དབུ་མ་རྩ་བའི་རྣམ་བཤད་སྐལ་བཟང་འཇུག་ངོགས། ཀ ༽

༼ཅ༽༄༅། །དབུ་མ་རྩ་བའི་རྣམ་བཤད་སྐལ་བཟང་གི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།

དབུ་མ་རྩ་བའི་རྣམ་པར་བཤད་པ་སྐལ་བཟང་གི་འཇུག་ངོགས་ཞེས་བྱ་བ། སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཉིད་ལ་ལུས་དང་ཡིད་ཀྱིས་གུས་པས་ཕྱག་བྱས་ནས། མཆོད་པར་བརྗོད་པ་ནི། མཚར་དུ་དངར་བའི་སྣ་ཚོགས་སྒྱུ་མ་ཡི། །རྣམ་རོལ་བརྒྱ་ཕྲག་ནམ་ཡང་མི་འདོར་བར། །རྟག་ཏུ་སྟོང་ཉིད་གསུང་བ་ཁྱོད་ཀྱི་ཞལ། །རྟེན་འབྲེལ་ཟབ་མོའི་རྔ་དབྱངས་ལྷུར་མཛད་དོ། །ངེས་དོན་མརྒད་འཁྱིལ་པའི་ཆུ་གཏེར་དུ། །རིགས་ཚོགས་ཤེལ་དཀར་ལྦུ་བས་ཉེར་མཛེས་པའི། །མཐའ་བྲལ་དབུ་མའི་རྒྱ་མཚོར་ངེས་བཞུགས་པ། །རྒྱལ་བ་གཉིས་ཀ་ཀླུ་ཡི་དབང་པོ་དེས། །གཉིས་མེད་ལྟ་བའི་མདའ་ཆེན་རིང་བཤམས་པས། །ལོག་བློས་བསྐྱོད་པའི་གཞུ་རྒྱལ་དཔུང་གི་ཚོགས། །གཏི་མུག་མེ་ཏོག་མདའ་ཆེན་དང་བཅས་པ། །ཕམ་མཛད་སྲིད་སྒྲུབ་གྱུར་པ་དེ་དང་ཡང༌། །སངས་རྒྱས་གསུང་རབ་ཡིད་བཞིན་མཚོ་ཆེན་པོ། །ཐལ་འགྱུར་ཤིང་རྟའི་སྲོལ་དུ་ལེགས་སྐྱོང་བའི། །བྱེད་པོ་འཕྲོག་བྱེད་རྐང་པའི་གོས་བཟང་དེ། །བདག་སྙིང་རལ་པ་དམར་པོའི་ནགས་སུ་འཛིན། །ལེགས་བཤད་གཏམ་གྱི་ཁོར་ཡུག་ཡངས་པའི་དབུས། །རང་རྒྱུད་རོལ་མཚོའི་ཕྲེང་བ་ཉེར་བཟུང་ནས། །སྐལ་ལྡན་ཤིང་རྟའི་སྲོལ་ཆེན་འབྱེད་གང་ཁྱོད། །རྙོག་བྲལ་མགོ་བོའི་སྐྱེད་ཚལ་འདིར་སྤྱོན་ཅིག །རྣམ་དཔྱོད་ཟླ་བའི་འོད་རིས་སྟོང་ཕྲག་གིས། །ཀླུ་སྒྲུབ་གཞུང་ལུགས་རྒྱ་མཚོ་རྒྱས་མཛད་ནས། །སྙན་གྲགས་ཨུཏྤལ་བཞད་པའི་ཕྲེང་བ་ནི། །ས་གསུམ་འགྲོ་བའི་རྒྱན་དུ་སྩོལ་དེ་རྒྱལ། །དེ་ལས་རྒྱུད་པའི་མན་ངག་བགྲོད་མང་གིས། །ཁྱོད་བློ་གཏིང་མཐའ་ཡངས་པར་ངལ་བསོ་ནས། །ཆོས་ཀྱི་ཆུ་བོ་སྟོང་ཕྲག་འབེབས་མཛད་པ། །རོང་སྟོན་བསྟན་པའི་རྒྱ་མཚོ་རྟག་པར་རྒྱལ། །གཞན་ཡང་ལུགས་འདིའི་ཆ་ཤས་བདུད་རྩིའི་རྒྱུན། །གང་གི་རྣ་བའི་སྙིམ་པས་བླངས་གྱུར་པའི། །བཤེས་གཉེན་དེ་དག་གང་ན་བཞུགས་གྱུར་ཀྱང༌། །རབ་ཏུ་གུས་པའི་ཡིད་ཀྱིས་ཕྱག་བགྱིའོ། །དེ་འདིར་འཁོར་བའི་རྒྱུ་མ་རིག །དེ་དྲུངས་འབྱིན་པ་གཉིས་མེད་བློ། །དེ་སྟོན་བྱེད་པ་རྩ་བའི་གཞུང༌། །དེ་འཆད་པ་ལ་སྤྲོ་བ་སྐྱེས། །ཞེས་རྩོམ་པར་དམ་བཅས་ནས། བཤད་པ་ཉིད་ཉེ་བར་དགོད་པ། འདི་ལ་དོན་གསུམ་སྟེ། འགྱུར་ལ་འཇུག་པའི་བྱ་བ། བསྒྱུར་བྱ་བསྟན་བཅོས་ཀྱི་རང་བཞིན། འགྱུར་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། མཚན་གྱི་དོན་དང༌། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱ་གར་སྐད་དུ། པྲཛྙཱ་ནི། ཤེས་རབ། མ་དྷྱ་མ་ཀ་ནི། དབུ་མ། མཱུ་ལ་ནི། རྩ་བ། ཀཱ་རི་ཀཱ་ནི། ཚིག་ལེའུར་བྱས་པ། ནཱ་མ་ནི། ཞེས་བྱ་བ། མཚན་བཤད་ན། ཤེས་རབ་ཅེས་བྱ་བ་ནི་མིང་ཡིན་ལ། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ནི་དོན་ཏེ། ཤེས་ཕྱིན་གྱི་མདོའི་མིང་ལ། ཤེས་ཕྱིན་ཞེས་བཏགས་པ་དང་འདྲའོ། །འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་པའང༌། བསྟན་བཅོས་འདིའི་མཚན་ལ་བཏགས་པར་སྣང་ངོ༌། །འདིར་དབུ་མ་ནི་དབུ་མའི་གཞུང་ལ་བྱ་ལ། རྩ་བ་ནི་གཞུང་རྗེས་མ་རྣམས་ཀྱི་ཕྱི་མོ་ལྟ་བུར་གྱུར་པའོ། །ཚིག་ལེའུར་བྱས་པ་ནི། ཚིགས་བཅད་དུ་ཡོད་པ་སྟེ་པ་རི་ཚེ་ད་ཞེས་པ་ལེའུ་དང་བཅས་པ་ལ་འཇུག་པར་གདམ་ཁ་ཅན་ནོ། །འདི་ལ་ཚིགས་བཅད་བཞི་བརྒྱ་དང་བཞི་བཅུ་ཞེ་དགུ་ཡོད་པར་སྤྱན་རས་གཟིགས་བརྟུལ་ཞུགས་འཆད་དོ། །གཉིས་པ་ནི། འཕགས་པ་ཞེས་སོགས་སོ། །གཉིས་པ་ལ། སྤྱིའི་འབྲེལ་དང༌། གཞུང་གི་དོན། སོ་སོར་སྦྱར་བའོ། །དང་པོ་ལ་སྡོམ་ནི། རྐྱེན་དང་འགྲོ་འོང་དབང་པོ་བརྟག །ཕུང་ཁམས་ཆགས་དང་སྐྱེ་འཇིག་དང༌། །བྱེད་པོ་སྔ་རོལ་མེ་དང་སྔོན། །བདག་བྱས་འདུ་བྱེད་འཕྲད་རང་བཞིན། །བཅིངས་ལས་བདག་དུས་ཚོགས་པ་དང༌། །འབྱུང་འཇིག་བདེ་གཤེགས་ལོག་བདེན་བརྟག །མྱང་འདས་སྲིད་པའི་ཡན་ལག་དང༌། །ལྟ་བ་བརྟག་དང་ཉི་ཤུ་བདུན། །ཞེས་སྦྱར་བ་ཡིན་ནོ། །དེ་ཡང་གཉིས་སུ་འདུས་ཏེ། རྟེན་འབྲེལ་མཐའ་བྲལ་དུ་སྟོན་པའི་སྟོན་པ་ལ་མཆོད་པར་བརྗོད་ནས་བསྟན་བཅོས་ཀྱི་དགོས་སོགས་བཤད་པ་དང༌། དགོས་སོགས་དེ་ལྡན་གྱི་བསྟན་བཅོས་དངོས་ཀྱི་དོན་ནོ། །དང་པོ་ནི། གང་གི་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ། རྟེན་འབྲེལ་མཐའ་བྲལ་དུ་གཏན་ལ་ཕབ། རྟེན་འབྲེལ་རྟོགས་ན་ལྟ་ངན་བཟློག་པའི་ཚུལ་ལོ། །གཉིས་པ་ནི། ཉེར་བདུན་པ་ལྟ་བ་བརྟག་པའི་རབ་བྱེད་དོ། །དང་པོ་ལ་ཁྱད་ཆོས་མཐའ་བྲལ་དུ་གཏན་ལ་དབབ་པ་དང༌། ཁྱད་གཞི་རྟེན་འབྲེལ་ཉིད་ངོས་བཟུང་བའམ། ཡང་ན། དེ་གཏན་ལ་དབབ་པ་དང༌། གཏན་ལ་དབབ་དགོས་པའི་རྒྱུ་མཚན་ནོ། །གཉིས་པ་ནི། སྲིད་པའི་ཡན་ལག་བརྟག་པའོ། །དང་པོ་ལ་དངོས་དང༌། དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བའོ། །གཉིས་པ་ལ་རང་བཞིན་མེད་ན་དམིགས་ཡུལ་བདེན་པ་བཞི་མི་འཐད་པའི་རྩོད་པ་སྤང་བ། འབྲས་བུ་མྱང་འདས་མི་འཐད་པའི་རྩོད་པ་སྤང་བའོ། །དེ་གཉིས་ནི། བདེན་པ་བཞི་བརྟག་པ་དང༌། མྱང་འདས་བརྟག་པའི་རབ་བྱེད་དོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ལ་རྐྱེན་གྱི་བྱ་བྱེད་ལ་བརྟགས་ཏེ་ཆོས་ཀྱི་བདག་དགག འགྲོ་འོང་གི་བྱ་བྱེད་ལ་བརྟགས་ཏེ་གང་ཟག་གི་བདག་དགག་པ་གཉིས་ནི་རབ་བྱེད་དང་པོ་གཉིས་སོ། །གཉིས་པ་ལ། རྟེན་འབྲེལ་གྱི་ངོ་བོ་མཐའ་བྲལ་དུ་བསྟན། ཁྱད་པར་མཐའ་བྲལ་དུ་བསྟན། དང་པོ་ལ་རྒྱས་པར་བཤད་པ། བསྡུས་ཏེ་བསྟན་པའི་སྒོ་ནས་བདག་འཛིན་དགག་དགོས་པའི་རྒྱུ་མཚན་ནོ། །གཉིས་པ་ནི། བདག་དང་ཆོས་བརྟགས་པས་སྟོན་ལ། དང་པོ་ལ། ཆོས་དང་གང་ཟག་སོ་སོར་ཕྱེ་སྟེ་མཐའ་བྲལ་དུ་སྒྲུབ། མ་ཕྱེ་བར་དངོས་པོ་ཙམ་མཐའ་བྲལ་དུ་སྒྲུབ་པའོ། །དང་པོ་ལ། ཆོས་ཀྱི་བདག་མེད་རིགས་པས་སྒྲུབ། གང་ཟག་གི་བདག་མེད་རིགས་པས་སྒྲུབ། དང་པོ་ལ། ཆོས་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་དང༌། གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། སྐྱེ་མཆེད་རང་བཞིན་གྱིས་མ་གྲུབ་པར་བསྟན། ཕུང་ཁམས་རང་བཞིན་གྱིས་མ་གྲུབ་པར་བསྟན་པའོ། །གཉིས་པ་ལ་གཉིས་སུ་ཕྱེ་སྟེ་དེ་གསུམ་པོ་ནི། དབང་པོ་བརྟགས་པ། ཕུང་པོ་བརྟགས་པ། ཁམས་བརྟགས་པ་གསུམ་གྱིས་བསྟན་ནོ། །གཉིས་པ་གྲུབ་པའི་སྒྲུབ་བྱེད་དགག་པ་ལ། འབྲས་བུ་ཉོན་མོངས་རང་བཞིན་གྱིས་གྲུབ་པ་དགག རྒྱུ་རང་བཞིན་གྱིས་གྲུབ་པ་དགག གཉིས་པ་ལ། འཇོག་བྱེད་ཀྱི་རྒྱུ་སྐྱེ་འཇིག་གནས་གསུམ་རང་བཞིན་གྱིས་གྲུབ་པ་དགག སྐྱེད་བྱེད་ཀྱི་རྒྱུ་ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག་པ་ནི། འདོད་ཆགས་དང་ཆགས་པ་བརྟགས་པ། སྐྱེ་འཇིག་བརྟགས་པ། ལས་དང་བྱེད་པོ་བརྟགས་པ་གཉིས་ཀྱིས་སྟོན་ནོ། །གང་ཟག་གི་བདག་མེད་རིགས་པས་སྒྲུབ་པ་ལ། གང་ཟག་རང་བཞིན་གྱིས་མ་གྲུབ་པའི་སྒྲུབ་བྱེད་དང༌། གྲུབ་པའི་སྒྲུབ་བྱེད་དགག་པའོ། །གཉིས་པ་ལ། སྒྲུབ་བྱེད་ཀྱི་དཔེ་དགག ཤེས་བྱེད་ཀྱི་གཏན་ཚིགས་དགག གཉིས་པ་ལ། སྐྱེ་འཆི་རང་བཞིན་གྱིས་གྲུབ་པའི་རྟགས་དགག སྡུག་བསྔལ་རང་བཞིན་གྱིས་གྲུབ་པའི་རྟགས་དགག་པ་རྣམས་ནི། སྔ་རོལ་ན་གནས་པས་བརྟགས་པ་དང༌། མེ་དང་བུད་ཤིང་བརྟགས་པ། སྔོན་དང་ཕྱི་མའི་མཐའ་བརྟགས་པ། བདག་གིར་བྱས་པ་དང་གཞན་གྱིས་བྱས་པ་བརྟགས་པ་རྣམས་སོ། །གཉིས་པ་དངོས་པོ་ཙམ་མཐའ་བྲལ་དུ་སྒྲུབ་པ་ལ། འདུ་བྱེད་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག གཉིས་པ་ལ། རྒྱུ་རང་བཞིན་གྱིས་གྲུབ་པ་དགག འབྲས་བུ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ། རྒྱུ་རྐྱེན་རང་བཞིན་གྱིས་འཕྲད་པ་དགག འཕྲད་ནས་རང་བཞིན་སྐྱེད་པ་དགག་པ་རྣམས་ནི། འདུ་བྱེད་བརྟག་པ། ཕྲད་པ་བརྟག་པ། རང་བཞིན་བརྟག་པ་རྣམས་སོ། །གཉིས་པ་ལ། འབྲས་བུ་འཁོར་བ་རང་བཞིན་གྱིས་གྲུབ་པ་དགག དེའི་སྒྲུབ་བྱེད་དུ་ལས་བདེན་གྲུབ་དགག་པའོ། །དེ་གཉིས་ནི། བཅིངས་ཐར་བརྟག་པ། ལས་བརྟག་པས་འཆད་དོ། །གཉིས་པ་ཁྱད་པར་མཐའ་བྲལ་དུ་བསྟན་པ་ལ། ཁྱད་པར་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག དང་པོ་ལ་དུས་རང་བཞིན་གྱིས་མ་གྲུབ་པར་བསྟན། ཚོགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་གཉིས་ནི། དུས་བརྟག་པ་དང༌། ཚོགས་པ་བརྟག་པས་བསྟན། གཉིས་པ་ལ། དུས་ཚོགས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དུ་འབྱུང་འཇིག་དང་དེའི་རྒྱུན་རང་བཞིན་གྱིས་གྲུབ་པ་དགག དེའི་ཡང་སྒྲུབ་བྱེད་དགག་པའོ། །གཉིས་པ་ལ་སྲིད་པ་འཇིག་པའི་སྒྲུབ་བྱེད་དུ་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དགག སྲིད་པ་འབྱུང་བའི་སྒྲུབ་བྱེད་དུ་ཉོན་མོངས་པ་རང་བཞིན་གྱིས་གྲུབ་པ་དགག་པ་རྣམས་ནི་རིམ་པ་བཞིན། འབྱུང་འཇིག་བརྟག་པ། དེ་བཞིན་གཤེགས་པ་བརྟག་པ། ཕྱིན་ཅི་ལོག་བརྟག་པ་རྣམས་གསུངས་སོ། །གཉིས་པ་གཞུང་དོན་སོ་སོར་སྦྱར་བ་ལ། དང་པོ་མཆོད་པར་བརྗོད་པ་ནི། བསྟན་བཅོས་རྩོམ་པ་པོས་ཐོག་མར། སྨྲ་བ་རྣམས་ཀྱི་དམ་པའམ་མཆོག་རྫོགས་པའི་སངས་རྒྱས་དེ་ལ་མཆོད་པར་བརྗོད་ནས་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་ཀྱི་བརྗོད་བྱ་དང་དགོས་པ་བདེ་བླག་དུ་རྟོགས་པ་དང༌། སྟོན་པའི་ཆེ་བ་ཁོང་དུ་ཆུད་པ་དང་རང་ཉིད་དམ་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། སངས་རྒྱས་འཕགས་པ་ཆོས་ཅན། སྨྲ་བའི་དམ་པ་ཡིན་ཏེ། ཁྱོད་ཉིད་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དེ་དགོས་པ་ཞི་བ་མྱང་འདས་ཀྱི་དོན་དུ་བསྟན་པ་པོ་ཡིན་པའི་ཕྱིར། རྟེན་འབྲེལ་ཆོས་ཅན། སྤྲོས་པ་ཉེ་བར་ཞི་བ་ཡིན་ཏེ། འཕགས་པའི་རིགས་ཤེས་ཀྱི་ངོར། འགག་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། ཆད་པ་མེད་པ་དང༌། རྟག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་སྟེ་ཡོད་པ་མ་ཡིན་པ་དང༌། ཐ་དད་པའི་དོན་མ་ཡིན་པ་དང༌། དོན་གཅིག་པ་ཡང་མིན་པའི་ཕྱིར་རོ། །འདིར་རེ་ཤིག་སྤྱིའི་དོན་ནི། ཆོས་བཞི་ངོས་བཟུང་བ་དང༌། གཞུང་གིས་ཇི་ལྟར་བསྟན་པའི་ཚུལ། རྟེན་འབྲེལ་གྱིས་སྒྲ་བཤད་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པའི་མཐའ་བརྒྱད་དང་བྲལ་ཙམ་གྱི་མེད་པར་དགག་པ་དེ་བསྟན་བཅོས་ཀྱི་བརྗོད་བྱ་དང༌། བསྟན་བཅོས་འདི་ནས་བཤད་པའི་རིགས་པ་ལ་བརྟེན་ནས་དེ་བདེ་བླག་ཏུ་རྟོགས་པ་དེ་དགོས་པ། མི་གནས་པའི་མྱ་ངན་ལས་འདས་པ་དེ་ཉིད་དགོས། བསྟན་བཅོས་ཀྱི་དགོས་པ་དང༌། བསྟན་བཅོས་ཐབས་དང་ཐབས་བྱུང་གི་འབྲེལ་པ་ནི། འབྲེལ་པའོ། །འདིར་རིན་པོ་ཆེ་པ། འགག་པ་མེད་པ་སོགས་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པའི་རྟེན་འབྱུང་བརྗོད་བྱར་འདོད་པ་ལ་ནི། གཞུང་འདིས་ཀུན་རྫོབ་ཀྱི་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱེད་པར་ཐལ་བའི་ཉེས་པ་དང༌། ཚིག་གསལ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཇི་ལྟར་འགག་པ་ལ་སོགས་པ་མེད་པ་དེ་ལྟར་ནི་བསྟན་བཅོས་མཐའ་དག་གིས་སྟོན་པར་འགྱུར་རོ། །ཞེས་གསུངས་པ་དང་ཡང་འགལ་ལོ། །འོ་ན་ཇི་སྐད་དུ། ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་ཡིན་ཅིང༌། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་གཞུང་འདིས་ཁྱད་གཞི་རྟེན་འབྲེལ་དེ་ཆོས་བརྒྱད་ཀྱིས་ཁྱད་པར་དུ་བྱས་པར་བསྟན་ཞེས་པའི་དོན་ཡིན་གྱི་ཁྱད་གཞིའི་རང་ལྡོག་ནས་དགོས་སོགས་བཞིའི་ཡ་གྱལ་གྱི་བརྗོད་བྱར་འཆད་པ་མ་ཡིན་པ་ནི་དཔྱོད་པ་བྱུང་ན་རྟོགས་པར་སླའོ། །ཡང་རྟེན་འབྲེལ་ཀྱི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ཞི་བ་ཡིན་ཞེས་འཆད་པ་ནི། རྟེན་འབྱུང་འགག་པ་མེད་པ་སོགས་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་དེ་བརྗོད་བྱར་འཆད་པ་དང་རང་ཚིག་འགལ་བ་དང༌། ཚིག་གསལ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་པ་དེ་ཉིད་རང་བཞིན་གྱིས་མ་སྐྱེས་པ་ཡིན་པའི་ཕྱིར་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འདི་ལ་འགག་པ་ཡོད་པ་མ་ཡིན་པ་ནས། འདི་ལ་དོན་གཅིག་ཡོད་པ་མ་ཡིན་པ་ཞེས་བྱ་བའི་བར་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱེད་དེ། ཞེས་གསུངས་པ་དང་འགལ་བ་དང༌། རྟེན་འབྲེལ་གྱི་རང་ལྡོག་ཁྱད་པར་བརྒྱད་ལྡན་དུ་འཆད་པའི་སྐབས་ཡིན་པ་དང༌། རྟེན་འབྲེལ་གྱི་ཁྱད་པར་བརྒྱད་པོ་ཉིད་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཡིན་པར་སྟོན་པའི་སྐབས་ཡིན་གྱི། རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་རྩོད་གཞིར་བཟུང་ནས་ཁྱད་ཆོས་བརྒྱད་ལྡན་དུ་འཆད་པ་མ་ཡིན་པའི་ཕྱིར་རོ། །མདོར་ན་དེ་སྐད་འདོན་པ་དེ་ནི་རྟེན་འབྲེལ་སྤྲོས་བྲལ་དུ་ཁས་ལེན་མ་ནུས་པས་ནོངས་པ་ཡིན་ལ། དེ་ནི་ཇི་སྐད་དུ་ཚིག་གསལ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་འཕགས་པ་རྣམས་ཀྱིས་གཟིགས་པ་ན། སྤྲོས་པ་རྣམས་རྣམ་པ་ཐམས་ཅད་དུ་བཟློག་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད་སྤྲོས་པ་ཉེར་ཞི་ཞེས་བྱའོ། །ཞེས་གསུངས་པ་དང་འགལ་ལོ། །དེར་མ་ཟད་དེ་སྐད་འདོན་པ་དེ་ནི། ཞི་གོང་འོག་གཉིས་ཀྱི་ཁྱད་གཞི་དེ་གཅིག་ཏུ་བཟུང་བས་ནོངས་པ་ཡིན་ལ། དེ་ཡང་མི་འཐད་པ་ནི། ཚིག་གསལ་ལས། ཞི་གཉིས་པོའི་ཁྱད་གཞི་སོ་སོར་བཤད་པའི་ཕྱིར་ཏེ། ཞི་དང་པོ་རྟེན་འབྲེལ་གྱི་ཁྱད་ཆོས་སུ་སྦྱར་ནས་བརྗོད་བྱ་དང༌། ཞི་གཉིས་པ་མྱང་འདས་ཀྱི་ཁྱད་ཆོས་སུ་སྦྱར་ནས་དགོས་པ་སྟོན་པར་བཤད་པའི་ཕྱིར། དེ་ལྟར་བཤད་པ་ན། གཞན་དག སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པ་ནི་ཉིང་དགོས་སོ་ཞེས་གཉིས་ཀྱི་བསྟན་དོན་གཅིག་ཏུ་འདོད་པའང་ཁེགས་སོ། །འོ་ན་ཇི་སྐད་དུ་ཚིག་གསལ་ལས། མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་ནི། བསྟན་བཅོས་ཀྱི་དགོས་པར་བསྟན་ལ། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་གཞུང་གི་སྤྱི་དོན་གྱི་སྐབས་ཡིན་གྱི་ཚིག་དོན་གྱི་བཤད་པ་མིན་ཅིང་དེ་ཡང་མྱང་འདས་ལ་ཞི་བ་གཉིས་ཀའི་དོན་ཚང་བ་ལ་དགོངས་པ་ཡིན་ལ། ཞི་བ་དང་པོའི་དོན་ནི་སྤྲོས་པ་ཞི་བ་དང༌། གཉིས་པའི་དོན་ནི། རྣམ་པར་རྟོག་པ་དང་སྡུག་བསྔལ་ཞི་བ་ལ་ཚིག་གསལ་ཉིད་ལས་ཚིག་དོན་གྱི་སྐབས་སུ་བཤད་དོ། །གཉིས་པ་གཞུང་གིས་བསྟན་པའི་ཚུལ་ནི་སྤྲོས་པ་ཉེར་ཞི་ཡན་གྱིས་བརྗོད་བྱ་དེ་ལྟར་བསྟན་ཅིང༌། ཞི་ཞེས་པས་ཉིང་དགོས་བསྟན་ལ། བརྗོད་བྱ་དེ་ཡང་རང་བཟོ་མ་ཡིན་གྱི་སངས་རྒྱས་ཀྱིས་བསྟན་པ་ཡིན་པས་དེ་ལྟར་སྟོན་པ་ལ་ཕྱག་འཚལ་བ་ནི་བསྟན་པ་ཞེས་པ་མན་ཆད་དོ། །གཞན་དག་ན་རེ། མཆོད་བརྗོད་ཀྱི་ངག་འདིས་རྩ་ཤེའི་བརྗོད་བྱ་དང་ཉིང་དགོས་བསྟན་པར་ཟླ་བ་གྲགས་པ་མི་བཞེད་དེ། གང་གི་ཞེས་པ་ནས། ཞི་བསྟན་པ་ཞེས་གསུངས་པ་ནི་སྟོན་པས་དེ་ལྟར་བསྟན་པའི་དོན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ནི་ཆེས་ངན་པ་ཁོ་ནར་བས་ཏེ་འདི་ལྟར། སྟོན་པས་ཇི་སྐད་དུ། ངོ་བོ་ཉིད་མེད་པར་སྟོན་པའི་མདོ་ལས། བརྗོད་བྱ་དང་ཉིང་དགོས་སུ་གང་བཞེད་པ་དེ་ཉིད་བསྟན་བཅོས་འདིའི་ཡང་བརྗོད་བྱ་དང་ཉིད་དགོས་སུ་སྟོན་པ་ནི་ངག་འདི་ཉིད་ཡིན་པའི་ཕྱིར་དང༌། དེ་ལྟ་ན་མདོ་དང་བཟློས་པར་འགྱུར་རོ་སྙམ་པ་ལ། དགོས་པ་ལྷག་པོ་ཡོད་དོ་ཞེས་ལན་འདེབས་དགོས་པ་ཡིན་ཏེ། སྟོན་པས་འདི་ལས་བཤད་པ་གང༌། ཞེས་སོགས་རྩ་འགྲེལ་གྱི་སྐབས་སུ་རྒྱས་པར་འབྱུང་བ་ལྟ་བུའོ། །གཞན་ཡང་དེ་སྐད་དུ་འདོན་པ་དེ་ནི་ཚིག་གསལ་ལས། སློབ་དཔོན་རང་ཉིད་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་བརྗོད་པར་བྱ་བའི་དོན་དགོས་པ་དང་བཅས་པ་སྟོན་ཅིང༌། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་བར་བཞེད་པས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞེས་བཤད་པ་དང་ཇི་ལྟར་མི་འགལ་བ་སྟོན་ཅིག ཡང་གང་དག དགོས་པ་བསྟན་བཅོས་ལ་རག་ལས། ཉིང་དགོས་དགོས་པ་ལ་རག་ལས་པ་འདིའི་སྐབས་ཀྱི་འབྲེལ་པར་འཆད་པ་ཡང༌། རྣམ་པར་མ་བརྟགས་པ་སྟེ། འདིའི་ཉིང་དགོས་དང་བརྗོད་བྱ་ནི་མདོ་དང་ཐུན་མོང་བ་ཡིན་པས། བསྟན་བཅོས་ཁོ་ན་ལ་མ་རག་པའི་ཕྱིར་དང༌། ཇི་སྐད་དུ་ཚིག་གསལ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་གཞན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྙིང་རྗེས་བསྟན་བཅོས་མཛད་དོ་ཞེས་བྱ་བ་ནི་རེ་ཤིག་བསྟན་བཅོས་ཀྱིས་འབྲེལ་པ་ཡིན་ནོ། །ཞེས་གསུངས་པས་ཉིང་དགོས་དང་བསྟན་བཅོས་ཀྱི་འབྲེལ་དཔྱད་པར་བྱ་བ་མ་ཡིན་ནོ། །ཡང་གང་དག དྲང་ངེས་ཀྱི་དོན་གདུལ་བྱ་གཞན་གྱིས་བདེ་བླག་ཏུ་རྟོགས་པ་དེ་བསྟན་བཅོས་ཀྱི་དགོས་པ་ཡིན་ཏེ། དེའི་དོན་དུ་བརྗོད་བྱ་དེ་སྟོན་པའི་ཕྱིར་ཞེས་ཟེར་བ་ལ་ནི། སྒྲུབ་བྱེད་དེ་ཉིད་ཡུམ་གྱི་མདོ་ལའང་མཚུངས་པའི་ཕྱིར་ཁྱབ་པ་མ་ངེས་ཤིང༌། འདོད་མི་ནུས་ཏེ། ཡུམ་གྱི་མདོ་རྐྱང་པ་ལ་བརྟེན་ནས་དེའི་དྲང་ངེས་རྟོགས་པར་ནུས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། རྩ་བ་ཤེས་རབ་འདིར་དྲང་ངེས་འབྱེད་ཚུལ་ཟུར་ཙམ་ཡང་མེད་པའི་ཕྱིར་དང༌། རྩ་བ་ཤེས་རབ་རང་ཉིད་ཀྱི་རང་ཉིད་ངེས་དོན་དུ་རྟོགས་པར་ནུས་ན། རྩ་བ་ཤེས་རབ་དྲང་དོན་དགོངས་པ་ཅན་དུ་འགྲེལ་བའི་སྲོལ་འབྱེད་བྱུང་བ་དང་འགལ་ལོ། །གསུམ་པ་སྒྲ་བཤད་པ་ལ། ཞང་ཐང་སག་པ་འདི་ལྟར་འཆད་དེ། མཚམས་མ་སྦྱར་ན། པྲ་ཏི་དང༌། ཨི་ཏི་དང༌། ཡ་དང༌། ས་མུད་དང༌། པཱ་ད་དང་རྣམ་པ་ལྔར་འགྱུར་རོ། །པྲ་ཏི་ནི་ཕྲད་པ་ལ་འཇུག ཕྲད་པ་ནི་ལྟོས་པ་ལ་འཇུག ལྟོས་པ་ནི་རྟེན་པ་ལ་བྱའོ། །ཨི་ཏི་ནི་འགྲོ་བ་ལ་འཇུག འགྲོ་བ་ནི་ཆས་པ་ལ་འཇུག ཆས་པ་ནི་འཇིག་པ་སྟེ། མི་རྟག་པའི་ཐག་ཚིག་གོ །ཡ་ནི། ལ་ཡབ་ཀྱི་མཐའ་ཅན་མི་ཟད་པའོ། །ལ་ཡབ་དང་མི་ཟད་པ་གཉིས་མིང་གི་རྣམ་གྲངས་སོ། །བོད་སྐད་དུ་ནས་ཞེས་པའོ། །མི་ཟད་པ་ནི་ཐམས་ཅད་ལ་ཁྱབ་པའི་དོན་ཏོ། །པ་ནི་ལས་སོ། །ཡ་ཏ་ལ་བཅུག་པའི་མིང་ལ་ཡབ་ཅེས་བཤད་དོ། །ཚིག་གསལ་ལས། ལ་ཡབ་ཀྱི་མཐའ་ཅན་ཞེས་པ་ནི། པྲ་ཏི་དང་ཨི་ཏིའི་མཐའ་ཅན་ནོ། །ས་མུད་ནི། ཡང་དག་པ་སྟེ། བཀས་བཅད་ལས་འབྲེལ་པར་བསྒྱུར་རོ། །པཱ་ད་ནི་ཐད་ཀར་བསྒྱུར་ན་རྐང་པའམ། གཞིའམ་གོ་འཕང་ལ་འཇུག་ཀྱང༌། ས་མུད་གོང་ན་ཡོད་པས་འབྱུང་བ་ཡིན་ནོ། །མཚམས་སྦྱར་ན་པྲ་ཏཱི་ཏྱ་ས་མུད་པཱ་ད་ཞེས་པ་རྟེན་ནས་ཡང་དག་པར་འབྱུང་བ་ཞེས་པའོ་ཞེས་གསུངས་སོ། །འོ་ན་མིང་དེ་སྒྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཀཱ་ལཱ་པའི་ལུགས་བཞིན་དུ་མཐའ་ཆོད་པར་བརྗོད་ན་ཨི་ཎ་འགྲོ་བ་ལའོ། །ཞེས་པའི་བྱིངས་ལ་ཉེར་བསྒྱུར་པྲ་ཏི་སྔོན་དུ་བཞག ཎ་ཡི་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ཧ་ལནྟའི་མཚན་མ་བྱས། ཀྲིཏ་རྐང་དྲུག་པར། ཨ་ལཾ་ཁ་ལུ་དག་ལ་དགག་པ་ལ་ཀྟྭ་ཡང་ནའོ་མེད་ལས་སོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ། །ཞེས་པས་ཀྟྭ་བྱིན། ཀུན་བཤད་བརྒྱད་པར་གང་རྗེས་སུ་འབྲེལ་པ་མི་སྦྱོར། ཞེས་པས་བྱིངས་སྲོག་མེད་ཕྱིས། ཀྲིཏ་རྐང་དྲུག་པར་བསྡུ་བར་འབྱུང་བ་ལ། ན་ཉ་མིན་པ་ལ་ཀྟྭ་ཡབ་བོ། །ཞེས་པས་ཀྟྭ་ཡབ་ཏུ་བསྒྱུར། པ་ཡིག་རྗེས་འབྲེལ་ཡིན་པས་ཕྱིས། ཀྲིཏ་རྐང་དང་པོར། བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་པ་ལ་ཏའོ་ཞེས་པས་བྱིངས་ཀྱི་མཐར་ཏ་ཡིག་ཨ་ག་མ་བྱིན། ཏའི་སྲོག་གི་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས། རྟགས་ཀྱི་དོན་གྱིས་ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། མིང་ལེ་བཞི་པར། རྣམ་དབྱེའི་སི་སོགས་རྣམས་ཨ་ཡིག་ལས་གཞན་ལ་འཇིག་གོ །མི་ཟད་པ་ལས་ཀྱང་ངོ༌། །ཞེས་པས་སི་འཕྱིས་པ་ཡིན་ཏེ། ཡབ་མི་ཟད་པ་ཡིན་པའི་ཕྱིར་མཚམས་སྦྱོར་དང་པོར། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས་ཉེར་བསྒྱུར་གྱི་ཏིའི་སྲོག་གི་ཨི་ཕྲལ། ཏ་ལ་ཧ་ལནྟའི་མཚན་མ་བྱ། དེ་དང་བྱིངས་ཀྱི་ཨི་གཉིས་མཚམས་སྦྱོར་བ་ནི། མཚམས་སྦྱོར་གཉིས་པར། མཚུངས་པར་འདྲ་བའི་ཡིག་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་འང་དབྱིའོ། །ཞེས་པས་སྔ་མ་རིང་པོར་བྱ། ཨི་ཕྱི་མ་དབྱི། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས། ཏ་སྲོག་མེད་ཨཱི་རིང་པོའི་སྟེངས་དྲངས། པ་དང་ཏ་སྲོག་མེད་པའི་སྟེང་དུ་དྲངས་པས་པྲ་ཏི་ཏྱ་ཞེས་པ་འགྲུབ་བོ། །འདི་ཉིད་ཀྱི་མཐར་པ་ད་འགྲོ་བ་ལའོ་ཞེས་པའི་བྱིངས་ལ་དའི་ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས། ཉེར་བསྒྱུར་ཨུད་སྔོན་དུ་བཞག དེའི་སྔོན་དུ་ཉེར་བསྒྱུར་སི་བཞག བྱིངས་ཀྱི་མཐར། ཀྲིཏ་རྐང་ལྔ་པར། པ་ད་རུ་ཛ་པྲི་ཤ་ཨུ་ཙ་རྣམས་ཀྱི་གྷ་ཉའོ། །སྲི་པྲིའི་བརྟན་པ་དང་ནད་དག་ལའོ། །དངོས་པོ་ལའོ། །ཞེས་གསུངས་པས། འདིར་དངོས་པོའི་དོན་ལ་གྷ་ཉའི་རྐྱེན་བྱིན། ཉ་ཡིག་དང་ན་ཡིག་རྗེས་སུ་འབྲེལ་བའི་ཀྲིཏ་ཀྱི་རྐྱེན་རྣམས་ཕ་རོལ་ཏུ་བྱུང་བ་ལ་ཨཱི་ཙའི་བྱ་བར་འགྱུར་བ་ཡིན་ཏེ། ཀྲིཏ་རྐང་དང་པོར་གྲུབ་པ་ན་ཉ་རྗེས་སུ་འབྲེལ་པ་ལ་ཨི་ཙི་བཞིན་དུའོ་ཞེས་གསུངས་པའི་ཕྱིར། དེས་ན་འདིར་ཉ་ཡིག་རྗེས་སུ་འབྲེལ་བའི་ཀྲིཏ་ཀྱི་རྐྱེན་ཡིན་པས། ཨི་ཙ་བཞིན་དུ་བྱ་སྟེ། ཨི་ཙ་ཨུ་པ་དྷའི་ཨ་ཡིག་རིང་པོར་འགྱུར་བའི་ཕྱིར། ཀུན་བཤད་དྲུག་པར། ཨིན་ཨི་ཙ་ཨ་ཊ་རྣམས་ལ་ཨུ་པ་དྷའི་ཨཱ་རིང་པོ་སྟེ་ནཱ་མིན་རྣམས་ཀྱི་ཡང་འཕེལ་བའོ། །ཞེས་པས་པ་ཡི་སྲོག་གི་ཨཱ་རིང་པོར་བསྒྱུར། ཨུ་པ་དྷཱ་ཞེས་པ་མིང་ལེ་དང་པོར་མཐའ་ལས་སྔ་མ་ཨུ་པ་དྷའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །དེ་ལ་རྐྱེན་གྱི་གྷ་ཡིག་དང༌། ཉ་ཡིག་རྟགས་ཀྱི་དོན་ཡིན་པས་ཕྱིས། སྲོག་གི་ཨ་བཞག མཐར་མིང་ལེ་བཞི་པར། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། སིའི་ཨི་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ༌། །ཞེས་པས་མ་སྲོག་མེད་ཨུའི་སྟེང་དུ་དྲངས། ཏ་སྲོག་མེད་པཱ་རི་ཨའི་སྟེང་དུ་རྩེགས། ད་སྲོག་མེད་ཨའི་སྟེང་དུ་དྲང་རེ་ཕ་དང་ས་དག་གི་རྣམ་པར་བཅད་བྱའོ་ཞེས་པས་ས་སྲོག་མེད་རྣམ་བཅད་དུ་བསྒྱུར་བས། ས་མུད་པཱ་ད། ཞེས་པ་འགྲུབ་བོ། །པྲ་ཏཱི་ཏྱ་ས་མུཏྤཱ་དཿ ཞེས་པ་སྟེ། དེ་ལྟར་ན་བྱིངས་དང་ཉེར་བསྒྱུར་དང༌། རྣམ་དབྱེ་དང་རྐྱེན་སོགས་ཀྱི་དོན་ཕྱོགས་ཙམ་བརྗོད་ན། བྱིངས་དོན་གང་ལ་འཇུག་པ་དང༌། ཉེར་བསྒྱུར་གྱི་དོན་འདི་ཙམ་ལ་འཇུག་གི་གྲངས་ངེས་བསྟན་པ་དང༌། དགོས་ཆེད་དོན་དམིགས་ཀྱིས་བསལ་བ། རྣམ་དབྱེ་དང་རྐྱེན་རྣམས་ཀྱི་དོན་ཇི་ལྟར་སྟོན་པའི་ཚུལ་ལོ། །དང་པོ་ནི་ཨི་ཎ་ཞེས་པ་འགྲོ་བ་ཞེས་པའི་བྱིངས་ཙམ་ཡིན་ཀྱང༌། དོན་སྟོན་པར་ནུས་པའི་ཚིག་དུ་གྱུར་པ་ནི་མ་ཡིན་ཏེ། ཚིག་དུ་འགྱུར་བ་ལ། མཐར་རྐྱེན་དང་རྣམ་དབྱེ་བྱིན། སྔོན་དུ་ཉེར་བསྒྱུར་བཞག་པ་སོགས་བྱས་ནས་སྒྲུབ་དགོས་པས་སོ། །གཉིས་པ་ནི། པྲ་ཏི་ཞེས་པ། སོ་སོར་དང༌། མཚུངས་པ། ལེན་པ། འཚེ་བ་དང༌། རྩོལ་བ། ཕན་ཚུན་དང༌། གླང་པོ་དང༌། གནོན་པ་དང༌། ནད་དང༌། འགྲོ་བ་དང༌། འཕྲོ་བ་དང༌། སྒྲིབ་པ་དང་དོན་བཅུ་གཉིས་ལ་འཇུག་ཀྱང༌། འདིར་སོ་སོར་དང༌། མཚུངས་པ་དང༌། ལེན་པ་དང༌། རྩོལ་བ་དང༌། ཕན་ཚུན་དང་དོན་བཞི་པོ་དེ་དག་གང་རུང་གི་དབང་དུ་བྱས་པ་ཡིན་ནོ། །སམ་ཞེས་པ། ཡང་དག་པ་དང༌། སྦྱོར་བ་དང༌། རིགས་པ་དང༌། གསོང་པོར་སྨྲ་བ་དང༌། སྐྱེ་བ་དང༌། བདེན་པ་དང༌། བྱེད་པ་དང༌། བཀྲམ་པ་དང༌། རྒྱན་པ་དང༌། མངོན་དུ་ཕྱོགས་པ་དང༌། དོར་བ། གྲུབ་པ། སྟང་གྲགས་པ་དང༌། འཛིན་པ་དང༌། དོན་བཅུ་བཞི་རྣམས་ལ་འཇུག་ཀྱང༌། འདིར་ཡང་དག་པ་དང༌། སྦྱོར་བ་དང༌། སྐྱེ་བ་དང༌། བདེན་པ་གཉིས་པོ་དོན་བདུན་གྱི་དབང་དུ་བྱས། ཉེར་བསྒྱུར་ཨུ་ཏ་ཞེས་པ། ཕུལ་དུ་དང༌། ཤེས་པ་དང༌། དམིགས་པ་དང༌། བྱ་བ་དང༌། རྙེད་པ་དང༌། ཁྱབ་པ་དང༌། དགའ་བ་དང༌། གྲོལ་བ་སྟེ་དོན་བརྒྱད་ལ་འཇུག་ཀྱང༌། འདིར་ཕུལ་དང༌། དམིགས་པ་དང༌། ཤེས་པ་དང༌། རྙེད་པ་དང༌། ཁྱབ་པ་དང༌། དོན་ལྔ་པོའི་དབང་དུ་བྱས་སོ། །དེས་ན་སྒྲ་སོར་བཞག་ཏུ་བསྒྱུར་ན། སོ་སོར་སྐྱེ་བ་ཕུལ་དུ་འགྲོ་བར་བྱེད་ཅེས་པའམ། ཕན་ཚུན་དུ་འགྲོ་བ་སྐྱེ་ཞིང་རྙེད་པ་དང་ལྡན་པར་འགྲོ་བར་བྱེད། ཅེས་སམ། སོ་སོར་སྐྱེ་བ་ཡང་དག་པར་མཆོག་ཏུ་སྐྱེད་པར་བྱེད། ཅེས་པའོ། །དོན་འགྱུར་དུ་བྱས་ན། ལྟོས་ནས་རྟེན་ཏེ་འབྲེལ་ཆགས་པར་འབྱུང་བ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །གསུམ་པ་ནི། རྐྱེན་ལ་དུ་མ་ཡོད་པའི་ནང་ནས་ཀྟྭ་བ་ཅེས་པ་ནི། བྱེད་པ་གཅིག་གི་བྱ་བ་གཉིས་སྒྲུབ་པའི་དོན་གྱི་བྱིངས། བྱ་བ་སྔ་མའི་ཡུལ་ལ་སྦྱོར་བའི་བྱིངས་ལ་སྟེར་བའི་མིང་ཡིན་ཏེ། ཀྲིཏ་རྐང་དྲུག་པར། བྱེད་པ་གཅིག་དག་གི་ས་སྔ་མའི་དུས་ལའོ། །ཞེས་གསུངས། ཀྟྭ་བ་ཡབ་དུ་བསྒྱུར་བའི་རྣམ་འགྱུར་ནི་ན་ཉའི་ཚིག་བསྡུད་མ་ཡིན་པའི་ཀྟྭ་བའི་མཐའ་ཅན་གྱི་བྱིངས་ཚིག་བསྡུད་ཀྱི་བསྡུ་བ་ཅན། ལ་ཡབ་དུ་བསྒྱུར་བ་ཡིན་ཏེ། ཀྲིཏ་རྐང་དང་པོར། བསྡུ་བ་འབྱུང་བ་ལ་ན་ཉ་མ་ཡིན་པ། ལ་ཡབ་བོ་ཞེས་གསུངས། ཡང་བྱིངས་ཀྱི་མཐར་ཏ་ཡིག་ཨ་ག་མ་སྟེར་བ་ནི། དབྱངས་ཐུང་ངུའི་མཐའ་ཅན་གྱི་བྱིངས་གང་ཡིན་པ་དེའི་ཕ་རོལ་ལྟ་བུ། པ་ཡིག་རྗེས་སུ་འབྲེལ་བའི་ཀྲིཏ་ཀྱི་རྐྱེན་རྣམས་བྱུང་བ་ལ་ཡིན་ཏེ། བྱིངས་ཀྱི་མཐར་པ་རྗེས་སུ་འབྲེལ་བ་ལ་ཏའོ་ཞེས་གསུངས་པས་སོ། །བཞི་པ་ནི། བྱིངས་ནི་ཚིག་གི་ཉེར་ལེན་ལྟ་བུ་ཡིན་ལ། རྐྱེན་དང༌། རྣམ་དབྱེ་དང༌། རྣམ་འགྱུར་ནི་ལྷན་ཅིག་བྱེད་པའི་རྐྱེན་ལྟ་བུ་ཡིན་ནོ། །ཉེར་བསྒྱུར་ནི་བྱིངས་ཀྱི་སྔོན་དུ་སྟེར་བ་ཡིན་ཏེ། དོན་སྟོན་ཚུལ་ཉེར་བསྒྱུར་ལ་རག་ལས་པའི་ཕྱིར། ཇི་སྐད་དུ། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང༌། །ཉེར་བསྒྱུར་དབང་གིས་འགྱུར་བ་སྟེ། །གངྒཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་གསུངས་སོ། །སྐད་བྱིངས་དོན་གྱི་ཡིད་བཞིན་མཚོར། །ཉེར་བསྒྱུར་ལི་ཁྲིའི་ཐིག་ཕྲེང་ཅན། །སྒྲ་སྒྲུབ་ངང་པའི་བུ་མོ་ཡིས། །རོལ་ཅིང་སྒེག་པ་ཨེ་མ་མཚར།།  །།གཉིས་པ་དགོས་སོགས་དེ་ལྡན་གྱི་བསྟན་བཅོས་བཤད་པ་ལ། བརྗོད་བྱ་རྒྱས་པར་བཤད་པ་དང༌། སྟོན་པ་ལ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱས་པའི་སྒོ་ནས་མདོ་དང་བསྟན་བཅོས་ཀྱི་དགོས་པ་ཙམ་ངོས་གཟུང་བའོ། །དང་པོ་ལ། རྟེན་འབྲེལ་མཐའ་བྲལ་དུ་བསྟན་པ་དང༌། དེ་ལྟར་རྟོགས་ན་ལྟ་ངན་བཟློག་པའི་ཚུལ་ལོ། །དང་པོ་ལ། དངོས་དང༌། དེ་ལྟར་བསྟན་དགོས་པའི་རྒྱུ་མཚན་ནོ། །དང་པོ་ལ། དངོས་དང༌། རྩོད་པ་སྤོང་བའོ། །དང་པོ་ལ། མདོར་བསྟན་རྒྱས་པར་བཤད་པའོ། །དང་པོ་ལ། ཆོས་བདག་དགག་པ་མདོར་བསྟན། གང་ཟག་གི་བདག་དགག་པ་མདོར་བསྟན་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། སྐྱེ་མེད་ཀྱི་དམ་བཅའ་བཞག སྐྱེ་བ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་ལེགས་ལྡན་འབྱེད་ལྟར་ན། དངོས་པོ་གང་དག་ཆོས་ཅན། གང་ན་ཡང་རང་བཞིན་གྱིས། སྐྱེ་བ་ནམ་ཡང་ཡོད་པ་མིན་ཏེ། དོན་དམ་པར་བདག་ལས་ཀྱང་སྐྱེ་བ་མ་ཡིན། གཞན་ལས་ཀྱང་མ་ཡིན། གཉིས་ཀ་ལས་ཀྱང་མ་ཡིན། རྒྱུ་མེད་པར་ཡང་སྐྱེ་བ་མ་ཡིན་པའི་ཕྱིར། འདིའི་ཕྱོགས་ཆོས་ཀྱང་རང་རྒྱུད་ཀྱིས་སྒྲུབ་པར་བྱེད་དོ། །ཟླ་བའི་ཞབས་ཀྱི་ལུགས་ལྟར་ན། ཚིག་གསལ་ལས། ད་ནི་སློབ་དཔོན་རྟེན་ཅིང་འབྲེལ་པར་འབྱུང་བ་འགག་པ་མེད་པ་ལ་སོགས་པས་ཁྱད་པར་དུ་འཕགས་པར་འགྱུར་བ་བསྟན་པར་བཞེད་ནས། སྐྱེ་བ་བཀག་པས་འགག་པ་ལ་སོགས་པ་དགག་སླ་བར་དགོངས་ཤིང༌། ཐོག་མར་སྐྱེ་བ་དགག་པ་རྩོམ་པར་མཛད་དོ། །ཞེས་མཚམས་སྦྱར་ནས། ཕྱི་ནང་གི་དངོས་པོ་གང་དག་ཆོས་ཅན། ཡུལ་དུས་གྲུབ་པའི་མཐའ་གང་ན་ཡང་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་པ་དང་ཐུགས་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་ཆོས་ཅན། གང་ན་ཡང་གཞན་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ཆོས་ཅན། གང་ན་ཡང་གཉིས་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཉིས་ཀའི་ཉེས་པར་ཐལ་བའི་ཕྱིར། ཆོས་ཅན། རྒྱུ་མེད་པར་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྟག་ཏུ་སྐྱེ་བའམ་ལན་གཅིག་ཀྱང་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །འདིའི་ཕྱེད་སྔ་ཕྱི་གཉིས་སྒྲུབ་བྱ་སྒྲུབ་བྱེད་དུ་སྦྱོར་བ་ནི་ཟླ་བའི་ཞབས་ཀྱི་དགོངས་པར་མི་རུང་སྟེ། ཚིག་གསལ་ལས། དེའི་ཕྱིར་བདག་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་སྦྱར་བར་བྱའོ། །དེ་བཞིན་དུ་དམ་བཅའ་གསུམ་པོ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པ་དང༌། འཇུག་འགྲེལ་ལས། མཐའི་ཡོད་མ་ཡིན་ཞེས་པ་ཡོད་པའི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་འབྲེལ་གྱི་ཡོད་པ་དང་ནི་མ་ཡིན་ཏེ། དགག་པ་དོན་གྱིས་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་པ་དང༌། ཚིག་གསལ་ལས་གཞུང་འདིས་སྐྱེ་མེད་ཀྱི་དམ་བཅའ་ཙམ་བཞག་པར་བཤད་པས། རྩ་བར་དམ་བཅའ་བཞག་ཅིང་འགྲེལ་པ་བྱེད་པས་ལོག་ཕྱོགས་ལ་གནོད་བྱེད་འཕངས་པར་བཞེད་དོ། །དེའི་ཕྱིར། གང་དག འཇུག་པར། དེ་ཉིད་དུ་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང༌། །རྒྱུ་ལ་མ་ལྟོས་ཡོད་མིན་པས་ན་དངོས་རྣམས་རང་བཞིན་བྲལ། །ཞེས་པ་ཁུངས་སུ་བྱས་ནས། གཞུང་འདིས་ཀྱང་རྟགས་དང་རྟགས་ཅན་སྦྱར་ནས་འཆད་པ་ནི་ཟླ་བའི་ཞབས་ཀྱིས་གང་བཀག་པ་དེ་ཉིད་ཁས་ལེན་པར་མངོན་ནོ། །དེའི་རྒྱུ་མཚན་ཡང༌། ཟླ་བ་ནི། རང་བཞིན་སྐྱེ་མེད་སྒྲུབ་བྱའི་ཆོས་སུ་བྱེད་པའི་ཚེ། ཆོས་ཅན་ཀུན་རྫོབ་པ་རང་ལུགས་ལ་ཁས་མི་ལེན་པའི་ཕྱིར་ཏེ། ཇི་སྐད་དུ། ཚིག་གསལ་ལས། འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི། ཉམས་པར་གྱུར་པར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཞེས་ལེགས་ལྡན་འབྱེད་ལ་རང་གི་བཞེད་པ་ལྟར་ནན་གྱིས་ཕུལ་བ་དང༌། ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར། གང་ཞིག་ཆོས་ཅན་དུ་འགྱུར་བ་མ་རིག་ཀུན་རྫོབ་པ་ག་ལ་ཡོད། ཅེས་གསུངས་སོ། །འོ་ན་ཟླ་བས་རྡོ་རྗེ་གཟེགས་མའི་གཏན་ཚིགས་མི་བཞེད་དམ་ཅེ་ན། རྡོ་རྗེ་གཟེགས་མ་དང༌། གཅིག་དང་དུ་བྲལ་སོགས་ཀྱི་རྩ་བའི་སྦྱོར་བ་ལ། སློབ་དཔོན་སངས་རྒྱས་རྐྱོང་དང༌། ཟླ་བའི་ཞབས་ཐུགས་རྩིས་སུ་མི་མཛད་ལ། དེའི་རྒྱུ་མཚན་ཡང༌། མཐའ་བཞིའི་སྐྱེ་བ་སོགས་ཁེགས་པ་ན། རང་བཞིན་སྐྱེ་མེད་ཀྱི་དོན་བློ་ངོར་གྲུབ་ཟིན་པ་ལ་དགོངས་པ་ཡིན་ཏེ། འཇུག་འགྲེལ་དུ་མཐའ་བཞིའི་སྐྱེ་བ་ཡོད་པ་མ་ཡིན་པ་དང༌། རང་བཞིན་སྐྱེ་མེད་རྟགས་དང་རྟགས་ཅན་དུ་མི་སྦྱོར་བའི་ཤེས་བྱེད་དུ། དགག་པ་དོན་གྱིས་གྲུབ་པའི་ཕྱིར། ཞེས་གསུངས། ཅི་སྟེ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་སུ་མི་བཞེད་དམ་ཅེ་ན། དེ་ལྟར་བཞེད་དུ་ཆུག་ཀྱང༌། གཞན་གྲགས་སུ་བཞེད་དགོས་ཏེ། རང་བཞིན་མེད་པ་སྒྲུབ་ཆོས་སུ་བྱས་པའི་ཚེ། ཆོས་ཅན་ཀུན་རྫོབ་པ་རང་ལུགས་སུ་ཁས་མི་ལེན་པའི་ཕྱིར། འོ་ན་དེ་འདྲའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཞན་གྲགས་ཀྱི་གཏན་ཚིགས་གཅིག་གཞུང་འདིས་བསྟན་པར་ཟླ་བའི་ཞབས་ཀྱིས་བཞེད་པར་བཤད་ན་ཉེས་པ་ཅི་ཡོད་ཅེ་ན། དེ་ཡང་མ་ཡིན་ཏེ། གཞུང་འདིས་རང་བཞིན་སྐྱེ་མེད་ཀྱི་ཐ་སྙད་འབའ་ཞིག་པ་དམ་འཆའ་བར་བྱེད་པ་སྐབས་ཀྱི་དོན་མ་ཡིན་པའི་ཕྱིར་དང༌། གཞུང་འདིས་སྐྱེ་མེད་ཀྱི་དམ་བཅའ་འཇོག་པ་ཡིན་པར་ཡང་ཟླ་བས་བཞེད་པའི་ཕྱིར་རོ། །དེ་ལྟར་ན་གང་དག་མཐའ་བཞིའི་སྐྱེ་བ་བཀག་ཙམ་དེ་ཀུན་རྫོབ་ཀྱི་བདེན་པར་འདོད་པ་ཡང་ཁེགས་པ་ཡིན་ཏེ། གཞུང་འདིས་དམ་བཅའི་ཞེན་དོན་ཡིན་ན་དོན་དམ་བདེན་པ་ཡིན་དགོས་པའི་ཕྱིར་དང༌། དྲང་ངེས་ཀྱི་འཇོག་ཚུལ་ཁྱེད་རང་གི་འདོད་པ་དང་ཡང་འགལ་བའི་ཕྱིར་རོ། །གཉིས་པ་སྐྱེ་བ་འགོག་བྱེད་ཀྱི་རིགས་པ་བཤད་པ་ལ། དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ། རྐྱེན་དོན་གཞན་ལས་སྐྱེ་བ་དགག འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པ་དགག་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད། དེ་སུན་ཕྱུང་པའོ། །དང་པོ་ལ་རང་སྡེ་དངོས་པོར་སྨྲ་བ་ན་རེ། སྐྱེ་བ་གཞན་གསུམ་དགག་པ་ནི་རིགས་ན། གཞན་ལས་སྐྱེ་བ་ནི་ཡོད་དེ། དངོས་པོ་རྣམས་རྐྱེན་དོན་གཞན་བཞི་པོ་གང་རུང་ལ་སྐྱེ་དགོས་པའི་ཕྱིར། རང་གི་འབྲས་བུ་ལས་དོན་གཞན་པའི་རྐྱེན་ཆོས་ཅན། རྣམ་པ་བཞི་ཡོད་དེ། རྒྱུའི་རྐྱེན་དང་ནི་དམིགས་པའི་རྐྱེན་དང༌། དེ་མ་ཐག་པའི་རྐྱེན་དང༌། བདག་པོ་ཡང་ནི་དེ་བཞིན་ཏེ་དེ་བཞིན་དུ་རྐྱེན་དབང་ཕྱུག་རྟག་པ་ལ་སོགས་པའི་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ལ། རྐྱེན་དོན་གཞན་ལས་སྐྱེ་བ་རིགས་པས་གྲུབ་པ་དགག རྐྱེན་དོན་གཞན་ཉིད་མངོན་སུམ་གྱིས་གྲུབ་པ་དགག་པའོ། །དང་པོ་ལ། སྤྱིར་དགག རྐྱེན་བཞི་སོ་སོར་དགག དང་པོ་ལ། དངོས་དང༌། རྐྱེན་དོན་གཞན་གྱི་དོན་ལྡོག་དགག་པའོ། །དང་པོ་ལ། རྐྱེན་དོན་གཞན་ལས་སྐྱེ་བ་དགག བྱ་བ་དོན་གཞན་ལས་སྐྱེ་བ་དགག དང་པོ་ནི། རྒྱུ་འབྲས་རྫས་གཞན་པའི་དངོས་པོ་ཡོད་པ་མ་ཡིན་ནོ་སྟེ། ས་བོན་གྱི་དུས་སུ་མྱུ་གུ་བདག་གི་དངོས་པོ་ཡོད་པ་མིན་ན་སྟེ་ཡོད་པ་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་ནི། མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཆོས་ཅན། རྐྱེན་ལ་སོགས་པ་ངོ་བོ་མ་འགྱུར་བའི་གནས་སྐབས་ལ་ཡོད་པ་མ་ཡིན་ཏེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་དང༌། སྐྱེ་བ་དོན་མེད་པར་ཐལ་བའི་ཕྱིར། དཔེར་ན་བྱམས་པ་དང་ཉེར་སྦས་གཉིས་དུས་མཉམ་པར་ཡོད་པའི་རྒྱུ་མཚན་གྱིས་གཞན་ཡིན་པར་དངོས་པོར་སྨྲ་བ་རང་གིས་ཁས་བླངས་པ་བཞིན་ནོ། །གཉིས་པ་ནི། ཁོ་ན་རེ་དེ་ལྟ་ན་ཡང་གཞན་སྐྱེ་མི་འཐད་པའི་སྐྱོན་མེད་དེ། མིག་དང་གཟུགས་ལ་སོགས་པའི་རྐྱེན་གྱིས་རྣམ་ཤེས་དོན་གཞན་དངོས་སུ་མི་སྐྱེད་ཀྱང༌། དེས་བྱ་བ་དོན་གཞན་གཅིག་སྐྱེད་ལ། དེས་རྣམ་ཤེས་དངོས་སུ་སྐྱེད་པའི་ཕྱིར་རྐྱེན་དུ་འཇོག་པ་ཡིན་ནོ་ཞེ་ན། ལེགས་ལྡན་ལྟར་ན། བྱ་བ་ལྡན་ཡོད་འོན་ཏེ་ན་ཞེས་པ་ཡར་བླངས་ནས། བྱ་བ་རྐྱེན་དང་ལྡན་པའམ་འོན་ཏེ་མི་ལྡན་པས་བསྐྱེད་ཅེས་བརྟགས་ནས། དང་པོ་ལྟར་ན། རིགས་ངོར་བྱ་བ་རྐྱེན་དང་ལྡན་པ་མེད་དེ། བྱ་བ་ཉིད་རིགས་པས་ཁེགས་པའི་ཕྱིར་ཏེ། རྣམ་ཤེས་སྐྱེས་པ་ལ་ཡང་བྱ་བ་མེད། མ་སྐྱེས་པ་ལའང་བྱ་བ་མེད། སྐྱེ་བཞིན་པ་ལའང་བྱ་བ་མེད་པའི་ཕྱིར། དང་པོ་ནི། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། ཅེས་པའི་རིགས་པས་ཁེགས་པའི་ཕྱིར་དང༌། གཉིས་པ་ནི། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། །ཞེས་པའི་རིགས་པས་ཁེགས་པའི་ཕྱིར། གསུམ་པ་ནི། སྐྱེས་མ་སྐྱེས་གཉིས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་རིགས་པས་ཁེགས་པའི་ཕྱིར། ཇི་སྐད་དུ། བཞི་བརྒྱ་པ་ལས། སྐྱེ་བཞིན་པ་ནི་ཕྱེད་སྐྱེས་ཕྱིར། །སྐྱེ་བཞིན་པ་ནི་སྐྱེ་བ་མིན། །ཡང་ན་ཐམས་ཅད་སྐྱེ་བཞིན་པ། །ཉིད་ནི་ཡིན་པར་ཐལ་བར་འགྱུར། །ཞེས་པ་ལྟར་རོ། །གཉིས་པ་ལྟར་ན། རྐྱེན་དང་མི་ལྡན་པའི་བྱ་བ་ནི་མེད་དེ། གལ་ཏེ་ན་བྱ་བ་རྒྱུ་མེད་དུ་འགྱུར་བས་སོ། །འོ་ན་བྱ་བ་དང་མི་ལྡན་པའི་རྐྱེན་འབྲས་བུའི་རྒྱུར་ཁས་ལེན་པར་འགྱུར་ཏེ། རྐྱེན་གཅིག་ནི་ཁས་ལེན་དགོས་ལ་བྱ་བ་མེད་པའི་ཕྱིར་ཞེ་ན། བྱ་བ་དང་མི་ལྡན་ན་རྐྱེན་མ་ཡིན་དགོས་ཏེ། ཀུན་རྫོབ་དུ་བྱ་བ་དང་ལྡན་པ་ཁོ་ན་ལ་རྐྱེན་དུ་ཐ་སྙད་འདོགས་པའི་ཕྱིར། ཟླ་བའི་ཞབས་ལྟར་ན། རྐང་པ་སྔ་མ་གཉིས་ཀྱི་བྱ་བ་རྐྱེན་དང་ལྡན་མི་ལྡན་ལ་བརྟགས་ནས་དགག་པ་མཛད་ཅིང༌། རྐང་པ་ཕྱི་མ་གཉིས་ཀྱིས་རྐྱེན་བྱ་བ་དང་ལྡན་མི་ལྡན་ལ་བརྟགས་ནས་དགག་པ་མཛད་པ་ཡིན་ལ། འོན་སྟེ་ཞེས་པ་མ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །གཞན་གྱིས་ནི་ཚིག་གསལ་གྱི་དགོངས་པ་མ་ལོན་པས་རྐང་པ་བཞི་པའི་འཆད་ཚུལ་བཟློས་པ་ཁོ་ནར་འཆད་དོ། །རིན་པོ་ཆེའི་ཞལ་སྔ་ནས། འདིར་རྐྱེན་གྱིས་འབྲས་བུ་དངོས་སུ་མི་སྐྱེད་པར་འདོད་པ་རང་སྡེ་ལ་མེད་པས་བརྡ་སྤྲོད་པའོ། །ཞེས་གསུངས་མོད། ཚིག་གསལ་དུ་འདིའི་ཕྱོགས་སྔ་དགོད་པ་ན་རང་གི་སྡེ་པ་དག་ན་རེ་ཞེས་བཤད་པའི་ཕྱིར་དང༌། ཕྱེད་སྔ་མའི་ཕྱོགས་སྔ་སྨྲ་བ་པོ་བརྡ་སྤྲོད་པ་ཡིན་ན་ཕྱེད་ཕྱི་མའི་ཡང་དེ་ཡིན་དགོས་ལ་དེ་ལྟ་ན། བྱ་བ་མི་ལྡན་རྐྱེན་མ་ཡིན་གྱི་མཚམས་སྦྱར་དུ། གལ་ཏེ་དེ་ལྟར་བྱ་བ་མེད་ན་འོ་ན་ནི་རྐྱེན་དག་དངོས་པོ་རྣམས་ཀྱི་སྐྱེད་པར་བྱེད་པར་འགྱུར་རོ། །ཞེས་པའི་ཕྱོགས་སྔར་བཀོད་པས། རྐྱེན་འབྲས་བུའི་སྐྱེད་བྱེད་དུ་འདོད་པར་ཡང་བཤད་པའི་ཕྱིར། རང་སྡེའི་རྩ་བའི་འདོད་པ་མིན་ཀྱང་དོགས་པའི་མཐའ་འགོག་པའི་ཡན་ལག་ཏུ་དེ་ལྟར་བཤད་པ་མི་འགལ་ལོ་སྙམ་མོ། །གཉིས་པ་རྐྱེན་གྱི་དོན་ལྡོག་དགག་པ་ལ། ཕྱོགས་སྔ་མ་དགོད། ཕྱོགས་ཕྱི་མ་བརྗོད་པའོ། །དང་པོ་ནི། བྱ་བ་རྐྱེན་དང་ལྡན་མི་ལྡན་སོགས་དཔྱད་པ་ཞིབ་མོ་བོར་ནས། མིག་ལ་སོགས་པ་འདི་དག་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བས་ན། དེའི་ཕྱིར་འདི་དག་རྐྱེན་ཞེས་གྲག་གོ །གཉིས་པ་ལ། འགལ་བ་བརྗོད་པའི་ཐལ་འགྱུར་དང༌། རྣམ་པར་བརྟགས་ནས་གཞན་གྲགས་ཀྱི་གཏན་ཚིགས་དགོད་པའོ། །དང་པོ་ནི། མིག་ལ་སོགས་པ་འདི་དག་ཆོས་ཅན། ཇི་སྲིད་འབྲས་བུ་མི་སྐྱེ་བ་དེ་སྲིད་དུ་རྐྱེན་མིན་ཇི་ལྟར་མིན་ཏེ། འབྲས་བུ་སྐྱེ་བ་ལ་ལྟོས་ནས་རྐྱེན་གྱི་ཐ་སྙད་འདོགས་པའི་ཕྱིར། འདོད་ན་རྐྱེན་མིན་ལས་སྐྱེ་བར་མི་རིགས་ཏེ། བྱེ་མ་ལས་ཏིལ་མར་བཞིན་ནོ། །གཉིས་པ་ནི། རྣམ་པར་ཤེས་པ་སོགས་འབྲས་བུ་མེད་དམ་ཡོད་པའི་དོན་ཡང་རྐྱེན་ནི་རུང་བ་མ་ཡིན་ཏེ། ཅིའི་ཕྱིར་ན། མེད་ན་རྐྱེན་དུ་རུང་བ་མ་ཡིན་ཏེ། རི་བོང་གི་རྭ་བཞིན་ནོ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་སྟེ། སྐྱེས་ཟིན་པའི་མྱུ་གུ་བཞིན་ནོ། །དཔེ་འདི་རྣམས་ནི་གཞན་གྲགས་སོ། །གཉིས་པ་རྐྱེན་བཞི་སོ་སོར་དགག་པ་ལ་བཞིན་ལས། རྒྱུ་རྐྱེན་དགག་པ་ནི། རང་སྡེ་ན་རེ། རྒྱུའི་རྐྱེན་ཡོད་དེ། སྒྲུབ་པར་བྱེད་པ་ནི། རྒྱུའོ་ཞེས་རྒྱུ་རྐྱེན་གྱི་མཚན་ཉིད་གསུངས་པའི་ཕྱིར་ཞེ་ན། དེ་ཡང་འཇིག་རྟེན་གྱིས་གྲགས་ངོར་ཡིན་གྱི་རིགས་པས་གྲུབ་པ་དེ་ལྟ་ཡིན་ན་མི་རིགས་ཏེ། གང་གི་ཚེ་འབྲས་བུའི་ཆོས་ནི་ཡོད་པ་དང༌། མེད་པ་དང༌། ཡོད་མེད་གཉིས་ཀ་མི་འགྲུབ་པ་དེའི་ཚེ། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ་སྟེ་མི་རིགས་པའི་ཕྱིར་རོ། །སྐབས་འདི་དག་ཏུ་རིན་པོ་ཆེ་པའི་ཞལ་སྔ་ནས། ཡོད་པ་མི་སྐྱེ་ཞེས་པ་གང་དུ་བྱུང་ཡང་རང་གི་ངོ་བོ་ཡོད་ན་གྲུབ་ཟིན་སླར་སྐྱེ་དགོས་ཞེས་འཆད་པ་ཡིན་གྱི་ཡོད་ཙམ་ལ་བྱས་ན་རང་ལའང་མཚུངས་པ་དང༌། གྲུབ་ཟིན་སྐྱེ་བ་ནི་རང་ལུགས་ལའང་ཁས་ལེན་པའི་ཕྱིར་ཞེས་གསུངས་མོད། དེ་ལྟ་ན། མེད་ན་གང་གི་རྐྱེན་དུ་འགྱུར། །ཞེས་པའང༌། རང་བཞིན་གྱིས་མེད་ན་ཞེས་འཆད་དགོས་ལ། དེ་ལྟ་ན་རང་ལ་ཇི་ལྟར་མི་མཚུངས། ཁོ་བོ་ཅག་ནི་འདི་སྐད་འདོན་ཏོ། །རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འདོད་པ་ལ། འབྲས་བུ་ཡོད་པ་སྐྱེ་བའམ་མེད་པ་སྐྱེ་ཞེས་པའི་བརྟག་པར་འཇུག་དགོས་པ་ཡིན་ཏེ། རང་བཞིན་གྱིས་གྲུབ་ན། རིགས་པས་དཔྱད་བཟོད་དགོས་པའི་ཕྱིར། རང་ལུགས་ལ་དེ་འདྲའི་བརྟག་པ་མི་འཇུག་སྟེ། དེ་ལྟར་བརྟགས་པའི་ཚེ་མྱུ་གུ་མི་སྐྱེ་བར་ཁས་ལེན་དགོས་པའི་ཕྱིར། འོ་ན་དངོས་འགལ་དུ་མི་འགྲོ་བའམ་ཞེ་ན། དེ་སྐད་འདོན་པ་དེ་ལ་ནི་དབུ་མའི་ལྟ་བ་ལ་ཕྱོགས་ཙམ་གྱི་གོ་བ་མ་སྐྱེས་སོ་ཞེས་གསལ་བར་སྟོན་པ་ཡིན་ཏེ། དེ་ལྟ་ན་ཐ་སྙད་ཀྱི་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་དང༌། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང༌། །ཇི་ལྟར་ཁྱོད་ཀྱི་གཞན་དབང་དངོས་འདོད་ལྟར། །ཞེས་སོགས་གོམས་པས་འདོད་པ་ཙམ་དུ་ཟད་པའི་ཕྱིར་དང༌། རིགས་པས་དཔྱད་པ་མ་བཅུག་པར་གང་ཁས་བླངས་པ་དེ་ཉིད་རིགས་པས་དཔྱད་པ་བཅུག་ནས་ཀྱང་ཁས་མ་བླངས་ན་དངོས་འགལ་དུ་འགྲོའོ་སྙམ་པ་ནི་ཟབ་མོའི་དོན་ལས་དཔག་ཚད་ཁྲི་དྲུག་སྟོང་གི་ཕ་རོལ་དུ་སོན་ཀྱང༌། ཟབ་མོའི་དོན་སུ་ཞིག་གིས་ཁོང་དུ་མ་ཆུད་པ་ཞིག་ཁོ་བོས་ཤེས་སོ་ཞེས་མངོན་པའི་ང་རྒྱལ་གྱིས་མངོན་པར་མཐོ་བའི་རྟོག་གེ་པ་ཁོ་ནར་སྣང་སྟེ། བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་ཅེས་པ་འདི་ལས་གཞན་ན་བཙལ་དུ་མེད་པའི་ཕྱིར་རོ། །དེ་འདྲའི་དངོས་འགལ་དུ་རློམ་པ་དེ་ལ་ནི་བདེན་གཉིས་རྣམ་འབྱེད་ཀྱིས་ལན་འདེབས་དགོས་ཏེ། སྔ་མ་ནི་མ་བརྟགས་གཅིག་པུར་ཉམས་དགའ་བའི་དབང་དུ་བྱས་ལ། ཕྱི་མ་ནི་དབུ་མའི་རིགས་པས་རྣམ་པར་དཔྱད་པའི་དབང་དུ་བྱས་པའི་ཕྱིར་ཞེས་ལན་འདེབས་དགོས་སོ། །དེ་འདྲ་དེ་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཡིན་པར་སྨྲ་ན། སློབ་དཔོན་ཐུགས་རྗེའི་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་ལས། དེ་ལྟར་དཔྱོད་བྱེད་ཀྱི་རིགས་པ་ཚིག་ཟིན་ལ་བསྟན་པ་མེད་པར་འགྱུར་རོ། །གཉིས་པ་དམིགས་རྐྱེན་དགག་པ་ལ། ཕྱོགས་སྔ་མ་ནི། དམིགས་རྐྱེན་ཡོད་དེ། ཆོས་མངོན་པ་ལས། དམིགས་པ་དང་བཅས་པའི་ཆོས་གང་དག་ཅེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་དོ། །ཞེས་གསུངས་པས་སོ་ཞེ་ན། དམིགས་པར་བྱེད་པའི་ཤེས་པ་ཡོད་པ་ལ་དམིགས་རྐྱེན་དགོས་སམ། ཅི་སྟེ་མེད་པ་ལ་དགོས། དང་པོ་ལྟར་ན། དམིགས་རྐྱེན་གྱི་སྔར་ཡོད་པའི་ཆོས་འདི་ལ། དམིགས་རྐྱེན་ཡོད་པར་འདོད་པ་དང༌། དམིགས་རྐྱེན་མེད་པ་ཁོ་ན་ཉེ་བར་བསྟན་ཅིང་ཁས་བླངས་པས་ཏེ། རྐྱེན་གྱིས་སྔར་ནས་ཡོད་པར་ཁས་བླངས་པའི་ཕྱིར། གཉིས་པ་ལྟར་ན། ཅི་སྟེ་དམིགས་པར་བྱེད་པའི་ཆོས་ནི་མེད་ན། དམིགས་པའི་རྐྱེན་ཡོད་པར་ག་ལ་འགྱུར་ཏེ། མོ་གཤམ་བུའི་དམིགས་རྐྱེན་རྟོག་པ་བཞིན་ནོ། །གསུམ་པ་དེ་མ་ཐག་རྐྱེན་དགག་པ་ནི། རང་སྡེ་དངོས་སྨྲ་བ་ན་རེ། ས་བོན་ལ་སོགས་པའི་རྒྱུ་འགགས་མ་ཐག་པ་དེ་མྱུ་གུ་ལ་སོགས་པའི་དེ་མ་ཐག་རྐྱེན་ཡིན་པ་ཆོས་མངོན་པ་ལས་བཤད་པས་གཞན་སྐྱེ་ཁས་ལེན་དགོས་སོ་ཞེ་ན། ཤེས་བྱ་ཆོས་ཅན། ས་བོན་འགགས་མ་ཐག་པ་དེ་མྱུ་གུའི་དེ་མ་ཐག་རྐྱེན་དུ་མི་རིགས་པར་ཐལ། མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་ན་ས་བོན་ལ་སོགས་པའི་རྒྱུ་རྣམས་འགག་པ་འཐད་པར་མི་འགྱུར་ལ་མྱུ་གུའི་སྔར་ས་བོན་འགགས་ནས་མེད་ན་མྱུ་གུ་སྐྱེ་བའི་རྐྱེན་ཡང་གང་ཞིག་ཡིན་ཏེ་མེད་དགོས་པའི་ཕྱིར། དེའི་ཕྱིར་རྟགས་སྔ་མ་ནི་རྒྱུ་འགགས་པ་དང་འབྲས་བུ་སྐྱེས་པ་དུས་མཉམ་པར་ཕྱོགས་སྔ་མས་ཁས་བླངས་པ་ཡིན་ནོ། །ཡང་ན། འགགས་ནས་རྐྱེན་ཡང་གང་ཞིག་ཡིན་ཏེ་བྱ་རོག་ཤི་ཟིན་པས་སྐད་མི་འབྱིན་པ་བཞིན་ནོ། །གཞུང་འདིས་ཞིག་པ་དངོས་པོར་འདོད་པ་ཡང་བཀག་པ་ཡིན་ནོ། །འདིར་རིན་པོ་ཆེའི་ཞལ་སྔ་ནས། དབུ་མ་པ་རང་ལུགས་ལ། ས་བོན་འགག་བཞིན་པ་དང་མྱུ་གུ་སྐྱེ་བཞིན་པ་གཉིས་དུས་མཉམ་པར་འཇུག་པ་ལས་གསུངས་པས། རྒྱུ་འགགས་པ་དང་འབྲས་བུ་སྐྱེས་པ་གཉིས་ཀྱང་དུས་གཅིག་གོ །དེས་ན། ས་བོན་འགག་བཞིན་པའི་བྱ་བ་དེ་མྱུ་གུ་སྐྱེས་པའི་རྒྱུ་དང༌། མྱུ་གུ་སྐྱེ་བཞིན་པའི་བྱ་བ་དེ་ས་བོན་འགག་པའི་རྒྱུ་ཡིན་པར་ཁས་ལེན་ལ། རྒྱུ་འགགས་པ་དང༌། འབྲས་བུ་སྐྱེས་པ་གཉིས་དུས་མཉམ་པས་དེ་མ་ཐག་པའི་དོན་མེད་པར་གཞུང་གིས་བསྟན་པ་ཡིན་ནོ། །ཞེས་གསུང་ངོ༌། །འདི་ནི་རིགས་པ་མ་ཡིན་ཏེ། དངོས་སྨྲ་བས་ཀྱང༌། རང་བཞིན་སེམས་པའི་སྐབས་སུ་དེ་ལྟར་འདོད་པ་ལ་འགོག་བྱེད་ཀྱི་རིགས་པ་མེད་པའང༌། དབུ་མ་པ་རང་ཉིད་ལ་ཡང༌། མེད་དམ་ཡོད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་སོགས་ཀྱི་རིགས་པ་མཚུངས་པ་གང་རུང་དུ་ཐལ་བའི་ཕྱིར་དང༌། མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་ངོར་སྐྱེ་བ་ཙམ་ཞིག་ཁས་ལེན་ན་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཙམ་ཁས་ལེན་པ་ལས་མ་འདས་ཕྱིར་དང༌། ས་བོན་འགག་བཞིན་པ་དང་མྱུ་གུ་སྐྱེ་བཞིན་པ་དུས་མཉམ་པར་རང་ལུགས་ལ་བཤད་ན། སྐྱེ་བཞིན་པ་ནི་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང༌། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་གྱུར་པ། །དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པ་ཡིན། །ཞེས་པའི་གཞུང་གི་ལོག་ཕྱོགས་ཁས་བླངས་པར་འགྱུར་བའི་ཕྱིར་རོ། །དེས་ན་དབུ་མ་པས་ནི་རིགས་པའི་དཔྱད་པ་མ་བཅུག་པར་སྐྱེ་བ་ཁས་ལེན་ལ། དངོས་སྨྲ་བས་ནི་རིགས་པས་དཔྱད་ནས་ཀྱང་སྐྱེ་བ་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན་ནོ། །ཡང་གང་དག ཐ་སྙད་དུ་ཡང་རྒྱུ་འགག་པ་དང༌། འབྲས་བུ་སྐྱེས་པ་དུས་མཉམ་པར་དབུ་མ་པས་ཁས་ལེན་ནོ་ཞེ་འཆད་པ་ནི་མི་རིགས་ཏེ། དངོས་པོར་སྨྲ་བས་དཔྱད་ནས་ཁས་བླངས་པའི་རྒྱུ་འབྲས་ཀྱི་རྣམ་གཞག་དང༌། འཇིག་རྟེན་པས་མ་དཔྱད་པར་ཁས་ལེན་པའི་རྒྱུ་འབྲས་ཀྱི་རྣམ་གཞག་གཉིས་ཀྱི་ནང་ནས། དབུ་མ་པས་ཐ་སྙད་དུ་ཁས་ལེན་རྒྱུ་གང་ཡིན་མ་ཕྱེད་པར་སྣང་བའི་ཕྱིར་དང༌། རིགས་པ་དང༌། ལུང་དང༌། ཁས་བླངས་པ་གསུམ་ཆར་དང་འགལ་བའི་ཕྱིར་རོ། །དང་པོ་ནི་རྒྱུ་འགགས་པ་དང་འབྲས་བུ་སྐྱེ་བ་དུས་མཉམ་ཡིན་པ་ནི། དངོས་སྨྲ་བས་གཞན་སྐྱེ་སྒྲུབ་བྱེད་ཀྱི་རིགས་པ་མཐར་ཐུག་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག །དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་པར་བྱ་དང་སྐྱེད་བྱེད་དག་གི་སྐྱེ་འགག་འགྱུར་ཞེ་ན། །ཞེས་བཤད་པའི་ཕྱིར། འདི་ལ་ཡང་ས་མྱུག་སྐྱེ་འགག་གི་བྱ་བ་དུས་གཅིག་པར་ཤེས་བྱེད་དུ་བཀོད་ནས་ས་མྱུག་དུས་མཉམ་པར་དངོས་སྨྲ་བས་སྒྲུབ་པ་ཡིན་ཞེས་གསུང་མོད་ས་མྱུག་དུས་མཉམ་དུ་འདོད་པའི་དངོས་སྨྲ་བ་དེ་ནི་ཆེས་བཞད་གད་གྱི་གནས་སོ། །འཇིག་རྟེན་པས་ནི་མྱུ་གུ་སྐྱེས་པའི་ཚེ་ས་བོན་ཞིག་པར་མངོན་སུམ་གྱིས་གྲུབ་པ་བཞིན་ཁས་ལེན་པ་དང༌། ཕའི་དུས་སུ་བུ་དང༌། བུའི་དུས་སུ་ཕ་ཡོད་པ་སོགས་མཐའ་གཅིག་ཏུ་མ་ངེས་པར་ཁས་ལེན་པ་ཡིན་ལ། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པས་ཀྱང་དེ་ལྟར་ཁས་ལེན་པ་ཡིན་གྱི། དཔྱད་པ་ཞིབ་མོ་བཅུག་ནས་ཁས་ལེན་པ་མ་ཡིན་ནོ། །གཉིས་པ་ལུང་དང་འགལ་བ་ནི། རྒྱུ་འགགས་པ་དང༌། འབྲས་བུ་སྐྱེས་པ་དུས་མཉམ་པ་ཁོ་ནར་དབུ་མ་པས་ཁས་ལེན་པར་མ་ངེས་ཏེ། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་འབྲས་བུ་སྐྱེས་པ་དེ་རྒྱུ་འགགས་པའི་རྐྱེན་དུ་ཡང་བཤད་པའི་ཕྱིར་དང༌། བཞི་བརྒྱ་པ་ལས། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། །ཞེས་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པར། རྒྱུ་ཟད་ཉིད་ལ་འབྲས་བུ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་པའི་ཐད་དུ། ས་བོན་ནི་ཡོད་པའི་གནས་སྐབས་ཁོ་ན་མྱུ་གུའི་རྒྱུར་མི་རྟོགས་ཀྱི་མེད་པར་གྱུར་པ་ན་མྱུ་གུའི་རྒྱུར་རྟོགས་ཏེ་གཞན་གྱིས་རྣམ་པར་ཤེས་པ་སྔ་མ་མེད་པར་གྱུར་པ་རྣམ་ཤེས་ཕྱི་མའི་དེ་མ་ཐག་རྐྱེན་དུ་ཁས་བླངས་པ་ལྟ་བུ་སྟེ་རྣམ་ཤེས་སྔ་མ་ཡོད་པའི་གནས་སྐབས་སུ་རྣམ་ཤེས་གཞན་གྱི་རྒྱུ་ཡིན་ན་དེ་གཉིས་ཅིག་ཆར་དུ་ཡོད་པར་འགྱུར་རོ། །ཞེས་གསུངས་པ་དང༌། རྟོགས་གེ་འབར་བར། ས་བོན་འགགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་བར་སྣང་བའི་ཕྱིར་རོ། །གལ་ཏེ་ས་བོན་མ་འགགས་པར་ཡང་མྱུ་གུ་ལ་སོགས་པ་སྐྱེ་བར་འགྱུར་ན་ནི་སྦྱང་བ་ལ་སོགས་པ་ན་འདུག་པ་ན་ཡང་སྐྱེ་བར་འགྱུར་རོ། །ཞེས་ཐ་སྙད་དུ་རྒྱུ་འགགས་ནས་འབྲས་བུ་སྐྱེ་བར་གསུངས་པ་རྣམས་ཀྱིས་ཇི་ལྟར་མི་གནོད། གསུམ་པ་ཁས་བླངས་དང་འགལ་བ་ནི། དབུ་མ་པས་ཐ་སྙད་དུ་ཡང༌། རྒྱུ་འགགས་པ་དང༌། འབྲས་བུ་སྐྱེས་པ་དུས་མཉམ་པར་འདོད་པའི་རྒྱུ་མཚན་གྱིས་རྣམ་ཤེས་སྔ་མ་འགགས་མ་ཐག་པ་རྣམ་ཤེས་ཕྱི་མའི་དེ་མ་ཐག་རྐྱེན་དུ་མི་འདོད་པར་གྲུབ་པ་ཡིན་ནོ། །འདིའི་ཕྱོགས་སྔ་སྨྲ་བ་པོའི་དངོས་སྨྲ་བ་དེས་ཀྱང༌། དེ་དེའི་དེ་མ་ཐག་རྐྱེན་དུ་མི་འདོད་པར་འགྱུར་ཏེ། དེ་འདྲ་དེས་རྣམ་ཤེས་ཕྱི་མ་སྐྱེས་པ་དང༌། དེའི་དེ་མ་ཐག་རྐྱེན་དུ་གྱུར་པའི་རྣམ་ཤེས་སྔ་མ་འགགས་པ་དུས་མཉམ་པར་འདོད་པའི་ཕྱིར་ཏེ། མཛོད་དུ་རྒྱུ་གཉིས་པོ་དག་འགག་པ་ལ། །བྱ་བ་བྱེད་དོ་གསུམ་པོ་ནི། །སྐྱེ་ལའོ་ཞེས་བཤད་པ་དང༌། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་དང༌། ཐ་མའི་མིན་མཚུངས་དེ་མ་ཐག །ཅེས་བཤད་པས། དེ་མ་ཐག་རྐྱེན་དུ་གྱུར་པའི་ཤེས་པ་དེ་འདས་པ་དང༌། དེ་ཡི་དེ་མ་ཐག་རྐྱེན་དུ་གྱུར་པའི་ཤེས་པ་དེ་སྐྱེས་པ་དུས་མཉམ་པར་འདོད་པ་ཡིན་པའི་ཕྱིར། གཞན་ཡང་ཁྱེད་ལྟར་ན། སྐབས་འདིར་རྒྱུ་འགགས་པ་དང༌། འབྲས་བུ་སྐྱེས་པ་དུས་མཉམ་མི་མཉམ་ཙམ་ཞིག་རྩོད་གཞིར་སྣང་བས་སྐབས་ཀྱི་དོན་ཐམས་ཅད་དོར་བར་འགྱུར་ཏེ། དེ་གཉིས་དུས་མཉམ་པར་འདོད་པ་དེ་ཡང་དངོས་སྨྲ་བའི་འདོད་པའི་གཙོ་བོར་སྣང་བའི་ཕྱིར་རོ། །ཁོ་བོ་ཅག་ནི། ཤེས་པ་རང་དུས་སུ་འགགས་མ་ཐག་པའི་ཤེས་པ་སྔ་མ་དེ་ཤེས་པ་རང་གི་དེ་མ་ཐག་རྐྱེན་ཡིན་པའི་ཕྱིར། ཐ་སྙད་དུ་ཕྱོགས་གཉིས་ཀའི་ཐུན་མོང་གི་བཞེད་པ་ཡིན་ལ། དེ་ལྟ་ན་ཡང་དེ་དེ་མ་ཐག་རྐྱེན་དུ་བདེན་པ་འགོག་པ་ལ། ཆོས་རྣམས་སྐྱེས་པ་མ་ཡིན་ན། །ཞེས་སོགས་གསུངས་པར་ཟད་དོ། །དེའི་རྒྱུ་མཚན་ཡང༌། དེ་མ་ཐག་རྐྱེན་དང༌། ཐག་འབྲས་སུ་རང་བཞིན་གྱིས་གྲུབ་ན། དེ་གཉིས་དུས་མཉམ་ཡིན་དགོས་སོ། །བཞི་པ་ཁས་བླངས་པ་དང་འགལ་བ་ནི། ལས་འགགས་ནས་ཡུན་རིང་དུ་ལོན་པས་འབྲས་བུ་སྐྱེད་པར་འདོད་པ་དང༌། རྒྱུ་འགགས་པ་དང་དེའི་འབྲས་བུ་སྐྱེས་པ་དུས་མཉམ་དུ་འདོད་པ་ཇི་ལྟར་མི་འགལ། ཡང་ཁྱོད་ཀྱིས་ཇི་སྐད་དུ། མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་ན། དེའི་སྔོན་དུ་ས་བོན་ལ་སོགས་པའི་རྒྱུ་འགགས་པ་འཐད་པར་མི་འགྱུར་རོ་ཞེས་ཚིག་གསལ་ལས་འབྱུང་བ་ཇི་ལྟ་བ་བཞིན་སྨྲས་པ་དང༌། ལས་ཞིག་པ་དང༌། ཤི་བས་འབྲས་བུ་སྐྱེད་པ་སོགས་ཁས་བླངས་པ་ཇི་ལྟར་མི་འགལ། མདོར་ན་འདིར་རང་དུས་སུ་འགགས་མ་ཐག་པའི་ས་བོན་མྱུ་གུའི་དེ་མ་ཐག་རྐྱེན་དུ་དངོས་སྨྲ་བས་འདོད་པ་འགོགས་པ་ཡིན་གྱི། འགགས་མ་ཐག་པའི་རང་ལྡོག་ནས་དེ་ལྟར་འདོད་པ་སུ་ཡང་མེད་ཅིང༌། ཡོད་དུ་ཆུག་ནའང༌། དེ་ལ་ནི། རྟག་པའི་ཕྱིར་ཞེས་པ་རྐྱང་པས་ཆོག་པས་རིགས་པ་གཞན་མི་དགོས་སོ། །སྤྲོས་པ་དེ་ཙམ་གྱིས་ཆོག་གོ །བཞི་པ་བདག་རྐྱེན་དགག་པ་ནི། དངོས་སྨྲ་བ་ན་རེ། གདུགས་ནམ་མཁའ་ལ་ཕུབ་པའི་དབང་གིས་གྲིབ་མ་ས་ལ་འབྱུང་བ་བཞིན་དུ། དངོས་པོ་གང་ཡོད་ན་འབྲས་བུ་གང་འབྱུང་བ་དེ་བདག་རྐྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར་གཞན་སྐྱེ་ཡོད་དོ་ཞེ་ན། རྒྱུ་འདི་ཡོད་པས་འབྲས་བུ་འདི་འབྱུང་ཞེས་བྱ་བ་འདི་ནི་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ན་ཁྱབ་བྱེད་དངོས་པོ་རྣམས་ནི་རང་བཞིན་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཏེ་དངོས་པོ་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་རང་བཞིན་མེད་པའི་ཕྱིར། གཉིས་པ་རྐྱེན་དོན་གཞན་གྲུབ་པ་དགག་པ་ནི། གལ་ཏེ་རྐྱེན་བཞིའི་འདོད་ཚུལ་དངོས་པོར་སྨྲ་བའི་འདོད་པས་བརྟགས་པ་རྣམས་བཀག་མོད་དེ་ལྟ་ན་ཡང་གཞན་ལས་སྐྱེ་བ་ཡོད་དེ། སྣལ་མ་སོགས་ལས་སྣམ་བུ་སྐྱེ་བར་མངོན་སུམ་གྱིས་མཐོང་བའི་ཕྱིར་སྣལ་མ་སོགས་སྣམ་བུའི་རྐྱེན་དུ་འདོད་དགོས་སོ་ཞེ་ན། རྐྱེན་སྣལ་མ་སོགས་ལ་སྣམ་བུ་ཡོད་དམ་མེད། དང་པོ་ལྟར་ན། འབྲས་བྲ་སྣམ་བུ་དེ་ནི་ཆོས་ཅན། རྐྱེན་སྣལ་མ་སོགས་ལ་མེད་པ་ཉིད་དུ་ཐལ། རྐྱེན་རྣམས་སོ་སོ་བ་ལའང་མེད། རྐྱེན་རྣམས་འདུས་པ་ལ་ཡང་མེད་པའི་ཕྱིར། རྟགས་དང་པོ་ནི། དེར་མ་དམིགས་པའི་ཕྱིར་དང༌། རྟགས་གཉིས་པ་ནི། ཡན་ལག་རེ་རེ་དག་ལ་མེད་པའི་ཕྱིར་དང༌། འབྲས་བུ་གཅིག་དུམ་བུར་སྐྱེ་བར་ཐལ་བའི་ཕྱིར་རོ། །རྐྱེན་རྣམས་ལ་ནི་གང་མེད་པ་དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ་སྟེ་བྱེ་མ་ལས་ཏིལ་མར་བཞིན་ནོ། །གཉིས་པ་ལྟར་ན། ཅི་སྟེ་སྣམ་བུ་དེ་ནི་རྐྱེན་སྣལ་མ་ལ་མེད་པར་ཡང་རྐྱེན་དེ་དག་ལས་སྐྱེ་བར་འགྱུར་ན། རྐྱེན་མ་ཡིན་པ་འཇག་མ་དག་ལ་སོགས་པ་ལས་ཀྱང་ཅིའི་ཕྱིར་ན་སྐྱེ་བར་མི་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པ་དགག་པ་ནི། གལ་ཏེ་རྐྱེན་དོན་གཞན་བཀག་མོད། །གཞན་ལས་སྐྱེ་བ་མི་ཁེགས་ཏེ། །འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་ཅིང༌། རྐྱེན་གྱི་གནས་སྐབས་འབྲས་བུའི་རྣམ་པར་འགྱུར་བ་ཡིན་ནོ་ཞེ་ན། རྐྱེན་སྣལ་མ་ལ་སོགས་པ་དེ་རྣམས་ཆོས་ཅན། བདག་གི་རང་བཞིན་དུ་གྲུབ་པ་མིན་ཏེ། རང་གི་ཆ་ཤས་ལ་བརྟགས་པ་ཙམ་ཡིན་པའི་ཕྱིར། འབྲས་བུ་གང་ཡིན་པ་དེ་ནི་ཆོས་ཅན། ཇི་ལྟར་རྐྱེན་གྱི་རང་བཞིན་ཡིན་ཏེ་མ་ཡིན་པར་ཐལ། རྐྱེན་རྣམས་བདག་གི་དངོས་པོའི་རང་བཞིན་དུ་ཡོད་པ་མིན་པ་ལས་ཏེ། དེའི་ཕྱིར། འདིར་རིན་པོ་ཆེ་པའི་ཞལ་སྔ་ནས་ཀྱི་ཊཱི་ཀར། འབྲས་བུ་རྐྱེན་གྱི་རང་བཞིན་རྐྱེན་གྱི་རྣམ་འགྱུར་ཡིན་ནོ་ཞེས་འཇོག་ན། ཞེས་ཕྱོགས་སྔ་མར་འཆད་པ་ནི་མི་འཐད་པར་རྟོགས་སླའོ། །རྒྱུ་མཚན་དེའི་ཕྱིར། འབྲས་བུ་རྐྱེན་གྱི་རང་བཞིན་དུ་ཡོད་པ་མ་ཡིན་ནོ། །འོ་ན་རྐྱེན་མ་ཡིན་པའི་རང་བཞིན་དུ་འགྱུར་རོ་ཞེ་ན། འབྲས་བུ་ཆོས་ཅན། རྐྱེན་མིན་གྱི་རང་བཞིན་དུ་ཡོད་པ་མིན་ཏེ། ཡིན་ན་འཇག་མ་ལ་ཡང་གནས་སྐབས་སྣམ་བུར་འགྱུར་སྲིད་པར་ཐལ་བའི་ཕྱིར་རོ། །གཉིས་པ་དེའི་ཉེས་སྤོང་དགག་པ་ལ། གལ་ཏེ་སྐྱེ་བ་བཀག་མོད། རྐྱེན་དང་རྐྱེན་མིན་སོ་སོར་ངེས་པ་ནི་ཁས་ལེན་དགོས་ཏེ། ཁྱེད་རང་གིས་ཀྱང༌། རྐྱེན་མ་ཡིན་པ་དག་ལས་ཀྱང༌། ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་ཁས་བླངས་པའི་ཕྱིར་དང༌། རྐྱེན་དང་རྐྱེན་མིན་གྱི་འབྲས་བུ་སོ་སོར་ངེས་པའི་ཕྱིར་ཞེ་ན། སྣལ་མ་དང་འཇག་མ་སོགས་ཆོས་ཅན། སྣམ་བུའི་རྐྱེན་དང་རྐྱེན་དུ་ག་ལ་འགྱུར་ཏེ། རྐྱེན་མིན་དང་རྐྱེན་གྱི་འབྲས་བུ་རང་བཞིན་གྱིས་སོ་སོར་ངེས་པ་མེད་པས་ན་སྟེ། དེ་ལྟར་གོང་དུ་བསྟན་ཟིན་པས་སོ། །སྐབས་འདི་དག་ཏུ། དབུ་མ་པ་རང་གི་ལུགས་ལ་སྣལ་མ་ལས་སྣམ་བུ་སྐྱེ་བར་ཁས་མི་ལེན་ན། ཐ་སྙད་ཀྱི་བདེན་པ་ཉམས་པར་འགྱུར་ལ། ཁས་ལེན་ན། སྣལ་མ་ལ་ཡོད་པ་སྐྱེའམ། མེད་པ་སྐྱེ་ཞེས་རྣམ་པར་བརྟགས་ན་འཇིག་པ་མ་ཡིན་ནམ་ཞེ་ན། དབུ་མ་པ་རང་གི་ལུགས་ལ་ནི་སྐྱེ་བ་ཁས་མི་ལེན་ཏེ། རང་གི་ལུགས་ལ་སྐྱེ་བ་སོགས་སྤྲོས་པའི་ཚོགས་མ་ལུས་པ་འགོག་པའི་ཕྱིར་དང༌། རང་ལུགས་ལ་ཁས་ལེན་ན། དབུ་མ་པ་རང་གི་རིག་པས་གྲུབ་དགོས་ལ། དེ་ལྟ་ན་དབུ་མའི་རིགས་པ་གང་གིས་གྲུབ་བརྟག་དགོས་ཏེ། ཐ་སྙད་བདེན་པ་འཇོག་བྱེད་ཀྱི་རིགས་པ་རྣམས་ནི། དབུ་མའི་རིགས་པ་མིན་པས་སོ། །ཐ་སྙད་ཀྱི་བདེན་པ་ཉམས་པར་ཡང་མི་འགྱུར་ཏེ། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་རྣལ་མ་ལ་སྣམ་བུ་སྐྱེ་བ་སོགས་ཁས་ལེན་པའི་ཕྱིར། དེ་ལ་ཡོད་པ་སྐྱེས་སམ་མེད་པ་སྐྱེས་སོགས་ཀྱི་དཔྱད་པ་ཞིབ་མོ་མི་འཇུག་པར་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པས་སོ། །མདོར་ན་དབུ་མ་པས་ཐ་སྙད་ཀྱི་བདེན་པ་ཁས་ལེན་པ་དབུ་མ་པ་རང་གིས་རིགས་པ་དང༌། དེ་ལ་བརྟེན་པའི་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་ཁས་ལེན་པ་མིན་གྱི། འཇིག་རྟེན་ན་གྲགས་པའི་ངོར་བྱས་ནས་ཁས་ལེན་པ་ཡིན་ཏེ། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་སོ། །དེ་ལྟར་བཤད་པ་ན། སྣལ་མ་ལ་ཡོད་པ་སྐྱེ་བའམ་མེད་པ་སྐྱེ་དཔྱད་པ་ན་སྣམ་བུ་མི་སྐྱེ་བར་ཁས་ལེན་ལ། སྤྱིར་སྣམ་བུ་སྐྱེ་བར་ཁས་ལེན་པ་ནི། སྐྱེ་བ་རང་བཞིན་གྱིས་མེད་པ་དང་ཐ་སྙད་དུ་ཡོད་པའི་གོ་དོན་ཡིན་ལ། དེ་ལྟར་དཔྱད་པའི་ཚེ་ཡང་སྐྱེ་བར་ཁས་ལེན་པ་ནི་དོན་དམ་པའི་སྐྱེ་བ་ཡོད་པར་འདོད་པ་རྣམས་ཀྱི་ལུགས་ཡིན་ནོ། །ཡང༌། ཞལ་སྔ་ནས། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འདོད་པའི་ལུགས་ལ་རྒྱུ་འབྲས་ཀྱི་རྣམ་གཞག་འཇོག་པ་མི་འོང་བས་རྒྱུ་འབྲས་རང་བཞིན་གྱིས་མ་གྲུབ་པར་འདོད་པ་དབུ་མ་པའི་རང་ལུགས་ལ་རྒྱུ་འབྲས་ཀྱི་རྣམ་གཞག་ཁས་བླང་བར་བྱའོ། །ཞེས་གསུངས་པ་ཡང་མི་འཐད་དེ། ལུགས་གཉིས་ཀ་ལ་ཡང༌། དབུ་མའི་རིགས་པས་རྣམ་པར་དཔྱད་པ་ན་རྒྱུ་འབྲས་ཀྱི་རྣམ་གཞག་ཁས་ལེན་དུ་མི་རུང་བར་མཚུངས་ལ། མ་དཔྱད་པའི་ཚེ་ནི་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་ཡོད་པར་དངོས་སྨྲ་བས་ཁས་བླངས་པ་ལ། དབུ་མའི་རིགས་པ་གང་གིས་ཀྱང་གནོད་བྱེད་སྟོན་རྒྱུ་མེད་པའི་ཕྱིར་རོ།།  །།མཐའ་བཞིར་དཔྱད་ན་སྐྱེ་བ་ཡི། །དྲི་ཙམ་ཡོད་མིན་མ་བརྟགས་པར། །ཀུན་རྫོབ་སྒྱུ་མའི་སྐྱེ་བ་ཡིས། །མཐའ་གཉིས་རྣམ་པར་སེལ་འདིའོ། །ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། རྐྱེན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དང་པོ་ཚིགས་སུ་བཅད་པ་བཅུ་བཞི་པ་རྣམ་པར་བཤད་པའོ།།  །།གཉིས་པ་འགྲོ་འོང་གི་བྱ་བྱེད་ལ་བརྟགས་ནས་གང་ཟག་གི་བདག་དགག་པ་ལ་གཉིས་ཏེ། རབ་བྱེད་ཀྱི་གཞུང་བཤད་པ། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། དགག་པ་རྒྱས་པར་བཤད། དགག་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ། འགྲོ་བ་འགོག་བྱེད་ཀྱི་རིགས་པ་བཤད། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ལ། བསྒྲུབ་བྱ་འགྲོ་བ་དགག འགྲོ་བ་ཡོད་པའི་སྒྲུབ་བྱེད་དགག དང་པོ་ལ། གང་ལ་འགྲོ་བའི་བྱ་བ་བཀག་པས་འགྲོ་བ་དགག གང་འགྲོ་བའི་འགྲོ་བ་པོ་བཀག་པས་འགྲོ་བ་དགག དང་པོ་ལ། ལམ་སྤྱི་ལ་འགྲོ་བ་དགག བགོམ་བཞིན་པ་ལ་འགྲོ་བ་དགག དང་པོ་ནི། གང་གིས་རྟེན་ཅིང་འབྲེལ་པར་འབྱུང༌། །འོང་བ་མེད་པ་འགྲོ་མེད་པ། །ཞེས་བཤད་ན་འགྲོ་འོང་འགོག་བྱེད་ཀྱི་རིགས་པ་བརྗོད་དགོས་སོ་ཞེ་ན། འགྲོ་བ་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་པས་འོང་བའང་བདེ་བླག་ཏུ་ཁེགས་པས་རེ་ཞིག་དང་པོར་འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་ན་ལམ་གསུམ་གང་རུང་གཅིག་ལ་ཡོད་དགོས་པ་ལས་སོང་ཟིན་པའི་ལམ་ལ་མི་འགྲོ་སྟེ། སོང་ཟིན་པ་ནི་འགྲོ་བའི་བྱ་བ་འགགས་པ་ཡིན་པའི་ཕྱིར། མ་སོང་བའི་ལམ་ལའང་འགྲོ་བ་མིན་ཏེ། མ་སོང་བ་ནི་འགྲོ་བའི་བྱ་བ་མ་སྐྱེས་པ་ཡིན་པའི་ཕྱིར། བགོམ་བཞིན་པའི་ལམ་ལའང་འགྲོ་བ་མིན་ཏེ། སོང་ཟིན་པ་དང་མ་སོང་བ་ལས་མ་གཏོགས་པའི་བགོམ་བཞིན་པའི་ལམ་ཚད་མས་ཤེས་པར་མི་འགྱུར་བའི་ཕྱིར་རོ། །འདི་དག་ནི་གཞན་གྲགས་ཏེ་འོག་ཏུའང་ཤེས་པར་བྱའོ། །འདིར་གང་དག ཚིག་གསལ་འཆད་པར་འདོད་བཞིན་དུ། སོང་ལ་འགྲོ་བའི་བྱ་བ་མེད་དེ་ཞེས་སོགས་འཆད་པ་ནི་གྱི་ན་སྟེ། འགྲོ་བ་ཞེས་པ་ནི་འགྲོ་བའི་བྱ་བ་ད་ལྟར་བ་དང་འབྲེལ་པར་བརྗོད་པ་ཡིན་ལ། སོང་བ་སོགས་ལ་འགྲོ་བའི་བྱ་བ་དང་ད་ལྟར་བ་མེད་པས་འགྲོ་བ་མེད་ཅེས་པ་ཟླ་བའི་ཞབས་ཀྱི་དགོངས་པ་ལ་སྣང་གི་འགྲོ་བའི་བྱ་བ་བཀག་པ་བསྒྲུབ་བྱར་བྱེད་པ་ཚིག་གསལ་ན་མི་སྣང་བའི་ཕྱིར་རོ། །འདིར་གང་དག སོང་བ་དང་མ་སོང་བ་གང་རུང་མིན་པའི་ལམ་བདེན་པ་མེད་པ་ཡིན་གྱི། ལམ་ཙམ་མེད་པ་མ་ཡིན་ཏེ། འགྲེལ་པར། འགྲོ་བའི་བྱ་བ་ད་ལྟར་བས་ཟིན་པ་ལ་བགོམ་བཞིན་པའི་ལམ་ཡིན་པར་བཤད་པའི་ཕྱིར་ཞེས་གསུངས་པ་ནི། བཤད་པ་བཟང་པོ་མ་ཡིན་ཏེ། དེ་ལྟ་ན། སོང་མ་སོང་དངོས་འགལ་མིན་པར་ཐལ་བའི་ཕྱིར་དང༌། སོང་མ་སོང་རྣམ་པར་དཔྱད་པའི་ཚེ་དེ་གཉིས་གང་རུང་མ་ཡིན་པའི་ལམ་གཅིག་རྙེད་རྒྱུ་བྱུང་ན་ལམ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་དང༌། འགྲེལ་པས་བཤད་པ་དེ་དག་ནི་གཞན་གྲགས་ཀྱི་གཏན་ཚིགས་བཀོད་པ་ཤ་དག་དུ་སྣང་བ་མ་མཁྱེན་པར་ཟད་པའི་ཕྱིར། ཡང་གང་དག