ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཞག་པ་ལས་ཉན་ཐོས་ཀྱི་འདུལ་བ། ཀ ༽

༼ཆ༽༄༅། །ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཞག་པ་ལས་ཉན་ཐོས་ཀྱི་འདུལ་བ་བཞུགས་སོ།།

སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །མེ་ཏོག་གཞུ་ཅན་དགྲ་བོའི་དམ་ཆོས་ཀྱི། །དཔུང་ཚོགས་ཡན་ལག་རྣམ་བཞིའི་རོལ་རྩེད་གར། །གཞན་འཕྲུལ་དབང་བྱེད་བདག་པོའི་ཟློས་གར་ལས། །རྣམ་རྒྱལ་ལྷ་ཡི་ལྷ་ཁྱོད་ཕྱག་གི་གནས། །དང་པོར་ངན་འགྲོའི་ལམ་སྲང་རྒྱུད་མར་བཀག །བར་དུ་བདེ་འགྲོའི་སྒོ་མང་རིམ་པར་ཕྱེ། །ཐ་མར་ངེས་ལེགས་ཁང་བཟང་ཉམས་དགའ་བར། །འཇུག་མཁས་དམ་པའི་ཆོས་ཁྱོད་བསྔགས་པར་འོས། །ཐུབ་བསྟན་ཡིད་བཞིན་རིན་ཆེན་འོད་འབར་བ། །མཁས་བཙུན་བཟང་པོའི་སྦྱོང་ཚུལ་རིམ་གསུམ་གྱིས། །འཕྲིན་ལས་ཆར་ཆེན་འབེབས་ལ་རྟག་འགྲུས་པ། །ཚོགས་མཆོག་འདུས་པའི་དབང་ཕྱུག་འདི་ན་དགེ །ཞེས་མཆོད་པར་བརྗོད་ནས། རྩོམ་པར་དམ་བཅའ་བ་ནི། འཕྲལ་དུ་བདེ་དང་ཡུན་རིང་པོར། །ཕན་པའི་ཐབས་ཆེན་ཟླ་བྲལ་བ། །ལེགས་གསུངས་དམ་ཆོས་འདུལ་བ་ཡི། །རྣམ་པར་གཞག་པ་འདིར་བཤད་བྱ། །དེ་ལ་འདིར་ཆོས་འདུལ་བ་ནི། རྣམ་པ་གསུམ་སྟེ། ཉན་ཐོས་ཀྱི་དང༌། བྱང་ཆུབ་སེམས་དཔའི་དང༌། སྔགས་ཀྱི་འདུལ་བའོ། །གསུམ་པོ་འགལ་བ་ནི་མ་ཡིན་ཏེ། སྔ་མ་སྔ་མ་གཞིར་གཞག་ནས་ཕྱི་མ་ཕྱི་མའི་ཐབས་མཁས་ཀྱིས་ཉམས་སུ་ལེན་དགོས་པའི་ཕྱིར། དང་པོ་ཉན་ཐོས་ཀྱི་འདུལ་བ་རྣམ་པར་བཤད་པ་ལ་གསུམ་སྟེ། སྡོམ་པའི་ངོ་བོ་ངོས་བཟུང་བ་དང༌། སོ་སོའི་བསླབ་བྱ་ལ་ཇི་ལྟར་སློབ་པའི་ཚུལ་དང༌། ཉེས་པས་གོས་ན་ཕྱིར་བཅོས་པའི་ཐབས་བསྟན་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཆོས་འདི་པ་དག་གི་ལུས་ངག་གང་རུང་དུ་གཏོགས་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག ཤི་འཕོས་པས་གཏོང་བའོ། །ཟུར་དང་པོས་ཕྱི་རོལ་པའི་ཚུལ་ཁྲིམས་དང༌། ཟུར་གཉིས་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང༌། ཟུར་གསུམ་པས་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་རྣམས་བསལ་ལོ། །གཉིས་པ་དབྱེ་བ་ནི། གསུམ་སྟེ། དགེ་བསྙེན་གྱི་དང༌། དགེ་ཚུལ་གྱི་དང༌། དགེ་སློང་གིའོ། །དང་པོ་ལ་མཚན་ཉིད་ནི། ཁྱིམ་པའི་ཕྱོགས་སུ་གཏོགས་པའི་ཇི་སྲིད་འཚོ་བར་གྱི་སོ་སོར་ཐར་པའི་ཚུལ་ཁྲིམས་སོ། །དབྱེ་ན། ཆོས་མངོན་པ་སོགས་ལས། སྐྱབས་གསུམ་འཛིན་པ་དང༌། སྣ་གཅིག་སྤྱོད་པ་ལ་སོགས་པའི་དབྱེ་བ་མང་པོ་བཤད་ཀྱང༌། འདུལ་བ་ལས་ཡོངས་རྫོགས་ཀྱི་དགེ་བསྙེན་ལས་གཞན་འབོགས་པའི་ཆོ་ག་མ་བཤད་དོ། །གཉིས་པ་དགེ་ཚུལ་གྱི་སྡོམ་པའི་མཚན་ཉིད་ནི། རབ་ཏུ་བྱུང་བའི་ཕྱོགས་སུ་གཏོགས་པའི་སོ་སོར་ཐར་པའི་ཚུལ་ཁྲིམས་ཡན་ལག་བཅུ་ལྡན་ནོ། །འདི་ལ་ངོ་བོའི་སྒོ་ནས་དབྱེ་བ་མ་བཤད་ཅིང༌། རྟེན་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བས་གཉིས་ཡིན་ལ། དགེ་སློབ་མ་ནི་སོ་ཐར་གྱི་སྡོམ་པ་མཚན་ཉིད་པར་མི་རུང་སྟེ། དེའི་བསླབ་བྱར་བཤད་པ་རྣམས་ཇི་སྲིད་འཚོ་དང་ཉིན་ཞག་མཐའ་པ་གང་དུ་ཡང་མི་རུང་བའི་ཕྱིར། གསུམ་པ་དགེ་སློང་གི་མཚན་ཉིད། སྤོང་བ་བདུན་འཁོར་དང་བཅས་པས་ཁྱད་པར་དུ་བྱས་པའི་སོ་ཐར་གྱི་ཚུལ་ཁྲིམས་སོ། །སྤོང་བ་བདུན་ནི། ལུས་ངག་གི་ཉེས་པ་བདུན་པོའི་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཆ་སྤོང་བའི་དབང་དུ་བྱས་ལ། འཁོར་བཅས་ཞེས་པ་ནི། ལུས་ངག་གི་བཅས་པ་རྐྱང་པའི་དབང་དུ་བྱས་སོ། །གལ་ཏེ་འོ་ན་སྡོམ་པ་གསུམ་པོ་འདིའི་ངོ་བོ་བེམ་པོའམ་ཤེས་པར་གནས། གང་ཟག་གཅིག་གི་རྒྱུད་ལ་ལྡན་པའི་ཚུལ་ཇི་ལྟ་བུ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི། སྡོམ་པ་འདི་གསུམ་གའི་ངོ་བོ་རིག་བྱེད་མ་ཡིན་པའི་གཟུགས་སུ་གནས་ཤིང༌། གསུམ་པོ་རིམ་པར་མནོས་པའི་གང་ཟག་གཅིག་གི་རྒྱུད་ལ་རྫས་ཐ་དད་དུ་ལྡན་པར་ཁས་ལེན་པ་ཡིན་ཏེ། མཛོད་དུ། ཐ་དད་དེ་དག་འགལ་བ་མེད། །ཅེས་སོ། །ཐེག་པ་ཐུན་མོང་བ་ལྟར་ན། གསུམ་གའི་ངོ་བོ་སྤྱིར་ཤེས་པ་དང༌། བྱེ་བྲག་ཏུ་སེམས་བྱུང་དང༌། དེའི་ནང་ནས་ཀྱང་སེམས་པ་ཞེས་བྱ་བ་དེར་ཁས་ལེན་པ་ཡིན་ཏེ། སྤྱོད་འཇུག་ཏུ། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་པ་ལྟར་རོ། །ལྡན་ཚུལ་ནི་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ཏེ། གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་པ་རིགས་མཐུན་རྫས་གཞན་གཉིས་མི་འབྱུང་བའི་ཕྱིར། ལྡོག་པ་ནི་ཐ་དད་པ་ཡིན་ཏེ། འཐོབ་བྱེད་ཀྱི་རྒྱུ་དང་སྤང་བྱ་དང་བླང་བྱ་སོ་སོར་ངེས་པས་གསུམ་པོ་ལ་གཞི་མཐུན་མི་སྲིད་པའི་ཕྱིར། ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་པའི་དཔེ་ནི། སྔོན་སུས་ཀྱང་བདག་ཏུ་མ་བཟུང་བའི་རྫས་གསེར་གྱི་བུམ་པ་ལྟ་བུ་གཅིག་བདག་པོ་འགལ་བ་ཅན་གསུམ་ལ་ཐུན་མོང་དུ་བྱིན་པ་བཞིན་ནོ། །གཉིས་པ་སོ་སོའི་བསླབ་བྱ་ལ་གསུམ་སྟེ། དགེ་བསྙེན་གྱི་དང༌། དགེ་ཚུལ་གྱི་དང༌། དགེ་སློང་གི་བསླབ་བྱ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། བསླབ་བྱ་དངོས་དང༌། དེའི་གསོ་སྦྱོང་ཇི་ལྟར་ལེན་པའོ། །དང་པོ་ལ་གཉིས་ཏེ། སྐྱབས་འགྲོའི་བསླབ་བྱ་དང༌། དགེ་བསྙེན་དངོས་ཀྱི་བསླབ་བྱའོ། །དང་པོ་ལ་གསུམ་སྟེ། སངས་རྒྱས་ལ་སྐྱབས་སུ་སོང་བའི་དང༌། ཆོས་ལ་དང༌། དགེ་འདུན་ལ་སྐྱབས་སུ་སོང་བའི་བསླབ་བྱའོ། །དང་པོ་ནི། འཇིག་རྟེན་པའི་ལྷ་གཞན་ལ་ཕྱག་མི་བྱ། དེ་ལྟར་བྱས་ན་སངས་རྒྱས་ཀྱི་སྐྱབས་འགྲོ་གཏོང༌། གཉིས་པ་ནི། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤོང༌། གསུམ་པ་ནི། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་འགྲོགས་པ་སྤོང༌། གསུམ་གའི་ཐུན་མོང་གི་བསླབ་བྱ་ནི། རྟག་ཏུ་སྐྱེས་བུ་དམ་པ་ལ་བརྟེན་པ་དང༌། དམ་པའི་ཆོས་ཉན་པ་དང༌། ཚུལ་བཞིན་དུ་ཡིད་ལ་བྱ་བ་དང༌། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་སྒྲུབ་པ་དང༌། དབང་པོ་མི་རྒོད་པ་དང༌། སྡོམ་པ་ཅི་ནུས་སུ་ལེན་པ་དང༌། སེམས་ཅན་ལ་སྙིང་བརྩེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པའོ། །གཉིས་པ་ལ། དགེ་བསྙེན་གྱི་དབང་དུ་བྱས་པའི་སྤང་བྱ་ནི་གཉིས་ཏེ། རྩ་བ་དང༌། ཡན་ལག་གོ །དང་པོ་ནི་བཞི་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བའོ། །བྱེ་བྲག་ཚངས་སྤྱོད་ཀྱི་དགེ་བསྙེན་ཡིན་ན་མི་ཚངས་པར་སྤྱོད་པ་རིལ་གྱིས་སྤོང་བ་རྩ་བ་ཉིད་དོ། །འདི་དག་ལ་ཡུལ་གྱི་ཡན་ལག་ཏུ་ཕལ་ཆེར་མི་ཡིན་པ་དགོས་ལ། དེ་མ་ཚང་ན་རྩ་བར་གཏོགས་པའི་ཉེས་པ་ཡིན་ཀྱང་རྩ་བ་དངོས་མིན་པས་སྡོམ་པ་ཉམས་པར་མི་འགྱུར་རོ། །ཡན་ལག་ལ་དངོས་དང་ཕྱོགས་མཐུན་གཉིས་ལས། དང་པོ་ནི། མྱོས་འགྱུར་འཐུང་བ་གཅིག་པུ་སྟེ་དགེ་བསྙེན་གྱི་བསླབ་བྱ་བརྗོད་པ་ན་ཡན་ལག་གི་ཉེས་པ་འདི་ལས་གཞན་མ་བཤད་པའི་ཕྱིར། ཕྱོགས་མཐུན་ནི། མི་དགེ་བ་ལྷག་མ་གསུམ་ཀུན་སློང་གི་ཉོན་མོངས་པ་དང་བཅས་བདག་ཀྱང་ཡིན་ཏེ། དེ་དག་ཀྱང་འགྱོད་སེམས་དང་སྡོམ་སེམས་ཀྱིས་ཕྱིར་འཆོས་དགོས་པའི་ཕྱིར། གལ་ཏེ་བཅས་རྐྱང་རྣམས་ཀྱི་ནང་ནས་ཆང་སྤོང་བ་ཁོ་ན་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་འཇོག་པ་ཅི་ཞེ་ན། དེ་མ་སྤངས་ན་བསླབ་པ་གཞན་རྣམས་བསྲུང་མི་ནུས་པ་ཡིན་ཏེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་སོ། །གཉིས་པ་དེའི་གསོ་སྦྱོང་ནི་བསྙེན་གནས་ཡན་ལག་བརྒྱད་པ་ལ་བྱ་བ་ཡིན་ཏེ། དེས་དགེ་བསྙེན་གྱི་བསླབ་བྱ་རྣམས་གསོ་ཞིང༌། སྤང་བྱ་རྣམས་སྦྱོང་བར་བྱེད་པའི་ཕྱིར། དཔེར་ན་དགེ་སློང་གི་གསོ་སྦྱོང་བཞིན་ནོ། །དེ་སྐད་དུ་ཡང༌། བཤེས་སྤྲིང་ལས། ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་རྩོལ་བར་བགྱིད། །ཅེས་སོ། །བསྙེན་གནས་འདི་ཡན་ལག་བརྒྱད་པོ་མ་ཚང་བར་ནོད་དུ་རུང་བ་ནི་མ་ཡིན་ཏེ། མཛོད་དུ། བསྙེན་གནས་ཡན་ལག་ཚང་བར་ནི། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་སོ། །འདི་ཡོངས་རྫོགས་དང་ཚངས་སྤྱོད་དགེ་བསྙེན་གྱིས་བླངས་པའི་ཚེ། སྡོམ་པ་རྫས་ལོགས་པ་ཤིག་སྐྱེའམ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་ལྟར་ན། གཟུགས་ཅན་དུ་སྐྱེ་བའི་རྒྱུ་མཚན་གྱིས་རྫས་ལོགས་པར་སྐྱེ་བ་མི་འགལ་ཡང༌། ངོ་བོ་སེམས་པར་འདོད་པའི་ལུགས་ལ་དེ་ལྟར་སྐྱེ་བ་མ་ཡིན་ཏེ། རྩ་བ་བཞི་ཇི་སྲིད་འཚོའི་བར་དུ་སྤོང་བའི་སེམས་པ་དང༌། ཉིན་ཞག་གཅིག་ལས་ལྷག་པར་མི་སྲུང་བའི་སེམས་པ་ནི་ཚ་གྲང་ལྟར་ལྷན་ཅིག་ཏུ་མི་གནས་པའི་ཕྱིར་རོ། །དེས་ན་དེ་འདྲ་དེ་ལ་སྡོམ་པའི་རྩ་བ་ལོགས་སུ་བླངས་པ་མེད་དོ། །འོ་ན་དེས་ཡན་ལག་བརྒྱད་ཚང་མར་ནོད་པ་མི་འཐད་དོ་ཞེ་ན། འགལ་བ་མེད་དེ། དེས་རྩ་བ་བཞི་སྤངས་པའི་སྡོམ་པ་མ་བླངས་ཀྱང༌། རྩ་བའི་ཆར་གཏོགས་པ་དག་སྤོང་བར་ཁས་བླངས་པ་ན་ཡན་ལག་བརྒྱད་ཚང་བར་འཇོག་པའི་ཕྱིར། དཔེར་ན་ཡོངས་རྫོགས་དགེ་བསྙེན་གྱི་སྲོག་གཅོད་སྤོང་བའི་སྡོམ་པ་ནི་ཇི་སྲིད་འཚོ་བར་དུ་མིའི་འགྲོ་བ་པ་མི་གསོད་པར་དམ་བཅས་པ་ལས་ཐོབ་པ་ཡིན་ལ། བསྙེན་གནས་ཀྱི་ཡན་ལག་ནི། ཉིན་ཞག་གཅིག་གི་བར་དུ་སྲོག་གཅོད་ཙམ་སྤངས་པས་འཐོབ་པ་བཞིན་ནོ། །དེ་ལྟ་མོད་ཀྱི། འདི་ལ་སྡོམ་པ་མི་སྲིད་པ་ནི་མ་ཡིན་ཏེ། སྔར་དགེ་བསྙེན་གྱི་སྡོམ་པ་ཡེ་མ་བླངས་པའམ། སྣ་གཅིག་ཙམ་ཞིག་བླངས་པ་དེས་བསྙེན་གནས་འདི་བླངས་པའི་ཚེ་ཉིན་ཞག་གཅིག་པའི་སྡོམ་པ་སྐྱེ་བའི་ཕྱིར་རོ། །རབ་ཏུ་བྱུང་བའི་སྡོམ་ལྡན་གྱིས་ནི་འདི་བླང་བྱ་མ་ཡིན་པར། སངས་རྒྱས་དྲིན་ལན་བསབ་པའི་མདོ་དང་སྨན་བླ་དང༌། དྲི་མེད་ཀྱི་ཆོ་ག་ལས་བཤད་ཅིང༌། དེ་ལྟར་རིགས་པས་གྲུབ་པ་ཡང་ཡིན་ཏེ། དགེ་ཚུལ་ལེན་པའི་དུས་སུ་རྩ་བ་བཞིའི་ཆར་གཏོགས་པ་དང་བཅས་པ་ཇི་སྲིད་འཚོའི་བར་དུ་བླངས་ཟིན་པས། དེ་ལས་ལྷག་པ་ཅིག་ཉིན་ཞག་གི་བར་དུ་ལེན་རྒྱུ་མ་དམིགས་པའི་ཕྱིར། དགེ་བསྙེན་ལ་ནི་མི་མཚུངས་ཏེ། དེའི་དུས་སུ་སྲོག་གཅོད་ཀྱི་སྦྱོར་བ་དང༌། ཡན་ལག་མ་ཚང་བའི་དངོས་གཞི་ལྟ་བུ་ཁས་བླངས་པ་མེད་པའི་ཕྱིར་དང༌། ཡོད་ན་དེ་དག་དགེ་བསྙེན་གྱི་བླངས་འདས་སུ་ཐལ་བ་ལས། དེ་དག་ལ་བླངས་འདས་ཀྱི་རྣམ་པར་བཞག་པ་ནི་རབ་བྱུང་མ་ཡིན་པ་ལ་བཤད་པ་མེད་པའི་ཕྱིར་རོ། །གཉིས་པ་དགེ་ཚུལ་གྱི་བསླབ་བྱ་ལ་གཉིས་ཏེ། རབ་ཏུ་བྱུང་བ་ཙམ་གྱི་དང༌། བྱེ་བྲག་དགེ་ཚུལ་ཉིད་ཀྱི་བསླབ་བྱ་ལ་ཇི་ལྟར་སློབ་པའོ། །དང་པོ་ནི། སྤྱིར་རབ་ཏུ་བྱུང་བ་ཙམ་ནི་སྡོམ་པའི་ངོ་བོར་བཤད་པ་མ་ཡིན་ཏེ། བར་མ་ཡང་དག་པར་བླངས་པ་ཞེས་འབྱུང་བས་སྡོམ་པ་དང་སྡོམ་མིན་གང་རུང་དུ་མ་གཏོགས་པའི་བར་མ་ཉིད་དུ་འཆད་དགོས་པའི་ཕྱིར། ངོ་བོ་ནི། བྱེ་སྨྲ་ལྟར་ན། ཁྱིམ་པ་དང་རབ་བྱུང་གི་རྟགས་སྤོང་ལེན་བྱེད་པར་ཁས་བླངས་པ་ལས་བྱུང་བའི་རིག་བྱེད་མ་ཡིན་པའི་གཟུགས་ཤིག་ཏུ་འདོད་ལ། ཐེག་པ་ཐུན་མོང་བ་ལྟར་ན་དེ་ལྟར་ཁས་བླངས་པའི་སེམས་པའོ། །འདིའི་མེད་ན་མི་འབྱུང་བའི་རྒྱུ་ལ་མཁན་པོར་གསོལ་བ་བཏབ་པ་ཞིག་དགོས་ཤིང༌། དུས་ཇི་སྲིད་འཚོ་བ་ལས་གཞན་མ་བཤད་དོ། །འདིའི་དུས་སུ་བླངས་པས་ཐོབ་པའི་བསླབ་བྱ་ནི་གསུམ་སྟེ། ཁྱིམ་པའི་ཕྱི་རོལ་གྱི་རྟགས་སྤོང་བ་དང༌། རབ་ཏུ་བྱུང་བའི་ཕྱི་རོལ་གྱི་རྟགས་ཡང་དག་པར་བླངས་པ་དང༌། མཁན་པོར་གསོལ་བཏབ་མ་ཉམས་པའོ། །དང་པོ་གཉིས་ནི་གོ་བར་ཟད་ལ། གསུམ་པ་ནི་གནས་དང་གནས་པའི་ཚུལ་ཁྲིམས་ལས་ཉམས་པ་སྟེ། ཇི་སྐད་དུ། གཉིས་ཀ་ལ་མི་ལྟོས་པའི་འདུ་ཤེས་སྐྱེས་པ་ནི། གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ། །ཞེས་འབྱུང་བ་ལྟར་རོ། །འདིའི་དོན་ཀྱང༌། ཇི་སྐད་དུ། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་པ་ལྟར་མཁན་པོ་ཞུ་བྱར་ཡོད་བཞིན་དུ་མ་ཞུ་བ་དང་སློབ་པ་བློས་བཏང་བ་ལ་བྱ་བ་ཡིན་གྱི། ཕན་ཚུན་རྒྱུད་དཀྲུགས་པའི་སྒོ་ནས་འགལ་དགོས་པ་ནི་མ་ཡིན་ནོ། །བར་མ་རབ་བྱུང་ཙམ་ལ་གནས་པ་དེས་རྩ་བ་བཞི་ཡན་ལག་ཚང་བར་སྤྱད་ཀྱང༌། ཁྱིམ་པས་སྤྱད་པ་དང་འདྲ་བར་རང་བཞིན་ཁོ་ནར་འགྱུར་གྱི། བཅས་པ་དང་འགལ་བར་མི་འགྱུར་ཏེ། དེ་ལྟར་ཁས་བླངས་པ་མེད་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་རྟགས་ཇི་སྲིད་འཚོ་བར་དུ་སྤངས་པ་ཁོ་ནར་མ་ཟད། བསམ་པ་ཐག་པས་ཁྱིམ་པའི་རྟགས་ཉིན་རེ་ཙམ་བླང་ནའང་བར་མ་དེ་ཉིད་གཏོང་བ་ཡིན་ཏེ། མཛོད་དུ། བར་མའི་གཏོང་རྒྱུ་འཆད་པ་ན། །བར་མ་ཤུགས་བླངས་བྱ་བ་དང༌། །དོན་ཚེ་རྩ་བ་ཆད་པ་ལས། །ཞེས་གསུངས་པས་སོ། །གཉིས་པ་དགེ་ཚུལ་ཉིད་ཀྱི་བསླབ་བྱ་ལ། གཉིས་ཏེ། སྤང་བྱ་ལྡོག་པའི་ཚུལ་ཁྲིམས་དང༌། ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་སོ། །དང་པོ་ལ་གཉིས་ཏེ། བླངས་འདས་དངོས་བསྲུང་བའི་ཚུལ་དང༌། བསྡམ་བྱའི་ཉེས་བྱས་བསྲུང་བའི་ཚུལ་ལོ། །དང་པོ་ལ། རབ་བྱུང་དང༌། དགེ་ཚུལ་གྱི་དུས་སུ་བླངས་པ་དངོས་ནི། རགས་པར་རྩིས་ན་བཅུ་གསུམ་དང༌། ཞིབ་མོར་རྩིས་ན་སུམ་ཅུ་རྩ་གསུམ་མོ། །དང་པོ་ལ་གཉིས་ལས། དགེ་ཚུལ་དུ་ཁས་བླངས་པའི་དུས་སུ་ཐོབ་པ་བཅུ་ནི། ཚིག་ལེའུར་བྱས་པ་ལས། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་བཅོས་པའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བ་སྟེ། །ཞེས་པའོ། །རབ་བྱུང་གི་དུས་སུ་བླངས་པས་ཐོབ་པ་གསུམ་ནི། ཁྱིམ་པའི་རྟགས་སྤོང་བ་དང༌། མུ་སྟེགས་ཅན་གྱི་རྟགས་སྤོང་བ་དང༌། བླ་མར་གསོལ་བ་བཏབ་པ་ལས་ཉམས་པ་སྤང་བའོ། །དང་པོ་བཅུ་ནི་གཉིས་སུ་འདུ་སྟེ། རྩ་བ་དང༌། ཡན་ལག་གོ །ཅིའི་ཕྱིར་རྩ་བ་ཞེས་བྱ་ན། བཞི་པོ་འདི་བསྲུངས་ན་ཚུལ་ཁྲིམས་སུ་འགྱུར་ཞིང༌། མ་སྲུངས་ན་ཚུལ་ཁྲིམས་འཆལ་པར་འགྱུར་བས་སོ། །ཅིའི་ཕྱིར་ཡན་ལག་ཅེས་བྱ་ན། རྩ་བ་བཞི་པོ་དེ་སྲུང་བའི་ཐབས་སུ་གྱུར་པས་ན་དེ་ཞེས་བྱ་ལ། དེ་ཡང་ཆང་སྤོང་བ་ནི་བག་ཡོད་པའི་ཡན་ལག་དང༌། གཞན་རྣམས་ནི་བརྟུལ་ཞུགས་ཀྱི་ཡན་ལག་ཏུ་འཇོག་པ་ཡིན་ཏེ། ཆང་གིས་དྲན་པ་ཉམས་པ་དང༌། གར་སོགས་ཀྱིས་དྲེགས་པ་སྐྱེ་བ་དང༌། གསེར་དངུལ་ལེན་པ་ནི་བསོག་འཇོག་གི་རྩ་བར་གྱུར་པའི་ཕྱིར། དེ་ལྟར་བཅུ་གསུམ་པོ་གོ་རིམ་བཞིན་དུ་ངོས་བཟུང་བར་བྱ་བ་ལ། དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ནི་ཉེས་བྱས་ཁོ་ནར་འདུས་པས་ཕམ་པ་དང་འདྲ་བའི་ཉེས་བྱས་དང༌། བཤགས་པར་བྱ་བའི་ཉེས་བྱས་དང༌། རབ་ཏུ་བྱུང་བ་ལས་ཉམས་པའི་ཉེས་བྱས་སོ། །དང་པོ་ལ་བཞི་ལས། སྲོག་གཅོད་ཀྱི་ཕམ་པ་དང་འདྲ་བའི་ཉེས་བྱས་ངོས་བཟུང་བ་ནི། ཇི་སྐད་དུ། གང་ཞིག་རང་བཞིན་གནས་ལ་བསླབ་བཅས་པས། །མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང༌། །བསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང༌། །མི་ཤི་རྨི་ལམ་མ་གཏོགས་དེ་རླག་འགྱུར། །ཞེས་སོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་དང་འདྲ་བའི་ཉེས་བྱས་ནི། ཇི་སྐད་དུ། དགེ་ཚུལ་གང་ཞིག་རྐུ་བའི་སེམས་ཀྱིས་སུ། །མི་ཡི་རྫས་སུ་འདུ་ཤེས་མི་གཞན་ནོར། །མ་བྱིན་རིན་ཐང་ཚང་བ་བདག་གིར་བྱས། །དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པ། །བསམ་པ་དེ་ཉིད་སྦྱོར་བ་གཅིག་པུ་ཡིས། །བདག་གི་དོན་དུ་རྐུ་ན་དེའི་གནས་དང༌། །དུས་ཀྱི་རིན་ཐང་དབང་གིས་དེ་བསྙིལ་བྱ། །ཞེས་སོ། །གསུམ་པ་མི་ཚངས་པར་སྤྱོད་པའི་ཕམ་པ་དང་འདྲ་བའི་ཉེས་བྱས་ནི། ཇི་སྐད་དུ། གང་ཞིག་འཇིགས་མེད་ངོ་ཚ་མེད་ཆགས་ཕྱིར། །ཡན་ལག་ཆ་ཀུན་གཟུང་བར་བཟོད་པ་ཡི། །ལམ་ནི་གཞུག་ཏུ་རུང་དང་མ་ཉམས་པའི། །པགས་པ་སྦུ་གུ་ཁ་དང་སོ་ལས་ཕར། །ནོར་བུ་ནད་མེད་ལས་རུང་དྲུད་ནས་ནི། །ཆགས་པས་རེག་པའི་བདེ་བ་མྱོང་དེ་ཉམས། །ཞེས་སོ། །བཞི་པ་བརྫུན་དུ་སྨྲ་བའི་ཕམ་པ་དང་འདྲ་བའི་ཉེས་བྱས་ནི། ཇི་སྐད་དུ། གང་ཞིག་བླ་མ་བརྗོད་བློས་མི་ཆོས་ལས། །བླ་མ་ཞེས་བྱ་དེ་བདག་ལ་ཡོད་ཅེས། །མི་ལ་རྫུན་ཟེར་གཞན་གྱིས་གོ་ན་ནི། །མངོན་པའི་ང་རྒྱལ་མ་གཏོགས་ཏེ་བསྙིལ་བྱ། །ཞེས་སོ། །རྩ་བ་བཞི་པོ་ལས་གསུམ་ལ་ནི་དོན་དང་མཐུན་པའི་འདུ་ཤེས་གཙོ་ཆེ་ལ། མི་ཚངས་སྤྱོད་ལ་ནི་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད། །ཅེས་སོ། །འདུ་ཤེས་གཙོ་ཆེ་བ་ལ་ཁྱད་པར་ཇི་ལྟ་བུ་དགོས་ཤེ་ན། ཇི་སྐད་དུ། འདུ་ཤེས་གཙོ་ལ་དོན་ཉིད་ཇི་བཞིན་ན། །ལྟུང་རྫོགས་དོན་ཉིད་ཇི་བཞིན་མིན་ན་ཆུང༌། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་བཞག །ཅེས་སོ། །གཉིས་པ་བཤགས་པར་བྱ་བའི་ཉེས་བྱས་ལ་དྲུག་ལས། དང་པོ་མྱོས་འགྱུར་འཐུང་བའི་ཉེས་པ་ནི། ཇི་སྐད་དུ། གང་ཞིག་མྱོས་འདུས་ཤེས་པས་མྱོས་འཐུང་བ། །འཐུངས་ལ་མྱོས་པས་ཉེས་བྱས་ཉིད་ཡིན་ནོ། །ཞེས་བཤད་པ་དེ་ཉིད་ཡིན་ལ། དེ་ལྟ་བུའི་ཡན་ལག་རྣམས་མ་ཚང་བ་ལ་ནི་འདིར་བསྟན་གྱི་ཉེས་བྱས་དངོས་གཞིར་མི་འགྱུར་ཡང༌། འདིའི་ཆར་གཏོགས་ཀྱི་ཉེས་པར་འགྱུར་བ་དག་ཡོད་དེ། ཇི་སྐད་དུ། མྱོས་འགྱུར་རྩ་མཆོག་གིས་ཀྱང་བཏུང་བྱ་མིན། །ཞེས་དང༌། ཆུར་རྩི་དང་ནི་སྦང་མ་ཟ་བྱེད་ལས། །དེ་དང་འདྲ་བར་ཉེས་བྱས་རྡོ་རྗེས་འཇོམས། །ཞེས་སོ། །གཉིས་པ་གར་སོགས་ཀྱི་ཉེས་བྱས་ནི། ཇི་སྐད་དུ། བྲོ་གར་གླུ་དང་རོལ་མོའི་སྒྲ་ཡང་རུང༌། །བརྟུལ་ཞུགས་ཅན་གྱིས་རང་ངམ་གཞན་བྱ་མིན། །འདི་འདིར་འཁོར་བ་ལ་ཆགས་རྒྱུ་ཡིན་ནོ། །འོན་ཀྱང་གལ་ཏེ་བྱེད་ན་ཉེས་བྱས་འགྱུར། །ཞེས་སོ། །གསུམ་པ་ཕྲེང་སོགས་ཀྱི་ཉེས་བྱས་ནི། ཇི་སྐད་དུ། གང་ཞིག་སྦོས་བྱུག་མེ་ཏོག་ཕྲེང་བའམ། །དེ་བཞིན་ལུས་མདོག་ཁ་དོག་བྱ་བ་དག །མི་གཙང་སྣོད་ཀྱི་ལུས་ལ་འཆང་བྱེད་ན། །རྨོངས་པ་དེ་ནི་ཉེས་བྱས་ཉིད་ཀྱིས་གཟིར། །ཞེས་སོ། །བཞི་པ་མལ་ཆེན་མཐོ་ལ་བརྟེན་པའི་ཉེས་བྱས་ནི། ཇི་སྐད་དུ། མལ་ཆེན་མཐོན་པོ་དག་ལ་ཉལ་བྱེད་པ། །ཉེས་བྱས་བཀྲ་མི་ཤེས་པས་ངེས་པར་གཟིར། །ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན། །རིན་ཆེན་ལ་སོགས་རྐང་པ་སྦྲས་ཆེན་ཡིན། །ཞེས་སོ། །ལྔ་པ་ཕྱི་དྲོའི་ཁ་ཟས་ཟ་བའི་ཉེས་བྱས་ནི། ཇི་སྐད་དུ། རང་གླིང་སྐྱ་རེང་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་པར་འདི་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །ཞེས་སོ། །དྲུག་པ་གསེར་དངུལ་ལེན་པའི་ཉེས་པ་ནི། ཇི་སྐད་དུ། དངུལ་དང་གསེར་གྱི་རྣམ་པ་ལེན་བྱེད་ན། །ཉེས་བྱས་འགྱུར་རོ་གོས་དང་རྒྱགས་ཕྱིར་དང༌། །ལུས་ཀྱི་ཕྱིར་དང་དེ་བཞིན་སྨན་ཕྱིར་དང༌། །ཆོས་དང་ལྡན་པའི་ཕྱིར་ནི་ཉེས་པ་མེད། །ཅེས་སོ། །གཉིས་པ་རབ་བྱུང་གི་དུས་སུ་བླངས་པ་ལས་འདས་པའི་ཕྱོགས་མཐུན་ནི། ཇི་སྐད་དུ། ཁྱིམ་པའི་རྟགས་ནི་སྤང་བར་སྨྲས་པ་ན། །དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། །ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང༌། །ཞེས་སོགས་དང༌། སྡོམ་བརྩོན་རྟགས་ནི་ཁས་བླངས་བརྗོད་པ་ན། །དེར་གཏོགས་ཉམས་པའི་ཕྱོགས་མཐུན་སྤང་བྱ་སྟེ། །དཔེར་ན་མུ་སྟེགས་རྟགས་ནི་ཐོགས་པ་དང༌། ཞེས་སོགས་དང༌། ཇི་སྐད་དུ། བླ་མར་གསོལ་བཏབ་ཉམས་པའི་ཕྱོགས་མཐུན་ནི། །རང་གི་བླ་མར་མ་གུས་དེ་ཡིན་པས། །བདག་གི་འདོད་པས་ཕ་ལྟར་རབ་བསྟུག་དང༌། །གུས་པ་བྱས་ཏེ་བླ་མར་རིམ་གྲོ་བྱ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གལ་ཏེ་འོ་ན་རབ་བྱུང་གི་བླངས་པ་དངོས་དང་ཁྱད་པར་ཅི་ཡོད། ཁྱད་པར་མེད་ན་ནི་དགེ་ཚུལ་གྱི་བླངས་འདས་སུ་འཆད་པ་མི་འཐད་ལ། ཡོད་ན་ཁྱད་པར་དེ་ཉིད་གང་ཞེ་ན། ཁྱད་པར་ཡོད་པའི་ཚུལ་ནི་འདི་ལྟར། རབ་བྱུང་གི་སྡོམ་པ་མ་བླངས་པར་རབ་བྱུང་བར་མ་ཙམ་ཞིག་བླངས་པ་དེ་ནི་བཤད་མ་ཐག་པའི་བར་མ་ཡང་དག་པར་བླངས་པའི་ཕྱོགས་མཐུན་རྣམས་སྤོང་དགོས་པ་མ་ཡིན་གྱི། བར་མའི་དུས་སུ་བླངས་པ་དངོས་གསུམ་པོ་དེ་ཉིད་བསྲུངས་པས་ཆོག་ལ། དགེ་ཚུལ་གྱིས་ནི་བར་མའི་དུས་སུ་བླངས་པ་དངོས་གསུམ་པོ་དང༌། དེའི་ཕྱོགས་མཐུན་གཉིས་ཀ་བསྲུང་དགོས་པའི་ཁྱད་པར་ཡོད་དོ། །དངོས་དང་ཕྱོགས་མཐུན་གྱི་ཁྱད་པར་ཅི་ཞེ་ན། ཕྱོགས་མཐུན་ནི། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས་རྒྱས་པར་འབྱུང་བ་དེ་ཉིད་ཡིན་ལ། དངོས་ནི་བར་མ་རབ་བྱུང་གཏོང་བྱེད་ཀྱི་རྒྱུར་གོང་དུ་བཤད་ཟིན་པ་དེ་ཉིད་དོ། །ཕྱོགས་མཐུན་རྣམས་ནི་བར་མ་གཏོང་བྱེད་མ་ཡིན་ཏེ། བཤགས་བྱའི་ཉེས་བྱས་སུ་བཤད་པས་སོ། །སྔ་མ་ཁ་ཅིག