌། །ཞེས་སོགས་འབྱུང་བ་དེ་ཉིད་ཡིན་ལ། རྩ་བའི་ལྟུང་བ་སྡོམ་པའི་གཏོང་རྒྱུ་ཡིན་མིན་ལ་སྡེ་པ་གཉིས་མི་མཐུན་པ་ཡིན་ཏེ་མདོ་སྡེ་པ་ནི། ཕམ་པ་ལ་འཆབ་བཅས་ཀྱིས་ཁྱབ་ཅིང༌། དེ་ལས་གང་རུང་ཅིག་བྱུང་ན་སྡོམ་པའི་རྩ་བ་མཐའ་དག་གཏོང་བ་ཡིན་ཏེ། རྒྱུད་ཁྲེལ་མེད་པ་ཤས་ཆེན་པོ་དང་ལྡན་པར་བྱས་པའི་ཕྱིར། ཇི་སྐད་དུ། ལུང་ལས། དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང༌། དགེ་སྦྱོང་དུ་མི་རུང་ཞེས་པ་ནས། དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར། ཞེས་གསུངས་པས་སོ། །ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ནི། འཆབ་སེམས་ཕམ་པའི་ཡན་ལག་དུ་དགོས་པ་མི་འཐད་དེ། འདོད་ཆགས་ཀྱི་རོ་མྱོང་བ་དང༌། འཆབ་སེམས་དུས་ཅིག་ཆར་དུ་འབྱུང་བ་མི་སྲིད་པའི་ཕྱིར་དང༌། ལྟུང་བ་བྱུང་རྗེས་ཀྱི་འཆབ་སེམས་ཀྱང་ལྟུང་བའི་ཡན་ལག་དུ་མི་རུང་བའི་ཕྱིར། ལུང་གི་དོན་ཡང་ཚེ་དེ་ཉིད་ལ་དོན་དམ་པའི་དགེ་སློང་ཐོབ་པའི་སྐལ་བ་མེད་པ་ལ་དགོངས་པ་ཡིན་ནོ། །དེས་ན་རྩ་ལྟུང་འཆབ་བཅས་བྱུང་ཀྱང་སྡོམ་པ་གཏོང་བ་མེད་དེ། ལུང་ལས། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་རྗེས་སུ་སྟོན་ན་ལྟུང་བྱེད་དོ། །ཞེས་གསུངས་པའི་ཕྱིར་དང༌། རིགས་པ་ཡང༌། ཕྱོགས་གཅིག་ཉམས་ན་མཐའ་དག་གཏོང་བ་མི་རིགས་པའི་ཕྱིར། དེ་བས་ན་ཕམ་པ་འཆབ་བཅས་གང་རུང་བྱུང་བའི་དགེ་སློང་དེ་ཚུལ་ཁྲིམས་འཆལ་པ་དང་ཚུལ་ཁྲིམས་ལྡན་པ་གཉིས་ཀ་ཡིན་ཏེ། བུ་ལོན་ཅན་དང༌། ནོར་ཅན་གྱི་དཔེ་བཞིན་ནོ། །ལུང་ལས་ཀྱང༌། དགེ་སློང་བཞི་སྟེ་ལྔ་པ་མེད། །ལམ་གྱིས་རྒྱལ་དང་ལམ་སྟོན་དང༌། །ལམ་གྱིས་འཚོ་དང་ལམ་སུན་འབྱིན། །ཞེས་པའང་འདི་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་རོ། །སྔ་རབས་པ་དག་ན་རེ། ཕམ་པ་འཆབ་མེད་ཀྱིས་ཀྱང་སྡོམ་པ་གཏོང་བ་ཡིན་ཏེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པ་ལ་དགེ་འདུན་གྱི་ལྷག་མ་འབྱུང་བ་ཡོད་དམ། བཀའ་སྩལ་པ། ཡོད་དེ། བསླབ་པ་བྱིན་པ་ལའོ། །ཞེས་དང༌། ཕྲན་ཚེགས་ལས། བསླབ་པ་བྱིན་པའི་བསླབ་པ་ནི་དགེ་སློང་དང་འདྲའོ། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །བོད་ཀྱི་སློབ་དཔོན་རྣམས་ནི། བྱེ་བྲག་ཏུ་སྨྲ་བའི་འདོད་པ་དེ་ཉིད་ལུང་གི་དགོངས་པར་སོང་བ་ཡིན་ཏེ། ཕམ་པ་འཆབ་བཅས་ཀྱི་སྡོམ་པ་གཏོང་ན། ཐུན་མོང་མ་ཡིན་པའི་ཕམ་པ་འཆབ་བཅས་ཀྱི་ཡང་དེ་གཏོང་བར་ཐལ་བ་དང༌། ལུང་ལས་ཕམ་པ་བཞི་ཅར་བྱུང་བའི་དགེ་སློང་གསུངས་པ་དང༌། དགེ་སློང་ཉམས་པ་ལ་ཕམ་པས་སྐུར་པ་བཏབ་ན་དགེ་འདུན་ལྷག་མར་གསུངས་པའི་ཕྱིར་དང༌། ཨ་སྨྲ་སྐྱོང་མ་ལ་སྲོག་གཅོད་ཀྱི་ཕམ་པ་ལན་དུ་མ་བྱུང་བར་གསུངས་པའི་ཕྱིར། ཞེས་གསུངས་སོ། །དེ་ལྟ་མོད་ཀྱི། སློབ་དཔོན་བདག་ཉིད་ཆེན་པོ་འདིའི་བཞེད་པ་ནི། ཕམ་པ་འཆབ་བཅས་ཅན་ལ། དགོས་པ་སྒྲུབ་ནུས་ཀྱི་སྡོམ་པ་མེད་པ་དང༌། བར་མ་རབ་བྱུང་ཙམ་ཡོད་པ་དང༌། ཕམ་པ་འཆབ་མེད་ཅན་ལ་སྡོམ་པ་དགོས་པ་སྒྲུབ་ནུས་སུ་ཡོད་ཅིང༌། དེས་ཕམ་པའི་ཆད་ལས་ཉམས་སུ་ལེན་པར་བྱེད་ན་དགེ་སློང་རྣམ་དག་དང་འདྲ་བར་བཞེད་དོ། །གཉིས་པ་གཞུང་གི་དོན་ལ། ཚིགས་སྔ་མ་དགེ་ཚུལ་དུ་སྒྲུབ་པའི་ཆོ་ག་དང༌། ཚིགས་ཕྱི་མ་བསྙེན་རྫོགས་སུ་སྒྲུབ་པའི་ཆོ་གའོ། །དང་པོ་ལ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གསུམ་མོ། །དང་པོ་ལ། ད་ལྟར་གྱི་ཆོ་གས་རབ་ཏུ་འབྱུང་བ་མཁན་པོ་ལ་ལྟོས་པར་བསྟན། མཁན་པོས་བར་ཆད་དྲིས་ནས་སྡོམ་པ་གསུམ་རང་རང་ཆོ་གས་རིམ་གྱིས་སྦྱིན་དགོས་པར་བསྟན། མཁན་པོར་གསོལ་བ་བཏབ་ནས་རབ་བྱུང་སྟེར་དགོས་པར་བསྟན་པ་རྣམས་སོ། །དང་པོ་ནི། ད་ལྟར་ཆོ་ག་ལ་བརྟེན་ནས་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་ལྷ་སྦྱིན་ཆོས་ཅན། དགོས་པ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་ཡུལ་དགེ་སློང་འགའ་ཞིག་ལ། དང་པོ་མཁན་པོ་ཉིད་དུ་སྟ་གོན་གྱི་སྒོ་ནས་གནས་དགོས་པ་ཡིན་ཏེ། ད་ལྟར་ཆོ་ག་ལ་བརྟེན་ནས་ཉེས་མེད་ཕུན་ཚོགས་ཀྱི་རབ་བྱུང་དང་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། གཉིས་པ་ནི། བྱེད་པ་པོ་དང་པོ་རབ་བྱུང་གི་མཁན་པོ་ཉིད་དུ་སྟ་གོན་གྱི་སྒོ་ནས་གནས་པའི་དགེ་སློང་དེ་ཆོས་ཅན། ལས་སུ་བྱ་བ་བར་ཆད་དྲིས་ནས། དགོས་པའི་ཁྱད་པར་རབ་ཏུ་བྱུང་བའི་སྐབས་དབྱེ་དགོས་པ་ཡིན་ཏེ། བསྟན་པ་ལ་བྱ་བ་བྱས་པར་འགྱུར་བའི་ཕྱིར། དེ་ཆོས་ཅན། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དང༌། དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་མ་རྫོགས་པ་སྟེ་ཚིགས་སྔ་མ་སྔ་མ་སྔོན་དུ་མ་སོང་བར་ཕྱི་མ་ཕྱི་མ་སྦྱིན་པར་མི་བྱ་སྟེ། བསྟན་པ་ལ་རིམ་གྱིས་སློབ་དགོས་པའི་ཕྱིར། དེ་ལྟ་ན་ཡང་མི་སྐྱེ་བ་ནི་མ་ཡིན་ཏེ། ལུང་ལས། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པ་བགྱིད་ན། རྫོགས་ཞེས་བགྱིའམ། ཉེ་བར་འཁོར་རྫོགས་ཞེས་བྱའོ། །ཞེས་གསུངས་པས་སོ། །འོ་ན་ཇི་ལྟར་སྦྱིན་ཅེ་ན། དེ་ཆོས་ཅན། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ། ཁས་ལེན་ལན་གསུམ་བྱེད་དུ་བཅུག་པའི་སྒོ་ནས་བསྒྲུབ་བྱ་དེ། དགེ་བསྙེན་ཉིད་དང༌། དགེ་ཚུལ་ཉིད་དུ་བསྒྲུབ་དགོས་པ་ཡིན་ཏེ། དེ་ལྟར་བྱེད་པ་དེ་གཉིས་ཀྱི་ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར། དགེ་ཚུལ་གྱི་ཆོ་ག་ནི། ཚིག་ཚོགས་ཆུང་བའི་ཕྱིར་འདིར་གསུངས་ཀྱང་འཆད་པའི་ཚེ་འོག་ཏུ་དེ་ཉིད་འཆད་པའི་སྐབས་དེར་བཤད་ན་འབྲེལ་ཆགས་པ་ཡིན་ནོ། །འོ་ན་དགེ་འདུན་ལ་མ་ཞུས་པར་མཁན་པོ་རང་ཉིད་ཀྱིས་དགེ་ཚུལ་དུ་བསྒྲུབས་པས་ཆོག་གམ་སྙམ་ན། དེ་ཆོས་ཅན། བསྒྲུབ་བྱ་དེ་རང་གིས་དགེ་བསྙེན་ཉིད་དུ་ཉེ་བར་བསྒྲུབས་ནས། དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་པ་བྱ་དགོས་པ་ཡིན་ཏེ། སྐུར་པ་སྤང་ཞིང་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་སྐྱེད་དགོས་པའི་ཕྱིར། གཏད་པ་ཡུལ་གྱི་དགེ་སློང་དེ་ཆོས་ཅན། ཡོངས་སུ་དག་གམ་ཞེས་དྲིས་ལ། དག་ན་དགེ་འདུན་དུ་ལོངས་པའི་དགེ་སློང་ལ་ཞུ་དགོས་པ་ཡིན་ཏེ། དེར་མ་ལོངས་པ་ལ་ཞུས་པས་དེའི་གོ་མི་ཆོད་པའི་ཕྱིར། གསུམ་པ་ལ། སྦྱོར་བ། དངོས་གཞི། ལུགས་གཞན་བསྟན་པ་དང་གསུམ། དང་པོ་ནི། བསྒྲུབ་བྱ་དེ་ཆོས་ཅན། སྔར་གྱི་དགེ་སློང་དེ་ལ་མཁན་པོར་གསོལ་བ་འདེབས་དགོས་པ་ཡིན་ཏེ། དེ་མ་བཏབ་ན་དེར་མི་འགྱུར་བ་གང་ཞིག མཁན་པོ་དེ་རབ་བྱུང་གི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་གསོལ་བ་བཏབ་ནས་ཁས་བླངས་པའི་དགེ་སློང་དེ་ཆོས་ཅན། སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་ཁས་ལེན་ལན་གསུམ་དུ་བྱེད་དུ་བཅུག་པའི་སྒོ་ནས། བསྒྲུབ་བྱ་དེ་བར་མ་རབ་ཏུ་བྱུང་བ་བསྒྲུབ་པར་བྱ་དགོས་པ་ཡིན་ཏེ། དེའི་རབ་བྱུང་གི་མཁན་པོར་ཁས་བླངས་པའི་དགེ་སློང་ཡིན་པའི་ཕྱིར། གསུམ་པ་ནི། འདུལ་བ་འཛིན་པ་ཁ་ཅིག་ན་རེ། མཁན་པོར་གསོལ་བའི་འོག་དེ་མ་ཐག་ཏུ་རབ་ཏུ་བྱུང་ནས། དེའི་རྗེས་སུ་སྐྲ་དང་ཁ་སྤུ་བྲེགས་པ་སོགས་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་མི་འཐད་དེ། གཙུག་ཕུད་བཞག་པ་དང༌། མཚན་བརྟག་པ་དོན་མེད་དུ་ཐལ་བའི་ཕྱིར། དེ་ལྟ་ན་ཡང༌། རུང་ངོ་ཞེས་པ་ནི། ལུགས་གཞན་ཐ་དད་པ་སྟོན་པ་ཡིན་ནོ། །ཞེས་འགྲེལ་པ་མཁན་པོ་གསུང་ངོ༌། །གཉིས་པ་དངོས་གཞི་ནི། མཁན་པོས་གཏན་པའི་དགེ་སློང་ཆོས་ཅན། ཅི་ཡོངས་སུ་དག་གམ་ཞེས་དྲིས་ལ་དག་ན་བསྒྲུབ་བྱ་དེ་དགེ་ཚུལ་ཉིད་དུ་བསྒྲུབ་པར་བྱ་དགོས་པ་ཡིན་ཏེ། དེར་འོས་པའི་དགེ་སློང་ཡིན་པའི་ཕྱིར། གསུམ་པ་འཇུག་གི་དོན་ལ། བླ་མ་རྣམས་ཀྱི་དབྱེ་བ། བླ་མར་གྱུར་པའི་དུས་གྱུར་པ་ན་མཚན་སྨོས་པའི་རིམ་པའོ། །དང་པོ་ནི། བསྒྲུབ་བྱ་དགེ་ཚུལ་དུ་སྒྲུབ་པའི་དགེ་སློང་དེ་ནི་ཆོས་ཅན། དགེ་ཚུལ་དེའི་སློབ་དཔོན་ཡིན་ཏེ། དེ་ལ་དེ་སྦྱིན་པའི་དགེ་སློང་ཡིན་པའི་ཕྱིར། དེར་མ་ཟད་བསྒྲུབ་བྱ་བསྙེན་པར་རྫོགས་པའི་དུས་ཀྱི་གསང་སྟེ་སྟོན་པ་དང༌། ལས་བྱེད་པ་དང༌། གནས་སྦྱིན་པ་དང༌། ཀློག་ཏུ་འཇུག་པའི་དགེ་སློང་ཡང་ཆོས་ཅན། གང་ཟག་དེའི་སློབ་དཔོན་ཡིན་ཏེ། དེའི་སློབ་དཔོན་དུ་སྟོན་པས་བཅས་པའི་ཕྱིར། དགེ་བསྙེན་གྱི་སློབ་དཔོན་ནི་ཕལ་ཆེར་མཁན་པོར་འགྱུར་བ་ལ་དགོངས་ནས་ལོགས་སུ་མ་བཤད་དོ། །གཉིས་པ་ནི། སློབ་དཔོན་དུ་འགྱུར་བའི་དགེ་སློང་ལྔ་པོ་དེ་ཆོས་ཅན། རང་རང་གི་དོན་ནམ་དགོས་པ་དེ་གྲུབ་པའི་ཚེ་ན་སློབ་མ་དེ་རྣམས་ཀྱི་སློབ་དཔོན་དུ་གྱུར་པ་ཉིད་ཡིན་ཏེ། དེ་དེར་འགྱུར་བའི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། འོ་ན་མཁན་པོར་འགྱུར་བའང་དོན་གྲུབ་པ་ལ་ལྟོས་སམ་ཞེ་ན་མཁན་པོར་ཞེས་སོགས་སོ། །འོ་ན་གྲུབ་པའི་དུས་དེ་གང་ཡིན་ཞེ་ན། བརྗོད་པ་ཐ་མ་ཞེས་སོགས་སོ། །གསུམ་པ་ནི། དེ་གཉིས་ལས་གཞན་དུ་ཞེས་སོགས་སོ། །ཚིགས་ཕྱི་མ་དགེ་སློང་དུ་སྒྲུབ་པའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་རྗེས་གསུམ་མོ། །དང་པོ་ནི། དགེ་འདུན་ལས་སོགས་སོ། །གཉིས་པ་ནི། མཁན་པོས་གསོལ་བ་བཏབ་པའི་དགེ་འདུན་ཆོས་ཅན། བསྒྲུབ་བྱ་དེ་བསྙེན་པར་རྫོགས་པ་ཉེ་བར་སྒྲུབ་པར་བྱ་དགོས་པ་ཡིན་ཏེ། དེ་ལྟར་བྱ་བ་དེ་ཁྱོད་ཀྱི་སྒྲུབ་པའི་བསླབ་བྱ་ཡིན་པའི་ཕྱིར། གསུམ་པ་ལ། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་དོན་དུ་ཐོབ་པའི་དུས་གོ་བར་བྱ་བ་དང༌། སྡོམ་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་དོན་དུ་གདམས་ངག་བརྗོད་པའོ། །དང་པོ་ལ། གྲིབ་ཚོད་དང༌། ཉིན་མཚན་གྱི་ཆ་དང༌། དུས་གོ་བར་བྱ་བ་དང་གསུམ་མོ། །གསུམ་པ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། འདུལ་བ་ལས་དུས་ཀྱི་རྣམ་པར་གཞག་པ་གཉིས་གསུངས་ཏེ། བཞིར་བཤད་པ་དང༌། གསུམ་དུ་བཤད་པའོ། །དང་པོ་ནི། དགུན་དཔྱིད་དབྱར་སྟོན་བཞི་ལ་ར་འབྲིང་ཐ་གསུམ་གསུམ་དུ་ཕྱེ་ནས། འཇིག་རྟེན་ན་གྲགས་པ་དེ་ཉིད་ཐད་སོར་བཞག་པའོ། །གཉིས་པ་ནི། བསྟན་བཅོས་པ་རང་གི་ལུགས་ཏེ། དགུན་དང༌། དཔྱིད་དང༌། དབྱར་གསུམ་དུ་ཕྱེ་བའོ། །འདི་ལའང་དབྱར་ལ་གསུམ་དུ་ཕྱེ་ནས་དུས་ཚིགས་ལྔར་བཤད་པའི་ལུགས་དང༌། གསུམ་པོ་རེ་རེ་ལ་གཉིས་གཉིས་སུ་ཕྱེ་ནས་དྲུག་ཏུ་བཤད་པའི་ལུགས་སོ། །ལྔར་བཤད་པའི་དགོས་པ་ནི། དབྱར་ཐུང་ངུའི་དུས་ངོས་བཟུང་བའི་ཕྱིར་ཡིན་ལ། དེའི་ཡང་དགོས་པ་ནི་དབྱར་ཕྱི་མའི་ཁས་ལེན་གྱི་དུས་རྟོགས་པའི་ཕྱིར་ཡིན་ནོ། །དྲུག་ཏུ་ཕྱེ་བའི་དགོས་པ་ནི། གསོ་སྦྱོང་མི་ཐུབ་པའི་དུས་ངོ་ཤེས་པའི་ཆེད་ཡིན་ནོ། །འོ་ན་དུས་ཚིགས་ཀྱི་དང་པོ་གང་ནས་འཛིན་ཅེ་ན། ཇི་སྐད་དུ། སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །ཞེས་གསུངས་པ་ལྟར་དགུན་ནས་འཛིན་ལ། དགུན་གྱི་ཐོག་མ་འཛིན་པའི་ལུགས་ལའང་མི་མཐུན་པ་གཉིས་ཏེ། འཇིག་རྟེན་པ་རྣམས་དགུན་ཟླ་ར་བའི་ཡར་ངོའི་ཚེས་གཅིག་ནས་འཛིན་པ་དང༌། འདུལ་བ་བསྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་འཛིན་པའོ། །འོ་ན་སྟོན་ཟླ་ཐ་ཆུང་གང་ལ་བྱ་ཞེས་ཟེར་བ་ལ། མི་མཐུན་པ་གསུམ་སྟེ། ཧོར་ཟླ་བརྒྱད་པ་ཁྲུམས་ཀྱིས་ཉ་བའི་ཚེས་གཅིག་ནས་གནམ་སྟོང་གི་བར་ལ་དེར་འདོད་པ་དང༌། ཧོར་ཟླ་དགུ་པ་དབྱུག་པས་ཉ་བའི་དེ་ཉིད་ལ་དེར་འདོད་པ་དང༌། བཅུ་པ་སྨིན་དྲུག་གིས་ཉ་བའི་དེ་ལ་དེར་འདོད་པའི་ལུགས་དང་གསུམ་ལས། བོད་ཀྱི་འདུལ་བ་འཛིན་པ་ཕལ་ཆེ་བ་ནི་འདུལ་བ་ཚིག་ལེའུར་བྱས་པ་ལས། སྨིན་དྲུག་ནས་ནི་ཁྲ་ཡི་བར། །སྲ་རྐྱང་གདིང་བའི་དུས་སུ་བཤད། །ཅེས་དང༌། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །ཞེས་གསུངས་པས་ལུགས་ཕྱི་མ་འདི་ཉིད་རྣམ་པར་དག་པ་ཡིན་ནོ། །གྲུབ་པའི་མཐའ་ལ་དེ་ལྟར་ཡིན་ཀྱང༌། ལག་ཏུ་ལེན་པའི་རིམ་པ་ལ་ཧོར་ཟླ་བཞི་པ་དང༌། ལྔ་པ་གུང་གི་བཅོ་ལྔ་ལ་ཚུལ་དུ་འཇུག་དགོས་པ་ཡིན་ཏེ། གྲུབ་པའི་མཐའ་བཞིན་དུ་ན། །འཕྱིས་པའི་ཉེས་པ་ཡོད་པས་སོ། །ཞེས་གསུངས། བོད་ཕྱི་མ་དག་མདོ་སྡེ་ཉི་མའི་སྙིང་པོའི་ལུང་ཁུངས་སུ་བྱས་ནས། དེ་ཉིད་འདུལ་བའི་ལུགས་ཡིན་པར་སྨྲ་ཞིང༌། ཁས་ལེན་གྱི་དུས་ཀྱང་གྲུབ་པའི་མཐའ་བཞིན་དུ་བྱེད་པར་རློམ་པའི་ཁེངས་པས་རྒྱལ་བར་གྱུར་མོད། མ་གོ་བ་ཡིན་ཏེ། མདོ་སྡེ་དེའི་ལུགས་ཀྱིས་སྟོན་ཟླ་ཐ་ཆུང་མར་ངོ་སྔོན་འགྲོར་བཤད་པ་དང༌། འདུལ་བ་ནས་ཡར་ངོ་སྔོན་འགྲོར་བཤད་པ་གཉིས་ཀྱི་ཤན་མ་ཕྱེད་པར་སྣང་བའི་ཕྱིར་དང༌། མདོ་དེར་སྟོན་ཟླ་ཐ་ཆུང་ཧྲིལ་པོ་ལོའི་འགོར་བཞག་པ་དང༌། འདུལ་བ་ལས་སྟོན་ཟླ་ཐ་ཆུང་གི་ཕྱེད་ལོ་འགོར་བཞག་པ་གཉིས་ཀྱི་ཤན་མ་ཕྱེད་པར་སྣང་བའི་ཕྱིར་དང༌། མདོ་སྡེ་དེར། སྟོན་ཟླ་ཐ་ཆུང་ལ་བྲ་ཉེ་དང་སྨིན་དྲུག་ལན་གཉིས་འཁོར་བར་བཤད་ཅིང༌། ཉིན་མཚན་མཉམ་པར་བཤད་ལ། ཁྱེད་སྟོན་ཟླ་ཐ་ཆུང་དུ་འདོད་པའི་སྨིན་དྲུག་ཅན་གྱི་ཚེས་གཅིག་ནས་གནམ་སྟོང་གི་བར་ལ་ཚུལ་དེ་ལྟ་བུ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་དང༌། དབྱར་ཟླ་བ་གཉིས་ལས་ལྷག་པར་ཚུལ་དུ་མི་འཇུག་པའི་ངེས་པ་དང་པོ་ཉིད་ནས་སྔོན་དུ་སོང་བའི་སྒོ་ནས་དབྱར་ཁས་ལེན་པའི་རྣམ་གཞག་སངས་རྒྱས་ཀྱིས་མ་གསུངས་པས་མི་འཆགས་པའི་ཕྱིར་དང༌། ནམ་གཞུག་སོང་ནས་དབྱར་ཕྱི་མའི་ཁས་ལེན་བྱེད་དགོས་པ་དང༌། དགག་དབྱེ་གྲོལ་ནས་རས་ཆེན་འཆང་དུ་གནང་བ་དགོས་མེད་དུ་ཐལ་བ་སོགས་མི་རིགས་པ་ཤིན་ཏུ་མང་བའི་ཕྱིར་རོ། །བུ་སྟོན་རིན་པོ་ཆེ་ནི། མདོ་སྡེ་ཉི་མའི་སྙིང་པོ་ལས་སྟོན་ཟླ་ཐ་ཆུང་དུ་གསུངས་པ་དེ་ནི། དྲང་སྲོང་རྔ་བོང་གི་དུས་ཀྱི་སྟོན་ཟླ་ཐ་ཆུང་ཡིན་ལ། དུས་དེ་ནས་སྟོན་པ་བྱོན་པའི་བར་ལ། ཉི་མ་ལྡོག་པ་ཟླ་བ་གཅིག་གིས་སྔ་བར་སོང༌། སྟོན་པ་ནས་དིང་སང་གི་བར་ཞག་བཅུ་གསུམ་གྱིས་ཉི་མ་ལྡོག་པ་སྔ་བར་སོང༌། དེའི་རྒྱུ་མཚན་གྱིས་སྟོན་ཟླ་ཐ་ཆུང་ཀྱང་སྨིན་དྲུག་ཅན་གྱི་ཟླ་བ་ལས་ཟླ་བ་ཕྱེད་དང་གཉིས་ཙམ་གྱི་གོང་ནས་འཛིན་དགོས་པ་ཡིན་ནོ། །ཞེས་གསུངས། འདི་ཡང་འཐད་པར་མ་མཐོང་སྟེ། དེ་ལྟ་ན་དིང་སང་གི་དུས་སུ་ཧོར་ཟླ་བདུན་པ་ལ་སྟོན་ཟླ་ཐ་ཆུང་དུ་བྱེད་རིགས་པར་ཐལ། རྔ་བོང་གི་དུས་སུ་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང་དུ་བཤད་པ་གང་ཞིག སྟོན་པའི་དུས་སུ་ཧོར་ཟླ་བརྒྱད་པའི་བཅུ་དྲུག་ནས་དེ་འཛིན་དགོས། རིན་པོ་ཆེ་བུ་སྟོན་པ་རང་གི་དུས་སུ་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ནས་འཛིན་དགོས། དེ་ནས་དིང་སང་གི་བར་ལ་ཞག་ཤས་ཤིག་གི་འཆུགས་ཡོད་པར་ཁས་ལེན་དགོས་པའི་ཕྱིར། དེ་ཡང་དེ་ལྟ་ན། ཧོར་ཟླ་གསུམ་པ་དང་བཞི་པ་ལ་དབྱར་གྱི་ཁས་ལེན་བྱེད་དགོས་པར་འགྱུར་ལ། དེ་ལྟ་ན། དབྱར་གྱི་ཐོག་མ་ཉིད་དུ་དགག་དབྱེ་བྱེད་པར་ཁས་ལེན་དགོས་པ་སོགས་ཧ་ཅང་ཐལ་བར་འགྱུར་བ་དང༌། གཞན་ཡང་དིང་སང་གི་དུས་སུ་ཧོར་ཟླ་བདུན་པའི་གནམ་སྟོང་གི་ཉིན་ལོའི་འཇུག་རྫོགས་པ་ཡིན་པར་ཐལ། རྔ་བོང་གི་དུས་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔས་ལོའི་འཇུག་རྫོགས་བར་མདོ་དེར་བཤད་པ་གང་ཞིག དུས་དེ་ལས་ལོའི་འཇུག་རྫོགས་པ་ཟླ་བ་ཕྱེད་དང་གཉིས་ནི་དིང་སང་གི་དུས་སུ་སྔ་བ་ཡིན་པའི་ཕྱིར། དེ་ཡང་འདོད་ན། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་དགུན་གྱི་ཐོག་མ་འཛིན་དགོས་པས། ཤིན་ཏུ་འཆོལ་བར་འགྱུར་རོ། །དེ་བས་ན་སྨིན་དྲུག་ཅན་རྔ་བོང་གི་དུས་ཀྱི་སྟོན་ཟླ་ཐ་ཆུང་ཡིན་པ་དང༌། དབྱུག་པས་ཉ་བ་སྟོན་པའི་དུས་ཀྱི་སྟོན་ཟླ་ཐ་ཆུང་ཡིན་པའི་ངེས་པ་ཡང་མི་འཐད་དེ། སྤྱིར་སྟོན་པའི་དུས་སུ་ཡང་སྨིན་དྲུག་ཅན་ལ་སྟོན་ཟླ་ཐ་ཆུང་དུ་བཤད་པ་ཤིན་ཏུ་མང་བའི་ཕྱིར་དང༌། སྟོན་པས་ནག་པའི་ཉ་ལ་དུས་ཀྱི་འཁོར་ལོ་གསུངས་པ་དང༌། དེ་ཉིད་དཔྱིད་འབྲིང་དུ་བྱེད་པར་ཁྱེད་རང་གི་ཁས་བླངས་པ་དང་འགལ་བའི་ཕྱིར། གཉིས་པ་རང་གི་ལུགས་ནི། ཡར་ངོ་སྔོན་དུ་འགྲོ་བའི་ཟླ་བ་གང་ལ་སྟོན་གྱི་ཉིན་མཚན་མཉམ་པ་འབྱུང་བའི་ཟླ་བ་དེ་སྟོན་ཟླ་ཐ་ཆུང་ཡིན་ལ། དེའི་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་དགོས་པ་ཡིན་ནོ། །དང་པོ་གྲུབ་ཏེ། དེ་ལ་དེ་བྱེད་དགོས་པ་ནི། །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་མངོན་པའི་ཆོས་སྐོར་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །གཉིས་པའང་གྲུབ་ཏེ། དེ་ནས་དེ་འཛིན་དགོས་པར་འདུལ་བ་ཉིད་ཀྱི་ཆོས་བསྐོར་ནས་ཤིན་ཏུ་གསལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་འདུལ་བ་ཚིག་ལེའུར་བྱས་པ་སོགས་ལས། སྨིན་དྲུག་ཅན་ལ་སྟོན་ཐར་བཤད་པ་དེ་ནི་འཇིག་རྟེན་པའི་ལུགས་སོར་བཞག་པ་ཡིན་གྱི། འདུལ་མངོན་པའི་རང་ལུགས་མ་ཡིན་ཏེ། མངོན་བརྗོད་ཀྱི་བསྟན་བཅོས་སོགས་ནས་འབྱུང་བའི་འཇིག་རྟེན་རྒན་པོའི་ལུགས་དེ་ཉིད་སོར་བཞག་ནས་ལོ་ཙྪ་བ་རྣམས་ཀྱིས་འགྱུར་མཛད་པའི་ཕྱིར། དེའི་ཕྱིར་ཕལ་ཆེར་ནི་ཧོར་ཟླ་དགུ་པ་ལ་སྟོན་ཟླ་ཐ་ཆུང་དུ་བྱེད་ལ། ལོ་གཅིག་ལ་ཟླ་བ་བཅུ་གསུམ་བྱུང་བ་དེའི་ཚེ་ཧོར་ཟླ་བཅུ་པ་ལ་བྱེད་པ་ཡང་སྲིད་དོ། །ཞེས་བྱ་བ་ནི་ངེས་པའོ། །གཉིས་པ་གཞུང་གི་དོན་ནི། དུས་ཚིགས་དེ་དག་ནི་ཆོས་ཅན། འདིར་དགོས་པའི་དབང་གིས་ལྔར་ཕྱེ་བ་ཡིན་ཏེ། དགུན་གྱི་དུས་དང༌། དཔྱིད་ཀྱི་དུས་དང༌། དབྱར་གྱི་དུས་དང༌། དབྱར་ཐུང་ངུའི་དུས་དང༌། དབྱར་རིང་པོའི་དུས་རྣམས་སུ་ཕྱེ་བའི་ཕྱིར། དེ་ལྟར་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། དབྱར་ཐུང་ངུ་ཤི་བ་དང་འདྲ་བ་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དང་པོ་གཉིས་ནི་ཆོས་ཅན། ཟླ་བ་བཞི་བཞིའི་དུས་ཅན་ཡིན་ཏེ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་བར་དང༌། དེའི་བཅུ་དྲུག་ནས་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་བར་གྱི་དུས་ཅན་ཡིན་པའི་ཕྱིར། དེའི་འོག་མ་དབྱར་གྱི་དུས་ཆོས་ཅན། ཟླ་བ་གཅིག་ཏུ་ངེས་པ་ཡིན་ཏེ། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས། དབྱར་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་བར་གྱི་ངེས་པ་ཅན་ཡིན་པའི་ཕྱིར། དེའི་འོག་མ་དབྱར་ཐུང་ངུའི་དུས་ཆོས་ཅན། ཉིན་ཞག་ཕྲུགས་གཅིག་ཏུ་ངེས་པ་ཡིན་ཏེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གི་ཉིན་ཞག་ཕྲུགས་གཅིག་པོ་དེའི་དུས་ཅན་ཡིན་པའི་ཕྱིར། ཐ་མ་དབྱར་རིང་པོའི་དུས་ཆོས་ཅན། ཟླ་བ་གསུམ་དུ་ཉིན་ཞག་གཅིག་པོ་དེས་མ་ཆོག་པའི་དུས་ཅན་ཡིན་ཏེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་གྱི་སྐྱ་རེངས་དང་པོ་ནས་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་བར་གྱི་དུས་ཅན་ཡིན་པའི་ཕྱིར། གཉིས་པ་ལ་བསླབ་བྱ་ཡུལ་ལ་གདམས་པ་དང༌། སློབ་བྱེད་ཡུལ་ཅན་ལ་གདམས་པའོ། །དང་པོ་ལ། བསླབ་བྱའི་གཙོ་བོ་དངོས་སུ་བརྗོད་པའི་ཚུལ་གྱིས་གདམས། མ་བརྗོད་པ་ཡོངས་སུ་ཤེས་པའི་ཐབས་ལ་གདམས་པའོ། །དང་པོ་ལ། བརྟེན་པ་འཚོ་བ་རྣམ་དག་དང༌། བསྲུང་བྱ་ཚུལ་ཁྲིམས་རྣམ་དག་དང༌། ཉམས་ལེན་སྤྱོད་པ་རྣམ་དག་དང༌། །རྟོག་དོན་ལྟ་བ་རྣམ་དག་ལ་གདམས་པའོ། །གཉིས་པ་གཞུང་ཚན་རྣམ་པ་ལྔས་སྟོན་ཅིང་གཞན་རྣམས་བརྡ་འཕྲོད་པར་སླའོ། །གཉིས་པ་མི་ཉམས་པར་བསྲུང་བའི་ཐབས་ལ་གནས་དང་གནས་པའི་ཚུལ་ཁྲིམས་དང༌། དེ་དང་དེའི་མཚན་ཉིད་དོ། །གཉིས་པ་ལ་གཉིས་ཏེ། བཅས་པའི་སྐབས་དང༌། རྗེས་བཅས་ཀྱི་སྐབས་སོ། །དང་པོ་ལ་གཉིས་ཏེ། རང་སྨིན་པར་བྱེད་པའི་མཚན་ཉིད་དང༌། གཞན་རྗེས་སུ་འཛིན་པར་བྱེད་པའི་མཚན་ཉིད་དོ། །དང་པོ་ནི། བཅས་ལྡན་དགེ་སློང་ཆོས་ཅན། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་མ་ལོན་པར་གཞན་གྱི་མཁན་པོ་ཉིད་དང༌། གཞན་གྱི་གནས་ཉིད་དང༌། རང་ཉིད་ཀྱང་གནས་ལ་མི་གནས་པར་འདུག་པར་མི་བྱ་སྟེ། དེ་མ་ལོན་གྱི་བར་དུ་ཁྱོད་གནས་པ་སློབ་མའི་རིགས་ཡིན་པའི་ཕྱིར། དེའི་ཤུགས་ལ་དེར་རྫོགས་ནས་དེ་ལོན་པའི་དགེ་སློང་ཆོས་ཅན། གཞན་གྱི་མཁན་སོགས་གསུམ་བྱར་རུང་བའི་ཡན་ལག་ཅན་ཡིན་ཏེ། དེར་རུང་བའི་བརྟན་པའི་ཡན་ལག་དང་ལྡན་པའི་ཕྱིར། འོ་ན་དེ་ཙམ་གྱིས་ཆོག་གམ་ཞེ་ན། གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ཆོས་ཅན། མཁན་སོགས་གསུམ་རུང་བ་ལ། སྔ་མ་དེ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། འོག་ནས་འབྱུང་བ་དག་ལས། ལྔ་ཚན་དུ་ལྷན་ཅིག་སྦྱར་བ་གང་ཡང་རུང་བ་གཅིག་དང་ཡང་མི་ལྡན་པས་ནི་དེ་རུང་བ་མ་ཡིན་པའི་ཕྱིར། དེའི་ཤུགས་ལ་དེར་རྫོགས་ནས། དེ་བར་མ་ཆད་དུ་དེ་ལོན་ཅིང༌། ལྔ་ཚན་ཉི་ཤུ་རྩ་གཅིག་པོ་གང་རུང་དང་ལྡན་པའི་དགེ་སློང་ཆོས་ཅན། གཞན་གྱི་དེ་གསུམ་རུང་བ་ཡིན་ཏེ། བརྟན་མཁས་གཉིས་ཀའི་ཡོན་ཏན་དང་ལྡན་པའི་དགེ་སློང་ཡིན་པའི་ཕྱིར། མདོར་ན་གཞུང་འདི་གཉིས་ཀྱི་དངོས་བསྟན་ལ་གནས་པའི་དང༌། ཤུགས་བསྟན་ལ་གནས་ཀྱི་མཚན་ཉིད་སྟོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ། ལྔ་པ་རྣམས་ཀྱི་དབྱེ་བ་བསྡུ་བ། རང་དབང་ཅན་ཡིན་མ་ཡིན་གྱི་དོན། ལྔ་པ་ཁ་བསྡུས་ཀྱི་ཆོག་མི་ཆོག་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ་ལུང་ལས། ལོ་བཅུ་འཛིན་དང་མཁས་པ་དང༌། །རིག་དང་གསལ་དང་འཛིན་འཇུག་དང༌། །སློབ་དང་སློབ་འཇུག་རྣམ་པ་གཉིས། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་བཅས་དང༌། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ཡི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ཞེས་པའོ། །གཉིས་པ་ནི། ཉེར་གཅིག་པོ་གཉིས་སུ་འདུས་ཏེ། ཁྱད་པར་ཅན་དང༌། ཁྱད་པར་ཅན་མ་ཡིན་པའོ། །དང་པོ་ནི་འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་ཤེས་པའི་ཡོན་ཏན་སོགས་དང་བཅས་པའོ། །གཉིས་པ་ནི། འདུལ་བ་རྐྱང་པ་ཤེས་པའི་དབང་དུ་བྱས་པའི་ལྔ་པ་རྣམས་སོ། །གསུམ་པ་ནི། ལྔ་པ་རང་དབང་ཅན་ཡིན་མིན་གྱི་དོན་དང༌། ཡན་ལག་རང་དབང་ཅན་ཡིན་མིན་གྱི་དོན་དང༌། གང་ཟག་རང་དབང་ཅན་ཡིན་མིན་གྱི་དོན་ནོ། །དང་པོ་ནི། ལྔ་པ་དེ་རྒྱུད་ལ་ལྡན་པ་ལ་ལྔ་པ་གཞན་སྔོན་དུ་འགྲོ་མི་དགོས་པ་ནི། རང་དབང་ཅན་ཏེ། སྡེ་སྣོད་འཛིན་པ་དང་ཕུན་སུམ་ཚོགས་གཉིས་ལྟ་བུའོ། །ལྔ་པ་གཞན་སྔོན་དུ་འགྲོ་དགོས་པ་ནི། རང་དབང་ཅན་མ་ཡིན་པའི་དོན་སྟེ། འཛིན་འཇུག་དང་སློབ་འཇུག་གི་ལྔ་པ་ལྟ་བུའོ། །གཉིས་པ་ནི། རང་ཉིད་ཀྱིས་ལྔ་ཚན་གྱི་གཞི་མ་བྱེད་ཅིང༌། ལྔ་ཚན་གཞན་གྱི་ཁ་སྐོང་དུ་འགྲོ་མི་དགོས་པ་ནི་ཡན་ལག་རང་དབང་ཅན་གྱི་དོན་ཏེ། དཔེར་ན་སྡེ་སྣོད་འཛིན་པ་དང༌། ནང་དུ་ཡང་དག་པར་བཞག་པ་ལྟ་བུའོ། །དེ་མི་བྱེད་ཅིང་གཞན་དུ་འགྲོ་དགོས་པ་ནི་དེ་མ་ཡིན་པའི་དོན་སྟེ། དཔེར་ན། ཚུལ་ལྡན་མང་ཐོས་ལྟ་བུའོ། །གསུམ་པ་ནི། བརྟན་མཁས་གཉིས་ཀ་དང་ལྡན་པ་ནི། གང་ཟག་རང་དབང་ཅན་དང༌། དེ་མ་ཡིན་པ་ནི་ཅིག་ཤོས་སོ། །བཞི་པ་ནི། ལྔ་པ་ཁ་བསྡུས་ཀྱིས་ཆོག་པ་མ་ཡིན་ཏེ། གཞན་དུ་ན་ལྔ་ཚན་གྱི་སྦྱར་བ་དོན་མེད་དུ་ཐལ་བའི་ཕྱིར། ཇི་སྐད་དུ། ཚུལ་ཁྲིམས་ལྡན་ཅིང་འདུལ་བའི་ཆོ་ག་ཤེས། །ཞེས་སོགས་ཀྱི་ལྔ་པ་ཁ་བསྡུས་ཀྱིས་ཆོག་པར་བསྟན་ཏོ་ཞེས་གསུངས་པ་དེ་ཡང་མ་ཡིན་ཏེ། འདུལ་བ་ཤེས་པ་ལ། ལྷན་ཅིག་སྦྱར་བ་གཅིག་ངེས་པ་ཚང་དགོས་པའི་ཕྱིར་རོ། །གཉིས་པ་གཞུང་གི་དོན་ལ། སྡེ་སྣོད་གཉིས་ལ་མཁས་པའི་ལྔ་ཚན། སྡེ་སྣོད་གསུམ་ལ་མཁས་པའི་ལྔ་ཚན། འདུལ་བའི་སྡེ་སྣོད་རྐྱང་པ་ལ་མཁས་པའི་ལྔ་ཚན་ནོ། །དང་པོ་ལ། ལྔ་ཚན་སྦྱར་བ་དང༌། གཞུང་གི་ངག་དོན་ནོ། །དང་པོ་ནི། གནས་པ་སློབ་མ་ལ་སྙིང་བརྩེ་བའི་དགོས་པ་ནད་གཡོག་བྱེད་དམ། བྱེད་དུ་གཞུག་ནུས་པ་དང༌། བདག་ལ་ལྟུང་བ་བྱུང་ངམ་མ་བྱུང་སྙམ་པའི་འགྱོད་པ་བསལ་བ་བྱེད་དམ་བྱེད་དུ་གཞུག་ནུས་པའམ། མངོན་པ་ལ་མཁས་པས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤངས་པ་བྱེད་དམ་བྱེད་དུ་འཇུག་ནུས་པ་དང༌། གནས་མངོན་པར་མི་དགའ་བ་འདོར་བར་བྱེད་དམ། དེར་ནུས་པ་དང༌། བསྙེན་པར་རྫོགས་ནས་བར་མ་ཆད་དུ་ལོ་བཅུ་ལོན་པའོ། །འདིར་འདུལ་བ་ལ་གནས་པའི་དོན་ནི་འགྱོད་པ་བསལ་བས་བསྟན་ནོ། །གཉིས་པ་ནི། ལོ་བཅུ་ལོན་པའི་ལྔ་པ་དང་ལྡན་པའི་དགེ་སློང་ཆོས་ཅན། གནས་ཀྱི་བླ་མའི་མཚན་ཉིད་ཅན་ཡིན་ཏེ། ཅེས་སམ། མཁན་སོགས་གསུམ་རུང་བ་ཡིན་ཏེ། བརྟན་མཁས་གཉིས་དང་ལྡན་པའི་དགེ་སློང་ཡིན་པའི་ཕྱིར། ལོ་བཅུ་ལོན་པའི་ལྔ་ཚན་ཆོས་ཅན། ལྷན་ཅིག་ཏུ་སྦྱར་བ་ཡིན་ཏེ། ལྔ་ཕྲུགས་ཡིན་པའི་ཕྱིར། འོག་མ་དག་ལའང་འདི་བཞིན་ནོ། །གཉིས་པ་ལ། ཡན་ལག་ཐུན་མོང་བ་བཤད། ཐུན་མོང་མ་ཡིན་པ་སོ་སོར་བཤད་པའོ། །དང་པོ་ནི། སྡེ་སྣོད་འཛིན་པ་ནས་སློབ་པ་ཉིད་དོ་ཞེས་པ་ཡན་ཆད་ལྔ་ཚང་བ་མ་ཡིན་པ་རྣམས་ལ་ཆོས་ཅན། ཚུལ་ཁྲིམས་དང་ལྡན་པ་ཉིད་དང༌། མང་དུ་ཐོས་པ་ཉིད་སྦྱར་ནས་ལྔ་ཚན་དུ་ཚང་བར་བྱ་དགོས་པ་ཡིན་ཏེ། དེ་ལྟར་སྦྱར་བ་ལུང་གི་དོན་ཡིན་པའི་ཕྱིར། གཉིས་པ་ལ། ལུང་སྡེ་སྣོད་གསུམ་གྱི་ཚིག་ལ་མཁས་པའི་དབང་དུ་བྱས་པ་དང༌། དེའི་བརྗོད་བྱ་བསླབ་པ་གསུམ་རྒྱུད་ལ་བསྐྱེད་མཁས་པའི་དབང་དུ་བྱས་པ་དང་གཉིས། དང་པོ་ལ། རང་མཁས་པའི་ཡོན་ཏན་དང༌། གཞན་མཁས་པར་བྱེད་དུ་འཇུག་པའི་ཡོན་ཏན་ནོ། །དང་པོ་ལ། འཛིན་མཁས་རིག་གསལ་གྱི་དབྱེ་བས་བཞི་ཡོད་ཀྱང་གཉིས་སུ་བསྡུད་དེ། རང་གི་རྒྱུད་ལ་སྦྱོར་མཁས་པ་དང༌། གཞན་ལ་གསལ་བར་འཆད་མཁས་པའོ། །དང་པོ་ལ་གསུམ་སྟེ། ཚིག་འཛིན་མཁས་པ་དང༌། དོན་སོ་སོར་འབྱེད་མཁས་པ། ཚིག་དོན་མཐུན་པའི་བསྟན་བཅོས་རྩོམ་མཁས་པའོ། །དང་པོ་ལ་ལྔ་ཚན་ནི། སྡེ་སྣོད་གསུམ་གྱི་ཚིག་མི་བརྗོད་པར་འཛིན་པའི་དབྱེ་བས་གསུམ་དང༌། ཚུལ་ཁྲིམས་དང་ལྡན་པ་དང༌། མང་དུ་ཐོས་པ་དང་གཉིས་ཏེ་ལྔའོ། །སྡེ་སྣོད་འཛིན་པའི་ཚད་ནི་ཤླཽ་ཀ་འབུམ་ཕྲག་གཅིག་ཡན་ཆད་ལ་བྱེད་པར་གཞི་འགྲེལ་ལས་བཤད་དོ། །ཚུལ་ཁྲིམས་དང་ལྡན་པ་ནི་བསླབ་པ་འཁྲུལ་བཅས་སུ་མ་གྱུར་པའོ། །མང་དུ་ཐོས་པ་ནི། བསྟན་བཅོས་མང་པོ་ཐོས་པ་ལ་ངོས་འཛིན་པ་ཡིན་ལ། ལྔ་ཚན་གང་དུ་འདུལ་བ་ལ་གནས་པའི་དོན་གསལ་པོ་མི་ཐོན་པ་རྣམས་ལ། འདུལ་བའི་ལུང་ཚིག་གི་མང་དུ་ཐོས་པ་ཞེས་སྦྱོར། གཉིས་པ་ལ་ལྔ་ཚན་ནི། སྡེ་སྣོད་གསུམ་གྱི་དོན་ཕན་ཚུན་མ་འདྲེས་པར་སོ་སོར་འབྱེད་ནུས་པའི་དབྱེ་བས་གསུམ་དང༌། ཐུན་མོང་བ་གཉིས་ཏེ་ལྔའོ། །གསུམ་པ་ལ་ལྔ་ཚན་ནི། སྡེ་སྣོད་གསུམ་གྱི་དབང་དུ་བྱས་པའི་བསྟན་བཅོས་ཚད་མ་གསུམ་དང་མི་འགལ་བར་རྩོམ་ཤེས་པ་དང༌། ཐུན་མོང་བ་གཉིས་ཏེ་ལྔའོ། །གཉིས་པ་ལ་ལྔ་ཚན་ནི། གསུམ་པོ་རང་གི་ཇི་ལྟར་སྦྱར་བ་བཞིན་གཞན་ལ་གསལ་བར་འཆད་ནུས་པ་དང༌། ཐུན་མོང་བ་གཉིས་ཏེ་ལྔའོ། །གཉིས་པ་གཞུང་དོན་ནི། སྡེ་སྣོད་མངོན་པར་ཤེས་པ་ཉིད་དོ། །ཞེས་པའི་གཞུང་འདི་ཆོས་ཅན། ལྔ་ཕྲུགས་བཞི་བསྟན་པ་ཡིན་ཏེ། འཛིན་མཁས་གསལ་རིག་བཞིའི་སྒོ་ནས་སྡེ་སྣོད་མངོན་པར་ཤེས་དགོས་པ་དེ་ཁྱོད་ཀྱི་བསྟན་བྱའི་དོན་ཡིན་པའི་ཕྱིར། གཉིས་པ་ལ། ལྔ་ཚན་ནི། སྡེ་སྣོད་གསུམ་པོ་དེ་དག་གི་དོན་རང་གི་ཤེས་པའི་སྒོ་ནས་གཞན་འཛིན་དུ་འཇུག་ནུས་པ་ཉིད་ཀྱི་དབྱེ་བས་གསུམ་དང༌། ཐུན་མོང་བ་གཉིས་སྟེ་ལྔའོ། །ངག་དོན་ནི་སྔ་མ་བཞིན་ནོ། །གཉིས་པ་བརྗོད་བྱ་མངོན་པར་རྟོགས་པའི་དབང་དུ་བྱས་པ་ལ། བསླབ་པ་གསུམ་ཙམ་གྱི་དབང་དུ་བྱས་པ་དང༌། དེ་འཁོར་དང་བཅས་པའི་དབང་དུ་བྱས་པའོ། །དང་པོ་ལ། ཡིད་ཀྱི་བསླབ་པ་གསུམ་ལ་སློབ་པའི་དབང་དུ་བྱས་པ་དང༌། ལུས་ངག་གིས་དེ་ལ་སློབ་པའི་དབང་དུ་བྱས་པའོ། །དང་པོ་ལ་རང་གི་སློབ་པའི་ལྔ་པ་དང༌། གཞན་སློབ་དུ་འཇུག་པའི་ལྔ་པའོ། །དང་པོ་ལྔ་ཚན་ནི། ལྷག་པ་ཅེས་པ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་དབང་དུ་བྱས་པའི་ཚུལ་ཁྲིམས་དང༌། སེམས་བསམ་གཏན་བཞི་དང༌། ཤེས་རབ་ཟག་པ་མེད་པ་གསུམ་ལ་སློབ་ཅིང་གོམས་པར་བྱེད་པ་དང༌། སྔ་མ་གཉིས་ཏེ་ལྔའོ། །གཞུང་གི་དོན་ནི་སྔ་མ་བཞིན་ནོ། །གཉིས་པ་ནི་རང་གིས་ཇི་ལྟར་སློབ་པ་བཞིན་གཞན་དེ་གསུམ་ལ་སློབ་དུ་འཇུག་ཀྱང་ནུས་པའི་དབྱེ་བས་གསུམ་དང༌། ཐུན་མོང་བ་གཉིས་ཏེ་ལྔའོ། །ངག་དོན་ནི། བསྙེན་པར་རྫོགས་ནས་སྡོམ་རྒྱུན་བར་མ་ཆད་དུ་ལོ་བཅུ་ལོན་ཅིང༌། བསླབ་པ་གསུམ་ལ་སློབ་འཇུག་གི་ལྔ་པ་དང་ལྡན་པའི་དགེ་སློང་ཆོས་ཅན། དེ་གསུམ་རུང་བ་ཡིན་ཏེ་ཞེས་དང༌། བསླབ་པ་གསུམ་ལ་སློབ་འཇུག་གི་ལྔ་པ་ཆོས་ཅན། ལྷན་ཅིག་ཏུ་སྦྱོར་བ་ཡིན་ཏེ་ཞེས་སོགས་སྔ་མ་བཞིན་ནོ། །གཉིས་པ་ལུས་ངག་གིས་སློབ་པའི་ལྔ་པ་ལ། དེ་བཞིན་ནོ་ཞེས་གསུངས་པས་འདི་ལའང་སློབ་པ་དང༌། སློབ་འཇུག་གཉིས་སུ་དབྱེ། དང་པོ་ལ་ལྔ་ཚན་ནི། ལྷག་པའི་སྤྱོད་པ་དང༌། ལྷག་པའི་འདུལ་བ་ཞེས་པ་རྗོད་བྱེད་ཚིག་གི་འདུལ་བ་དང༌། སོ་སོར་ཐར་པ་ཞེས་པ་བརྗོད་བྱ་དོན་གྱི་འདུལ་བ་ལ་རང་ཉིད་སློབ་པ་དེ་གསུམ་དང་ཐུན་མོང་བ་གཉིས་ཏེ་ལྔའོ། །གཉིས་པ་ལ་ལྔ་ཚན་ནི། དེ་གསུམ་ལ་རང་ཇི་ལྟར་སློབ་པ་བཞིན། གཞན་སློབ་དུ་འཇུག་ཀྱང་ནུས་པའི་དབྱེ་བས་གསུམ་དང་ཐུན་མོང་བ་གཉིས་ཏེ་ལྔའོ། །ངག་དོན་ནི་སྔ་མ་བཞིན་ནོ། །འདི་སྡེ་སྣོད་གསུམ་གྱི་དབང་དུ་བྱས་པ་ཅི་ཞེ་ན། སྡེ་སྣོད་གཞན་གཉིས་མང་དུ་ཐོས་པ་ཡན་ལག་དུ་སྦྱོར་དགོས་པའི་དོན་གྱིས་སོ། །གཉིས་པ་བསླབ་པ་གསུམ་འཁོར་དང་བཅས་པའི་ལྔ་ཚན་ལ། ཐོས་བྱུང་གི་དབང་དུ་བྱས་པ་དང༌། སྒོམ་བྱུང་གི་དབང་དུ་བྱས་པའོ། །དང་པོ་ལ། ལྔ་ཚན་ནི། དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་དད་པ་དང༌། བརྗོད་བྱ་དོན་གྱི་ཚུལ་ཁྲིམས་དང༌། འདུལ་བ་མང་དུ་ཐོས་པ་དང༌། ཡོ་བྱད་ལ་མ་ཆགས་པའི་རང་བཞིན་ཅན་གྱི་གཏོང་བ་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ། །ངག་དོན་ནི། དེར་རྫོགས་ནས་དེ་བར་མ་ཆད་དུ་དེ་ལོན་ཅིང༌། ཕུན་སུམ་ཚོགས་པ་གོང་མའི་ལྔ་པ་དང་ལྡན་པའི་དགེ་སློང་ཆོས་ཅན། མཁན་སོགས་གསུམ་རུང་བ་ཡིན་ཏེ། བརྟན་མཁས་གཉིས་དང་ལྡན་པའི་དགེ་སློང་ཡིན་པའི་ཕྱིར། ཕུན་སུམ་ཚོགས་པ་གོང་མའི་ལྔ་ཚན་ཆོས་ཅན། ལྷན་ཅིག་ཏུ་སྦྱར་བ་ཡིན་ཏེ། ལྔ་ཕྲུགས་ཡིན་པའི་ཕྱིར། གཉིས་པ་ལ། འཕགས་རྒྱུད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་དང༌། ཚོགས་སྦྱོར་བའི་སྒོམ་བྱུང་གི་དབང་དུ་བྱས་པ། དགེ་སྦྱོང་ཚུལ་ཁྲིམས་དབང་དུ་བྱས་པའོ། །དང་པོ་ལ་ལྔ་ཚན་ནི། རྗོད་བྱེད་ཚིག་གི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང༌། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཕུན་སུམ་ཚོགས་པ་དང༌། རྣམ་པར་གྲོལ་བ་ཞེས་པ་ནི་མོས་པ་རྣམ་གྲོལ་ཏེ། རྣམ་པར་གྲོལ་བའི་ལམ་དང༌། དེ་ཤེས་པ་ཞེས་བྱ་བ་ནི། སྤངས་པ་རྣམ་གྲོལ་དེ་ཤེས་པ་ལ་བྱ་བ་ཡིན་ལ། དེ་ཡང་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །དེ་མཐོང་བ་ནི་རྣམ་པར་གྲོལ་བ་དེ་མཐོང་བ་སྟེ། དེ་ཡང་མི་སློབ་པའི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་ཉིད་དོ། །ངག་དོན་ནི་སྔ་མ་བཞིན་ནོ། །ལྔ་པ་འདི་གཉིས་ཀྱི་སྐབས་སུ་ཤེས་རབ་ཕུན་སུམ་ཚོགས་པས་མངོན་པ་དང་འབྲེལ། ཏིང་ངེ་འཛིན་དང་གཏོང་བ་ཕུན་སུམ་ཚོགས་པ་ནི་མདོ་སྡེ་དང་འབྲེལ་བ་ཡིན་ནོ། །གཉིས་པ་ཚོགས་སྦྱོར་བའི་ལྔ་པ་ལ། ཡན་ལག་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། དྲན་པ་དང་ལྡན་པ་ཞེས་པ་ནས་སློབ་པ་ཉིད་དོ་ཞེས་པ་ཡན་ཆད་ལྔ་ཚན་དངོས་སུ་མ་ཚང་བ་རྣམས་ལ་ཆོས་ཅན། ཚུལ་ལྡན་མང་ཐོས་གཉིས་པོ་ཙམ་ཞིག་ཁ་བསྐང་བས་ཆོག་པ་མ་ཡིན་ཏེ། བརྩོན་འགྲུས་བརྩམས་པ་ཉིད་དང༌། ཤེས་རབ་དང་ལྡན་པ་ཉིད་དང་ཡང་སྦྱར་དགོས་པའི་ཕྱིར། གཉིས་པ་ལ། དྲན་པ་ཉེར་བཞག་གི་ལྔ་ཚན། སྐྱོན་དང་བྲལ་བའི་ལྔ་ཚན་རྣམས་སོ། །དང་པོ་ལ་ལྔ་ཚན་ནི། ལུས་ཚོར་སེམས་ཆོས་རྣམས་ལ་རང་སྤྱིའི་ཚུལ་གྱིས་བརྟགས་ནས་སྒོམ་པར་བྱེད་པའི་དྲན་པ་ཉེ་བར་བཞག་པ་བཞི་དང་ལྡན་པ་དང༌། ཡན་ལག་ཐུན་མོང་བ་བཞི་སྟེ་ལྔའོ། །འདིར་བརྩོན་འགྲུས་བརྩམས་པ་ནི། ཡང་དག་པ་སྤོང་བ་བཞིའི་ངོ་བོར་གྱུར་པའི་བརྩོན་འགྲུས་སོ། །གཉིས་པ་ལ་ལྔ་ཚན་ནི། ལུས་འདུ་འཛི་དང་སེམས་རྣམ་པར་གཡེང་བ་ལས་རབ་ཏུ་དབེན་ཞིང༌། ནང་དུ་ཡང་དག་པར་ཞག་པ་ཉིད་དང་ཐུན་མོང་བ་བཞི་དང་ལྔའོ། །གསུམ་པ་ལ་ལྔ་ཚན་ནི། བྱིང་རྒོད་དང་བྲལ་བའི་སྒོ་ནས་སེམས་མཉམ་པར་བཞག་པ་དང༌། ཐུན་མོང་བ་བཞི་སྟེ་ལྔའོ། །དགེ་སྦྱོང་ཚུལ་གྱི་ལྔ་པ་ལ། ཉོན་མོངས་སྤོང་བ་ལ་སློབ་བཞིན་པའི་ལྔ་པ་དང༌། དེ་སྤངས་ཟིན་པའི་ལྔ་པའོ། །དང་པོ་ལ་ལྔ་ཚན་ནི། སློབ་པའི་གང་ཟག་བདུན་པོ་གང་རུང་གི་རྒྱུད་ལ་ཡོད་པའི་ཟག་མེད་ཀྱི་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། མོས་པ་རྣམ་གྲོལ་དང༌། དེ་ཤེས་པ་ཆོས་ཤེས་དང༌། དེ་མཐོང་བ་ནི་ཆོས་བཟོད་པ་དང༌། སྒོམ་ལམ་བར་ཆད་མེད་ལམ་རྣམས་སོ། །གཉིས་པ་ལ་ལྔ་ཚན་ནི། མི་སློབ་པའི་རྒྱུད་ཀྱི་ཟག་པ་མེད་པའི་ཕུང་པོ་ལྔ་པོ་དེ་ཉིད་དོ། །འདི་དང་ཕུན་སུམ་ཚོགས་པ་འོག་མའི་ཁྱད་པར་ནི། སློབ་དཔོན་སྔ་མ་རྣམས་ཡན་ལག་དང་པོ་ལ་ཁྱད་པར་ཡོད་པ་ཡིན་ཞེས་གསུང་ཡང༌། ཡན་ལག་ལྔ་པོ་ཉིད་ཕུན་སུམ་ཚོགས་པ་ཡིན་མ་ཡིན་གྱི་སྒོ་ནས་ཁྱད་པར་འཕགས་པའོ། །འདི་གཉིས་ཀྱི་སྐབས་སུ་འདུལ་བ་ལ་གནས་པ་དོན་གང་གི་བསྟན་ཅེ་ན། སློབ་དཔོན་ཆོས་ཤེས་དང་དགེ་ལེགས་བཤེས་གཉེན་ནི། ལོ་བཅུ་ལོན་པས་ཞེས་གསུངས་ཀྱང༌། དེ་ཙམ་གྱིས་བསྟན་པར་མི་ནུས་ཏེ། གཞན་དུ་ན་ལྔ་ཕྲུགས་སུ་སྦྱར་བ་རྣམས་དགོས་པར་བཤད་པ་རྣམས་དོན་མེད་པའི་ཕྱིར་རོ། །དེས་ན་ལོ་བཅུ་ལོན་པ་དང༌། འཕགས་པ་ཡིན་པ་གཉིས་ཚོགས་ཀྱིས་བསྟན་པ་ཡིན་ཏེ། འཕགས་པ་རྣམས་ནི་ལོ་བཅུར་བསྙེན་པར་རྫོགས་པ་དང་ལྡན་ན། ལོ་བཅུར་འདུལ་བ་ལ་འབད་པ་བྱས་པས་ངེས་པར་ཤེས་པའི་ཕྱིར་རོ། །གཉིས་པ་འདུལ་བ་རྐྱང་པའི་དབང་དུ་བྱས་པ་ལ། དོན་ཤེས་པའི་ལྔ་པ་དང༌། དོན་ཤེས་པ་བཞིན་ཉམས་སུ་ལེན་པའི་ལྔ་པ་དང༌། ཚིག་དོན་གཉིས་ཀ་ཤེས་པའི་ལྔ་པའོ། །དང་པོ་ལ་ལྔ་ཚན་ནི། གླེང་གཞི་དང༌། བྱེད་རྒྱུ་དང༌། རྒྱུ་མཚན་རྣམས་ཤེས་པ་ནི་བྱུང་བ་ཤེས་པའོ། །འདི་ལ་བྱུང་བ་བཅས་པ་དང་མ་བཅས་པའི་དབྱེ་བས་གཉིས་ཡོད་དོ། །བསླབ་པའི་གཞི་རྣམ་པར་བཞག་པ་ཤེས་པ་ནི་བཅས་པ་ཤེས་པའོ། །འདི་ལ་གསུམ་སྟེ། དགེ་སློང་བཟང་སྦྱིན་གྱིས་མི་ཚངས་པ་སྤྱད་པ་ལ་བརྟེན་ནས་ཕམ་པ་དང་པོའི་བཅས་པ་མཛད་པ་ལྟ་བུ་དགག་པའི་བཅས་པ་དང༌། མུ་སྟེགས་ཅན་འཕྱ་བ་ལ་བརྟེན་ནས་གསོ་སྦྱོང་བྱའོ་ཞེས་པ་ལྟ་བུ་བསྒྲུབ་པའི་བཅས་པ་དང༌། ཤཱ་རིའི་བུས་ཀུན་ཏུ་རྒྱུ་ཚར་བཅད་པ་ལ་བརྟེན་ནས་ཕྱི་རོལ་པའི་བསྟན་བཅོས་ཀློག་དུ་གནང་བ་ལྟ་བུ་གནང་བའི་བཅས་པ་དང་གསུམ་མོ། །རྗེས་སུ་བཅས་པ་ཤེས་པ་ཞེས་བྱ་བ་ནི་བཅས་པ་སྔ་མ་དེའི་རྗེས་སུ་བཅས་རིགས་གཉིས་པ་མཛད་པ་རྣམས་ཤེས་པའོ། །འདི་ལ་རྗེས་བཅས་མི་འདོར་བ་མུ་གསུམ། འདོར་བ་མུ་དྲུག་ཏེ་དགུའོ། །དེ་ཡང་དུད་འགྲོ་མོ་ལ་མི་ཚངས་སྤྱོད་བཀག་པ་ལྟ་བུ་བཀག་པའི་རྗེས་སུ་བཀག་པའི་བཅས་པ་དང༌། དབྱར་སྔ་མ་ཁས་ལེན་པ་དང་འོད་ནམ་ཡང་གསོ་སྦྱོང་ཉིད་བྱ་བར་བསྟན་པ་ལྟ་བུ་བསྒྲུབ་པའི་རྗེས་སུ་བསྒྲུབ་པ་བཅས་པ་དང༌། ཉི་མའི་སུམ་ཆ་བདེ་བ་མ་ཡིན་པ་ལ་ཕྱི་རོལ་པའི་བསྟན་བཅོས་ཀློག་དུ་གནང་བ་ལྟ་བུ་གནང་བའི་རྗེས་སུ་གནང་བ་བཅས་པ་སྟེ་གསུམ་མོ། །འདི་གསུམ་ལ་མི་འདོར་བ་ཞེས་བྱ་སྟེ། བཅས་རིགས་སྔ་ཕྱི་མཐུན་པའི་ཕྱིར། གཉིས་པ་འདོར་བ་དྲུག་ནི། ནད་པ་ལ་ཕྱི་དྲོའི་ཁ་ཟས་གནང་བ་ལྟ་བུ་བཀག་པའི་རྗེས་སུ་གནང་བ་དང༌། དགེ་སློང་མ་ན་ན་ལྷན་ཅིག་དགོས་པ་ལྟ་བུ་བཀག་པའི་རྗེས་སུ་བསྒྲུབ་པ་དང༌། ཞག་གཅིག་གིས་དོན་དུ་གནས་འཆའ་བ་བཀག་པ་ལྟ་བུ་བསྒྲུབ་པའི་རྗེས་སུ་བཀག་པ་དང༌། དབྱར་ཞག་བདུན་དུ་བྱིན་གྱིས་བརླབས་པ་ལྟ་བུ་བསྒྲུབ་པའི་རྗེས་སུ་གནང་བ་བྱས་པ་དང༌། མཆིལ་ལྷྭམ་ཀྲོག་ཀྲོག་ཟེར་བ་བཀག་པ་ལྟ་བུ་གནང་བའི་རྗེས་སུ་བཀག་པ་བཅས་པ་དང༌། གནང་བའི་རྗེས་སུ་བསྒྲུབ་པ་བཅས་པ་ནི། གྲོགས་ན་ན་ནད་གཡོག་བྱེད་དགོས་པར་གནང་བ་ལྟ་བུའོ། །དྲུག་པོ་འདི་ལ་འདོར་བ་ཞེས་བྱ་སྟེ། བཅས་རིགས་སྔ་ཕྱི་མི་མཐུན་པའི་ཕྱིར། བཀག་པ་མངོན་པར་ཤེས་པ་ཞེས་བྱ་བ་ནི། སྲོག་ལ་བབ་ཀྱང་གནང་བའི་གོ་སྐབས་མེད་པ་ཆང་འཐུང་བ་ལྟ་བུ་དང༌། ཚ་བའི་དུས་སུ་ཁྲུས་བྱ་བ་ལྟ་བུ་ཅི་དགར་གནང་བ་རྣམས་མངོན་པར་ཤེས་པ་ཉིད་དོ། །ངག་དོན་ནི། བྱུང་བཅས་ཀྱི་ལྔ་པ་ཆོས་ཅན། ལྷན་ཅིག་ཏུ་སྦྱར་བ་ཡིན་ཏེ་ཞེས་དང༌། བརྟན་ཅིང་བྱུང་བཅས་ཀྱི་ལྔ་པ་དང་ལྡན་པའི་དགེ་སློང་ཆོས་ཅན། གསུམ་བྱར་རུང་སྟེ། བརྟན་མཁས་གཉིས་དང་ལྡན་པའི་དགེ་སློང་ཡིན་པའི་ཕྱིར། གཉིས་པ་ལ། གནས་འཆར་འཇུག་གི་ལྔ་པ་དང༌། རེ་ཤིག་འཆར་འཇུག་གི་ལྔ་པའོ། །དང་པོ་ལ་ལྔ་ཚན་ནི། བར་དུ་གཅོད་པ་དང༌། བར་དུ་གཅོད་པ་མ་ཡིན་པ་ཤེས་པ་དང༌། དེ་གཉིས་སློབ་མ་ལ་སྟོན་མཁས་པས་སྨྲ་བ་པོ་ཉིད་དང༌། དེ་གཉིས་སློབ་མ་ལ་བསྟན་པས་སློབ་མ་བྱ་བ་མ་ཡིན་པ་ལས་ཟློག་པར་ནུས་པ་རྗེས་སུ་སྟོན་པ་ཉིད་དང༌། རང་ཉིད་ཡུལ་གཞན་དུ་འགྲོ་བའམ། སློབ་མ་དེའི་དོན་དུ་མི་འགྱུར་ན་གཞན་ལ་གནས་འཆར་འཇུག་ནུས་པའོ། །གཉིས་པ་ལ་ལྔ་ཚན་ནི། བཞི་པོ་དེའི་སྟེང་དུ་རེ་ཤིག་གནས་འཆར་འཇུག་ནུས་པ་ཉིད་དང་སྦྱོར། ངག་དོན་ནི་སྔ་མ་བཞིན་ནོ། །གསུམ་པ་ཚིག་དོན་གཉིས་ཀ་ཤེས་པའི་ལྔ་པ་ལ། ལྔ་ཚན་ནི། ལྟུང་བ་དང་ལྟུང་བ་མ་ཡིན་པ་དང༌། ཡང་བ་དང་ལྕི་བ་ཉིད་ཤེས་པ་དང༌། སོ་སོར་ཐར་པ་དང༌། རྒྱས་པ་ཐོན་པ་གཅིག་དུ་བྱས་པ་རྣམས་སོ། །འདིར་ལྕི་ཡང་ནི། འདུལ་བ་བསྡུས་པ་ལས། ངོ་བོ་ཉིད་དང་བྱེད་པ་དང༌། །བསམ་དང་གཞི་དང་ཚོགས་པ་དང༌། །རྟེན་དང་ལྕི་ཡང་དྲུག་ཏུ་འདོད། །ཅེས་པ་ལྟར་རོ། །ངག་དོན་ནི། ལྟུང་ཤེས་ཀྱི་ལྔ་པ་ཆོས་ཅན། ལྷན་གཅིག་ཏུ་སྦྱར་བ་ཡིན་ཏེ། འདུལ་བ་ཤེས་པའི་ཡོན་ཏན་ཅན་གྱི་ལྔ་ཕྲུགས་ཡིན་པའི་ཕྱིར། གཉིས་པ་རྗེས་བཅས་ཀྱི་སྐབས་ལ། གཞི་ལ་གནས་པའི་བསླབ་བྱ་དང༌། ལམ་དུ་ཞུགས་པའི་དམིགས་བསལ་ལོ། །དང་པོ་ནི། རྒན་པ་མེད་ན་སོགས་སོ། །གཉིས་པ་ནི་ལོ་ལྔ་ལོན་ཅིང་ཅེས་སོགས་སོ། །གསུམ་པ་འགལ་རྐྱེན་བར་ཆད་ཀྱི་སྤྲོས་པ་ལ། ལྟ་བ་དང་ལུས་མ་རྫོགས་པས་སྡོམ་པ་སྐྱེ་བ་ལ་བར་དུ་གཅོད་པ་དང༌། གནས་པ་དང་ཁྱད་པར་དུ་འགྱུར་བ་ལ་བར་དུ་གཅོད་པ་དང༌། འགྲོ་བ་ཉམས་པ་སོགས་ཀྱིས་སྐྱེ་བ་ལ་བར་དུ་གཅོད་པ་གཞན་བསྟན་པ་དང༌། སྐྱེ་ཡང་རབ་ཏུ་དབྱུང་མི་འོས་པའི་བར་ཆད་བསྟན་པ་དང་བཞིའོ། །དང་པོ་ལ་ལྟ་བ་ལོག་པས་བར་ཆད་དུ་འགྱུར་བ་དང༌། ལུས་མ་རྫོགས་པས་བར་གཅོད་འགྱུར་བའོ། །དང་པོ་བར་ཆད་དྲི་ཚུལ་མུ་སྟེགས་ཅན་ལ་མཚོན་ཏེ་བསྟན། ཚིག་ཚོགས་སྐྱུང་པའི་ཆེད་དུ་བཀོལ་པའི་མིང་དང་མིང་ཅན་སྦྱར། མུ་སྟེགས་ཅན་མགུ་བ་བརྟག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། རབ་ཏུ་སོགས་སོ། །གཉིས་པ་ནི་བཀོལ་པ་དེ་ནི་ཞེས་སོགས་སོ། །འདིར་མིང་ཅན་ངག་དྲུག་ནི། རབ་བྱུང་གི་ཚེ་དྲི་བ་དང༌། བསྙེན་རྫོགས་ཀྱི་ཚེ་དྲི་བ་དང༌། སུས་དྲིས་ན་རབ་བྱུང་གི་ཚེ་མཁན་པོས་དྲིས། བསྙེན་རྫོགས་ཀྱི་ཚེ་སློབ་དཔོན་དག་གི་དྲི། ཡིན་ཟེར་ན་བར་ཆད་ཅན་རབ་ཏུ་དབྱུང་བར་མི་བྱ་བ་དང༌། བསྙེན་པར་རྫོགས་པར་མི་བྱ་བ་རྣམས་སོ། །སྦྱོར་ཚུལ་ནི། བཀོལ་པ་ཞེས་པའི་མིང་གང་བྱུང་སར་མིང་ཅན་དྲུག་པོ་དེ་གོ་བར་བྱ་བའོ། །གསུམ་པ་ནི། དཀོན་མཆོག་སོགས་སོ། །གཉིས་པ་ལུས་མ་རྫོགས་པའི་བར་ཆད་ལ། བཅས་པ་དང༌། རྗེས་བཅས་གཉིས། དང་པོ་ནི་རབ་ཏུ་སོགས་སོ། །གཉིས་པ་ནི་ནུས་སོགས་སོ། །གཉིས་པ་ལ། གནས་པ་ལ་དང༌། ཁྱད་པར་དུ་འགྲོ་བའོ། །དང་པོ་ལ། བྲན་རྗེ་དཔོན་གྱི་དབང་དུ་གྱུར་པ། བུ་ལོན་ཅན་བདག་པོའི་དབང་དུ་གྱུར་པ། བུ་ཙ་ཕ་མའི་དབང་དུ་གྱུར་པའོ། །དང་པོ་ནི། བཀོལ་པ་བྲན་ནོ་སོགས་སོ། །གཉིས་པ་ནི་ཁྱོད་ལ་སོགས་སོ། །གསུམ་པ་ནི་རབ་ཏུ་འབྱུང་བར་འདོད་པ་ཕ་མ་སོགས་སོ། །གཉིས་པ་ནི། ནད་པ་མ་ཡིན་ནམ་སོགས་སོ། །གསུམ་པ་ལ། ཁྱབ་བྱེད་ཀྱི་མདོ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ནི། བཀོལ་པ་ཆད་པ་ཡན་ཆད་དོ། །གཉིས་པ་ལ། རྣམ་སྨིན་གྱི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པའི་དབང་དུ་བྱས་པ་དང༌། དང་པོ་ནི། སྤྲུལ་པ་སོགས་སོ། །གཉིས་པ་ནི་རྐུ་ཐབས་སོགས་སོ། །བཞི་པ་སྐྱེ་ཡང་འབྱུང་བར་མི་འོས་པ་ལ་ལས་ཀྱི་སྒྲིབ་པ་རྗེས་མཐུན་པ་དང༌། རྣམ་སྨིན་གྱི་སྒྲིབ་པ་རྗེས་མཐུན་པའོ། །དང་པོ་ནི། རྒྱུ་ལས་ཟློག་པ་སོགས་སོ། །གཉིས་པ་ནི། ལག་རྡུམ་དག་དང་སོགས་སོ། །དེ་དག་ལས་ཁྱད་པར་རྐུ་ཐབས་སུ་གནས་པའི་མཚན་ཉིད་ནི། རང་བསྙེན་རྫོགས་ཀྱི་ཆོ་ག་མ་བྱས་པ་ཉིད་དང༌། མ་ཆགས་པ་ཉིད་དུ་ཤེས་ཤིང་རྐུ་སེམས་ཀྱིས་དགེ་འདུན་དང་ལྷན་གཅིག་ལན་གཉིས་ཕན་ཆད་ལས་ཉམས་སུ་མྱོང་བ་མཐར་ཐུག་པའི་དགེ་སློང་གི་རྟགས་ཅན་དེ་ཆོས་ཅན། དེར་གནས་པ་ཡིན་ཏེ། རྐུ་སེམས་ཀྱི་དགེ་འདུན་གྱི་ལས་ལན་གཉིས་ཕན་ཆད་ཉམས་སུ་མྱོང་བའི་རྟགས་ཅན་ཡིན་པའི་ཕྱིར། ཇི་སྐད་དུ། གཏམ་གྱི་གཞི་ལས། གང་གི་ལན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་བར་གྱུར་པ་དེ་ནི། རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གང་གིས་ལན་གཅིག་ཉམས་སུ་མྱོང་བར་གྱུར་པ་དེ་ནི། རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ་ཞེས་སོགས་སོ། །འདི་ནི་མཚོན་པ་རྩམ་སྟེ། ཇི་སྐད་དུ་ཞུ་བ་ལས། བསྙེན་པར་མ་རྫོགས་པ་གསོ་སྦྱོང་ངམ། དགག་དབྱེ་འམ། གང་ཟག་བཅུ་གཉིས་སྐོ་བ་དག་ཉམས་སུ་མྱོང་བར་གྱུར་ན་དེ་ཙམ་གྱི་རྐུ་ཐབས་སུ་གནས་པ་ཡིན་ནོ། །ཞེས་དང༌། ཉིད་ཀྱི་རྣམ་པར་བཤད་པ་ལས། དེ་ལྟར་ཡིན་ན་རབ་ཏུ་བྱུང་བ་ཞུ་བ་དང༌། དགེ་ཚུལ་ཉིད་དུ། ཉེ་བར་བསྒྲུབ་པ་དང༌། གསང་སྟེ་སྟོན་པ་དང༌། ཡོངས་སུ་དག་པ་དང་མགུ་བ་དང༌། སྤོང་བ་ལ་སོགས་པ་ཞུ་བ་དང༌། རྗེས་སུ་ཐོབ་པ་རྣམས་ཀྱང་སོ་སོར་ཉམས་སུ་མྱོང་བ་ལ་རྐུ་ཐབས་སུ་གནས་པ་ཉིད་རྣམ་པར་གནས་པ་ཡིན་ནོ། །ཞེས་གསུངས་པས་སོ། །སློབ་དཔོན་ཤེས་རབ་བྱེད་པ་ནི། རབ་བྱུང་ཞུ་བ་ཙམ་སོགས་ལས་ཕྲན་ཚེགས་རྣམས་ཉམས་སུ་མྱོང་བས་རྐུ་ཐབས་སུ་གནས་པར་མི་འགྱུར་རོ་ཞེས་འདོད། མུ་སྟེགས་ཅན་ཞུགས་པའི་མཚན་ཉིད་ནི། རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ་རྗེས་སུ་མུ་སྟེགས་ཅན་གྱི་ལྟ་བ་དེ་དང་ལྡན་པར་བྱས་ནས་ཆོས་གོས་འདི་བོར། མུ་སྟེགས་ཅན་གྱི་རྒྱལ་མཚན་དེས་མུ་སྟེགས་ཅན་གྱི་གནས་དེར་སྐྱ་རེངས་ཤར་བ་དེ་ཆོས་ཅན། དེ་ཡིན་ཏེ། ཆོས་འདི་པའི་སྡོམ་པ་དང་རབ་བྱུང་སྐྱེས་རྗེས་སུ་མུ་སྟེགས་ཅན་དུ་གྱུར་པའི་ཕྱིར། དེ་འདྲའི་ཁྱད་པར་བཞི་པོ་དེ་མ་བྱས་པར་ཡང་ལྟ་བ་དེ་དང་ལྡན་པས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་གྱུར་པ་དེ་ཆོས་ཅན། མུ་སྟེགས་ཅན་ཞུགས་པ་ཡིན་ཏེ། རྐུ་ཐབས་སུ་གནས་པ་དང་འདྲ་བར་རྐུ་ཐབས་ཀྱི་སྒོ་ནས་མུ་སྟེགས་ཅན་དུ་གྱུར་པའི་ཕྱིར། འདི་དང་སྔ་མ་གཉིས་ལ་སྔར་མེད་ཀྱི་སྡོམ་པ་མི་སྐྱེ་ཡང༌། སྔར་ཡོད་ཀྱི་སྡོམ་པ་གཏང་བ་མ་ཡིན་ཏེ། གཏོང་རྒྱུ་མ་བྱུང་བའི་ཕྱིར། དགེ་འདུན་གྱི་དབྱེན་དང༌། ངན་སེམས་ཀྱི་ཁྲག་ཕྱུང་བ་བཞིན་ནོ། །གཉིས་པ་ལུང་ཕྲན་ཚེགས་ནས་འབྱུང་བ་ཁ་སྐོང་གི་ཚུལ་གྱི་བཤད་པ་ལ། ཐུན་མོང་བ་ཕ་ཆོག་གི་སྤྲོས་པ་དང༌། ཐུན་མོང་མ་ཡིན་པ་མ་ཆོག་གི་རྣམ་བཞག་ལུང་གཞི་ན་མེད་པ་དེ་ཉིད་བཤད་པའོ། །དང་པོ་ལ། མ་ཐོབ་པ་ཐོབ་པར་བྱེད་པའི་སྤྲོས་པ། ཐོབ་པ་མི་ཉམས་པར་བསྲུང་བའི་སྤྲོས་པའོ། །དང་པོ་ལ། འགལ་རྐྱེན་བར་ཆད་ཀྱི་སྤྲོས་པ། དངོས་གཞི་འཇུག་དང་བཅས་པའི་སྤྲོས་པ། སྦྱོར་ཆོག་གི་སྤྲོས་པ་རྣམས་སོ། །དང་པོ་ནི། རྒྱལ་པོས་བཀྲབས་པ་ཞེས་སོགས་སོ། །གཉིས་པ་ནི། བསྒྲུབ་བྱ་དུ་མ་མཁན་པོ་གཅིག་པ་རྣམས་ཆོས་ཅན། དཀྱིལ་འཁོར་གཅིག་གི་ནང་དུ་གསུམ་མན་ཆད་དུ་བཅད་ནས། གསོལ་བཞིའི་ལས་ཚིག་གཅིག་གིས་བསྙེན་པར་རྫོགས་པར་བྱ་དགོས་པ་ཡིན་ཏེ། གསུམ་ལས་ལྷག་ན་ཚོགས་ཀྱིས་ཚོགས་ལ་ལས་མི་འཆགས་པའི་ཕྱིར། འདི་ཡང་དཀྱིལ་འཁོར་གཅིག་གི་དབང་དུ་བྱས་པ་ཡིན་གྱི། མཚམས་ཐ་དད་དུ་ནི་གསུམ་ལས་ལྷག་པ་ལ་ལས་འཆགས་སྟེ། ལུང་ཞུ་བ་ལས། བཙུན་པ་གསོལ་བ་གཅིག་དང་ལས་གཅིག་གིས་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིས་ན། ལས་ཀྱང་བགྱིས་ན། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བར་མཆིས་སམ། ཨུ་པ་ལི་ཡོད་དེ། ལས་བྱེད་པའི་དགེ་སློང་གིས་མཚམས་མནན་ཏེ་འདུག་ལ། གཉིས་ནི་མཚམས་ཀྱི་ནང་དུ་བཞག གཉིས་ནི་མཚམས་ཀྱི་ཕྱི་རོལ་དུ་བཞག་ཏེ་ལས་བྱས་ནའོ། །ཞེས་པ་ནས་བཅུ་གཉིས་ཀྱི་བར་དུ་རྒྱས་པར་གསུངས་སོ། །འདི་ལ་བརྟེན་ནས་བོད་ཀྱི་འདུལ་བ་འཛིན་པ་ཆེན་པོ། རྡོ་རྗེ་གཞོན་ནུས། ཐག་པའི་མཚམས་ཀྱིས་སོ་སོར་སྐོར་བའི་ནང་དུ་བསྒྲུབ་བྱ་གསུམ་མན་ཆད་བཞག མཚམས་དེ་ཐམས་ཅད་ནོན་པའི་སྟེང་དུ་ལས་བྱེད་པའི་དགེ་འདུན་ཚང་བར་བཞུགས་ནས། བསྒྲུབ་བྱ་མང་པོ་དུས་ཅིག་ཅར་དུ་བསྙེན་པར་རྫོགས་པའི་ཕྱག་ལེན་འབྲི་ཁུང་དུ་མཛད་པ་ལ། དཔལ་ཆེན་གྱི་ཐག་རྒྱ་མ་ཞེས་གྲགས་སོ། །གཉིས་པ་སྦྱོར་ཆོག་གི་སྤྲོས་པ་ལ། རྟགས་ཉམས་པ་སྤངས་པ་དང༌། བར་ཆད་སྤངས་པ་གཉིས། དང་པོ་ལ། ལུས་ཀྱི་བྱི་དོར་གྱི་དང༌། སྣོད་སྤྱད་ཀྱིའོ། །དང་པོ་ནི། དགོན་པ་པ་སོགས་སོ། །སྐབས་འདིར་ཞར་བྱུང་བསྲོ་ཁང་བསྟེན་པའི་ཚུལ་ལ། དགེ་སློང་གིས་བསྲོ་ཁང་བསྟེན་པར་བྱའོ་ཞེས་གནང་བའི་བསླབ་བྱ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ཕན་ཡོན་ལྔ་གཟིགས་ནས་མཛད་པའི་ཕྱིར། ཇི་སྐད་དུ་ལུང་མ་མོ་ལས། དུགས་ཁང་ལ་ཡོན་ཏན་ལྔ་ཡོད་དེ། རྡུལ་དང་དྲི་མ་བྱང་བ་དང༌། ལྤགས་པ་མདངས་གསལ་བ་དང༌། ལྤགས་པ་ལ་ནད་ཡོད་པ་རྣམས་འབྱིན་པ་དང༌། རླུང་དང་བད་ཀན་རྣམས་མེད་པར་བྱེད་པ་དང༌། དུགས་ཁང་ནི་ནད་མེད་པར་བྱེད་པའོ་ཞེས་གསུངས། དེ་ཡང་ལུས་བསྲོ་ཞིང་བ་སྤུ་སྣུམ་གྱིས་དགང་བས་ན་དེ་སྐད་ཅེས་བྱའོ། །ངོ་བོ་ནི་རེག་བྱ་རྣམ་པ་ལྔ་བརྟེན་པའོ། །ལྔ་ནི། མེ་དང༌། ཕྲུགས་སྤྱད་དང༌། ཁྲུས་དང༌། ཁེའུ་སུས་དང༌། བསྐུ་མཉེ་བསྟེན་པའོ། །གཉིས་པ་སྣོད་སྤྱད་ཀྱི་རྟགས་ཉམས་པ་སྤང་བ་ལ། ལྷུང་བཟེད་མེད་དུ་མི་རུང་བ་དམིགས་བསལ་དང་བཅས། ལྷུང་བཟེད་བསྐྱང་བའི་ཚུལ་རྒྱས་པར་བཤད། བཅོས་ལེགས་བྱ་བ་ཡལ་བར་མི་དོར་བ་དང་གསུམ་མོ། །དང་པོ་ནི། ལྷུང་བཟེད་མེད་པར་སོགས་སོ། །འོ་ན་ཆུང་ངུ་དང་ཆེན་པོ་དང༌། སྐྱ་བས་ཀྱང་མི་བྱའོ་ཞེས་གསུངས་ན། དེའི་ཚད་ཇི་ལྟ་བུ་ཞེ་ན། འདིར་རྒྱ་དཔེ་ལས་ལྷུང་བཟེད་གསུམ་སྟེ། ཆུང་ངུ་དང༌། འབྲིང་དང༌། ཆེན་པོའོ། །ཞེས་གསུངས་ཀྱང་བོད་དཔེ་ལ་མེད་དོ་ཞེས་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །གསུམ་པོའི་ཚད་ནི་འདི་ལྟར། ཁའི་ཆའི་མཐའ་ཁོ་ན་ནས་ཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་འཐུག་པོ་ཆེ་མ་ག་དྷའི་བྲེའུ་ཆུང་གང་བཙོས་པ། བྱེ་བྲག་སྲན་ཚོད་དམ། སྤྱིར་བཏང་དུ་ཚོད་མ་སྟེ། བྱ་ན་དང་བཅས་པ་ཤོང་བ་དེ་ཆུང་ཚད། དེ་ཉིས་འགྱུར་དུ་ཤོང་བ་དེ་རབ་ཚད། དེ་གཉིས་ཀྱི་བར་མ་རྣམས་འབྲིང་ཚད་དུ་རིགས་པ་ཡིན་ནོ། །འོ་ན་མ་ག་དྷའི་བྲེའུ་ཆུང་གི་ཚད་ཇི་ལྟ་བུ་ཞེ་ན། འདི་ལ་ལུགས་གཉིས་ཏེ། ཕུལ་ཚད་ཀྱི་སྒོ་ནས་རྩི་བ་དང༌། སྲང་ཚད་ཀྱི་སྒོ་ནས་རྩི་བའོ། །དང་པོ་ནི། ཁྱོར་བ་ཉི་ཤུ་རྩ་གཅིག་ལ་བྲེ་གང་དུ་བྱེད་ཅིང༌། དེ་ལ་ཕུལ་བདུན་དུ་རྩི་ཞིང༌། བདུན་ཕུལ་དོ་དང་ཁྱོར་བ་གང་ནི་མ་ག་དྷའི་བྲེའུ་ཆུང་གང་གི་ཚད་ཡིན་ཏེ། བམ་པོ་ལྔ་བཅུ་པ་དང་གཞི་འགྲེལ་ལས། ཡུལ་མ་ག་དྷའི་བྲེའུ་ཆུང་གང་ལ་བོད་ཀྱི་སྲང་ཚད་དུ་བརྩི་ན་སྲང་སུམ་ཅུ་རྩ་གཉིས་ཡོད་དོ། །ཕུལ་ཚད་དུ་རྩི་ན་ནི། བདུན་ཕུལ་དོ་དང་ཁྱོར་གང་ཡོད་ཅེས་གསུངས་པས་སོ། །དེ་ལྟ་མོད་ཀྱི་བོད་བྲེའི་ཚད་དེ་སླར་ཡང་བསྒྲུབ་པར་བྱ་དགོས་སོ། །གཉིས་པ་ནི། ཉིད་ཀྱི་རྣམ་པར་བཤད་པ་ལས། ཡུལ་ཐ་དད་པའི་སྲང་གི་ཚད་འདྲེས་པའི་སྐྱོན་རྣམ་པར་བསལ་བའི་དོན་དུ། མན་ངག་ལས་འབྱུང་བའི་ཚད་བརྗོད་པར་བྱ་སྟེ། མམ་ས་སེ་བ་བརྒྱད་ཅེས་བྱ། །མམ་ས་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ །ཞེས་གསུངས་ཤིང༌། གཞི་འགྲེལ་དང་བམ་ལྔ་མཐུན་པར། མ་ག་དྷའི་སྲང་གཅིག་ལ་བོད་ཀྱི་སྲང་གཉིས་ཡོད་པར་བཤད་དོ། །ལུང་དེ་དག་གི་དགོངས་པ་རྣམ་པར་བཞག་པ་ནི་འདི་ཡིན་ཏེ། སེ་བ་ཞེས་པ་ནི་འོལ་མ་སེའི་འབྲས་བུ་ཡིན་ལ། དེའི་མིང་ནི་ཁ་བ་ཅན་ན་དམར་རུ་མགོ་ནག་ཅེས་གྲགས་ལ། དེ་ནི་བོང་ཚོད་ཆེ་ཆུང་གང་ཡིན་ཀྱང་ལྕིད་མཉམ་པོ་ཁོ་ན་ཡིན་པས་ཚད་ངེས་པའོ། །མམ་ས་ཞེས་པ་ནི། སྐད་ཀྱི་ཟུར་ཉམས་པས་ཏེ་མཱ་ཥའོ། །དེ་ཡང་བོད་སྐད་དུ་སྲན་མའོ། །དེ་བརྒྱད་ལ་རྒྱ་གར་གྱི་ཞོ་གཅིག་ཡིན་པ་དེའི་ཚེ། སེ་བ་དྲུག་ཅུ་རེ་བཞིའོ། །བོད་ཀྱི་ཞོ་གང་ནི་དེའི་ཕྱེད་ཡིན་པས་སེ་བ་སུམ་ཅུ་སོ་གཉིས་སོ། །དིང་སང་ལག་ལེན་དུ་བྱེད་པའི་གསེར་འགུར་མོའི་ཞོ་གང་ནི། ཚད་འདི་ཁོ་ནར་ངེས་པ་ཡིན་ཏེ། སེ་བ་ཉི་ཤུ་རྩ་བཞི་ལ་གསེར་བྱེས་པའི་ཞོ་གང་ངམ། ལྷ་སའི་ཞོ་གང་ཡིན་ལ། དེའི་སྟེང་དུ་སེ་བ་བརྒྱད་མནན་པས་འགུར་མོའི་ཞོ་གང་འབྱུང་བར་དིང་སང་དུ་མཐུན་ནང་དུ་གྲུབ་པའི་ཕྱིར། དེ་ལྟ་བུའི་གསེར་འགུར་མོའི་སྲང་སུམ་ཅུ་སོ་གཉིས་ཀྱི་ལྕིད་དང་མཉམ་པའི་འབྲས་སྐམ་པོ་དེའི་ཚད་ལ་མ་ག་དྷའི་བྲེའུ་ཆུང་གང་འབྱུང༌། གོང་དུ་བཤད་པའི་བོད་བྲེའི་ཚད་དེའི་དབང་དུ་བྱས་པའི་དྲུག་ཕུལ་དོའམ་བདུན་ཕུལ་དོ་དང་ཁྱོར་གང་འབྱུང༌། མིང་དེ་གསུམ་གང་བཏགས་ཀྱང་རུང་ཁྱོར་བ་ཚད་ལྡན་བདུན་འབྱུང༌། དེ་བཙོས་ན་གསུམ་འགྱུར་ཡིན་པས་ཁྱོར་བ་ཉི་ཤུ་རྩ་གཅིག ཚོད་མ་ནི་ཇི་ཙམ་གྱིས་འབྲས་ཆེན་སྤག་པར་ནུས་པ་ཞེས་གསུངས་ཀྱི། ཚད་གསལ་བར་མ་གསུངས་ཀྱང་ཚོད་མ་བཞི་ཆ་ཡིན་པར་གྲགས་པས་ཁྱོར་བ་བདུན། སྔ་མ་སྡོམ་པས་ཉི་ཤུ་རྩ་བརྒྱད། དེའི་སྟེང་དུ་ཐེ་བོའི་ལྟོ་གང་གིས་སྟོང་པའི་ཆ་ལ་ཇི་ཙམ་ཡོད་པ་དེ་ལྷུང་བཟེད་ཆུང་ཚད་ཡིན། དེ་ཉིས་འགྱུར་དུ་ཤོང་བ་དེ་རབ་ཚད། དེ་གཉིས་ཀྱི་བར་རྣམས་འབྲིང་ཚད་དོ། །སྟོང་པའི་ཆ་ལ་ཁ་ཅིག་དྲུག་ཕུལ་གང་ཡིན་ཞེས་གསུངས་ཞིང༌། ཁ་ཅིག་བྲེ་གང་གི་བཞི་གསུམ་ཡིན་ཞེས་གསུངས་ཞིང༌། དེ་གཉིས་ཀ་ཡང་ལྷུང་བཟེད་མཐའ་ཚད་ཀྱི། དབང་དུ་བྱས་པ་ཡིན་པས་གང་བདེ་དཔྱད་པར་བྱའོ། །བུ་སྟོན་རིན་པོ་ཆེ་ནི། འབྲས་སྐམ་པོ་སྲང་སུམ་ཅུ་སོ་གཉིས་ལ་ཚོང་འདུས་འགུར་མོའི་གསེར་བྲེའི་བྲེ་གང་དང་གསུམ་གཉིས་འབྱུང༌། དེ་སུམ་འགྱུར་ཚོད་མ་དང༌། སྟོང་པའི་ཆ་དང་བཅས་པ་ཐམས་ཅད་སྡོམ་པས། འགུར་མོའི་གསེར་བྲེ་བདུན་དང༌། ལྔ་ཕུལ་དོ་ཤོང་བ་དེ་ལྷུང་བཟེད་མཐའ་ཚད་ཡིན་གསུང་ངོ༌། །དེ་ལྟར་གསུང་བ་དང་གོང་དུ་བཤད་མ་ཐག་པ་གཉིས་དོན་གཅིག་ལ་འདུ་བ་ཡིན་མོད། གོང་དུ་རྒྱས་པར་བཤད་པའི་གསེར་གྱི་སེ་བའི་གྲངས་ནས་བརྩི་ཚུལ་དེ་ངེས་པ་ཅན་ཡིན་པས། མངོན་སུམ་དུ་གཏན་ལ་ཕབ་པས་འཁྲུལ་པ་མེད་དོ། །ངག་དོན་ནི། ལྷུང་བཟེད་ཀྱི་ཚད་ཆོས་ཅན། གསུམ་དུ་བཤད་པ་ཡིན་ཏེ། རབ་འབྲིང་ཐ་མ་གསུམ་གྱི་ཚད་ཅན་དུ་བཤད་པའི་ཕྱིར། གཉིས་པ་བརྐྱང་བའི་ཚུལ་ནི། འགྲེང་བཞིན་དུ་ཞེས་སོགས་སོ། །གསུམ་པ་བཅོས་ལེགས་བྱ་བའི་ཚུལ་ལ། གླན་པའི་ཚུལ་དང༌། བསྲེག་པའི་ཆོ་གའོ། །དང་པོ་ནི། ལྷུང་བཟེད་གླན་པ་ལ་སོགས་སོ། །གཉིས་པ་ནི། སྤྱོད་པ་ཉིད་ཡིན་ན་སོགས་སོ། །གཉིས་པ་བར་ཆད་སྤངས་པ་ནི། ལོ་ཚིགས་མི་ཤེས་ན་སོགས་སོ། །ཐོབ་པ་མི་ཉམས་པར་བསྲུང་བའི་སྤྲོས་པ་ལ། གནས་དང་གནས་པའི་སྤྲོས་པ། ཞར་ལ་ནད་པ་སྐྱོང་བའི་སྤྲོས་པ། གནས་བརྟན་དང་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་སྤྲོས་པ། སླར་ཡང་གནས་པའི་ཚུལ་ཁྲིམས་ཀྱི་སྤྲོས་པའོ། །དང་པོ་ནི། གང་ན་གནས་མེད་པ་དེར་སོགས་སོ། །གཉིས་པ་ནི་ལྷན་གཅིག་གནས་པ་དང་སོགས་སོ། །གསུམ་པ་ནི། དགེ་འདུན་འདུས་པ་སོགས་སོ། །བཞི་པ་ནི། ཁྱིམ་དུ་མི་རྒོད་པ་དང་སོགས་སོ། །ཐུན་མོང་མ་ཡིན་པ་མ་ཆོག་གི་ཁྱད་པར་ལ། མཐུན་རྐྱེན་ཚང་དགོས་པའི་ཁྱད་པར་དང༌། འགལ་རྐྱེན་སྤང་དགོས་པའི་ཁྱད་པར་རོ། །དང་པོ་ལ། དངོས་གཞིའི་ཆོ་གའི་ཁྱད་པར། སྦྱོར་ཆོག་གི་ཁྱད་པར། འཇུག་ཆོག་གི་ཁྱད་པར་རོ། །དང་པོ་ནི། དགེ་སློང་གི་གནས་སུ་ཞེས་སོགས་སོ། །གཉིས་པ་ནི་བར་ཆད་དྲི་བ་ཞེས་སོགས་སོ། །གསུམ་པ་ནི་གནས་རྣམས་ཞེས་སོགས་སོ། །གཉིས་པ་ནི། བཀོལ་པ་སོགས་སོ། །སྐབས་འདིར་དཀའ་བའི་གནས་ནི། མ་ཆོག་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་པ་བྱེད་པའི་ཚེ། མཁན་མོ་ནི་གསུམ་སྟེ། རབ་བྱུང་གི་དང༌། དགེ་སློབ་མའི་དང༌། བསྙེན་པར་རྫོགས་པའི་འོ། །ལས་བྱེད་པའི་སློབ་དཔོན་ནི་བཞི་སྟེ། དགེ་ཚུལ་མའི་དང༌། དགེ་སློབ་མའི་དང༌། ཚངས་སྤྱོད་ཉེར་གནས་ཀྱི་དང༌། བསྙེན་པར་རྫོགས་པའི་འོ། །དེ་ལ་གསུམ་ནི་དགེ་སློང་མ་ཡིན་ལ། བསྙེན་རྫོགས་ཀྱི་ལས་བྱེད་པ་ནི་དགེ་སློང་ཕའོ། །འདིར་ཡང་བསྙེན་རྫོགས་ཀྱི་སྡོམ་པ་ནི། དགེ་སློང་གི་དགེ་འདུན་ཁོ་ན་ལས་ངེས་པར་སྐྱེ་དགོས་པ་ཡིན་ཏེ། ཇི་སྐད་དུ། དགེ་སློང་རྣམས་ལས་འདི་བསྙེན་རྫོགས་ཞེས་དགེ་སློང་གི་དགེ་འདུན་ལས་མ་རྫོགས་ན་ལྕི་བའི་ཆོས་འདས་སུ་གསུངས་པའི་ཕྱིར་དང༌། ལུང་དང་འགྲེལ་ཆེན་ལས། དགེ་སློང་མའི་ཚོགས་བསོག་པ་ནི་ཚུལ་དང་མཐུན་པ་ཙམ་དུ་ཟད་པར་གསུངས་པའི་ཕྱིར་དང༌། ཕ་ཆོག་རྐྱང་པ་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་སུ་རུང་བར་ལུང་ཞུ་བ་ལས་གསུངས་པ་བཞིན་དུ། མདོ་རྩ་བར་གཏན་ལ་ཕབ་པའི་ཕྱིར། ཡང་བར་ཆད་དྲི་བ་ནི་བཞི་སྟེ། དང་པོ་རབ་བྱུང་གི་ཚེ་དང༌། གསང་སྟོན་གྱི་ཚེ་དང༌། ཚངས་སྤྱོད་ཉེར་གནས་ཀྱི་ཚེ་དང༌། བསྙེན་རྫོགས་ཀྱི་ཚེའོ། །འོ་ན་ཕ་ཆོག་ལ་བརྟེན་ནས་དགེ་སློང་མའི་སྡོམ་པ་སྐྱེ་ན། ཇི་སྐད་དུ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ། །ཞེས་གསུངས་པ་དང་ཇི་ལྟར་མི་འགལ་ཅེ་ན། དེ་ལྟར་བཤད་པ་དེ་ནི་མ་ཆོག་ལ་བརྟེན་པ་ཁོ་ནའི་དབང་དུ་བྱས་ཀྱི། ཕ་ཆོག་ལ་བརྟེན་ནས་བུད་མེད་བསྙེན་པར་རྫོགས་པ་ལ་དེ་མི་དགོས་ཏེ། དགེ་སློབ་མ་བཞིན་ནོ། །གཞན་དུ་ན། དགེ་སློང་ཕ་མར་མཚན་གྱུར་པའི་དུས་ཀྱི་མའི་སྡོམ་པ་མེད་པར་འགྱུར་སྟེ། དེའི་ཚེ་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྔོན་དུ་མ་སོང་བའི་ཕྱིར། འདིར་བུ་སྟོན་རིན་པོ་ཆེའི་ཞལ་ནས། དགེ་སློབ་མའི་སྡོམ་པ་ནི། སོ་སོར་ཐར་པའི་སྡོམ་པ་མཚན་ཉིད་པར་ཁས་ལེན་དགོས་ཏེ། གཞན་དུ་ན་སོ་ཐར་རིགས་བརྒྱད་མི་ཚང་བར་འགྱུར་བའི་ཕྱིར་དང༌། དགེ་ཚུལ་གྱི་སྡོམ་པ་དང་རྫས་གཅིག་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་གསུངས་སོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཇི་སྲིད་འཚོ་བའི་སྡོམ་པར་ཐལ་བ་དང༌། མཚན་གྱུར་པས་མི་གཏོང་བར་ཐལ་བ་དང༌། སོ་ཐར་སྡོམ་པའི་གཏོང་རྒྱུར་བཤད་པ་རྣམས་མ་བྱུང་ན་མི་གཏོང་བར་ཐལ་བ་དང༌། བུད་མེད་ལ་སོ་ཐར་གྱི་སྡོམ་པའི་རིས་གཅིག་ཉིད་ལན་དུ་མར་སྐྱེ་བར་ཐལ་བ་དང༌། དགེ་སློབ་མའི་སྡོམ་པ་ལེན་པའི་ཆོ་གས་ཐོབ་པའི་སྡོམ་པའི་རྩ་བ་ཡོད་པར་ཐལ་ལོ། །འདོད་པར་ནུས་པ་མ་ཡིན་ཏེ། རིམ་པ་བཞིན་ལོ་གཉིས་ཀྱི་ངེས་པ་ཅན་དུ་བཤད་པའི་ཕྱིར་དང༌། དགེ་སློབ་ཕ་མི་སྲིད་པའི་ཕྱིར་དང༌། འཁྲིག་པ་བརྟེན་པར་ཁས་ལེན་པ་ཙམ་གྱིས་གཏོང་བར་བཤད་ཅིང༌། དེ་སླར་ཡང་བླངས་པས་སྐྱེ་བར་བཤད་པའི་ཕྱིར་དང༌། དགེ་སློབ་མའི་སྡོམ་པ་བླངས་པའི་དུས་སུ་རྩ་བ་བཞི་པོ་གང་ཡང་བླངས་པ་མེད་པའི་ཕྱིར། དེས་ན་འདི་ནི་བར་མ་མཚན་ཉིད་པ་དང༌། སྡོམ་པ་བཏགས་པ་བའོ། །གཞན་དུ་ན། ཇི་སྲིད་འཚོ་བའི་སྡོམ་པ་དང༌། ཉིན་ཞག་གཅིག་པའི་སྡོམ་པ་གཉིས་ལས་གང་ཡིན། དང་པོ་ལྟར་ན་མཚན་གྱུར་ཐེངས་གཅིག་ཁོ་ནས་གཏོང་བ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་ན། བསྙེན་གནས་ཀྱི་སྡོམ་པར་ཧ་ཅང་ཐལ་ལོ། །གཞན་ཡང་ཁྱེད་ཀྱི་ཚངས་སྤྱོད་ཉེར་གནས་ཀྱང་སྡོམ་པ་མཚན་ཉིད་པར་ཁས་བླངས་དགོས་པར་འགྱུར་ལ། དེ་ལྟ་ན་རིས་བརྒྱད་ཀྱི་གྲངས་ངེས་ཀྱང་འཇིག་གོ །འོན་ཀྱང་ཁོ་བོ་ཅག་ལྟར་ན། འདི་ནི་སྡོམ་པ་མཚན་ཉིད་པར་ཁས་བླངས་དགོས་པ་འདྲ་སྟེ་སྡོམ་པ་འདི་སྟེར་བ་ཁོ་ནའི་ཆེད་དུ་བར་ཆད་ལོགས་སུ་དྲི་དགོས་པར་གསུངས་པའི་ཕྱིར། འོ་ན་འདི་ལ་སྡོམ་པའི་རྩ་བ་གང་ཡོད་ཅེ་ན། འདུལ་བ་ལས་བྱུང་བའི་སྡོམ་པའི་རྩ་བ་ནི་བཞི་པོ་ཁོ་ནར་ངེས་པས་དེ་ཉིད་དོ། །འོ་ན་སྔ་མ་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། སྔ་མའི་བསླབ་པ་བརྗོད་པའི་དུས་སུ་བཅུ་གཉིས་པོ་ཁོ་ན་བཤད་ཀྱི། གཞན་མ་བཤད་པའི་ཕྱིར་རོ། །འདིར་ལྕི་བའི་ཆོས་བརྒྱད་ཀྱི་རྣམ་པར་བཞག་པ་ནི། དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་གསོལ་བ་དང༌། ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་བཙལ་བ་དང༌། དགེ་སློང་མེད་པའི་གནས་སུ་དབྱར་གནས་པ་ཁས་མི་བླངས་པ་དང༌། དགེ་སློང་ལ་ཚུལ་ཁྲིམས་ཉམས་པས་མི་གླེང་བ་དང༌། དགེ་སློང་ལ་ཇི་ལྟར་ཡང་མི་སྤྱོ་བ་དང༌། དགེ་སློང་གསར་བུ་ལ་ཕྱག་བྱ་བ་དང༌། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་དང༌། གཉིས་ཀའི་དགེ་འདུན་ལས་དགག་དབྱེ་བྱ་བ་སྟེ་བརྒྱད་དོ། །མ་རྣམས་ལས་དགེ་སློང་གི་དགེ་འདུན་ལ་གསོ་སྦྱོང་མི་བྱེད་པ་ཡང་ལྕི་བའི་ཆོས་འདས་སུ་བཤད་མོད། སྔ་མ་དགག་དབྱེ་མི་བྱེད་པའི་ནང་དུ་འདུས་པའམ། དགེ་འདུན་ལས་མཐུན་པ་ཐོབ་པ་ཙམ་གྱིས་ཉེས་པ་དེ་ཁེགས་པས་འདིར་མ་འགྲངས་སོ། །གསུམ་པ་ལུང་ཞུ་བ་ནས་འབྱུང་བ་དོགས་གཅོད་ཀྱི་ཚུལ་གྱིས་བཤད་པ་ལ། སྡོམ་པ་སྐྱེ་བ་དང༌། མི་སྐྱེ་བའི་ཁྱད་པར་མང་པོ་བསྟན། བར་ཆད་ཀྱི་མཚོན་དོན་དང་མཚན་ཉིད་རྒྱས་པར་བཤད། བུད་མེད་བསྙེན་པར་རྫོགས་པའི་གནས་ཀྱི་ཁྱད་པར་བཤད། འགལ་རྐྱེན་གྱིས་མི་སྐྱེ་བའི་ས་མཚམས་བསྟན་པའོ། །དང་པོ་ནི། མི་མ་ཡིན་པ་སོགས་སོ། །གཉིས་པ་ནི། སྐྱེས་པ་འདྲ་བའི་སོགས་སོ། །གསུམ་པ་ནི། བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ཞེས་སོགས་སོ། །བཞི་པ་ནི། སྐྱེ་བའི་ཚེ་ཞེས་སོགས་ཏེ། འདིར་སྡོམ་པ་སྐྱེ་བའི་ཚེ་ཞེས་པ་ནི་གཉིས་ཏེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང༌། སྐྱེ་བཞིན་པ་གཉིས། དང་པོ་ནི། དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་གནས་སྐབས་ལ་བྱ་ལ། གཉིས་པ་ནི། སྡོམ་པ་སྐྱེ་བ་ལ་སྐད་ཅིག་མ་དུ་མས་ཆོད་པའི་གནས་སྐབས་ལ་བྱ་བ་ཡིན་ནོ། །དེ་ལྟར་ན་བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་ཆོས་ཅན། སྡོམ་པ་སྐྱེ་བཞིན་པ་སྐྱེ་བའི་ཚེ་ཉིད་ན་ལེན་སེམས་ལོག་པ་ལྟ་བུའི་དགོས་ཕྱིར་ཕུལ་ལམ། མཚན་གཉིས་ཅིག་ཅར་དུ་བྱུང་བའི་སྒོ་ནས་རྟེན་ཉམས་ན། སྡོམ་པ་མི་སྐྱེ་བ་ཡིན་ཏེ། དེ་སྐྱེ་བའི་མཐུན་རྐྱེན་མ་ཚང་བའམ། སྐྱེ་བའི་བར་ཆད་མངོན་དུ་གྱུར་པ་གང་རུང་ཡིན་པའི་ཕྱིར། དང་པོ་སྐྱེ་བ་ལ་མངོན་ཕྱོགས་པ་ཞེས་བཤད་པ་དེ་ལ་ནི། འདི་སྲིད་པ་ཡིན་ཏེ། དེ་ལ་ནི་གང་གིས་ཀྱང་གེགས་བྱ་བར་མི་ནུས་པའི་ཕྱིར། ཇི་སྐད་དུ། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་གསུངས་པ་ལྟར་རོ། །དེ་དག་གིས་ནི་སློབ་པ་པོ་སྡོམ་པ་མ་ཐོབ་པར་བྱེད་པའི་རྟེན་གྱི་གང་ཟག་ལུང་གཞི་ནས་འབྱུང་བ་དེ་ལེགས་པར་བཤད་ཟིན་པ་ཡིན་ནོ། །གཉིས་པ་ཐོབ་ཟིན་མ་གཏང་བའི་རྟེན་གྱི་གང་ཟག་ལུང་རྣམ་འབྱེད་ཀྱི་སྐབས་ནས་འབྱུང་བ་དེ་འཆད་པ་ནི། བསླབ་པ་འབུལ་ཆོག་གི་གཞུང་རྣམས་ཏེ། འདི་ལ་དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། སྐབས་འདིར་བསླབ་པ་འབུལ་ཆོག་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། འཆད་པར་འགྱུར་བའི་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་དང༌། ཉམས་སུ་བླངས་བྱ་འཇུག་པའི་ཚུལ་ཁྲིམས་སློབ་པའི་རྟེན་དེ་ཡིན་ན་བསྙེན་རྫོགས་ཀྱི་སྡོམ་པ་སྔར་བཤད་པའི་ཆོ་གས་ཐོབ་ཅིང༌། འདིར་འཆད་པའི་ཆོ་གས་མ་གཏོང་བ་གཅིག་དགོས་སོ། །ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། བསླབ་པ་ཕུལ་བའི་ཡང་དགོས་པ་ནི། ཇི་སྐད་དུ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། གང་ཞིག་བསླབ་པ་ལ་མི་གནས་པ། །བདེ་གཤེགས་རྒྱལ་མཚན་འཆང་བ་བས། །བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་པོར་ཁྱིམ་པར་གནས་པ་བཟང༌། །ཅེས་གསུངས་པ་ལྟར་རང་གི་རྒྱུད་གསོར་མི་རུང་དུ་མི་འགྱུར་ཞིང༌། སྔར་བསླབ་པ་བསྲུངས་པའི་ཕན་ཡོན་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ནི། འདིར་སྡོམ་པ་གཏང་བ་ལ་གཉིས་ཏེ། ཕུལ་བ་དང༌། ཉམས་པའོ། །འདི་ལ་མུ་བཞི་སྟེ། ཕུལ་ལ་མ་ཉམས་པའི་མུ། ཉམས་ལ་མ་ཕུལ་བ། གཉིས་ཀ་ཡིན་པ་དང་གསུམ་ལ་སྡོམ་པ་མེད་དོ། །གཉིས་ཀ་མ་ཡིན་པ་ནི། ཕམ་པ་འཆབ་བཅས་བྱུང་བ་ལྟ་བུའོ། །གསུམ་པ་ཚིག་གི་དོན་ལ། བསླབ་པ་འབུལ་བའི་ཆོ་ག་མདོ་ཉིད་ཀྱིས་བསྟན་པ་དང༌། ཉམས་པར་བྱེད་པའི་ཆོ་ག་ལུང་གིས་ཁ་བསྐང་བའོ། །དང་པོ་ལ། འབུལ་བྱེད་ཀྱི་ཀུན་སློང་གི་ཁྱད་པར། འབུལ་བྱ་ཡུལ་གྱི་ཁྱད་པར། འབུལ་ཚུལ་ཆོ་གའི་ཁྱད་པར་རོ། །གསུམ་པ་ལ། བསླབ་པ་རང་གི་ངོ་བོ་འབུལ་བ། རྩ་བ་དཀོན་མཆོག་གསུམ་འབུལ་བ། རྒྱུ་སྡེ་སྣོད་གསུམ་འབུལ་བ། སྦྱོར་བྱེད་མཁན་སློབ་འབུལ་བ། གང་དུ་སློབ་པའི་གནས་སམ་རྟེན་འབུལ་བ། སློབ་པའི་གྲོགས་ཁྱད་པར་ཅན་རྣམས་འབུལ་བ་རྣམས་ནི་གཞུང་དང་སྦྱོར། གཉིས་པ་ནི། ཇི་སྐད་དུ་ལུང་ལས། ཚེ་དང་ལྡན་པ་མཁྱེན་པར་མཛོད་ཅིག ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བ་དཀའོ། །གནས་མལ་དགོན་པ་དང༌། ནགས་ཁྲོད་དང༌། རི་དྲུང་དང༌། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པ་དཀའོ། །གཅིག་པུ་དགོན་པར་གནས་པ་སྡུག་བསྔལ་ལོ། །ཕ་མ་དང༌། ཕུ་ནུ་དང་སྲིང་མོ་དྲན་ནོ། །བདག་བཟོ་དག་སློབ་དུ་ཆུག་ཤིག བདག་གི་ལས་ཀྱི་མཐའ་དག་ཚོལ་ཤིག བདག་ཁྱིམ་བཟང་པོ་དག་ཏུ་གཏོད་ཅིག་ཅེས་བརྗོད་པ་ལྟ་བུའོ། །འདི་དང་སྔ་མ་གཉིས་ཀ་ལ་སྡོམ་པ་གཏོང་འདོད་ཀྱི་བསམ་པ་དགོས་ཏེ། དེ་མེད་ན་ཉེས་པ་གཞན་དུ་འགྱུར་གྱི། སྡོམ་པ་མི་གཏོང་ངོ༌། །གཉིས་པ་གང་ཟག་དེའི་བསླབ་བྱ་ལ། སྤང་བྱ་བཟློག་པའི་ཚུལ་ཁྲིམས། ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་སོ། །དང་པོ་ལ་ཐུན་མོང་བ་དགེ་སློང་ཕའི་རྣམ་འབྱེད། ཐུན་མོང་མ་ཡིན་པ་དགེ་སློང་མའི་རྣམ་འབྱེད། དེ་གཉིས་ཀའི་སྤྱིའི་རྣམ་གཞག ཞུ་བ་སྤྱིར་བསྟན་པ་དང་གསུམ་མོ། །དང་པོ་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་བསླབ་པ་བཅས་པའི་ཕན་ཡོན་དང༌། ཕན་ཡོན་ཅན་གྱི་བསླབ་པའི་དབྱེ་བ་བཤད་པའོ། །དང་པོ་ནི། རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་ཕན་ཡོན་རྣམ་པ་བཅུ་གཟིགས་ནས་བསླབ་པའི་གཞི་འཆའ་བ་མཛད་པ་ཡིན་ནོ། །ཇི་སྐད་དུ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང༌། ལེགས་པར་བསྡུས་པའི་ཕྱིར་དང༌། ཅི་བདེར་གནས་པར་བྱ་བའི་ཕྱིར་དང༌། མ་དད་པ་རྣམས་དྭང་བར་བྱ་བའི་ཕྱིར་དང༌། དད་པ་རྣམས་ཕྱིར་ཞིང་སྤེལ་བའི་ཕྱིར་དང༌། གནོང་མི་ཁུར་བའི་གང་ཟག་ཚར་བཅོད་པའི་ཕྱིར་དང༌། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པའི་ཕྱིར་དང༌། ཚེ་འདིའི་ཟག་པ་རྣམས་སྡོམ་པའི་ཕྱིར་དང༌། ཚེ་ཕྱི་མའི་ཟག་པ་རྣམས་བཞོམ་པའི་ཕྱིར་དང༌། ངའི་ཚངས་པར་སྤྱོད་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང༌། ཚངས་པར་སྤྱོད་པ་ལ་འཇུག་པ་རྣམས་བདེ་བར་འཇུག་པར་འགྱུར་བའི་ཕྱིར་ན། སྐྱེ་བོ་མང་པོ་ལ་ཕན་པ་དང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་བསླབ་པའི་གཞི་བཅའ་བར་མཛད་དོ་ཞེས་གསུངས་པས་སོ། །དེ་ཡང་དང་པོ་ནི་རབ་བྱུང་གི་གཞིས་སྟོན་ནོ། །གཉིས་པ་ནི་རྣམ་འབྱེད་རྣམ་པ་གཉིས་ཀྱིས་སྟོན་ནོ། །གསུམ་པ་བདེ་བར་གནས་པའི་ཕྱིར། ཞེས་པ་ནི་མདོར་བསྟན་པ་ཡིན་ལ། དེའི་འོག་ནས་གཉིས་ནི་གོས་གཞི། སྨན་གཞི། གནས་མལ་གྱི་གཞི་གསུམ་གྱིས་སྟོན་ནོ། །གནོང་མི་བཀུར་བ་ཚར་གཅོད་པ་ནི་ནན་ཐུར་དང༌། ལས་དང་འཁོར་ལོ་བྱེ་བ་དང༌། རྩོད་པའི་གཞི་རྣམས་ཀྱིས་སྟོན་ནོ། །དེ་ནས་གཅིག་ནི། སྤོ་བ་བཤགས་པའི་ཕྱིར་བཅོས་དང༌། དུས་འབྱུང་བཞི་དང༌། ས་གཞན་བཞི་དང༌། ཡོངས་སྦྱངས་ཀྱི་བཞི་རྣམས་ཀྱིས་སྟོན་ནོ། །ཚེ་འདིའི་ཟག་པ་རྣམས་སྡོམ་པ་ནི། གསོ་སྦྱོང་དང༌། དབྱར་དང༌། དགག་དབྱེའི་གཞི་གསུམ་གྱིས་སྟོན་ནོ། །དེའི་ལྷག་མ་རྣམས་ནི་ཐམས་ཅད་ཀྱི་ཆ་མཉམ་པར་སྟོན་ནོ། །གཉིས་པ་ཕན་ཡོན་དེ་དང་ལྡན་པའི་བཅས་པ་རང་གི་ངོ་བོ་ནི། སྟོན་པའི་གསུང་གི་མཚམས་རྣམ་པར་བཞག་པ་ཡིན་ལ། དེ་ལས་འགལ་བར་བྱས་པ་ནི་ལྟུང་བའོ། །དེ་ལ་མཚན་ཉིད། མཚན་གཞིའི་དབྱེ་བ། རྣམ་གཞག་གཏན་ལ་ཕབ་པ་དང་གསུམ། དང་པོ་ནི། རབ་ཏུ་བྱུང་བའི་སྡོམ་པ་ཐོབ་ལ་གསེ་རུང་དང་ལྡན་པའི་རྟེན་ཅན་གྱིས་བཅས་པ་དང་འགལ་བར་བྱས་པའི་ཉེས་པའོ། །འཆལ་བའི་ཚུལ་ཁྲིམས་ལ་ལྟུང་བས་ཁྱབ་པ་མ་ཡིན་ཏེ། དེ་ནི་སྤྱིར་བཅས་པའི་རྟེན་ཅན་མ་ཡིན་པ་དང༌། བྱེ་བྲག་སྡོམ་མིན་ཅན་ལ་ཡང་ཡོད་པའི་ཕྱིར་རོ། །སྡོམ་ལྡན་ཡིན་ཀྱང་དགེ་བསྙེན་རྣམས་ལ་ལྟུང་བའི་རྣམ་བཞག་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་ཞེས་གསུངས་པའི་ཕྱིར། དགེ་ཚུལ་ལ་དེའི་རྣམ་པར་བཞག་པ་ཡོད་ཀྱང་ཉེས་བཅས་ཀྱི་མིང་ཅན་ལས་གཞན་གྱི་རྣམ་པར་བཞག་པ་མ་མཛད་དེ། ཇི་སྐད་དུ། འོད་ལྡན་ལས། དགེ་ཚུལ་གྱི་ལྟུང་བ་ནི་རྣམ་པ་ཐམས་ཅད་དུ་ཉེས་བྱས་ཁོ་ནར་ཟད་དོ་ཞེས་གསུངས་པས་སོ། །དེ་ལའང་གསུམ་ཏེ། ཕམ་འདྲའི་དང༌། བཤགས་བྱའི་དང༌། ཡིད་ཀྱི་བསྡམ་བྱའི་ཉེས་བྱས་རྣམས་སོ། །དང་པོ་ལའང་འཆབ་བཅས་དང༌། འཆབ་མེད་ཀྱི་དབྱེ་བས་གཉིས་ལས། དང་པོ་ལ་དག་བྱེད་མ་གསུངས་ལ། གཉིས་པའི་དག་བྱེད་དུ་དགེ་འདུན་གྱིས་བསླབ་པ་བྱིན་ནས་སྤྱོད་དགོས་པར་གསུངས་སོ། །གཉིས་པ་དབྱེ་བ་ལ། སྡེ་ཚན་གྱི་སྒོ་ནས་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་བ། ཀུན་སློང་གི་སྒོ་ནས་དབྱེ་བའོ། །དང་པོ་ནི། དགེ་སློང་ཕ་མའི་ལྟུང་བ་ནི་རིགས་ལྔ་སྟེ། ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པར་བྱ་བ་དང༌། ཉེས་བྱས་རྣམས་སོ། །སྦོམ་པོ་ནི་ཕམ་ལྷག་གང་རུང་གི་སྡེ་ཚན་དུ་གཏོགས་ལ། སྦྱོར་བའི་ཉེས་བྱས་རྣམས་ཀྱང་རང་རང་གི་སྡེ་ཚན་དུ་གཏོགས་ལ། ལྟུང་བ་སྡེ་ལྔའི་སྐབས་དང་མ་འབྲེལ་བའི་ཉེས་བྱས་རྣམས་ཀྱང་ཉེས་བྱས་ཀྱི་སྡེ་ཚན་ལས་གཞན་མ་ཡིན་ནོ། །སྡེ་ཚན་ལྔ་པོའི་ཁྱད་པར་ཡང་ཀུན་སློང་གི་སྒོ་ནས་འབྱེད་དགོས་པ་ཡིན་ཏེ། དཔེར་ན་རེག་པ་དང་འཁྲིག་ཚིག་སྨྲ་བ་ལྟ་བུ་ཕམ་པ་དང་པོའི་ཀུན་སློང་གིས་བསླང་ན་དེའི་སྦྱོར་བར་འགྱུར་ལ། དེས་མ་སླང་ན་ལྷག་མར་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཡང༌། དེའི་ཆ་ནི་དེར་གཏོགས་སོ། །ཞེས་གསུངས་སོ། །སོ་སོའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག རང་གི་དག་བྱེད་བསླབ་པ་བྱིན་ནས་སྤྱོད་པའི་རིགས་ཡིན་པའོ། །དབྱེ་ན་འཆབ་བཅས་དང༌། འཆབ་མེད་གཉིས། དང་པོའི་མཚན་ཉིད། ཕམ་པ་གང་ཞིག རྟེན་དེ་ལ་རང་རྒྱུད་གསོར་མི་རུང་དུ་བྱས་པའོ། །དབྱེ་ན་དགེ་སློང་ཕ་མའི་དབྱེ་བས་གཉིས་ལས། ཕའི་འཆབ་བཅས་ནི་ཚེ་དེ་ལ་སོར་ཆུད་པ་མི་སྲིད་ཅིང༌། མའི་འཆབ་བཅས་མཚན་གྱུར་པའི་དབང་གིས་སོར་ཆུད་པ་ཡོད་དེ། དཔེར་ན་རེག་ཕམ་འཆབ་བཅས་ལྡན་བཞིན་པའི་དགེ་སློང་མ་མཚན་གྱུར་པ་ན། དེའི་འཆབ་ཉེས་དག་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་ཉེས་པ་བཅབས་པ་མ་ཡིན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འཆབ་མེད་དེ་ཡང་རེག་པའི་སྦོམ་པོར་གནས་གྱུར་པ་ཡིན་ཏེ། ཇི་སྐད་དུ། བྱས་པ་ནི་རང་གི་ཉིད་དོ་ཞེས་གསུངས་པས་སོ། །མདོར་ན་ཐུན་མོང་མ་ཡིན་པའི་ཕམ་པའི་མཚན་ཉིད། ཕམ་པའི་མིང་ཅན་གྱི་ལྟུང་བ་གང་ཞིག དགེ་སློང་ཕའི་རྟེན་ལ་ཕམ་པར་མ་བཅས་པའོ། །ཕམ་པའི་ངོ་བོ་ནི། བྱེ་སྨྲ་ལྟར་ན་རིག་བྱེད་མ་ཡིན་པའི་གཟུགས་སུ་ངེས་ལ། དེའི་སྦྱོར་བའི་ལྟུང་བ་ལ་ནི་རིག་བྱེད་ཀྱི་གཟུགས་ཀྱང་སྲིད་དོ། །གཉིས་པ་དགེ་འདུན་ལྷག་མའི་མཚན་ཉིད། དེའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྷག་མའི་མིང་གི་ཕྱིར་བཅོས་བྱས་ན་འདག་དུ་རུང་བའོ། །དབྱེ་ན། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པའོ། །མཚན་ཉིད་ནི། དེ་གང་ཞིག་ཕ་མ་གཉིས་ཀའི་རྟེན་ལ་ལྷག་མར་བཅས་པ། ཞེས་དང༌། དེ་གང་ཞིག ཕའི་རྟེན་ལ་ལྷག་མར་མ་བཅས་པ་ཞེས་དང༌། དེ་གང་ཞིག་མའི་རྟེན་ལ་ལྷག་མར་མ་བཅས་པ་ཞེས་སོ་སོར་སྦྱོར། དབྱེ་ན་ཕ་ལ་བཅུ་གསུམ་དང༌། མ་ལ་ཉི་ཤུའོ། །ཡང་དེ་གང་ཞིག་ལྟུང་བྱེད་ཀྱི་མིང་རིགས་ཀྱིས་ཕྱིར་བཅོས་བྱས་པས་དག་ཏུ་རུང་བ་དེ། ལྟུང་བྱེད་ཀྱི་མཚན་ཉིད། དབྱེ་ན་སྤང་བ་ལྟུང་བྱེད་དང༌། ལྟུང་བྱེད་འབའ་ཞིག་པའོ། །དང་པོའི་མཚན་ཉིད། དེ་གང་ཞིག་དེའི་མིང་གིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའོ། །དབྱེ་ན། ཐུན་མོང་བ་བཅུ་དགུ། དགེ་སློང་མ་ལ་ཐུན་མོང་མ་ཡིན་པ་བཅུ་བཞིའོ། །གཉིས་པའི་མཚན་ཉིད་ནི། ཡང་དེ་གང་ཞིག ལྟུང་བྱེད་འབའ་ཞིག་པའི་མིང་གི་དེ་བྱས་ན་དེར་རུང་བའོ། །དབྱེ་ན་ཐུན་མོང་བ་བདུན་ཅུ་རྩ་གཉིས། དགེ་སློང་མ་ལ་ཐུན་མོང་མ་ཡིན་པ་བརྒྱ་དང་བཅོ་བརྒྱད་དོ། །སྡེ་ཚན་བཞི་པ་སོར་བཤགས་ཀྱི་མཚན་ཉིད། དེ་གང་ཞིག་དེའི་མིང་གིས་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའོ། །དབྱེ་ན་ཕ་ལ་བཞི་དང༌། མ་ལ་བཅུ་གཅིག་ཡོད་པ་ལས་ཐུན་མོང་བ་ནི་གཅིག་ཁོ་ནའོ། །སྡེ་ཚན་ལྔ་པ་ཉེས་བྱས་ཀྱི་མཚན་ཉིད། དེ་གང་ཞིག་དེའི་མིང་གིས་དེ་བྱས་ན་དེར་རུང་བའོ། །དབྱེ་ན་བརྒྱ་དང་བཅུ་གཉིས་ལས་ཕ་མ་ལ་སོ་སོར་ཐུན་མོང་མ་ཡིན་པ་གཉིས་གཉིས་སོ། །དེ་དག་ཀྱང་སྡོམ་གྱིས་བསྡུས་པའི་དབང་དུ་བྱས་ལ། མ་བསྡུས་པ་ནི་ཤིན་ཏུ་མང་ངོ༌། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་ནི། བྱ་བ་མི་བྱེད་པ་དང༌། མི་བྱ་བ་བྱེད་པའོ། །དང་པོ་ནི་གནས་ཀྱི་བླ་མ་ལ་མི་བརྟེན་པ་དང༌། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་མི་བྱེད་པའོ། །གཉིས་པ་ནི། བཤད་མ་ཐག་པའི་སྡེ་ཚན་ལྔ་པོ་རྣམས་བྱེད་པའོ། །གསུམ་པ་ཀུན་སློང་གིས་དབྱེ་བ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་དང༌། བཅས་པའི་ཁ་ན་མ་ཐོ་བའོ། །གཉིས་པོའི་ཁྱད་པར་བམ་པོ་ལྔ་བཅུ་པ་ལས། འཇིག་རྟེན་དང་འགལ་བ་དང༌། འདུལ་བ་དང་འགལ་བ་ཞེས་གསུངས། མཛོད་འགྲེལ་ལས། སེམས་ཉོན་མོངས་པ་ཅན་ཁོ་ནས་ཀུན་ནས་སློང་དགོས་པ་དང༌། དེ་ལས་གཞན་ལུང་མ་བསྟན་གྱིས་ཀྱང་ཀུན་སློང་བྱེད་སྲིད་པ་ཞེས་གསུངས། བོད་སྔ་མ་ཁ་ཅིག རྐྱེན་དགོས་ཁྱད་པར་འགའ་ཞིག་ལ་ལྟོས་ནས་གནང་བའི་སྐབས་ཡོད་པ་དང་མེད་པ་ཞེས་དང༌། ཡང་ཁ་ཅིག་རབ་ཏུ་བྱུང་བ་ཁོ་ནའི་རྟེན་ལ་ཉེས་པར་འགྱུར་བ་ཞེས་གསུངས། རང་གི་ལུགས་ནི། སྤྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་ནི། བཅས་པ་མེད་པའི་རྒྱུད་ལ་འབྱུང་བའི་མི་དགེ་བ་དང་ཕལ་ཆེར་དོན་གཅིག་པས་འདིར་འཆད་པའི་སྐབས་སུ་མ་བབ་ལ། འདིར་ལྟུང་བར་གྱུར་པའི་རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚན་ཉིད་ནི། བསྙེན་པར་རྫོགས་པའི་རྒྱུད་ཀྱི་བཅས་པ་དང་འགལ་བའི་ལྟུང་བ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱིས་ངེས་པར་བྱེད་དགོས་པའོ། །འདིར་སློབ་དཔོན་དམར་སྟོན་པའི་གསུང་གིས་ལྟུང་བ་དེའི་རྒྱུ་དེའི་རིགས་ཐམས་ཅད་ཉོན་མོངས་ཅན་དུ་ངེས་པ་ཞེས་གསུངས་པ་ལ་ནི། སྙིང་རྗེས་ཀུན་ནས་བསླང་བའི་སྲོག་གཅོད་ཀྱི་ཕམ་པ་ལྟ་བུ་ལ་མ་ངེས་སོ། །ཡང་དེ་གང་ཞིག ལྟུང་བ་ཁྱོད་ཀྱི་དུས་ཀྱི་ཀུན་སློང་གི་རིགས་ལ་ཉོན་མོངས་ཅན་ཡང་སྲིད། ལུང་མ་བསྟན་ཡང་སྲིད་པ་དེ་བཅས་རྐྱང་གི་མཚན་ཉིད་དོ། །དམར་སྟོན་པ་ལྟུང་བ་དེའི་རྒྱུ་གཉེན་པོའི་བློས་ཀྱང་བྱེད་སྲིད་པ་ཞེས་གསུངས་པ་ནི་མ་ཡིན་ཏེ། ཉོན་མོངས་ཅན་གྱི་ཟླས་ཕྱེ་བའི་གཉེན་པོའི་བློ་ཡིན་ན་དགེ་བ་ཡིན་དགོས་ལ། བཅས་ལྟུང་གི་དུས་ཀྱི་ཀུན་སློང་དགེ་བ་མི་སྲིད་པའི་ཕྱིར་རོ། །དབྱེ་ན་གཉིས་ཏེ། རང་བཞིན་དང་འབྲེལ་བའི་བཅས་པ་དང་བཅས་པ་རྐྱང་པ་ཅན་ནོ། །དང་པོ་སྲོག་གཅོད་ཕམ་པ་ལྟ་བུའོ། །གཉིས་པ་ནི་མེ་ལ་རེག་པའི་ལྟུང་བྱེད་ལྟ་བུའོ། །དེ་ལྟར་བཤད་པ་ན་བཅས་རང་གི་ལྟུང་བ་འགལ་བ་མ་ཡིན་ཏེ། དགེ་སློང་གི་རྒྱུད་ཀྱི་མི་བསད་པའི་ལྟུང་བ་ཡན་ལག་ཚང་བ་དེ་རྣམ་སྨིན་སྡུག་བསྔལ་འབྱིན་པའི་ཆ་ནས། རང་བཞིན་དང༌། སངས་རྒྱས་ཀྱི་བཅས་པ་དང་འགལ་བའི་ཆ་ནས་བཅས་ལྟུང་དུ་བཞག་པའི་ཕྱིར། དེའི་ཕྱིར་ལྟུང་བ་ལ་བཅས་ལྟུང་གིས་ཁྱབ་པ་ཡིན་པས་ན། རང་བཞིན་དང་འབྲེལ་བའི་བཅས་ལྟུང་དང༌། བཅས་རྐྱང་གི་ལྟུང་བ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེས་དཔྱད་པར་བྱ་བ་ཡིན་གྱི། སྤྱིར་བཅས་རང་གི་ལྟུང་བའི་ཁྱད་པར་གང་ཡིན་ཞེས་དཔྱད་པ་ནི་མཁས་པ་མགུ་བ་སྐྱེད་པའི་ཡན་ལག་མ་ཡིན་ནོ། །འོ་ན་དེ་ཉིད་ཀྱང་མ་བཤད་པས་འཆད་མི་དགོས་སོ་ཞེ་ན། འདི་ལ་མུ་བཞི་སྟེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ལ་བཅས་པའི་ཁ་ན་མ་ཐོ་བ་མ་ཡིན་པའི་མུ་ནི། ཁྱིམ་པའི་རྒྱུད་ཀྱི་སྡིག་པ་རྣམས་སོ། །ཅིག་ཤོས་ཡིན་ལ་དེ་མ་ཡིན་པ་ནི་བཅས་པ་རྐྱང་པ་ཅན་གྱི་ལྟུང་བ་རྣམས་སོ། །གཉིས་ཀ་ཡིན་པ་ནི་ཕམ་པ་བཞི་པོ་ལྟ་བུའོ། །གཉིས་ཀ་མ་ཡིན་པ་ནི། དགེ་སློང་མ་ཟླ་མོའི་ཁ་ན་མ་ཐོ་བ་འཆབ་པ་ལྟ་བུའོ། །དེ་ཡང་ལུང་དུ་བསྟན་པ་གང་ཞིག རང་འབྲས་ཡིད་དུ་མི་འོང་བ་འབྱིན་བྱེད་དེ། རང་བཞིན་གྱིས་ཁ་ན་མ་ཐོ་བའི་མཚན་ཉིད། དབྱེ་ན་བཅས་པ་དང་མ་འབྲེལ་བ་དང༌། འབྲེལ་བ་གཉིས་སོ། །གསུམ་པ་རྣམ་བཞག་གཏན་ལ་ཕབ་པ་ལ། ལྟུང་བའི་ངོ་བོ་ལ་དཔྱད་པ། རྒྱུ་ལ་དཔྱད་པ། ལྡང་བའི་ཐབས་ལ་དཔྱད་པའོ། །དང་པོ་ནི། སྤྱིར་ཉེས་པ་ལ་ཡིད་ཀྱི་ཉེས་པ་མང་ཞིང་གཙོ་ཆེ་མོད་འདིར་ནི་ལུས་ངག་གི་ཉེས་པ་ངོས་འཛིན་པ་སྐབས་སུ་བབ་པ་ཡིན་ཏེ། སོ་ཐར་སྡོམ་པའི་འགལ་ཟླ་འཆད་པ་སྐབས་སུ་བབ་པའི་ཕྱིར། འོ་ན་ཇི་ལྟར་ཞེ་ན། བྱེ་བྲག་དུ་སྨྲ་བས་ནི། ལུས་ངག་གི་ལས་ལ་གཟུགས་ཅན་གྱིས་ཁྱབ་ཅིང༌། དེ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པའི་དབྱེ་བས་གཉིས་སོ། །མདོ་སྡེ་པ་ནི། ལྟུང་བའི་ངོ་བོ་ནི་སེམས་བྱུང་སེམས་པ་ཡིན་ལ། དེ་དང་ལྷན་ཅིག་པའི་ལུས་ངག་གི་རིག་བྱེད་ནི། ལྟུང་བའི་རྒྱུ་དང་འབྲས་བུ་ལ་ལྟུང་བའི་མིང་གིས་བཏགས་པའོ། །ཞེས་འདོད་ཅིང༌། དོན་ལ་གནས་པ་ནི། ལྟུང་བ་གང་དང་གང་ཡིན་པ་དེའི་མཐར་ཐུག་གྲུབ་ཟིན་པའི་དེ་དུས་ཀྱི་སེམས་བྱུང་སེམས་པ་ནི་ལྟུང་བ་དངོས་གཞི་དང༌། ལུས་ངག་གི་བྱ་བ་དང་ལྷན་ཅིག་ཏུ་འཇུག་བཞིན་པའི་སེམས་བྱུང་སེམས་དཔའ་ནི་སྦྱོར་བའི་ལྟུང་བ་མཚན་ཉིད་པའོ། །ལྟུང་བ་དེ་དང་དེའི་རྒྱུའི་ཀུན་སློང་དུ་གྱུར་པའི་སེམས་པ་ནི། འདིར་ལྟུང་བར་མི་འཇོག་སྟེ། ཡིད་ཀྱི་ལས་ཁོ་ན་ཡིན་པའི་ཕྱིར། དཔེར་ན་སྲོག་གཅོད་ཀྱི་རྒྱུ་དུས་ཀྱི་ཀུན་སློང་དེ་སྲོག་གཅོད་ཀྱི་ལྟུང་བར་མི་འཇོག་པ་བཞིན། འདིར་བུ་སྟོན་རིན་པོ་ཆེའི་གསུང་གིས་བྱེ་བྲག་དུ་སྨྲ་བའི་ལུགས་ལ་སྡོམ་པའི་ངོ་བོ་ལ་རིག་བྱེད་ཡིན་མ་ཡིན་གཉིས་ཡོད་པ་བཞིན་དུ། ལྟུང་བ་ལ་ཡང་རིག་བྱེད་ཡིན་མ་ཡིན་གཉིས་ཡོད་པ་ཡིན་ཏེ། རང་གིས་བྱེད་པ་རྣམས་ལ་རིག་བྱེད་ཡོད་པའི་ཕྱིར་དང༌། བཅོལ་བས་འགྲུབ་པ་རྣམས་ནི་རིག་བྱེད་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་ཞེས་གསུངས་མོད་ཀྱང་ཞིབ་ཏུ་འབྱེད་དགོས་པ་ཡིན་ཏེ། དེ་ཡང་འདི་ལྟར། ལུས་ངག་གི་མི་དགེ་བ་བདུན་པོ་གང་རུང་གི་ལས་ལམ་དངོས་གཞི་ཡིན་ན། རིག་བྱེད་མ་ཡིན་པའི་གཟུགས་ཡིན་དགོས་ཏེ། གཞན་དུ་ན། འབྱུང་བ་ཚོགས་པ་གཅིག་ལས་རིག་བྱེད་དང་རིག་བྱེད་མ་ཡིན་པའི་གཟུགས་གཉིས་ཅིག་ཅར་དུ་སྐྱེ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང༌། སྲོག་གཅོད་པ་ལྟ་བུའི་ལུས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་སྲོག་གཅོད་ལྟ་བུའི་ལས་ལམ་དངོས་གཞི་མི་འབྱུང་བའི་ཕྱིར་དང༌། རྫུན་སྨྲ་བ་ལྟ་བུའི་ངག་གི་རིག་བྱེད་མ་རྫོགས་པའི་བར་དུ་ཕ་རོལ་པོས་དོན་གོ་བ་མི་འབྱུང་ལ། དེ་མེད་པར་དེའི་ལས་ལམ་དངོས་གཞི་མི་འབྱུང་བའི་ཕྱིར་དང༌། ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་དང་པོར་སྐྱེ་བའི་དུས་སྔ་ཕྱི་བར་ཁས་བླང་དུ་ཡང་མི་རུང་བའི་ཕྱིར་རོ། །ཡང་ཇི་སྐད་དུ། མི་དགེ་དྲུག་ནི་རྣམ་རིག་མིན། །ཞེས་བཤད་པའང་དྲུག་པོ་དེ་གཞན་ལ་བཅོལ་བས་རྫོགས་པའི་ཚེ། རྣམ་པར་རིག་བྱེད་མེད་པར་སྟོན་པ་ཡང་མ་ཡིན་ཏེ། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་འགྲུབ་པ་ནི་ངེས་པར་རྣམ་པར་རིག་བྱེད་ལ་རག་ལས་པའི་ཕྱིར། གཅིག་རྣམ་གཉིས་ཞེས་བཤད་པའང་ལོག་གཡེམ་གྱི་དངོས་གཞི་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་པར་སྟོན་པ་མ་ཡིན་ཏེ། ལས་ལམ་དངོས་གཞི་སྐྱེས་པ་དང་དུས་མཉམ་དུ་ལས་བྱེད་པ་པོ་རང་ཉིད་ཀྱི་རིག་བྱེད་ཡོད་པར་སྟོན་པ་ཡིན་པའི་ཕྱིར། ཡང་ཇི་སྐད་དུ། དེ་དག་ཀྱང་བྱེད་ནའོ་ཞེས་པས་ཀྱང༌། མི་དགེ་བ་དྲུག་པོ་རང་ཁོ་ནས་བྱས་པའི་ཚེ། ལས་ལམ་དངོས་གཞིའི་ངོ་བོར་གྱུར་པའི་རིག་བྱེད་ཡོད་པར་སྟོན་པ་མ་ཡིན་ཏེ། དེའི་ཚེ་ཡང་དེ་དང་དུས་མཉམ་དུ་རང་གི་ལུས་ངག་གི་རིག་བྱེད་ཡོད་པ་ལ་བསམས་པའི་ཕྱིར། དེའི་དུས་ཀྱི་རིག་བྱེད་དེ་དག་ལས་ལམ་དངོས་གཞི་ཡིན་ནོ་སྙམ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར་མ་བྱིན་ལེན་གྱི་དངོས་གཞིའི་ལྟུང་བ་དང་དུས་མཉམ་པའི་ལུས་ཀྱི་བྱ་བ་དེ་ཆོས་ཅན། དེའི་དངོས་གཞིའི་ལྟུང་བ་མ་ཡིན་ཏེ། དེའི་འཇུག་གི་བྱ་བ་ཡིན་པའི་ཕྱིར། དཔེར་ན་གནས་ནས་སྤོས་ཏེ་སྦེད་པའི་བྱ་བ་ལྟ་བུའོ། །ལས་ལམ་དེའི་དངོས་གཞི་དང་ལྷན་གཅིག་ཏུ་འབྱུང་བའི་མི་དགེ་བ་ཡིན་པ་ཙམ་གྱིས་དེའི་ལས་ལམ་དངོས་གཞི་ཡིན་པ་མི་འགྲུབ་སྟེ། དཔེར་ན་སྲོག་གཅོད་ཀྱི་དངོས་གཞི་དང་ལྷན་གཅིག་ཏུ་འབྱུང་བའི་སེམས་པའི་ལས་བཞིན་ནོ། །དེས་ན་རང་གི་ལུགས་ནི། རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་པའི་སྦྱོར་འཇུག་གི་ལྟུང་བ་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་གཉིས་ཡོད་ལ། དངོས་གཞིའི་ལྟུང་བ་ལ་རིག་བྱེད་མ་ཡིན་པས་ཁྱབ་པ་དང༌། བཅས་པའི་ཁ་ན་མ་ཐོ་བའི་དབང་དུ་བྱས་པའི་དངོས་གཞི་ལ་ཡང་རྣམ་པར་རིག་བྱེད་ཀྱི་གཟུགས་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའི་བསམ་པའོ། །དེ་ཡང་དཔེར་ན་དགྲ་བཅོམ་པའི་རྒྱུད་ཀྱི་བཅས་འགལ་གྱི་ལྟུང་བ་ལྟ་བུ་ཡིན་ལ། དེ་རིག་བྱེད་མ་ཡིན་པའི་གཟུགས་སུ་མི་འདོད་དེ། ལུང་མ་བསྟན་ཡིན་པའི་ཕྱིར། ཇི་སྐད་དུ། རྣམ་རིག་མིན་ལུང་བསྟན་མིན་མེད། །ཅེས་གསུངས་པས་སོ། །འོ་ན་དགྲ་བཅོམ་པ་ལ་ལྟུང་བ་ཡོད་དམ་ཅེ་ན། ཡོད་དེ་ཇི་སྐད་དུ། དགེ་སློང་དགྲ་བཅོམ་པས་བརྒྱ་ལམ་བརྒྱ་ལམ་ན་དྲན་པ་ཉམས་པར་གྱུར་ནས་ཆོས་གོས་བྱིན་གྱིས་མ་བརླབ་པ་འཆང་བ་དང༌། སྦྱར་མ་མེད་པ་གྲོང་དུ་འཇུག་པ་དང༌། ཡང་ཡང་ཟ་བ་དང༌། འདུས་ཤིང་ཟ་བ་དང༌། གཉིད་ལོག་པའི་བུད་མེད་ཀྱི་མལ་དུ་ཉལ་བ་ལ་སོགས་པ་དེ་ལྟ་བུ་དག་ནི། དགེ་སློང་དགྲ་བཅོམ་པས་བྱེད་ན་ཉེས་པ་དེ་ཐམས་ཅད་ཀྱང་ལུང་དུ་མ་བསྟན་པའི་སེམས་ཀྱིས་བྱེད། ཅེས་ལུང་མ་བསྟན་གྱི་གཞིར་གསུངས་པས་སོ། །ཡང་དགེ་སློང་གི་ཉོན་མོངས་པ་ཅན་གྱི་སེམས་མེད་པར་ཤིང་ལྗོན་པ་བཅད་པར་བྱའོ་སྙམ་པས། གཞན་གྱི་སྲོག་གཅད་པ་ལྟ་བུ་ལ་ནི་བཅས་ལྟུང་རིག་བྱེད་ཁོ་ན་ཡོད་པ་ཡིན་གྱི། རིག་བྱེད་མ་ཡིན་པ་ནི་ཡོད་པ་མ་ཡིན་ཏེ། དེ་དུས་ཀྱི་ལྟུང་བ་དེ་མི་དགེ་བ་མ་ཡིན་པའི་ཕྱིར། དུས་དེར་ལྟུང་བ་མེད་པ་མ་ཡིན་ཏེ། སྦྱོར་བ་ལ་ཉེས་བྱས་བསྐྱེད་པར་བཤད་པའི་ཕྱིར་དང༌། རྒྱུ་མཐུན་གྱི་འབྲས་བུ་འབྱིན་པར་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱུ་ལ་དཔྱད་པ་ནི། ཇི་སྐད་དུ། འདུལ་བ་བསྡུས་པ་ལས། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང༌། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པ་ལྟར་མི་ཤེས་པ་དང༌། བག་མེད་པ་གཉིས་ནི་ཉོན་མོངས་པ་ཅན་མ་ཡིན་པའོ། །གསུམ་པ་ལྡང་བའི་ཐབས་ནི། ཇི་སྐད་དུ། བསྡུ་བ་ལས། འགྱོད་པ་རྣམ་པ་ལྔ་སྐྱེད་དང༌། །བག་ཡོད་རྣམ་པ་ལྔ་དང་ནི། །རྣམ་ལྔ་འགྱོད་པ་བསལ་བ་ལ། །བརྟེན་ནས་ལྟུང་ལས་ལྡང་བར་འགྱུར། །ཞེས་གསུངས་པ་རྣམས་ནི་ལྡང་བའི་རྒྱུ་ཡིན་ལ། ལྡང་བ་དངོས་ནི། ཇི་སྐད་དུ་ལུང་ལྔ་ཚན་ལས། གསོལ་བས་ལྡང་བ་དང༌། གསོལ་མི་དགོས་པར་ལྡང་བ་དང༌། བརྡས་ལྡང་བ་དང༌། དོན་དམ་པར་ལྡང་བ་དང༌། དགེ་སློང་མ་མཚན་གྱུར་པས་ལྡང་བའོ། །ཞེས་གསུངས་ལ། དེའི་དང་པོ་ནི་བཤགས་པ་ལ་བྱ། གཉིས་པ་ནི་བཤགས་མི་དགོས་པར་ཡིད་ཀྱིས་བསྡམ་པ་ཙམ་ལ་བྱ། གསུམ་པ་ནི། ལྟུང་བ་བྱིན་གྱིས་རློབས་པའི་ཆོ་ག་ལ་བྱ། བཞི་པ་ནི་དགྲ་བཅོམ་པ་ཐོབ་པའོ། །ལྔ་པ་ནི་ཤེས་པར་སླའོ། །ཡང་ལུང་ལྔ་ཚན་ལས། ཉེས་པ་ལས་འབྱུང་བ་ནི་ལྔ་སྟེ། མཐོང་བས་འབྱུང་བ་དང༌། བསྒྲགས་པས་འབྱུང་བ་དང༌། ཐོག་མ་ནས་བྱས་པས་འབྱུང་བ་དང༌། བྱིན་གྱིས་བརླབ་པས་འབྱུང་བ་དང༌། བཤགས་པས་འབྱུང་བ་དང་ལྔ་གསུངས་སོ། །དང་པོ་ནི་ཉེས་པ་ལ་ཉེས་པར་མཐོང་བའོ། །གཉིས་པ་ནི་ཆད་ལས་ཉམས་སུ་བསླངས་པའོ། །གསུམ་པ་ནི། དང་པོ་ནས་འཐོལ་བས་འཆབ་ཉེས་མི་འབྱུང་བའོ། །བཞི་པ་ནི་བྱིན་གྱིས་བརླབས་ནས་ཉེས་པ་མི་འཕེལ་བའོ། །ལྔ་པ་ནི་ཤེས་པར་སླའོ། །འོ་ན་བཤགས་པས་ཉེས་པ་འདག་པར་གསུངས་པ་དེ་ས་བོན་འདག་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ས་བོན་འཇོམས་པའི་ནུས་པ་ནི་འཇིག་རྟེན་པའི་ལམ་གང་ལ་ཡང་མེད་པའི་ཕྱིར་དང༌། ལྟུང་བ་རྣམས་ནི་མཐོང་སྒོམ་ལམ་གྱི་སྤང་བྱ་ཡིན་པའི་ཕྱིར། དེ་བས་ན། ཉེས་པ་དེ་དང་དེའི་རྣམ་སྨིན་དང༌། བདག་པོའི་འབྲས་བུ་འབྱིན་པ་ཐག་སྲིངས་པ་ལ་ཉེས་པ་ལས་ལྡང་བའི་ཐ་སྙད་ཀྱི་གསུངས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ། ཉམས་པར་བྱེད་པ་ཕམ་པའི་སྡེ། གསོ་བ་དགེ་འདུན་ལ་རག་ལས་པ་ལྷག་མའི་སྡེ། དགེ་བའི་ཆོས་ལས་ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ། སྨྲེ་སྔགས་ཀྱི་རྣམ་པས་འཐོལ་བ་སོ་སོར་བཤགས་པའི་སྡེ། ནན་ཏན་དུ་བསླབ་པར་བྱ་བ་བསླབ་བྱའི་སྡེ་ཚན་རྣམས་སོ། །དང་པོ་ལ། འདོད་པ་ལས་གྱུར་པ། གནོད་པ་ལས་གྱུར་པ། བསྒོ་བ་ལས་གྱུར་པའོ། །དང་པོ་ལ། ནང་སེམས་ཅན་ལ་འདོད་པར་གྱུར་པ་དང༌། ཕྱི་རོལ་ཡོ་བྱད་ལ་འདོད་པ་ལས་གྱུར་པའོ། །དང་པོ་ལ། ལུང་རྣམ་པར་འབྱེད་པ་གཞུང་གི་ཚུལ་དུ་བཤད། ཕྲན་ཚེགས་ནས་འབྱུང་བ་ཁ་སྐོང་གི་ཚུལ་དུ་བཤད། གཞུང་དམ་པ་ནས་འབྱུང་བ་ཁྱད་པར་ཞིབ་མོར་གཏན་ལ་འབེབས་བྱེད་ཀྱི་ཚུལ་དུ་བཤད་པའོ། །གསུམ་པ་ལ་གཉིས་ཏེ། ཞུ་བའི་སྐབས་ནས་དང༌། འདུལ་བྱེད་ཀྱི་སྐབས་ནས་འབྱུང་བའོ། །དེ་རྣམས་གཞུང་དང་བརྡ་སྤྲོད་པ་ནི་སླའོ། །སྐབས་འདི་དག་ཏུ་འདི་ལྟར་ཤེས་པར་བྱ་སྟེ། གླེང་གཞི་དང༌། ལྟུང་བ་རྣམ་པར་བཞག་པའོ། །དང་པོ་ནི། ཡུལ་གང་དུ། གང་ཟག་གང་གིས། ཉོན་མོངས་པ་ཇི་ལྟ་བུས་ཉེས་པ་གང་བྱས་པ་རྣམས་སོ། །ཅིའི་ཕྱིར་གླེང་གཞི་ཞེས་བྱ་ན། དེའི་སྐད་དོད་ལ་ནི་ཌཱ་ན་ཞེས་པ་ངེས་པར་སྟེར་བའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ནི། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པ་བཞིའི་སྒོ་ནས་བཤད་པར་བྱའོ། །དང་པོ་གཞི་ལ། རྟེན་དགེ་སློང་ནི་ཚུལ་ཁྲིམས་དང་ལྡན་པ། བཅས་པ་དང་ལྡན་པ་གཉིས་ཚོགས་དགོས་པ་ཡིན་ཏེ། ལུང་ལས་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་ཞེས་སོགས་གསུངས་པའི་ཕྱིར་དང༌། ལས་དང་པོ་པ་ལ་བཅས་པ་མེད་པར་གསུངས་པའི་ཕྱིར། འོ་ན་བཅས་པ་མཛད་པ་དུས་ནམ་གྱི་ཚེ་ཡིན་ཅེ་ན། མངོན་པར་སངས་རྒྱས་ནས་ལོ་བཅུ་གཉིས་པ་ལ་བཅས་པ་མཛད་པར་ལུང་དུ་གསལ་བར་གསུངས་ལ། ཁ་ཅིག་ད་ལྟར་གྱི་ཆོ་ག་བྱུང་བ་དང་བཅས་པ་མཛད་པ་དུས་མཚུངས་ཡིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། སྟོན་པ་སངས་རྒྱས་ནས་ལོ་དྲུག་པ་ལ་ཚེ་དང་ལྡན་པ་འཆར་ཀ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་པ་བྱས་པར་ལུང་དུ་གསལ་བར་གསུངས་པའི་ཕྱིར། གཉིས་པ་ཕྱི་རོལ་ཡོ་བྱད་ལ་ཆགས་པ་མ་བྱིན་པར་ལེན་པའི་ཕམ་པ་ལ་གསུམ་སྟེ། རྣམ་འབྱེད་གཞུང་གི་ཚུལ་དུ་བཤད། ཕྲན་ཚེགས་ཁ་སྐོང་གི་ཚུལ་དུ་བཤད། གཞུང་དམ་པ་དོགས་གཅོད་ཀྱི་ཚུལ་དུ་བཤད་པའོ། །དང་པོ་ལ་སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་དང་བཞི་ལས། དང་པོ་ལ་རྟེན་ན་དགེ་སློང་གི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་བསམ་པ་རང་བཞིན་དུ་གནས་པའོ། །ཡུལ་ནི་མིའི་འགྲོ་བ་པ། རང་ལས་ནོར་ཐ་དད་པའོ། །དངོས་པོ་རིན་ཐང་ཚང་བའོ། །བསམ་པ་གཉིས་ལས། སྤྱིར་འདུ་ཤེས་མ་འཁྲུལ་བ་དང༌། བྱེ་བྲག་ཏུ་ཀུན་སློང་ནི་ནོར་འདི་ནི་གཞན་གྱི་ཡིན་ཏེ། མ་གནང་ཀྱང་བདག་ཉིད་ཀྱི་ཆེད་དུ་གཏན་དུ་དབྲལ་སྙམ་པའོ། །སྦྱོར་བ་ལུས་ངག་དུ་གྲུབ་ཅིང་རྐུ་བར་བརྩམས་པའོ། །མཐར་ཐུག་གནས་ནས་སྤོས་པའོ། །འདི་ལ་གཉིས་ཏེ། རིན་ཐང་གི་ཚད་བརྩི་བ་དང༌། གནས་ནས་སྤོས་པའི་ཚད་བརྩི་བའོ། །དང་པོ་ལ་གཉིས་ཏེ། རིན་ཐང་ཇི་ལྟར་ཚང་བའི་ཚུལ་དང༌། རིན་ཐང་གི་ཚད་དངོས་སོ། །དང་པ་ནི། ཡུལ་དུས་ཀྱི་ཁྱད་པར་དེ་ཉིད་དུ་རིན་ཐང་ཚང་བ་དགོས་ཏེ། ཡུལ་གཞན་དུ་ཁྱེར་བ་དང༌། དུས་གཞན་དུ་འགྱུར་བའི་ཁེ་སྤོགས་མི་རྩི་བའི་ཕྱིར། དེ་ཡང་ཇི་སྐད་དུ། རིན་ཐང་ནི་རྐུ་བའི་གནས་དང་དུས་ཀྱིས་སོ། །ཞེས་གསུངས་སོ། །རྐུ་བྱ་དང་རྐུ་བྱེད་གཉིས་ཀ་ལ་ལྟོས་སྟེ་རིན་ཐང་ཚང་བ་དགོས་ཏེ། རྐུན་པོ་བཅུས་བདག་པོ་བཅུ་ལ་རྐུ་བའི་ཚེ། རིན་ཐང་ཚང་བ་བརྒྱ་དགོས་པ་ལྟ་བུའོ། །དེའི་ཚེ་རྐུན་པོ་རེ་རེའི་ལག་ཏུ་རིན་ཐང་ཚང་བ་བཅུ་བཅུ་དགོས་པའོ། །དེ་ཡང་རྐུན་པོ་དང་བདག་པོ་གཉིས་ཀས་བགོ་བཤའ་བྱས་པའི་དབང་དུ་བྱས་པ་ཡིན་ལ། གཉིས་ཀའི་འཇོག་རྫས་ཀྱི་དབང་དུ་བྱས་ན་གཅིག་གིས་གཅིག་ལ་རྐུ་བ་དང༌། བཅུས་བཅུ་ལ་རྐུ་བ་གཉིས་རིན་ཐང་གི་ཚད་ལ་མང་ཉུང་མེད་དོ། །རྐུན་པོ་དང་བདག་པོ་གང་རུང་གི་འཇོག་རྫས་དང་གང་རུང་གི་བགོ་རྫས་ཡིན་ན། བཅུས་བཅུ་ལ་རྐུ་བའི་ཚེ་རིན་ཐང་ཚང་བ་བཅུས་ཆོག་པ་ཡིན་ནོ། །དོན་དེ་དག་ཀྱང་དབྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའོ། །རྐུན་པོ་རྣམས་ཀྱང་ངོ༌། །ཞེས་གསུངས་སོ། །ཡང་སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་དགོས་ཏེ། སྦྱོར་བ་སོ་སོ་བ་སྡོམས་ནས་རིན་ཐང་ཚང་ཡང་མཐར་མི་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། ཕུང་པོ་ལས་རྐུ་ན་ལན་རེ་རེ་ཞིང་བླངས་པ་ཐ་དད་དོ་ཞེས་གསུངས་སོ། །གཉིས་པ་ལ། གཞུང་ལས་འབྱུང་བ་དང༌། གཞན་གྱི་བཞེད་པ་དང༌། རང་གི་འཐད་པ་བཞག་པའོ། །དང་པོ་ནི། གཞུང་འགྲེལ་ལས། རིན་ཐང་གི་ཚད་ཀར་ཤ་པ་ནིའི་བཞི་ཆ་ཡིན་པ་ནི་མི་མཐུན་པ་མེད་པར་གསུངས་ལ། དེའི་རིན་ཐང་གི་ཚད་ལ་ངེས་པ་ནི་ཡོད་པར་མ་གསུངས་ཏེ། རེས་འགའ་མ་ཤ་ཀ་ཉི་ཤུ་ལ་དང༌། རེས་འགའ་བཅུ་གཉིས་ལ་དང༌། རེས་འགའ་བཞི་བཅུ་ལ་བྱེད་པར་ལུང་དུ་གསུངས་ཤིང༌། རྒྱ་ཆེར་འགྲེལ་པ་བརྩམ་པའི་དུས་སུ། མ་ཤ་ཀ་བཅུ་དྲུག་ཀར་ཤ་པ་ན་གཅིག་གི་ཚད་དུ་བཤད་པས་སོ། །མ་ཤ་ཀ་དང་ཀར་ཤ་པ་ན་གཉིས་ཀ་ཡང་དངོས་པོ་རང་གི་ངོ་བོ་ལ་ངེས་པ་མི་སྣང་སྟེ། ལུང་ཞུ་བ་ལས། དེ་གཉིས་ཀ་ཡང་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལས་བྱས་པ་གཟུགས་སུ་དོད་པ་བཙོང་དུ་རུང་བ་ཞིག་ཡིན་པར་བཤད་པས་སོ། །གཉིས་པ་ནི། བོད་ཀྱི་སློབ་དཔོན་སྔ་མ་རྣམས་ན་རེ། རྒྱ་གར་དུ་ཀར་ཤ་པ་ནིའི་རྣམ་བཞག་བྱེད་པ་ན། དངུལ་ལས་བྱས་པ་དེ་དབང་བཙན་པར་ཞུ་འགྲེལ་ལས་བཤད་ཅིང༌། བོད་ན་དེའི་རྣམ་བཞག་མེད་པས། རྟ་རྒོད་མ་རེ་ཙམ་ལ་དེའི་ཚད་དུ་འཇོག་པ་ཡིན་ཏེ། གསོད་པའི་ཆད་པ་དང་སྒོ་བསྟུན་པའི་ཕྱིར་ཞེས་གསུངས། ཁ་ཅིག་ན་རེ། ནས་ཁལ་བཞི་ཙམ་ཡིན་ཏེ། འོད་ལྡན་དུ་ཆུ་གཏོང་འགོག་གི་སྐབས་སུ་ཁལ་བཞི་དཔེར་གསུངས་པའི་ཕྱིར། ཞེས་གསུངས། ཕྱི་རབས་ཀྱི་མཁས་པ་དག་དིང་སང་གི་དུས་སུ་གསེར་སེ་བ་གསུམ་ཙམ་ལ་ཚད་དུ་བྱེད་དགོས་པ་ཡིན་ཏེ། བརྗེད་བྱང་དོན་བརྒྱད་མ་ལས། དངུལ་ཞོ་གཅིག་ལ་བཤད་པ་དང༌། ཤེས་རབ་བྱེད་པ་ལས་དངུལ་ཞོའི་བརྒྱད་ཆ་གཅིག་ལ་མ་ཤ་ཀ་གཅིག་གི་ཚད་དུ་བཤད་པའི་ཕྱིར། ཞེས་གསུང་ངོ༌། །གཉིས་པ་རང་གི་བསམ་པ་བཞག་པ་ནི། མ་ཤ་ཀ་ཞེས་པ་ནི་སྐད་ཀྱི་ཟུར་ཆག་པ་སྟེ། སྐད་ཐད་སོར་བཞག་ན་མཱ་ཥ་ཀ་ཞེས་པའོ། །དེ་བོད་སྐད་དུ་སྲན་མ་ཡིན་ལ། གསེར་ལ་སོགས་པ་རྒྱ་སྲན་རེ་རེའི་ཚད་ལ་ནི། སེ་བ་བརྒྱད་ཡོད་པ་ཡིན་ཏེ། ཇི་སྐད་དུ་རང་འགྲེལ་ལས། མཱ་ཥ་སེ་བ་བརྒྱད་ཅེས་བྱ། །མཱ་ཥ་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ །ཞེས་བཤད་པའི་ཕྱིར། གཞུང་འདིའི་དོན་ལ་དཔྱད་པ་ན་སྤྱིར་ཀར་ཤ་པ་ནའི་རྒྱུ་ལ་ངེས་པ་མེད་ཀྱང༌། མཱ་ཥ་ཀ་ནས་རྩི་བ་དེའི་གསེར་རམ་དངུལ་གྱིས་ཀར་ཤ་པ་ནའི་ཚད་བཟུང་བ་ཡིན་པའི་ཕྱིར་ངེས་ཏེ། ཟངས་དང་ལྕགས་ལྟ་བུ་ལ་ནི་སྲན་མའི་ཚད་ཀྱིས་འཇལ་རིན་མི་ཆོག་པའི་ཕྱིར། ཡང་ན་སྤྱིར་པ་ཎ་ཙམ་ལ་ངེས་པ་མེད་དེ། གཞུང་འདི་ཉིད་དུ། རྙེད་པ་ཆུང་ངུ་ལ་པ་ཎ་ལྔ་ལ་སོགས་པའོ། །ཞེས་རྙེད་པ་ཆུང་ཚད་དུ་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་ཀཱར་ཤ་པ་ཎ་ཞེས་ངེས་པར་བཟུང་བ་དེའི་ཚད་ནི་གསེར་དངུལ་ཁོ་ན་ཡིན་ཏེ། ཀ་ན་ཀ་ཞེས་པ་གསེར་གྱི་སྐད་དོད་ཡིན་པའི་ཕྱིར་དང༌། ན་ན་ཀ་ཞེས་པ་དངུལ་གྱི་སྐད་དོད་ཡིན་པའི་ཕྱིར། དེ་ལྟར་བཤད་པ་ན་དངུལ་གྱི་མ་ཤ་ཀ་ལྔ་ལ་ཀཱར་ཤ་པ་ཎ་བཞི་ཆར་བྱས་པ་དེའི་ཚེ། རིན་ཐང་གི་ཚད་གསེར་སེ་བ་ལྔ་དང༌། ཡང་དེ་བཅུ་ལ་དེའི་བཞི་ཆར་བྱས་པའི་ཚེ་གསེར་སེ་བ་བཅུ་དང༌། དེ་གསུམ་ལ་དེའི་བཞི་ཆར་བྱས་པ་དེའི་ཚེ། རིན་ཐང་གི་ཚད་དུ་བཞག་དགོས་པ་ཡིན་ཏེ། སྐབས་འདིའི་མཱ་ཥ་ཀ་དེ་དངུལ་སྲན་མ་གཅིག་གི་ཚད་ལ་བྱེད་ཅིང༌། མཱ་ཥ་ཀ་རེ་རེའི་ཚད་ལ་དངུལ་སེ་བ་བརྒྱད་བརྒྱད་ཡོད། གསེར་དང་དངུལ་ནི་ཕལ་ཆེར་བརྒྱད་འགྱུར་དུ་བརྩི་དགོས་པའི་ཕྱིར། གལ་ཏེ་དྲུག་འགྱུར་དུ་བྱེད་ན། དངུལ་མཱ་ཥ་ཀ་ལྔ་པོ་དེ་ལ་གསེར་སེ་བ་དྲུག་དང༌། ཡང་གསེར་སེ་བ་གཅིག་ལ་དངུལ་སེ་དོས་མཆོག་པ་དེ་རིན་ཐང་གི་ཚད་ཡིན་པར་གྲུབ་བོ། །འོ་ན་ཀཱར་ཤ་པ་ཎའི་རྒྱུ་ལ་རྣམ་པ་མི་འདྲ་བ་མང་པོ་ཡོད་ན། འདི་དངུལ་གྱི་ཀཱར་ཤ་པ་ཎའི་དབང་དུ་བྱས་པར་གང་ལས་ཤེས་ཤེ་ན། གཞུང་འགྲེལ་ལས། ཀཱར་ཤ་པ་ཎ་ནི་ཟོང་གི་ཁྱད་པར་དེ་དངུལ་ལས་བྱས་པ། གཟུགས་སུ་དོད་པ། བཙོང་དུ་རུང་བའོ་ཞེས་དང༌། གཞི་འགྲེལ་ལས། ཀཱར་ཤ་པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི་དངུལ་ལས་བྱས་པ་ཡིན་ནོ་ཞེས་གསུངས་སོ། །ཡང་རྣམ་གྲངས་གཉིས་པ་ལ། འདིའི་མཱ་ཥ་ཀ་དེ་གསེར་གྱི་སྲན་མའི་ཚད་ལ་བྱེད་པ་དེའི་ཚེ་ན་ནི། མཱ་ཥ་ཀ་ལྔ་ནི་གསེར་སེ་བ་བཞི་བཅུ་ཡིན། དེ་ལ་ནི་གསེར་འགུར་མོའི་ཞོ་གང་དང་སེ་བ་བརྒྱད་འབྱུང༌། མཱ་ཥ་ཀ་གསུམ་ལ་རིན་ཐང་ཚང་བ་དེའི་ཚེ། གསེར་སེ་བ་ཉི་ཤུ་རྩ་བཞི་འབྱུང༌། དེ་ནི་བྱེས་པའི་ཞོ་གང་ཡིན། རྒྱ་ཆེར་འགྲེལ་པ་བརྩོམ་དུས་མཱ་ཥ་ཀ་བཞི་ལ་རིན་ཐང་ཚང་བ་དེའི་ཚེ། གསེར་སེ་བ་སུམ་ཅུ་སོ་གཉིས་འབྱུང༌། དེ་ནི་གསེར་འགུར་མོའི་ཞོ་གང་ཡིན། ཡང་ལུང་ལས། མཱ་ཥ་ཀ་བཅུ་ལ་ཀཱར་ཤ་པ་ཎ་བཞི་ཆར་བྱེད་པ་གཅིག་གསུངས་པ་དེའི་ཚེ་ན་ནི། གསེར་སེ་བ་བརྒྱད་ཅུ་འབྱུང༌། དེ་ནི་གསེར་འགུར་མོའི་ཞོ་དོ་དང་སེ་བ་བཅུ་དྲུག་གོ །འོ་ན་འདི་གསེར་གྱི་ཀཱར་ཤ་པ་ཎའི་དབང་དུ་བྱས་པ་གཅིག་སྲིད་པར་གང་ལས་ཤེས་ཤེ་ན། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས། དབྱིག་ཅེས་བྱ་བ་ནི་གསེར་རམ་དངུལ་ལས་མངོན་མཚན་ཅན་དུ་བྱས་པའི་རྫས་སོ། །མངོན་མཚན་ཅན་ཞེས་བྱ་བ་ནི། ཐ་སྙད་དུ་བྱས་པའི་མཚན་མ་ཅན་ཏེ། ཟླུམ་པོ་ལ་སོགས་པ་བྱས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ། །ཞེས་གསུངས་སོ། །མདོར་ན་ཀཱར་ཤ་པ་ཎའི་རྒྱུ་ལ་བཞི་བཤད་ཀྱང༌། ཟངས་མ་དང་ལྕགས་ལ་སྲན་མ་ཙམ་གསུམ་ལ་སོགས་པའི་ཚད་ཀྱིས་རིན་ཐང་རྩི་རིན་མི་ཆོག་པས། གསེར་དངུལ་གང་རུང་དུ་ངེས་ལ། དེ་ཡང་དངུལ་དབང་བཙན་པ་དེའི་ཚེ། རིན་ཐང་གི་མ་ཐའི་ཚད་གསེར་བྱེས་པའི་ཞོ་གང་ཡིན་པར་ངེས་སོ། །འོ་ན་འདི་གཉིས་ལ་ཐད་པའི་ཕྱོགས་སུ་གང་བཟུང་ཅེ་ན། དེ་གཉིས་ཀ་ལ་གཞུང་འགྲེལ་གྱི་རྒྱབ་རྟེན་ཆ་མཉམ་པ་ཡོད་མོད། ཉིད་ཀྱི་རྣམ་པར་བཤད་པ་དང༌། རྣམ་འབྱེད་ཀྱི་འགྲེལ་པ་ལྟར་ན་གསེར་གྱི་ཀཱར་ཤ་པ་ན་དབང་བཙན་པར་བཤད་ཅིང༌། བོད་ཀྱི་རིན་ཐང་གི་ཚད་དང་བསྟུན་ན། འདི་ཉིད་ལེགས་པ་ཡིན་ཏེ། བོད་རྣམས་གསེར་བྱེས་པའི་ཞོ་གང་ཙམ་ཞིག་བརྐུས་པ་ལ། རྒྱལ་པོའམ་བློན་པོ་བློ་ཚད་མས་རྐུན་མའི་གྲངས་སུ་འཇོག་པའི་ཕྱིར། རྒྱ་གར་གྱི་རིན་ཐང་གི་ཚད་དང་ཡང་འདི་ཉིད་མཐུན་པ་ཡིན་ཏེ། མཱ་ཥ་ཀ་ལྔ་པོ་དེ་འགྲོན་བུ་བཞི་བརྒྱའི་རིན་ཐང་གི་ཚད་དུ་བཤད་ལ། དེར་ནི་འགྲོན་བུ་སྲེག་པའི་ཐལ་བ་ལ་ཤིན་ཏུ་རྩིས་ཆེ་བས། འགྲོན་བུ་ཇི་ལྟར་མོད་ཀྱང་གསེར་སེ་བ་གསུམ་གྱིས་འགྲོན་བུ་བཞི་བརྒྱ་ཁུགས་པའི་སྐབས་མི་སྲིད་པའི་ཕྱིར་དང༌། གསེར་སེ་བ་ཉི་ཤུ་རྩ་བཞི་དང༌། འགྲོན་བུ་བཞི་བརྒྱ་དོད་སྙམ་པ་ཁོ་ནར་ངེས་པའི་ཕྱིར། འདིར་ཉེ་བར་མཁོ་བའི་སེ་བའི་ཚད་ནི། འལ་མ་སེའི་འབྲས་བུ་གཅིག་གི་ཚད་དོ། །དེ་ནི་ཁ་དོག་དམར་པོ་ལ་ནག་པོའི་ཐིག་ལེ་ཡོད་པ། ཆེ་ཆུང་ཐམས་ཅད་ལྕིད་མཉམ་པས་ཚད་ངེས་པ་ཅན་དུ་བྱས་པའོ། །དེ་ལྟ་བུའི་སེ་བ་དེ་བཞི་ལ་ཀ་ཀ་ནིའམ། བོན་ཏཱི་ཀ་གཅིག་གི་ཚད་འབྱུང༌། དེ་བཞི་ལ་མཱ་ཥ་ཀ་གཅིག་གོ །འདི་དག་ནི་གཞན་གྱིས་མ་བཤད་པའི་ལེགས་པར་བཤད་པའོ། །གཉིས་པ་གནས་སྤོས་ཀྱི་ཚད་བཤད་པ་ལ། རྨ་ཚོ་བྱང་རྡོར་ནི་རྫས་གནས་ནས་གནས་སུ་སྤོས་པ་ལ་བྱེད་པ་ཡིན་ཞེས་གསུངས་པ་ལ། གཞན་དག་ན་རེ། དེ་ལྟ་ན་ཞིང་ཁང་བརྐུ་བ་མི་སྲིད་པར་འགྱུར་རོ། །ཞེས་གསུངས། །རྒྱ་འདུལ་བ་འཛིན་པ་ན་རེ། གྲུབ་བློ་སྐྱེས་པ་དེ་གནས་སྤོས་ཀྱི་ཚད་ཡིན་ཞེས་གསུངས་པ་ལ་སློབ་དཔོན་གཞན་དག་ན་རེ། དེ་ལྟ་ན་གཏམ་པ་སྦས་པའི་རྫས་སར་བརྣོགས་པའི་ཚེ་ན་མཐར་ཐུག་གྲུབ་པར་བསལ། གྲུབ་བློ་སྐྱེས་པའི་ཕྱིར་ཅེས་གསུངས། སློབ་དཔོན་དམར་སྟོན་པའི་གསུང་གིས་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤོས་དགོས་པ་ཡིན་ཏེ། ལུང་དུ་གནས་སྤོས་གསུམ་མཐར་ཐུག་དུ་གསུངས་པའི་ཕྱིར། གྲུབ་བློ་མེད་པའི་གནས་སྤོས་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཊཱི་ཀ་ལས། ཇི་སྲིད་བག་ཚ་བ་མེད་པའི་ཡུལ་དུ་ཕྱིན་ནམ། དབང་དུ་བྱས་པ་མ་གྱུར་གྱི་བར་དུ་རྐུས་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་གསུང་ངོ༌། །འདི་ཡང་ལེགས་པར་མི་མངོན་ཏེ། སྐབས་འདིར་གྲུབ་བློ་མེད་ན་གནས་སྤོས་སུ་ཡང་འཇོག་པར་མི་ནུས་པའི་ཕྱིར་དང༌། གཞན་དུ་ན་གནས་སྤོས་ཞེས་པ་དང་པོའི་གནས་ནས་གཞན་དུ་ཁྱེར་བ་ལ་ངེས་པར་འཆད་དགོས་པ་ལས། དེ་ཡང་མ་ཡིན་པའི་ཕྱིར་དང༌། རང་ཉིད་ལ་གྲུབ་བློ་དགོས་པ་ཡང་མ་ཡིན་ཏེ། ཕོ་ཉ་གཏང་ནས་རྐུ་བ་དེའི་ཚེ་དེ་མི་དགོས་པའི་ཕྱིར། རང་གི་ལུགས་ནི། རིན་ཐང་ཚང་བའི་དངོས་པོ་དེ་གནས་གཞན་དུ་ཁྱེར་རམ། དང་པོའི་གནས་དེ་ཉིད་དུ་གནས་ཀྱང་རུང་སྟེ། དང་པོའི་བདག་པོ་དེ་དབང་བའི་གནས་ནས་མི་དབང་བའི་གནས་སུ་སོང་ཞིང༌། ཕྱིས་ཀྱི་བདག་པོ་དེ་དབང་བའི་གནས་སུ་སོང་བ་ལ་གནས་ནས་སྤོས་པ་ཞེས་བྱ་བའི་ཐ་སྙད་མཛད་པ་ཡིན་ལ། དེའི་བྱེ་བྲག་མང་པོ་རྣམས་ནི་མདོའི་གཞུང་ཉིད་དུ་རྒྱས་པར་གསུངས་སོ། །མདོར་ན་ལྟུང་བ་གཞན་ཕལ་ཆེ་བ་ལ་མཐར་ཐུག་གྲུབ་ཚུལ་གཅིག་གིས་ཆོག་ལ། འདིར་དེས་མ་ཆོག་པས་མི་འདྲ་བ་ཤིན་ཏུ་མང་པོ་གསུངས་ལ། དེ་ཐམས་ཅད་ཀྱི་མིང་ལ་གོ་བདེ་བའི་ཕྱིར་ལུང་ལས་གནས་སྤོས་ཞེས་བྱ་བའི་ཐ་སྙད་གསུངས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། འོད་ལྡན་ལས། གནས་ནས་གནས་སུ་སྤོ་བར་བྱེད་ཅེས་བྱ་བ་ནི། གནས་གང་ན་རྫས་གང་ཡོད་པ་དེ་ནས་གཞན་དུ་སྤོད་པར་བྱེད་པ་སྟེ། དཔེར་ན་གལ་ཏེ་བརྩད་པས་རྐུ་བ་ན་འོག་ཟུར་བརྩད་ལ་དེར་དེ་ཕ་རོལ་གྱི་རེ་བ་མ་ཆད་པའི་གནས་ནས་རེ་བ་ཆད་པའི་གནས་སུ་ཕྱིན་པར་བྱེད་པ་ནི། གནས་ནས་གནས་གཞན་དུ་སྤོ་བར་བྱེད་པ་དང༌། གལ་ཏེ་བླའི་གྲར་བརྩོད་ན་དེར་ཕ་རོལ་པོ་མ་ཕམ་པའི་གནས་ནས་ཕམ་པའི་གནས་སུ་ཕྱིན་པར་བྱེད་པ་ནི། གནས་ནས་གནས་གཞན་དུ་སྤོས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ལྟུང་བ་རྣམ་པར་གཞག་པ་དང༌། ལྟུང་མེད་བསླབ་བྱའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཅི་ཞིག་བྱས་པས་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་ཅེ་ན། རྐུས་པར་འགྱུར་རོ་ཞེས་པ་བཤད་པའི་གཞིར་ཞོག བྱེད་པ་པོ་གང་གིས་ན། དགེ་སློང་རང་ཉིད་ཀྱིས་རྐུའམ། རྐུར་བཅུག་པའམ། ཕོ་ཉ་བ་ལྟ་བུ་མངགས་པས་ཀྱང་རྐུའམ་རྐུར་བཅུག་པ་དག་གིས་སོ། །ལས་སུ་བྱ་བ་གང་ཞེ་ན། བདག་པོས་མ་བྱིན་པའོ། །ཚད་ཇི་ཙམ་ཞིག་ཅེ་ན། མཱ་ཥ་ཀ་ལྔ་ལ་སོགས་པའོ། །ཀུན་སློང་ནི་རྐུ་བའི་སེམས་ཀྱིས་སོ། །མ་བྱིན་པའི་ཁྱད་པར་ཡང་རང་ལས་རྫས་ཐ་དད་པའི་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ། །འདུ་ཤེས་ནི། གཞན་གྱི་ཡིན་པ་ལ་དེར་འདུ་ཤེས་པས་སོ། །ངག་དོན་ནི། བཅས་ལྡན་དགེ་སློང་འཆར་ཀ་ཆོས་ཅན་ཁྱོད་ལ་མ་བྱིན་ལེན་གྱི་ཕམ་པ་སྐྱེད་པ་ལ། ཡན་ལག་ཅིག་གིས་ཆོག་པ་མ་ཡིན་ཏེ། གཞི་བསམ་པ་སྦྱོར་བ་གསུམ་ཚོགས་དགོས་པའི་ཕྱིར། ལུང་རྣམ་འབྱེད་དུ་རྐུ་བ་ལ་དགུར་གསུངས་ཏེ། བདག་ཉིད་ཀྱིས་རྐུ་བ་དང༌། ཞལ་ལྟ་བྱས་ཏེ་རྐུ་བ་དང༌། མངགས་པས་རྐུ་བ་གསུམ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བའི་ཕྱིར། ཇི་ལྟར་ཞེ་ན། རྐུ་བ་དང༌། རྐུར་བཅུག་པ་དང༌། གནས་ནས་སྤོས་པ་གསུམ་གསུམ་མོ། །ཞལ་ལྟ་བྱེད་པ་དང་མངགས་པའི་ཁྱད་པར་ནི། རང་གིས་དངོས་སུ་བསྐོས་པ་དང༌། དེས་ཀྱང་ཕོ་ཉ་བ་ཉིས་རྒྱུད་དང་གསུམ་རྒྱུད་ལ་སོགས་པ་བསྐོས་པའི་ཁྱད་པར་རོ། །རྐུ་བ་དང༌། རྐུར་བཅུག་པའི་ཁྱད་པར་ནི། རྐུ་བྱེད་གསུམ་པོ་རང་རང་གི་ལུས་ཀྱིས་རྐུས་པ་དང༌། དེ་དང་འབྲེལ་པའི་ལྕགས་ཀྱུ་དང༌། འཁར་བ་ལ་སོགས་པས་རྐུས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། ཡན་ལག་གི་མཚན་ཉིད། སེལ་བ། མཐར་ཐུག་གི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། བདག་པོ་གཞན་གྱི་རྫས་རླུང་ངམ། རྐུན་པོ་ལ་སོགས་པས་ཁྱེར་བ་ཉིད་ན་བདག་པོ་དེའི་བསམ་པས་མ་བཏང་བ་ཉིད་ཆོས་ཅན། མ་བྱིན་ལེན་གྱི་ཕམ་པའི་རྒྱུར་གྱུར་པའི་རྫས་ཀྱི་ཡན་ལག་ཏུ་རུང་བ་ཡིན་ཏེ། རྟེན་དགེ་སློང་རང་ལས་རྫས་ཐ་དད་པའི་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་པའི་ཕྱིར། ཡང་དགེ་སློང་གི་རྫས་ཆོམ་རྐུན་པས་ཁྱེར་བ་ཉིད་ན་དགེ་སློང་གིས་བསམ་པས་མ་བཏང་བ་ཉིད་ནི་ཆོས་ཅན། དེ་སླར་ཡང་འཕྲོག་པས་ཕམ་པར་མི་འགྱུར་ཏེ། བདག་པོ་དགེ་སློང་ཉིད་དང་མ་བྲལ་བའི་ཕྱིར། འོད་ལྡན་ལས་ཀྱང༌། རྐུན་པོས་ཆོས་གོས་ལ་སོགས་རྫས་ཕྲོགས་ན། དེ་ལ་རེ་བ་མེད་ན་བདག་གི་མིན། །དེ་ཕྱིར་ནན་གྱིས་དེ་ལ་ལེན་ན་མཐའ། །བསམ་པས་མ་བཏང་བ་ལ་ཉེས་པ་མེད། །ཅེས་གསུངས་སོ། །གཉིས་པ་སེལ་བའི་རྣམ་གཞག་ལ། གཙོ་བོའི་སེལ་བ་ལྟུང་མེད་དང༌། གཙོ་བོ་མ་ཡིན་པའི་སེལ་བ་ན་སྨད་དོ། །དང་པོ་ནི། མ་བསམ་པ་ལ་ཞེས་སོགས་སོ། །གཉིས་པ་ལ་གཞུང་གི་དོན་དང༌། སྤྱི་དོན་སྦོམ་པོའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། འོ་ན་ལྟུང་བ་སྡེ་ལྔའི་སྐབས་སུ་སྦྱོར་བའི་སྐབས་སུ་ལྟུང་བ་ཅི་ཡང་མི་འབྱུང་ངམ་ཞེ་ན། ལྟུང་བ་སྡེ་ལྔ་པོ་ཐམས་ཅད་དུ་ཆོས་ཅན། སྦྱོར་བ་ལ་ལྟུང་མེད་མ་ཡིན་ཏེ། དེ་ལ་ཉེས་བྱས་བསྐྱེད་པའི་ཕྱིར་ནི་ཞེས་པ་གོང་དུ་ལྟུང་མེད་དུ་བཤད་པ་རྣམས་ལས་དགར་བའོ། །འོ་ན་དེའི་ཁྱབ་པ་ཡོད་དམ་ཅེ་ན། ཕམ་པའི་སྡེ་ཚན་དེ་ལ་ཆོས་ཅན། སྦྱོར་བ་ལ་ཉེས་བྱས་ཡིན་པའི་ཁྱབ་པ་མེད་དེ། གལ་ཏེ་དངོས་གཞིའི་སྦྱོར་བ་ཡིན་ན་ཉེས་པ་སྦོམ་པོར་འགྱུར་བའི་ཕྱིར། འོག་མ་ལྷག་མའི་སྡེ་ཚན་ལ་ཡང་དེ་བཞིན་དུ་སྦྱོར། གཞན་དག་ཕམ་ལྷག་བསྐྱེད་ངེས་ཀྱི་སྦྱོར་བ་ཡིན་ན། སྦོམ་པོ་ཡིན་པས་ཁྱབ་ཅེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། དེ་གཉིས་ཀྱི་སྦྱོར་བའི་སྦྱོར་བས་མ་ངེས་པའི་ཕྱིར། འདིར་སྦྱོར་བ་ལ་གཉིས། དངོས་གཞིའི་སྦྱོར་བ་དང༌། སྦྱོར་བའི་སྦྱོར་བའོ། །དང་པོ་ལ་ཉེས་བྱས་ཡིན་མ་ཡིན་གཉིས་འབྱུང་ཞིང༌། གཉིས་པ་ལ་ཉེས་བྱས་ཀྱིས་ཁྱབ་བོ། །གཉིས་པ་སྦོམ་པོའི་རྣམ་གཞག་ལ། སྦོམ་པོ་ངོས་བཟུང་བ་དང༌། སོ་སོའི་མཚན་ཉིད་དང༌། མཚན་གཞི་དཔེར་བརྗོད་པའོ། །དང་པོ་ནི། སྤྱིར་སྦོམ་པོ་ལ་གཉིས་ཏེ། སྦོམ་པོའི་མིང་མ་བཏགས་ཀྱང༌། རང་བཞིན་གྱིས་ཉེས་པ་ཆེ་ཞིང་སྦོམ་པའི་དོན་གྱིས་ཉེས་པ་སྦོམ་པོར་བཞག་པ་དང༌། དེ་ལས་ཅུང་ཟད་དམན་པ་སྦོམ་པོ་ཞེས་པའི་མིང་གང་ལ་དངོས་མིང་དུ་འཇུག་པའི་གཞི་ལ་སྦོམ་པོར་བཞག་པ་དང༌། སྦོམ་པོ་ཞེས་པའི་སྒྲ་བཤད་འཇུག་གཉིས་ཀ་མེད་ཀྱང་དེ་ལ་སྦོམ་པོར་བཏགས་པ་རྣམས་སོ། །དང་པོ་ནི། ཕམ་ལྷག་གཉིས་ཡིན་ཀྱང་དེ་ལ་སྦོམ་པོའི་མིང་གིས་མ་བཏགས་སོ། །གཉིས་པ་ནི། དམན་པ་སྦོམ་པོ་ཡིན་ལ། དེ་ལ་སྦོམ་པོའི་མིང་གིས་བཏགས་ཤིང༌། འདིར་འཆད་པ་སྐབས་སུ་བབ་པ་ནི་དམན་པ་སྦོམ་པོ་དེ་ཉིད་དོ། །གསུམ་པ་ནི་ལྟུང་བྱེད་ལ་སོགས་པ་གསུམ་ལན་མང་དུ་བྱུང་བའོ། །དེ་སྐད་དུ་ཡང༌། ལུང་ལས་རྣམ་པ་གཉིས་ཀྱི་ཕྱིར་ཉེས་པ་སྦོམ་པོ་ཞེས་བྱ་སྟེ། རང་བཞིན་གྱིས་ཉེས་པ་སྦོམ་པས་ན་ཉེས་པ་སྦོམ་པོ་སྟེ་དེ་ནི་ཉེས་པ་སྦོམ་པོ་ཞེས་བྱའོ། །ཉེས་པ་སྦོམ་པོ་མེད་པའི་ཉེས་པ་སྦོམ་པོ་གང་ཞེ་ན། ཉེས་པའི་རིགས་ལྷག་མ་གསུམ་པོ་སྟེ། ལྟུང་བ་དང༌། སླར་འཆགས་པ་དང༌། ཉེས་བྱས་ཏེ། འདི་ནི་ཉེས་པ་སྦོམ་པོ་མེད་པའི་ཉེས་པ་སྦོམ་པའོ། །ཞེས་གསུངས་སོ། །འདིར་སྐབས་སུ་བབ་པ་དམན་པ་སྦོམ་པོ་དེ་ཉིད་འཆད་པ་ལ། སྦོམ་པོ་ནི་གཉིས་ཏེ། མིང་དུ་ཆགས་པའི་སྦོམ་པོ་དང༌། ཡོན་ཏན་གྱི་སྒྲའི་སྦོམ་པོའོ། །དེ་སྐད་དུ་ཡང་འོད་ལྡན་ལས། ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་འདི་ནི་རྣམ་པ་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང༌། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི། ཉེས་པ་ཆུང་ངུ་ཞེས་བྱའོ། །ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོ་ཞེས་བྱའོ། །ཞེས་གསུངས་སོ། །གཉིས་པོའི་ཁྱད་པར་བོད་ཀྱི་སྔ་རབས་པ་དག་ན་རེ། དང་པོ་ནི། སྦོམ་པོ་མཚན་ཉིད་པ་དང༌། གཉིས་པ་ནི་སྦོམ་པོ་བཏགས་པ་པ་ཡིན་ནོ། །དེ་ཡང་སྔ་མ་ནི་རྟེན་དགེ་སློང་ཕ་མ་དང༌། སྡེ་ཚན་ཕམ་ལྷག་ཁོ་ན་དང༌། གནས་སྐབས་སྦྱོར་དངོས་གཉིས་དང༌། གདགས་གཞི་གཅིག་ཁོ་ན་དང༌། ཕྱིར་བཅོས་ཀྱང་སྦོམ་པོའི་མིང་གིས་བྱེད་པའོ། །ཕྱི་མ་ནི་རྟེན་རབ་ཏུ་བྱུང་བ་ཐམས་ཅད་དང༌། སྡེ་ཚན་ལྟུང་བ་རིགས་ལྔ་པོ་ཐམས་ཅད་དང༌། གནས་སྐབས་སྦྱོར་བའི་སྦྱོར་བ་སོགས་དང༌། གདགས་གཞི་དུ་མ་ཚོགས་པ་དང༌། ཕྱིར་བཅོས་ཀྱང་སྦོམ་པོའི་མིང་གིས་མི་བྱེད་པར་གང་བཏགས་པའི་གདགས་གཞི་དེ་ཉིད་ཀྱི་མིང་གིས་བྱེད་པའོ་ཞེས་གསུངས་སོ། །འདི་ལ་བུ་སྟོན་རིན་པོ་ཆེ། སྦོམ་པོ་གཉིས་པོའི་ཁྱད་པར་བོད་རྣམས་ཀྱིས་སྦྱར་བ་དེ་ལ་བརྟག་དཔྱད་བྱ་དགོས་སོ། །ཞེས་གསུངས། དེ་ལ་དཔགས་ནས་བླ་མ་རེད་མདའ་པ་ན་རེ། དང་པོ་སྦོམ་པོ་མཚན་ཉིད་པ་ཡིན་ལ། གཉིས་པ་ཡོན་ཏན་གྱི་སྒྲའི་སྦོམ་པོ་ནི། ཡིད་ཀྱི་ཉེས་བྱས་མང་པོ་ལ་སྦོམ་པོར་མིང་བཏགས་པ་ཡིན་པས་བསྡམ་བྱ་ཙམ་ཡིན་གྱི། གཤེགས་བྱ་མ་ཡིན་ནོ། །དེ་ཇི་ལྟར་ཤེས་ཤེ་ན། ལུང་ལས། དགེ་སློང་མས་གཞན་གྱི་མངལ་མེད་པར་བྱས་པ་ཡིད་ཀྱིས་དང་དུ་བླངས་པ་དང༌། དགེ་སློང་ཡོ་བྱད་མང་པོ་ཅན་ཞིག་ན་བ་ན། ནད་གཡོག་གིས་འདི་ཤི་ན་དགེ་འདུན་ལ་ནོར་རྫས་མང་པོ་འོང་ངོ་སྙམ་དུ་བསམས་ནས་རིམ་གྲོ་མ་བྱས་པ་དག སྦོམ་པོར་གསུངས་པའི་ཕྱིར། དེས་ན་སྔ་རབས་པ་དག་གིས་ཡོན་ཏན་གྱི་སྒྲའི་སྦོམ་པོ་ངོས་མ་ཟིན་ཞེས་གསུངས། དེ་ནི་ཤིན་ཏུ་མི་རིགས་ཏེ། ཡིད་འབའ་ཞིག་གི་ཉེས་པ་ལ་སྦོམ་པོར་འཆད་པ་འདུལ་བའི་གཞུང་འགྲེལ་གྱི་ལུགས་མ་ཡིན་པའི་ཕྱིར་དང༌། དྲངས་མ་ཐག་པའི་ལུང་གི་དོན་ཡང་དེ་དང་དེའི་ལུས་ངག་གི་བྱ་བ་ལ་འཆད་དགོས་པ་ཡིན་གྱི། ཡིད་འབའ་ཞིག་པའི་ཉེས་པ་ལ་ལྟུང་བ་སྦོམ་པོར་འཆད་པའི་སྐབས་མེད་དེ། ལུང་གཏམ་གྱི་གཞི་ལས། སེམས་ལས་བྱུང་བ་འབའ་ཞིག་གི་ལྟུང་བ་མེད་དོ་ཞེས་གསུངས་པས་སོ། །བོད་སྔ་རབས་པའི་ལུགས་དེ་ཡང་འཐད་པ་མ་ཡིན་ཏེ། རབ་ཏུ་བྱུང་བ་སྡེ་ལྔ་པོ་ཐམས་ཅད་དང་ལྟུང་བ་རིགས་ལྔ་པོ་ཐམས་ཅད་ལ་སྦོམ་པོའི་བཤད་པ་གཞུང་འགྲེལ་ན་མེད་པའི་ཕྱིར་དང༌། སྦྱོར་བའི་སྦྱོར་བ་ལ་ཉེས་བྱས་ཁོ་ནར་བཤད་ཀྱི་སྦོམ་པོར་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། མེད་བཞིན་དུ་བློས་བཏགས་ནས་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ནས་རང་གི་འདོད་པ་བཤད་པ་ནི་འདི་ཡིན་ཏེ། ལུང་ལས་གསུངས་ཚུལ་དང༌། ཤཱཀྱ་འོད་ཀྱིས་ཕྱེ་ཚུལ་ལོ། །དང་པོ་ནི། ལུང་མ་མོ་ལས། ཉེས་པ་སྦོམ་པོ་གང་ཞེ་ན། ཕས་ཕམ་པ་དང༌། དགེ་འདུན་ལྷག་མའོ། །ཉེས་པ་སྦོམ་པོ་མེད་པའི་ཉེས་པ་སྦོམ་པོ་གང་ཞེ་ན། ཉེས་པའི་རིགས་ལྷག་མ་གསུམ་མོ་ཞེས་གསུངས་སོ། །གཉིས་པ་ནི། ལུང་ལས་བཤད་པའི་ཉེས་པ་སྦོམ་པོ་མཚན་ཉིད་པ་དེ་ལ། མིང་དུ་ཆགས་པའི་སྒྲའི་སྦོམ་པོ་ཡོན་ཏན་གྱི་སྒྲའི་སྦོམ་པོའོ། །དང་པོ་ནི། སྦོམ་པོའི་མིང་གིས་བཏགས་ཤིང་གཞུང་འགྲེལ་ལས་སྦོམ་པོ་མཚན་ཉིད་པར་བཤད་པ་རྣམས་སོ། །གཉིས་པ་ནི། དོན་ལ་སྦོམ་པོའི་ཡོན་ཏན་དང་ལྡན་ཤིང་དེའི་སྒྲ་བཤད་དུ་ཡོད་ཀྱང༌། སྦོམ་པོའི་མིང་གིས་མ་བཏགས་ཤིང༌། གཞུང་འགྲེལ་ལས་སྦོམ་པོར་མ་བཤད་པ་རྣམས་ཏེ། ཕམ་ལྷག་གི་དངོས་གཞི་རྣམས་སོ། །དེ་སྐད་དུ་ཡང་འོད་ལྡན་ལས། དེ་ལྟར་བྱས་ན་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང༌། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུ་ཞེས་བྱ་བ་ཡིན་ཏེ། ཡོན་ཏན་གྱི་སྒྲ་ནི་ཉེས་པ་མང་པོ་ཞེས་བྱའོ་ཞེས་གསུངས་ལ། ཉེས་པ་མང་བ་དང༌། ཉེས་པ་སྦོམ་པོ་ཡང་དོན་གཅིག་ལ་འདུ་བ་ཡིན་ནོ། །དེ་ལྟར་སྤྱིར་བཤད་ནས་གཉིས་པ་མཚན་ཉིད་དང༌། མཚན་གཞི་ལ་གཉིས་ཏེ། སྐྱེས་བུ་དམ་པ་རྣམས་ཀྱི་བཞེད་པ་འགོད་པ་དང༌། རང་གི་འདོད་པ་བསམ་པའོ། །དང་པོ་ནི། རྒྱ་འདུལ་བ་འཛིན་པ་ཆེན་པོའི་ཞལ་ནས། སྦོམ་པོ་མཚན་ཉིད་པ་ནི་གཉིས་ཏེ། སྦྱོར་བའི་སྦོམ་པོ་དང༌། དངོས་གཞིའི་སྦོམ་པོའོ་ཞེས་གསུངས། འདུལ་བ་འཛིན་པ་ཆེན་པོ་ཤ་མི་ནི། སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་རྣམ་པའི་དང༌། དངོས་གཞིའི་རྣམ་པའི་སྦོམ་པོ་གསུམ་མོ། །དང་པོ་ནི། དངོས་གཞི་སྐྱེད་ངེས་ཀྱི་སྦྱོར་སྦོམ་རྣམས་སོ། །གཉིས་པ་ནི། སྦྱོར་སྦོམ་དེ་དང་ཚད་མཉམ་ཞིང་རང་གི་དངོས་གཞི་བསྐྱེད་པར་མ་ངེས་པ། འདུན་པ་ལོག་པའི་གནས་སྐབས་ཀྱི་སྦོམ་པོ་ལྟ་བུའོ། །གསུམ་པ་ནི་སྦྱོར་སྦོམ་དང་ཚད་མཉམ་ཞིང་རང་གི་ངོ་བོ་སྦྱོར་ལྟུང་གི་རིགས་སུ་མི་གནས་པ་མཐར་ཐུག་གི་ལྟུང་བའི་རིགས་སུ་གནས་པ་སྟེ། རྨ་ཉམས་པར་ཉམས་སུ་མྱོང་བ་ལྟ་བུའོ་ཞེས་གསུངས། བྱ་འདུལ་བ་འཛིན་པ་ཆེན་པོ་ནི། གསུམ་པོ་དེའི་སྟེང་དུ་དངོས་གཞིའི་སྦོམ་པོ་བསྣན་ནས་བཞིར་མཛད་དོ། །གསུམ་པའི་ངོས་འཛིན་སྔ་མ་དང་འདྲ་ཞིང༌། དངོས་གཞིའི་སྦོམ་པོ་ནི་ཕམ་ལྷག་གང་རུང་གི་རྒྱུ་ཚོགས་ཅི་རིགས་པ་ཚང་ཞིང༌། འགའ་ཞིག་མ་ཚང་བ་ལ་མཐར་ཐུག་པའོ། །ཞེས་གསུངས་སོ། །བླ་མ་རེད་མདའ་པ་ནི་དངོས་གཞིའི་སྦོམ་པོ་བྱ་བ་མི་འཐད་དེ། ཕམ་ལྷག་གང་རུང་གི་དངོས་གཞི་ཡིན་ན་སྦོམ་པོར་འགལ་བའི་ཕྱིར་ཞེས་གསུངས། སློབ་དཔོན་དམར་སྟོན་པའི་གསུང་གིས་སྦོམ་པོ་མཚན་ཉིད་པ་ནི་གཉིས་ཏེ། སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་རྣམ་པའི་སྦོམ་པོའོ། །དང་པོ་ནི། ཕམ་ལྷག་གི་སྦྱོར་སྦོམ་མཚན་ཉིད་པ་རྣམས་སོ། །བོད་སྔ་མས་འདོད་པའི་སྦྱོར་བའི་རྣམ་སྦོམ་གྱི་མཚན་གཞི་དེ་དག་ཀྱང་སྦྱོར་སྦོམ་མཚན་ཉིད་པ་ཡིན་ནོ། །གཉིས་པ་སྦྱོར་བའི་རྣམ་སྦོམ་ནི་བོད་སྔ་མ་དངོས་གཞི་དང༌། དངོས་གཞི་རྣམ་སྦོམ་གྱི་མཚན་ཉིད་བཤད་པ་དེ་རྣམས་སོ་ཞེས་གསུང་ངོ༌། །གཉིས་པ་རང་གི་འདོད་པ་བཞག་པ་ནི། འདིར་འཆད་པའི་སྦོམ་པོ་ཡིན་ན་ཕམ་ལྷག་གང་རུང་གི་སྡེ་ཚན་དུ་གཏོགས་པས་ཁྱབ་ཅིང༌། དེའི་དངོས་གཞི་ཡིན་པ་འགལ་བ་གཞིར་བྱས་ནས་འཆད་པ་ལ། སྦོམ་པོའི་མིང་གི་ཕྱིར་བཅོས་བྱས་ན་དག་ཏུ་རུང་བའི་ལྟུང་བ་དེ། འདིར་བསྟན་སྦོམ་པོའི་མཚན་ཉིད། དེ་ལྟ་བུའི་དམན་པ་སྦོམ་པོ་དེ་ལ་གཉིས་ཏེ། ཕམ་ལྷག་གང་རུང་གི་སྦྱོར་བར་གྱུར་པའི་སྦོམ་པོ་དང༌། དེའི་སྡེ་ཚན་དུ་གཏོགས་ཀྱང་དེའི་སྦྱོར་བ་མ་ཡིན་པའི་སྦོམ་པོའོ། །དང་པོའི་མཚན་ཉིད། ཕམ་ལྷག་གང་རུང་གི་རྒྱུའི་ཀུན་སློང་གིས་ཀུན་ནས་སླང་བའི་སྦོམ་པོ་གང་ཞིག