རྐང་པའི་ཆ་ཤས་རེ་རེ་ནས་རྐང་པ་མ་ཡིན་ཅིང་དེ་ལས་དོན་གཞན་པའི་རྐང་པ་མེད་པས་རྐང་པ་མེད་པར་འདོད་པ་སོགས་ནི། རྟེན་འབྱུང་དབུ་མའི་དོན་དུ་འཆད་པའི་གོལ་ས་ཆེན་པོ་ལ་གནས་པའོ། །ཞེས་གསུངས་པ་འདི་ཡང་བཟང་པོ་མ་ཡིན་ཏེ། རྟེན་འབྲེལ་སྐྱེ་འགག་སོགས་སྤྲོས་པའི་མཐའ་བརྒྱད་པོ་གང་དུ་གྲུབ་དཔྱོད་པའི་ཚེ་ཡོངས་གཅོད་དུ་རྟེན་འབྲེལ་ཁས་བླངས་ན་གོལ་ས་ཡིན་གྱི་རྟེན་འབྱུང་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་ལེན་པ་གོལ་ས་མ་ཡིན་པའི་ཕྱིར་དང༌། རིན་ཆེན་ཕྲེང་བར། ཇི་སྐད་དུ། སྐྱེས་བུ་ས་མིན་ཆུ་མ་ཡིན། །སོགས་དང༌། སྤྱོད་འཇུག་ཏུ། མིག་དང་རྣ་བ་བདག་མ་སོགས། །ཞེས་སོགས་ཀྱིས་ཀྱང་བདག་འགོག་པའི་རིགས་པ་ཡང་དག་མ་བསྟན་པར་ཐལ་བའི་ཕྱིར་དང༌། ཇི་སྐད་དུ། དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་པ་བདུན་གྱིས་ཡོད་མིན་ཞིང༌། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་སོགས་དང་འགལ་བར་སྣང་བའི་ཕྱིར། གཉིས་པ་བགོམ་བཞིན་པ་ལ་འགྲོ་བ་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད། དེ་སུན་དབྱུང་བའོ། །དང་པོ་ནི། གལ་ཏེ་བགོམ་པ་ལ་འགྲོ་བ་ཡོད་དེ། གང་གི་ཕྱིར་ན་ཡུལ་གང་ན་རྐང་པ་འདེགས་འཇོག་གི་མཚན་ཉིད་ཅན་གྱི་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་ལ་དེ་ཡང་བགོམ་པ་ལ་ཡོད་ཀྱི་གཡོ་བ་དེ་ཡང་སོང་བ་ལ་ཡང་ཡོད་པ་མིན་ལ་མ་སོང་བ་ལ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཞེ་ན། གཉིས་པ་གཉིས་ཏེ། གཅིག་དོན་དང་བཅས་ན་ཅིག་ཤོས་དོན་གྱིས་སྟོང་པར་འགྱུར་བ་དང༌། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བགོམ་པ་ལ་འགྲོ་བ་ཡོད་པ་ཡིན་པར་ནི་ཇི་ལྟ་བུར་ན་འཐད་པར་འགྱུར་ཏེ། གང་གི་ཚེ་འགྲོ་བའི་བྱ་བ་རང་བརྗོད་པའི་ཚིག་གི་དོན་དུ་མེད་པ་ཡི་བགོམ་པ་འཐད་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི། འགྲོ་བའི་བྱ་བ་གཅིག་ལས་མེད་ལ། གཅིག་པོ་དེ། བགོམ་པ་ཞེས་པའི་མིང་གི་དོན་དུ་འབྲེལ་བ་ན། འགྲོ་བ་ཞེས་པའི་མིང་གི་དོན་མེད་དགོས་ལ་དེ་ལྟ་ན་བགོམ་པ་ལ་འགྲོ་བ་ཡོད་ཅེས་པ་བརྗོད་བྱའི་དོན་གྱིས་སྟོང་པར་སོང་བ་ཡིན་ནོ། །ཅི་སྟེ་འགྲོ་བའི་བྱ་བ་གཅིག་པོ་དེ་འགྲོ་བ་ཞེས་པ་འདི་ཉིད་དང་འབྲེལ་པར་འདོད་ན། རྒོལ་བ་གང་གི་ལུགས་ལ་འགྲོ་བའི་བྱ་བ་སྟོང་པའི་བགོམ་པ་ལ་འགྲོ་བ་ཡོད་པར་འདོད་པ་དེའི་ཕྱོགས་ལ་བགོམ་པ་ལ་འགྲོ་བ་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ན་འགྲོ་བའི་བྱ་བ་དང་བྲལ་བའི་བགོམ་པ་ལ་འགྲོ་བ་ཡིན་པར་ཁས་བླངས་པ་ཡིན་པའི་ཕྱིར་རོ། །དོན་ནི། བགོམ་པ་ཞེས་པའི་མིང་འགྲོ་བའི་བྱ་བ་དང་བྲལ་ན་དེ་ལ་འགྲོ་བ་ཡོད་པར་འགལ་ཏེ། འགྲོ་བ་ཡོད་ན་འགྲོ་བའི་བྱ་བ་ཡོད་དགོས་ཕྱིར་རོ་ཞེས་པའོ། །གཉིས་པ་ནི། ཅི་སྟེ་བགོམ་པ་དང་འགྲོ་བ་ཞེས་པ་གཉིས་ཀ་ཡང་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་ན། འོ་ན་བགོམ་པ་ལ་ཞེས་པའི་དོན་དུ་འགྲོ་བའི་བྱ་བ་ཡོད་ན་ནི་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་ལམ་དེ་བགོམ་བཞིན་པར་མཚོན་པར་འགྱུར་བ་དང༌། ཡང་འགྲོ་བའི་བྱ་བ་གཅིག་གིས་ལམ་དེ་ལ་འགྲོ་བ་གང་ཡིན་པར་མཚོན་པའི་ཕྱིར། འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་བ་འདོད་ན། འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ན། རྟེན་འགྲོ་བ་པོ་མེད་པར་ནི། བརྟེན་པ་འགྲོ་བའི་བྱ་བ་འཐད་པར་ཡང་འགྱུར་བའི་ཕྱིར། འདིར་ཚིག་གསལ་ལས། ལྷས་སྦྱིན་གཅིག་ཉིད་འདུག་བཞིན་དུ་ལྟ་བར་ཡང་བྱེད། སྨྲ་བར་ཡང་བྱེད་པའི་ཚེ། བྱ་བ་མང་པོ་དང་ལྡན་པས། འགྲོ་བ་པོ་གཅིག་ལ་བྱ་བ་གཉིས་ལ་སོགས་པ་ཡོད་པ་མ་ཡིན་ནམ་སྙམ་ན། མ་ཡིན་ཏེ། དེའི་ཚེ་ནུས་པ་བྱེད་པ་པོ་ཡིན་གྱི་རྫས་བྱེད་པ་པོ་མིན་པས་མི་མཚུངས་པར་གསུངས་སོ། །འདིའི་དོན་ལ། རིན་པོ་ཆེ་པས། ལྕེ་དང༌། མིག་དང༌། རྣ་བ་སོགས་བྱེད་པ་པོ་ཡིན་ལ་གང་ཟག་བྱེད་པོ་མ་ཡིན་པས། བྱེད་པོ་གཅིག་ལ་བྱ་བ་དུ་མ་འབྱུང་བ་མ་ཡིན་ནོ་ཞེས་གསུང་ངོ༌། །འདི་ནི་མི་རིགས་ཏེ། འོ་ན་སྔ་མ་ལ་ཡང་རྐང་པ་འགྲོ་བ་པོ་ཡིན་གྱི་གང་ཟག་འགྲོ་བ་པོ་མ་ཡིན་པར་མཚུངས་པའི་ཕྱིར་དང༌། ཕྱི་མ་ལ་ཡང༌། ལྟ་བ་དང་ཉན་པའི་བྱ་བ་གཉིས་ཡོད་ན་ལྟ་བ་པོ་དང་ཉན་པ་པོ་གཉིས་སུ་ཐལ་བར་མཚུངས་པའི་ཕྱིར་རོ། །དེས་ནི་དོན་ནི་མི་མཚུངས་ཏེ། ལྟ་བ་དང་ཉན་པ་སོགས་བྱ་བ་རིགས་མི་མཐུན་མང་པོ་ཡོད་པས་འགྲོ་བ་མང་པོར་མི་འགྱུར་ཏེ། འགྲོ་བ་གཅིག་ལ་མིག་དང་རྣ་བ་སོགས་པ་བྱེད་པ་པོ་དུ་མ་ཡོད་པའི་ཕྱིར། ལྟ་བའི་ནུས་པ་དེ་ཉན་པའི་ནུས་པ་མ་ཡིན་པས་རྫས་བྱེད་པོ་མ་ཡིན་ལ། འགྲོ་བའི་བྱ་བ་གཉིས་དང༌། ལྟ་བ་དང་ཉན་པ་སོགས་རེ་རེ་ལ་བྱ་བ་གཉིས་གཉིས་ཡོད་ན། འགྲོ་བ་པོ་དང༌། ལྟ་བ་པོ་དང༌། ཉན་པ་པོ་སོགས་གཉིས་གཉིས་སུ་ཐལ་བར་འགྱུར་ཏེ། མིག་གཅིག་ལ་ལྟ་བའི་བྱ་བ་གཉིས་ཡོད་ན། བྱེད་པོ་མིག་ཀྱང་གཉིས་སུ་འགྱུར་ལ། དེ་ལྟ་ན་ལྟ་བ་པོ་གང་ཟག་ཀྱང་གཉིས་སུ་ཐལ་པ་ཡིན་ནོ། །དེ་ལྟར་ན་འགྲོ་བའི་བྱ་བ་གང་ཟག་གིས་བྱེད་ལ། འདུག་པ་དང༌། ལྟ་བ་དང༌། ཉན་པའི་བྱ་བ་གང་ཟག་གིས་བྱེད་པར་ནུས་པས་བྱེད་དོ་ཞེས་པའི་ཁྱད་པར་འཇིག་རྟེན་ན་དབང་ཆེ་བར་གྲགས་པ་སུས་ཀྱང་འབྱེད་པར་དཀའ་འོ། །མདོར་ན། གང་ཟག་གཅིག་ལ་ནུས་པ་དུ་མ་ཡོད་པས། བྱ་བ་རིགས་མི་འདྲ་བ་དུ་མ་ཡོད་ཀྱང༌། བྱ་བ་རིགས་འདྲ་མང་པོ་ཅིག་ཆར་བྱུང་ན་གང་ཟག་དུ་མར་ཐལ་བ་འཕན་པ་ནི་ཟླ་བའི་ཞབས་ཀྱི་དགོངས་པར་ངེས་སོ། །གཉིས་པ་གང་འགྲོ་བའི་བྱེད་པོ་བཀག་པས་འགྲོ་བ་དགག་པ་ལ། འགྲོ་བ་པོ་འགྲོ་བའི་རྟེན་དུ་ཡོད་པ་དགག འགྲོ་བ་རྣམ་གྲངས་གསུམ་རང་ལ་ཡོད་པ་བརྟགས་ནས་དགག དང་པོ་ནི། གལ་ཏེ་གང་དུ་འགྲོ་བའི་ལམ་ལ་དཔྱད་པ་ན་འགྲོ་བ་མ་གྲུབ་ཀྱང་གང་འགྲོ་བ་པོ་ལྷས་སྦྱིན་ལྟ་བུ་ལ་འགྲོ་བ་དམིགས་པས། རྟེན་འགྲོ་བ་ཡོད་པའི་ཕྱིར་འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དོ་ཞེ་ན། གལ་ཏེ་འགྲོ་བ་པོ་ཡོད་ན་འགྲོ་བ་ཡང་ཡོད་པར་རིགས་པ་ལས། འགྲོ་བ་འཐད་པར་མི་འགྱུར་ཏེ། འགྲོ་བ་པོ་མེད་པར་གྱུར་ན་སྟེ་གོང་དུ་བསལ་ཟིན་པའི་ཕྱིར། ཇི་ལྟར་ཞེ་ན། འགྲོ་བ་མེད་ན་འགྲོ་བ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ། འགྲོ་བ་པོར་འཇོག་པ་འགྲོ་བའི་བྱ་བ་ལ་ལྟོས་པའི་ཕྱིར། གཉིས་པ་ལ། སྤྱིར་དགག་པ་དང༌། བྱེ་བྲག་ཏུ་འགྲོ་བ་པོ་འགྲོ་བ་དགག་པའོ། །དང་པོ་ནི། གལ་ཏེ་འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དེ། དེ་དང་ལྡན་པའི་སྒོ་ནས་ལྷས་སྦྱིན་འགྲོའོ་ཞེས་ལྷས་སྦྱིན་འགྲོ་བ་པོར་བརྗོད་པའི་ཕྱིར། འཁར་བ་མེད་ན་འཁར་བ་ཅན་ཞེས་བརྗོད་དུ་མེད་པ་བཞིན་ནོ་ཞེ་ན། འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་ན། འགྲོ་བ་པོ་འགྲོ་འམ། འགྲོ་བ་པོ་མ་ཡིན་པ་འགྲོ་འམ། གཉིས་མིན་ཀྱི་ཕུང་པོ་གསུམ་པ་ཞིག་འགྲོ། རེ་ཞིག་འགྲོ་བ་པོ་མི་འགྲོ་སྟེ། དེ་འགྲོ་བ་ནི་ཚིགས་བཅད་འོག་མ་གསུམ་གྱིས་འགོག་པའི་ཕྱིར། འགྲོ་བ་མིན་པ་འགྲོ་བ་མ་ཡིན་ཏེ། དེ་ནི་འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར། འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ་དེ་ནི་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འགྲོ་བ་པོ་ཁོ་ན་འགྲོའོ་སྙམ་ན། འགྲོ་བ་པོ་འགྲོ་ཞེས་བརྗོད་པའི་ཚེ་འགྲོ་བའི་བྱ་བ་ནི་གཅིག་ལས་མེད་ལ། གཅིག་པོ་དེ་འགྲོ་བ་པོ་ཞེས་པའི་མིང་གི་དོན་དུ་འབྲེལ་པ་ཡིན་ནམ། འགྲོ་ཞེས་པའི་དོན་དུ་འབྲེལ་པའམ། གཉིས་ཀའི་དོན་དུ་འབྲེལ། གཉིས་པ་ལྟར་ན། རེ་ཤིག་འགྲོ་བ་པོ་འགྲོའོ་ཞེས་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ། གང་གི་ཚེ་ན། འགྲོ་བའི་བྱ་བ་རང་མིང་གི་དོན་དུ་འབྲེལ་པ་མེད་པར་ནི་འགྲོ་བ་པོ་འཐད་པར་མི་འགྱུར་ན་སྟེ་དེའི་ཕྱིར་རོ། །དང་པོ་ལྟར་ན། གང་གི་ཕྱོགས་ལ་འགྲོ་བ་པོ་ཞེས་པའི་མིང་གི་དོན་དུ་འགྲོ་བའི་བྱ་བ་འབྲེལ་པ་དེ་ལ། འགྲོ་ཞེས་པའི་མིང་གི་དོན་དུ་འགྲོ་བའི་བྱ་བ་མེད་པའི་འགྲོ་པ་པོ་འགྲོ་བ་ཡིན་པར་ཐལ་བར་འགྱུར་རོ། །འགྲོ་བའི་བྱ་བ་གཅིག་པོ་ཚིག་ཏུ་འབྲེལ་པའི་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །བརྟག་པ་གསུམ་པ་ལྟར་ཁས་ལེན་ནས་ཉེས་པ་སྔ་མ་གཉིས་ཀྱིས་མི་གནོད་དོ་ཞེ་ན། གལ་ཏེ་འགྲོ་བ་པོ་ཞེས་པ་དང༌། འགྲོ་ཞེས་པ་གཉིས་ཀ་འགྲོ་བའི་བྱ་བ་དང་ལྡན་པར་གྱུར་ན། བྱེད་པ་གཅིག་ལ་བྱ་བ་རིགས་མཐུན་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པ་དང༌། འགྲོ་བར་གྱུར་ནས་གང་འགྲོའོ་ཞེས་འཇོག་པའི་བྱ་བ་གཉིས་དང་བཅས་པའི་ཕྱིར། དེ་འདོད་ན་འགྲོ་བ་པོ་གཉིས་སུ་ཐལ་བ་སྔ་མ་བཞིན་ནོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་སྒྲུབ་བྱེད་མེད་པར་བསྟན། གནོད་བྱེད་ཡོད་པར་བསྟན། དང་པོ་ལ། འགྲོ་བའི་འབྲེལ་ཆོས་དགག་པ་དང༌། འགྲོ་བའི་འགལ་ཟླ་ཡོད་པ་དགག་པའོ། །དང་པོ་ལ། འགྲོ་རྩོམ་དགག འགྲོ་བའི་ལམ་དགག་པའོ། །དང་པོ་ནི། འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དེ། འགྲོ་བའི་རྩོམ་པ་ཡོད་པའི་ཕྱིར། རུས་སྦལ་གྱི་སྤུ་མེད་ན་དེའི་གོས་མི་རྩོམ་པ་བཞིན་ཞེ་ན། འདི་ལ། གང་དུ་འགྲོ་བ་རྩོམ་པའི་ལམ་ཡོད་དུ་ཆུག་ཀྱང་དེ་ལ་འགྲོ་བ་རྩོམ་པ་མི་འཐད། དེར་འགྲོ་བ་རྩོམ་པའི་ལམ་ཉིད་ཀྱང་མི་འཐད་པའོ། །དང་པོ་ནི། སོང་བ་ལ་འགྲོ་བའི་རྩོམ་པ་མེད་དེ། དེ་ལ་འགྲོ་བའི་བྱ་བ་འགགས་པའི་ཕྱིར། མ་སོང་བ་ལའང་འགྲོ་བ་རྩོམ་པའི་བྱ་བ་མེད་དེ། འགྲོ་བའི་བྱ་བ་མ་སྐྱེས་པའི་ཕྱིར། བགོམ་བཞིན་པ་ལ་འགྲོ་བའི་རྩོམ་པ་མེད་དེ། དེ་གཉིས་གང་རུང་མ་ཡིན་པའི་བགོམ་བཞིན་པ་མེད་པའི་ཕྱིར། དེ་ལྟར་ན་གང་དུ་འགྲོ་བ་རྩོམ་པར་བྱེད་དེ་མི་བྱེད་དོ། །གང་དག་འདིར། སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་རང་བཞིན་གྱིས་མེད་པ་ཡིན་གྱིས་སྤྱིར་དེ་གཉིས་ལས་མ་གཏོགས་པའི་བགོམ་པ་ཡོད་དེ་ཁས་ལེན་པ་ཡིན་ནོ། །ཞེས་པ་ནི། དབུ་མའི་རིགས་པར་མི་འོང་སྟེ། འདི་ལྟར་སོང་མ་སོང་ལས་མ་གཏོགས་པའི་བགོམ་པ་ཡོད་མེད་དཔྱོད་པའི་རིགས་ངོར་བགོམ་པ་བདེན་པ་བ་མེད་ཀྱི་བགོམ་པ་ཙམ་ཡོད་དོ་ཞེས་ཁས་བླངས་པར་སོང་བའི་ཕྱིར་དང༌། དེ་ལྟར་ན་བགོམ་པ་རང་བཞིན་གྱིས་ཡོད་པར་སོང་བའི་ཕྱིར་དང༌། ཤིང་རྟ་རང་བཞིན་གྱིས་མེད་པའི་ཤེས་བྱེད་དུ་དེའི་ཡན་ལག་ལས་མ་གཏོགས་པའི་ཤིང་རྟ་མེད་པར་ཁས་ལེན་དགོས་པ་ཡིན་གྱི་དེའི་ཚེ་ཡང་ཤིང་རྟ་ཡོད་པར་ཁས་བླངས་ན་ཤིང་རྟ་རང་བཞིན་གྱིས་ཡོད་པ་ལས་མ་འདས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འགྲོ་བ་རྩོམ་པ་ཡོད་ན་ལྷས་སྦྱིན་འདུག་བཞིན་པའི་ཚེ་འགྲོ་བ་རྩོམ་དགོས་པ་ལས་འགྲོ་བ་རྩོམ་པའི་སྔ་རོལ་ཏེ་འདུག་བཞིན་པ་ན་འགྲོ་བ་རྩོམ་པ་མེད་དེ། དེའི་ཚེ་གང་དུ་འགྲོ་བ་རྩོམ་པར་འགྱུར་བའི་ལམ་བགོམ་བཞིན་པ་མེད་ཅིང་སོང་བ་ཡང་མེད་པའི་ཕྱིར། ཅི་སྟེ་དེའི་ཚེ་མ་སོང་བ་ཡོད་པས་དེར་འགྲོ་བ་རྩོམ་པ་ཡིན་ནོ་ཞེ་ན། མ་སོང་བ་འགྲོ་བ་ག་ལ་ཡོང་དེ་མ་སོང་བ་ཞེས་པ་ནི་འགྲོ་བའི་བྱ་བ་མ་བརྩམས་ནས་མེད་པ་ཞིག་ཡིན་ལ། འགྲོ་བ་རྩོམ་ཞེས་པ་ནི་འགྲོ་བའི་བྱ་བ་དང་འབྲེལ་དགོས་པའི་ཕྱིར། གཉིས་པ་ནི། གལ་ཏེ་འགྲོ་རྩོམ་དང༌། དེ་རྩོམ་པའི་ལམ་མེད་ཀྱང་སྤྱིར་ལམ་གསུམ་ནི་ཡོད་ལ་དེ་ཡོད་པས་འགྲོ་བ་ཡོད་དོ་ཞེ་ན། སོང་བ་ཅི་ཞིག་བགོམ་པ་ཅི། །མ་སོང་ཅི་ཞིག་ཅེས་རྣམ་པར་བརྟག་པར་བྱས་པ་ན་ལམ་མི་རྙེད་དེ། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ་བརྟགས་པ་ན་སྣང་བ་མེད་པ་ཉིད་ཡིན་པ་དེའི་ཚེ་ནའོ། །གཉིས་པ་འགྲོ་བའི་འགལ་ཟླ་ཡོད་པས་འགྲོ་བ་མི་འགྲུབ་པ་ལ། དངོས་དང༌། དེའི་སྒྲུབ་བྱེད་དགག