སྐྱབས་འགྲོ་ཁས་བླངས་པ་དེ་བར་མ་ཡང་དག་པར་བླངས་པ་གསུམ་གྱི་གྲངས་སུ་བགྲངས་ནས་དགེ་ཚུལ་གྱི་བླངས་འདས་སུ་འཆད་པ་ཡོད་ཀྱང༌། སུམ་བརྒྱ་པར་གོང་དུ་སྨོས་པ་གསུམ་པོ་ཉིད་ལས་གཞན་བཤད་པ་མེད་དོ། །སྤྱིར་ནི་སྐྱབས་འགྲོ་ཁས་བླངས་པ་ལ་གསུམ་སྟེ། དགེ་བསྙེན་གྱི་དུས་སུ་དང༌། རབ་བྱུང་གི་དུས་སུ་དང༌། དགེ་ཚུལ་གྱི་དུས་སུ་ཐོབ་པའོ། །གསུམ་ཀ་ཡང་བར་མ་ཉིད་དུ་རིགས་ཀྱི་སྡོམ་པར་ནི་མི་འཇོག་སྟེ། དགེ་བསྙེན་སོགས་གསུམ་པོ་གང་དུའང་མི་རུང་བའི་ཕྱིར། དེས་ན་འདིའི་འགལ་ཟླ་ནི་སྐྱབས་འགྲོ་ཉིད་ཀྱི་མི་མཐུན་པའི་ཕྱོགས་སུ་གཞག་པར་བྱ་བ་ཡིན་གྱི། རབ་ཏུ་བྱུང་བ་ཉིད་ཀྱི་ཆ་ནས་མ་ཡིན་ནོ། །གཉིས་པ་རྒྱས་པར་ཕྱེ་བ་ནི། བོད་སྔ་མ་རྣམས་ཀྱི་གསུང་ལས། ཇི་སྐད་དུ། རྩ་བཞི་གསོད་གསུམ་གཞི་མེད་ནས། །སུན་འབྱིན་བར་ལྔ་ཤེས་བཞིན་གཤེ། །འཕྱང་དང་ཟས་ཅུང་ལྷག་མས་བསྐུར། །ཉེར་འཇོག་འབྲས་ཆེན་འགེབས་དང་ཆད། །གར་གསུམ་ཕྲེང་གསུམ་མལ་ཆེན་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་འཆད་དོ། །གཉིས་པ་བསྡམ་བྱའི་ཉེས་བྱས་བསྲུང་བའི་ཚུལ་ནི། མདོ་རྩ་བ་ལས། དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱིའོ། །ཞེས་གསུངས། དོན་ནི། དགེ་ཚུལ་གྱི་བླངས་པ་དངོས་རྣམས་ཀྱང་མ་ཡིན། ཉེས་མེད་དུ་བཤད་པ་རྣམས་ཀྱང་མ་ཡིན་པའི་བླངས་པ་དངོས་ཀྱི་ཕྱོགས་མཐུན་རྣམས་ལས་འདས་ན། ཉེས་པ་དེ་བཤགས་ཡུལ་ལ་མི་ལྟོས་པར་ཡིད་ཀྱིས་བསྡམ་པ་ཙམ་གྱིས་འདག་ཅེས་པའོ། །ཉེས་མེད་དུ་བཤད་པ་གང་ཞེ་ན། བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ལས། འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་རྐོ་བ་དང༌། །རིན་ཆེན་རེག་དང་མེ་ལ་རེག །བཏད་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང༌། །རྩ་སྔོན་མི་རྩང་འདོར་བ་དང༌། །དེ་བཞིན་བསོག་འཇོག་ཟ་བ་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །ས་བོན་འཇོམ་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོར་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་འཆང་བ་ལ་གཉིས་སུ་ཕྱེ་ནས་ཉེས་མེད་བཅུ་གསུམ་གསུངས་སོ། །ལུང་འདི་དང་སུམ་བརྒྱ་པ་རྩ་འགྲེལ་གྱི་དངོས་བསྟན་ལྟར་ན། བླངས་པ་དངོས་ནི་བཅུ་པོ་ཉིད་ཡིན་ལ། དེའི་ལྷག་མ་ཉིས་མེད་དུ་བཤད་པ་རྣམས་མ་གཏོགས་གཞན་ཐམས་ཅད་ཕྱོགས་མཐུན་ཁོ་ནར་ངེས་སོ། །འདི་ཉིད་རིགས་པ་ཡིན་ཏེ། བླངས་པ་ལས་འདས་པ་དངོས་སུ་འགྱུར་བ་ལ་རྒྱུ་དུས་གང་རུང་གི་ཀུན་སློང་བཅུ་པོ་དང་འདྲ་བ་ཁོ་ན་དགོས་པར་རིགས་པས་སོ། །དེས་ན་རགས་པ་བཅུ་པོའི་དངོས་གཞི་ཁོ་ནར་མ་ཟད་བཅུ་པོའི་ཀུན་སློང་གིས་བསླང་བའི་སྦྱོར་བ་དང་ཡན་ལག་མ་ཚང་བའི་དངོས་གཞི་རྣམས་ཀྱང་བླངས་པ་དངོས་ལས་འདས་པའོ། །འོ་ན་ཉེས་མེད་བཅུ་གསུམ་པོ་དེར་ངེས་སམ་ཞེ་ན། བོད་སྔ་མ་རྣམས་རུང་མཐུན་དྲུག་སྦྱར་ནས་ཉེས་མེད་བཅུ་དགུར་བཞེད་པ་ཡིན་ཏེ། ཇི་སྐད་དུ། ཟླ་འཇོག་བསོག་འཇོག་དགོན་པར་འབྲལ། །མ་སྨྲས་འདུན་བསྒྱུར་མ་རྫོགས་ཉལ། །ཞེས་པའོ། །གཉིས་པ་ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་ལ། གསུམ་སྟེ། ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་མ་ཉམས་པའི་སྒོ་ནས་ཚུལ་ཁྲིམས་བསྲུང་བའི་ཚུལ་དང༌། བསླབ་པ་ཡོངས་སུ་སྦྱང་བའི་སྒོ་ནས་བསྲུང་བའི་ཚུལ་དང༌། ཉམས་ན་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ནང་གི་རྒྱུ་དང༌། ཕྱིའི་རྐྱེན་ནོ། །དང་པོ་ནི། རྒྱུ་དུས་ཀྱི་ཀུན་སློང་ངེས་འབྱུང་གི་བསམ་པ་དང༌། དེ་དུས་ཀྱི་ཀུན་སློང་དྲན་པ་དང་བག་ཡོད་པ་རྣམས་དང་མ་བྲལ་བར་བྱ་དགོས་པ་ཡིན་ཏེ། ངེས་འབྱུང་གི་བསམ་པས་ཐར་པ་དོན་གཉེར་གྱི་བློ་དང་མི་འབྲལ། བག་ཡོད་པས་དུག་གསུམ་མངོན་གྱུར་པ་དང་མི་མཐུན་པར་བྱེད། དྲན་པས་བླང་དོར་གྱི་གནས་རྣམས་མི་བརྗེད་པར་འཛིན་པས་སོ། །དེ་སྐད་དུ་ཡང༌། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང༌། །ཞེས་དང༌། མདོ་རྩ་བར། བསྒྲུབ་པར་བྱ་བ་ཐབས་བརྗོད་པ་དང་བཅས་པ་ཡང་ངོ༌། །ཞེས་དང༌། ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ། །ཞེས་གསུངས་སོ། །གཉིས་པ་ཕྱིའི་རྐྱེན་བསྟེན་པའི་ཚུལ་ལ་གཉིས་ཏེ། གནས་ཀྱི་བླ་མའི་མཚན་ཉིད་དང༌། དེ་ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་ནི་བླ་མར་བསྔགས། །ཞེས་གསུངས། སྤྱིར་དགེ་ཚུལ་དང་དགེ་སློང་གི་གནས་ཀྱི་བླ་མ་ལ་མཚན་ཉིད་སོ་སོ་བ་མེད་དེ། བརྟན་མཁས་གཉིས་ཀ་དང་མི་ལྡན་ན་དགེ་ཚུལ་ཉེ་བར་འཇོག་པ་མི་དབང་བའི་ཕྱིར། བརྟན་མཁས་དང་ལྡན་ཀྱང་དགེ་ཚུལ་གཅིག་ལས་ལྷག་པ་འཇོག་པར་མ་གསུངས་སོ། །དེའི་ཕྱིར་དགེ་སློང་གཏན་མེད་པ་དང༌། ཡོད་ཀྱང་བརྟན་མཁས་དང་ལྡན་པ་མེད་པའི་སར་དགེ་ཚུལ་གྱི་ཚོགས་འབའ་ཞིག་གནས་པ་དང༌། དགེ་ཚུལ་གྱི་འདུལ་བ་མ་ལུས་པ་ཤེས་ཀྱང༌། གནས་ལ་མ་རྟེན་པར་འདུག་པས་ཆོག་པ་སོགས་ནི་གསུང་བ་མེད་ཅིང༌། ངེས་པར་བླ་མ་ལ་བརྟེན་དགོས་ཏེ། གང་ཟག་རང་དབང་ཅན་མ་ཡིན་པའི་ཕྱིར། དེ་བཞིན་དུ་སྤྱིར་བཏང་ལ་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་འབའ་ཞིག་པར་གནས་ཆོག་པའི་བཤད་པ་ཡང་ཡོད་པ་མ་ཡིན་ཏེ། ལོ་ཉི་ཤུ་ལོན་ནས་ངེས་པར་རྫོགས་དགོས་པ་ཉིད་དུ་བཤད་པའི་ཕྱིར། དེས་ན་དགེ་འདུན་གྱི་སྡེ་གང་དུ་གནས་པའི་ས་ཕྱོགས་སུ་དགེ་སློང་མེད་པ་ལྟ་ཅི་སྨོས། རབ་ཏུ་བྱུང་བ་གཞན་ལས་དགེ་སློང་ཉུང་བ་ནི་ངེས་པར་རུང་བ་མ་ཡིན་ཏེ། འདུལ་བ་ལས་དེ་རུང་བར་གསུངས་པ་མེད་པའི་ཕྱིར་དང༌། གནས་ཀྱི་བླ་མ་ལ་མ་རྟེན་པའི་དགེ་ཚུལ་རང་དབང་དུ་གནས་པ་ནི་མི་རུང་ལ། བླ་མ་གཅིག་གི་འཁོར་དུ་ལྷན་ཅིག་གནས་པའི་དགེ་སློང་གི་ཚོགས་ནི་མང་པོ་དག་རུང་ཞིང༌། དགེ་ཚུལ་ནི་གཅིག་ལས་ལྷག་པ་བཞག་ཏུ་མི་རུང་བའི་ཕྱིར། གཅིག་པུ་དེ་ལ་ནི་ཉེ་གནས་ཞེས་བྱའི། ལྷན་ཅིག་གནས་པ་ཞེས་ནི་མི་བྱ་སྟེ། ནུབ་གསུམ་ལས་ལྷག་པར་ལྷན་ཅིག་ནས་སུ་མི་རུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སློབ་མའི་མཚན་ཉིད་དང༌། དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡོངས་དག་དང༌། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང༌། །གྲིམས་ཤིང་དུ་ལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །གཉིས་པ་ལ་གཉིས་ཏེ། བྱ་བ་ཞུ་བའི་ཚུལ་དང༌། བསྙེན་བཀུར་དང༌། བཀུར་བསྟི་བྱ་བའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། བཤང་དང་གཅི་དང་སོ་ནི་དག་བྱ་དང༌། །མཚམས་ཀྱི་ནང་དུ་རྒྱལ་ལ་ཕྱག་བྱ་དང༌། །ཆུ་དག་བཏུང་བ་དག་ནི་མ་གཏོགས་པ། །ཐམས་ཅད་དྲིས་ནས་བྱ་བ་ཡིན་པར་གསུངས། །ཞེས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ནི། བླ་མ་དག་ལ་བསྙེན་བཀུར་བྱེད་པས་ནི། །ཟས་སྐོམ་ལ་སོགས་ཞིམ་པོ་ཀུན་ཀྱང་འབུལ། །ཞེས་སོ། །གཉིས་པ་བཀུར་བསྟི་ནི། བདག་ཉིད་འདོད་པས་ཕ་ལྟར་རབ་བསྟུག་དང༌། །གུས་པ་བྱས་ཏེ་བླ་མར་རིམ་གྲོ་བྱ། །ཞེས་སོ། །སྤྱིར་དགེ་ཚུལ་ཞེས་པ་ཤྲ་མ་ཎེ་རའི་སྒྲ་ལས་དྲངས་ན་བླ་མའི་བྱ་བས་ངལ་བ་ཞེས་འབྱུང་ལ། དེའི་བྱ་བ་བྱིན་ལེན་དང་རུང་བ་སོགས་བསྙེན་པར་མ་རྫོགས་པས་བྱ་དགོས་པ་ཐམས་ཅད། སྤྱིར་དགེ་ཚུལ་དང༌། བྱེ་བྲག་གང་ལ་བརྟེན་ནས་ཉེ་བར་གནས་པ་དེ་ཁོ་ནས་བྱེད་དགོས་པའི་ངེས་པ་མེད་དེ། དེ་ལ་མ་རྟེན་པའི་དགེ་ཚུལ་གཞན་དང༌། དགེ་བསྙེན་དང༌། ལྷ་འབངས་སོགས་གཞན་གྱིས་ཀྱང་དེ་དག་རུང་བའི་ཕྱིར། དེ་ལྟ་ན་ཡང༌། དགེ་ཚུལ་བླ་མ་ལ་མ་རྟེན་པར་གནས་པ་ནི་མི་སྲིད་ལ། གང་ལ་བརྟེན་པ་དེ་ལ་དགོས་པའི་བསྙེན་པར་མ་རྫོགས་པའི་བྱ་བ་རྣམས་ནི། གཞན་མེད་ན་དགེ་ཚུལ་དེ་ཁོ་ནས། ངེས་པར་བྱ་དགོས་པའི་རིས་སུ་གནས་པས་ན་བླ་མའི་བྱ་བས་ངལ་བ་ཞེས་བྱའོ། །དེ་ལྟར་བཤད་ན་གནས་དང་མཁན་པོའི་འོས་སུ་གྱུར་པའི་དགེ་སློང་རབ་ཏུ་མང་པོ་དག་སྲིད་པ་དེ་དག་གི་འཁོར་དུ་དགེ་ཚུལ་ཉེ་བར་བཞག་པ་མེད་ཀྱང༌། བསྙེན་པར་མ་རྫོགས་པས་བྱ་དགོས་པ་རྣམས་ནི་ཁྱིམ་པའམ་དགེ་ཚུལ་གཞན་ལ་བཅོལ་བས་འགྲུབ་པའོ། །གཉིས་པ་བསླབ་པ་ཡོངས་སུ་སྦྱོང་བའི་ཚུལ་ལ། གཞི་གསུམ་པ་ཇི་ལྟར་སློབ་པའི་ཚུལ་དང༌། བདེ་བར་གནས་པའི་རྐྱེན་བསྟེན་ཚུལ་ཇི་ལྟར་ཡོད་པའོ། །དང་པོ་ལ་གཉིས་ཏེ། དབྱར་དང༌། དགག་དབྱེ་ལུང་ལས་གསུངས་པ་བཞིན་བཤད་པ་དང༌། གསོ་སྦྱོང་བསྟན་བཅོས་མཁན་པོའི་རིགས་པས་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། དགེ་སློང་གི་དགེ་འདུན་དག་གིས་དབྱར་གནས་པར་ཁས་བླངས་པ་དེའི་ཚེ། དགེ་ཚུལ་ནི་མང་པོ་དག་གམ་གཅིག་ལས་མེད་ཀྱང༌། བླ་མ་གང་དུ་གནས་པའི་མཚམས་ནང་དེར་དབྱར་གནས་པར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། གྲོང་ལ་སོགས་པ་མིང་སྨོས་རིམ་པ་ཡིས། །དབྱར་དུ་དབྱར་གནས་དམ་ནི་བཅའ་བར་བྱ། །གལ་ཏེ་དེ་ནི་གཞན་དུ་འགྲོ་འགྱུར་ན། །ཞག་བདུན་བྱིན་གྱིས་བརླབས་ནས་འགྲོ་བར་བྱ། །ཞེས་སོ། །གཉིས་པ་དགག་དབྱེ་ནི། དགེ་ཚུལ་གྱི་དགག་དབྱེའི་ཆོ་ག་ལུང་ལས་དངོས་སུ་གསུང་བ་ལྟར་ལག་ལེན་གྱི་ཆོ་ག་ན་གསལ་བ་དང༌། རྒྱུ་དབྱར་གནས་ཡོད་ན་འབྲས་བུ་དགག་དབྱེ་འབྱུང་བར་རིགས་པ་ཉིད་ཀྱི་ཕྱིར་སྔགས་ཀྱི་ཆོ་ག་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་བར་བྱ་དགོས་ཏེ། དེ་ལྟར་མ་བྱས་ན་དགེ་ཚུལ་གྱི་བླངས་པའི་ཕྱོགས་མཐུན་གྱི་ཉེས་པར་བཤད་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱ་ཆེར་འགྲེལ་ལས། དབྱར་གནས་གཅིག་ཏུ་གནས་པ་དང༌། །གསོ་སྦྱོང་དགག་དབྱེར་བཅས་པ་དང༌། །དེ་ལ་སོགས་པ་དེ་ཡི་ནི། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །ཞེས་སོ། །གཉིས་པ་ནི། དགེ་ཚུལ་གྱི་གསོ་སྦྱོང་བྱ་བའི་སྔགས་དང་རིམ་པ་ལུང་ན་མི་བཞུགས་ཀྱང༌། དེ་ལ་དེར་དགོས་པའི་རིགས་པ་དང༌། སྔགས་ཀྱི་ཆོ་ག་ཇི་ལྟར་བྱེད་པ་གཉིས་འཆད་དགོས་པ་ལས། དང་པོ་ནི། ཇི་སྐད་དུ། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ཀྱང༌། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །དགག་དབྱེ་དག་པར་གོ་བར་བྱ་ཕྱིར་ཏེ། །དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་སོ། །གཉིས་པ་ནི། ཇི་སྐད་དུ། ཀྱེ་ཚིག་དག་ལ་བཙུན་པ་དགོངས་སུ་གསོལ། །དེང་འདིར་འཕགས་པའི་དགེ་འདུན་གསོ་སྦྱོང་ལགས། །དེ་ནི་དགེ་ཚུལ་བདག་གིའང་ལགས་ཏེ་བདག །ཡང་བདག་དག་པར་མཆིས་ཞེས་བྱ་སྔགས་ཡིན། །ཞེས་གསུངས་སོ། །འདི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་ཚིག་ཡིན་པར་འགྲེལ་པ་མཁན་པོ་དག་འཆད་དོ། །གཉིས་པ་ལ་བདེ་བར་གནས་པའི་རྐྱེན་ཇི་ལྟར་གནང་བ་དང༌། བསྟེན་ཚུལ་ལོགས་པ་མ་གསུངས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཆོས་གོས་གཉིས་ནི་རབ་བྱུང་གི་ཚེ་མེད་དུ་མི་རུང་བའི་ཚུལ་གྱི་གནང་བ་དང༌། དགེ་འདུན་དང་གང་ཟག་གི་གནས་མལ་ཁྱད་པར་ཅན་ལ་ལོངས་སྤྱོད་པའི་ཚེ་གདིང་བ་མེད་དུ་མི་རུང་བར་གསུངས་པ་དང༌། བསོད་སྙོམས་པས་ལྷུང་བཟེད་དང་གསིལ་བྱེད་ཀྱང་ངེས་པར་བཅང་དགོས་ཏེ། གཞན་དུ་ན་རབ་བྱུང་གི་རྟགས་ཉམས་པའི་ཕྱོགས་མཐུན་དུ་གསུངས་པའི་ཕྱིར། དེ་སྐད་དུ་ཡང༌། ལྷུང་བཟེད་གཉིས་ཏེ། ས་དང་ལྕགས་ལས་བྱས། །ལྷུང་བཟེད་གཞན་མིན་ཆུང་ཆེ་སྐྱ་བོ་མིན། །འཁར་སིལ་སྒྲ་དང་ལྡན་པར་བཅང་བྱ་སྟེ། །དེ་ནི་གོ་བྱེད་ཁྱི་སྐྲོད་ཡིན་པས་སོ། །ཞེས་སོ། །ཟས་དང་སྨན་ནི་སྦྱངས་པའི་ཡོན་ཏན་ཁས་བླངས་ན་སྨན་བཀུས་ཏེ་བོར་བ་དང༌། ཟས་བསོད་སྙོམས་པ་ཁོ་ནར་ངེས་ཤིང༌། དེ་ལས་གཞན་གྱི་ལྷག་པར་རྙེད་ན་མཐའ་གཉིས་སྤངས་ཏེ་ཇི་ལྟར་རྙེད་པ་བཞིན་བཅང་བ་དང་ལོངས་སྤྱད་པར་གསུངས་སོ། །གནས་མལ་ནི། དགེ་སློང་དང་མ་འབྲེལ་བའི་གནས་རང་དབང་ཅན་ནི་བཤད་པ་མེད་ལ། དེ་ལ་ལྟོས་པ་དང་བཅས་པའི་སར་རུང་བའི་ཁང་པར་བྱིན་གྱིས་བརླབས་པ་དང༌། གནས་ཁང་ཐ་དད་པའི་མཚན་ཉིད་ཚང་བ་ནི་དགེ་ཚུལ་གྱི་ཐུན་མོང་མ་ཡིན་པའི་གནས་སུ་བཤད་པ་ཙམ་མོ། །གཉིས་པ་ནི། དགེ་ཚུལ་དགེ་སློང་ལྟར་བདེ་བར་གནས་པའི་རྐྱེན། སྨན་དང༌། གོས་དང༌། གནས་མལ་གསུམ་ལོགས་པ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ་གོས་ཆང་འབྲལ་གྱི་བཅས་པ་མེད་པ་དང༌། ནད་པ་ཡིན་ཀྱང་སྨན་བྱིན་གྱིས་རླབ་མི་དགོས་པ་དང༌། དགེ་སློང་ལ་མ་ལྟོས་པར་སྤོང་ཁང་དང་གཙུག་ལག་ཁང་གསར་དུ་རྩིག་པ་སོགས་ཀྱི་བཅས་པ་མེད་པའི་ཕྱིར། གསུམ་པ་ལྟུང་བ་བྱུང་ན་ཕྱིར་བཅོས་པའི་ཚུལ་ལ་གཉིས་ཏེ། དགེ་ཚུལ་ཉིད་ཀྱི་ཕྱིར་བཅོས་ཇི་ལྟར་ཡིན་པ་དང༌། དེ་ལ་འཕྲོས་ནས་དགེ་བསྙེན་གྱི་ཕྱིར་བཅོས་ལ་དཔྱད་པའོ། །དང་པོ་ལ་ཉེས་པ་ནི། གཉིས་ཏེ། ཕྱིར་བཅོས་སུ་རུང་བ་དང༌། མི་རུང་བའོ། །དང་པོ་ལ་གསུམ་སྟེ། ཡིད་ཀྱིས་བསྡམས་པས་འདག་པ་དང༌། བཤགས་པས་འདག་པ་དང༌། ཆད་ལས་ཀྱིས་འཆོས་དགོས་པའོ། །དང་པོ་ནི་གོང་དུ་བསྡམ་བྱའི་ཉེས་བྱས་སུ་བཤད་མ་ཐག་པ་རྣམས་སོ། །གཉིས་པ་ནི་བཤགས་བྱའི་ཉེས་བྱས་སུ་བཤད་པ་རྣམས་སོ། །དེ་ཇི་ལྟར་བཤགས་པའི་ཚུལ་ནི། ཇི་སྐད་དུ། མཆོད་རྟེན་ཁྱམས་དག་ཅི་ནུས་བྱི་དོར་བྱ། །བདུག་པ་མེ་ཏོག་བཀྲམ་པ་བཀྲམ་བྱས་ཏེ། །རང་གི་རྒྱུད་བརྟགས་ཐོག་མར་སྡོམ་བརྩོན་གྱི། །མདུན་དུ་ལྟུང་བ་དག་ནི་བཤགས་པར་བྱ། །ཞེས་སོ། །གསུམ་པ་ནི། ཕམ་པ་དང་འདྲ་བའི་ཉེས་བྱས་ལ་འཆབ་སེམས་བྱུང་མ་བྱུང་གཉིས་ལས། འཆབ་མེད་ལ་ཆད་པའི་ལས་ཀྱིས་བསླབ་པ་དགེ་འདུན་ལ་ནོད་ནས་ཇི་སྲིད་འཚོའི་བར་དུ་སྤྱོད་དགོས་པ་ནི། དགེ་སློང་ལ་བཤད་པ་དང་འདྲ་བར་འགྲེལ་པ་མཁན་པོ་དག་འཆད་དོ། །འདི་བསྙེན་པར་རྫོགས་པ་མི་རུང་ཡང༌། མི་སྐྱེ་བ་ནི་མ་ཡིན་ཏེ། ཕམ་པ་འཆབ་མེད་ཅན་གྱིས་སྡོམ་པ་སླར་བླངས་ན་སྐྱེ་བ་ནི་བྱེ་བྲག་ཏུ་སྨྲ་བ་དག་གི་འདོད་པར་འཆད་དགོས་པས་སོ། །གཉིས་པ་འཆབ་བཅས་བྱུང་བ་ནི། བསྙིལ་བར་བྱ་བ་ཁོ་ན་ཡིན་གྱི། ལྟུང་བ་ཕྱིར་བཅོས་སུ་ཡོད་པ་མ་ཡིན་ཏེ། ལྟུང་བས་རྒྱུད་གསོར་མི་རུང་དུ་སོང་བའི་ཕྱིར། དེ་སྐད་དུ་ཡང༌། ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང༌། །འདིར་ནི་གསུམ་པ་ཚུལ་ཁྲིམས་འཆལ་པ་དག །འཐབ་མོ་སྤངས་ཏེ་གཎྜི་བརྡུངས་བྱས་ནས། །ཆུ་ཤིང་རུལ་བ་བཞིན་དུ་ངེས་བསྐྲད་བྱ། །ཞེས་སོ། །སྐྲོད་པའི་ཚེ་གཎྜི་བརྡུང་བའི་གོ་བ་ནི་སྐྲོད་པ་ལ་མཚམས་ནང་དེའི་དགེ་འདུན་ཐམས་ཅད་མཐུན་དགོས་པའི་དོན་ཏེ། མ་མཐུན་ན་དབྱེན་དུ་འགྱུར་བས་སོ། །དགེ་ཚུལ་གྱི་སྐབས་འདིར་བསྙིལ་བ་དང་སྐྲོད་པ་དོན་གཅིག་པ་ཁོ་ནར་མ་ངེས་ཏེ། སྡིག་ལྟ་མི་གཏོང་བའི་དགེ་ཚུལ་བསྙིལ་བར་གསུངས་ཀྱང་དེ་གནས་ཁང་ནས་སྐྲོད་པ་མ་ཡིན་པས་སོ། །དེ་བཞིན་དུ་གནས་དབྱུང་ནན་ཏུར་དང་གནས་ནས་འབྱིན་པ་དོན་མི་གཅིག་པར་ཡང་འོག་ནས་འཆད་པར་འགྱུར་རོ། །འོ་ན་ཇི་སྐད་དུ། ཀ་བར་གྱུར་པ་མདོ་སྡེ་འཛིན་གང་དང༌། །དེ་བཞིན་གཞན་ཀྱང་ཆོ་ག་བཞིན་དཔྱད་བསྐྲད། །དཔུང་བྱེད་བཏང་ན་སླར་ཡང་གཞུག་བྱ་སྟེ། །གལ་ཏེ་མིན་ན་དེ་སྐལ་རིན་གྱིས་ལྟུང༌། །ཞེས་སྡེ་སྣོད་འཛིན་པའི་དགེ་ཚུལ་གནས་ཁང་ནས་བསྐྲད་པ་ཞིག་སླར་ཡང་འཇུག་ཏུ་རུང་བར་བཤད་ལ། དེ་ལྟ་ན་ཚུལ་ཁྲིམས་འཆལ་པ་སླར་ཡང་འཇུག་ཏུ་རུང་བར་འགྱུར་ཏེ། ཚུལ་ཁྲིམས་འཆལ་པ་མ་ཡིན་པ་ལ་གནས་ཁང་ན་སྐྲོད་པ་མི་འབྱུང་བར་ཁས་བླངས་པའི་ཕྱིར་ཏེ། དགེ་ཚུལ་བསྙིལ་བ་དང་སྐྲོད་པ་དོན་མི་གཅིག་པར་འདོད་པའི་ཕྱིར་སྙམ་དུ་དོགས་ན། འདི་ནི་སྡེ་སྣོད་འཛིན་པའི་དགེ་ཚུལ་ཚུལ་ཁྲིམས་འཆལ་པ་མ་ཡིན་པ་ཞིག་གནས་ཁང་ནས་བསྐྲད་པའི་དབང་དུ་བྱས་པ་ཡིན་ཏེ། དཔུང་བྱེད་བཏང་ཞེས་བཤད་པའི་ཕྱིར། དེ་མ་ཡིན་པ་ལ་སྐྲོད་པ་ཇི་ལྟར་ཡོད་ཅེ་ན། དེ་ཡོད་པར་ནི། ཇི་སྐད་དུ། ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང༌། །ཞེས་བཤད་མ་ཐག་པ་ལས་ཤེས་སོ། །གཉིས་པ་ནི། དགེ་བསྙེན་ལའང་དགེ་ཚུལ་ལྟར་བླངས་པ་དངོས་དང༌། དེའི་ཕྱོགས་མཐུན་ལ་སོགས་པའི་རྣམ་པར་བཞག་པ་འཆད་ནུས་སམ་ཞེ་ན། དེ་ལྟར་འདུལ་བ་ནས་བཤད་པ་མེད་ཅིང༌། འཆད་ནུས་པ་ཡང་མ་ཡིན་ཏེ། དགེ་བསྙེན་ལ་བཅས་པའི་ལྟུང་བ་མ་བཤད་པའི་ཕྱིར། ཆང་སྤོང་བར་ཁས་བླངས་པ་ལས་འགལ་བའི་ཉེས་པ་ནི་རབ་ཏུ་བྱུང་བ་ལ་བཅས་ལྟུང་ཡིན་ཀྱང༌། ཁྱིམ་པ་ལ་མ་ཡིན་ཏེ། དཔེར་ན་ཁྱིམ་པ་ཐ་མལ་པས་ཀུན་སློང་ཉོན་མོངས་པ་ཅན་གྱིས་མྱོས་འགྱུར་འཐུང་བའི་ཉེས་པ་བཞིན་ནོ། །འོ་ན་ཆང་སྤོང་བ་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་འཇོག་པ་ཅི་ཞེ་ན། བསླབ་པའི་ཡན་ལག་གཞན་རྣམས་བསྲུང་བའི་ཆེད་ཡིན་ཏེ། མཛོད་ལས། བཅས་པའི་ཁ་ན་མ་ཐོ་བ། །མྱོས་འགྱུར་ལས་གཞན་བསྲུང་ཕྱིར་རོ། །ཞེས་གསུངས། དེ་བཞིན་དུ་རྩ་བ་མ་ཡིན་པའི་རྫུན་སྨྲ་བ་ཡང་བཅས་པའི་ཉེས་པ་མ་ཡིན་ཏེ། ཁྱིམ་པ་གཞན་གྱིས་རྫུན་སྨྲས་པའི་ཉེས་པ་ལས་ལྷག་པ་མ་བཅས་པའི་ཕྱིར། འོ་ན་དགེ་བསྙེན་ལ་རྩ་བར་མ་གྱུར་པའི་བརྫུན་གཞན་བཀག་པ་མ་ཡིན་ནམ་ཞེ་ན། བཀག་མོད། བཅས་པའི་ཉེས་པར་འཇོག་པ་མ་ཡིན་ཏེ། བསླབ་པ་གཞན་སྲུང་བའི་ཡན་ལག་ཏུ་སྲུང་དགོས་པར་བཞག་པ་ཙམ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། བསླབ་པ་ཐམས་ཅད་འདས་གྱུར་ན། །རྫུན་དུ་ཐལ་བར་འགྱུར་བའི་ཕྱིར། །ཞེས་སོ། །འོ་ན་དགེ་བསྙེན་གྱི་བསླབ་པའི་ཡན་ལག་ཏུ་རྩ་བ་བཞི་བཞག་པ་ལ་རྒྱུ་མཚན་མེད་པར་འགྱུར་ཏེ། བཞི་པོ་དང་འགལ་བ་ལ་ཁྱིམ་པ་ཐ་མལ་བ་གཞན་གྱིས་བྱས་པའི་ཉེས་པ་ལས་ལྷག་པ་མི་འབྱུང་བའི་ཕྱིར་སྙམ་ན། དེ་ལྟ་ན་ཡང་དེར་འཇོག་པ་ནི་རྩ་བའི་ཉེས་པ་འཆབ་པ་དང་བཅས་པས་མ་གོས་ན་ཚེ་འདི་ལ་དགྲ་བཅོམ་པའི་སྐལ་བ་ཡོད་པ་དང༌། དེས་ཉེ་བར་རེག་ན་ཚེ་དེ་ཉིད་ལ་དགེ་བསྙེན་གྱི་རྒྱུད་གསོར་མི་རུང་དུ་བྱས་པས་སླར་དགེ་བསྙེན་གྱི་སྡོམ་པ་བླང་དུ་མི་རུང་བ་ཉིད་དུ་གོ་བའི་ཕྱིར་དུ་རྩ་བ་བཞིར་བཅས་སོ། །དགེ་བསྙེན་ལ་ལྟུང་བའི་རྣམ་པར་བཞག་པ་མེད་པ་དེས་ན་རང་བཞིན་གྱི་ཁ་ན་མ་ཐོ་བའི་བཤགས་པ་ལས་ལོགས་སུ་ལྟུང་བ་བཤགས་པ་ཞེས་བྱ་བའི་རྣམ་གཞག་གསུངས་པ་མེད་དོ། །འོ་ན་བསྙེན་གནས་ལའང་དེ་ལྟར་ངེས་སམ་ཞེ་ན། ངེས་པ་ཡིན་ཏེ། ཇི་སྐད་དུ། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ༌། །ཞེས་གསུངས་ལ། དོན་ནི། ཁྱིམ་པས་ཀུན་སློང་ཉོན་མོངས་ཅན་གྱིས་རབ་བྱུང་ལ་བཅས་པ་དག་དང་འགལ་བར་བྱས་པའི་ཚེ་བཅས་འགལ་གྱི་ཉེས་པར་མི་འཇོག་ཅེས་བྱ་བའི་དོན་ཡིན་པས་སོ། །དེ་ལྟར་བཤད་པ་ན་དགེ་བསྙེན་གསོ་སྦྱོང་ལ་གནས་པ་དེས། ཀུན་སློང་ལུང་མ་བསྟན་གྱིས་དུས་མིན་གྱི་ཟས་སྤོང་བར་ཁས་བླངས་པ་སོགས་ཡན་ལག་བཞི་པོ་དག་དང་འགལ་བ་དེའི་ཚེ་བསྙེན་གནས་དང་འགལ་བར་འཇོག་ནུས་པ་མ་ཡིན་ཏེ། རང་བཞིན་གྱི་ཉེས་པར་ནི་འཇོག་མི་ནུས་ཤིང༌། བཅས་པ་ནི་མེད་པའི་ཕྱིར། དཔེར་ན་ཡོངས་རྫོགས་དགེ་བསྙེན་གྱིས་ཀུན་སློང་ལུང་དུ་མ་བསྟན་པ་དང༌། གཉེན་པོའི་བློས་ཆང་འཐུང་བ་བཞིན་ནོ། །འོ་ན་ཡོངས་རྫོགས་ཀྱི་དགེ་བསྙེན་བསྙེན་གནས་ལ་གནས་པ་དང་མི་གནས་པ་གཉིས་རྩ་བ་བཞིའི་ཆར་གཏོགས་པའི་ཉེས་པ་སྲུང་དགོས་ལ་ཁྱབ་ཆེ་ཆུང་གི་ཁྱད་ཡོད་པ་ཉིད་དུ་མི་འགྱུར་ཏེ། གཉིས་ཀ་ལ་དེར་གཏོགས་ཀྱི་བཅས་པ་ནི་མེད་ལ། ཉོན་མོངས་པ་ཅན་གྱི་ཉེས་པ་འབྱུང་ཚུལ་ནི་མཚུངས་པའི་ཕྱིར་སྙམ་ན། ཁྱད་མེད་པ་ཡིན་ཏེ། དགེ་བསྙེན་གསོ་སྦྱོང་ལ་གནས་པ་དེ་ཀུན་སློང་ཉོན་མོངས་པ་ཅན་གྱིས་སྲོག་གཅོད་པ་ལྟ་བུའི་སྦྱོར་བ་དང༌། ཡན་ལག་མ་ཚང་བའི་དངོས་གཞི་གྲུབ་པ་དེའི་ཚེ་བསོད་ནམས་མ་ཡིན་པ་དེས་གསོ་སྦྱོང་ལས་ཉམས་པར་འཇོག་ཅིང༌། དགེ་བསྙེན་གྱི་བསླབ་པ་ལས་ཉམས་པར་ནི་མི་འཇོག་པའི་ཕྱིར་རོ། །དགེ་བསྙེན་ལ་བཅས་པ་མེད་དོ་ཞེས་པ་འདི་ཡང༌། སོ་སོར་ཐར་པའི་སྡོམ་པ་ལ་ལྟོས་ནས་ཡིན་གྱི། སྤྱིར་མ་ཡིན་ཏེ། དགེ་བསྙེན་གྱིས་བྱང་ཆུབ་སེམས་དཔའི་བསླབ་པ་དང་གསང་སྔགས་ཀྱི་བསླབ་པ་ཡང་དག་པར་བླངས་པ་དག་སྲིད་པའི་ཕྱིར་དང༌། སངས་རྒྱས་ཀྱི་འཁོར་དུ་གཏོགས་པའི་བཅས་པ་མང་པོ་དག་སྲིད་པའི་ཕྱིར། དེས་ན་མྱོས་འགྱུར་ནི་རབ་ཏུ་བྱུང་བའི་སྡོམ་ལྡན་གྱིས་ཀུན་སློང་ལུང་མ་བསྟན་གྱིས་རྩྭའི་མཆོག་མ་གང་ཙམ་བཏུངས་པས་ཀྱང་བཅས་འགལ་གྱི་ཁ་ན་མ་ཐོ་བར་འགྱུར་ལ། ཁྱིམ་པས་ནི་ཇི་སྲིད་ཀུན་སློང་ཉོན་མོངས་པ་ཅན་གྱིས་མ་སླང་བ་དེ་སྲིད་དུ་ཆང་འཐུངས་བའི་ཁ་ན་མ་ཐོ་བས་རེག་པ་མ་ཡིན་ཏེ། བཅས་པ་ནི་མེད། རང་བཞིན་གྱིས་ནི་མ་སླེབ་པའི་ཕྱིར། ཞེས་བྱ་བ་ལྟ་བུའི་ཁྱད་པར་ཞིབ་མོ་དག་ཤེས་པར་བྱ་བ་དང༌། དེ་ལས་གཞན་ཀྱང་འདི་ལྟར། བསྙེན་གནས་གང་ཡིན་དགེ་བསྙེན་གྱི་གསོ་སྦྱོང་དུ་མ་ངེས་པའི་ཚུལ་ཡང་ཤེས་དགོས་ཏེ། དཔེར་ན་དགེ་བསྙེན་གྱི་སྡོམ་པ་ཅན་མ་ཡིན་པས་ཉིན་ཞག་གཅིག་པའི་བསྙེན་གནས་བླངས་པ་བཞིན་ནོ། །དེ་སྐད་དུ་ཡང༌། མཛོད་ལས། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླང་བར་བྱ། །ཞེས་དང༌། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སོ། །སྐྱབས་འགྲོ་ཙམ་པ་ནི་ཐམས་ཅད་ཡོད་སྨྲའི་ལུགས་འདིར་སྡོམ་པ་མི་བཞེད་དེ། སོ་སོར་ཐར་པ་ལ་ནི་རིས་བརྒྱད་ལས་མ་བཤད་ཅིང༌། གཞན་ནི་གང་དུའང་མི་རུང་བའི་ཕྱིར་རོ། །འོ་ན་གསོ་སྦྱོང་མ་ཡིན་པའི་བསྙེན་གནས་ཀྱི་སྡོམ་པ་དེ་དང་ཡོངས་རྫོགས་དགེ་བསྙེན་གང་ལྷག་ཅེ་ན། སྤང་བྱའི་སྒོ་ནས་སྔ་མ་རྒྱ་ཆེ་ཡང༌། དུས་རིང་ཐུང་གི་སྒོ་ནས་ཕྱི་མ་ཉིད་ཁྱད་པར་དུ་འཕགས་པར་འཆད་དགོས་པ་དང༌། རྟེན་གྱི་གང་ཟག་ཀྱང་འདོད་པ་དང་ཉེས་པར་སྤྱོད་པ་གཉིས་ཀ་ཇི་སྲིད་འཚོའི་བར་དུ་སྤོང་ནུས་མི་ནུས་ཀྱི་སྒོ་ནས་ལེན་པས་ན་དགེ་བསྙེན་ཉིད་ཁྱད་པར་དུ་འཕགས་སོ། །ཡོངས་རྫོགས་དགེ་བསྙེན་གྱིས་བླངས་པའི་གསོ་སྦྱོང་ནི་རང་གི་ངོ་བོ་ཤེས་པར་འདོད་པའི་ལུགས་ལ་སྡོམ་པར་མི་འཆད་དེ། དགེ་བསྙེན་དུ་མ་གཏོགས་པའི་སྡོམ་པའི་རྩ་བ་ཁས་བླངས་པ་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་ན་སྔ་མ་དེའི་གཏོང་རྒྱུར་ཐལ་བའི་ཉེས་དམིགས་འབྱུང་བས་སོ། །དེ་ལྟར་ཤེས་པ་ན། བུ་སྟོན་རིན་པོ་ཆེས་མཛད་པའི་ལས་ཆོག་ཏུ། དགེ་བསྙེན་སྡོམ་ལྡན་གྱིས་མི་གསོད་པ་སོགས་རྩ་བ་བཞི་བྱས་ན་སྡོམ་པ་གཏོང་བས་སྐྱར་ནས་ལེན། མི་མ་ཡིན་པ་གསོད་པ་སོགས་ལྔ་བྱུང་ན་སྡོམ་ལྡན་གཅིག་གི་དྲུང་དུ་བཤགས་པ་བྱེད། ཅེས་དང༌། སྡོམ་པ་ལེན་པའི་ཡུལ་ཡང་དགེ་བསྙེན་ལས་བླངས་ན་སྐྱེ་བར་བཤད་པ་སོགས་ཀྱི་བཤད་པ་མཛད་པ་ནི་སྡེ་པ་གཞན་གྱི་ལུགས་དགེ་བསྙེན་གྱི་སྡོམ་པ་བརྒྱད་བཞེས་པའི་བསྟན་བཅོས་སུ་འབྱུང་བ་དེ་ཉིད་བཀོད་པ་ཡིན་གྱི། ཐམས་ཅད་ཡོད་སྨྲའི་འདུལ་བ་འདིའི་ལུགས་མ་ཡིན་ཏེ། ལུགས་འདི་ལ་རྩ་བའི་ལྟུང་བས་སྡོམ་པ་གཏོང་བར་མ་བཤད་པའི་ཕྱིར་དང༌། སྡོམ་པ་ལེན་པའི་ཡུལ་དགེ་སློང་ལས་གཞན་མ་གསུངས་པའི་ཕྱིར་དང༌། དགེ་བསྙེན་ལ་བཅས་པ་མེད་ཅིང༌། རང་བཞིན་གྱི་ཁ་ན་མ་ཐོ་བ་ནི་བཤགས་པ་ཙམ་གྱིས་མི་འདག་པའི་ཕྱིར། བཤགས་པ་ཙམ་གྱིས་འདག་ན་ཁྱིམ་པ་གཞན་གྱིའང་དེ་ཙམ་གྱིས་འདག་པར་མཚུངས་པའི་ཕྱིར་དང༌། མི་མཚུངས་ན་དེ་དག་དགེ་བསྙེན་ལ་བཅས་ཤིང༌། ཁྱིམ་བདག་གཞན་ལ་མ་བཅས་པའི་ཁྱད་པར་འབྱེད་དགོས་པའི་ཕྱིར་དང༌། ཡང་ལས་ཆོག་ཏུ། ཕྲ་མ་སོགས་མི་དགེ་བ་དྲུག་པོ་དགེ་བསྙེན་ལ་ལྟོས་པའི་ཕྱོགས་མཐུན་གྱི་ཉེས་པ་དང༌། ཀུན་སློང་དུ་གྱུར་པའི་ཉོན་མོངས་པ་རྣམས་ཀྱང་དགེ་བསྙེན་ལ་ལྟོས་པའི་ཉེས་པར་བཤད་མོད། འདུལ་བ་འདི་དང་མཐུན་པ་མ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་ལྟོས་པའི་ཡིད་ཀྱི་ལྟུང་བ་མི་འཆད་པའི་ཕྱིར་དང༌། དགེ་བསྙེན་གྱི་སྡོམ་པ་ལ་སྤོང་བ་བཅུ་ཚང་ན་དགེ་སློང་ལས་ལྷག་པར་ཐལ་བ་དང༌། དགེ་སློང་ནི་ལུས་ངག་གི་སྤོང་བ་བདུན་གྱི་སྒོ་ནས་དགེ་ཚུལ་ལས་ལྷག་པར་འཆད་དགོས་རྒྱུ་ཡིན་པ་ལ། དགེ་བསྙེན་ལ་སྤོང་བ་བདུན་ཀ་ཚང་ན་ཧ་ཅང་ཐལ་བའི་ཕྱིར་དང༌། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་ནང་དུ་དགེ་ཚུལ་གྱི་སྤང་བྱའི་ཕྱོགས་མཐུན་མཐའ་དག་རྒྱས་པར་བསྟན་ཀྱང༌། ཡིད་ཀྱི་མི་དགེ་བ་གསུམ་ལྟ་ཅི་སྨོས། ངག་གི་ཉེས་པ་གསུམ་ཡང་གསལ་བར་མ་བསྟན་ན། དགེ་བསྙེན་ལ་ལྟ་ཅི་སྨོས་པའི་ཕྱིར། འོ་ན་ཚིག་ལེར། མཛའ་བོ་འབྱེད་དང་ཚིག་རྩུབ་སྨྲ་བ་དག །ཅེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རྫུན་དུ་གྱུར་པའི་དེ་དག་ལ་དགོངས་པ་ཡིན་ཏེ། དེའི་དབྱེ་བ་འཆད་པའི་སྐབས་ཡིན་པའི་ཕྱིར། གཞན་དུ་ན་དགེ་ཚུལ་གྱི་སྡོམ་པའང་སྤོང་བ་བདུན་འཁོར་དང་བཅས་པར་འགྱུར་རོ། །དེ་ལྟར་དགེ་བསྙེན་དགེ་ཚུལ་དང༌། །བར་མའི་ངོ་བོ་བསླབ་བྱ་དང༌། །བཅས་པ་ཚིག་གི་ཕྲེང་བ་ཙམ། །སྟར་ལ་བརྒྱུས་པ་མ་ཡིན་པར། །རྐང་གྲངས་གོ་དོན་དང་བཅས་པ། །དཔྱིས་ཕྱིན་ཉིད་དུ་བགྱིས་པ་ལས། །འཁྲུངས་པའི་རྣམ་དཀར་ཟླ་འོད་ཀྱིས། །བསྟན་པའི་ཀུ་མུད་རྒྱས་པར་ཤོག།  །།གསུམ་པ་དགེ་སློང་གི་བསླབ་བྱ་ལ་གསུམ་སྟེ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་པ་ཕྱིར་བཅོས་པའི་ཐབས་བསྟན་པའོ། །དང་པོ་ནི་སྔགས་ཆོག་གི་ཚིག་འབྲུ་མ་ཉམས་པ་ཀརྨ་ཤ་ཏཾ་དང༌། བུ་སྟོན་རིན་པོ་ཆེས་མཛད་པའི་ལག་ལེན་གྱི་ཆོ་ག་སོགས་ལས་ཇི་ལྟར་འབྱུང་བ་བཞིན་ཡིན་ལ། སྡོམ་པ་འདི་གང་ལས་ཐོབ་པའི་ཡུལ་གྱི་གཙོ་བོ་ནི་དགེ་སློང་གི་དགེ་འདུན་ཉིད་ཡིན་ཏེ། ཇི་སྐད་དུ། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ། །ཞེས་གསུངས་པས་སོ། །མཁན་པོ་ནི། སྤྱིར་བསྟན་པའི་ནང་དུ་འཇུག་པ་དང༌། འཁྲིད་ཅིང་སྐྱོང་བ་དང༌། བླང་དོར་གྱི་གནས་སྟོན་པ་སོགས་ལ་གལ་ཆེ་བ་ཡིན་མོད། སྡོམ་པའི་རྒྱུར་མེད་དུ་མི་རུང་བ་ནི་མ་ཡིན་ཏེ། ཇི་སྐད་དུ། དེ་དང་ལྡན་པའི་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་པས་སོ། །མཁན་པོ་ཡོད་པའི་ཚེ་ཡང་མཁན་པོ་དེ་ཉིད་གྲངས་ཚང་གི་ཡན་ལག་ཏུ་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་མོད། མེད་ན་མི་རུང་བ་ནི་མ་ཡིན་ཏེ། བསྒྲུབ་བྱས་མཁན་པོར་གསོལ་བ་བཏབ་པ་དང་མཁན་པོས་ལས་བྱེད་པ་དང་དགེ་འདུན་ལ་གསོལ་བ་བཏབ་པ་སོགས་མ་ཉམས་པར་བྱས་ཤིང༌། ཕྱིས་གནས་སྦྱིན་པ་སོགས་མཁན་པོའི་བྱ་བ་རྣམས་མ་ཉམས་པར་བྱས་ན་མཁན་པོའི་དོན་ཚང་ཞིང༌། བསྒྲུབ་བྱ་དེ་བསྙེན་པར་རྫོགས་པའི་ལས་ཀྱི་ཁ་སྐོང་དུ་མཁན་པོ་མི་དགོས་ཁ་མེད་ཀྱི་བཤད་པ་མེད་པའི་ཕྱིར། དེ་དང་འདྲ་བར་གསང་སྟོན་ཀྱང་མེད་མི་རུང་གི་ཡན་ལག་མ་ཡིན་ཞིང༌། ཡོད་པའི་ཚེ་ཡང་ལས་ཀྱི་ཁ་སྐོང་དུ་ངེས་པར་མེད་དུ་མི་རུང་བ་ནི་མ་ཡིན་ཏེ། གསང་སྟོན་གྱི་དགོས་པ་ནི་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུས་པ་དེ་ཉིད་ཀྱིས་འགྲུབ་པའི་ཕྱིར། མཚམས་ཀྱི་ནང་དུ་ཡོད་ན་ནི་མཁན་པོ་དང་གསང་སྟོན་དུ་མ་ཟད་དགེ་སློང་གཞན་ཀྱང་ལས་ཀྱི་གྲལ་དུ་འདུག་དགོས་སོ། །ལས་ཀྱི་སློབ་དཔོན་ནི་ཁ་སྐོང་གི་ཆོས་དང་ལྡན་ན་ཕུན་སུམ་ཚོགས་ཤིང༌། ཁ་སྐོང་དུ་ངེས་པར་དགོས་མོད། ལས་ཀྱི་ཆོ་ག་བློ་ལ་ཐོན་པའི་འདུལ་བ་འཛིན་པས་ཕོངས་པ་ན། ལས་ཀྱི་ཆོ་ག་ཤེས་པ། ཁ་སྐོང་གི་ཆོས་དང་མི་ལྡན་པས་ཀྱང་ཁ་སྐོང་མ་ཡིན་པའི་ཚུལ་གྱིས་ལས་བྱེད་པ་པོ་ཉིད་དུ་རུང་བ་དང༌། དེ་ལས་སྡོམ་པ་སྐྱེ་བར་ཡང་ལུང་ལས་བཤད་དོ། །གཉིས་པ་གང་གིས་ལེན་པ་བསྒྲུབ་བྱའི་ཁྱད་པར་ནི། དགེ་བསྙེན་སོགས་ཚིགས་སྔ་མ་རྣམས་སྔོན་དུ་སོང་ན་ལེགས་མོད། མ་སོང་ཡང་དགེ་སློང་མི་སྐྱེ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། ཚིགས་སྔ་མ་མེད་པ་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་པས་སོ། །རྒྱུད་ཚོགས་སུ་མ་ལོངས་པ་ཞིག་དགོས་པ་ནི་མཚམས་ནང་གཅིག་ཏུ་ཡིན་གྱི། མཚམས་ཐ་དད་ཀྱིས་བར་ཆོད་ན་ལས་ཀྱི་ཆོ་ག་གཅིག་གིས་བསྒྲུབ་བྱ་བཅུ་གཉིས་ཀྱི་རྒྱུད་ལ་སྡོམ་པ་དུས་ཅིག་ཆར་དུ་སྐྱེ་བར་ལུང་ལས་གསུངས་སོ། །འདིར་མཁན་པོ་གཅིག་པ་ལ་ནི་བསྒྲུབ་བྱ་ཚོགས་སུ་ལོངས་པ་དང་དེ་ལས་ལྷག་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། དུ་མ་མཁན་པོ་གཅིག་པ་གསུམ་མན་ཆད་ཚིག་གཅིག་གི་བསྙེན་པར་རྫོགས་པར་བྱར་རུང་ངོ་ཞེས་བསྙེན་རྫོགས་དམིགས་ཀྱིས་བསལ་བའི་ཕྱིར་དང༌། མཁན་པོར་གསོལ་བ་འདེབས་པ་དང་ཁས་ལེན་པ་ནི་དགེ་འདུན་གྱི་ལས་མ་ཡིན་པའི་ཕྱིར། དོན་དེ་ལྟར་ཐུགས་ལ་བཞག་ནས་འདུལ་བ་འཛིན་པ་ཆེན་པོ་རྡོ་རྗེ་གཞོན་ནུས་ཐག་རྒྱ་མ་ཞེས་གྲགས་པའི་ཕྱག་ལེན་མཛད་དོ། །དེ་ལྟར་མཛད་པ་དེའི་ཚེ་ན་བསྒྲུབ་བྱ་བརྒྱ་ཕྲག་ཙམ་ལ་མཁན་པོའི་བྱ་བ་དུས་ཅིག་ཆར་དུ་མཛད་ནས་སྲད་བུས་བསྐོར་བའི་མཚམས་ཐ་དད་དུ་བསྒྲུབ་བྱ་གསུམ་ཚན་དུ་བཅད་ནས་བཞག མཚམས་དེ་ཐམས་ཅད་དབྱུག་པའམ་ཐག་པ་ལྟ་བུས་ནོན་པར་བྱས་པའི་སྟེང་དུ་དགེ་འདུན་གྲངས་ཚང་བཞུགས་ནས་ལས་ཀྱི་ཆོ་ག་བརྡ་སྤྲོད་པའི་དབང་དུ་བྱས་སོ། །བོད་ཀྱི་འདུལ་བ་འཛིན་པ་རྣམས་སྤྱིར་བཏང་དུ་ཚོགས་ཀྱིས་ཚོགས་ལ་ལས་མི་འཆགས་ཞེས་མཐའ་གཅིག་ཏུ་གསུངས་མོད། ཇི་སྐད་དུ། ཚོགས་ཀྱི་མི་བྱའོ། །ཞེས་སྤྱིར་བཀག་ཀྱང་མི་འཆགས་པ་མ་ཡིན་ཏེ། ཆད་པའི་ལས་དང༌། བསྐོ་བའི་ལས་དང༌། མཐུན་པ་སྦྱིན་པ་སོགས་ལ་ཚོགས་ཀྱིས་ཚོགས་ལ་བྱེད་པ་དུ་མ་བཤད་པའི་ཕྱིར། མདོར་ན་ད་ལྟར་གྱི་ཆོ་ག་ལ་བརྟེན་ནས་དགེ་སློང་གི་སྡོམ་པ་སྐྱེ་བ་ལ་ནི་མངོན་དུ་གྱུར་པ་བཅུ་ཚང་དགོས་ཤིང༌། དེ་ཙམ་གྱིས་ཆོག་པ་ཡིན་ཏེ། ལུང་མ་མོ་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །མཁན་པོ་སློབ་དཔོན་བསྙེན་རྫོགས་འདོད། །ཡོ་བྱད་ཡོངས་སུ་དག་པ་དང༌། །གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་གསུངས་པས་སོ། །དེ་དག་གི་གོ་དོན་རྒྱས་པ་ནི་ལག་ལེན་གྱི་ཆོ་ག་ལས་འབྱུང་བ་ལྟར་ཡིན་ལ། ཟུར་ཕྱིན་པའི་གོ་དོན་འགའ་ཞིག་འདིར་བརྗོད་ན། སྡོམ་པ་ལེན་པའི་ཀུན་སློང་ལ་གཉིས་ཏེ། རྒྱུ་དུས་དང༌། དེ་དུས་སོ། །དང་པོ་ལ་གསུམ་སྟེ། ཚེ་འདིའི་འཇིགས་པ་ལས་སྐྱོབ་པ་དང༌། ཕྱི་མ་ལ་མངོན་པར་མཐོང་བའི་གོ་འཕང་དོན་དུ་གཉེར་བ་དང༌། འཁོར་བ་སྤངས་བའི་མྱང་འདས་ཀྱི་ཆེད་དུ། སེམས་བསྐྱེད་པའོ། །དེ་ལའང་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །དུས་ཀྱི་ཀུན་སློང་ནི་མྱང་འདས་དོན་གཉེར་གྱི་བསམ་པས་ཀུན་ནས་མ་སླང་བའི་དགེ་སློང་སོགས་ཀྱི་སྡོམ་པ་ནི་སྲིད་པ་མ་ཡིན་ཏེ། ཆོས་དཀོན་མཆོག་ལ་སྐྱབས་སུ་མ་སོང་བར་ནི་སྡོམ་པ་དེ་དག་ལེན་པའི་ཐབས་མ་བཤད་ལ། དེར་སོང་བ་དང་ངེས་འབྱུང་གི་བསམ་པ་ནི་དོན་གཅིག་ལ་འདུ་བའི་ཕྱིར། དེ་ལྟ་མོད་ཀྱི་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས་སོགས་གསུམ་དུ་འབྱེད་པ་ནི་རྒྱུའི་ཀུན་སློང་ལས་ཕྱེ་བ་སྟེ། ཕྱི་རོལ་པའི་ཚུལ་ཁྲིམས་བཞིན་ནོ། །དེ་ལྟར་བཤད་པ་ན་དཀོན་མཆོག་ཐོག་མཐའ་གཉིས་ལ་སྐྱབས་སུ་འགྲོ་བ་ནི་ལུང་གཞན་ནས་འབྱུང་བའི་ཐ་སྙད་དང་བསྟུན་ན་རྒྱུའི་སྐྱབས་འགྲོ་དང༌། ཆོས་ལ་སྐྱབས་སུ་འགྲོ་བ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། དེ་ལ་དོན་གཉེར་གྱི་བློ་སྐྱེ་དགོས་པའི་ཕྱིར་དང༌། ཕྱི་ནང་གི་སྐྱབས་འགྲོའི་ཤན་ཀྱང་འདིའི་སྐབས་ཀྱི་ཆོས་ལ་སྐྱབས་སུ་སོང་མ་སོང་གི་སྒོ་ནས་འཇོག་པས་སོ། །མཁན་པོ་ནི་མེད་མི་རུང་གི་ཡན་ལག་མ་ཡིན་ཏེ། ཇི་སྐད་དུ། མཁན་པོ་མེད་པ་ཉིད་ལ་ཡང་ངོ༌། །ཞེས་གསུངས་ལ། དེའི་གོ་དོན་གྱི་གཙོ་བོ་ཡང༌། མཁན་པོས་སྒྲུབ་དགོས་པའི་བགྱི་བ་རྣམས་མཁན་པོར་གསོལ་བ་མ་བཏབ་པའི་དགེ་སློང་ཞིག་གིས་བསྒྲུབས་ཀྱང་འགྲུབ་པའོ། །གསང་སྟེ་སྟོན་པའི་སློབ་དཔོན་ཀྱང་མེད་མི་རུང་གི་ཡན་ལག་ནི་མ་ཡིན་ཏེ། དེའི་དགོས་པ་ནི་ལྐོག་ཏུ་བར་ཆད་འདྲི་བ་ཉིད་ཡིན་ལ། བར་ཆད་མ་དྲིས་ཀྱང་སྡོམ་པ་སྐྱེ་བ་ལ་མི་གནོད་པའི་ཕྱིར། ཇི་སྐད་དུ། བར་ཆད་མ་དྲིས་པ་ལ་ཡང་ངོ༌། །ཞེས་དང༌། བར་ཆད་མེད་པར་ཁས་ལེན་པ་ལ་ཡང་ངོ༌། །ཞེས་འབྱུང་བས་སོ། །ལས་བྱེད་པ་ནི་མེད་མི་རུང་གི་ཡན་ལག་ཡིན་མོད། དེ་ལ་ཡང་སློབ་དཔོན་དུ་འགྱུར་མི་འགྱུར་དང་ཁ་སྐོང་དུ་དགོས་མི་དགོས་ཀྱི་དབྱེ་བ་དུ་མ་འབྱུང་ངོ༌། །ལས་ཀྱི་ཆོ་ག་ནི་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པ་ཞིག་དགོས་ཏེ། ལས་བྱེད་པ་འདི་ལ་འདུལ་བ་འཛིན་པའི་ཐ་སྙད་ཀྱིས་གསུངས་ལ། དཔེ་ཀློག་པ་ཙམ་ལ་འདུལ་བ་འཛིན་པའི་ཐ་སྙད་མི་ཐོབ་པས་སོ། །འདུལ་བ་འཛིན་པ་ཞེས་པ་འདི་ཡང་ལས་བརྒྱ་རྩ་གཅིག་པ་ལྟ་བུ་སྔགས་ཀྱི་ཆོ་ག་དེ་ཉིད་བཟུང་ནས་ཁ་ཏོན་དུ་བྱ་ནུས་པ་ལ་བྱེད་དགོས་པ་ཡིན་ཏེ། ཇི་སྐད་དུ། ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ། །ཞེས་གསུངས་ལ། འདི་ཡང་སྔགས་ཚིག་ཏུ་གྲགས་པ་རྣམས་ལ་དགོངས་པ་ཡིན་གྱི། གླེང་གཞི་དང་བཅས་པ་རྣམ་འཇོག་གི་མིང་ཚིག་ཡི་གེའི་ཚོགས་རྣམས་ལ་དགོངས་པ་མ་ཡིན་ཏེ། དེ་དག་གི་ནི་དོན་ཤེས་པས་ཆོག་པ་ཡིན་གྱི་ཚིག་འབྲུ་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར། དོན་དེ་ལ་དགོངས་ནས་འདུལ་བ་ཡི་གེར་འབྲི་བ་བཀག་པ་ཡིན་ནོ། །བུ་སྟོན་རིན་པོ་ཆེའི་གསུང་གིས། འདུལ་བ་ཡི་གེར་འབྲི་བ་ཡང་མ་གནང་ན། དཔེ་ཀློག་ལྟ་ཅི་སྨོས། ཞེས་ཀྱང་གསུང་ངོ༌། །བསྙེན་པར་རྫོགས་འདོད་ཀྱི་བསྒྲུབ་བྱ་ནི་གསོལ་བ་འདེབས་པའི་དུས་ཉིད་དུ་མྱང་འདས་ལ་དོན་གཉེར་གྱི་བློ་སྐྱེད་དགོས་པ་ཡིན་ཏེ། བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ཟེར་དགོས་པའི་ཕྱིར། ཡོ་བྱད་ཀྱི་མངོན་གྱུར་ན་ཆོས་གོས་གསུམ་དང་ལྷུང་བཟེད་ངེས་པར་ཚང་དགོས་པ་ཡིན་ལ། དེ་ཡང་དགེ་སློང་གི་དངོས་པོར་བསྒྲུབ་པའི་དུས་དེ་ཉིད་ཀྱི་ཚེ་ཚད་ཙམ་གྱིས་ཆོག་པ་ནི་ཡིན་ཏེ། བརྙན་པོས་ཀྱང་དེ་ཉིད་དང་བཅས་པར་གསུངས་པའི་དོན་གནས་སྐབས་དབང་བྱར་ཡོད་པ་ལ་འཆད་དགོས་པའི་ཕྱིར། ཡོངས་སུ་དག་པ་མངོན་དུ་གྱུར་པའི་སྐབས་སུ་མུ་སྟེགས་ཅན་བསྙེན་པར་རྫོགས་པའི་བར་ཆད་དུ་གསུངས་མོད། དེའི་སྤྱོད་པ་ལས་ལོག་ན་ལྟ་བ་ལས་མ་ལོག་ཀྱང་བསྙེན་པར་རྫོགས་སུ་རུང་བ་ཡིན་ཏེ། ཇི་སྐད་དུ། རབ་ཏུ་བྱུང་བ་འདི་ཡང་དག་པར་བླངས་པ། ལྟ་བ་དེ་དང་ལྡན་པ་ཞེས་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་དེ་འདྲ་དེ་དགེ་འདུན་གྱི་ལས་ལ་ཁ་སྐོང་དུ་མི་རུང་བར་མ་ཟད་ལས་དེར་འཇུག་ཏུ་རུང་བ་མ་ཡིན་ཏེ། དེ་ཉམས་སུ་མྱོང་ན་རྐུ་ཐབས་སུ་གནས་པ་ཞེས་བྱ་བ་དེར་འགྱུར་བའི་ཕྱིར། དེས་ན་འདིས་ལས་ལ་མ་འདུས་ན་མི་མཐུན་པ་མི་སྐྱེད་ཅིང༌། ལྟ་བ་དེ་མ་སྤངས་པར་འདུས་ན་རྐུ་ཐབས་སུ་གནས་པའི་ཉེས་པས་རང་རྒྱུད་གསོར་མི་རུང་དུ་གསུངས་སོ། །ཕམ་པ་འཆབ་བཅས་བྱུང་ན་སྡོམ་པ་སླར་མི་སྐྱེ་བར་ནི་ཀུན་མཐུན་ལ། འཆབ་མེད་བྱུང་ནས་ཇི་ལྟར་ཞེ་ན། ལ་ལ་ན་རེ། ཇི་སྐད་དུ། ཕམ་པར་འགྱུར་བ་བཞི་ལས་གང་ཡང་རུང་བ་ཞིག་བྱུང་བ་མ་ཡིན་ནམ་ཞེས་བཤད་པ་འདིས་དེ་ལ་དེ་མི་སྐྱེ་བར་བསྟན་པ་ཡིན། ཞེས་གསུངས་མོད་ཀྱང༌། བྱེ་སྨྲའི་གྲུབ་མཐའ་ལ་དགེ་ཚུལ་ཆད་པའི་ལས་ཀྱི་བསླབ་པ་སྤྱོད་བཞིན་པ་བསྙེན་པར་རྫོགས་ནས། ཚེ་ཇི་སྲིད་འཚོའི་བར་དུ་བསླབ་པ་སྤྱོད་དགོས་པར་འདོད་དོ། །དེ་ལྟ་ན་ཡང་ཕམ་པ་འཆབ་མེད་ཅན་བསླབ་པ་མ་སྤྱད་པར་ཁྱིམ་པར་བབས་པ་དེ་སླར་བསྙེན་པར་རྫོགས་སུ་མི་རུང་བ་ཉིད་དུ་བསྟན་པ་ཡིན་ཏེ། གཞུང་དུ་སྐྱེ་བའི་བར་ཆད་དུ་འགྱུར་བ་ལ་འཆབ་བཅས་དགོས་པའི་དམིགས་བསལ་མ་བྱུང་བའི་ལུང་ལས་དང༌། རིགས་པ་ཡང༌། དེ་ལ་སྡོམ་པ་སྐྱེ་ན་དེ་དུས་ཀྱི་དགེ་སློང་དེ་ཕམ་པ་འཆབ་མེད་ཅན་ཡིན་ནམ་མ་ཡིན། དང་པོ་ལྟར་ན་དེ་ལ་སྡོམ་པ་མ་ཚང་བའང་ཉམས་པ་ཞིག་སྐྱེས་པར་འགྱུར་ལ། དེ་ལྟར་སྐྱེ་བའི་བཤད་པ་མེད་པ་དང༌། གཉིས་པ་ལྟར་ན་ཕམ་པ་འཆབ་མེད་ཅན་ཆད་ལས་ཉམས་སུ་ལེན་པའི་རྩོལ་བ་མི་དགོས་པར་བསླབ་པ་ལན་ཅིག་ཕུལ་ནས་བླངས་ན་འཇུག་པ་བདེ་བར་འགྱུར་རོ། །ཉེས་པ་དེ་སྔ་མ་ལ་མི་མཚུངས་ཏེ། དགེ་ཚུལ་དང་དགེ་སློང་གི་སྤོང་བ་རྫས་ཐ་དད་དུ་སྐྱེ་བའི་ཕྱིར། གསོལ་བ་མངོན་དུ་གྱུར་པ་ནི། གསོལ་བ་འདེབས་པའི་ཚིག་ལན་གསུམ་དུ་བརྗོད་པ་ལ་བྱ་བ་ཡིན་གྱི། བརྗོད་པ་གསུམ་གྱི་ཐོག་མར་བྱུང་བའི་གསོལ་བ་ལ་འཆད་པ་ནི་མ་ཡིན་ཏེ། གཞན་དུ་ན་ལས་མངོན་དུ་གྱུར་པའི་ཚད་གསོལ་བ་དང་བཞིའི་ལས་ལ་འཆད་དགོས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་འོ་ན་དགེ་ཚུལ་སོགས་ཀྱི་ཚེ་དེ་དང་དེར་བཟུང་དུ་གསོལ་ཞེས་ལན་གསུམ་བརྗོད་པའི་མཐའ་ཉིད་དུ་སྡོམ་པ་སྐྱེ་བར་བཤད་པ་དང༌། སྐབས་འདིར་དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་ལན་གསུམ་བརྗོད་པའི་མཐར་སྡོམ་པ་སྐྱེས་པ་ཉིད་དུ་མི་འཆད་པའི་ཁྱད་པར་ཅི་ཞེ་ན། དེ་དང་དེར་ཁས་བླངས་པ་ཡིན་མིན་གྱི་ཁྱད་པར་ལས་དང༌། གང་ཟག་དང་དགེ་འདུན་ལས་སྐྱེ་བའི་ཁྱད་པར་ལས་དང༌། དགེ་སློང་ནི་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བ་ལ་རག་ལས་ཤིང༌། གསོལ་བ་འདེབས་པའི་ཚིག་ལན་གསུམ་བརྗོད་པ་དེ་ནི་དགེ་འདུན་གྱི་ལས་དེ་མྱོང་བར་གསོལ་བ་འདེབས་པའི་ཚིག་ཡིན་པས་སོ། །ལས་མངོན་གྱུར་གྱི་སྐབས་སུ་སྐྱེས་པ་བསྙེན་རྫོགས་སུ་བསྒྲུབ་པ་ལ་དགེ་སློང་ལྔ་ཡན་ཆད་དུ་ཚང་བས་ལས་ཉམས་སུ་མྱོང་དགོས་སོ་ཞེས་འཆད་པ་དེ་དག་ལ་ནི་ལུང་དང་རིགས་པའི་ཤེས་བྱེད་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་སྐད་དུ། མཐའ་འཁོབ་དག་ཏུ་མེད་ན། འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ། །ཞེས་བཤད་པ་དེ་ནི་འདུལ་བ་འཛིན་པས་ཁ་སྐོང་མི་བྱེད་པ་ཅིག་ཀྱང་སྲིད་པའི་དབང་དུ་བྱས་པའོ། །དེས་ན་དེའི་ཚེ་ལས་ཉམས་སུ་མྱོང་བའི་དགེ་སློང་ནི་བཞིས་ཀྱང་ཆོག་པ་ཡིན་ཏེ། འདུལ་བ་ཚིག་ལེ་ལས། གལ་ཏེ་བཞི་ནི་ལས་བརྗོད་མཁས། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་བཤད་པ་དང༌། རིགས་པ་ཡང༌། གསང་སྟོན་བསྐོ་དགོས་པས་སོ་ཞེས་ཟེར་མོད། དེ་ནི་གསང་སྟོན་བསྐོ་བ་ལ་སྤྱིར་དགེ་སློང་ལྔ་དགོས་པ་ཡིན་མོད། ཁ་སྐོང་ལ་ལྔར་ལོངས་དགོས་པ་མ་ཡིན་ཏེ། བསྐོ་བའི་ཚེ་ཡང་མི་དགོས་ནང་དུ་འོང་བ་ཞུ་བའི་ཚེ་ཡང་མི་དགོས་པའི་ཕྱིར། འོང་བར་ཞུ་བ་པོ་ནི་ཁ་སྐོང་མ་ཡིན་ཏེ། འགྲེང་བའི་སྤྱོད་ལམ་གྱིས་ཞུ་དགོས་པའི་ཕྱིར། བུད་མེད་བསྙེན་པར་རྫོགས་པ་ལ་ཡང་མ་ཆོག་ལ་བརྟེན་པའི་ཚེ་སྤྲོས་པ་མང་པོ་དགོས་མོད། ཕ་ཆོག་ལ་བརྟེན་ནས་དགེ་སློང་མ་ཉིད་དུ་འགྲུབ་པར་གསུངས་པ་དེའི་ཚེ་ནི་དགེ་སློང་བཞི་ཉིད་ཀྱིས་ཆོག་པར་གྲུབ་བོ། །གཉིས་པ་མི་ཉམས་པར་བསྲུང་བའི་ཐབས་ལ། རྣམ་པ་ལྔ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསྲུང་བ་དང༌། ནང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བ་དང༌། བདེ་བར་གནས་པའི་རྐྱེན་བསྟེན་པས་བསྲུང་བ་དང༌། སྤང་བྱ་མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་དང༌། བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བའོ། །དང་པོ་ནི་གནས་ཀྱི་བླ་མ་ལ་བརྟེན་ནས་བསྲུང་བ་ཡིན་ལ། འདི་ལ་གནས་དང་གནས་པའི་མཚན་ཉིད། དེ་དང་དེའི་ཚུལ་ཁྲིམས། གནས་ཇི་ལྟར་བཅའ་བའི་ཚུལ་ལོ། །དང་པོ་ནི། མཁན་པོ་ཡོད་ན་དེར་གྱུར་པ་ཉིད་ཀྱིས་གནས་ཀྱི་བླ་མར་ཡང་གྱུར་ཟིན་པ་ཡིན་ཏེ། གནས་སྦྱིན་པ་ཡང་མཁན་པོའི་བྱ་བ་ཉིད་ཡིན་པས་རང་གིས་གནས་སྦྱིན་པའམ་མི་ནུས་ན་གཞན་ལ་གནས་སུ་འཇུག་པ་ཡང་མཁན་པོ་ཉིད་ཀྱིས་བྱེད་དགོས་པའི་ཕྱིར། དེས་ན་མཁན་པོ་ཉིད་ལ་གནས་ཞུ་ན་གནས་སུ་གསོལ་བ་འདེབས་པའི་ཚིག་ལོགས་སུ་བྱ་མི་དགོས་སོ། །གནས་ཀྱི་བླ་མར་འོས་པ་ལ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་དགོས་ཏེ། དེ་གང་རུང་དང་མི་ལྡན་ན་གནས་པ་སློབ་མའི་རིགས་ཉིད་ལས་མ་འདས་པའི་ཕྱིར། ཇི་སྐད་དུ། སོ་སོར་ཐར་དང་རྣམ་འབྱེད་དོན། །གང་ཕྱིར་ཤིན་ཏུ་མི་མཁས་ལོ། །དྲུག་ཅུ་ལོན་ཀྱང་བྱིས་པ་སྟེ། །ཚུལ་ལྡན་ཞུ་གནས་བཅའ་བའི་འོས། །ཞེས་ཚིག་ལེར་གསུངས་སོ། །དེ་ལ་བརྟན་པ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ཆད་དུ་ལོན་པ་ལ་བྱེད་ལ། མཁས་པ་ནི་ཐ་ན་འདུལ་བ་ཤེས་པ་ཡིན་ལ། དེའི་ཚད་ཀྱང་མ་མཐའ་སོ་སོར་ཐར་པ་དང་རྣམ་འབྱེད་ཀྱི་ཚིག་ཐོན་པར་མ་ནུས་ཀྱང་དོན་འཁྲུལ་མེད་དུ་ཤེས་པའོ། །འདི་ཙམ་གྱིས་འདུལ་བ་འཛིན་པར་ནི་བཞག་མི་ནུས་ཏེ། དེར་འཇོག་པ་ལ་དགེ་འདུན་དང་གང་ཟག་གི་ལས་སུ་གཏོགས་པའི་སྔགས་ཀྱི་ཆོ་ག་དག་མ་འཁྲུལ་བར་ཁ་བཏོན་དུ་བྱེད་ནུས་པ་ཞིག་དགོས་པའི་ཕྱིར། དེ་ལྟར་མི་ནུས་ན་འདུལ་བའི་མདོ་ལྟ་བུ་ཁ་བཏོན་དུ་ནུས་པ་ཙམ་གྱིས་འདུལ་བའི་སྡེ་སྣོད་འཛིན་པར་འཇོག་ནུས་ཀྱང༌། འདུལ་བ་འཛིན་པ་ཞེས་པའི་ཐ་སྙད་མི་འཐོབ་སྟེ། ལས་ཀྱི་ཆོ་ག་རྣམས་མ་ཉམས་པར་འཛིན་པའི་ནུས་པ་མེད་པས་སོ། །གཉིས་པ་ནི། ཇི་སྐད་དུ། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །ཞེས་གསུངས་པ་ལྟར། བཤང་གཅིའི་བྱ་བ་ཙམ་མ་གཏོགས་ཐམས་ཅད་དེ་ལ་ཞུས་ནས་བྱེད་དགོས་ཤིང༌། བླ་མའི་ལས་སུ་བྱ་བ་ཀློག་པ་དང་བསམ་གཏན་སོགས་འགའ་ཞིག་མ་གཏོགས། འབད་རྩོལ་གྱིས་སྒྲུབ་དགོས་པ་རྣམས་སློབ་མས་ཅི་ནུས་སུ་བསྒྲུབ་པར་བྱ་ཞིང་བླ་མས་ཀྱང་དེ་ལྟར་བྱ་དགོས་ཏེ། ཇི་སྐད་དུ། དེས་ཀྱང་དེ་ལ་དེ་བྱ་སྟེ། །ཞུ་བ་ནི་མ་གཏོགས་སོ། །ཞེས་སོ། །གསུམ་པ་ནི། བླ་མར་འོས་པའི་དགེ་སློང་ཞིག་ལ། འདི་སྐད་ཅེས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་བཙུན་པ་ལ་གནས་སུ་གསོལ་གྱི། བཙུན་པས་བདག་ལ་གནས་བསྩལ་དུ་གསོལ། བདག་བཙུན་པ་ལ་གནས་འཆའ་ཞིང་མཆིས་སོ། །ཞེས་ལན་གསུམ་བརྗོད་ནས་མཇུག་ཐབས་ལེགས་བརྗོད་དོ། །གནས་བཅས་པ་འཇིག་པའི་རྒྱུ་ནི་གཉིས་ཀ་ལ་ལྟོས་མེད་ཀྱི་འདུ་ཤེས་སྐྱེས་པའོ། །ལྟོས་མེད་ཅེས་པ་ཡང་གནས་སྟེར་སླང་གི་དབང་དུ་བྱས་ཀྱི། དཔོན་སློབ་ཀྱི་སྦྲེལ་ཐག་བཅད་པ་ལ་བྱ་བ་མ་ཡིན་ནོ། །གཉིས་པ་ནང་གི་བསམ་པ་ཕུན་སུམ་ཚོགས་པས་བསྲུང་བའི་ཚུལ་ནི། བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་དང༌། བླང་དོར་གྱི་གནས་ལ་བཟོད་པ་ལྷུར་ལེན་པའི་བག་ཡོད་དང༌། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་གི་ཚུལ་ལ་རྟོག་པར་བྱེད་པའི་ཤེས་བཞིན་རྣམས་རྟག་ཏུ་བརྟེན་པར་བྱ་དགོས་པ་ཡིན་ཏེ། མི་ཤེས་པ་དང༌། མ་གུས་པ་དང༌། བག་མེད་པ་དང༌། ཉོན་མོངས་པ་མང་བ་རྣམས་ནི་ཉེས་པ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་ལ། དེ་དག་དྭང་དུ་མི་ལེན་པའི་ཚུལ་གྱིས་རྣམ་པར་སུན་འབྱིན་པའི་གཉེན་པོ་བསྟེན་དགོས་པའི་ཕྱིར། གསུམ་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་ཚུལ་ནི། གསུམ་སྟེ། གོས་དང༌། སྨན་དང༌། གནས་མལ་ལོ། །དང་པོ་ནི། དགེ་སློང་སྦྱངས་པའི་ཡོན་ཏན་ལ་སློབ་པ་རྣམས་ལས་གཞན་པའི་གོས་ནི་གསུམ་སྟེ། འཚོ་བའི་ཡོ་བྱད་ཀྱི་དང༌། ལྷག་པའི་ཡོ་བྱད་ཀྱི་དང༌། མཁོ་བའི་ཡོ་བྱད་ཀྱི་གོས་སོ། །དང་པོ་ལ། བཅུ་གསུམ་སྟེ། རྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་དང༌། ཤམ་ཐབས་དང༌། ཤམ་ཐབས་ཀྱི་གཟན་དང༌། རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་དང༌། རྣག་གཟན་དང༌། གཡན་པ་དགབ་པ་དང༌། གདིང་བ་དང༌། དབྱར་གྱི་གོས་རས་ཆེན་དང༌། སྐྲ་བཟེད་རྣམས་སོ། །གཉིས་པ་ནི། བཅུ་གསུམ་པོ་དེ་འདྲ་བ་ལྷག་པོར་གྱུར་པ་རུང་ཚད་ལྡན་མང་པོ་རྣམས་སོ། །གསུམ་པ་ནི། རབ་ཏུ་བྱུང་བའི་གོས་ཀྱི་རྣམ་པར་མ་གྲུབ་པ་དཀར་པོ་དང་ཁ་ཚར་ཅན་ལ་སོགས་པ་ཁྲུ་གང་ཡན་ཆད་དུ་ལོངས་པའོ། །དེ་དག་བྱིན་གྱིས་རློབ་པའི་སྔགས་ལ། དངོས་ཀྱི་དང༌། རྒྱུའི་དང༌། རྐྱེན་གྱི་དབང་ལས་གྱུར་པའོ། །དང་པོ་ནི། མཁན་པོའམ་སློབ་དཔོན་ནམ་ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ། རུང་བར་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ཞེས་ལན་གསུམ་དང་མཇུག་ཐབས་ལེགས་བརྗོད་པའོ། །གཞན་བཅུ་གཉིས་པོ་ལའང་དེ་བཞིན་དུ་སྦྱར་རོ། །རང་མིང་གིས་བྱིན་གྱིས་རློབ་པའི་དངོས་ཀྱི་བྱིན་རླབས་ཆགས་པ་འདི་ལ་ནི་རུང་ཚད་ལྡན་གོས་དེ་དང་དེར་གྲུབ་ཟིན་པ་ཞིག་དགོས་ཤིང༌། རེ་རེ་བ་ལས་ལྷག་པ་ལ་བྱིན་རླབས་མི་འཆགས་ཏེ། ལགས་པ་ཞེས་པ་ནི་ཟིན་པའི་དོན་ལ་བཤད་པ་དང༌། ཇི་སྐད་དུ་སྔ་མ་མ་ཕྱུང་ན་ཕྱི་མ་མི་འཆགས་སོ། །ཞེས་འབྱུང་བ་དེ་དངོས་ཀྱི་བྱིན་རླབས་ཀྱི་དབང་དུ་བྱས་པར་གསལ་བས་སོ། །གཉིས་པ་རྒྱུའི་བྱིན་རླབས་འཆགས་པ་ལ་ནི། ཁ་སྒྱུར་བ་དང༌། གོས་དེ་དང་དེ་ལྡང་ངེས་པ་མི་དགོས་ཀྱང༌། རྒྱུར་རུང་བ་ཞིག་ངེས་པར་དགོས་ལ། དེའི་སྔགས་ནི་དགོངས་སུ་གསོལ་བ་སྔོན་དུ་བཏང་ནས་གོས་འདི་ཞེས་བརྗོད་ཀྱི། བགྱིས་པ་དང༌། ལགས་པ་དང༌། སྤྱད་པར་འོས་པ་ཞེས་ཟེར་མི་དགོས་ཤིང༌། འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་བགྱི་སྟེ། ཞེས་སོགས་དང༌། བར་ཆད་མ་བྱུང་ན། ཞེས་སོགས་ཆོ་ག་ལས་གསལ་ལོ། །གསུམ་པ་རྐྱེན་དབང་གིས་བྱིན་རླབས་འཆགས་པ་ལ་ནི་རྒྱུ་རུང་བ་མི་དགོས་ཤིང༌། ངོ་བོ་ཚད་དང་ལྡན་མི་ལྡན་གང་གིས་ཀྱང་ཆོག་ཅིང༌། གནས་སྐབས་སུ་བརྙན་པོར་བྱས་པ་ཙམ་གྱིས་ཀྱང་ཆོག་པ་ཡིན་ཏེ། ཇི་སྐད་དུ། ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ༌། །ཞེས་དང༌། གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་ཕྱུང་སྟེ་གཞན་ལ་བྱིན་གྱིས་རློབས་པ་ནི་ཆོ་གའི་རྣམ་པའོ། །ཞེས་གསུངས་པས་སོ། །ཆོ་གའི་རྣམ་པ་དེའི་སྔགས་ཚིག་ནི་ལུང་ལས་མ་གསུངས་ཀྱང༌། མན་ངག་ལས་འདི་ལྟར་འབྱུང་སྟེ། ཡུལ་དགེ་སློང་ཡོད་པའམ་མེད་ཀྱང་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་རློབ་བོ། །ཞེས་ལན་གསུམ་བརྗོད་དོ། །དེ་ལྟར་རྒྱུ་དང་སྔགས་རྟེན་བྱིན་གྱིས་བརླབས་པའི་དགོས་པ་ནི་ཆོས་གོས་དང་མི་ལྡན་པའི་ཉེས་པ་ཁེགས་ཤིང༌། དེ་དང་བྲལ་ན་ཆོས་གོས་མེད་པའི་ཉེས་པས་སླེབ་པའོ། །སྔགས་རྟེན་གྱི་བྱིན་རླབས་འདི་ནི་གོས་ལ་ཡིན་གྱི། ལྷུང་བཟེད་ལྟ་བུ་ལ་མ་ཡིན་ཏེ། མ་བཤད་པའི་ཕྱིར། གོས་ཀྱང་ཆོས་གོས་དང་གདིང་བ་ལ་ཡིན་གྱི། གཞན་ལ་མ་ཡིན་ཏེ། གཞན་ལ་མི་ལྡན་པའི་ཉེས་པ་མ་བཤད་པའི་ཕྱིར། གཉིས་པ་ལྷག་པའི་ཡོ་བྱད་བྱིན་གྱིས་རློབ་པ་ནི། དགོངས་གསོལ་སྔོན་དུ་བཏང་ནས། བདག་མིང་འདི་ཞེས་བགྱི་བའི་སྣམ་སྦྱར་ལྷག་པ། རུང་བ་མ་བགྱིས་པ། རུང་བ་བགྱི་བར་འོས་པ་འདི། མཁན་པོའམ་ཚེ་དང་ལྡན་པའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་དང་ཐབས་ལེགས་བརྗོད་པའོ། །འདི་གང་ལ་གནང་བའི་གང་ཟག་ནི། སྐྱིད་དེ་བ་དང་ཐོབ་པ་ཉུང༌། །ཡུལ་ངན་གནས་དང་ཤིག་སྲོ་མང༌། །དྲི་མ་ཆེ་དང་ལྷ་ལས་འཕོས། །གཉེན་པོས་སོར་རྟོག་བདུན་ལ་གནང༌། །ཞེས་གསུང་ངོ༌། །གསུམ་པ་མཁོ་བའི་ཡོ་བྱད་ཀྱི་གོས་བྱིན་གྱིས་རློབ་པའི་སྔགས་ནི། གསོལ་བ་སྔོན་དུ་བཏང་ནས། གོས་འདི་བདག་དང་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་རློབ་བོ། །ཞེས་ལན་གསུམ་བརྗོད་པའོ། །ཕྱི་མ་གཉིས་པོ་གཞན་མིང་གིས་བྱིན་གྱིས་བརླབས་པའི་དགོས་པ་ནི། གོས་འཆང་སྤང་དང་ཡོ་བྱད་ལ་མངོན་ཞེན་འགོག་པའི་ཆེད་དུའོ། །བོད་ཀྱི་འདུལ་འཛིན་རྣམས། ཞྭ་དང་སྐ་རགས་སོགས་ལ་ཡོ་བྱད་ཕྲན་ཚེགས་ཀྱི་བྱིན་རླབས་བྱེད་ཅིང༌། སྟན་ལ་ཡང་མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་བྱེད་དོ། །ཞེས་གསུངས་མོད། སྔ་མའི་ནང་དུ་མ་འདུས་པ་མེད་ཅིང༌། སྟན་ལ་ནི་མ་བཤད་དོ། །བྱིན་རླབས་དེ་དག་འཇིག་པའི་རྒྱུ་ནི། རྟེན་དང་དངོས་པོ་ཉམས་པ་དང༌། །གཞན་ལ་བསྔོས་དང་གཞན་གྱིས་ཕྲོགས། །བྱིན་རླབས་རྫས་དང་སྔགས་ཀྱིས་ཕྱུང༌། །སྤང་ལྟུང་གཤེགས་ཚེ་སྤངས་པའོ། །གཉིས་ལ་རང་གིར་མངོན་ཞེན་བྱུང༌། །ཕྱི་མ་ལ་ནི་ཡིད་གཏན་ཡུལ། །ཤི་བ་ལ་ནི་དེར་ཤེས་པའོ། །ཞེས་འཆད་དོ། །ཡོ་བྱད་ཕྱི་མ་གཉིས་སྔགས་ཚིག་ཁོ་ནས་བྱིན་གྱིས་རློབ་དགོས་པའི་ངེས་པ་མེད་དེ། ཇི་སྐད་དུ། དེ་ནི་བསྔོས་པ་ཉིད་ན་བྲལ་བ་ཉིད་དོ། །ཞེས་འབྱུང་བས་སོ། །གོས་ལ་བྱིན་གྱིས་རློབ་ཚུལ་དེ་ལྟར་གསུངས་མོད། གོས་ཀྱི་རིན་དུ་གྱུར་པ་ལ་ནི་རིན་པོ་ཆེ་མ་གཏོགས། རྫས་སུ་གྱུར་པ་གང་ལ་ཡང༌། ཇི་སྐད་དུ། གང་ལ་ཞེན་པ་དེ་བཅང་བར་མི་བྱའོ། །ཞེས་པ་ཙམ་ལས་བྱིན་གྱིས་རློབ་པའི་ཆོ་ག་གཞན་གསུང་བ་མེད་དོ། །དེ་ཡང་སྨན་དང་གོས་ནི་རང་དོན་དུ་ངེས་པར་བཅང་དགོས་ལ། དེ་ཡང་མང་པོར་གྱུར་ན་ཉེས་པ་སྐྱེད་པས་བྱིན་གྱིས་རློབ་པའི་ཆོ་ག་གསུངས་ལ། ནོར་རྫས་གཞན་ནི་རང་དོན་དུ་ངེས་པར་བཅང་མི་དགོས་པས་དཀོན་མཆོག་དང་རབ་བྱུང་མ་འོངས་པ་སོགས་ཀྱི་དོན་དུ་རྣམ་པར་བརྟགས་ནས་འཆང་བ་ལ་དགོངས་པའོ། །གཉིས་པ་སྨན་སྟེན་པའི་ཚུལ་ལ་གསུམ་སྟེ། སྨན་ཙམ་གྱི་ངོ་བོ་ངོས་བཟུང་བ་དང༌། དགེ་སློང་ལ་རུང་བའི་སྨན་གྱི་དབྱེ་བ་བྱེ་བྲག་ཏུ་བཤད་པ། ཁྱད་པར་དུ་ནད་པས་སྨན་གསུམ་བྱིན་གྱིས་བརླབས་ནས་བསྟེན་པའི་ཚུལ་ལོ། །དང་པོ་ནི། དྲི་རོ་རེག་བྱ་གསུམ་པོ་གང་རུང་གི་བདག་ཉིད་དུ་གྱུར་པའི་ཁམ་ཟས་སོ། །དེ་མགུལ་དུ་མིད་པའི་ཟས་ཁོ་ན་བཟུང་བ་མ་ཡིན་ཏེ། དྲི་དང་རེག་བྱ་ཡང་སྣ་དང་ལུས་ཀྱི་དབང་པོས་ཁམ་དུ་བཅད་ནས་མིད་པ་དེ་ཡང་ལུས་སེམས་བརྟས་བྱེད་ཡིན་པས་སྨན་དང་ཟས་སུ་འཆད་པའི་སྐབས་ཡིན་པས་སོ། །གཉིས་པ་ནི། སྨན་གང་ཡིན་དགེ་སློང་ལ་རུང་བས་མ་ཁྱབ་སྟེ། སྨན་ལ་དུས་རུང་སོགས་བཞི་པོས་མ་ཁྱབ་པའི་ཕྱིར། དེས་ན་རུང་བའི་སྨན་ནི་བཞི་སྟེ། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་པའི་སྨན་ནོ། །དང་པོ་ལ། མཚན་ཉིད་ནི། དགེ་སློང་ལ་རུང་བའི་སྨན་གང་ཞིག དུས་ཀྱི་ཁྱད་པར་གུང་ཚིགས་ལས་འདས་པར་ལོངས་སྤྱད་ན་དུས་མ་ཡིན་པར་ཟས་ཟ་བའི་ཉེས་པར་འགྱུར་བའི་རྒྱུ་ཚོགས་སོ། །མཚན་གཞི་ནི། བཟའ་བར་བྱ་བ་རྣམ་པ་ལྔ་དང༌། བཅའ་བར་བྱ་བ་ལྔ་སོགས་ཡིན་ལ། བྱེད་ལས་ནི་བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པའོ། །ཐུན་ཚོད་དུ་རུང་བ་ནི། དགེ་སློང་ལ་རུང་བའི་བཏུང་བའི་ཁྱད་པར་གང་ཞིག དུས་ཀྱི་ཁྱད་པར་ཉིན་མཚན་ཀུན་ཏུ་ལོངས་སྤྱད་རུང་བའོ། །མཚན་གཞི་ནི་རྒྱུ་དུས་རུང་ངམ། དུས་མ་ཡིན་པར་རུང་བའི་སྨན་གཉིས་པོ་གང་རུང་ལས་སྦྱར་བའི་བཏུང་བ་དག་ཡིན་ལ། བྱེད་ལས་ནི་སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གྱུར་པའོ། །དུས་ཐམས་ཅད་པར་ལོངས་སྤྱད་དུ་རུང་བ་དེ་ལྟ་ན་ཐུན་ཚོད་དུ་རུང་བ་ཞེས་པའི་རྣམ་བཅད་མི་འཐད་དོ་ཞེ་ན། དེ་ལྟ་མོད་ཀྱི། ནད་པས་བྱིན་གྱིས་རློབ་པའི་ཚེ། ཞག་གཅིག་པུ་དེའི་ཐུན་ཚོད་ཀྱི་མཐའ་ཚུན་ཆད་ཁོ་ནར་བྱིན་གྱིས་རློབ་དགོས་པས་དེ་སྐད་ཅེས་བྱའོ། །ཞག་བདུན་པ་ལ། མཚན་ཉིད་ནི། དགེ་སློང་ལ་རུང་བའི་གོང་བུའི་ཟས་གང་ཞིག དུས་ཐམས་ཅད་དུ་ལོངས་སྤྱོད་དུ་རུང་བའོ། །མཚན་གཞི་ནི། བུ་རམ་དང་ཞུན་མར་ལ་སོགས་པ་ཉིད་ཡིན་ལ། བྱེད་ལས་ནི་རླུང་གི་ནད་སེལ་བ་ལ་གཙོ་བོར་གྱུར་པའོ། །དུས་ཐམས་ཅད་པར་ལོངས་སྤྱད་དུ་རུང་བ་དེ་ལྟ་ན་ཞག་བདུན་པ་ཞེས་པའི་རྣམ་བཅད་མི་འཐད་དོ་ཞེ་ན། དེ་ལྟ་མོད་ཀྱི་ནད་པས་བྱིན་གྱིས་རློབ་པའི་ཚེ། ཞག་བདུན་གྱི་མཐའ་ལས་ལྷག་པར་བྱིན་རླབས་མི་འཆགས་པའི་དོན་གྱིས་དེ་སྐད་ཅེས་བྱའོ། །འཚོ་བཅང་ནི། དགེ་སློང་ལ་རུང་བའི་གོང་བུའི་སྨན་གང་དག བྱིན་གྱིས་རློབ་ན་ཇི་སྲིད་འཚོའི་མཐར་རླབ་ཏུ་རུང་བའོ། །མཚན་གཞི་ནི། ཨ་རུ་ར་ལ་སོགས་པ་དག་ཡིན་ལ། བྱེད་ལས་ནི་ལྡན་འདུའི་ནད་སེལ་བ་ལ་གཙོ་བོར་གྱུར་པའོ། །གསུམ་པ་ནི། དགེ་སློང་ནད་པས་སྨན་ཕྱི་མ་གསུམ་བྱིན་གྱིས་མ་བརླབས་པར་ཡང་ལོངས་སྤྱད་དུ་རུང་མོད། བྱིན་ལེན་སྟོབ་པ་པོ་སོགས་མི་ལྡན་པའི་ཚེ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པའི་ཚུལ་ནི། གསུམ་སྟེ། ཐུན་ཚོད་དུ་རུང་བའི་དང༌། ཞག་བདུན་པའི་དང༌། འཚོ་བཅང་གི་སྨན་བྱིན་གྱིས་བརླབས་ནས་ལོངས་སྤྱད་པའི་ཚུལ་ལོ། །དང་པོ་ལ། དུས་དང༌། ཡུལ་དང༌། དགོས་པ། འཇིག་པའི་རྒྱུ་རྣམས་སོ། །དང་པོ་ནི། བྱིན་གྱིས་རློབ་པའི་དུས་སྤྱིར་བཏང་དུ་སྔ་དྲོ་དང༌། བྱིན་རླབས་གནས་པའི་དུས་ཞག་གཅིག་ཏུ་དང༌། བདུན་དུ་དང༌། ཇི་སྲིད་འཚོའི་བར་དུའོ། །ཡུལ་ནི་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །དངོས་པོ་ནི། སྨན་གསུམ་པོ་གང་ཡིན་ཀྱང༌། རུད་ཚད་ལྡན། རང་དབང་བ། བྱིན་ལེན་བྱས་པ། བྱིན་གྱིས་མ་བརླབས་པའོ། །རྟེན་ནི། དགེ་སློང་ངམ་དགེ་སློབ་མ་གནས་ཕྱུང་མ་ཡིན་པ། ནད་པའམ། དགེ་བསྐོས་སམ། ལམ་ཞུགས་གང་རུང་ངོ༌། །དགོས་པ་ནི། སོག་འཇོག་མི་འབྱུང་བ་དང༌། ཚེགས་ཆུང་ངུས་བདེ་བ་ལ་རེག་པར་གནས་པའོ། །འཇིག་པའི་རྒྱུ་ནི། བྱིན་ལེན་ཞིག་པ་དང༌། སྔགས་ཀྱི་ཕྱུང་བ་དང༌། འཕེན་པ་ཟད་པའོ། །སྔགས་ཀྱི་ཆོ་ག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་བཏུང་བའམ་ཞུན་མར་རམ་ཨ་རུ་ར་འདི། བདག་དང་ཚངས་པར་སྤྱོད་པ་ཐམས་ཅད་ཀྱི་ཐུན་ཚོད་དུ་རུང་བའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་བོ། །ཞེས་ལེན་གསུམ་དང་ཐབས་ལེགས་བརྗོད་པའོ། །ཐུན་ཚོད་དུ་རུང་བའི་བཏུང་བ་ལ་རྒྱུའི་དབྱེ་བས་གསུམ་སྟེ། རྒྱུ་དུས་རུང་ལས་དང༌། ཞག་བདུན་པ་ལས་དང༌། འཚོ་བཅང་གི་སྨན་ལས་སྦྱར་བའོ། །དང་པོ་དེ་བྱིན་གྱིས་རློབ་པའི་རྣམ་གཞག་རྣམས་ནི་སྤྱིར་བཏང་དུ་བརྗོད་ཟིན་པ་དེ་ཉིད་ཡིན་ལ། ཕྱི་མ་གཉིས་ཀྱི་རྣམ་གཞག་ལ། བོད་སྔ་མ་རྣམས་ཞག་བདུན་པའི་འཚོ་བཅང་དུ་བྱིན་གྱིས་རློབས་པའི་བཤད་པ་མཛད་མོད། ཐུན་ཚོད་དུ་རུང་བར་བྱིན་གྱིས་རློབ་པ་ཉིད་མདོ་ལུང་གི་དགོངས་པ་ཡིན་ཏེ། སྨན་རང་གི་ངོ་བོའི་སྒོ་ནས་ཐུན་ཚོད་དུ་རུང་བའི་བཏུང་བ་ཉིད་ཡིན་པའི་ཕྱིར། ཇི་ལྟར་རློབ་ན། འདི་སྐད་ཅེས། བུ་རམ་ལས་སྦྱར་བའི་བཏུང་བ་འདི་ཐུན་ཚོད་དུ་རུང་བའི་སྨན། ཞག་བདུན་གྱི་མཐའ་ཅན་ནམ་ཇི་སྲིད་འཚོའི་མཐའ་ཅན་ཉིད་དུ་བྱིན་གྱིས་རླབ་བོ། །ཞེས་ཟེར་དགོས་པ་ཡིན་ཏེ། ཇི་སྐད་དུ། གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ། །ཞེས་དང༌། འགྲེལ་པར་བྱིན་གྱིས་རླབ་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །འདི་ལ་སློབ་དཔོན་ཡོན་ཏན་འོད་ཀྱི་གོང་དུ་བྱོན་པའི་འདུལ་བ་འཛིན་པ་དག་ན་རེ། བཏུང་བ་དེའི་རོ་དང་སླ་བ་རང་རང་གི་དུས་མཐའི་སྔ་ལོགས་དེར་མ་གྱུར་ན་བྱིན་གྱིས་རློབ་པའི་རྒྱུ་ལ་དེ་ལྟར་ཡིན་མོད། གྱུར་ན་དེ་ལྟ་མ་ཡིན་ཏེ། གྱུར་པ་དེའི་ཚེ་ལོངས་སྤྱད་དུ་མི་རུང་བར་སོང་བའི་ཕྱིར། ཞེས་ཟེར་རོ། །དེ་སྐད་ཅེས་འདོན་པ་དེ་ནི་བྱིན་གྱིས་རློབ་པའི་དུས་དང་བྱིན་རླབས་གནས་པའི་མཐའ་ཤན་མ་ཕྱེད་པ་ལས་བྱུང་བ་ཡིན་པས་འདི་ལྟར། བུ་རམ་ལས་སྦྱར་བའི་བཏུང་བ་རོ་དང་སླ་བ་ཞག་བདུན་གྱི་སྔ་རོལ་དུ་འགྱུར་ངེས་དེ་ཆོས་ཅན། དུས་ཀྱི་ཁྱད་པར་གང་དུ་ཡང་བྱིན་གྱིས་རླབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་ན་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་ལོ། །མི་ནུས་པ་ཅི་ཞེ་ན། ཞག་བདུན་པར་བྱིན་གྱིས་རློབ་ན་ནི་དངོས་སུ་འགལ། རོ་དང་སླ་བ་གཞན་དུ་འགྱུར་བའི་སྐད་ཅིག་དེ་ཚུན་ཆད་དུ་རློབ་ན་ནི་མངོན་ཤེས་མེད་པ་རྣམས་ཀྱིས་སྐད་ཅིག་དེ་མི་རྟོགས་པའི་རྒྱུ་མཚན་གྱིས་སོ། །མདོར་ན་སྡོམ་པ་གནས་པའི་དུས་ལས་ལྷག་པ་ཉིད་དུ་བླངས་ཀྱང་མི་སྐྱེ་བར་འགྱུར་ཏེ། སྨན་གྱི་བྱིན་རླབས་གནས་པའི་དུས་ལས་ལྷག་པར་བྱིན་གྱིས་བརླབས་ཀྱང་མི་འཆགས་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བརྟེན་མི་འཆགས་པར་འགྱུར་བའི་ཕྱིར་དང༌། ཞེས་སོགས་ཀྱིས་བསྟན་ནོ། །དེས་ན་བྱིན་གྱིས་རློབ་པའི་མཐའ་དང༌། ལོངས་སྤྱད་དུ་རུང་བའི་མཐའ་ནི་དུས་གཅིག་ཉིད་ཡིན་ལ། བྱིན་རླབས་གནས་པའི་དུས་དང་ལོངས་སྤྱོད་པའི་དུས་ཀྱང་དོན་གཅིག་ལ་འདུ་བ་ཡིན་ནོ། །འཚོ་བཅང་བྱིན་གྱིས་རློབ་པ་ཡང༌། མ་ཤིའི་བར་དུ་གནས་པའི་ངེས་པ་མེད་དེ། དེ་ལྟར་བརླབས་ཤིང་ལོངས་སྤྱད་པས་ནད་ལས་གྲོལ་ངེས་པ་དེའི་ཚེ། བྱིན་རླབས་ཞིག་པའམ། བཅངས་ན་སོག་འཇོག་ཏུ་འགྱུར་བ་གང་ཡིན་ཞེས་དཔྱོད་དགོས་པའོ། །འཚོ་བཅང་གི་སྨན་འདི་ལ། བོད་སྔ་མ་ཁ་ཅིག ནད་ཇི་སྲིད་འཚོ་བའི་དང༌། ཚེ་ཇི་སྲིད་འཚོ་བའི་ཞེས་གཉིས་སུ་དབྱེ་བ་བྱེད་མོད། དེ་འདྲའི་ཐ་སྙད་ནི་མདོ་ལུང་ལས་མི་འབྱུང་བས་ནོར་བའོ། །འོན་ཀྱང་ཚེ་ཇི་སྲིད་འཚོའི་བར་དུ་བྱིན་རླབས་འཆགས་པའི་སྨན་གང་ཡིན་པ་དེ་ལ་ཇི་སྲིད་ནད་ལས་མ་གྲོལ་གྱི་བར་དུ་བྱིན་གྱིས་རློབ་བོ་ཞེས་བརྗོད་ན་བྱིན་རླབས་འཆགས་པར་མངོན་ལ། དེ་འདྲ་དེ་ནད་ལས་གྲོལ་བའི་ཚེ་ཡང་བཟའ་བའི་ཕྱིར་བཅངས་ན་སོག་འཇོག་ཏུ་འགྱུར་ཏེ། ཞག་བདུན་པའི་སོག་འཇོག་དང་རྒྱུ་མཚན་མཚུངས་པའི་ཕྱིར། དེ་གཉིས་ཀ་ལ་རང་དུས་འདས་པའི་ཚེ་བྱིན་རླབས་ཞིག་མོད། སོག་འཇོག་ཏུ་འགྱུར་བ་ནི་བྱིན་ལེན་མ་ཞིག་པའི་རྒྱུ་མཚན་གྱིས་སོ། །དང་པོའི་རྒྱུ་མཚན་ནི། དེའི་ཚེ་འཕེན་པ་ཟད་པས་ཡིན་ལ། བྱིན་ལེན་མ་ཞིག་པའི་རྒྱུ་མཚན་ནི་དེ་འཇིག་པའི་རྒྱུ་བཅུ་པོ་གང་ཡང་མ་བྱུང་བས་སོ། །གསུམ་པ་བདེ་བར་གནས་པའི་རྐྱེན་གནས་མལ་བསྟེན་ཚུལ་ནི། གཞན་གྱིས་བྱས་ཟིན་པའི་གནས་མལ་རྙིང་པ་ལ་ལོངས་སྤྱོད་པ་ནི་ཅི་བདེར་ལོངས་སྤྱད་པས་ཆོག་པར་བཤད་ལ། གསར་དུ་འཆོས་པ་ལ་ནི་དགེ་འདུན་གྱི་དོན་དང་རང་དོན་གཉིས་ལས། དང་པོ་ལ་མཆུ་ཞེང་གི་ཚད་ལ་ནི་ཡས་མཐའ་མ་བཤད་ཅིང༌། ས་གཞི་དག་པའི་ཕྱོགས་དང་དགེ་འདུན་ལ་བསྟན་པ་ཐོབ་ནས་བྱེད་དགོས་ཀྱི། གཞན་དུ་ན་ཁང་ཆེན་རྩིག་པའི་དགེ་འདུན་ལྷག་མས་རེག་པས་དོགས་པ་བསྲུང་དགོས་སོ། །རང་དོན་དུ་ནི་སྤྱོད་ལམ་བཞི་ཤོང་གི་ཚད་ལས་ལྷག་ན་ཁང་པའི་དགེ་འདུན་ལྷག་མ་ཆར་གཏོགས་དང་བཅས་པའི་དོགས་པ་བསྲུང་དགོས་ཤིང༌། དེའི་ཚད་ནི་ཇི་སྐད་དུ། ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ། །ཞེས་གསུངས་སོ། །ས་གཞི་དག་པར་དཀོན་མཆོག་གསུམ་གྱི་ཕྱེད་དུ་གཙུག་ལག་ཁང་རྩིག་པ་ནི་བཅས་ལྡན་དགེ་སློང་ལ་གནང་བའི་བསླབ་བྱ་ཡིན་ཞིང༌། བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ཏེ། རྫས་ལས་བྱུང་བའི་བསོད་ནམས་བདུན་གྱི་ནང་དུ་གསུངས་པ་དང༌། སྲོག་ཆགས་ལ་གནོད་པ་སོགས་ཀྱི་ཉེས་དམིགས་ཡོད་པས་གཙུག་ལག་ཁང་བྱེད་པ་ནི་ཉེས་པ་དང་བཅས་པའོ་ཞེས་ཟེར་བ་ནི་མུ་སྟེགས་གཅེར་བུ་པ་དག་གི་འདོད་པ་ཕྱིན་ཅིག་ལོག་ཡིན་པའི་ཕྱིར་རོ། །སྦྱངས་པའི་ཡོན་ཏན་ལ་གནས་པར་དམ་བཅའ་བའི་དགེ་སློང་ལ་ནི་གནས་མལ་པ་ཤིང་དྲུང་ཁོ་ན་བདེ་བར་གནས་པའི་རྐྱེན་དུ་བཤད་དོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སློབ་པ་དེ་དགེ་སློང་དག་ལ་སྒྲུབ་པའི་བསླབ་བྱའམ་འོན་ཏེ་གནང་བའི་བསླབ་བྱ་ཡིན། དང་པོ་ལྟར་ན་རྐྱེན་དགོས་ཁྱད་པར་ཅན་དང་མི་ལྡན་པའི་དགེ་སློང་དག་གིས་དེ་དག་ལ་མ་བསླབས་ན་ཉེས་པ་གང་དུ་འགྱུར། ཉེས་པ་གཅིག་ཏུ་འགྱུར་ན་ནི་དགེ་སློང་ཕལ་ཆེར་དེ་དང་བཅས་པར་འགྱུར་ལ། གཉིས་པ་ལྟར་ན། གང་ཟག་ཇི་ལྟ་བུ་ཞིག་ལ་གནང་བ་དང༌། བསླབ་བྱ་དེ་དག་ལ་བསླབས་ན་དེ་ལ་མི་སློབ་པའི་དགེ་སློང་གཞན་ལས་བསོད་ནམས་ཆེས་ལྷག་པ་མ་ཡིན་པར་འགྱུར་རོ་ཞེ་ན། འདི་ནི་ངེས་པར་སྒྲུབ་པའི་བསླབ་བྱ་ཡིན་ལ། དེ་ལ་སློབ་པར་མི་ནུས་པ་དག་གི་དེ་ལ་ཉེས་པ་མེད་པ་ཞིག་བཤད་པ་དེ་ནི་གནང་བའི་བསླབ་བྱ་ཡིན་ཏེ། ཇི་སྐད་དུ། ལུང་ལས། ཟས་ཀྱི་ནང་ན་བསོད་སྙོམས་ནི། རུང་བ། རྙེད་ཀྱང་སླ་བ་སྟེ། ཞེས་སྤྱིར་བཏང་ནས། ལྷག་པར་རྙེད་ན་འབྲས་ཆན་ནམ་ཞེས་དང༌། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་རུང་བ། རྙེད་ཀྱང་སླ་བ་སྟེ། ཞེས་སྤྱིར་བཏང་ནས། ལྷག་པར་རྙེད་ན། རས་སམ་རས་ཡུག་ཆེན་ནམ་ཞེས་སོགས། ཚེགས་ཆུང་ངུས་འབྱོར་ན་དམིགས་བསལ་དེ་དག་ལ་བརྟེན་ཀྱང་རུང་བར་བཤད་པ་དང༌། དམིགས་བསལ་རྣམས་ཚེགས་ཆུང་ངུས་འགྲུབ་ཀྱང་སྤྱིར་བཏང་དེ་ཉིད་ལ་བརྟེན་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གསུངས་པའི་ཕྱིར། དེས་མཚོན་ནས་ཆོས་གོས་གསུམ་ཁོ་ན་བྱིན་གྱིས་རློབ་པ་སྤྱིར་བཏང་དང་སྒྲུབ་པའི་བསླབ་བྱ་ཡིན་ལ། འབྱོར་ན་འཚོ་བའི་ཡོ་བྱད་གཞན་ཡང་བྱིན་གྱིས་རློབ་པ་ནི་དམིགས་བསལ་ལོ། །དེ་བཞིན་དུ་བསོད་སྙོམས་ཀྱི་ཟས་གཞིར་བྱས་པ་ལ་སྟན་གཅིག་པ་སྤྱིར་བཏང་དུ་སྒྲུབ་དགོས་པ་དང༌། གཞི་ཇི་བཞིན་པ་དང་ཅོག་པུ་པ་ཡང་དེ་དང་འདྲ་བའོ། །དེ་ལྟར་བཤད་པ་ན་བཅས་ལྡན་དགེ་སློང་རྣམ་དག་གིས་སྦྱངས་པའི་ཡོན་ཏན་ལ་སློབ་པའི་བསླབ་པ་ཟུར་དུ་ལེན་པ་དང༌། དེའི་ཆོ་ག་བརྗོད་པ་གསུམ་བྱས་ནས་མཇུག་ཐབས་ལེགས་ཀྱིས་བསྡུས་པར་འཆད་པ་དེ་དག་ནི་རྣམ་པར་མ་བརྟགས་པའི་རང་བཟོ་ཁོ་ནའོ། །བཞི་པ་སྤང་བྱ་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསླབ་པ་བསྲུང་ཚུལ་ལ། ཉན་ཐོས་དང་ཐུན་མོང་བའི་སོ་སོར་ཐར་པ་འདིའི་སྤང་བྱ་ནི། མི་དགེ་བ་བཅུ་ལས་ལུས་ངག་གི་བདུན་པོ་ཁོ་ན་གཙོ་བོ་ཡིན་ཏེ། དེ་དག་དང་འགལ་བ་ལ་སོ་ཐར་དང་འགལ་བའི་ལྟུང་བ་རྣམ་པར་བཞག་པ་ཡིན་ཞིང༌། ཡིད་ཀྱི་ཉེས་པ་གསུམ་པོ་བརྒྱུད་ནས་སྤང་བྱ་ཡིན་མོད། དེ་དང་འགལ་བའི་བཅས་པའི་ལྟུང་བ་ནི་རྣམ་པར་མ་བཞག་པའི་ཕྱིར། དེ་ལ་དེར་བཞག་པ་ཞིག་ཐེག་པ་ཆེན་པོའི་སྡེ་སྣོད་ལས་འབྱུང་བ་དེ་ནི་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་སོ་ཐར་གྱི་དབང་དུ་བྱས་སོ། །དགེ་སློང་གི་བཅས་པ་དང་འགལ་བའི་ལྟུང་བ་ནི་སྡེ་ཚན་རྣམ་པ་ལྔ་སྟེ། ཕས་ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། ལྟུང་བྱེད་དང༌། སོ་སོར་བཤགས་པ་དང༌། ཉེས་བྱས་རྣམས་སོ། །གལ་ཏེ་སྡེ་ལྔ་པོ་འདི་བཅས་པའི་ལྟུང་བ་ཡིན་ན། མ་བཅས་པ་ལ་ཉེས་པ་འདི་དག་འབྱུང་བའི་གོ་སྐབས་མེད་དམ་ཞེ་ན། གཞན་དག་ན་རེ། དེ་ལྟར་ཡིན་ཏེ། སྤྱིར་དགེ་སློང་མ་ཡིན་པ་ལ་ཕམ་པ་ལ་སོགས་པའི་ཐ་སྙད་མེད་ཅིང༌། ལུང་ལས། ལས་དང་པོ་པ་ལ་ཉེས་པ་མེད། ཚོར་བས་གཟིར་བ་དང་སྨྱོ་བ་ལ་ཉེས་པ་མེད་ཅེས་ཟེར་རོ། །དེ་ནི་སྤྱིར་བཅས་པ་དང་རང་བཞིན་གྱི་ཁྱད་པར་མ་ཕྱེད་ཅིང༌། བཅས་པ་རྐྱང་པ་ཅན་གྱི་རྣམ་གཞག་མ་ཤེས་པས་ནོངས་པ་ཡིན་ནོ། །འོ་ན་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འདོད་པ་ཁམས་པའི་རྟེན་ལ། གཙོ་བོར་ཉོན་མོངས་པས་ཀུན་ནས་བསླང་བའི་ལུས་ངག་གི་ལས་གང་བྱས་ཀྱང༌། བཅས་པ་ཡོད་མེད་ཀྱི་རྟེན་གཉིས་ཀ་ལ་ཁ་ན་མ་ཐོ་བར་འགྱུར་བ་ལ་ཁྱད་པར་མེད་དེ། མི་དགེ་བ་ཉིད་ཡིན་པའི་ཕྱིར། བྱ་བ་གཅིག་ཉིད་ལ་ཕམ་པ་ལ་སོགས་པའི་ལྟུང་བའི་ཐ་སྙད་འཇོག་མི་འཇོག་ནི་བཅས་པ་ཡོད་མེད་ལས་ཕྱེ་བ་ཡིན་ཏེ། དཔེར་ན་ཁྱིམ་པས་མ་བྱིན་པར་བླངས་པ་དང༌། དགེ་སློང་གིས་དེར་བླངས་པ་བཞིན་ནོ། །བཅས་རྐྱང་ཞེས་པ་ནི་རབ་ཏུ་བྱུང་བ་ལ་སྤྱིར་བཀག་ཅིང༌། བྱ་བ་དེའི་ཀུན་སློང་དགེ་བས་ཀྱང་བྱེད་སྲིད་པ་རྣམས་ཏེ། མྱོས་འགྱུར་འཐུང་བ་དང་སྐྱེ་བ་གཅོད་པའི་ལྟུང་བྱེད་ལྟ་བུའོ། །འོ་ན་ཁྱིམ་པས་ཀུན་སློང་ཉོན་མོངས་པ་ཅན་གྱིས་སྐྱེ་བ་གཅད་པ་ལྟ་བུ་ལ་ཉེས་པ་མི་འབྱུང་བར་འགྱུར་ཏེ། དེ་བཅས་རྐྱང་ཡིན་པ་གང་ཞིག ཁྱིམ་པ་ལ་བཅས་པ་མེད་པའི་ཕྱིར་སྙམ་ན། ཀུན་སློང་ཉོན་མོངས་པ་ཅན་དེའི་ཆ་ནས་རྟེན་གཉིས་ཀ་ལ་ཡིད་ཀྱི་ཁ་ན་མ་ཐོ་བར་འགྱུར་བ་ཡིན་མོད། བཅས་ལྟུང་དུ་འཇོག་པ་ནི་ཀུན་སློང་ཉོན་མོངས་ཅན་ལ་རག་ལས་པ་མ་ཡིན་ཏེ། ཀུན་སློང་དགེ་བས་བྱས་ཀྱང༌། ཆང་འཐུང་བ་དང་སྐྱེ་བ་གཅོད་པ་ལྟ་བུའི་ལུས་ངག་གི་བྱ་བ་མཐར་ཕྱིན་པའི་ཚེ་དགེ་སློང་ལ་བཅས་རྐྱང་དུ་འཇོག་པ་ཡིན་པས་སོ། །དེ་ལྟ་བུའི་བཅས་ལྟུང་དེ་འབྱུང་བའི་རྟེན་གྱི་གང་ཟག་ནི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ། བསླབ་པ་བཅས་པ་དང་འགལ་བ། ཤེས་པ་རང་བཞིན་དུ་གནས་པ་དང་གསུམ་ཚང་བ་ཞིག་དགོས་སོ། །གསོར་རུང་གི་ཚད་ནི། ལྟུང་བ་གཞན་བྱུང་ཡང་ཕམ་པ་འཆབ་བཅས་ཀྱིས་མ་གོས་ན་བཅས་ལྟུང་སྐྱེ་བའི་རྟེན་དུ་འཇོག་པ་ཡིན་ཏེ། ཕམ་པ་འཆབ་མེད་དག་བྱེད་དུ་ཆད་པའི་ལས་ཀྱི་བསླབ་པ་བྱིན་ཆགས་སྤྱོད་བཞིན་པ་དེ་ལྟུང་བ་སྡེ་ལྔ་སྐྱེད་པའི་རྟེན་དུ་དགེ་སློང་རྣམ་དག་དང་འདྲ་བར་གསུངས་པས་སོ། །ཕམ་པ་འཆབ་མེད་ཅན་སྡོམ་པ་གསོར་རུང་དང་ལྡན་པའི་ཤེས་བྱེད་ནི་ཚེ་དེ་ལ་དགྲ་བཅོམ་པ་འཐོབ་པའི་སྐལ་བ་ཡོད་པའོ། །ཕམ་པ་འཆབ་བཅས་ཅན་ཡིན་ཀྱང༌། ལྟུང་བ་སྐྱེད་པའི་རྟེན་དུ་གཏན་མི་རུང་བ་ནི་མ་ཡིན་ཏེ། ཇི་སྐད་དུ། ཉམས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཞེས་བཤད་པའི་ཕྱིར། འོ་ན་ཕམ་པ་འཆབ་བཅས་གཅིག་བྱུང་བའི་ཚེ། སྡོམ་པའི་ཕྱོགས་གཅིག་ཉམས་པ་ཡིན་ནམ་མཐའ་དག་ཉམས་པ་ཡིན་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས། ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པ་དེའི་དོན་ནི། སྲོག་གཅོད་ཀྱི་ཕམ་པ་ལྟ་བུ་གཅིག་གིས་རང་གི་དངོས་ཀྱི་གཉེན་པོ་དེ་ཁོ་ན་ཉམས་པར་བྱེད་ཀྱི། གཞན་རྣམས་དེར་བྱེད་པ་མ་ཡིན་ཏེ། སྤོང་བ་བདུན་པོ་རྫས་ཐ་དད་དུ་སྐྱེ་བའི་ཕྱིར། ཞེས་པ་ཡིན་ལ། དེའི་ལྟར་ན་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་ཅན་གྱི་དགེ་སློང་དེ་མ་བྱིན་ལེན་གྱི་ཕམ་པ་སྐྱེད་པའི་རྟེན་དུ་རུང་བར་འཆད་པའོ། །དོན་དེ་ལ་དགོངས་ནས། སོ་སོར་ཐར་པའི་མདོ་ལ། དགེ་སློང་གང་དགེ་སློང་རྣམས་དང་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱི། གནས་པར་མི་བྱའོ། །ཞེས་སྡོམ་པ་འཐོབ་རྒྱུས་ཐོབ་ནས། འབུལ་བྱེད་ཀྱི་ཆོ་གས་མ་ཕུལ་ན། ལྟུང་བ་ཇི་ལྟ་བ་བཞིན་དུ་སྐྱེད་པའི་རྟེན་དུ་གསུངས་ལ། ཕམ་པ་མ་བྱུང་བ་ཞིག་རྟེན་དུ་དགོས་པའི་བཤད་པ་མེད་དོ། །འོ་ན་དེར་ཉམས་པར་མ་བྱས་པ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ལྟུང་བས་ཉམས་པར་མ་བྱས་པ་ཞེས་བྱ་བའི་དོན་མ་ཡིན་གྱི། འབུལ་བྱེད་ཀྱི་ཆོ་གས་ཉམས་པར་མ་བྱས་པ་ཞེས་པའི་དོན་ནོ། །ཕུལ་བ་དང་ཉམས་པའི་ཁྱད་པར་ཅི་ཞེ་ན། ཡུལ་སྨྲ་ཤེས་དོན་གོའི་དྲུང་དུ་བསླབ་པ་རང་གི་ངོ་བོ་འབུལ་བའི་ཚིག་བརྗོད་པ་དང༌། དེ་དངོས་སུ་མི་བརྗོད་པར་བསླབ་པ་དེ་ལ་མི་སློབ་པའི་རྒྱུ་བརྗོད་པའོ། །དཔེར་ན་བསླབ་པ་འབུལ་ལོ་ཞེས་པ་དང༌། དཀོན་མཆོག་གསུམ་ལོ་ཞེས་པ་ལྟ་བུ་ཡིན་ལ། གཉིས་ཀ་ལ་ཡང་བསླབ་པ་གཏོང་འདོད་ཀྱི་བསམ་པ་ཀུན་སློང་དུ་དགོས་པ་ལ་ཁྱད་པར་མེད་དོ། །དེ་ལྟར་སྤྱིར་བཤད་ནས། སོ་སོའི་ངོས་འཛིན་ལ་སྡེ་ཚན་ལྔ་ལས། དང་པོ་ཕམ་པའི་སྡེ་ནི། མདོ་ལས། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་བསད་པར་མི་བྱ་དང༌། །རྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་སོ། །དེ་ཡང་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་དུ་བསྟན་པ་ལ་སྐྱོན་མ་བྱུང་བས་བཅས་པ་མ་མཛད་ལ། བཅུ་གསུམ་པ་ལ་བབ་པ་ན། ཡུལ་སྤོང་བྱེད་དུ་གང་ཟག་དགེ་སློང་བཟང་སྦྱིན་གྱིས། ཉོན་མོངས་པ་འདོད་ཆགས་ཀྱི་དབང་གིས། ཉེས་པ་མི་ཚངས་པར་སྤྱད་པ་ལ་བརྟེན་ནས། ཕམ་པ་དང་པོའི་བཅས་པ་དེ་མཛད་དོ། །བཟང་སྦྱིན་ལ་ནི་ཕམ་པ་འདི་མ་བྱུང་སྟེ། དེའི་གོང་དུ་དོན་དེ་ལ་ཕམ་པར་བཅས་པ་མ་མཛད་པའི་ཕྱིར། དེ་བཞིན་དུ་གང་ལ་བཅས་པ་དང་པོར་མཛད་པའི་དགེ་སློང་དེ་ལ་བཅས་པ་དེ་དང་འགལ་བའི་ལྟུང་བ་མ་བྱུང་ཞིང༌། དོན་དེ་ལ་དགོངས་ནས་ལས་དང་པོ་པ་ལ་ལྟུང་བ་མེད་ཅེས་འཆད་དོ། །དེ་ནས་ལྟུང་བ་སོ་སོ་ངོས་འཛིན་པའི་ཚུལ་ནི། ཡན་ལག་གི་རྩིབ་རྣམ་པར་བཞག་པའི་སྒོ་ནས་ངོས་བཟུང་བར་བྱ་སྟེ། དེ་ལྟར་བྱས་ན་ངོས་འཛིན་སླ་བ་དང༌། བསྲུང་མཚམས་ཤེས་པ་དང༌། ཕྱིར་བཅོས་པའི་ཚུལ་བདེ་བླག་ཏུ་རྟོགས་ནུས་པའོ། །དེ་ཡང་འདི་ལྟར། ཕམ་པ་དང་པོ་ལ། གཞི་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་གི་ཡན་ལག་བཞི་ལས། གཞི་ནི། གང་ལ་རྩལ་བའི་ཡུལ་གྱི་ཡན་ལག་ནི། ལུས་ཕྱེད་དུ་ལོངས་པ་ཡན་ཆད་ཀྱི་རྨའི་སྒོ་གསུམ་པོ་གང་ཡང་རུང་བ་མ་ཉམས་པ། དོན་བྱེད་ནུས་པའོ། །དེ་ལ་རྩལ་བ་རྟེན་གྱི་ཡན་ལག་ནི། རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་ལས་སུ་རུང་བའོ། །བསམ་པ་ཀུན་སློང་ནི་བདེ་བ་ཉམས་སུ་མྱོང་བར་འདོད་དོ། །སྦྱོར་བ་ནི་རེག་ཅིང་བརྩལ་བའོ། །མཐར་ཐུག་བདེ་བ་ཉམས་སུ་མྱོང་བའོ། །དེ་ལྟ་བུའི་ཡན་ལག་རྣམས་ལས་གང་ཡང་རུང་བ་རེ་རེ་ཚང་ཞིང་མཐའ་དག་མ་ཚང་ན། ཕམ་ལྷག་གི་སྐབས་འདིར་སྦོམ་པོ་ཞེས་བྱ་ཞིང༌། ལྟུང་བ་གཞན་རྣམས་ཀྱི་སྐབས་སུ་ཉེས་བྱས་ཞེས་བྱའོ། །གཉིས་པ་མ་བྱིན་ལེན་ལ། གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ། རྟེན་དགེ་སློང་ནོར་ཅན། ཉོན་མོངས་པ་འདོད་ཆགས། ཉེས་པ་མ་བྱིན་པར་བླངས་པའོ། །ཡན་ལག་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་བཞི་ལས་དང་པོ་ནི། ཡུལ་མིའི་འགྲོ་བ་པ་ཡིན་པ། བདག་ཉིད་ལས་ནོར་རྫས་ཐ་དད་པ། དངོས་པོ་ཁ་ཟས་སུ་བྱས་པ་མ་ཡིན་པ། རིན་ཐང་ཚང་བའོ། །དེའི་ཁྱད་པར་ཡང་ཀརྵ་པ་ནའི་བཞི་ཆར་ལོངས་པ། དེའི་ཁྱད་པར་ཡང༌། ཡུལ་གཅིག་ཏུ་དང༌། དུས་གཅིག་ཏུ་དང༌། སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་བ། བརྐུ་བྱ་དང༌། རྐུ་བྱེད་གཉིས་ཀ་ལ་རིན་ཐང་ཚང་བའོ། །བཞི་ཆའི་ཚད་དེ་གང་ཞེ་ན། མདོ་ལུང་དུ་མ་ཥ་ཀ་ལྔ་ལ་བཤད། མ་ཥ་ཀ་ཞེས་པ་ནི་སྲན་མའི་མིང་ཡིན་ལ། དེ་ལ་སེ་བ་བརྒྱད་ཡོད་པ་ཡིན་ཏེ། ཉིད་ཀྱི་རྣམ་པར་བཤད་པ་ལས། མ་ཥ་སེ་བ་བརྒྱད་ཅེས་བྱ། །མ་ཥ་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གང་ལ་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ །ཞེས་བཤད་པ་དེའི་ཚེ་ན། མ་ཥ་ཀ་ལྔ་ནི་སེ་བ་བཞི་བཅུ་ཐམ་པ་ཡིན་ལ། དེ་ཡང་གསེར་གྱི་ཀརྵ་པ་ནའི་དབང་དུ་བྱས་ན། གསེར་འགུ་མའི་ཞོ་གང་དང་སེ་བ་བརྒྱད་འབྱུང༌། དངུལ་གྱི་ཀརྵ་པ་ནའི་དབང་དུ་བྱས་ན། གསེར་དངུལ་གཉིས་ལྔ་འགྱུར་དུ་བྱེད་པ་དེའི་ཚེ། གསེར་སེ་བ་བརྒྱད་རིན་ཐང་གི་ཚད་དུ་བྱུང་ངོ༌། །འདིར་གསེར་དངུལ་གྱི་ཀརྵ་པ་ན་གཉིས་གང་བཟུང་ཞེ་ན། རང་འགྲེལ་གྱི་ཚིག་དྲངས་མ་ཐག་པ་དེ་ལ་དཔག་ན་གསེར་དུ་གསལ་ལ། གཞི་འགྲེལ་དང་གཞུང་འགྲེལ་གཉིས་ལས་ཀརྵ་པ་ན་ཞེས་པ་ནི། ཟོང་གི་ཁྱད་པར་དངུལ་ལས་བྱས་པ། གཟུགས་སུ་དོད་པ། བཙོང་དུ་རུང་བ། ཞེས་མཐུན་པར་གསུངས་པས་ན་དངུལ་དུ་གསལ་ལོ། །བཞི་པ་ཆ་ལའང་གཅིག་ཏུ་ངེས་པ་མེད་དེ། མ་ཥ་ཀ་གསུམ་ལ་དེར་བཤད་པ་དང༌། ལྔ་ལ་བཤད་པ་དང༌། བཅུ་ལ་བཤད་པ་དང་གསུམ་ཀ་ལུང་ལས་བྱུང་ངོ༌། །འདི་དག་ཀྱང་རིན་ཐང་གི་ཚད་བཟུང་བ་ཡིན་གྱི། གསེར་རམ་དངུལ་ཁོ་ན་དགོས་པ་ནི་མ་ཡིན་ཏེ། གསེར་ཞོ་གང་གི་རིན་ཐང་གི་ཚད་འཇོག་པ་བཞིན་ནོ། །གཞུང་དང་མདོ་ལུང་གི་དངོས་བསྟན་ཇི་སྐད་བཤད་པ་དེ་ལས་མཐའ་ཆོད་པར་བཤད་རྒྱུ་མེད་མོད། དུས་འདིའི་དབང་དུ་བྱས་པའི་ལག་ལེན་གོ་བདེ་བར་བརྗོད་ན། གསེར་གྱི་ཀརྵ་པ་ནའི་དབང་དུ་བྱེད་པ་དང༌། དེའི་བཞི་ཆ་མ་ཥ་ཀ་གསུམ་ལ་བྱས་ནས། དེའི་ཚེ་གསེར་སེ་བ་ཉི་ཤུ་རྩ་བཞི་འབྱུང་བ་དེ་རིན་ཐང་གི་ཚད་དོ། །བསམ་པ་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བའོ། །ཀུན་སློང་ནི་རྫས་འདི་ནི་གཞན་གྱི་ཡིན་ཏེ། མ་གནས་ཡང་བདག་ཉིད་ཀྱི་འཚོ་བའི་ཆེད་དུ་གཏན་དུ་དབྲལ་སྙམ་པའོ། །སྦྱོར་བ་ནི། ལུས་ངག་ཏུ་གྲུབ་པའི་སྒོ་ནས་རྐུ་བར་རྩོམ་པའོ། །མཐར་ཐུག་ནི་གྲུབ་བློས་ཁྱད་པར་དུ་བྱས་པའི་གནས་སྤགས་སོ། །འདི་ལ་ཁ་ཅིག་གི་གསུང་ནས། མཐར་ཐུག་ལ་གནས་སྤགས་དགོས་ན། མཁར་ཞིང་སོགས་རྐུ་བ་མི་སྲིད་པར་ཐལ་ལོ་ཞེས་གསུངས་མོད། དེའི་དོན་གནས་ནས་གནས་སུ་སྤོང་བ་ལ་བཤད་ན་དེ་ལྟར་ཐལ་ཡང༌། དེ་ལྟར་དགོས་པ་མ་ཡིན་གྱི། དབང་བའི་གནས་ནས་མི་དབང་བའི་གནས་སུ་སོང་བ་ལ་བྱེད་པར་འོད་ལྡན་དུ་བཤད་ལ། དེའི་གོ་བ་ཡང་གྲུབ་བློ་སྐྱེས་པ་སྟེ། དེ་ཡང་རྐུན་མ་ལ་ཐོབ་བློ་དང་བདག་པོའི་བསམ་པས་གཏང་བ་གཉིས་ཚོགས་པར་གྱུར་པའོ། །བདག་པོའི་བསམ་པས་མ་བཏང་ན་ཐོབ་བློ་སྐྱེས་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། ཇི་སྐད་དུ། ཁྱེར་བ་ཉིད་ན་བསམ་པས་མ་བཏང་བ་ནི་བདག་པོ་དང་མ་བྲལ་བ་ཉིད་ཡིན་ནོ། །ཞེས་གསུངས་ལ་དེ་དང་མ་བྲལ་ན་གནས་སྤོས་སུ་བཞག་མི་ནུས་ཏེ། བདག་པོ་སྔ་མ་དང་མ་བྲལ་བའི་ཕྱིར། གནས་སྤོས་ཀྱི་ཚད་འཇོག་པ་དེ་ཡང་དངོས་པོའི་གནས་ཚོད་ལ་རག་ལས་པ་ཡིན་ཏེ། ཇི་སྐད་དུ། སྤྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་ནའོ། །ཞེས་དང༌། བཏུས་ནས་ནི་ཕུང་པོ་ནའོ། །ཞེས་པ་ལྟ་བུ་གནས་སྤོས་ཀྱི་ས་མཚམས་འཇོག་ལུགས་མི་འདྲ་བ་མང་དུ་གསུངས་སོ། །གསུམ་པ་སྲོག་གཅོད་ལ། གླེང་གཞི་ནི། ཡུལ་སྒྲོལ་རྒྱུའི་ཚལ་དུ། གང་ཟག་དགེ་སློང་རབ་ཏུ་མང་པོ་ལ། ཉོན་མོངས་པ་ཞེ་སྡང་གིས། ལས་སུ་བྱ་བ་མིའི་འགྲོ་བ་པའི་སྲོག་ཕྲོགས་པ་ལས་བཅས་སོ། །ཁ་ཅིག་དགེ་སློང་སྦེད་བྱེད་ལ་བཅས་པ་ཡིན་ཟེར་བ་ནི་མི་འཐད་དེ། ལུང་རྣམ་འབྱེད་ཀྱི་འགྲེལ་པར། དགེ་སྦྱོང་སྦེད་ཅེས་བྱ་བ་ནི་མི་ཁྱིམ་པ་ཞིག་གི་མིང་སྟེ། ཞེས་བཤད་པ་དང་འགལ་བས་སོ། །བྱེད་རྒྱུ་ལ་བཞི་ལས། དང་པོ་གཞི་ལ། ཡུལ་ནི་མི་འགྲོ་བ་པ། རང་ལས་རྒྱུད་ཐ་དད་པའོ། །བསམ་པ་ལ་གཉིས་ལས། འདུ་ཤེས་ནི་མ་འཁྲུལ་བ། ཀུན་སློང་ནི་གསོད་པར་འདོད་པའི་བསམ་པ་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་བསྐོས་པའི་ལུས་ངག་ཏུ་གྲུབ་པ། མཐར་ཐུག་དེའི་རྐྱེན་གྱིས་སྲོག་འགགས་པའོ། །འདི་ལ་སྦྱོར་བ་དངོས་གཞིའི་བར་དུ་བསམ་པ་རིགས་མི་མཐུན་གྱིས་བར་མ་བཅད་པ་ཞིག་དགོས་ཏེ། ཇི་སྐད་དུ། འདུན་པ་ཟློག་པའི་འོག་ཏུ་ནི་རྒྱུ་ཉིད་མ་ཡིན་ནོ། །ཞེས་སོ། །བཞི་པ་རྫུན་སྨྲ་ལ། གླེང་གཞི་ནི། ཡུལ་ཡངས་པ་ཅན་དུ། གང་ཟག་ཉ་བ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱས། ཉོན་མོངས་པ་མི་ཤེས་པས་མིའི་ཆོས་བླ་མ་ཡང་དག་པ་མ་ཡིན་པར་སྨྲས་པའོ། །བྱེད་རྒྱུའམ་རྒྱུ་ཚོགས་ལ་བཞི་ལས། གཞིའི་ཡན་ལག་ནི། ཡུལ་ཐ་སྙད་ལྔ་ལྡན་རང་ལས་རྒྱུད་ཐ་དད་པ། དངོས་པོ་ནི་མིའི་ཆོས་བླ་མ། འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་ནི་སྨྲ་འདོད་རྒྱུན་མ་ཆད་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན། མཐར་ཐུག་དེའི་རྐྱེན་གྱིས་དོན་གོ་བའོ། །ཐ་སྙད་ལྔ་ནི། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པའོ། །ངག་མཚན་ཉིད་དྲུག་ལྡན་ནི། རང་གིས་དང༌། ངག་གིས་དང༌། བདག་ཉིད་དང༌། འབྲེལ་བ་དང༌། བསམ་པའི་དོན་དང༌། གསལ་པོར་མངོན་སུམ་དུ་སྨྲས་པའོ། །ཆོས་བླ་མ་ནི། འཇིག་རྟེན་པའི་བསམ་གཏན་བཞི་དང༌། དེ་ལ་བརྟེན་པའི་ཡོན་ཏན་སྤྱན་དང་མངོན་པར་ཤེས་པ་དང༌། རྣམ་ཐར་དང་ངེས་འབྱེད་ཆ་མཐུན་སོགས་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་སོ། །དེ་ལྟར་ཕས་ཕམ་པའི་རྒྱུ་ཚོགས་སུ་བཤད་པ་རྣམས་ལས། མཐའ་དག་མ་ཚང་ན་སྦོམ་པོའི་ལྟུང་བ་དང༌། ཚང་ན་ཕམ་པ་དངོས་གཞིའོ། །དེ་ལའང་འཆབ་མེད་དང༌། འཆབ་བཅས་གཉིས་སོ། །ཁྱད་པར་ནི། མཐར་ཐུག་གྲུབ་རྗེས་སུ་འཆབ་སེམས་མ་སྐྱེས་པ་དང་སྐྱེས་པའོ། །གཉིས་པོ་གང་བྱུང་ཡང་ཚུལ་ཁྲིམས་འཆལ་པར་བྱེད་ཀྱི། སྡོམ་པ་གཏོང་བ་ནི་མ་ཡིན་ཏེ། རྩ་བའི་ལྟུང་བ་འབྱུང་བ་སྡོམ་པའི་གཏོང་རྒྱུར་མདོ་ལུང་གང་ལས་ཀྱང་མ་གསུངས་པའི་ཕྱིར། དེ་ལྟ་མོད་ཀྱི་འཆབ་མེད་དེ་དག་བྱེད་དུ་ཆད་པའི་ལས་ཉམས་སུ་བླངས་ན་ཚེ་དེ་ལ་རྣམ་པར་གྲོལ་བའི་མཐུ་ཡོད་ལ། དེ་ལྟར་མ་བླངས་ན་དེའི་མཐུ་མེད་དོ། །འཆབ་བཅས་ཅན་ནི་ཚུལ་ཁྲིམས་དག་བྱེད་དུ་ཆད་ལས་ཉམས་སུ་ལེན་པ་མེད་ཅིང༌། ཚེ་དེ་ལ་རྣམ་པར་གྲོལ་བའི་མཐུ་མེད་པས་གནས་ནས་སྐྲོད་པར་གསུངས་སོ། །འདི་གནས་ཕྱུང་ནན་ཏུར་གྱི་ནང་དུ་མི་གཏོགས་ཏེ། དེ་འདྲ་དེ་ནན་ཏུར་གང་ཡང་འཆགས་པའི་རྟེན་དུ་མི་རུང་བའི་ཕྱིར། འདིས་བསླབ་པ་ཕུལ་ནས་ཁྱིམ་པ་ཉིད་དུ་གྱུར་པ་དེ། སླར་ཡང་སྡོམ་པའི་རྟེན་དུ་རུང་བ་ནི་མ་ཡིན་ཏེ། རྒྱུད་གསོར་མི་རུང་དུ་གྱུར་པའི་ཕྱིར། བར་མ་རབ་ཏུ་བྱུང་བ་ཙམ་གྱི་རྟེན་དུ་རུང་ཞིང༌། དེའི་ཚེ་ན་བར་མ་ཡང་དག་པར་བླངས་པ་གསུམ་ངེས་པར་བསྲུང་དགོས་པ་ཡིན་མོད། ལྟུང་བ་སྡེ་ལྔ་པོ་གང་རུང་གི་རྒྱུ་ཚོགས་ལ་སྦྱར་ན་ལྟུང་བ་ཉེས་བྱས་སུ་འགྱུར་བ་ནི་མ་ཡིན་ཏེ། དེ་སྡོམ་པ་སྔ་མ་བཏང་ཞིང་ཕྱི་མ་མ་སྐྱེས་པའི་ཕྱིར། དེ་ལྟར་བཤད་པ་ན་སྲོག་གཅོད་ཕམ་པ་འཆབ་བཅས་ཁོ་ན་བྱུང་བའི་སྡོམ་ལྡན་དེ་ཕམ་པ་གཞན་གསུམ་པོའི་དངོས་གཞི་སྐྱེད་པའི་རྟེན་དུ་རུང་བ་ཉིད་དུ་བྱེ་སྨྲས་འདོད་པར་གྲུབ་ལ། ཉམས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་པ་དེ་ནི། སྲོག་གཅོད་ཆར་གཏོགས་དང་བཅས་པ་ལྟ་བུ་ལ་དགོངས་སོ། །བྱེ་སྨྲའི་འདོད་པ་འདི་ཉིད་མདོ་ལུང་གི་དོན་ལ་ཞུགས་པར་སློབ་དཔོན་སྔ་མ་རྣམས་འཆད་པ་ལྟར་ལེགས་པ་ཡིན་ཏེ། ལུང་ལས་ཕམ་པ་བཞི་ཆར་བྱུང་བའི་དགེ་སློང་གསུངས་པ་དང༌། སྤོང་བ་བདུན་པོའི་གཅིག་བླངས་པས་ཐམས་ཅད་བླངས་པར་མི་འགྱུར་བའི་རིགས་པ་ལས་སོ། །གཉིས་པ་དགེ་འདུན་ལྷག་མའི་སྡེ་ཚན་ལ། མདོ་ལས། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྙན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་གསུངས་པ་ལས། དང་པོ་འབྱིན་པའི་ལྷག་མ་ལ། གླེང་གཞི་ནི། ཡུལ་མཉན་ཡོད་དུ། གང་ཟག་འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་རང་གི་ཁུ་བ་བསམ་བཞིན་དུ་ཕྱུང་བའོ། །དགག་བྱ་ནི་དངོས་སུ་རང་གི་ལུས་ལ་གནོད་པ་དང༌། རྒྱུད་ནས་ཕམ་པ་དང་པོའི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ཀྱི་ཡན་ལག་ལ་བཞི་ལས། དང་པོ་གཞི་ལ། གང་དབྱུང་བ་རང་གི་ཁུ་བ་ཡིན་པ། གང་གིས་དབྱུང་བ་སེམས་ཅན་དུ་བགྲང་བ་དང་དེའི་རྣམ་པར་གནས་པ། གང་ནས་དབྱུང་བ་དང་པོ་གང་ན་ཡོད་པའི་གནས་ནས་ཐ་སྙད་དུ་བྱར་ཡོད་པའི་ཚད་དུ་ལོངས་པའོ། །གཉིས་པ་ནི། བསམ་པ་འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློབ་ཁུ་བ་དབྱུང་བའི་འདུན་པ་རྒྱུན་ཆགས་སོ། །སྦྱོར་བ་ནི་རེག་ཅིང་བརྩལ་བ། མཐར་ཐུག་སྦུབས་སུ་འོངས་ཤིང་བདེ་བ་མྱོང་བའོ། །གཉིས་པ་འཛིན་པའི་ལྷག་མ་ལ། གླེང་གཞི་ནི། ཡུལ་མཉན་ཡོད་དུ། གང་ཟག་འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས་བུད་མེད་ཀྱི་ལུས་ལ་རེག་པའོ། །དགག་བྱ་ནི་ཕམ་པ་དང་པོའི་རྒྱུར་འགྱུར་བ་སོགས་སོ། །རྒྱུ་ཚོགས་ཀྱི་ཡན་ལག་ལ་བཞི་ལས། དང་པོ་ལ། ཡུལ་མིའི་བུད་མེད་ཤེས་པ་རང་བཞིན་དུ་གནས་པ། མཚན་དོན་བྱེད་ནུས་པ། ལུས་རྟེན་རུང་མ་ཉམས་པ། རྨའི་སྒོ་གསུམ་ལས་གཞན་པ། ལུས་དངོས་སམ། སྐྲའམ། དེ་དང་འབྲེལ་བའི་གོས་ཡིན་པ། གང་གིས་རེག་བྱེད་ནི། རང་གི་ལུས་མ་ཉམས་པ། ཟག་བྱད་ལས་གཞན་པ། མིག་ནས་པུས་མོའི་བར་གང་རུང་ཡིན་པ། གཉིས་པ་ལ། བསམ་པ་འདུ་ཤེས་མ་འཁྲུལ་བ་དང༌། ཀུན་སློང་རེག་པའི་བདེ་བ་མྱོང་བར་འདོད་པ། སྦྱོར་བ་ནི་རེག་པར་རྩོམ་པ། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའོ། །གསུམ་པ་འཁྲིག་ཚིག་སྨྲ་བ་ལ། གླེང་གཞི་ནི། འཆར་ཀས་འཁྲིག་ཚིག་སྨྲས་པའོ། །དགག་བྱ་ནི་ཕམ་པའི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་མིའི་བུད་མེད། མཚན་དོན་བྱེད་ནུས་པ། རྫུ་འཕྲུལ་མ་ཐོབ་པ། གང་བརྗོད་པའི་དངོས་པོ་ནི་ཡུལ་དུས་དེར་འཁྲིག་པའི་ཚིག་ཏུ་གྲགས་པ། ཀུན་སློང་ནི་དེ་སྨྲས་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །མཐར་ཐུག་ཡུལ་ངེས་དོན་གོ་བའོ། །བཞི་པ་བསྙེན་བཀུར་བསྔགས་པ་ལ། གླེང་གཞི་དང༌། དགག་བྱ་དང༌། ཡན་ལག་གི་རྩི་བ་གཞན་རྣམས་སྔ་མ་དང་འདྲ་བ་ལ། ཚིག་གི་དངོས་པོ་ཅི་ཞིག་སྨྲས་པ་ནི། ལུང་ལས། བདག་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཚངས་པར་སྤྱོད་པ། དགེ་བའི་ཆོས་ཅན་ལ་འཁྲིག་པས་བསྙེན་བཀུར་བྱས་ན་བསྙེན་བཀུར་རྣམས་ཀྱི་ནང་ནས་མཆོག་དང༌། ཕུལ་དང༌། ཁྱད་འཕགས། བཟང༌། མཛེས། དགེ མཆོད་འོས། བསྟོད་འོས། རྒྱ་ཆེ་བ་ཡིན་ནོ་ཞེས་གསུངས་ཏེ་མཚོན་པ་ཙམ་མོ། །ལྔ་པ་སྨྱན་བྱེད་པ་ལ། གླེང་གཞི་མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་འདོད་ཆགས་ཀྱིས། ཉེས་པ་སྨྱན་བྱས་པའོ། །དགག་བྱ་དགེ་བའི་ཕྱོགས་ལ་གནོད་པ་དང༌། གཞན་མ་དད་པའོ། །ཡན་ལག་ལ་བཞི་ལས། ཡུལ་སྤྲད་བྱ་ནི། མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། ལུས་རྟེན་དུ་རུང་བ། ད་ལྟ་མི་མཐུན་པར་གནས་པ། རང་ཉིད་ལས་རྒྱུད་ཐ་དད་པ། ཀུན་སློང་གཉིས་པོ་ཕྲད་པའི་དོན་དུ་མི་མཐུན་པ་མཐུན་པར་སྒྲུབ་པའི་ཆེད་དུ། སྦྱོར་བ་རང་ངམ་བསྐོས་པས་འཕྲིན་ལན་གསུམ་བྱེད་པ། མཐར་ཐུག་གཉིས་པོའི་བརྟེན་བྱ་རྟེན་བྱེད་ཕྲད་པའོ། །དྲུག་པ་ཁང་པའི་ལྷག་མ་ལ། གླེང་གཞི་ནི། མཉན་ཡོད་དུ་དགེ་སློང་རབ་ཏུ་མང་པོས་འདོད་ཞེན་གྱིས་ཁང་པ་ཚད་ལྷག་བརྩིགས་པའོ། །དགག་བྱ་ནི། སྲོག་ཆགས་ལ་གནོད་པ་དང༌། རང་གི་དགེ་བའི་ཕྱོགས་མི་འཕེལ་བ་དང༌། འཐབ་རྩོད་ཀྱི་རྒྱུར་འགྱུར་བ་སོགས་སོ། །ཡན་ལག་ལ་བཞི་ལས། གཞི་ནི། ཡོ་བྱད་དང་ས་གཞི་གཞན་ནས་བཙལ་བའམ། ཡང་ན་གང་གི་དོན་དུ་བྱེད་པའི་དགེ་སློང་དེས་བཙལ་ནས་དེས་རྗེས་སུ་གནང་བ། གཞི་མ་དག་པ་དང་མ་གནང་བ། གང་ཟག་གཅིག་གི་ཆེད་ཡིན་པ། ཚད་ལས་ལྷག་པ། ཚད་ནི་སྤྱོད་ལམ་བཞི་ཤོང་བ། སྔར་གཞན་གྱིས་བརྩམས་པའི་འཕྲོ་མ་ཡིན་པ། ཀུན་སློང་ནི་རྩིག་པར་འདོད་པའི་བསམ་པ་རྒྱུན་མ་ཆད་པ། སྦྱོར་བ་རང་ངམ་གཞན་གྱིས་རྩིག་པར་ཞུགས་པ། མཐར་ཐུག་པ་སྐོར་བ་དང་བཀབ་ཟིན་པ། སྤྱོད་ལམ་བཞི་ནི། འགྲོ་འགྲེང་འདུག་ཉལ་བཞི་ལས། འགྲོ་ན་གོམ་པ་གསུམ་འདོར་དུ་ཡོད་པ། འགྲེང་ན་ལུས་མ་བཏུད་པར་ཡང་མགོ་མི་ཐོགས་པ། འདུག་ན་སྐྱིལ་ཀྲུངས་སུ་ཤོང་པ། ཉལ་ན་རྐང་ལག་རྐྱོང་བར་ནུས་པའོ། །ཁང་པ་འདི་རང་དོན་དུ་རང་གིས་བྱེད་ན། ས་གཞི་དང་ཡོ་བྱད་ལ་བདག་པོ་གཞན་མེད་པ་ཅིག་དགོས་ཏེ། ཡོད་ན་མ་བྱིན་ལེན་དུ་འགྱུར་བས་སོ། །རང་དོན་དུ་གཞན་ཞིག་བྱེད་དུ་འཇུག་ནས་གཞི་དང་ཡོ་བྱད་དགེ་སློང་རང་གི་ཡིན་པ་ཅིག་དགོས་ཏེ། གཞན་དུ་ན་མ་བྱིན་ལེན་དུ་འགྱུར་བས་སོ། །བསྐོས་པ་དེ་དགེ་སློང་ཡིན་ན། དེས་གཞན་དོན་དུ་བྱས་པ་ཡིན་ཀྱང་གཉིས་ཀ་ལ་ལྷག་མར་འགྱུར་ཏེ། ལྷག་མ་འདི་ལ་རང་དོན་དུ་བྱས་པ་ཡན་ལག་ཏུ་མི་དགོས་པའི་ཕྱིར་དང༌། རང་ཉིད་ཀྱིས་བྱས་པ་ཡང་མི་དགོས་པའི་ཕྱིར། དེ་ལ་དགོངས་ནས་བཙལ་བ་ལའོ། །ཞེས་དང༌། དེས་རྗེས་སུ་གནང་བ་ལའོ། །ཞེས་གསུངས། རྗེས་སུ་གནང་བ་ལ་གཉིས་ཏེ། གནས་དང་ཡོ་བྱད་ཀྱི་བདག་པོ་ཁྱིམ་པས། དགེ་སློང་འཆར་ཀའི་གནས་ཀྱི་དོན་དུ་ལག་གི་བླ་ཉེར་དགའ་ལ་རྗེས་སུ་གནང་བ་ལྟ་བུ་དང༌། འཆར་ཀ་ཉིད་ཀྱི་གང་ནས་བཙལ་བའི་ས་གཞི་དང་ཡོ་བྱད་ཉེར་དགའ་ལ་རྗེས་སུ་གནང་ནས་རྩིག་ཏུ་བཅུག་པ་ལྟ་བུའོ། །དགེ་སློང་འཆར་ཀ་ལྟ་བུར་མ་བསྐོས་པར། དགེ་སློང་གཞན་ཞིག་གིས་འཆར་ཀ་ལྟ་བུའི་དོན་དུ་བྱས་ན། བྱེད་པ་པོ་དེ་ཉིད་ལ་ལྷག་མར་འགྱུར་གྱི། ཅིག་ཤོས་ལ་མི་འགྱུར་ཏེ། དེས་མ་སྐོས་པའི་ཕྱིར། མདོར་ན་ཁང་པ་དང་ཁང་ཆེན་གྱི་ལྷག་མ་འདི་ལ་ནི་རང་དོན་དུ་བྱས་པ་མི་དགོས་སོ། །བདུན་པ་ཁང་ཆེན་ལ། གླེང་གཞི་ནི། ཀཽ་ཤམྦིར་དྲུག་སྡེས། ཉོན་མོངས་པ་གཞན་གྱིས་བརྙས་པ་མ་བཟོད་ནས། ཉེས་པ་གཙུག་ལག་ཁང་བརྩིགས་པའོ། །དགག་བྱ་ནི་སྔ་མ་དང་འདྲ། རྒྱུ་ཚོགས་ལ། བཙལ་བ་དང༌། ཚད་ལྷག་གཅིག་གི་ཆེད་དུ་ཞེས་པ་གསུམ་མི་སྦྱར། ཚོགས་ཀྱི་དོན་དུ་ཞེས་སྦྱར། གཞན་རྣམས་སྔ་མ་དང་འདྲའོ། །འདི་ལ་བཙལ་བ་མི་དགོས་ཞེས་པའི་དོན། བདག་པོ་གཞན་དང་བཅས་པའི་ས་ཕྱོགས་སུ་ཁང་ཆེན་བྱས་པ་ལ་འདི་སྐྱེད་ཅེས་པའི་དོན་ཏེ། གླེང་གཞིའི་དབང་གིས་ཡིན་གསུང་ངོ༌། །དེས་ན་བཙལ་བ་ལ་ཡང་འདི་སྐྱེད་པར་བཞག་གོ །ཁང་པ་དང་ཁང་ཆེན་གང་བྱེད་ཀྱང་དགེ་འདུན་ལ་བསྟན་པ་གསོལ་དགོས་ཏེ། མ་གསོལ་ན་ས་གཞི་དག་པ་སོགས་ཡིན་ཀྱང་ཉེས་བྱས་སུ་འགྱུར་བས་སོ། །གཉིས་པོའི་ཁྱད་པར་ནི། ཁ་ཅིག དཀོན་མཆོག་གསུམ་གྱི་ཆེད་དུ་བྱས་པ་དང༌། དེ་ལས་གཞན་གྱི་ཆེད་དུ་བྱས་པ་ཞེས་གསུངས། ཁ་ཅིག་ཚོགས་ཀྱི་དོན་དུ་བྱས་པ་ཁང་ཆེན། གཅིག་གི་ཆེད་དུ་བྱས་པ་ཁང་པ་ཡིན་ནོ། །གཞན་དུ་ན་ཁང་པ་བྱས་པས་ཁང་ཆེན་གྱི་ལྷག་མ་སྐྱེ་སྲིད་པར་འགྱུར་རོ། །ཞེས་གསུང༌། ཚོགས་ཀྱང་ཁྱིམ་པ་བཞིར་ལོངས་ཀྱིས་ཀྱང་ཆོག་པ་ཡིན་ཏེ། འགྲེལ་ཆེན་ལས། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ཞེས་བྱ་བ་ནི་གླེང་གཞིའི་དབང་གིས་ཏེ། དཔེ་ཙམ་དུ་ཟད་དོ། །ཞེས་གསུངས། བརྒྱད་པ་གཞི་མེད་སྐུར་འདེབས་ལ། གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ། གང་ཟག་མཛའ་བོ་དང་ས་ལས་སྐྱེས། ཉོན་མོངས་པ་ཕྲ་དོག ཉེས་པ་གཞི་མེད་དུ་སྐུར་པ་བཏབ་པའོ། །དགག་བྱ་ནི། ཇི་སྐད་དུ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་སྐྱེ་བར་འགྱུར། །ཞེས་པས་ཕྱི་མའི་ཉེས་པ་ཤིན་ཏུ་ལྕི་ལ། འདིར་ཡང་ཚིག་དེ་བདེན་པར་བཟུང་ན་ཡུལ་དེ་ལ་གནོད་པ་དང༌། མི་བདེན་པར་ཤེས་པའི་ཚེ་རང་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྤོང་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་རྫོགས་པའི་སྡོམ་ལྡན། ཐ་སྙད་གསུམ་དང་ལྡན་པ། གོ་བྱའི་ཡུལ་ཡང་ཐ་སྙད་ལྔ་དང་ལྡན་ཞིང༌། རྒྱུད་ཐ་དད་པའོ། །དངོས་པོ་ཕམ་པ་དག་ལས་གང་རུང་ངོ༌། །ཀུན་སློང་ནི་ཡུལ་དེ་ཉམས་པར་འདུན་པས་འདུ་ཤེས་བསྒྱུར་བའོ། །སྦྱོར་བ་ངག་མཚན་ཉིད་དང་ལྡན་པའམ། སྤྲིངས་ཡིག་སོགས་གོ་བའི་ཐབས་གང་ཡང་རུང་བའོ། །མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །འདིར་གཞི་མེད་ཅེས་པ། སྐུར་པ་གདབ་བྱའི་ཡུལ་ལ་དོན་སྟེངས་ན་ཉེས་པ་དེས་མ་གོས་པ་ལ་བྱ་བ་མ་ཡིན་གྱི། སྐུར་པ་འདེབས་མཁན་དེས་མཐོང་ཐོས་དོགས་གསུམ་གང་རུང་མེད་པ་ལ་བྱའོ། །དགུ་པ་བག་ཙམ་ལ། གླེང་གཞི་སྔ་མ་དང་འདྲ་ལ། དགག་བྱ་དང༌། ཡུལ་དང༌། ཀུན་སློང་དང༌། མཐར་ཐུག་ཀྱང་དེ་དང་འདྲ་ཞིང༌། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་ནམ། དོན་གོ་བའི་ཐབས་སྣ་ཚོགས་ཀྱི་སྒོ་ནས་བག་ཙམ་སྟེ་ཚིག་ཟུར་གྱི་ཤུགས་ཀྱིས་སྐུར་པ་འདེབས་པའོ། །དེ་ཡང་འདི་ལྟར། ཡུལ་ཆེ་གེ་མོ་ན། འཕགས་པ་དང་འཕགས་མ་འདི་ཞེས་བྱ་བ་མཐོང་ངོ༌། །དུད་འགྲོ་ཤྭ་བ་ཕོ་མོ་ཡང་མཐོང་ངོ༌། །བྱ་བ་མ་ཡིན་པ་བྱེད་པ་དག་ཀྱང་མཐོང་ངོ༌། །ཞེས་ཟེར་བ་ལྟ་བུའོ། །བཅུ་པ་དགེ་འདུན་དབྱེན་ལ། གླེང་གཞི་ནི། ཡུལ་རྒྱལ་པོའི་ཁབ་ཏུ། གང་ཟག་དགེ་སློང་ལྷས་སྦྱིན་གྱིས། ཉོན་མོངས་པ་རྙེད་པ་དང་བཀུར་བསྟི་ལ་ཆགས་པས། ཉེས་པ་དགེ་འདུན་གྱི་དབྱེན་བྱས་པའོ། །དགག་བྱ་ནི། མཚམས་མེད་ལྔའི་ནང་ནས་ཤིན་ཏུ་ལྕི་ཤོས་དེར་འགྱུར་བའོ། །དེ་ཡང༌། དངོས་སུ་བསྟན་པ་ལ་གནོད། བརྒྱུད་ནས་མནར་མེད་དུ་སྐྱེ་བའོ། །རྒྱུ་ཚོགས་ལ། འདུལ་འཛིན་སྔ་མའི་ལུགས་དང༌། ཟུར་དུ་རྟོག་དཔྱོད་བཞག་པའོ། །དང་པོ་ལ་བཞི་ལས། ཡུལ་དགེ་སློང་བརྒྱད་ཡན་ཆད་ཚང༌། དགེ་སློང་རང་ཉིད་འཁོར་ལོའི་དབྱེན་གྱི་སྦྱོར་བ་མཚན་ཉིད་པ་ལ་ཞུགས་པ། ཡུལ་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་ལ་སོགས་པ་ལྡོག་ཚུལ་རྣམ་པ་ལྔ་བྱས་པའི་མཐའ་ལ་མ་བཏང་བ། ཀུན་སློང་ཆོས་ལས་ཆོས་མ་ཡིན་པར་དབྱེ་འདོད་པ། སྦྱོར་བ་འབྱེད་པར་རྩོམ་པ། མཐར་ཐུག་ལས་བརྗོད་པ་གསུམ་པའི་མཐའ་ལས་འདས་པའོ། །གཉིས་པ་ནི། སྔ་མ་དག དབྱེན་གྱི་ལྷག་མ་དང༌། དེའི་མཚམས་མེད་དོན་གཅིག་པར་འདོད་པ་ནི་མི་འཐད་དེ། མཚམས་མེད་ལ་ནི་དགེ་འདུན་བྱེ་བ་ཞིག་ངེས་པར་དགོས་ལ། ལྷག་མ་ལ་ནི་དགེ་འདུན་བྱེ་བར་མ་ནུས་ཀྱང༌། ལྡོག་ཚུལ་ལྔའི་མཐའ་ལ་མ་བཏང་བ་ཉིད་ཀྱིས་ཆོག་པའི་ཕྱིར་དང༌། ལྷག་མ་འདི་ནི་དགེ་སློང་མ་ལ་ཡང་འབྱུང་ལ། དེ་དབྱེན་གྱི་མཚམས་མེད་བྱེད་པ་པོར་མི་རུང་བའི་ཕྱིར། ཡང་སྔ་མ་རྣམས། ལྷག་མ་འདིར་འགྱུར་བ་ལ་འཁོར་ལོའི་དབྱེན་ལ་ཞུགས་པ་ཉིད་དགོས་ཟེར་བ་ཡང་དཔྱད་པའི་གཞི་ཡིན་ཏེ། དགེ་སློང་འཆར་ཀ་ལྟ་བུ་ལས་ཀྱི་དབྱེན་ལ་ཞུགས་པ་ན། དགེ་འདུན་གཟུ་བོས་ལྡོག་ཚུལ་རྣམ་པ་ལྔས་ཟློག་ཀྱང༌། དེའི་མཐའ་ལ་མ་བཏང་ན་དབྱེན་གྱི་ལྷག་མར་འགྱུར་ངེས་པ་དང༌། དེ་འདྲ་ངེས་མཚམས་ནང་གཅིག་ཏུ་ཆོས་སྨྲ་བའི་དགེ་འདུན་ལས་ལོགས་སུ་དགེ་འདུན་གྱི་ལས་བྱས་ན་དགེ་འདུན་བྱེ་བ་དང༌། བྱེད་པ་པོ་དེ་ལ་དབྱེན་གྱི་མཚམས་མེད་བྱུང་ངམ་ཞེས་རྣམ་པར་བརྟགས་ན། འབྱེད་པ་པོ་དེ་ལ་ལྷག་མ་བྱུང་རྗེས་སུ་མཚམས་མེད་ཀྱང་བྱུང་བར་རིགས་པས་འཐོབ་པ་དང༌། དགེ་འདུན་བྱེ་བའི་ཚད་ཀྱང༌། མཚམས་ནང་གཅིག་ཏུ་དགེ་འདུན་གྱི་ལས་ཐ་དད་དུ་བྱས་པ་ལ་འཆད་དགོས་ཀྱི། དེ་ལས་གཞན་ལ་ངོས་འཛིན་རྒྱུ་མེད་པ་དང༌། ལས་ཀྱི་དབྱེན་དེ་ཡང༌། དགེ་སློང་ཆོས་མ་ཡིན་པ་སྨྲ་བ་དག་གིས་བྱས་པ་དགོས་ཀྱི། ཆོས་ཕྱོགས་པའི་དགེ་འདུན་གྱིས་ལས་ཐ་དད་དུ་བྱས་ཀྱང༌། དེ་ཙམ་གྱིས་ལས་བྱེ་བར་མི་འགྱུར་ཞིང༌། དེས་དེ་ལྟར་ཞུགས་པ་ལ་དགེ་འདུན་གྱིས་བཟློག་གོ་བྱེད་པར་མ་བཤད་ཅིང༌། དེ་ལས་འདས་པ་ན་ལྷག་མར་འགྱུར་བ་ཡང་མ་བཤད་དོ། །འདིར་ཡང་མཚམས་ནང་དེར་ཆོས་དང་ཆོས་མ་ཡིན་པར་སྨྲ་བའི་དགེ་འདུན་སོ་སོར་ངེས་པའི་དབང་དུ་བྱས་པ་ཡིན་ཏེ། དེར་མ་ངེས་ན་མཚམས་ནང་གཅིག་བུ་དེར་ལས་སོ་སོ་བ་མི་འཆགས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། སོ་སོར་མ་ངེས་པའི་གོང་དུ་མ་འདུས་པའི་མི་མཐུན་པ་སྐྱེད་པའི་རྒྱུ་མཚན་ལས་སོ། །འདི་ཡང་ཆོས་མ་ཡིན་པ་ལ་དེར་འདུ་ཤེས་པའི་སྒོ་ནས་ལས་ཐ་དད་དུ་བྱས་ན། དགེ་འདུན་བྱེ་བར་མ་ཟད། མཚམས་མེད་པར་ཡང་འགྱུར་ལ། ཆོས་ལ་དེར་འདུ་ཤེས་པའི་སྒོ་ནས་ལས་ཐ་དད་དུ་བྱས་ན། དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་མོད་ཀྱང༌། ལས་བྱས་ཟིན་པའི་མོད་ལ་དགེ་འདུན་བྱེ་བ་མ་ཡིན་ཞིང༌། དེའི་སྦྱོར་བ་ལ་ཞུགས་པའི་དུས་སུ་ཟློག་བསྒོ་ཡང་འཆགས་པ་མ་ཡིན་ཏེ། ཆོས་ཕྱོགས་པའི་དགེ་འདུན་གྱིས་ཆོས་མ་ཡིན་པ་སྨྲ་བ་ལ་གནས་ཕྱུང་ནན་ཏུར་འཆགས་པར་བཤད་པའི་ཕྱིར། འདི་ཡང་ཐོག་མར་སྒྲ་རྟག་མི་རྟག་གི་དངོས་པོའི་དེ་བཞིན་ཉིད་ལ་ལོག་སྒྲུབ་ཀྱི་རྩོད་པ་བྱུང༌། དེ་ལ་དགོས་པའི་ཞི་བྱེད་ཀྱིས་ཞི་བར་མ་ནུས་ན་མཐར་གང་མང་གི་ཞི་བྱེད་བྱ། དེའི་ཚེ་དགེ་འདུན་ཕྱོགས་གཉིས་སུ་གནས་པ་ཡིན་ལ། དེ་ལྟར་གནས་པ་ལ་ཆོས་ཕྱོགས་པར་མང་བར་གྱུར་ན། དེས་ཅིག་ཤོས་ལ་བཞམས་བསྒོ་སོགས་ཀྱི་ཟློག་ཚུལ་རྣམས་བྱ། དེས་ཀྱང་མ་བཏང་ན་དེ་དག་ལ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ལྟ་བུ་བྱུང༌། དེའི་ཚེ་ཇི་སྐད་དུ། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་ཡང་གནས་ནས་དབྱུང་བར་བྱའོ། །ཞེས་གསུངས། གལ་ཏེ་ཅིག་ཤོས་མང་བར་གྱུར་ན་རྩོད་པ་དེ་ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བ་བྱེད་དགོས་ཏེ། གཞན་དུ་ན་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པས་སོ། །བྱེ་ཟིན་པའི་འོག་རོལ་དུ་ནི་གཅིག་གིས་ནི་ཅིག་ཤོས་ལ་ནན་ཏུར་མི་འཆགས་ཏེ། ཇི་སྐད་དུ། རང་གི་ཕྱོགས་དང་མཐུན་པ་ཉིད་ལ་མི་འཆགས་སོ། །ཞེས་གསུངས་པས་སོ། །ལས་ཀྱི་དབྱེན་རྩོལ་བ་ལ་ཟློག་ཚུལ་ལྔ་སྔོན་དུ་མ་སོང་ན་ནི་དབྱེན་གྱི་ལྷག་མར་འགྱུར་བ་མེད་མོད། བྱེ་བའི་ཚེ་མཚམས་མེད་དུ་འགྱུར་བ་སྲིད་དེ། ཆོས་དང་ཆོས་མ་ཡིན་པ་ལ་དེ་དང་དེར་ཤེས་ནས། དེར་ཞུགས་ཤིང་བྱེ་བ་ལ་མཚམས་མེད་དུ་བཤད་པས་སོ། །མཚམས་མེད་འདི་འཁོར་ལོའི་དབྱེན་ལ་ཡིན་གྱི། ལས་ཀྱི་དབྱེན་ལ་མ་ཡིན་ནོ་སྙམ་ན། དེ་ནི་མ་ཤེས་པ་ཡིན་ཏེ། འཁོར་ལོའི་དབྱེན་སྔོན་དུ་སོང་ནས། དགེ་འདུན་བྱེ་བའི་ཚད་ནི་གླེང་གཞིའི་ཚེ། སྟོན་དང་ལམ་གཞན་ལ་བཟོད་པ། ཞེས་པ་དེར་ངེས་ཀྱང༌། ད་ལྟའི་གནས་སྐབས་སུ། ལས་ཀྱི་དབྱེན་གྱི་མཐར་ཐུག་པ་ལ་འཆད་དགོས་པའི་ཕྱིར། དགེ་སློང་ལྷས་བྱིན་ལ་ནི་མཚམས་མེད་བྱུང་ཡང༌། དབྱེན་གྱི་ལྷག་མ་འདི་མ་བྱུང་སྟེ། དེའི་ཚེ་ལྷག་མའི་བཅས་པ་མ་མཛད་པའི་ཕྱིར། དེ་བཞིན་དུ་འཁོར་ལོའི་དབྱེན་གྱི་མཚམས་མེད་ལ་ཡང༌། ཆོས་མ་ཡིན་པའི་ཕྱོགས་བཟུང་ནས་དགེ་འདུན་ཕྱེ་ཞིང༌། བྱེ་བ་ཉིད་ཀྱིས་ཆོག་པ་ཡིན་གྱི། ཟློག་བྱེད་ཀྱི་རྐྱེན་ལྔ་པོ་ལ་མི་ལྟོས་ཏེ། ལྟོས་ན་མཚམས་མེད་ཀྱི་ལས་ཀྱང་བསྒོ་བ་ལས་གྱུར་པའི་ལྟུང་བར་ཐལ་བ་ལས། དེ་ལྟར་ཡང་མདོ་ལུང་ལས་བཤད་པ་མེད་པའི་ཕྱིར། དགེ་སློང་ལྷས་བྱིན་ལ་ཟློག་བསྒོ་བྱས་པར་བཤད་པ་དེ་ནི་དགེ་འདུན་ལྷག་མའི་གླེང་གཞི་སྟོན་པའི་དབང་གིས་ཡིན་གྱི། མཚམས་མེད་ལ་ཡང་དེ་ལྟར་དགོས་ན་ཕྱིར་བཅོས་ཀྱི་གཞི་ཉིད་ནས་འབྱུང་བ་དང་འགལ་ལོ། །དབྱེན་གྱི་ལྷག་མར་འགྱུར་བ་ལ་ནི། ཆོས་ཕྱོགས་པ་གཞིར་བྱས་པའི་དགེ་འདུན་འདུ་བ་མཐུན་པ་དག་ལོངས་སྤྱོད་ཀྱི་དབང་གི་ཐ་དད་དུ་ཕྱེ་ནས་ལས་སོ་སོར་བྱེད་པ་ལ་ཡང་འབྱུང་སྟེ། ཇི་སྐད་དུ། ཐ་དད་པ་ཉིད་དུ་མངོན་པར་འདོད་པས་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བཤད་པ་དེ་ཟློག་བསྒོ་སྔོན་དུ་མ་སོང་བའི་དབང་དུ་བྱས་པ་ཡིན་ལ། དེ་ལ་དེ་སྔོན་དུ་སོང་ན་ལྷག་མར་ངེས་པའི་ཕྱིར་དང༌། ཆོས་ལས་ཐ་དད་དུ་འབྱེད་པ་དགོས་ན་དགེ་སློང་མ་ལ་དེའི་མཐུ་མེད་པའི་ཕྱིར་ཡང་ངོ༌། །བཅུ་གཅིག་པའི་རྗེས་སུ་ཕྱོགས་པ་ལ། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ། ཀོ་ཀ་ལི་ཀ་ལ་སོགས་པ་དགེ་སློང་བཞིས། ཉེས་པ་ལྷས་བྱིན་དགེ་འདུན་འབྱེད་པའི་གྲོགས་བྱས་པའོ། །ཡན་ལག་ལ། གཞི་ནི། གང་གིས་གྲོགས་བྱ་བའི་དགེ་སློང་དེ་ནི་དབྱེན་མཚན་ཉིད་པའི་སྦྱོར་བ་ལ་ཞུགས་པ་ཀུན་སློང་དེ་བྱེད་པར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་ཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་བའོ། །འདིར་དགེ་སློང་བཞིར་ལོངས་ལ་ལས་བྱས་པས་ན་ཚོགས་ཀྱིས་ཚོགས་ལ་ལས་མི་འཆགས་པ་ཞེས་པའི་སྤྱི་སྐད་དེ་རྣམ་པ་ཐམས་ཅད་དུ་མ་ངེས་སོ། །བཅུ་གཉིས་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ལ། གླེང་གཞི་ནི། ཡུལ་མཉན་ཡོད་དུ། དགེ་སློང་ནབ་སོ་དང་འགྲོ་མགྱོགས་གཉིས་ཀྱིས་ཁྱིམ་པ་རྣམས་སུན་ཕྱུང་བ་དེ་ལ་དགེ་འདུན་གྱིས་བསྐྲད་པ་ནན་ཏུར་གྱི་ལས་བྱས། དེའི་རྐྱེན་གྱིས་རང་སྐྲོད་པ་པོའི་དགེ་འདུན་ལ་འདུན་པས་འགྲོ་ཞེས་སོགས་རྫུན་གྱིས་སྐུར་པ་བཏབ་པའོ། །དགག་བྱ་ནི་གཞི་མེད་དང་འདྲ། རྒྱུ་ཚོགས་ལ། གཞི་ནི། འདི་སྐྲོད་པའི་དགེ་འདུན་ཆོས་ལྡན་དང༌། གོ་བྱའི་ཡུལ་ཐ་སྙད་ལྔ་ལྡན། ཀུན་སློང་སྐུར་པ་འདེབས་འདོད། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན། མཐར་ཐུག་ཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་བའོ། །དགེ་འདུན་གྱི་ལས་ཆོས་ལྡན་གཞན་ལའང་སྐུར་འདེབས་དེ་ལྟར་བྱེད་ན། ཟློག་ནི་དགོས་ལ། ཟློག་ཚུལ་ཇི་ལྟར་བྱེད་དང༌། མཐའ་ལ་མ་བཏང་ན་ཅིར་འགྱུར་དཔྱད་དགོས་སོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བ་ནི། ཡུལ་ཀཽ་ཤམྦིར། དགེ་སློང་འདུན་པས། ཉོན་མོངས་པ་རང་ལ་ལྟུང་བ་གླེང་བར་མི་འདོད་པས། ཉེས་པ་བཀའ་བློ་མི་བདེ་བར་བྱས་པའོ། །དགག་བྱ་དགེ་འདུན་སྤངས་པའོ། །རྒྱུ་ཚོགས་ལ། གཞི་ནི། གང་སྤང་བའི་དངོས་པོ་བདག་ཉིད་ཀྱི་བསླབ་པའི་གཞི་དང༌། དགེ་འདུན་ནོ། །གོ་བྱ་ནི་རང་ལ་གླེང་བྱེད་མཚན་ཉིད་པའོ། །བདག་ཉིད་ནི་གླེང་དྲན་བྱས་ལ་ཆགས་པ། ཀུན་སློང་ནི་སྤོང་བར་འདོད་པ། སྦྱོར་བ་ནི་ངག་མཚན་ཉིད་དྲུག་ལྡན། མཐར་ཐུག་ཟློག་ཚུལ་ལྔ་པའི་མཐའ་ལ་མ་བཏང་བའོ། །དེའི་འོག་ཏུ་ཡང་བྱ་བ་དེ་འཕྲོ་མི་གཅོད་ན་སྡིག་ལྟ་མི་གཏོང་བའི་ཟློག་བྱེད་དང༌། ནན་ཏུར་གྱི་ལས་བྱ་དགོས་པ་སོགས་ཅི་རིགས་པར་འགྱུར་རོ། །ལྟུང་བ་གླེང་བའི་སྐབས་མ་ཕྱེ་བར་བཀའ་བློ་མི་བདེ་བར་བྱེད་པ་ལ་ནི། བརྗོད་བཅས་དང་ཕུར་བཅས་ལྟ་བུ་བྱ་བ་ཡིན་གྱི། ཟློག་བསྒོ་མི་བྱ་སྟེ། མི་འཆགས་པའི་ཕྱིར། དེ་དག་གིས་ནི་དགེ་འདུན་ལྷག་མ་རྣམས་བཤད་ཟིན་ཏོ། །སྐབས་འདིར་ཉེས་པ་སྦོམ་པོའི་རྣམ་གཞག་དང༌། རྩ་བའི་མདོར་མ་ངེས་པ་གཉིས་ཤེས་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། དང་པོ་ལ། ལུང་དང་འོད་ལྡན་ལས། སྦོམ་པོ་ནི་གཉིས་ཏེ། མིང་དུ་ཆགས་པའི་སྦོམ་པོ་དང༌། ཡོན་ཏན་གྱི་སྒྲའི་སྦོམ་པོའོ། །དང་པོ་ནི་སྦོམ་པོ་ཞེས་པའི་སྒྲ་གང་ལ་དངོས་མིང་དུ་འཇུག་པ་དེ་ཡིན་ལ། གཉིས་པ་ནི། སྦོམ་པོ་ཞེས་པའི་སྒྲ་བཤད་དུ་ཡོད་ཀྱང༌། དངོས་མིང་དུ་མི་འཇུག་པ་ཕམ་ལྷག་གི་དངོས་གཞི་ལྟ་བུའོ། །དེས་ན་སྦོམ་པོ་མཚན་ཉིད་པ་དེ་ཡིན་ན་ཕམ་ལྷག་གང་རུང་གི་སྡེ་ཚན་དུ་གཏོགས་པས་ཁྱབ། དེ་ལའང་ཕམ་ལྷག་གང་རུང་གི་ཀུན་སློང་གིས་ཀུན་ནས་བསླང་ཞིང༌། མཐར་མ་ཐུག་པ་སྦྱོར་བའི་སྦོམ་པོ་དང༌། དེ་འདྲ་དེ་མཐར་ཐུག་ཀྱང་ཕམ་ལྷག་གི་རྒྱུ་ཚོགས་མ་ཚང་བ་དངོས་གཞིའི་རྣམ་པའི་སྦོམ་པོ་དང༌། དེ་དག་གི་སྡེ་ཚན་དུ་གཏོགས་ཀྱང་དེའི་ཀུན་སློང་གིས་མ་སླང་བ་སྦྱོར་བའི་རྣམ་པའི་སྦོམ་པོའོ། །དཔེར་བརྗོད་ནི། མིའི་འགྲོ་བ་པའི་ལག་པ་གཅོད་ན་སྦོམ་པོའོ། །ཞེས་བཤད་དོ། །བསྙེན་པར་མ་རྫོགས་པའི་ལྟུང་བ་ལ་ནི་ཉེས་པ་སྦོམ་པོའི་ཐ་སྙད་མེད་དོ། །གཉིས་པ་མ་ངེས་པ་ནི། མདོ་ལས། དབེན་པ་སྐྱབས་ཡོད་ན་འདུག་པའོ། །ཞེས་འབྱུང་ལ། འདིས་ལྟུང་བ་གཉིས་པ་བསྟན་པ་ལས། གཅིག་ནི་གནས་དེར་ཟླ་གྲོགས་གཞན་མེད་པར་བུད་མེད་གཅིག་པུ་དང་འདོམ་གང་གི་ནང་རོལ་དུ་འདུག་པ་དང༌། ཅིག་ཤོས་ནི་དེའི་ཕྱི་རོལ་དུ་འདུག་པའོ། །གཉིས་པོ་ལ་མ་ངེས་པ་ཞེས་ཟེར་བའི་རྒྱུ་མཚན་ནི། ལྟུང་བ་གླེང་བྱེད་ཀྱིས་ཕམ་ལྷག་ལྟུང་བྱེད་གསུམ་པོ་གང་བྱུང་མ་ངེས་པའམ། དངོས་པོ་ལ་མཐའ་གང་དུ་འགྱུར་མ་ངེས་པའོ། །གཉིས་པ་དེ་ནི་ལྷག་མ་དང་ལྟུང་བྱེད་གང་ཡིན་ནམ་གང་དུ་འགྱུར་མ་ངེས་པ་སྟེ་འདོམ་གང་གི་ཕྱི་རོལ་ན་འདུག་པས་སོ། །གཉིས་པོ་འདི་མདོ་རྩ་བའི་ནང་དུ་མི་འབྱུང་བ་ནི། གནས་དེར་འདུག་པ་ཙམ་ནི་ལྟུང་བྱེད་འབའ་ཞིག་པའི་ནང་དུ་འདུས་ལ། དེའི་འབྲས་བུར་གྱུར་པའི་ལུས་ངག་གི་ལྟུང་བ་ནི་ཕམ་ལྷག་གང་རུང་དུ་ངེས་པས་ལོགས་སུ་མ་གསུངས་ཤིང༌། དགེ་སློང་གི་ལྟུང་བའི་གྲངས་ངེས་ལ་གནོད་པ་ཡང་མ་ཡིན་ནོ། །གསུམ་པ་ལྟུང་བྱེད་ཀྱི་སྡེ་ཚན་ལ་གཉིས་ཏེ། སྤང་བ་ལྟུང་བྱེད་དང༌། ལྟུང་བྱེད་འབའ་ཞིག་པའོ། །དང་པོ་ལ་བཅུ་ཚན་གསུམ་ལས། དང་པོ་ནི། རྩ་བའི་མདོ་ལས། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་གསུངས། དང་པོ་ལ། གླེང་གཞི་ནི། མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོས། ཉོན་མོངས་པ་ཟང་ཟིང་ལ་སྲེད་པས། ཉེས་པ་གོས་མང་པོ་བཅངས་པའོ། །དགག་བྱ་ནི། ཆོག་མི་ཤེས་པ་དང༌། ཀློག་པ་དང༌། བསམ་གཏན་གྱི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ་བཞི་ལས། དང་པོ་ལ། དངོས་པོ་ནི། གོས་སུ་གྲུབ་པ། དགེ་སློང་ལ་རུང་བ། རང་དབང་བ། ཁྲུ་གང་གི་ཚད་དུ་ལོངས་པ། ཟླ་བར་བཞག་ཏུ་རུང་བ་མ་ཡིན་པ། བྱིན་གྱིས་བརླབས་པ་དང་མ་འབྲེལ་བའམ། འབྲེལ་ཡང་རྗེས་སུ་ཞུགས་པ་དང་བཅས་པ། བདག་ཉིད་ནི་སྲ་བརྐྱང་བཏིང་བ་མ་ཡིན་པ། ཀུན་སློང་ནི་འཆང་བར་འདོད་པ། སྦྱོར་བ་ལུས་ངག་གིས་དེར་ཞུགས་པ། མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །འདི་དག་གི་གོ་དོན་ལ། གོས་ལྷག་པོ་ལྟ་ཅི་སྨོས། རང་གི་ཆོས་གོས་དབང་བ་དང་གནས་སྐབས་དབང་བྱར་ཡོད་པ་གང་རུང་ཡང་རྙེད་ནས་ཞག་བཅུའི་ནང་ཚུན་ཆད་དུ། རང་མིང་ངམ་རྣམ་བརྟགས་གང་རུང་གི་སྒོ་ནས་བྱིན་གྱིས་རློབ་དགོས་ཏེ། གཞན་དུ་ན་བཅུ་གཅིག་པའི་ཚེ་སྤང་བར་འགྱུར་བས་སོ། །དང་པོ་རང་མིང་ནི། བྱིན་རླབས་ཅན་སྔ་མ་མེད་ན་འཚོ་བའི་ཡོ་བྱད་བཅུ་གསུམ་གང་རུང་དུ་བྱིན་གྱིས་རློབ་པའོ། །རྣམ་བརྟགས་ནི། ལྷག་པའི་འམ་མཁོ་བའི་ཡོ་བྱད་དུའང་མ་འོངས་པའི་རབ་ཏུ་བྱུང་བའི་ཆེད་དམ། དཀོན་མཆོག་གི་མཆོད་པའམ། སེམས་ཅན་ལ་སྦྱིན་པ་གཏོང་བའི་རྒྱུར་བསྔོས་པ་ལྟ་བུའོ། །འོ་ན་སྤང་བ་འདི་སྐྱེད་པ་ལ་བྱིན་གྱིས་མ་རླབས་པའི་གོས་གང་དང་གང་ཡིན་པ་དེས། རང་སྟོབས་ཀྱིས་ཞག་བཅུ་འདས་པ་དགོས་སམ་ཞེ་ན། མི་དགོས་ཏེ། བྱིན་གྱིས་མ་རླབས་པའི་གོས་གཞན་སྔ་མ་ཞིག་གིས་ཞག་གཅིག་གམ་དགུའི་བར་ལོན་པ་ཞིག་ཡོད་ལ། དེའི་རྗེས་སུ་གོས་གཉིས་པ་ཞིག་རྙེད་ན། དེ་རྙེད་མ་ཐག་པའི་དུས་དེར་སྔ་མས་ཞག་གྲངས་གང་ལོན་དེ་ཕྱི་མས་ཀྱང་ལོན་པར་འཇོག་པས་སོ། །འདི་ལ་ཤན་ཞུགས་པའམ་འདྲེས་པ་ཞེས་བྱ་ལ། དེ་ལ་དགོངས་ནས། ཇི་སྐད་དུ། འདི་ལ་གཞན་ཡོད་ན་བྱིན་གྱིས་མ་རླབས་པ་དེའི་ཤན་ཚུན་ཆད་ནས་སོ། །ཞེས་གསུངས། བྱིན་གྱིས་བརླབས་པ་ཙམ་གྱིས་ཉེས་པ་དེ་འབྱུང་བ་ཁེགས་སམ་ཞེ་ན། སྔ་ཕྱི་གཉིས་ཀ་བྱིན་གྱིས་བརླབས་པའམ། ཤན་མ་འདྲེས་གོང་དུ་སྔ་མ་དེ་བྱིན་གྱིས་བརླབས་ན་ཉེས་པ་དེ་ཅི་རིགས་པར་ཁེགས་མོད། རྟིང་མ་དེ་བྱིན་གྱིས་བརླབས་པ་གཅིག་བུས་ཤན་མི་ཁེགས་ཏེ། བྱིན་གྱིས་མ་རླབས་པ་སྔ་མ་དེའི་ཤན་རྗེས་སུ་འཇུག་པའི་ཕྱིར། དེ་སྐད་དུའང༌། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ལའོ། །ཞེས་གསུངས། སྔ་མ་བྱིན་གྱིས་བརླབས་པས་རྟིང་མ་ལ་ཤན་མི་འབྱུང་བ་ཡིན་མོད། རྟིང་མ་བྱིན་གྱིས་བརླབས་པའི་གོ་ཆོད་པ་ནི་མ་ཡིན་ཏེ། རྟིང་མས་རང་སྟོབས་ཀྱིས་ཞག་བཅུ་ལྟ་བུ་ལོན་པའི་ཚེ་སྤང་བ་སྐྱེ་བས་སོ། །འདིར་ཤན་འཇུག་པ་ལ་རྣམ་གྲངས་བཞི་སྟེ། གོས་ཀྱི་དང༌། ལྷུང་བཟེད་ཀྱི་དང༌། སྨན་གྱི་དང༌། ལྟུང་བའི་ཤན་ནོ། །དང་པོ་ལ། ཞག་བཅུ་པའི་དང༌། ཟླ་བའི་ཤན་ནོ། །ཞག་བཅུ་ལས་ལྷག་པར་བཞག་ཏུ་མི་རུང་བའི་གོས་དང༌། ཟླ་བར་བཞག་ཏུ་རུང་བའི་གོས་གཉིས་སྤྱིར་བཏང་དུ་ཤན་བརྡེག་བྱ་རྡེག་བྱེད་དུ་མི་རུང་ལ། དམིགས་ཀྱིས་བསལ་བ་ལ་མུ་བཞི་འཆད་པར་བྱེད་དོ། །གོས་དང་ལྷུང་བཟེད་ནི་བྱིན་གྱི་མ་བརླབས་པ་སྔ་མ་དང་དུས་མཉམ་པའི་ཤན་གོས་རྟིང་མའམ་དུས་མཉམ་པ་བྱིན་གྱིས་བརླབས་མ་བརླབས་གཉིས་ཀ་ལ་འཇུག་པ་ཡིན་ཏེ། འདི་ཉིད་ཀྱི་ཤན་ལ་བྱིན་གྱིས་མ་རླབས་པ་གཞན་ཞིག་ཡོད་པས་ཆོག་པའི་ཕྱིར། འོན་ཀྱང་རྟིང་མའི་ཤན་སྔ་མ་ལ་འཇུག་པ་ནི་མེད་དོ། །སྨན་ལ་ནི་བརྡེག་བྱ་རྡེག་བྱེད་གཉིས་ཀ་བྱིན་གྱིས་བརླབས་པ་དགོས་པ་ཡིན་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པའི་སྨན་ཞིག་གིས་ཞག་གཅིག་གམ་དྲུག་ལྟ་བུ་ལོན་པའི་ཚེ། དེ་དང་རིགས་མཐུན་པའི་སྨན་ཕྱི་མ་ཞིག་རྙེད་པ་ན། དེ་ཞག་བདུན་པར་བྱིན་གྱིས་མ་རླབས་ན་ནི་ཞག་བདུན་པའི་ཤན་མི་འབྱུང་ཞིང༌། ཤན་ལ་མི་ལྟོས་པར་ཐུན་ཚོད་ལས་འདས་པའི་ཚེ་སོག་འཇོག་ཏུ་འགྱུར་རོ། །དེ་ཞག་བདུན་པར་བྱིན་གྱིས་རླབས་ན་ནི། དེའི་མོད་ལ་སྔ་མའི་ཤན་འདྲེ་ནས་སྔ་མ་ཞག་གྲངས་གང་ལོན་པ་དེ་རྟིང་མས་ཀྱང་ལོན་པར་བྱས་སོ། །སྨན་གྱི་ཤན་འདི་ནི་ཞག་བདུན་པ་ཁོ་ན་ལ་ཡོད་ཀྱི། གཞན་གཉིས་ལ་མི་སྲིད་དོ། །ལྟུང་བའི་ཤན་ཞེས་པ་ནི། ལྟུང་བ་ཕན་ཚུན་དུ་ཤན་འདྲེན་པ་ལ་ཟེར་བ་ནི་མ་ཡིན་གྱི། གལ་ཏེ་ཅི་ཞེ་ན། སྤང་ལྟུང་སུམ་ཅུ་པོ་གང་རུང་ཕྱིར་བཅོས་པར་བྱས་པའི་ངང་ཉིད་ནས་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་བདག་གིར་བྱས་ཀྱང༌། ལྟུང་བ་སྔ་མ་དེ་ཕྱིར་བཅོས་བྱེད་པའི་ཚེ། ལྟུང་བ་དེའི་རྒྱུར་གྱུར་པའི་རྫས་དེ་ཁོ་ནར་མ་ཟད། ཡོ་བྱད་རྟིང་མ་དེ་རྣམས་ཀྱང་ཞག་གཅིག་གིས་སྤངས་བྲལ་སྔོན་དུ་གཏོང་དགོས་པའོ། །འཆང་འབྲལ་འཇོག་གསུམ་གྱི་ཉེས་པ་འདི་ནི། སྲ་བརྐྱང་བཏིང་ཆགས་དང་ལྡན་པ་ལ་འབྱུང་བ་མ་ཡིན་ཏེ། དེ་ལྟར་མི་འབྱུང་བ་དེ་དེའི་ཕན་ཡོན་དུ་འཆད་པས་སོ། །གཉིས་པ་འབྲལ་བ་ལ། གླེང་གཞི་ནི། མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོས། ཉེས་པ་མ་བསྡམས་པས་སྟོད་གཡོགས་དང་སྨད་གཡོགས་ཟུང་དུ་མ་འབྲེལ་བར་ལྗོངས་རྒྱུས་པའོ། །དགག་བྱ་ནི། ལུས་མ་བཀབ་པས་གཞན་མ་དད་པ་དང་ཆོས་གོས་ཆུད་འཛའ་བ་སོགས་སོ། །རྒྱུ་ཚོགས་ལ། དང་པོ་གཞི་ནི། ཆོས་གོས་གསུམ་ལས་གང་ཡང་རུང་བ། རང་གིས་བྱིན་རླབས་ཅན་རུང་ཚད་ལྡན་ཡིན་པ་དང༌། རང་ཉིད་མི་འབྲལ་བའི་གནང་བ་ཐོབ་པ་དང་སྲ་བརྐྱང་བཏིང་བ་མ་ཡིན་པ། གནས་ན་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ། ཀུན་སློང་ཐ་དད་དུ་གནས་པར་འདོད་པ། སྦྱོར་བ་ལུས་ངག་གི་དེར་ཞུགས་པ། མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་ཤར་བའོ། །དེ་དག་གི་གོ་བ་ལ། ཆོས་གོས་གསུམ་པོ་གང་རུང་རང་ལ་དངོས་སུ་གྲུབ་ཟིན་པ་མེད་ན་རྒྱུ་དང་སྔགས་རྟེན་གྱི་བྱིན་རླབས་བཤད་པ་དེ་ནི། སྤྱིར་ཆོས་གོས་དང་མི་ལྡན་པའི་ཉེས་པ་ཁེགས་པའི་ཆེད་ཡིན་ལ། ཁྱད་པར་རྒྱུའི་བྱིན་རླབས་ཀྱིས་ནི་དང་པོ་བསྙེན་རྫོགས་ཀྱི་ཚེ། ཆོས་གོས་གསུམ་མ་ཚང་ན་ཉེས་མེད་ཕུན་ཚོགས་ཀྱི་སྡོམ་པ་མ་སྐྱེ་བའི་ཉེས་པ་དང་པོར་ཁེགས་ཤིང༌། ཕྱིས་མི་ལྡན་པའི་ཉེས་པ་ཡང་ཁེགས་ངེས་པ་ཡིན་ཏེ། དེ་བྱིན་གྱིས་བརླབས་པའི་སྔགས་ཀྱི་མཐར། ཆོས་གོས་འདི་ནི་རུང་བ་སྤྱད་པ་འོས་པའོ། །ཞེས་གསུངས། སྔགས་རྟེན་འདིས་ནི་འབྲལ་བ་ཁེགས་པ་ནི་ཡིན་ལ། ཆོས་གོས་དང་མི་ལྡན་པའི་ཉེས་པ་ཁེགས་པ་དང་མི་ཁེགས་པ་གཉིས་ཤིག་ཡོད་པ་དང༌། ཁེགས་པ་དེར་ལ་མན་ངག་ལས་བྱུང་བའི་བྱིན་རླབས་ཙམ་གྱིས་ཆོག་གམ། རྒྱུའི་བྱིན་རླབས་ངེས་པར་དགོས་ཞེས་དཔྱད་དགོས་པ་དང༌། གཉིས་པ་དེ་ནི། ཇི་སྐད་དུ། གནས་སུ་ཕྱིན་པར་མི་འགྱུར་ན་ཆོས་གོས་ཀྱི་བྱུང་སྟེ་གཞན་ལ་བྱིན་གྱིས་རློབ་པ་ནི། ཞེས་བཤད་པ་དེ་ཡིན་ལ། དེ་ནི་རྒྱུའི་བྱིན་རླབས་ངེས་པར་མ་ཡིན་ཞིང༌། དངོས་ཀྱི་བྱིན་རླབས་ཡིན་མིན་གཉིས་སྤྱིར་དེ་ལ་སྲིད་མོད། མ་ཡིན་པ་དེའི་དབང་དུ་བྱས་ནས་རས་ཁྲུ་གང་བ་གཅིག་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལྟ་བུ་དེས་འབྲལ་བ་ཁེགས་ཏེ། ཆོས་གོས་རུང་ཚད་ལྡན་གྱི་བྱིན་རླབས་ཕྱུང་ནས་མེད་པར་བྱས་པའི་ཕྱིར། ཆོས་གོས་དང་མི་ལྡན་པའི་ཉེས་པ་ནི་ཁེགས་པར་དཀའ་བ་ཡིན་ཏེ། དངོས་དང་རྒྱུའི་བྱིན་རླབས་གང་ཡང་མེད་པས་སྐབས་དེའི་དགག་བྱ་མི་ཁེགས་པའི་ཕྱིར། དེ་བས་ན་དངོས་དང་རྒྱུར་རུང་བ་གང་ཡང་མེད་ན་སྔགས་རྟེན་རྐྱང་པ་ལ་དགོས་པ་ཇི་ལྟར་ཡོད་ཅེས་ཀྱང་དཔྱད་དགོས་སོ། །མི་འབྲལ་བའི་གནང་བ་ཞེས་པ་ལ། གཉིས་ཏེ། མཚམས་པོ་ཆེའི་ནང་དུ་ཆོས་གོས་གསུམ་པོ་གང་རུང་དང་མི་འབྲལ་བའི་གནང་བ་དང༌། དགེ་སློང་རྒན་པོ་དང་ནད་པ་ལ་མཚམས་ཀྱི་ཕྱི་ནང་ཀུན་ཏུ་སྣམ་སྦྱར་དང་མི་འབྲལ་བའི་གནང་བའོ། །གལ་ཏེ་མཚམས་ནང་དུ་མི་འབྲལ་བའི་གནང་བ་བྱས་པ་ལ་དགོས་པ་ཅི་ཞིག་ཡོད། དེར་གནང་བ་དེ་མ་བྱས་ཀྱང༌། མཚམས་ནང་དུ་ནི་འབྲལ་བ་མི་འབྱུང་ལ། ཕྱི་རོལ་གྱི་འབྲལ་བ་ནི་དེས་མི་ཁེགས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། མཚམས་བྱས་པ་ལ་ནི་མཚམས་གནས་ཀྱི་མཐའ་ཡིན་ནོ། །ཞེས་བཤད་པས་སོ་སྙམ་པའི་དོགས་པ་འདི་འབྱུང་ངོ༌། །གཞུང་དེའི་དོན་ནི། མི་འབྲལ་བའི་གནང་བ་གང་དུ་འཆགས་པའི་ས་མཚམས་བཟུང་བ་ཡིན་གྱི། དེ་ཙམ་གྱིས་འབྲལ་བ་མི་ཁེགས་པས་དེར་དགེ་འདུན་གྱི་ལས་ཀྱིས་གནང་བ་སྟེར་དགོས་པའམ། ཡང་ན་གནང་བ་དེ་བྱིན་ན་མཚམས་དེའི་ནང་གི་མཚམས་ཆུང་ཐ་དད་དུ་ཆོས་གོས་དང་དགེ་སློང་སོ་སོར་གནས་ཀྱང་འབྲལ་བར་མི་འགྱུར་ལ། གནང་བ་དེ་མ་བྱས་ན་ཆོས་གོས་དང་དགེ་སློང་གང་རུང་ཅིག་ཐུན་མོང་གིས་མཚམས་ཅན་དེར་གནས་དགོས་པའི་དོན་ནོ། །གསུམ་པ་ཟླ་བར་འཇོག་པའི་སྤང་བ་ལ། གླེང་གཞི་ནི། མཉན་ཡོད་དུ། དགེ་སློང་མང་པོས། ཉོན་མོངས་པ་ཟང་ཟིང་ལ་སྲེད་པས་གོས་ཀྱི་ཁ་སོགས་མང་པོ་བཞག་པའོ། །དགག་བྱ་ནི། འདོད་པ་ཆེ་བ་དང༌། བསམ་གཏན་དང༌། ཀློག་པའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། བདག་ཉིད་ཆོས་གོས་གསུམ་པོ་རུང་ཚད་ལྡན་མེད་པ་དང༌། སྲ་བརྐྱང་མ་བཏིང་བ་དང༌། བཞག་པར་བྱ་བའི་དངོས་པོ་ནི་གོས་སུ་གྲུབ་པ། རང་དབང་བ། རེ་བའི་ཆོས་ལྔ་དང་ལྡན་པ། ཀུན་སློང་ནི་འཆང་བར་འདོད་པ། མཐར་ཐུག་ཞག་སོ་བཞི་པའི་སྐྱ་རེངས་ཤར་བའོ། །འོ་ན་ཟླ་བར་བཞག་ཏུ་རུང་བ་དང༌། བཅུ་ལས་བཞག་ཏུ་མི་རུང་བའི་ཁྱད་པར་ཅི་ཞེ་ན། ཁ་བཀང་ལ་རེ་བ་ཡོད་མེད་ཀྱིས་ཡིན་ལ། རེ་བ་དེའང་ཆོས་གོས་གསུམ་པོ་གང་རུང་ཞིག་རུང་ཚད་ལྡན་མེད་པ་ཞིག་ལ་འཆགས་པ་ཡིན་གྱི། ཡོད་ན་མི་འཆགས་སོ། །རེ་བ་དེ་ཚང་ན་ནི་རང་ལ་དབང་བའི་ཆོས་གོས་མེད་ཀྱང༌། ཁ་སོགས་ཀྱི་གོས་ཟླ་བར་བཞག་ཏུ་མི་རུང་སྟེ། རེ་བ་མེད་ན་གོས་དེ་ཞག་བཅུ་པའི་རིགས་ལས་མ་འདས་པའི་ཕྱིར། རེ་བ་ཚང་ཚུལ་ནི་གསུམ་སྟེ། ཁ་བཀང་གི་གོས་རིགས་མཐུན་རེ་བའི་ཚད་དུ་ཆོག་པ་ཅིག་རྙེད་པ་དང༌། རིགས་མི་མཐུན་ཆོས་གོས་ལྡང་བ་ཅིག་དགོས་པ་ཚུན་ཆད་ཀྱིས་རྙེད་པ་དང༌། རེས་ནས་གདུགས་པའོ། །དང་པོ་གཉིས་ཀྱི་ཚེ་ནི། ས་ག་སོགས་དང་ཁ་བཀང་གཉིས་ཀ་ཞག་བཅུ་པའི་གོས་སུ་སོང་ལ། རེ་བ་ཆད་པའི་ཚེ་ནི་སྔ་མ་དེ་ཉིད་དེར་སོང་བའོ། །འདི་དག་ལ་ནི་ཟླ་བ་པའི་གོས་ཞག་བཅུ་པའི་གོས་སུ་རིགས་ཟློག་པ་ཞེས་བྱ་ལ། གཞུང་དུ་གསལ་བར་མ་གསུངས་ཀྱང༌། ཅིག་ཤོས་ཟླ་བ་པའི་རིགས་སུ་ཟློག་པ་ཡང་སྲིད་དེ། དང་པོ་ཁ་བཀང་ལ་རེ་བ་མེད་པའི་གོས་ཤིག ཕྱིས་རེ་བ་ཅན་དུ་འགྱུར་སྲིད་པའི་ཕྱིར། དེ་འདྲའི་གོས་གཉིས་པོ་རིགས་མི་མཐུན་ཀྱང་ཕན་ཚུན་དུ་ཤན་རྡེག་པ་ཡོད་དེ། ཟླ་བ་པའི་གོས་ཀྱིས་ཞག་བདུན་ལྟ་བུ་ལོན་པ་ན་ཁ་བསྐང་ཚད་དུ་ཆོག་པ་ཞིག་རྙེད་ན་སྔ་མ་ཟླ་བ་པའི་གོས་དང༌། རྟིང་མ་ཞག་བཅུ་པའི་གོས་ཀྱི་རིགས་ཡིན་མོད། རྟིང་མ་རྙེད་པའི་ཉིན་མོ་དེ་ཉིད་སྔ་མའི་ཤན་འདྲེས་ནས་རྟིང་མས་ཀྱང་ཞག་བདུན་ལོན་པར་སོང་བའི་ཕྱིར། རིགས་མཐུན་ནང་དུ་ཤན་མི་རྡེག་པ་ཡང་ཡོད་དེ། ཟླ་བ་པའི་གོས་ཞག་བཅུ་ལོན་པ་དེའི་ཤན་གོས་རྟིང་མ་རིགས་གཉིས་པོ་གང་ཡིན་ཀྱང་མི་འཇུག་པའི་ཕྱིར། འགྲེལ་པ་ལས། བཅུ་པ་དང་པོ་དང༌། གཉིས་པ་དང༌། གསུམ་པ་དག་ནི་ཤན་གྱི་ཕྱིར་ཕན་ཚུན་ལྟོས་པ་མེད་དོ། །ཞེས་གསུངས། བཞི་པ་འཁྲུར་འཇུག་ལ། གླེང་གཞི་ནི། ཡུལ་མཉན་ཡོད་དུ། གང་ཟག་འཆར་ཀས། ཉོན་མོངས་པ་འདོད་ཆགས་ཀྱིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཆོས་གོས་རྙིང་པ་འཁྲུར་བཅུག་པའོ། །དགག་བྱ་ཉོན་མོངས་པའི་བསམ་པ་སྐྱེ་བའོ། །རྒྱུ་ཚོགས་ལ་བཞི་ལས། དང་པོ་ལ། ཡུལ་དགེ་སློང་མ་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་རྟེན་དུ་རུང་བ། ལུས་ཐ་མལ་དུ་གནས་པ། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མ་ཡིན་པ་སྟེ་ཆོས་བདུན་ལྡན་དེ་ལྟ་བུ་དགེ་སློང་མས་སྐྱེད་པ་ཕལ་ཆེར་ལ་སྦྱར་རོ། །དངོས་པོ་ནི་རུང་ཚད་ལྡན་གྱི་ཆོས་གོས་གསུམ་དང་གདིང་བ་ལས་གང་ཡང་རུང་བ། རང་གི་ཡིན་པ། བྱིན་གྱིས་བརླབས་པ། འཁྲུར་འཇུག་པར་འོས་པ། ཀུན་སློང་ནི་དེ་བྱེད་དུ་འཇུག་པར་འདོད་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན། མཐར་ཐུག་འཁྲུ་བའམ། འཚེད་པའམ། འཆག་པའི་བྱ་བ་ཡོངས་སུ་རྫོགས་པའོ། །སྐབས་འདིར་འདུ་ཤེས་གཙོ་བོར་གྱུར་པའི་ལྟུང་བ་སྐྱེད་ཚུལ་ལ། འདུ་ཤེས་མུ་བཞི་ཞེས་པའི་ཐ་སྙད་གསུངས་པ། དེའི་གོ་བ་ནི། དོན་དེ་ཉིད་ལ་དེ་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་ན་ལྟུང་བ་དངོས་གཞི། དོན་དེ་ཉིད་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་དང་ཡིད་གཉིས་ཟ་ན་ཉེས་བྱས། ཡིན་པ་ལ་མ་ཡིན་པ་དང༌། མ་ཡིན་པ་ལ་དེ་ཉིད་དུ་འདུ་ཤེས་པ་སྟེ། གཉིས་པོ་འདི་གཞུང་དུ་གསལ་བར་མ་གསུངས་ཀྱང༌། དོན་གྱིས་འཐོབ་པས་མུ་དྲུག་ཅེས་བྱའོ། །གཉིས་པོ་འདི་ཉེས་མེད་དུ་འདོད་པ་དང༌། གཅིག་ལ་ཉེས་བྱས་སུ་འཆད་པའི་ལུགས་གཉིས་བྱུང་ངོ༌། །ལྔ་པ་ལེན་པ་ལ། གླེང་གཞི། མཉན་ཡོད་དུ། ཉེར་དགས་ཉོན་མོངས་པ་འདོད་ཞེན་གྱིས། དགེ་སློང་མ་ལས་གོས་བླངས་པའོ། །དགག་བྱ་དགེ་སློང་མ་རྙེད་པ་ཉུང་བས། ཤ་མི་ཚ་བ་དང་འདོད་ཞེན་ཆེ་བའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། དད་པ་ཅན་དང༌། སེམས་ཡངས་པ་མ་ཡིན་པ། དངོས་པོ་གོས་དངོས་སུ་གྲུབ་པ། རུང་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱི་ཡིན་པའོ། །རང་ཉིད་ནི་དགེ་འདུན་ལ་གོས་འབུལ་བ་ལེན་པ་སོགས་བཞི་པ་ཡིན་ལ། ཀུན་སློང་ནི་རུང་མི་རུང་བརྗེ་བའི་དོན་མ་ཡིན་པར་ལེན་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་ལེན་པར་རྩོམ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །འདི་ལ་ནི་དགེ་སློང་རང་ཉིད་གོས་སློང་བར་རིགས་པ་ཡིན་མིན་གྱི་ཁྱད་པར་མེད་དེ། སློང་བར་རིགས་ཀྱང་བསླང་སའི་ཡུལ་མ་ཡིན་པ་ལས་བསླངས་པའི་ཉེས་པའོ། །དྲུག་པ་གོས་སློང་བ་ལ། མི་རིགས་པ་སློང་བ་དང༌། རིགས་པ་ཚད་ལྷག་སློང་བ་གཉིས་ལས། དང་པོ་ལ། གླེང་གཞི། མཉན་ཡོད་དུ། ཉེར་དགས། ཁྱིམ་བདག་ཉེ་དུ་མ་ཡིན་པ་ལ་ཉོན་མོངས་པ་འདོད་ཞེན་གྱིས་གོས་བསླངས་པའོ། །དགག་བྱ་ཆོག་མི་ཤེས་པ་དང༌། གཞན་ལ་གནོད་པ་དང་མ་དད་པ་སོགས་སོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཉེ་དུ་མ་ཡིན་པ། མ་སླངས་པའི་སྔ་རོལ་དུ་སྟེར་བ་པོ་མ་ཡིན་པ། དངོས་པོ་གོས་དངོས་སུ་གྲུབ་པ། རུང་ཚད་ལྡན་ཁྱིམ་པ་དེ་ཉིད་ཀྱི་ཡིན་པའོ། །དགག་བྱ་དང་ཡུལ་དང་དངོས་པོ་གསུམ་ནི་འོག་མ་གསུམ་ལ་ཡང་སྦྱར་རོ། །བདག་ཉིད་ནི་སྲ་བརྐྱང་མ་བཏིང་བ་དང་འཚོ་བའི་ཡོ་བྱད་ཚང་བའོ། །ཀུན་སློང་ནི་སློང་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་ལག་ཏུ་ཐོབ་པའོ། །འདིར་གང་བསླངས་པ་ལས་ལྷག་པའི་ཆ་ལ་ཉེས་པ་མེད་དེ། མ་སླངས་པ་ཞིག་ཐོབ་པའི་ཕྱིར། བདུན་པ་སློང་བར་རིགས་པ་ཚད་ལས་ལྷག་པ་ནི། སྟོད་གཡོགས་སྨད་གཡོགས་བཅས་ཞེས་པའི་མདོ་ངེས་བསྟན་ལ། གླེང་གཞི་ནི། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་གྱིས་བསླངས་པའོ། །དགག་བྱ་ནི། ལེན་པའི་དྲོད་མི་ཤེས་པའོ། །རྒྱུ་ཚོགས་ལ། བདག་ཉིད་སློང་བར་རིགས་པ། ཀུན་སློང་དང་པོ་ནས་ལྷག་པོ་བསླངས་བའམ། མ་བསླངས་ཀྱང་ལྷག་པའི་ཆ་བྱུང་ན་ཕྱིར་སྦྱིན་པ་མི་འདོད་པའོ། །སྦྱོར་བ་དེ་ལྟར་རྩོམ་པའོ། །མཐར་ཐུག་ཐོབ་པའོ། །ཚད་ནི་རབ་ཚད་ལས་ཀྱང་ལྷག་པའོ། །ཞེས་པ་སྤྱིར་བཏང་ཡིན་ལ། ཆུང་ཚད་ཐོབ་ན་ཡང་ཁ་སྐོང་བསླང་བར་མི་བྱ་སྟེ། དེ་ཉིད་ལ་ཆོས་གོས་ཀྱི་བྱིན་རླབས་འཆགས་པའི་ཕྱིར། མདོར་རིན་ཐང་ཞེས་དང༌། སོ་སོར་ཞེས་པས་བསྟན་པའི་ལྟུང་བ་གཉིས་ནི་སྤགས་པ་སློང་བ་དང་སོ་སོ་ནས་སྤགས་པ་ཞེས་པ་གཉིས་ཡིན་ལ། དང་པོ་ནི། ཉེར་དགས་བསླངས་པའོ། །སྦྱིན་བདག་ནི་སྦུངས་ཆུང་བ། ཀུན་སློང་བསྔོས་ཚོད་ལས་ལྷག་པ་ཐོབ་པའོ་ཞེས་ཁ་ཅིག་གསུང་ལ། མདོའི་དངོས་བསྟན་འབུལ་བའི་དུས་ལ་མི་སྡོད་པར་ལྔ་ཚོམས་སུ་བླངས་པའི་ཉེས་པའོ། །དགུ་པ་སོ་སོ་ནས་སྤགས་པ་སློང་བ་ལ། གཞན་སྔ་མ་དང་འདྲ་བ་ལ་སྦྱིན་པར་བྱེད་པ་སྦུངས་ཆེ་བ་ཞེས་སྦྱར། འདི་གཉིས་ནི་དགེ་སློང་རང་ཉིད་གོས་སློང་བར་རིགས་མི་རིགས་གང་ཡིན་ཀྱང་རུང་སྟེ། མ་སླངས་པའི་སྔ་རོལ་དུ་བསྔོས་པ། སྟེར་ལོང་མེད་པར་བསླངས་པ་ཡིན་ལ། སོ་སོ་ནས་བསླངས་པའི་ཚེ་གོས་གཉིས་ཐོབ་ཀྱང༌། སྦྱོར་བ་གཅིག་པ་ན་ལྟུང་བ་གཅིག་ཁོ་ནའོ། །སྦུངས་ཆེ་བ་ཞེས་པའི་ཚིག་གི་ནུས་པས་ཁྱིམ་བདག་ཕོ་མོ་ལས་སོ་སོར་བསྔོས་པའི་གོས་དུས་སྔ་ཕྱིར་ཐོབ་ཀྱང༌། ཁྱིམ་བདག་རྫས་གཅིག་པས་ལྟུང་བ་གཅིག་ཏུ་བཞག་གོ །བཅུ་པ་བསྐུར་པའི་སྤངས་བ་ལ། གླེང་གཞི། མཉན་ཡོད་དུ། ཉེར་དགས། ཚུལ་དང་མི་མཐུན་པར་བྱས་པའོ། །དགག་བྱ་ནི། འདོད་པ་ཆེ་བ་དང༌། གཞན་མ་དད་པའོ། །རྒྱུ་ཚོགས་ལ། གཞི་ནི། སྦྱིན་བདག་ཕོ་ཉ། ཞལ་ཏ་པ་གསུམ་ཆར། ཁྱིམ་པ་ཐ་སྙད་ལྔ་ལྡན། དེ་དག་ནང་ཕན་ཚུན་ནོར་རྫས་ཐ་དད་པ། རེ་བ་མེད་པའི་ཚེ་སྦྲན་ན་སེམས་བསྡུ་བར་ཁས་མི་ལེན་པ། དངོས་པོ་རིན་བསྒྱུར་བ་ལས་བྱུང་བའི་གོས་རུང་ཚད་ལྡན། ཀུན་སློང་ལེན་པར་འདོད་པ། སྦྱོར་བ་བསྐུལ་བསྡད་དྲུག་ལས་ལྷག་པར་རྩོམ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །འདི་དག་གི་གོ་དོན་ནི། སྦྱིན་བདག་གིས་གོས་ཀྱི་རིན་རུང་བ་མ་ཡིན་པ་གསེར་དངུལ་ལྟ་བུ་གཅིག་ཕོ་ཉ་བཏང་ནས་རང་ཉིད་ལ་ཕུལ་བ། དེ་ལེན་དུ་མི་རུང་ཞེས་ཕྱིར་སྤངས་པ། ཕོ་ཉས་དགེ་སློང་རང་གི་ཞལ་ཏ་བྱེད་པ་ཁྱིམ་པ་ཞིག་ལ་གཏད་པ། དེས་དགེ་སློང་ལ་གོས་བསྒྲུབས་ནས་འབུལ་བར་ཁས་བླངས་པ། དེ་ལྟར་ཁས་བླངས་པ་དེ་ཁོ་ཉས་དགེ་སློང་ལ་བརྗོད་པའོ། །དེའི་ཚེ་གོས་དུས་སུ་མ་བྱུང་ན་དགེ་སློང་གིས་ཞལ་ཏ་བ་དེ་ལ་བསྐུལ་བསྡད་ལན་དྲུག་ཏུ་བྱེད་པར་གནང་ངོ༌། །དེ་ལས་ལྷག་པར་བྱས་པས་གོས་ཐོབ་ན་ཉེས་པ་འདིར་འགྱུར། ཞེས་པའོ། །བཅུ་ཚན་གཉིས་པ་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་བཙོང་ངོ༌། །དང་པོ་སྲིན་བལ་འབའ་ཞིག་གི་སྟན་བྱེད་པའི་ལྟུང་བ་ལ། གླེང་གཞི། དགེ་སློང་རབ་ཏུ་མང་པོས། འདོད་ཞེན་གྱིས་དེ་བྱས་པའོ། །དགག་བྱ་བཟང་པོ་དམན་པ་ལ་སྦྱོར་བ་དང༌། དེ་ཚོལ་བའི་ངལ་བས་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། དངོས་པོ་སྲིན་བལ་འབའ་ཞིག་ཡིན་པ། གསར་པ་ཚད་དང་ལྡན་པ། སྔར་གཞན་གྱིས་བཟོ་བརྩོམ་མ་བྱས་པ། གནས་ནི་སྲིན་བལ་རིན་ཆེ་བའི་གནས་ཡིན་པ། ཀུན་སློང་སྟན་བྱེད་པར་འདོད་པ། སྦྱོར་བ་རང་ངམ་གཞན་གྱིས་རྩོམ་པ། མཐར་ཐུག་འཁོད་བཀྲམ་པ་ཡོངས་སུ་རྫོགས་པའོ། །གཉིས་པ་འབའ་ཞིག་དང་ཞེས་པས་བསྟན་པ་ནི། ལུག་བལ་ནག་པོ་འབའ་ཞིག་ལ་སྟན་བྱེད་པའི་སྤང་བ་ནི་གོང་མ་ཉིད་འདོན་པ་བསྒྱུར་བའོ། །གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་ནི། བལ་ནག་པོ་དང༌། དཀར་པོ་ཆ་གཉིས་བསྲེས་པའི་སྟན་བྱེད་པར་ནི་གནང་བ་ཡིན་ལ། དེའི་ཚེ་ནག་པོ་བྱེད་པས་ལྷག་པ་ལ་སྤང་བ་འདིར་བཅས་ཤིང༌། དགག་བྱ་དང་རྒྱུ་ཚོགས་སྔ་མ་བཞིན་དུ་སྦྱར་རོ། །སྐབས་འདིར་འགྲེལ་པ་ལས། གདིང་བ་ནི་སྟན་མ་ཡིན་ཏེ། གོས་ཀྱི་ངོ་བོ་ཡིན་པའི་ཕྱིར། དེ་གཉིས་རྣམ་པ་ཐ་དད། དགོས་ཆེད་ཐ་དད། གནང་བཀག་ཐ་དད། ཚད་ཐ་དད། ཅེས་རྒྱུ་མཚན་བཞི་གསུངས་སོ། །བཞི་པ་ལོ་དྲུག་པའི་སྤང་བ་ལ། གླེང་གཞི་ནི། མཉན་ཡོད་དུ། དགེ་སློང་རབ་ཏུ་མང་པོས། ཉོན་མོངས་པ་ཆོག་མི་ཤེས་པས། ཉེས་པ་ལོ་དྲུག་གི་ནང་དུ་སྟན་གཉིས་ལ་སོགས་པ་བྱས་པའོ། །དགག་བྱ་འདོད་ཞེན་ཆེ་བ་དང་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། དངོས་པོ་ནི་གླིངས་པའི་སྟན་ཡིན་པ། རུང་ཚད་ལྡན། གསར་པ་སྔར་གཞན་གྱིས་བཟོ་རྩོམ་མ་བྱས་པའོ། །བདག་ཉིད་ནི། སྟན་གཞན་ཡོད་པའམ། རང་དགར་གཏོང་བ། ལོ་དྲུག་གི་ནང་ཡིན་པ། གནང་བ་མ་ཐོབ་པ། སྦྱོར་བ་རྩོམ་པ། མཐར་ཐུག་གྲུབ་ཟིན་པའོ། །གནང་བ་གསོལ་བའི་རྟེན་ནི། ཐུན་མོང་གི་ཆོས་བདུན་ལྡན། སྟན་བྱས་ནས་ལོ་དྲུག་མ་ལོན་ཞིང༌། སྟན་སྔ་མས་འཚོ་བར་མ་ནུས་པ། གནང་བ་གསོལ་བ་པོ་ཡིན་པ་དེ་ལ། དགོས་པ་ལྟུང་བ་འདི་མི་འབྱུང་བའི་ཆེད་དུ། ཆོ་ག་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་ནོ། །ཁང་པའི་གནང་བ་སྟེར་གསོལ་ནི། ཁང་པའི་ལས་ཇི་ཙམ་བྱེད་ཀྱང་རེ་རེ་ནས་དགོས་ལ། སྟན་གྱི་གནང་བ་ནི་ལོ་དྲུག་གི་ནང་དུ་སྟན་གཉིས་པ་སོགས་རྩོམ་པའི་དབང་དུ་བྱས་པའོ། །ལྔ་པ་མཐོ་གང་གི་སྤང་བ་ལ། གླེང་གཞི་ནི། དགེ་སློང་མང་པོས། དྲོད་མི་ཤེས་པ་དང་སོ་སོར་མ་རྟོག་པས། གདིང་བ་རྙིང་པ་ལས་གསར་པ་ལ་མ་གླན་པར་རྙིང་པ་བོར་བའོ། །དགག་བྱ་གསར་པ་དཀྱིལ་རྡོལ་བ་དང༌། རྙིང་པ་ལྟོས་མེད་དུ་འདོར་བའོ། །རྒྱུ་ཚོགས་ལ། གཞིའི་ཡན་ལག་ནི། དངོས་པོ་རང་གི་ཡིན་པ། རུང་ཚད་ལྡན་གསར་པའོ། །བདག་ཉིད་ནི། གདིང་བ་རྙིང་པ་དེ་ཙམ་ཡོད་བཞིན་དུ་མ་གླན་པའོ། །ཇི་ཙམ་ཞེ་ན། བདེ་བར་གཤེགས་པའི་མཐོ་གང་གི་ཚད་དོ། །སྦྱོར་བ་ལོངས་སྤྱོད་པར་རྩོམ་པ། མཐར་ཐུག་ལོངས་སྤྱོད་པའོ། །གདིང་བ་འདི་ལ་ལོ་དྲུག་གི་ངེས་བཟུང་ནི་ཡོད་པ་མ་ཡིན་ཏེ། སྟན་མ་ཡིན་པའི་ཕྱིར། འོ་ན་གདིང་བ་ཞེས་ཟེར་བ་ཅི་ཞེ་ན། སྟན་འོག་མ་ཐམས་ཅད་ཀྱི་སྟེང་དུ་གདིང་བས་ན་དེའོ། །ཞེས་རྣམ་འབྱེད་འགྲེལ་པར་རོ། །དྲུག་པ་ལམ་དང་ཞེས་པ་བལ་ཐོགས་པའི་སྤང་བ་ལ། གླེང་གཞི། མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་འདོད་ཞེན་དང་ངོ་ཚ་མི་ཤེས་པས་བལ་གྱི་ཁུར་ཆེན་པོ་རྒྱང་གྲགས་ཀྱི་མཐར་འཁུར་བའོ། །རྒྱུ་མཚན་གཞན་མ་དད་པ་དང་རང་གི་ལུས་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི་དངོས་པོ་བལ་རུང་ཚད་ལྡན། ལམ་སའམ་ཆུ་ལ་བརྟེན་པ། རྒྱང་གྲགས་གཅིག་གི་ཚད་དུ་ལོངས་པ། བདག་ཉིད་ནི་རྫུ་འཕྲུལ་དང་སྤྲུལ་པའི་སྐབས་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པ། ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་རྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །སྤྱིར་ལམ་དུ་འགྲོ་བས་བསྐྱེད་པའི་ལྟུང་བ་ཐམས་ཅད་ལ་རྒྱང་གྲགས་ཀྱི་ཚད་དུ་ལོངས་པ་དགོས་སོ། །ལྟུང་བ་འདི་ལ་ནི་དཔག་ཚད་གསུམ་གྱི་བར་དུ་བདག་ཉིད་ཀྱིས་འཁུར་བ་ཉེས་མེད་ཡིན་ལ། དེ་ནས་རྒྱང་གྲགས་འདས་པའི་ཚེ་སྤང་བའོ། །བདུན་པ་འཁྲུ་བ་དང་ཞེས་པས་བསྟན་པའི་བལ་རྨེལ་བའི་སྤང་བ་ལ། གླེང་གཞི། དགག་བྱ། རྒྱུ་ཚོགས་རྣམས་འཁྲུར་འཇུག་དང་འདྲ་བ་ལ། ལུག་གི་བལ། ཞེས་དང༌། མཐར་ཐུག་མང་བ་བལ་གཅིག་ཙམ་རྨེལ་བ་རྫོགས་པའོ། །མདོར་འཁྲུ་བ་ཞེས་འབྱུང་བ་ནི། འཁྲུ་བ་དང་འཆག་པ་ལ་ཡང་སྤང་བ་འདིར་འགྱུར་བའོ། །བརྒྱད་པ་གསེར་དངུལ་ལ་རེག་པའི་སྤང་བ་ལ། གླེང་གཞི་ནི། མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་འདོད་ཞེན་གྱིས། ཉེས་པ་གསེར་དངུལ་བདག་གིར་བྱས་པའོ། །དགག་བྱ་མངོན་ཞེན་ཆེ་བ་དང༌། དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། གཞི་ནི། རིན་པོ་ཆེ་བཀྲག་པ་དངོས་སམ། དེ་དང་བཟང་ངན་འདྲ་བ། ཐ་སྙད་གདགས་སུ་རུང་བ། ཚད་དང་ལྡན་པ། རང་གི་ཡིན་པ། རུང་བ་མ་བྱས་པའོ། །ཀུན་སློང་ནི་བདག་གིར་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རིག་པར་རྩོམ་པ། མཐར་ཐུག་བདག་གིར་བྱས་པའོ། །འདི་ལ་རེག་པ་སྔོན་དུ་འགྲོ་དགོས་ཏེ། དེ་མེད་ན་སྦྱོར་བ་མ་ཚང་བའི་ཕྱིར་དང༌། ཡིད་འབའ་ཞིག་པ་ལ་ལྟུང་བ་འདིར་མི་འཇོག་པའི་ཕྱིར། འདིར་རིན་པོ་ཆེ་ལྔ་ནི། གསེར། དངུལ། བཻ་ཌཱུརྻ། ཤེལ། མུ་ཏིག་རྣམས་ལ་འཆད་ལ། རིན་པོ་ཆེར་སྨོས་པ་ལྔ་ནི། ཞ་ཉེ་དང༌། ཟངས་དང༌། ཁྲོ་དང༌། ལྕགས་ལ་དང༌། རོ་ཉེ་རྣམས་ལ་འཆད་དོ། །རུང་པ་བྱ་བའི་ཚུལ་ལ། རུང་པ་ནི་གསུམ་སྟེ། སྦྱིན་བདག་བདག་པོ་ཉིད་དུ་མོས་སུ་གཞུག་པ་དང༌། ཞལ་ཏ་བྱེད་པ་བདག་པོ་ཉིད་དུ་ཁས་ལེན་དུ་གཞུག་པ་དང༌། བྱིན་གྱིས་རླབ་པ་རྣམས་སོ། །དེའི་ཚུལ་ལ། གཞི་ནི། ཆོས་དང་ལྡན་པའི་དོན་མི་བདོག་པའི་རྐྱེན་ཡིན་པ། རིན་པོ་ཆེ་ཚད་ལྡན། རང་དབང་བ། བསམ་པ་ནི། འདི་མི་བཅང༌། འདི་ལས་བྱུང་བ་བཅང་སྙམ་པའོ། །རྟེན་ནི་རབ་ཏུ་བྱུང་བ་སྡེ་ལྔའོ། །དགོས་པ་ལྟུང་བ་འདི་མི་འབྱུང་བ་དང༌། རིན་པོ་ཆེའི་མངོན་ཞེན་དགག་པའོ། །དེ་འཇིག་པའི་རྒྱུ་ནི། བྱིན་རླབས་ཕྱུང་དང་གཞན་ལ་བསྔོས། །དངོས་པོ་རླག་དང་རང་གི་བའི། །བསམ་པ་རྒྱུན་ལྡན་ཡིད་གཏན་ཡུལ། །ཤི་ལ་དེར་ཤེས་རྟེན་ཉམས་པའོ། །བདག་གིར་མི་བྱེད་པའི་རེག་པ་ནི་ལྟུང་བྱེད་འབའ་ཞིག་པ་ཡིན་ལ། རུང་བ་གསུམ་པོ་གང་རུང་བྱས་ནས་ནི་རེག་པ་ལ་ཉེས་པ་མེད་པར་གསུངས་ལ། དགེ་ཚུལ་ལ་ནི་བདག་གིར་མ་བྱས་ན་རུང་བ་མེད་ཀྱང་རེག་པ་ལ་ཉེས་པ་མེད་དོ། །དགུ་པ་མངོན་མཚན་ཅན་ལ། གླེང་གཞི་ནི། མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་འདོད་ཞེན་གྱིས། མངོན་མཚན་ཅན་གྱི་སྐྱེད་འཕེལ་བྱས་པའོ། །དགག་བྱ་འདོད་ཞེན་ཆེ་བ་དང༌། འདུ་འགོད་ཀྱི་དགེ་བའི་བར་ཆད་དུ་འགྱུར་བའོ། །རྒྱུ་ཚོགས་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་སོགས་དང༌། དངོས་པོ་པ་ནའམ་རིན་པོ་ཆེ་རང་དབང་བ། ཐ་སྙད་གདགས་སུ་རུང་བ། ཚད་དང་ལྡན་པ། ཀུན་སློང་རྙེད་པ་འདོད་པ། སྦྱོར་བ་སྐྱེད་པར་རྩོམ་པ། མཐར་ཐུག་སྐྱེད། ཁྲུ་གང་དུ་ལོངས་པ་ཐོབ་པའོ། །བཅུ་པ་ཉོ་བཙོང་ལ། སྔ་མ་དང་འདྲ་བ་ལ། དངོས་པོ་རིན་པོ་ཆེ་ལས་གཞན་འབྲུ་དང་གོས་ལ་སོགས་པ་ཉོ་བཙོང་བྱས་པ་ལས་སྐྱེད་ཐོབ་པའམ། ཡང་ན། གཞུང་དུ། གཞན་གྱིས་སོ། །ཞེས་པའི་དོན། སྐྱེད་ལས་གཞན་ཉོ་བཙོང་བྱས་པ་ཞེས་པའི་དོན་ཡིན་པས་རིན་པོ་ཆེ་ལ་འདི་འབྱུང་བར་འཆད་པ་ཉིད་ལེགས་སོ། །བཅུ་ཚན་གསུམ་པ་ནི། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །སྦྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་པ་དང་ནི་སོག་འཇོག་གོ །ཞེས་གསུངས། དང་པོ་ལྷུང་བཟེད་གཉིས་ཞེས་པ་ནི། འཆང་བ་དང༌། འཚོལ་བ་གཉིས་སོ། །དང་པོ་ལ། གླེང་གཞི་ནི། མཉན་ཡོད་དུ། དྲུག་སྡེས། འདོད་ཞེན་གྱིས། ལྷུང་བཟེད་ལྷག་པོ་བཅངས་པའོ། །དགག་བྱ་འདོད་ཞེན་ཆེ་བ་དང་དགེ་བའི་བར་ཆད་དོ། །རྒྱུ་ཚོགས་ལ་བཞི་ལས། དང་པོ་ནི། དངོས་པོ་ལ་རང་གི་ལྷུང་བཟེད་ཚད་ལྡན་དབང་བྱར་ཡོད་པ། བྱིན་གྱིས་བརླབས་པ་དང་མ་འབྲེལ་བའམ། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ། འབྲེལ་མེད་མ་ཡིན་པ། ཀུན་སློང་རང་དོན་དུ་འཆང་བར་འདོད་པ། མཐའ་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །ལྷུང་བཟེད་འབྲེལ་མེད་ཅེས་པའི་དོན། ལྷུང་བཟེད་ལྷག་པོ་བཙལ་བའི་ཆད་ལས་ཀྱི་ཆེད་དུ་ལྷུང་བཟེད་དངོས་ཀྱི་བྱིན་བརླབས་མེད་པའི་ལྷུང་བཟེད། མཚམས་དེའི་དགེ་འདུན་གྱི་ནང་ནས་བསྙིགས་པར་གྱུར་པ་ཞིག་རྟག་ཏུ་བཅང་དགོས་པ་དེའོ། །འཆང་སྤང་འདི་ལ་ལྷུང་བཟེད་ལྷག་པོ་བཅངས་པ་ཞིག་དགོས་པ་ལྟ་བུར་རྩ་བའི་མདོ་ལས་བཤད་ཀྱང༌། རང་དབང་བ་གཅིག་པུ་དེ་ཉིད་བྱིན་གྱིས་མ་རླབས་པ་ལའང་འདི་སྐྱེ་བ་ཡིན་ཏེ། གོས་འཆང་སྤང་གི་འདོན་པ་སྒྱུར་དགོས་པར་གཞུང་ཉིད་ལས་གསུངས་པའི་ཕྱིར། གཉིས་པ་འཚོལ་བ་ལ། གླེང་གཞི་ཉེར་དགའ་ལ་བརྟེན་ནས་བཅས། དགག་བྱ་འདོད་པ་ཆེ་བ་དང་གཞན་མ་དད་པ་སོགས་སོ། །རྒྱུ་ཚོགས་ལ་གཞི་ནི། ཡུལ་ཁྱིམ་པ་ཆོས་དྲུག་ལྡན། ལྷུང་བཟེད་རུང་ཚད་ལྡན་ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། བདག་ཉིད་ནི་འབྲེལ་མེད་མ་ཡིན་པའི་ལྷུང་བཟེད་རུང་ཚད་ལྡན་ཡོད་པ། ཀུན་སློང་སློང་བར་འདོད་པ། མཐར་ཐུག་ལག་ཏུ་ཐོབ་པ། འདི་ཡང་བྱིན་གྱིས་མ་རླབས་པར་བཅུ་གཅིག་པའི་སྐྱ་རེངས་ཤར་ན་ལྟུང་བ་སྔ་མ་དེར་འགྱུར་རོ། །འཆང་སྤང་ལ་ཡུལ་ཁྱིམ་པ་ལས་བླང་བ་མི་དགོས་ཤིང༌། ཚོལ་བ་ལ་དགོས་པ་ནི་ཡུལ་གྱི་ཁྱད་པར་རོ། །ཐ་ག་གཉིས་ཞེས་པས་བསྟན་པ་ལ། འཐག་ཏུ་འཇུག་པ་དང༌། འཐག་པ་སྐྱེད་པ་གཉིས་སོ། །དང་པོ་ལ། གླེང་གཞི་ཉེར་དགའ་དང༌། དགག་བྱ་འདོད་ཞེན་ཆེ་བ་དང་གཞན་མ་དད་པ། ཡན་ལག་ལ། གཞི་ནི། ཐག་པ་དང༌། སྦྱིན་བདག་དང་ཕོ་ཉ་བ་གསུམ་ཀ་ཁྱིམ་པ་ཆོས་དྲུག་ལྡན། དངོས་པོ་གོས་ཀྱི་རྒྱུ་རུང་ཚད་ལྡན་རང་དབང་བ། ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལྡན་པས་གཞན་འཐག་ཏུ་འཇུག་འདོད་པ། སྦྱོར་བ་ངག་བཞི་ལྡན། མཐར་ཐུག་གོས་གྲུབ་པའོ། །གཉིས་པ་སྐྱེད་པ་ལ། གླེང་གཞི་ནི། ཉེར་དགས་དེ་བསྐྱེད་པའོ། །དགག་བྱ་སྦྱིན་བདག་དང་ཐ་ཀ་པ་ལ་གནོད་པའོ། །རྒྱུ་ཚོགས་ལ། གཞི་ནི། ཡུལ་སྦྱིན་བདག་དང་ཐ་ཀ་པ་ཁྱིམ་པ་ཆོས་དྲུག་ལྡན། གོང་མ་དང་གཉིས་ཀ་ལ་ཕོ་ཉ་བ་དགོས་པའི་ངེས་པ་མེད་ལ། ཡོད་ན་དེ་ཡང་ཁྱིམ་པ། འདི་ལ་སྦྱིན་བདག་ཁྱིམ་པ་ངེས་པར་དགོས་ལ། གོང་མ་ལ་དགོས་པའི་ངེས་པ་མེད་དོ། །དངོས་པོ་ནི་གོས་ཀྱི་རྒྱུའི་དོགས་པ་རུང་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། སྐྱེད་པར་སྦྱིན་བདག་དང་ཐ་ཀ་བས་མ་གནང་བ། ཀུན་སློང་འཐག་པ་སྐྱེ་བར་འདོད་པ། སྦྱོར་བ་རང་ངམ་ཕོ་ཉའི་ངག་དྲུག་ལྡན། མཐར་ཐུག་སྦྱིན་བདག་གིས་བསྔོས་ཚོད་ཀྱི་དོགས་པ་ཟད་པའམ། ཐ་ཀ་བ་ལ་གླ་རྔན་མ་བྱིན་པ་གང་རུང་གིས་གོས་ཐོབ་པའོ། །འདི་ལ་རྐུ་སེམས་མེད་པ་ཞིག་དགོས་ཏེ། གཞན་དུ་ན་མ་བྱིན་ལེན་དུ་འགྱུར་སྲིད་པས་སོ། །ལྔ་པ་བྱིན་འཕྲོག་ལ། གླེང་གཞི་མཉན་ཡོད་དུ། དགའ་བོས་ཉོན་མོངས་པ་མི་བཟོད་པས། དགེ་སྦྱོང་གཞན་ལ་གོས་བྱིན་ནས་སླར་འཕྲོག་པའོ། །དགག་བྱ་གཞན་ལ་གནོད་ཅིང་མ་དད་པ་དང༌། མ་བྱིན་ལེན་གྱི་རྒྱུར་འགྱུར་བའོ། །རྒྱུ་ཚོགས་ལ་ཡན་ལག་དང་པོ་གཞི་ནི། ཡུལ་རྫོགས་པའི་སྡོམ་ལྡན། ལྟ་མཚན་མཐུན་པ། ཐ་སྙད་གསུམ་ལྡན། རྒྱུད་དང་ནོར་རྫས་ཐ་དད་པ། ལུས་ཐ་མལ་པར་གནས་པ་སྟེ་དྲུག་ལྡན། དངོས་པོ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད། གོས་ཁོ་ནར་མ་ཟད་ལྷུང་བཟེད་ལ་སོགས་པ་རུང་ཚད་ལྡན་ཡུལ་དེ་དབང་བ། ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པ། ཕན་སེམས་མ་ཡིན་པར་གཏན་དུ་དབྲལ་འདོད་པ། སྦྱོར་བ་རང་ངམ་བསྒོས་པས་ལུས་ངག་གཉིས་ཀའམ་གང་ཡང་རུང་བས་འཕྲོག་པར་རྩོམ་པ། མཐར་ཐུག་ཡུལ་གྱི་ལུས་ལས་བྲལ་བའོ། །འདི་ལ་རྐུ་སེམས་ཡོད་ན་མ་བྱིན་ལེན་དུ་འགྱུར་བས། འདི་ནི་རང་གི་ཡིན་ཏེ་གཞན་ལ་མི་སྟེར་རོ་སྙམ་པས་མངོན་སུམ་དུ་ལེན་པའོ། །དེ་སྐད་དུ་ཡང༌། རང་གི་ཉིད་སེལ་བར་གྱུར་པའི་འཕྲོག་པ་ཉིད་འདིར་སྡུས་པ་ཡིན་ནོ་ཞེས་གསུངས། འདི་སེལ་བ་ཡིན་པ་ལ་སེལ་བར་ནོར་བ་མང་ངོ༌། །དྲུག་པ་དགོན་པ་བའི་འབྲལ་སྤང་ལ། གླེང་གཞི་ནི་མཉན་ཡོད་དུ། དྲུག་སྡེས། ཉོན་མོངས་པ་རང་ཉམས་སུ་བྱེད་པས། ཉེས་པ་ཞག་བདུན་དུ་བྲལ་བའོ། །དགག་བྱ་ནི་གནང་བའི་ས་མཚམས་ཁྱད་དུ་བསད་པ་དང༌། ལུས་མ་བཀབ་པའོ། །རྒྱུ་ཚོགས་ལ། གཞི་ནི་དངོས་པོ་རང་གི་ཆོས་གོས་གསུམ་ལས་གང་ཡང་རུང་བ་བྱིན་བརླབས་ཅན། བདག་ཉིད་ནི་མི་འབྲལ་བའི་གནང་བ་མ་ཐོབ་པ། སྲ་བརྐྱང་མ་བཏིང་བ། བར་ཆད་དང་ལྡན་པ་མ་ཡིན་པ། དགོན་པ་པ་ཡིན་པ། གནས་ནི་ཆོས་གོས་ཡོད་ས་ལས་ཐ་དད་པ། ཀུན་སློང་ཐ་དད་དུ་འདུག་པར་འདོད་པ། མཐར་ཐུག་འདུན་པའི་སྐྱ་རེངས་ཤར་བའོ། །འདིར་འབྲལ་སྤང་སྐྱེད་པའི་གནས་ནི། དགོན་པ་ཉིད་ཡིན་ཟེར་བ་མི་འཐད་དེ། དེ་དེའི་གནས་མ་ཡིན་པར་གཞུང་ཉིད་ན་གསལ་བའི་ཕྱིར། དཀྱུས་མ་ལས་ལོགས་སུ་རྣམ་པར་དཔྱད་ན། མི་འབྲལ་བའི་གནང་བ་ཐོབ་ཀྱང༌། འདི་སྐྱེད་པ་སྲིད་དེ། འདི་ནས་བཤད་པའི་ཆོས་གོས་བཞག་སའི་གནས་དང༌། རང་ཉིད་འདུག་སའི་གནས་གཉིས་ཀ་མཚམས་ཀྱི་ཕྱི་རོལ་ཡིན་པ་སྲིད་ལ། གནང་བ་དེ་ནི་མཚམས་ཀྱི་ཕྱི་རོལ་ལ་རྗེས་སུ་མི་འགྲོ་བའི་ཕྱིར། སྲ་བརྐྱང་བཏིང་བ་ལ་ཉེས་མེད་དུ་འཆད་པ་ཡང་དཔྱད་དགོས་ཏེ། སྲ་བརྐྱང་བཏིང་བའི་དགོན་པ་བས་སྲ་བརྐྱང་བཏིང་ཡོད་ཀྱི་མཚམས་ལས་ཕྱི་རོལ་དུ་ཞག་དྲུག་ལྟ་ཞོག མཚམས་ལས་འདས་པ་ན་དེའི་བྱིན་བརླབས་རང་འཇུག་བྲལ་དུ་བཤད་པའི་ཕྱིར། འགྲེལ་པ་ལས་ནི་སྐབས་དེར་འབྲལ་སྤང་བྱུང་བར་བཤད་དོ། །བདུན་པ་དབྱར་གྱི་རས་ཆེན་གྱི་སྤང་བ་ལ། རས་ཆེན་བཙལ་སྔས་པ་དང་བཞག་འཕྱིས་པ་གཉིས་ལས། དང་པོ་ནི། རང་ཉིད་དབྱར་སྔ་ཕྱི་གང་དུ་ཁས་ལེན་པ་དེའི་ཟླ་བ་གཅིག་གི་སྔ་རོལ་དུ་བཙལ་ཞིང་རྙེད་པ་ཡིན་ལ། བཞག་འཕྱིས་པ་ནི། དགག་དབྱེ་ཟིན་པའི་འོག་གི་ཟླ་བ་ཕྱེད་ལས་འདས་པར་བཅངས་པའོ། །སྟོན་ཟླ་ཐ་ཆུངས་དང༌། ཞེས་པ། བརྒྱད་པ་བརྟད་པ་ལས་བྱུང་བའི་སྤང་བ་ལ། སྤང་ལྟུང་གསུམ་སྟེ། བདག་གིར་བྱེད་སྔས་པ་དང༌། བགོད་སྔས་པ་དང༌། བཞག་འཕྱིས་པའོ། །དང་པོ་ནི། མཉན་ཡོད་དུ། དྲུག་སྡེས། རྙེད་པ་ལ་གདུ་བས་དབྱར་གྱི་ནང་ལོགས་སུ་དབྱར་རྙེད་བདག་གིར་བྱས་པའོ། །དགག་བྱ་སྦྱིན་བདག་མ་དད་པ་དང༌། དབྱར་འགྱེས་པར་འགྱུར་བའོ། །རྒྱུ་ཚོགས་ནི། ཁྱིམ་པ་ཆོས་དྲུག་ལྡན་གྱིས་དབྱར་རྙེད་འབུལ་བ་དེ་དགག་དབྱེའི་མཐར་དགེ་འདུན་གྱིས་བདག་གིར་བྱེད་པ་དང༌། གང་ཟག་སོ་སོར་བགོ་བ་དང༌། ཡང་ན་རྙེད་པ་སྦེད་པ་བསྐོ་དགོས་པ་ཡིན་པ་ལས། འདིར་ལྟུང་བ་གསུམ་འབྱུང་བ་ནི། དབྱར་གྱི་མཐའི་ཞག་བཅུ་མ་གཏོགས་པའི་ནང་དུ་དགེ་འདུན་གྱིས་རྙེད་པ་བདག་གིར་བྱས་པ་དང༌། དེར་མ་ཟད་སོ་སོ་བགོས་པ་དང༌། དགག་དབྱེའི་ཕྱི་དེ་ཉིན་པར་མ་བགོས་པའི་ཉེས་པ་གསུམ་མོ། །མཐའི་ཞག་བཅུ་མ་གཏོགས་པའི་གོ་བ་ནི། སྤྱིར་བདག་གིར་བྱེད་པ་ལ་ཡིན་གྱི། བགོ་བ་ལ་ནི་མཐའི་ཞག་བཅུ་ལ་ཉེས་མེད་མ་ཡིན་ཏེ། དགག་དབྱེའི་སྔ་རོལ་དུ་བགོ་བཤའ་བྱས་པ་ཙམ་གྱིས་དེར་འགྱུར་བའི་ཕྱིར། མཐའི་ཞག་བཅུ་ལ་ཉེས་མེད་དུ་བཤད་པ་དེ་ཡང༌། བརྟད་པའི་དབང་ལས་ཡིན་གྱི་སྤྱིར་མ་ཡིན་ནོ། །བརྟད་པ་ཅི་ཞེ་ན། ལུང་དུ། བརྟད་པ་ལས་བྱུང་བའི་གོས་ལྔ་པོ། ནད་པ་དང༌། ནད་པའི་ཕྱིར་དང༌། འཆི་བ་དང༌། འཆི་བའི་ཕྱིར་དང༌། འགྲོ་བར་ཆས་པ་ལ་སྦྱིན་པ་ཞེས་གསུངས་སོ། །འདི་ནི་མཐའི་ཞག་བཅུའི་ནང་དུ། སྦྱིན་བདག་ཁྱིམ་པའམ་མཆོད་གནས་དགེ་འདུན་ལ་བློ་བུར་གྱི་རྐྱེན་དེ་ལྟ་བུ་བྱུང་ན་དབྱར་རྙེད་དགེ་འདུན་ལ་སྤྱིར་ཕུལ་ནས། རྐྱེན་ལྡན་དེ་དག་ལ་སོ་སོར་སྦྱིན་པ་ལ་བྱ་བ་ཡིན་གྱི། ཐམས་ཅད་ཀྱིས་དབྱར་རྙེད་བགོ་བ་ནི་མ་ཡིན་ཏེ། དེ་ལྟ་ན་བགོ་སྔས་པའི་སྤང་བར་འགྱུར་བས་སོ། །རྙེད་པ་འདི་ཡང་དབྱར་རྙེད་ཅེས་པ་དབྱར་གྱི་ནང་དུ་རྙེད་པ་བྱུང་ཚད་ལ་ཟེར་བ་ནི་མ་ཡིན་གྱི། དབྱར་གནས་པར་ཁས་བླངས་པའི་རྒྱུ་ལས་བྱུང་བའོ། །དེ་ནི་རྫས་ཀྱི་དགག་དབྱེ་དང་ལྷན་ཅིག་ཕུལ་ནས་དགེ་འདུན་གྱིས་བདག་གིར་བྱེད་པའོ། །དབྱར་ནང་དུ་ཆོས་སྨྲ་བའི་རྙེད་པ་དང༌། ནད་པའི་བསོད་ནམས་སོག་པ་དང་ཚེ་སྲིང་བའི་ཕྱིར་དུ་སྦྱིན་པའི་རྙེད་པ་ནི་འདིར་མི་གཏོགས་སོ། །ཞེས་དཔྱད་པའོ། །དགུ་པ་བསྔོས་བསྒྱུར་ལ། གླེང་གཞི་ནི། མཉན་ཡོད་དུ། ཉེར་དགས། བརྣབ་སེམས་ཀྱིས་གཞན་ལ་བསྔོས་པའི་གོས་བདག་ལ་བསྒྱུར་བའོ། །དགག་བྱ་ནི། གཞན་ལ་གནོད་པ་དང༌། མ་དད་པ་སོགས་སོ། །རྒྱུ་ཚོགས་ལ། གཞི་ནི། སྦྱིན་བདག་ཐ་སྙད་ལྔ་ལྡན། རང་དང་བསྔོས་ལས་རྫས་ཐ་དད་པ། དངོས་པོ་ཟས་ལས་གཞན་པའི་རྙེད་པ་རུང་ཚད་ལྡན། དགེ་སློང་ཆོས་ལྔ་ལྡན་ལ་སྦྱིན་བདག་དེས་བསྔོས་པ། ཀུན་སློང་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པས་རང་ལ་བསྒྱུར་བར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །སྐབས་འདིར་མཆོད་རྟེན་ལ་བསྔོས་པའི་རྙེད་པ་དེ་ཉིད་ལ་མ་གྲུབ་ན་གཞན་ལ་བསྒྱུར་བ་ལ་ཉེས་མེད་ཀྱི་སྤྱིར་བཏང་དང༌། དམིགས་བསལ། བྱང་ཆེན་དང༌། ཆོས་འཁོར་དང༌། ཆོ་འཕྲུལ་དང་ལྷ་ལས་བབས་པ་རྣམས་ཀྱི་རྙེད་པ་གཞན་ལ་སྒྱུར་དུ་མི་རུང་བ་དང༌། སོ་སོར་འབུལ་བ་མ་གྲུབ་ན་གང་རུང་གཅིག་ལ་ཕུལ་བས་ཆོག་པར་བཤད། གོས་གཞིར། བཞི་པོ་དེའི་སྟེང་དུ། སྐུ་བལྟམས་པ་དང༌། མྱ་ངན་ལས་འདས་པའི་མཆོད་རྟེན་གཉིས་བསྣན་ནས། སོ་སོར་བསྟན་པའི་རྙེད་པ་ཞེས་བཤད་དོ། །བཅུ་པ་སོག་འཇོག་ལ། གླེང་གཞི་ནི། རྒྱལ་པོའི་ཁབ་ཏུ། འཕགས་པ་པི་ལིནྟིའི་ལྷན་ཅིག་གནས་པས། ལྟོ་འདུན་གྱིས་སོག་འཇོག་བྱས་པའོ། །དགག་བྱ་ནི། གཞན་གྱིས་སྨོད་པ་དང༌། ཆུད་འཛའ་བའོ། །རྒྱུ་ཚོགས་ལ། གཞི་ནི། སྨན་རྣམ་པ་བཞི་པོ་གང་རུང༌། རང་རང་གི་ངོ་བོ་གྲུབ་པ་རུང་ཚད་ལྡན། བྱིན་ལེན་ཅན་རང་དབང་བ། ཀུན་སློང་རང་དུས་ལས་འདས་པར་འཆང་འདོད་པ། མཐར་ཐུག་དེ་ལས་འདས་པའོ། །རང་དུས་གང་ཞེ་ན། བྱིན་གྱིས་བརླབས་མ་རླབས་གཉིས་ལས། བྱིན་གྱིས་མ་རླབས་ན་སྨན་བཞི་པོ་གང་ཡིན་ཀྱང་སྔ་དྲོ་བྱིན་ལེན་བྱས་པ་གུང་ཚིགས་ལས་འདས་ན་དང༌། ཕྱི་དྲོ་བྱི་ལེན་བྱས་པ་འོད་དམར་གྱི་མཐའ་ལས་འདས་པ་དང༌། དེར་བྱིན་ལེན་བྱས་པ་སྲོད་ཐུན་གྱི་མཐའ་ལས་འདས་པ་དང༌། དེར་བྱས་པ་ཐུན་ཐ་མ་ལས་འདས་པའི་ཚེ་ནའོ། །བྱིན་གྱིས་བརླབས་ན་དུས་རུང་ལ་ནི་བྱིན་རླབས་མ་བཤད། ཐུན་ཚོད་དུ་རུང་བ་སྔ་དྲོ་བྱིན་གྱིས་བརླབས་པ་དེ་ཞག་གཅིག་བུ་དེའི་མཚན་མོའི་མཐའ་ལས་འདས་པ་དང༌། ཞག་བདུན་པར་བྱིན་གྱིས་བརླབས་ན་སྐྱ་རེངས་བརྒྱད་པ་ཤར་བའི་ཚེ་ན་དང༌། འཚོ་བཅང་ནད་གསོས་ཀྱི་བར་དུ་བཅངས་ན། ནད་ལས་གྲོལ་བའི་ཚེ་དང༌། དེའི་ཚད་ནི། ལྷ་རྗེ་ན་རེ། སྨན་དེ་ད་བསྟེན་མི་དགོས་སོ། །ཞེས་ཟེར་བ་ནའོ། །ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་པ་ལ་ནི་སོག་འཇོག་ཏུ་འགྱུར་བ་མི་སྲིད་དོ། །གལ་ཏེ། གཞུང་དུ་ཞག་བདུན་པ་ལས་མ་བཤད་པས་མི་འཐད་དོ་སྙམ་ན། ཇི་སྐད་དུ། བཟའ་བར་བྱ་བ་རུང་བ་མ་ཡིན་པ། ཉིན་མཚན་འདས་པ་ནི་འདིར་ཟོས་པ་དང་འདྲ་བར་རྣམ་པར་བཞག་གོ །ཞེས་པ་དེས། ཟོས་ན་སོག་འཇོག་ཅན་ཟོས་པའི་ལྟུང་བྱེད་དུ་འགྱུར་བ་དེ་ཡིན་ན། རང་དུས་ལས་འདས་པར་བཅངས་ཙམ་གྱི་ཚེ་སོག་འཇོག་གི་སྤང་བ་ཉིད་དུ་འགྱུར་བས་ཁྱབ་པར་བཤད་དོ་ཞེས་པ་ནི་འགྲེལ་ཆེན་གྱི་དགོངས་པའོ། །དེ་ལྟར་སུམ་ཅུ་པ་དེ་དག་ནི་རྒྱུ་གང་ལ་བརྟེན་ནས་བྱུང་བའི་རྫས་དེ་སྤངས་པ་སྔོན་དུ་བཏང་ནས་བཤགས་དགོས་པའི་ཕྱིར་སྤང་བའི་ལྟུང་བྱེད་ཅེས་བྱའོ། །དེ་ཡང་བྱིན་འཕྲོག་དང༌། ལྷུང་བཟེད་འཚོལ་བའི་ཕྱིར་བཅོས་ལ་ནི་རྩ་བ་ནས་སྤངས་དགོས་པ་ཡིན་ལ། གཞན་རྣམས་ལ་ནི་ཞག་གཅིག་གི་རིན་སྤངས་པ་སྔོན་དུ་བཏང་ནས་དེའི་འོག་ཏུ་ལྟུང་བ་རང་གི་ངོ་བོ་བཤགས་དགོས་པའོ། །དེ་བས་ན་སྤང་བའི་ལྟུང་བྱེད་ཅེས་བྱའོ། །གཉིས་པ་འབའ་ཞིག་པ་ནི། དེ་འདྲ་མི་དགོས་པར་རང་གི་ངོ་བོ་འབའ་ཞིག་ཕྱིར་བཅོས་པས་འདག་པ་ལ་ལྟུང་བྱེད་འབའ་ཞིག་པ་ཞེས་བྱ། དེ་ལ་དགུ་བཅུ་ཡོད་པ་དེའི་སྡོམ་ནི། གཉིས་ཏེ། སྤྱིའི་དང༌། སོ་སོའི་འོ། །དང་པོ་ནི། མདོ་ལས། ཤེས་བཞིན་དང་ནི་ས་བོན་དང༌། །མ་སྒོས་པ་དང་ཡང་ཡང་དང༌། །ཆུ་དང་ཁྱིམ་དང་བསམས་བཞིན་དུ། །མགྲོན་མང་རྐུན་མ་མཆོད་རྟེན་ནོ། །གཉིས་པ་ལ་བཅུ་ཚན་དགུ་ལས། དང་པོ་ལ་སྡོམ་ནི། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་གསུངས། དང་པོ་རྫུན་སྨྲ་ལ། གླེང་གཞི་མཉན་ཡོད་དུ། གང་ཟག་ཤཱཀྱ་ལག་བརྒྱུད་ཀྱིས། ཉོན་མོངས་པ་གཞན་ལ་མཐོ་འཚམས་པས། ཉེས་པ་ཤེས་བཞིན་རྫུན་དུ་སྨྲས་པའོ། །དགག་བྱ་གཞན་ལ་གནོད་པ་དང་མ་དད་པ། རྒྱུ་ཚོགས་ལ། གཞི་ནི། ཡུལ་ཐ་སྙད་ལྔ་ལྡན། རང་ལས་རྒྱུད་ཐ་དད་པ། དངོས་པོ་ནི་ཕམ་ལྷག་སྦོམ་པོ་ཉེས་བྱས་སུ་བཤད་པའི་རྫུན་དང༌། བཤེས་ངོ༌། འཕྱ་བ། ཟས་ཅུང༌། སྐུར་འདེབས། ཉེར་འཇོག ཁྱད་གསོད་དེ།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*