མཐར་ཐུག་གི་ལྟུང་བའི་རིགས་སུ་མི་གནས་པའོ། །མཚན་གཞི། མཐར་ཐུག་ལ་ཕམ་ལྷག་དངོས་གཞི་སྐྱེད་དམ་མི་སྐྱེད་ཀྱང་རུང༌། སྦྱོར་བའི་གནས་སྐབས་ཀྱི་སྦོམ་པོར་བཤད་པ་མཐའ་དག་གོ །གཉིས་པའི་མཚན་ཉིད། སྦོམ་པོ་ཅིའི་མཚན་ཉིད་གཞིར་བྱས་པ་ལ་ཕམ་ལྷག་གང་རུང་གི་སྦྱོར་སྦོམ་མ་ཡིན་པའོ། །དེ་ལ་དབྱེ་ན། ཕམ་ལྷག་གང་རུང་གི་དངོས་གཞིའི་རྣམ་པའི་སྦོམ་པོ་དང༌། དེའི་སྦྱོར་བའི་རྣམ་པའི་སྦོམ་པོའོ། །དང་པོའི་མཚན་ཉིད་ནི། ཕམ་ལྷག་གང་རུང་གི་རྒྱུའི་ཀུན་སློང་གིས་ཀུན་ནས་སླངས་ཤིང༌། རང་གི་ངོ་བོ་ཕམ་ལྷག་གང་རུང་གི་དངོས་གཞིའི་ལྟུང་བ་མ་ཡིན་ཡང༌། མཐར་ཐུག་གི་ལྟུང་བའི་རིགས་སུ་གྲུབ་པའོ། །མཚན་གཞི་ནི། མ་བྱིན་ལེན་གྱི་ཡན་ལག་གཞན་རྣམས་ཚང་བ་ལ། མཐར་ཐུག་གི་དུས་སུ་རིན་ཐང་མ་ཚང་བ་ཐོབ་པ་ལྟ་བུ་དང༌། ལ་བ་དང་ཕྱིང་པའི་བར་དུ་འབྱིན་པ་ལྟ་བུའོ། །ཡང་ན་ཊཱི་ཀ་ལས་དངོས་གཞི་ལ་དོན་གཙོ་བོར་བཤད་པ་ལྟར་ན། སྲོག་གཅོད་ཕམ་པའི་ཀུན་སློང་གིས་མི་མིན་ལ། མིར་འདུ་ཤེས་པའི་སྒོ་ནས་མི་མ་ཡིན་བསད་པའི་སྦོམ་པོ་དང༌། མ་དང་མངལ་ན་གནས་པ་གཉིས་ལས་མ་བསམ་པ་ཤོས་ཤི་བའི་སྦོམ་པོ་ལྟ་བུའོ། །འདི་སྦྱོར་སྦོམ་དུ་མི་འཐད་དེ། མཐར་ཐུག་གི་ལྟུང་བ་ཡིན་པའི་ཕྱིར། སྦྱོར་བའི་རྣམ་སྦོམ་དུ་ཡང་མི་འཐད་དོ། །འདི་ལ་སྦྱོར་བའི་རྣམ་པའམ་འདྲ་ཆོས་གང་ཡང་མ་ཚང་བའི་ཕྱིར། བཤད་མ་ཐག་གི་མཐར་ཐུག་གི་རིགས་སུ་གནས་མི་གནས་ཀྱི་དོན་ནི་ཉེས་པ་རང་རང་གི་རྒྱུའི་ཀུན་སློང་ལ་ལྟོས་ཏེ་ལུས་ངག་གི་བྱ་བ་འཕྲོ་ཅན་དུ་ལུས་པ་དང་མ་ལུས་པའོ། །གཉིས་པའི་མཚན་ཉིད། ཕམ་ལྷག་གང་རུང་གི་ཀུན་ནས་མ་བླངས་ཤིང༌། ལྟུང་བ་རང་གི་ངོ་བོ་ཕམ་ལྷག་གི་སྦྱོར་ལྟུང་སྦོམ་པོ་དང་ཚད་མཉམ་ཞིང་རིགས་འདྲ་བའོ། །མཚན་གཞི་ནི། ཇི་སྐད་དུ། མིའི་འགྲོ་བ་པ་ཡི་ལག་པ་གཅོད་ན་སྦོམ་པོའོ་ཞེས་སོགས་དང༌། བསྟེན་པར་བྱ་བར་བྱ་བ་དང༌། བསྟེན་པར་བྱེད་པ་ལུས་ལས་ཐ་དད་པ་བྱས་པ་གཉིས་ཀྱིའོ། །ཞེས་སོགས་ཀྱིས་བསྟན་པའི་སྦོམ་པོ་རྣམས་སོ། །གནས་སྐབས་འདི་ལའང་མཐར་ཐུག་མ་ཐུག་གཉིས་ཡོད་མོད། མཐར་མ་ཐུག་པའི་གནས་སྐབས་སུ་སྦོམ་པོར་འགྱུར་བ་མི་སྲིད་དེ་དེ་སྐབས་ཀྱི་མཐར་ཐུག་ལ་སྦོམ་པོ་ལས་ལྷག་པ་མེད་པའི་ཕྱིར། དེ་ལྟར་བཤད་པ་ན་ཉེས་པ་སྦོམ་པོ་ནི་གསུམ་སྟེ། ཕམ་ལྷག་གང་རུང་གི་སྦྱོར་བའི་སྦོམ་པོ་དང༌། དེའི་སྦྱོར་བ་མ་ཡིན་ཡང༌། དེའི་སྦྱོར་བ་དང་ཆ་འདྲ་བ་སྦྱོར་བའི་རྣམ་པའི་སྦོམ་པོ་དང༌། ཕམ་ལྷག་གང་རུང་གི་དངོས་གཞི་མ་ཡིན་ཡང༌། དེ་དང་ཆ་འདྲ་བ་དངོས་གཞིའི་རྣམ་པའི་སྦོམ་པོ་རྣམས་སོ། །དེ་ཡང་སྦྱོར་སྦོམ་དང་དངོས་གཞིའི་རྣམ་སྦོམ་གང་རུང་ཡིན་ན། རྒྱུ་དུས་ཀྱི་ཀུན་སློང་ཕམ་ལྷག་གང་རུང་དང་མཚུངས་པས་ཁྱབ། སྦྱོར་བའི་རྣམ་སྦོམ་ཡིན་ན་དེ་དང་ཀུན་སློང་མི་མཚུངས་པས་ཁྱབ་པར་ངེས་སོ། །བྱ་འདུལ་དང་བུ་སྟོན་རིན་པོ་ཆེ་དངོས་གཞིའི་སྦོམ་པོ་དང་བཞིར་བཞེད་ཀྱང༌། མཚན་གཞི་འཛིན་རྒྱུ་གསལ་པོ་མ་རྙེད་ཅིང༌། དངོས་གཞིའི་རྣམ་སྦོམ་གྱི་མཚན་གཞི་ཕྱིན་ཅི་ལོག་ཏུ་སོང་བས་ཤིན་ཏུ་ནོངས་པའི་ཕྱིར། ཇི་ལྟར་ཞེ་ན། དེ་ལྟུང་བ་རྣམ་བཞག་གི་ཀུན་སློང་གྱིས་ཀུན་ནས་མ་སླང་བར་ཁྱེད་ཀྱིས་བཤད་པས། མིའི་འགྲོ་བ་པའི་ལག་པ་གཅོད་པའི་སྦོམ་པོ་སོགས་ཐམས་ཅད་དངོས་གཞིའི་རྣམ་པའི་སྦོམ་པོར་ཐལ་བ་ལས་དེ་ཡང་ཁྱེད་ཀྱིས་མི་བཞེད་པར། སྦྱོར་སྦོམ་གྱི་ཁོངས་སུ་གཏོགས་སོ་ཞེས་བཞེད་པའི་ཕྱིར་རོ། །ཡང་ན་འདི་ལྟར་ཡང་བཤད་དུ་རུང་སྟེ། སྦོམ་པོ་ནི་གཉིས་ཏེ། སྦྱོར་བར་གྱུར་པའི་དང༌། མཐར་ཐུག་པར་གྱུར་པའོ། །དང་པོ་ནི། ཕམ་ལྷག་གང་རུང་གི་སྦྱོར་བར་ངེས་སོ། །གཉིས་པ་ལ་ཕམ་ལྷག་གང་རུང་གི་ཀུན་སློང་གིས་ཀུན་ནས་སླང་བ་དང་མ་སླང་བའོ། །དང་པོ་ནི། དངོས་གཞིའི་རྣམ་པ་སྟེ། ཇི་སྐད་དུ། གཞན་གྱི་དོན་ཉིད་ན་དངོས་གཞིའི་རྣམ་པའོ། །ཞེས་དང༌། སྦོམ་པོའི་དབང་དུ་བྱས་པ་ནི། གང་གིས་གང་ལེན་པ་ཞེས་པའི་གཞུང་གིས་སྟོན་ནོ། །གཉིས་པ་ནི། མཐར་ཐུག་དང་སྦོམ་པོའི་གཞི་མཐུན་ཏེ། མིའི་འགྲོ་བ་པའི་ལག་པ་གཅད་པའི་སྦོམ་པོ་ལྟ་བུའོ། །འདི་མཐར་ཐུག་གི་ལྟུང་བ་ཡིན་པ་ལ་མི་འཆམ་པ་མེད་ཀྱང༌། དངོས་གཞི་ཡིན་མ་ཡིན་དཔྱད་དགོས་ལ། དེ་འདྲ་དེ་དངོས་གཞི་ཡིན་པར་གྲུབ་ན་སྦོམ་པོའི་དབྱེ་བ་ནི། སྦྱོར་བའི་དང༌། དངོས་གཞིའི་དང༌། དངོས་གཞིའི་རྣམ་པའི་སྦོམ་པོ་ཞེས་བྱའོ། །དེ་ལྟར་བཤད་ན་སྦྱོར་བའི་རྣམ་སྦོམ་ལོགས་སུ་བགྲང་རྒྱུ་མི་ཡོང་བས། དེའི་ཚེ་ཡང་སྦོམ་པོའི་དབྱེ་བ་གསུམ་ཁོ་ནའོ། །གསུམ་པ་མཐར་ཐུག་དབྱེ་བ་རྒྱས་པར་བཤད་པ་ནི། དེ་བྱས་ནས་རྐུ་བ་ལ་ནི་ཁུར་བརྐུས་ནའོ། །ཞེས་སོགས་སོ། །སྐབས་དེར་སྤྱིངས་པ་ལ་ནི་ཞེས་སྨྲས་པ་ལ། ཁོ་ན་རེ། དེ་མི་འཐད་དེ་སྤྱིངས་པ་དེ་ཕྱིས་དབྱུང་ངོ་སྙམ་པའི་བློ་ཡོད་ན་དེ་དབྱུང་བ་དེའི་ཚེ་བརྐུས་པར་འཇོག་པའི་ཕྱིར་ཞེ་ན། ནོར་ས་འོག་ཏུ་སྤྱིངས་པ་དེ་ཕྱིས་འབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་དེ་ནི་ཆོས་ཅན། གསར་དུ་རྐུ་བའི་བློ་མ་ཡིན་ཏེ། བརྐུས་ཟིན་གཞན་དུ་བཀུར་བའི་བློ་ཡིན་པའི་ཕྱིར། ཡང་ཁྱད་པར་ཅན་ཆུ་གཏོང་འགོག་གིས་རྐུ་བའི་མཐར་ཐུག་གྲུབ་པའི་ཚད་ནི། ཡུལ་གྱི་ཁྱད་པར་གཞན་གྱི་ཞིང་ལས་ཀྱི་མཐའ་དག་ལ་བྱ་བའི་ཁྱད་པར་ཆུ་གཏོང་བའམ། འགོག་པ་བྱས་པའི་སྒོ་ནས་རྐུ་བ་མཐར་ཐུག་གྲུབ་པ་ལ་ནི་ཆོས་ཅན། དགོས་པའི་ཁྱད་པར་རང་གི་ལོ་ཐོག་འཕེལ་བ་དེའི་ཆེད་དུ། ཀུན་སློང་གི་ཁྱད་པར་དེར་འདུན་པས། འབྲུའི་ཁྱད་པར་རང་གི་ཞིང་ལས་ཀྱི་མཐའ་གྲུབ་ཅིང༌། གཞན་གྱི་ཞིང་ལས་ཀྱི་མཐའ་སྔར་ལས་གཞན་དུ་གྱུར་པ་གཅིག་དགོས་ཏེ། དེ་ཁྱོད་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པའི་ཕྱིར། འོ་ན་གཞན་གྱི་ལོ་ཐོག་འབྱུང་ཚོད་དེ་འགྲིབ་ཀྱང་རང་གི་འབྱུང་ཚོད་དེ་ལས་མ་འཕེལ་ན་ཇི་ལྟར་བྱ་ཞེ་ན། རང་གི་ཞིང་ལ་སྔར་འབྱུང་ཚོད་སྐྱེད་མ་གཏོགས་པས་ཏེ། དེ་རྩི་བར་མི་བྱའོ། །འོ་ན་གང་ཞིག་བརྩི་ཞེ་ན། གཞན་གྱི་ལོ་ཐོག་སྔར་ལས་འགྲིབ་པའི་ཆ་དང༌། རང་གི་ལོ་ཐོག་འཕེལ་བའི་ཆ་གང་མཚུངས་པ་དེ་ཙམ་ཞིག་བརྩི་དགོས་པ་ཡིན་ཏེ། གཞན་གྱི་ལོ་ཐོག་ལ་ཁལ་གསུམ་འགྲིབས། རང་གི་དེ་ལ་ཁལ་གཅིག་ལྷག་ན་ཁལ་གཅིག་པོ་དེ་ཉིད་ཀྱི་རིན་ཐང་རྩི་བ་དང༌། གཞན་ལ་ཇི་ཙམ་འགྲིབས་ཀྱང་རང་གི་དེ་མ་འཕེལ་ན། རིན་ཐང་བརྩི་རྒྱུ་མེད་པ་བཞིན་ནོ། །གཉིས་པ་ལྟུང་མེད་ནི། རྐུ་སེམས་མེད་པ་ལ་སོགས་སོ། །བསླབ་བྱ་ནི། གང་གིས་བསླངས་པ་ཞེས་སོགས་སོ། །སྐབས་འདིར་ཤོ་གམ་གྱི་མཚན་ཉིད་ནི། བཙོང་བར་བྱ་བའི་རྫས་ཁོ་ན་ལ་ཤོ་གམ་འཇལ་དགོས་པ་ཡིན་ཏེ། ཇི་སྐད་དུ་བྱེ་བཤད་ལས། མཆོད་རྟེན་གྱི་དཀོར་ལ་ནི་ཤོ་གམ་སྦྱིན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་བྱ་བའི་རྒྱུར་མི་འགྱུར་བའོ། །ཞེས་གསུངས་སོ། །དེས་མཚོན་ནས་དགེ་སློང་གི་འཚོ་བའི་ཡོ་བྱད་དང༌། ལམ་རྒྱགས་དང༌། ཕ་མ་དང༌། དཀོན་མཆོག་གི་དངོས་པོ་ལ་ཤོ་གམ་འཇལ་མི་དགོས་པར་གསུངས་ཞིང༌། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ཀྱང༌། བག་མ་གཏོང་ལེན་དང༌། མཆོད་སྦྱིན་དང༌། ལྟས་མཁན་དང༌། ལྷ་ལ་མཆོད་པ་འབུལ་བ་དང༌། གཙུག་ཕུད་འདྲེག་པ་དང༌། དུས་སྟོན་དང༌། གཙུག་ལག་ཁང་བརྩིག་པའི་རྫས་སོགས་ལ་ཤོ་གམ་འཇལ་མི་དགོས་པར་བཤད་དོ། །དེ་ཡང་སྐྱེ་རྒུ་རྣམས་ཆོས་བཞིན་དུ་བསྲུང་སྐྱབས་བྱེད་པའི་རྒྱལ་པོ་ལ་བསྲུང་གླར་ཤོ་གམ་གཞལ་དགོས་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་རྒུ་ཉོན་མོངས་བསྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་བཞལ། །གལ་ཏེ་དེ་ཡང་བསྲུང་བ་ཡིས། །ཉོ་ན་གླ་ནི་བུ་ལོན་ཡིན། །ཞེས་གསུངས་སོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནི། ཡོངས་སུ་བཟུང་བ་སོགས་སོ། །གསུམ་པ་གཞུང་དམ་པའི་སྐབས་ལ། ཞུ་བས་དོགས་པ་བཅད་པ་དང༌། འདུལ་བྱེད་ཀྱིས་ཞིབ་མོར་གཏན་ལ་ཕབ་པའོ། །དང་པོ་ལ། དངོས་པོའི་སྐབས། བདག་པོའི་སྐབས། རྗེས་སུ་བསྒྲུབ་པའི་སྐབས། མཐར་ཐུག་གི་སྐབས་སོ། །དང་པོ་ནི། འོ་ན་རྣམ་འབྱེད་དུ་མཱ་ཥ་ཀ་ལྔ་ལ་སོགས་པའོ་ཞེས་བཤད་ན། མ་ཤ་ཀའི་ཚད་ཇི་ལྟ་བུ་ཞེ་ན། དེའི་ལན་ལ་གཉིས་ཏེ། མ་ཤ་ཀའི་ཚད་ངོས་བཟུང༌། ལྔའི་ངེས་གཟུང་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། གསེར་རམ་དངུལ་ལས་བྱས་པའི་མ་ཤ་ཀ་ཆོས་ཅན། ཁྱོད་ཀྱི་ཚད་བཟུང་དུ་ཡོད་དེ། འཇིག་རྟེན་པ་རྣམས་ཀ་ཀ་ནི་ཞེས་པ་འགྲོན་བུ་ཉི་ཤུའི་རིན་ཐང་གི་ཚད་ལ་ཁྱོད་གཅིག་གི་ཚད་དུ་འཇོག་པའི་ཕྱིར། གཉིས་པ་ནི། ལུང་རྣམ་འབྱེད་དུ་མ་ཤ་ཀ་ལྔ་ཉིད་རིན་ཐང་གི་ཚད་དུ་བཞག་པ་ནི་ཆོས་ཅན། རིན་ཐང་གི་ཚད་དེ་ཁོ་ནར་ངེས་པའི་རྒྱུ་མཚན་གྱིས་བཤད་པ་མ་ཡིན་ཏེ། ཀར་ཤ་པ་ཎི་བཞི་ཆའི་དཔེའམ་མཚོན་བྱེད་ཙམ་ཡིན་པའི་ཕྱིར། དེ་དེའི་མཚོན་བྱེད་དུ་འཇོག་པའི་རྒྱུ་མཚན་ཅི་ཡིན་ཅེ་ན། དེ་དེར་འཇོག་པའི་རྒྱུ་མཚན་ཡོད་དེ། སྟོན་པས་མ་བྱིན་ལེན་གྱི་ཕམ་པའི་བཅས་པ་མཛད་པའི་གནས་དང༌། དུས་ཀ་ན་ཀར་ཤ་པ་ན་དེའི་རིན་ཐང་གི་ཚད་ཉིད། མ་ཤ་ཀ་ཉི་ཤུ་ཡིན་པ་དེ་ལ་བརྟེན་པའི་ཕྱིར། འོ་ན་དུས་ཐམས་ཅད་དུ་མ་ཤ་ཀ་ལྔ་ཉིད་རིན་ཐང་གི་ཚད་དུ་འཇོག་གམ་ཞེ་ན། དེར་མི་འཇོག་སྟེ། རྐུ་བའི་གནས་དང་དུས་ཀྱི་ཀར་ཤ་པ་ན་དེའི་བརྩི་བ་རྣམ་པར་གཞག་དགོས་པའི་ཕྱིར། གཉིས་པ་བདག་པོའི་སྐབས་ནི། བྱང་གི་སྒྲ་མི་སྙན་སོགས་སོ། །རྗེས་སུ་བསྒྲུབ་པའི་སྐབས་ནི། བརྙན་པ་ངེས་པར་བྱིན་པ་སོགས་སོ། །བཞི་པ་མཐར་ཐུག་གི་སྐབས་ནི། དེ་ལ་གྲུབ་པ་ན་ཞེས་སོགས་སོ། །སྐབས་འདིར་བསྙོན་པ་ནི་སྦྱོར་བའོ་ཞེས་དང༌། བརྣོགས་ན་བརྐུས་པ་ཡིན་ནོ། །ཞེས་པ་ལ་འཕྲོས་ནས། འོ་ན་གཉིས་ལ་ཁྱབ་པ་ཡོད་དམ་ཞེ་ན། བཏམས་པ་ཞེས་བྱ་བ་ནི། རྒྱས་བཏབ་སྟེ་བཅོལ་བ་ལ་ཟེར་བ་ཡིན་ལ། བརྣོགས་པ་ཞེས་བྱ་བ་ནི། བདག་པོ་ལ་ཕྱིར་མི་སྟེར་བ་ཐག་བཅད་པའོ། །བཏམས་པ་དེ་ལ་གཉིས་ཏེ། ཞལ་ལྟ་པའི་མངོན་སུམ་དུ་བདག་པོ་ཉིད་ཀྱིས་སྦས་པ་དང༌། བདག་པོས་མི་ཤེས་པ་ཞལ་ལྟ་པས་སྦས་པའོ། །གཉིས་པ་དེའི་དབང་དུ་བྱས་པ་ནི་མདོ་གོང་མ་གཉིས་ཀྱིས་གཏན་ལ་ཕབ་ཟིན་པ་དེ་ཡིན་པས་དེར་ངེས་སོ། །དང་པོའི་དབང་དུ་བྱས་པ་ནི། བདག་པོས་བཏམས་པ་བདག་པོ་ཉིད་ཀྱི་ཞལ་ལྟ་པའི་མངོན་སུམ་དུ་སྦས་པ་ལ་ཆོས་ཅན། བསྙོན་པ་མངོན་དུ་སོང་བའི་བརྣོགས་པ་ཙམ་གྱིས་བརྐུས་པར་མི་བཞག་སྟེ། གནས་གཞན་དུ་སྤོས་པ་དང་ལྷན་ཅིག་ཏུ་བརྣོགས་པ་དང༌། སྤོས་པའི་འོག་ཏུ་བརྣོགས་ན་བརྐུས་པར་འཇོག་པའི་ཕྱིར། གཉིས་ཀ་ལ་ཡང་བསྙོན་པ་སྔོན་དུ་སོང་བ་དགོས་པར་འདྲའོ། །འོ་ན་དེ་ལྟ་བུའམ་བཏམས་པ་སྦས་པ་དེ་ལ་སྔར་ཐག་བཅད་ནས་ཕྱིས་གནས་སུ་སྤོས་ན་ཅིར་འགྱུར་ཞེ་ན། དེ་འདྲ་དེའི་ཚེ་སྔར་ཐག་བཅད་ན་ནི་ཆོས་ཅན། ཉེས་མེད་མ་ཡིན་ཏེ། སྦྱོར་བའི་ལྟུང་བ་ཡིན་པའི་ཕྱིར། འོ་ན་དེ་འདྲ་དེ་སྦྱོར་ལྟུང་སྦོམ་པོ་ཡིན་ནམ་ཞེ་ན། དེ་ཆོས་ཅན། དེ་ཡིན་པའི་ངེས་པ་མེད་དེ། བསྙོན་པ་ལས་གཞན་པའི་ལྟུང་བ་ཡིན་པའི་ཕྱིར། དེའི་གོ་དོན་ནི། དང་པོར་ཐག་བཅད། བར་དུ་བསྙོན། ཐ་མར་གནས་ནས་སྤོས་ན། དང་པོ་སྦྱོར་བའི་སྦྱོར་བ། གཉིས་པ་སྦྱོར་ལྟུང་སྦོམ་པོ། གསུམ་པའི་ཚེ་ན་དངོས་གཞིའོ། །ཡང་དང་པོར་བསྙོན། བར་དུ་ཐག་བཅད། ཐ་མར་སྤོས་ན། ཐག་བཅད་པ་སྦོམ་པོའོ། །ཞེས་བྱ་བ་འདིས་ནི་མ་བྱིན་ལེན་གྱི་དཀའ་བའི་གནས་རྣམས་བཤད་ཟིན་ནོ། །གཉིས་པ་གནོད་པ་ཞེ་སྡང་ལས་གྱུར་པ་སྲོག་གཅོད་ཀྱི་ཕམ་པ་ལ། ལུང་གི་བྱེ་བྲག་གསུམ་ལས་དང་པོ་ལ། བསླབ་བྱ་དང༌། ལྟུང་བ་རྣམ་པར་གཞག་པ་དང༌། བསླབ་བྱ་གཞན་བསྟན་པའོ། །དང་པོ་ནི། ནད་པ་ལ་སོགས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ཅི་ཞིག་བྱས་པས་ཕམ་པ་འདིར་འགྱུར་ཞེ་ན། ལས་སུ་བྱ་བ་སྲོག་གཅད་ན་ཕམ་པར་འགྱུར་རོ་ཞེས་པ་བཤད་པའི་གཞིར་ཞོག ཀུན་སློང་གི་ཁྱད་པར་དེ་ལྟར་བསམ་པས། ཡུལ་གྱི་མིར་གྱུར་པ་ལ། འདུ་ཤེས་ཀྱི་ཁྱད་པར་སྤྱི་དང་བྱེ་བྲག་མ་འཁྲུལ་བར་དེ་ལྟར་དུ་འདུ་ཤེས་པས། བྱེད་པ་པོའི་ཁྱད་པར་འོག་ནས་འཆད་པའི་སྦྱོར་བ་གང་ཡང་རུང་བས་སོ། །ངག་དོན་ནི་བཅས་ལྡན་དགེ་སློང་ཆོས་ཅན། སྲོག་གཅོད་ཀྱི་ཕམ་པ་འབྱུང་བ་ལ་རྒྱུའི་ཡན་ལག་གཅིག་གིས་ཆོག་པ་མ་ཡིན་ཏེ། གཞི་བསམ་པ་སྦྱོར་བའི་ཡན་ལག་རྣམས་ཚང་དགོས་ཡིན་པའི་ཕྱིར། གཉིས་པ་ལ། མཚན་ཉིད་རྒྱས་པར་བཤད་པ་དང༌། སེལ་བ་རྒྱས་པར་བཤད་པའོ། །དང་པོ་ལ་སྦྱོར་བའི་དབྱེ་བ་དང༌། དངོས་གཞིའི་དབྱེ་བ་དང༌། མཐར་ཐུག་གི་མཚན་ཉིད་དོ། །དང་པོ་ནི། བྱེ་བྲག་སོགས་སོ། །གཉིས་པ་ནི་བསད་པར་བྱ་བ་སོགས་སོ། །གསུམ་པ་ནི་གཞི་དེས་སོགས་སོ། །གཉིས་པ་ལ། ཀུན་སློང་གི་སེལ་བ་དང༌། གཞིའི་སེལ་བའོ། །དང་པོ་ནི། འདུན་པ་སོགས་སོ། །གཉིས་པ་ནི་གཞན་དུ་འགྲོ་སོགས་སོ། །གསུམ་པ་བསླབ་བྱ་ལ། ནད་པ་དང་འབྲེལ་བའི་དང༌། དེ་ལ་འཕྲོས་ནས་ལྟུང་བ་རྣམ་བཞག་གཞན་བསྟན་པ་དང༌། ལག་གི་བླ་དང་འབྲེལ་བའི་དང༌། རྐུན་པོ་དང་འབྲེལ་བའི་དང༌། གྲོགས་པོ་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ནི། དྲི་བར་བྱ་བ་སོགས་སོ། །གཉིས་པ་ནི། ཕན་པར་འདོད་པ་སོགས་སོ། །གསུམ་པ་ནི། ཁུར་འདེགས་པ་སོགས་སོ། །བཞི་པ་ནི་རྐུན་པོ་སོགས་སོ། །ལྔ་པ་ནི་དགེ་སློང་སོགས་སོ། །གཉིས་པ་ལུང་ཕྲན་ཚེགས་ཀྱིས་ཁ་བསྐང་བ་ནི། མིའི་འགྲོ་བ་སོགས་སོ། །གསུམ་པ་ལ། ཞུ་བས་དོགས་པ་བཅད་པ་དང༌། འདུལ་བྱེད་ཀྱིས་གཏན་ལ་ཕབ་པའོ། །དང་པོ་ནི། ལྟུང་བ་རྣམ་གཞག་དང༌། བསླབ་བྱ་དང༌། ལྟུང་མེད་གསུམ་གྱིས་འཆད་དོ། །གཉིས་པ་འདུལ་བྱེད་ཀྱང་ལྟུང་བ་རྣམ་གཞག་དང༌། བསླབ་བྱ་གཉིས་ཀྱིས་འཆད་དོ། །ད་ནི་དཀའ་བའི་གནས་དཔྱད་པར་བྱ་སྟེ། འདི་ལ་མདོ་སྔ་ཕྱིའི་དངོས་བསྟན་ལ་དཀའ་གནས་དཔྱད་པ་དང༌། འོད་ལྡན་སོགས་ནས་འབྱུང་བའི་དཀའ་བའི་གནས་བཤད་ནས་དེ་དཔྱད་པའོ། །དང་པོ་ནི། སྐབས་འདིར་དེ་ལྟར་འདུ་ཤེས་པས་སོ་ཞེས་པ་དང༌། སྤྱིར་བསྟན་དུ་འགྲོ་བ་གཞན་གྱི་རྣམ་པ་རྟེན་པ་བསད་པ་ལ་ཡང་ངོ༌། །ཞེས་བཤད་པ་གཉིས་ནི་དཀའ་བའི་གནས་སོ། །ཇི་ལྟར་ཞེ་ན། འདིར་མི་ལ་མིར་ཤེས་ཀྱིས་བསད་པ་དགོས་པར་བཤད་པ་དང༌། འོག་ཏུ་མི་ལ་དུད་འགྲོར་འདུ་ཤེས་ཏེ་བསད་པས་ཀྱང་དངོས་གཞི་ལ་ཕམ་པ་བསྐྱེད་པར་བཤད་པའི་རྒྱུ་མཚན་གྱིས་སོ། །འདིའི་དོན་འབྱེད་པ་ལ་རྒྱ་ཆེར་འགྲེལ་པ་མཁན་པོ་ནི། སྦྱོར་བ་ལ་འདུ་ཤེས་གཙོ་ཆེ་ཞིང་དངོས་གཞི་ལ་དོན་གཙོ་ཆེ་བའི་རྒྱུ་མཚན་གྱིས་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཇི་སྐད་དུ། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ། །ཞེས་དེ་ལ་དེ་གཙོ་བར་དངོས་སུ་གསུངས་ཞིང༌། ནི་ཞེས་པ་དགར་བའི་ཚིག་ཡིན་པས། དངོས་གཞི་ལ་དོན་གཙོ་ཆེ་བར་བཤད་པའི་ཕྱིར་ཞེས་གསུང་ངོ༌། །འདི་ལ་བོད་ཀྱི་སློབ་དཔོན་གཞན་དག་ན་རེ། འགྲེལ་པ་མཁན་པོ་ལ་ནང་འགལ་ཏེ། ཤིང་སྐམ་པོ་བཅད་པར་བྱའོ་སྙམ་པས་མི་བསད་པ་ན་དངོས་གཞི་ལ་ཕམ་པ་འབྱུང་བར་ཐལ། དངོས་གཞི་དོན་གཙོ་ཆེ་བའི་ཕྱིར། འདོད་ན་སྦྱོར་དངོས་གཉིས་ཀ་ལ་ཉེས་མེད་དུ་བཤད་པ་དང་འགལ། ཡང་ཤིང་ལྗོན་པ་བཅད་པར་བྱེད་དོ་སྙམ་དུ་འདུ་ཤེས་ཏེ། མི་བསད་པ་ན། སྦྱོར་བ་ལ་ཉེས་བྱས་དང༌། དངོས་གཞི་ལ་ཕམ་པ་བསྐྱེད་པར་ཐལ། གཏན་ཚིགས་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །འདོད་ན། དེའི་དུས་ཀྱི་དངོས་གཞི་ལ་ཉེས་མེད་དུ་འགྲེལ་པར་བཤད་པ་དང་འགལ། ཡང་ལྷ་སྦྱིན་བསད་པར་བྱའོ་སྙམ་དུ་བསམ་ནས་མཆོད་སྦྱིན་བསད་པ་ན་དངོས་གཞི་ལ་ཕམ་པ་བསྐྱེད་པར་ཐལ། གཏན་ཚིགས་དེ་ཉིད་ཀྱི་ཕྱིར། འདོད་ན། ཇི་སྐད་དུ། བསམ་པ་ལ་ནི་དེ་ཉིད་ཅེས་པའི་མདོ་དང་འགལ། ཞེས་སུན་འབྱིན་བརྗོད་ནས་རང་གི་ལུགས་ལ། འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་བསད་པ་ལ་ཕམ་པ་འབྱུང་བའི་ཚེ་ཡང༌། མི་ལ་མིར་ཤེས་པ་དགོས་པ་ཡིན་ཞེས་གསུངས་ཞིང༌། བྱེ་བྲག་ཏུ་བུ་སྟོན་རིན་པོ་ཆེའི་ཞལ་ནས། འགྲེལ་པའི་ལུགས་འདི་མི་འཐད་དེ། ལུང་ཞུ་བ་ལས། མི་ལ་མི་མ་ལགས་པར་འདུ་ཤེས་པས་བཀུམ་ན་ཅིར་འགྱུར། ཉེས་པ་སྦོམ་པོ་རོ་ཞེས་བཤད་པ་དང་འགལ། གལ་ཏེ་རྒྱུད་གཅིག་པའི་སྒོ་ནས་རྟེན་ངེས་པར་གཟུང་བ་ཙམ་གྱིས་ཆོག་ན། ཁྲི་འོག་གི་མ་ལ་རྐུན་པོ་ཡིན་པས་འདི་བསོད་སྙམ་དུ་རྟེན་ངེས་པར་གཟུང་བའི་ཕྱིར་མཚམས་མེད་དུ་ཐལ་བ་དང༌། ལུང་གཏམ་གྱི་གཞི་ལས། གང་གིས་གཞན་གྱི་འདུ་ཤེས་ཀྱིས་མ་འཚོ་བ་དང་འཕྲལ་བ་དེ་ནི་བསྙེན་པར་རྫོགས་པ་ཡང་བགྱིས་ཤིག་ཅེས་གསུངས་པ་དང༌། མདོ་འདིར་ཡང༌། དེར་འདུ་ཤེས་པས་སོ། །ཞེས་གསུངས་པ་དང་འགལ། དེས་ན་སྦྱོར་བ་ལ་དེར་འདུ་ཤེས་པ་མེད་ན་དངོས་གཞི་ལ་མི་བསད་ཀྱང་ལྟུང་མེད་ཡིན་ནོ་ཞེས་གསུངས། དོན་འདི་དག་བརྟག་པར་བྱ་བ་ལ་གཉིས་ཏེ། འགྲེལ་པ་མཁན་པོའི་དགོངས་པ་བཤད་ནས་ཉེས་པ་དེ་དག་མི་འཇུག་པར་བསྟན། གཞན་གྱིས་འདོད་པ་སུན་ཕྱུང་ཞིང༌། ཉེས་པ་དེ་དག་གཞན་ལ་འཇུག་པར་བསྟན་པའོ། །དང་པོ་ནི། མིས་འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་བསད་པའི་ཚེ། ཕམ་པ་བསྐྱེད་པའི་ཡན་ལག་དུ་མིར་འདུ་ཤེས་པ་དགོས་པ་མ་ཡིན་ཏེ། དོན་ལ་མི་ཡིན་ཤིང་བསད་བྱ་དེ་ཉིད་ལ་དེ་ཉིད་རང་དུ་འདུ་ཤེས་པའི་སྒོ་ནས་བསད་པ་ཙམ་གྱིས་སྲོག་གཅོད་ཕམ་པའི་ཡན་ལག་རྫོགས་པའི་ཕྱིར་དང༌། དེ་ལས་གཞན་དུ་ཁྱོད་འདོད་པ་ལྟར། དུད་འགྲོའི་དབྱིབས་ཅན་འདི་མི་ཡིན་ནོ་སྙམ་དུ་འདུ་ཤེས་པ་དགོས་ན། མདོ་འདི་ལ་ཚིག་གི་ནུས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང༌། མདོ་འདིས་ནི། འདུ་ཤེས་ལ་མིའི་འདུ་ཤེས་ཡོད་ཀྱང་རུང༌། དུད་འགྲོའི་དབྱིབས་ཅན་དོན་ལ་མིར་གནས་པ་དེ། སྲོག་གཅོད་ཕམ་པའི་ཡུལ་གྱི་ཡན་ལག་དུ་རུང་བར་སྟོན་པའི་ཕྱིར། དེས་ན་དེ་ལྟ་བུའི་ཡུལ་གྱི་གང་ཟག་དེ་རྟེན་དགེ་སློང་གིས་བསད་པ་ལས་སྦྱོར་གྱི་ལྟུང་བ་བསྐྱེད་པའི་ཚེ། སྦྱོར་བ་ལ་འདུ་ཤེས་གཙོ་ཆེ་བ་ཡིན་ཏེ། དོན་ལ་མིར་གནས་ཀྱང་དུད་འགྲོར་འདུ་ཤེས་ན་སྦྱོར་ལྟུང་ཉེས་བྱས་ལས་མི་བསྐྱེད་པའི་ཕྱིར། དངོས་གཞི་ལ་འདུ་ཤེས་གཙོ་ཆེ་བ་མ་ཡིན་ཏེ། དེར་དོན་དང་འདུ་ཤེས་མཐུན་པ་དགོས་ཀྱི། རེ་རེ་རྐྱང་པས་མི་ཆོག་སྟེ། འདུ་ཤེས་གཙོ་བོས་བསྐྱེད་པའི་ལྟུང་བ་རྣམས་ཀྱི་སྤྱི་ལུགས་ཡིན་པའི་ཕྱིར། གལ་ཏེ་འོ་ན། འདི་ལ་དོན་དང་འདུ་ཤེས་མཐུན་པ་མེད་དེ། དོན་ལ་མིར་གནས། འདུ་ཤེས་ཀྱི་དུད་འགྲོར་འདུ་ཤེས་པའི་ཕྱིར་སྙམ་ན། དེ་ལྟ་ན་ཡང་དོན་ཤེས་མི་མཐུན་པ་མེད་དེ། དེའི་ཚེ་རང་ལས་རྫས་གཞན་པའི་གསད་བྱ་དེ་ཉིད་གཞན་དང་མ་ནོར་བར་བསད་པའི་ཕྱིར། དེའི་ཕྱིར་མ་དང་རྐུན་པོ་ནོར་བ་དང༌། ལྷ་སྦྱིན་དང༌། མཆོད་སྦྱིན་ནོར་བ་དང༌། མི་དང་ལྗོན་ཤིང་ནོར་བ་སོགས་ལ་ཐལ་བ་མཚུངས་པའི་གོ་སྐབས་ག་ལ་ཡོད། དེས་ན་གསད་བྱའི་ཡུལ་དེ་ཉིད་མ་ནོར་བར་བསད་པ་དེའི་ཚེ། སྦྱོར་བ་ལ་འདུ་ཤེས་གཙོ་ཆེ། དངོས་གཞི་ལ་དོན་དང་འདུ་ཤེས་མཐུན་པར་དགོས་པའི་རྒྱུ་མཚན་གྱིས་དོན་གཙོ་ཆེ་ཞེས་ཚིག་རྣམ་པར་སྦྱོར། གཉིས་པ་ནི། འོ་ན་ཕ་མ་དུད་འགྲོ་ལས་སྐྱེས་པའི་མིའི་འགྲོ་བ་པ་དེ་ལ། དུད་འགྲོར་འདུ་ཤེས་ཏེ་བསད་ན། སྲོག་གཅོད་ཀྱི་ཕམ་པ་མི་འབྱུང་བས་ཁྱབ་པར་ཐལ། དེའི་ཚེ་མི་ལ་མིར་འདུ་ཤེས་མེད་པའི་ཕྱིར། འདོད་ན་ཇི་སྐད་དུ། གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ། ཡང་མ་སྐྱེས་པར་མཚན་གྱུར་པའི་སྐྱེས་པ་དེ་བསད་ཀྱང་མ་བསད་པའི་མཚམས་མེད་མི་འབྱུང་བར་ཐལ། དེའི་ཚེ་མ་ལ་མར་ཤེས་པ་མེད་པའི་ཕྱིར། འདོད་ན། ཇི་སྐད་དུ། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །ཞེས་གསུངས་པ་དང་འགལ། གཞན་ཡང་མ་བསོད་པར་བསམས་པ་ལས་མངལ་ན་གནས་པ་ཤི་ན། མཐར་ཐུག་ལ་ལྟུང་མེད་དང༌། སྦྱོར་བ་ལ་སྦོམ་པོ་ཡིན་པར་ཐལ། སྦྱོར་བ་ལ་མི་ལ་མིར་ཤེས་ཡོད་པ་གང་ཞིག དངོས་གཞི་ལ་དོན་ཤེས་མཐུན་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཇི་སྐད་དུ་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམ་པ་ཤོས་ན་སྦོམ་པོའོ། །ཞེས་གསུངས་པའི་དོན་ལ་ཁྱེད་རང་གིས་སེམས་རྩུབ་པས་ཞུགས་པའི་ཕྱིར་སྦོམ་པོའོ། །ཞེས་མཐར་ཐུག་གི་ལྟུང་བར་བཞེད་པ་དང་འགལ། འོ་ན་ཁྱེད་ལྟར་ན་དངོས་གཞི་ལ་དོན་ཡན་ལག་ཡིན་པས་ཕམ་པར་འགྱུར་བ་མིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལ་མ་ནོར་བར་བསད་པ་མེད་པའི་ཕྱིར། འོ་ན་ལྟུང་བ་འདི་ཡུལ་གང་ལ་རྟེན་པའི་ལྟུང་བ་ཡིན་ཞེ་ན། གང་བསོད་པར་བསམས་པ་དེ་ལ་བརྟེན་པའི་སྦོམ་པོ་ཡིན་གྱི། ཅིག་ཤོས་ལ་བརྟེན་པའི་མ་ཡིན་ཏེ། དེ་ལ་བརྟེན་པའི་སྦྱོར་དངོས་ཀྱི་ལྟུང་བ་གང་གི་ཡང་ཡན་ལག་མ་ཚང་བའི་ཕྱིར། དེ་བཞིན་དུ་སྤྲུལ་པ་བསད་པ་ལ་སྦོམ་པོར་བཤད་པ་ཡང༌། སྦྱོར་བའི་ཆ་ནས་ཡིན་གྱི་དངོས་གཞི་ལ་ནི། དོན་ཤེས་ཇི་ལྟར་མཐུན་པའི་ཚུལ་ལས་བཞག་དགོས་པ་ཡིན་ཏེ། དུད་འགྲོས་མིར་སྤྲུལ་པ་ལ་ལྟུང་བྱེད། ལྷས་མིར་སྤྲུལ་པ་ལ་སྦོམ་པོ་དང༌། རྒྱུད་ཀྱི་མ་བསྡུས་པ་ལ་ལྟུང་མེད་ཡིན་ནོ། །བྱེ་བྲག་ཏུ་བུ་སྟོན་རིན་པོ་ཆེ་ལྟར་ན། སློབ་པ་རྒྱུན་ཞུགས་ལ་དགྲ་བཅོམ་དུ་འདུ་ཤེས་ཏེ་བསད་ན། ཉེ་བའི་མཚམས་མེད་མི་འབྱུང་བར་ཐལ་བ་དང༌། དགྲ་བཅོམ་པ་ལ་སོ་སྐྱེར་འདུ་ཤེས་ཏེ་བསད་ན། དགྲ་བཅོམ་བསད་པའི་མཚམས་མེད་མི་འབྱུང་བར་ཐལ། དེའི་ཚེ་དེ་ལ་དེ་ཉིད་དུ་ཤེས་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། ཁྱེད་རང་གིས་དེ་ལ་དེ་འབྱུང་བར་ལུང་དྲངས་ནས་བསྒྲུབས་པ་དང་འགལ་ལོ། །གཞན་ཡང་མི་ལ་མི་མ་ལགས་པར་འདུ་ཤེས་པས་བཀུམ་ན་ཉེས་པ་སྦོམ་པོ་འབྱུང་བ་མིན་པར་ཐལ། དངོས་གཞི་ལ་ཉེས་མེད་ཡིན་པ་གང་ཞིག སྦྱོར་བ་ལ་དེ་འདྲ་འོང་དོན་མེད་པའི་ཕྱིར། ཡང་འགྲེལ་པ་ལ། སོ་སོ་སྐྱེ་བོའི་རྟེན་ལ་སྦྱོར་བ་བྱས། དགྲ་བཅོམ་པའི་རྟེན་ལ་མཐར་ཐུག་གྲུབ་ན་ཕམ་པ་དང་མཚམས་མེད་གཉིས་ཀ་འབྱུང་ཞེས་གསུངས་པ་ལ་བོད་རྣམས་ཇི་སྐད་དུ། བསྣུན་འོག་དགྲ་བཅོམ་པ་ལ་མ་ཡིན། ཞེས་གསུངས་པ་དང་འགལ་ལོ། །ཞེས་ཟེར་བ་དེ་ཡང་མ་གོ་བ་ཡིན་ཏེ། སྦྱོར་བ་བྱས་ཞེས་པའི་དོན་དེ་འཆི་ངེས་ཀྱི་སྦྱོར་བ་མཚོན་བསྣུན་པ་ལྟ་བུ་ལ་བྱ་བ་མ་ཡིན་གྱི། དེའི་གོང་གི་སྦྱོར་བ་ལ་བྱེད་པ་ཡིན་པར་འགྲེལ་པ་ཉིད་དུ། འདིར་ཁུངས་ནི་ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། ཞེས་དྲངས་པ་ཉིད་ཀྱིས་ཤེས་པའི་ཕྱིར་ཁུངས་དེར་ཡང༌། ཨུ་ཏྲ་ཡ་ནས་གཤེད་མ་པ་དག་ལ་སྨྲས་པ། རེ་ཤིག་སྡོད་ཅིག་ཁོ་བོས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱའོ། །དེ་ནས་མཚོན་ཕྱུང་ཤིག་ཅེས་སྨྲས་སོ། །དེ་ནས་རེ་ཤིག་ལོན་པ་དང༌། ཨུ་ཏྲ་ཡ་ནས་གཙུག་ཕུད་ཅན་ལ་ཕྲིན་དུ་སྤྲིངས་པ་ནི། ཁྱོད་ཀྱིས་མཚམས་མེད་གཉིས་ཤིག་བྱས་ཏེ། གང་ཞེ་ན་ཕ་བསད་པ། དགྲ་བཅོམ་པ་བསད་པའོ། །ཞེས་འབྱུང་ངོ༌། །འདི་ལ་ཡང་བོད་ཀྱི་འདུལ་བ་འཛིན་པ་རྣམས་ན་རེ། མཚམས་མེད་གཉིས་འབྱུང་བར་བཤད་པ་དེ་གཙུག་ཕུད་ཅན་འགྱོད་དུ་བཅུག་པའི་ཕྱིར་ཡིན་གྱི། རྟེན་གཅིག་ལ་མཚམས་མེད་གཉིས་མི་འབྱུང་ངོ༌། །ཞེས་ཟེར་བ་དེ་ཡང་མ་གོ་བ་ཡིན་ཏེ། རྟེན་གཅིག་ཡིན་ཀྱང་ཉེས་པ་ཤིན་ཏུ་ལྕི་བ་གཉིས་འབྱུང་བ་ནི། ཕ་ཡིན་པ་དགྲ་བཅོམ་པའི་ཡོན་ཏན་ཐོབ་པའི་ཆ་ནས་སོ་སོར་ཕྱེ་བའི་ཕྱིར། གཞན་དུ་རྟེན་གཅིག་པོ་དེ་ལས་ཕམ་པ་དང་མཚམས་མེད་གཉིས་ཀྱང་མི་འབྱུང་བར་ཧ་ཅང་ཐལ་ལ། འདོད་ན་གཞུང་འགྲེལ་དང་འགལ་ལོ། །དཀའ་བའི་གནས་གཉིས་པ་དཔྱད་པ་ལ། གལ་ཏེ་མི་བཅུས་ཉིན་གཅིག་ལ་སྦྱོར་བ་བྱས་ཏེ། དང་པོས་མི་དེ་ཞག་བཅུ་ན་འཆི་བར་མཚོན་བསྣུན། གཉིས་པས་ཞག་དགུ་ན་དང༌། རིམ་པ་བཞིན་ཐ་མས་ད་ལྟ་རང་འཆི་བར་མཚོན་བསྣུན་ན། བཅུ་ཆར་ལ་ཕམ་པ་བསྐྱེད་དམ་མི་སྐྱེད། མི་སྐྱེད་ན་བྱེ་བྲག་དུ་བཤད་པ་ལས་དང་པོ་དགུ་པོ་དག་གིས་ནི་ཕམ་པའི་རིག་བྱེད་མ་ཡིན་པ་བཟུང་ལ། བཅུ་པས་ནི་ཕམ་པའི་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་བཟུང་ངོ༌། །ཞེས་གསུངས་པ་དང་འགལ་ལོ། །བསྐྱེད་ན་དེས་ཤི་བ་ཐ་མ་ཁོ་ན་ལ་ཡོད་པ་ཅི་ཞེ་ན། འདིའི་ལན་ལ། སློབ་དཔོན་དམར་སྟོན་པའི་གསུང་གིས་ཐམས་ཅད་ལ་རང་རང་གི་སྟེང་ན་འཆི་ངེས་ཀྱི་སྦྱོར་བ་རེ་རེ་ཡོད་པས་སྦྱོར་བ་མཐུན་པའི་ཕྱིར་དང༌། འབྲས་བུ་མི་དེ་ཤི་བར་གཅིག་པའི་ཕྱིར། ཐམས་ཅད་ལ་སྦྱོར་བ་དེ་ཤི་ཡོད་དོ་ཞེས་གསུངས་པ་ནི་མ་ཡིན་ཏེ། ཉི་མ་དང་པོ་ལ་སྦྱོར་བ་བྱས་པ་དེས་ཤི་བ་མ་ཡིན་པའི་ཕྱིར་དང༌། སྦྱོར་བ་དེའི་མཐར་ཐུག་གྲུབ་པ་མི་སྲིད་པའི་ཕྱིར། གཞན་དུ་ན་གཞན་གྱིས་བྱས་པའི་སྡིག་པ་གཞན་ལ་འབྱུང་བར་ཐལ་ལོ། །འོ་ན་འོད་ལྡན་ལས་འགལ་བ་མེད་དེ། བཅུ་ཆར་ཡང་སྦྱོར་བ་མཐུན་པའི་ཕྱིར་དང༌། འབྲས་བུ་གཅིག་པའི་ཕྱིར་ཞེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་དེ་དང་བྱེ་བཤད་ཀྱི་ལུང་དྲངས་མ་ཐག་པ་དེའི་དོན་ནི། གསོད་བྱེད་བཅུ་པོ་ཐམས་ཅད་ཀྱིས་བློ་མཐུན་གྲོས་གཅིག་བྱས་ནས། མཚོན་དེ་ལྟར་དུ་བསྣུན་པའི་དབང་དུ་བྱས་པར་བརྒྱ་དང་རྨ་གཙོ་འཆད་པ་ལྟར་ཡིན་ནོ། །ཡང་གསོད་བྱེད་དང་པོས་ཚེས་གཅིག་གི་ཉིན་ཚེས་བཅུ་ན་འཆི་བར་མཚོན་བསྣུན། གཅིག་གིས་ཚེས་དགུའི་ཉིན་ཚེས་བཅུ་ན་འཆི་བར་མཚོན་བསྣུན་པ་ནས། ཐ་མས་ཚེས་བཅུའི་ཉིན་ད་ལྟ་རང་འཆི་བར་མཚོན་བསྣུན་ན། ཐམས་ཅད་ལ་ཕམ་པ་བསྐྱེད་དམ་མི་བསྐྱེད་ཅེ་ན། བསྐྱེད་པ་ཁོ་ན་ཡིན་ཏེ། བྱེ་བཤད་དང་འོད་ལྡན་གྱི་ལུང་གིས་གྲུབ་པའི་ཕྱིར་དང༌། ཐམས་ཅད་ལ་སྦྱོར་བ་དེས་ཤི་ཡོད་པའི་རིགས་པས་དེ་ལྟར་དུ་གྲུབ་པའི་ཕྱིར། ཡང་བསད་བྱ་དེ་འཆི་བའི་དུས་ལ་བབ་པར་གྱུར་པ་དེའི་ཚེ། གསོད་བྱེད་ཀྱི་སྦྱོར་བ་བྱས་ནས་སྦྱོར་བ་དེས་ཤི་ན་ཕམ་པ་སྐྱེད་པ་ཡོད་དམ་ཅེ་ན། མ་ཡིན་ཏེ་འོད་ལྡན་ལས། དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར། བྱེད་པ་དོན་མེད་པ་ཡིན་ནོ། །ཞེས་དང༌། དགྲ་བཅོམ་པ་ཆོས་དགའི་འདོད་པ་བསྟན་པ་ལས། ཚེའི་སྐད་ཅིག་མ་གཅིག་ལུས་པ་དེའི་ཚེ་གསོད་པ་གང་ཡིན་པ་དེ་ལ་མཐར་འགྱུར་ལ། གཞན་རྣམས་ལ་ནི་སྦོམ་པོའོ། །ཞེས་གསུངས་སོ། །ཞེས་བྱ་བ་འདིས་ནི་སྲོག་གཅོད་ཕམ་པའི་དཀའ་བའི་གནས་བསྟན་ཟིན་ཏོ། །གསུམ་པ་སྒོ་བ་ལས་གྱུར་པ་བརྫུན་སྨྲའི་ཕམ་པ་ལ། ལུང་གི་བྱེ་བྲག་གསུམ་ལས། དང་པོ་རྣམ་འབྱེད་ལ། སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི་བོད་སྔ་མ་རྣམས་ཀྱི་བཞེད་པས། གང་ལ་སྨྲ་བའི་ཡུལ་ནི་ཐ་སྙད་ལྔ་དང་ལྡན་པ་དགོས་ཏེ། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པའོ། །ངོ་བོ་ནི་མིའི་ཆོས་བླ་མའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་ཏེ། རང་གིས་དང༌། ངག་གིས་དང༌། བདག་ཉིད་དང་འབྲེལ་བའི་དང༌། བསམ་པའི་དོན་དང༌། གསལ་པོར་དང༌། མངོན་སུམ་དུ་སྨྲས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ་ཞེས་གསུང་ངོ༌། །འདིར་མི་ཆོས་བླ་མ་ནི། མཚན་ཉིད་པ་མྱ་ངན་ལས་འདས་པ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་ཡན་ཆད་ཡིན་ལ། རྗེས་མཐུན་པ་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པ་ཡན་ཆད་ཡིན་ལ། བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་པའི་དྲན་པ་ཉེ་བར་གཞག་པ་དང༌། ཡང་དག་པར་སྤོང་བ་སོགས་ནས་སྦྱོར་ལམ་གྱི་བར་ནི་སྐབས་འདིར་བླ་མར་མི་འོང་སྟེ། མོས་པ་ཡིད་བྱེད་ཀྱི་དབང་དུ་བྱས་པའི་ཕྱིར། ཇི་སྐད་དུ། སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ་པར་གནོན་པའོ། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ། ལྟུང་བ་རྣམ་གཞག་དང་བསླབ་བྱའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་འདུ་ཤེས་སོགས་སོ། །གཉིས་པ་ལ་འབྲས་བུའི་སྒོ་ནས་དང༌། ངོ་བོའི་སྒོ་ནས་དང༌། ཁྱད་པར་གྱི་ཆོས་བརྗོད་པའི་སྒོ་ནས་བསྟན་པའོ། །དང་པོ་ནི། མཐོང་ངོ་སོགས་སོ། །གཉིས་པ་ནི་མི་རྟག་པ་སོགས་སོ། །གསུམ་པ་ནི་དེ་དང་ལྡན་པ་སོགས་སོ། །ཞུ་བ་ལ་དངོས་གཞི་དང༌། སེལ་བའོ། །དང་པོ་ནི་བླ་མ་ཐོབ་པ་སོགས་སོ། །གཉིས་པ་ནི་བླ་མ་བརྗོད་པ་སོགས་སོ། །གསུམ་པ་འདུལ་བྱེད་ལ་ཡོན་ཏན་དང་དུ་ལེན་པ་དང༌། རྙེད་བཀུར་དང་དུ་ལེན་པའོ། །དང་པོ་ནི་སྦོམ་པོ་སོགས་སོ། །གཉིས་པ་ནི་བཙུན་པ་སོགས་སོ། །གཉིས་པ་དགེ་འདུན་ལྷག་མའི་སྡེ་ཚན་ལ་གསུམ་སྟེ། འདོད་པ་ལས་གྱུར་པ། གནོད་པ་ལས་གྱུར་པ། བསྒོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། ནང་སེམས་ཅན་ལ་ཆགས་པ་དང༌། ཕྱི་རོལ་ལོངས་སྤྱོད་ལ་ཆགས་པ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ་རང་འདོད་པ་བསྟེན་པ་ལས་གྱུར་པ་དང༌། གཞན་འདོད་པ་བསྟེན་དུ་འཇུག་པ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། ལུས་ཀྱི་རེག་བྱ་ལ་ཆགས་པ་དང༌། སྨྲ་བའི་བདེ་བ་ལ་ཆགས་པའོ། །དང་པོ་ལ་གཉིས་ཏེ། རང་གི་ལུས་ཀྱི་རེག་བྱ་ལ་དང༌། གཞན་གྱི་ལུས་ཀྱི་རེག་བྱ་ལ་ཆགས་པའོ། །དང་པོ་ནི་འབྱིན་པའི་ལྷག་མ་སྟེ། ལུང་གི་བྱེ་བྲག་གསུམ་གྱིས་རིམ་པར་སྟོན་ནོ། །གཉིས་པ་ནི། རེག་པའི་ལྷག་མ་སྟེ། འདི་ལ་ལུང་གི་བྱེ་བྲག་གསུམ་ལས། དང་པོ་རྣམ་འབྱེད་ལ། བུད་མེད་སྤྱི་བསྐྱེད་ཀྱི་རྣམ་གཞག་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་རེག་པའི་ལྷག་མ་བཤད་པའོ། །དང་པོ་ལ། བུད་མེད་བྱེད་པ་པོ་རྣམས་ཀྱི་མཚན་གཞིའི་དབྱེ་བ་ལ། དེ་བྱེད་པ་པོར་འགྱུར་བའི་གནས་སྐབས་དང༌། དེར་འགྱུར་བའི་མཚན་ཉིད་སེལ་བ་དང་བཅས་པ་དང༌། དང་པོ་གསུམ་གྱི་ཀུན་སློང་གི་མཚན་ཉིད་བསྟན་པའོ། །དང་པོ་ནི་འདི་ལ་སོགས་སོ། །གཉིས་པ་ནི་སྐྱེས་པ་སོགས་སོ། །གསུམ་པ་ནི་འོག་མ་གསུམ་ལ་སོགས་སོ། །བཞི་པ་ནི་གསུམ་པོ་འདི་ལ་སོགས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། ལྟུང་བ་རྣམ་གཞག བསླབ་བྱ། ལྟུང་མེད་གསུམ་མོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་ལུས་ཀྱི་སོགས་སོ། །གཉིས་པ་ལ་མཚན་ཉིད་རྒྱས་བཤད་དང༌། སེལ་བ་རྒྱས་བཤད་དོ། །དང་པོ་ལ་གཞིའི་དང༌། སྦྱོར་བའི་མཚན་ཉིད་དོ། །དང་པོ་ནི། འདིར་ལན་བུ་སོགས་སོ། །གཉིས་པ་ནི་དོན་དམ་པ་དང་སོགས་སོ། །སེལ་བ་ནི་གོས་ཀྱིས་སོགས་སོ། །བསླབ་བྱ་ནི། དགེ་སློང་མ་སོགས་སོ། །ལྟུང་མེད་ནི། ཆུར་ཉམ་ཐག་པ་སོགས་སོ། །གཉིས་པ་སྨྲ་བའི་བདེ་ལ་ཆགས་པ་ནི། འཁྲིག་ཚིག་སྨྲ་བའི་དགེ་འདུན་ལྷག་མ་དང༌། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའོ། །འདི་གཉིས་འཆད་པ་ལ་གཉིས་ཏེ། ཐུན་མོང་བ་འཁྲིག་ཚིག་ལ་མཚོན་པ་དང༌། ཐུན་མོང་མ་ཡིན་པ་བསྙེན་བཀུར་བསྔགས་པའོ། །དང་པོ་ལ། ལུང་གི་བྱེ་བྲག་གསུམ་ལས། རྣམ་འབྱེད་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འཁྲིག་པ་སྨྲས་ནའོ་ཞེས་སོ། །གཉིས་པ་ལ་མཚན་ཉིད་རྒྱས་བཤད་དང༌། སེལ་བ་རྒྱས་བཤད་དོ། །དང་པོ་ལ། གཙོ་བོ་མིན་པའི་སེལ་བ་ན་སྨད་ནི། བསྔགས་པ་དང་སོགས་སོ། །གཙོ་བོའི་སེལ་བ་ལྟུང་མེད་ནི། དོན་གཞན་སོགས་སོ། །ཞུ་བའི་སྐབས་ནི་མཛེས་པ་སོགས་སོ། །འདུལ་བྱེད་ལ་གསུམ་སྟེ། ཡུལ་གྱི་སེལ་པ། སྦྱོར་བའི་སེལ་པ། ཀུན་སློང་གི་སེལ་པའོ། །དང་པོ་ནི་དེ་བཞིན་དུ་སོགས་སོ། །གཉིས་པ་ནི་བསྲུ་ཁོའོ་ལ་སོགས་སོ། །གསུམ་པ་ནི་རང་བཞིན་སོགས་སོ། །གཉིས་པ་ལ། དངོས་གཞི་དང༌། སེལ་བའོ། །དང་པོ་ནི་བདག་ཉིད་དང་སོགས་སོ། །གཉིས་པ་ནི་དེ་དང་སོགས་སོ། །འདིར་ལུང་ལས་རྒྱས་པར་གསུངས་པའི་དོན་བསྡུ་ན། འདི་ལྟར། བདག་ཉིད་ཚུལ་ལྡན་དགེ་ཆོས་ཅན། །ཚངས་སྤྱོད་གནས་པ་རྐྱང་པ་གསུམ། །གཉིས་སྦྱར་དྲུག་དང་གསུམ་སྦྱར་གཅིག །མཆོག་ཕུལ་ཁྱད་འཕགས་བཟང་མཛེས་དགེ །མཆོད་འོས་བསྟོད་འོས་རྒྱ་ཆེ་བ། །ཆེས་སྦྱར་བ་ནི་བཅོ་བརྒྱད་དོ། །དེ་ལྟར་ན་ལྷག་མ་བརྒྱ་དང་བརྒྱད་ཅུའོ། །འདི་དང་སྔ་མའི་ཁྱད་པར་ལ་རྒྱ་འདུལ་འཛིན་ནི། སྔ་མ་འཁྲིག་པ་རྐྱང་པ་སྨྲས་པ་དང༌། འདིར་བདག་ཉིད་ལ་སྦྱར་ནས་སྨྲས་པའོ། །ཞེས་གསུང༌། སློབ་དཔོན་དམར་སྟོན་པ་འགྲེལ་པའི་དགོངས་པས་ཀུན་སློང་གིས་འབྱེད་པ་ཡིན་ནོ། །ཞེས་གསུང༌། བམ་ལྔ་ལས། ལྟུང་བ་འདི་བྱུང་ན་སྔ་མ་ཡང་བྱུང་བས་ཁྱབ་པར་བཤད་དོ། །གཉིས་པ་གཞན་འདོད་པ་བསྟེན་དུ་འཇུག་པ་ལ་སྨྱན་བྱེད་པའི་ལྷག་མ་ཡིན་ལ། འདི་ལའང་ལུང་གསུམ་ལས། དང་པོ་ལ་བསྟན་པ་དང་བཤད་པའོ། །དང་པོ་ནི། འཕྲད་ནའོ་སོགས་སོ། །གཉིས་པ་ལ། སྦྱོར་བ་དང་ཡུལ་གྱི་བྱེད་པ་བཤད། བྱེད་པ་པོ་དང༌། ཡུལ་དང༌། སྦྱོར་བ་ལ་དོགས་པ་སྤང༌། མི་མཐུན་པའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་གསུམ་མོ་སོགས་སོ། །གཉིས་པ་ནི་འབྲས་བུ་སོགས་སོ། །གསུམ་པ་ལ། མ་ཐོབ་པ་ལས་ཉམས་དང༌། ཐོབ་པ་ལས་ཉམས་པའོ། །དང་པོ་ནི་སྨད་ཚོང་མ་སོགས་སོ། །གཉིས་པ་ལ། དམན་པ་བཞི་ཐོབ་པ་ཉམས་པ་དང༌། བཟང་མོ་གསུམ་ཐོབ་པ་ལས་གསུམ་ཉམས་པའོ། །དང་པོ་ནི། འཐབས་པ་ཉིད་ནས་སོགས་སོ། །གཉིས་པ་ལ་བསྟན་པ་དང་བཤད་པའོ། །དང་པོ་ནི། གལ་ཏེ་སོགས་སོ། །གཉིས་པ་ལ་མཚན་ཉིད་དང་སེལ་བ་རྒྱས་པར་བཤད་པའོ། །དང་པོ་ནི། འཐབས་པ་སོགས་སོ། །གཉིས་པ་ནི། དེའི་དང་པོ་སོགས་སོ། །ཞུ་བ་ལས་གཉིས་ཏེ། སེལ་བ་སྦོམ་པོ་དང༌། སེལ་བ་ཉེས་བྱས་སོ། །དང་པོ་ནི། མངལ་ན་སོགས་སོ། །གཉིས་པ་ནི་བུད་མེད་སོགས་སོ། །གསུམ་པ་འདུལ་བྱེད་ལ། ལྟུང་བ་རྣམ་གཞག་དང༌། ཞར་ལས་བྱུང་བའི་བསླབ་བྱའོ། །དང་པོ་ནི། བྱིན་པ་ལ་སོགས་སོ། །གཉིས་པ་ནི་གཞན་སོགས་སོ། །སྐབས་འདིར་ལུང་ལས། ཆུང་མ་བདུན་དང་མཛའ་ན་མོ་བཅུ་ལས་བདུན་ནོ། །ཆུ་ཚིགས་ཀྱིས་བྱིན་པ་དང༌། རིན་ཆས་ཉོས་པ་དང༌། བཙན་ཐབས་སུ་འཕྲོགས་པ་དང༌། དྭངས་མ་ལས་འདུས་པ་དང༌། ཟས་གོས་ཀྱི་འཚོ་བ་དང༌། ཁ་དུམ་པ་དང༌། ཐང་འགར་འཕྲད་པའོ། །བཅུ་ནི། ཇི་སྐད་དུ། མཛའ་ན་མོ་ནི་བཅུ་ཡིན་ཏེ། ཕ་མ་མིང་པོ་ཕུ་ནུ་མ། །གྱོས་སྐྱུག་ཉེ་དུ་རིགས་དང་ནི། །རུས་ཆགས་ཀྱིས་བསྲུངས་རྣམ་འཁྲུག་མེད། །ཅེས་གསུངས་པ་ལྟར་རོ། །དེ་དག་ལས་ཆུང་མ་ཕྱི་མ་བཞི་དང༌། མཛའ་ན་མོ་བཅུ་ནི་འཐབས་པ་ཙམ་གྱིས་མཐུན་པ་ཉམས་པ་དང༌། དང་པོ་གསུམ་མཐུན་པ་ཉམས་པ་ལ་འཐབས་ཚིགས་བདུན་དགོས་པར་འཆད་དོ། །གཉིས་པ་ཕྱི་རོལ་ཡོ་བྱད་ལ་ཆགས་པ་ལ། རྣམ་འབྱེད་སོ་སོ་བ་དང༌། ཞུ་བ་ཐུན་མོང་དུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་བ་ཁང་པ་ལ་མཚོན་པ་དང༌། ཐུན་མོང་མ་ཡིན་པ་ཁང་ཆེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ལྟུང་བ་རྣམ་གཞག བསླབ་བྱ། ལྟུང་མེད་དོ། །དང་པོ་ལ་བཞི་སྟེ། ཁང་པ་གཉིས་ཀྱི་མ་མཐའི་ཚད་བསྟན། བྱེད་པ་པོའི་མཚན་ཉིད་ལ་དོགས་པ་སྤངས། དེས་བྱས་པའི་སྦྱོར་བ་ལ་དོགས་པ་བཅད། དངོས་གཞིའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། སྤྱོད་ལམ་སོགས་སོ། །གཉིས་པ་ནི་བསྐོས་པ་སོགས་སོ། །གསུམ་པ་ནི་བྱས་པ་སོགས་སོ། །བཞི་པ་ནི་བཙལ་བ་སོགས་སོ། །འདི་དག་གི་ངག་དོན་ནི། འགྲེང་བ་དང༌། འདུག་པ་དང༌། ཉལ་བ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*