དང་པོ་ལ། སྡོད་པ་དགག འགྲོ་བ་ལས་ལྡོག་པ་ཡོད་པ་དགག དང་པོ་ནི། གལ་ཏེ་གང་ལ་གཉེན་པོ་ཡོད་པ་དེ་ཡོད་པས་ཁྱབ། དཔེར་ན་སྣང་བ་དང་མུན་པ་བཞིན། འགྲོ་བ་ལ་ཡང་གཉེན་པོ་གནས་པ་ཡོད་དོ་ཞེ་ན། རེ་ཤིག་དང་པོར་འགྲོ་བ་པོ་མི་སྡོད་དེ། དེ་ཉིད་ཚིགས་བཅད་འོག་མས་འཆད་པའི་ཕྱིར། འགྲོ་བ་པོ་མིན་པ་ཡང་སྡོད་པ་མིན་ཏེ། འགྲོ་བ་པོ་མིན་པ་ཉིད་སྡོད་པ་ཡིན་ན། དེ་ལ་སྡོད་པ་གཞན་གཉིས་པ་མི་དགོས་པའི་ཕྱིར། ཅི་སྟེ་གནས་པ་གཅིག་གིས་ནི་འགྲོ་བ་པོ་མ་ཡིན་པར་བྱེད་ལ་གནས་པ་གཅིག་གིས་ནི་སྡོད་པར་འགྱུར་རོ་ཞེ་ན། གནས་པ་གཉིས་སུ་ཐལ་བའི་ཕྱིར་གནས་པ་པོའང་གཉིས་སུ་ཐལ་བར་འགྱུར་རོ། །འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ་དེ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་མི་སྡོད་པ་ཅི་ཞེ་ན། རེ་ཤིག་འགྲོ་བ་པོ་སྡོད་དོ་ཞེས་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ། གང་གི་ཚེ་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོར་འཐད་པ་མི་འགྱུར་ན་སྟེ་འགྲོ་བའི་བྱ་བ་དང་ལྡན་བཞིན་པ་ཡིན་ན་སྡོད་པའི་བྱ་བ་དང་ལྡན་བཞིན་པར་འགལ་བའི་ཕྱིར། གཉིས་པ་འགྲོ་བ་ལས་ལྡོག་པ་དགག་པ་ལ། དངོས་དང༌། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་དེ། འགྲོ་བ་ལས་ལྡོག་པ་ཡོད་པའི་ཕྱིར། ཞེ་ན། ལྡོག་པ་ངོ་བོ་ཉིད་ཀྱིས་ཡོད་ན་ལམ་གསུམ་ལ་ཡོད་དགོས་པས་སོང་བའི་ལམ་ལས་ནི་ལྡོག་པ་མ་ཡིན་ཏེ། དེ་འགྲོ་བའི་བྱ་བ་མེད་པའི་ཕྱིར། མ་སོང་བའི་ལམ་ལས་ཀྱང་ལྡོག་པ་མིན་ཏེ། དེར་ཡང་འགྲོ་བའི་བྱ་བ་མེད་པའི་ཕྱིར། བགོམ་བཞིན་པའི་ལམ་ལས་ཀྱང་ལྡོག་པར་མི་འགྱུར་ཏེ། སོང་མ་སོང་ལས་མ་གཏོགས་པའི་བགོམ་བཞིན་པ་མེད་པའི་ཕྱིར། གཉིས་པ་སྒྲུབ་བྱེད་དགག་པ་ནི། གལ་ཏེ་གནས་པ་ཡོད་དེ། དེའི་འགྲན་ཟླ་ཡོད་པའི་ཕྱིར་དང༌། གནས་པར་རྩོམ་པ་ཡོད་པའི་ཕྱིར་དང༌། གནས་པ་ལས་ལྡོག་པ་ཡོད་པའི་ཕྱིར་ཞེ་ན། གནས་པའི་སྒྲུབ་བྱེད་དུ་བཀོད་པའི་འགྲོ་བ་གང་ཡིན་པ་དེ་ནི་འགྲོ་བའི་སྒྲུབ་བྱེད་དུ་བཀོད་པའི་གནས་པ་དང་འགོག་བྱེད་ཀྱི་རིགས་པ་མཚུངས་སོ། །ཇི་ལྟར་ཞེ་ན། རེ་ཤིག་གནས་པོ་མི་འགྲོ་སྟེ། །གནས་པ་པོ་མིན་འགྲོ་བ་མིན། །གནས་པོ་གནས་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །ཞེས་སོགས་ཚིག་བཅད་གཉིས་འདོན་པ་བསྒྱུར་བར་བྱའོ། །གནས་པའི་འཇུག་པ་སྟེ་གནས་པར་རྩོམ་པར་ཡང་ནི་འགྲོ་རྩོམ་དང་འགོག་བྱེད་ཀྱི་རིགས་པ་དང་མཚུངས་སོ། །ཇི་ལྟར་ཞེ་ན། གནས་ལ་གནས་པའི་རྩོམ་མེད་དེ། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་འདོན་པ་བསྒྱུར་བར་བྱའོ། །གནས་པའི་སྒྲུབ་བྱེད་དུ་གནས་པ་ལས་ལྡོག་པ་བཀོད་པ་ཡང་ནི་འགྲོ་བ་ལས་ལྡོག་པ་དང་འགོག་བྱེད་ཀྱི་རིགས་པ་མཚུངས་སོ། །ཇི་ལྟར་ཞེ་ན། གནས་བཞིན་པ་ལས་མི་བཟློག་སྟེ། །ཞེས་རྐང་པ་གཉིས་བསྒྱུར་བར་བྱའོ། །གཉིས་པ་གནོད་བྱེད་ལ། གནོད་བྱེད་དངོས་དང༌། དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ལ། གལ་ཏེ་འགྲོ་བ་ངོ་བོ་ཉིད་ཀྱིས་ཡོད་པར་གྱུར་ན། འགྲོ་བ་པོ་དང་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་པ་ལས་འགྲོ་བ་དེ་དང་འགྲོ་བ་པོ་དེ་ཉིད་ཅེས་ཀྱང་བྱར་མི་རུང་ལ་འགྲོ་བ་དང་ནི་འགྲོ་བ་པོ་གཞན་ཉིད་ཅེས་ཀྱང་བྱར་མི་རུང་ངོ༌། །ཇི་ལྟར་མི་རུང་ཞེ་ན། གལ་ཏེ་འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན་བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་རོ། །གང་ཏེ་འགྲོ་བའི་བྱ་བ་དང་འགྲོ་བ་པོ་གཞན་པ་ཉིད་དུ་རྣམ་པར་བརྟག་ན་འགྲོ་བ་པོ་ལ་ལྟོས་པ་མེད་པའི་འགྲོ་བ་དང༌། འགྲོ་བའི་བྱ་བ་ལ་ལྟོས་པ་མེད་པའི་འགྲོ་བ་པོ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །འདི་གཉིས་ཀྱི་བཟློག་དོན་འཕེན་པར་ཚིག་གསལ་ལས་གསུངས་སོ། །གཉིས་པ་ནི། འགྲོ་བའི་བྱ་བ་དང་འགྲོ་བ་པོ་གང་དག་དེ་གཉིས་ཆོས་ཅན། རིགས་པས་དཔྱད་པའི་ཚེ་གྲུབ་པ་ཇི་ལྟར་ཡོད་དེ། དངོས་པོ་གཅིག་པ་དང་དངོས་པོ་གཞན་པ་ཉིད་དུ་ནི་གྲུབ་པར་གྱུར་པ་ཡོད་པ་མིན་པའི་ཕྱིར། གཉིས་པ་དེ་ལྟར་བཀག་པའི་ཉེས་སྤོང་དགག་པ་ནི། གལ་ཏེ་འཇིག་རྟེན་ན། སྨྲ་བ་པོ་སྨྲའོ། །བྱེད་པ་པོ་བྱ་བ་བྱེད་དོ་ཞེས་ཇི་ལྟར་གྲགས་པ་དེ་བཞིན་དུ་འགྲོ་བ་པོ་ཉིད་འགྲོ་བ་ཡིན་པས་ཇི་སྐད་བརྗོད་པའི་ཉེས་པ་མེད་དོ་ཞེ་ན། འགྲོ་བའི་བྱ་བ་གང་གིས་ལྷས་སྦྱིན་འགྲོ་བ་པོར་མངོན་པར་གསལ་བར་བྱེད་པའི་འགྲོ་བའི་བྱ་བ་དེ་ནི་འགྲོ་བ་པོ་ལྷས་སྦྱིན་དེ་འགྲོ་བར་བྱེད་པ་མ་ཡིན་ཏེ། གང་གིས་ཕྱིར་ན་འགྲོ་བའི་བྱ་བ་སྔ་རོལ་དུ་འགྲོ་བ་པོ་ཞིག་ཡོད་ན་འགྲོ་བ་པོ་འགྲོ་བ་ཞིག་རིགས་སུ་ཆུག་ནའང༌། ལྷས་སྦྱིན་གང་ཞིག་དོན་གཞན་དུ་གྱུར་པའི་གྲོང་ངམ་གྲོང་ཁྱེར་དུ་འགྲོ་བར་འགྱུར་བ་བཞིན་དུ་འགྲོ་བའི་བྱ་བའི་སྔ་རོལ་ཏུ་འགྲོ་བ་པོ་མེད་པའི་ཕྱིར། ཅི་སྟེ་འགྲོ་བ་པོར་འཇོག་པའི་བྱ་བ་དེ་ཉིད་འགྲོ་བ་མ་ཡིན་ཀྱང་བྱ་བ་གཉིས་པ་ཞིག་འགྲོའོ་སྙམ་ན། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པར་གསལ་བར་བྱེད་པའི་བྱ་བ་དེ་ལས་གཞན་པའི་བྱ་བ་གཉིས་པ་ཞིག་ཀྱང་འགྲོ་བ་པོ་དེ་འགྲོ་བར་བྱེད་པ་ཡིན་ཏེ། གང་གི་ཕྱིར་ན་འགྲོ་བ་པོ་གཅིག་པུ་ལ་འགྲོ་བའི་བྱ་བ་གཉིས་སུ་ཡོད་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་དགག་པ་བསྡུས་ཏེ་བསྟན་པ་ལ། དངོས་དང༌། གྲུབ་དོན་ནོ། །དང་པོ་ནི། གོང་དུ་ལས་དང་བྱེད་པ་པོ་ལ་སོ་སོར་བརྟགས་ནས་འགྲོ་བ་བཀག་པར་མ་ཟད་ཀྱི་ཐུན་མོང་དུ་ཡང་དགག་པ་ནི། འགྲོ་བ་པོ་ཡིན་པར་གྱུར་པ་ནི་ལས་ཡིན་པར་གྱུར་པ་དང་མ་ཡིན་པར་གྱུར་པ་དང༌། ཡིན་པ་དང་མ་ཡིན་པར་གྱུར་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་སོགས་ལས་དང་བྱེད་པ་པོ་བརྟག་པ་ནས་འགོག་པའི་ཕྱིར། འགྲོ་བ་པོ་མ་ཡིན་པར་ནི་གྱུར་པ་དེ་ཡང་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད། འགྲོ་བ་པོ་ཕྱོགས་གཅིག་ཡིན་པ་དང་ཕྱོགས་གཅིག་མ་ཡིན་པར་གྱུར་པ་ཡང་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དེ། དང་པོ་ལྟར་ལས་དང་བྱེད་པ་པོ་བརྟག་པ་ནས་འགོག་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བ་པོ་དང༌། བགྲོད་པར་བྱ་བ་དང༌། འགྲོ་བ་རྣམས་མི་རྙེད་པ་དེའི་ཕྱིར་འགྲོ་བའི་བྱ་བ་དང༌། འགྲོ་བ་པོ་དང༌། བགྲོད་པར་བྱ་བ་གསུམ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། འགྲོ་འོང་བརྟག་པ་ཞེས་བྱ་བ་ཚིགས་བཅད་ཉེར་ལྔའི་བདག་ཉིད་ཀྱི་རབ་ཏུ་བྱེད་པ་གཉིས་པ་རྣམ་པར་བཤད་པའོ།།  །།འགྲོ་བའི་ཡུལ་དང་འགྲོ་བ་པོར། །རྣམ་པར་བརྟགས་ན་འགྲོ་བ་ཙམ། །ཡོད་མ་ཡིན་པ་འགྲོ་དང་འོང༌། །རང་བཞིན་མེད་པའི་དོན་དུ་བཤད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར།།  །།གཉིས་པ་རྒྱས་པར་བཤད་པ་ལ། རྟེན་འབྲེལ་གྱི་ངོ་བོ་མཐའ་བྲལ་དུ་བསྟན། ཁྱད་པར་མཐའ་བྲལ་དུ་བསྟན། དང་པོ་ལ། རྒྱས་པར་བཤད། བསྡུས་ཏེ་བསྟན་པའི་སྒོ་ནས་བདག་འཛིན་དགག་དགོས་པའི་རྒྱུ་མཚན་ནོ། །དང་པོ་ལ། ཆོས་དང་གང་ཟག་སོ་སོར་ཕྱེ་སྟེ་མཐའ་བྲལ་དུ་བསྟན། མ་ཕྱེ་བར་དངོས་པོ་ཙམ་མཐའ་བྲལ་དུ་གཏན་ལ་ཕབ་པའོ། །དང་པོ་ལ་ཆོས་ཀྱི་བདག་མེད་རིགས་པས་སྒྲུབ། གང་ཟག་གི་བདག་མེད་རིགས་པས་སྒྲུབ། དང་པོ་ལ། ཆོས་རང་བཞིན་གྱིས་མ་གྲུབ་པར་བསྟན། གྲུབ་པའི་སྒྲུབ་བྱེད་དགག དང་པོ་ལ་སྐྱེ་མཆེད་རང་བཞིན་གྱིས་མ་གྲུབ་པར་བསྟན། ཕུང་ཁམས་རང་བཞིན་གྱིས་མ་གྲུབ་པར་བསྟན། དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད། དེ་འགོག་བྱེད་ཀྱི་རིགས་པ་བཤད་པའོ། །དང་པོ་ནི། རང་སྡེ་འགའ་ཞིག་ན་རེ། འགྲོ་བ་དང༌། འགྲོ་བ་པོ་དང༌། བགྲོད་པར་བྱ་བ་གསུམ་རང་བཞིན་གྱིས་ཡོད་པ་མ་ཡིན་མོད། ལྟ་བ་དང༌། ལྟ་བ་པོ་དང༌། ལྟ་བར་བྱ་བ་རྣམས་རང་བཞིན་གྱིས་ཡོད་དེ། ཆོས་མངོན་པ་ལས། ལྟ་དང༌། ཉན་དང༌། སྣོམ་པ་དང༌། མྱོང་བར་བྱེད་པ་དང༌། རེག་བྱེད་དང༌། ཡིད་རྣམས་ནི་དབང་པོ་དྲུག་སྟེ། དེ་དག་གི་སྤྱོད་ཡུལ་ནི་རིམ་པ་བཞིན། ལྟ་བར་བྱ་བ་གཟུགས་དང༌། ལ་སོགས་ཀྱི་སྒྲས་བསྡུས་པ། ཉན་པར་བྱ་བ་སྒྲ་དང༌། བསྣམ་པར་བྱ་བ་དྲི་དང༌། མྱང་བར་བྱ་བ་རོ་དང༌། རེག་པར་བྱ་བ་རེག་བྱ་དང༌། བསམ་པར་བྱ་བ་ཆོས་རྣམས་སུ་གསུངས་པས་སོ། །ཞེ་ན། གཉིས་པ་ལ། ལྟ་བའི་ཆོས་གསུམ་དགག རིགས་པ་དེས་སྐྱེ་མཆེད་ལྷག་མ་འགོག་ནུས་པར་བསྟན། དང་པོ་ལ། ལྟ་བ་པོ་དགག ལྟ་བྱ་དང་ལྟ་བ་དགག དང་པོ་ལ། མིག་ལྟ་བ་པོ་ཡིན་པ་དགག བདག་ལྟ་བ་པོ་ཡིན་པ་དགག དང་པོ་ལ། རང་ལ་མི་ལྟ་བའི་རྟགས་ཀྱི་དགག ལྟ་བའི་བྱ་བ་དང་ལྡན་མི་ལྡན་བརྟགས་ནས་དགག དང་པོ་ལ། རྒྱས་པར་བཤད་པ་དང་དོན་བསྡུ་བའོ། །དང་པོ་ལ། དངོས་དང༌། ཉེས་སྤོང་དགག་པའོ། །དང་པོ་ནི། ལྟ་བ་མིག་དེ་ཆོས་ཅན། རང་གི་བདག་ཉིད་ནི་དེ་ལ་ལྟ་བ་མ་ཡིན་པ་ཉིད་ཁོ་ན་སྟེ། རང་ལ་བྱ་བྱེད་འགལ་བའི་ཕྱིར། དེ་ལྟར་ན། གང་ཞིག་བདག་ལ་མི་ལྟ་བ་དེ་ནི། གཞན་གཟུགས་དག་ལ་ཡང་ཇི་ལྟར་བལྟ་སྟེ། དཔེར་ན་རྣ་བ་ལ་སོགས་པ་བཞིན་ནོ། །འདིར་སངས་རྒྱས་བསྐྱངས་ཀྱིས། བལྟ་བ་ངོ་བོ་ཉིད་ཀྱིས་ཡོད་ན་མིག་ཉིད་ལ་བལྟ་དགོས་ཏེ། ཆུ་ལ་བརླན་དང་མེ་ལ་ཚ་བ་དང༌། སྣ་མའི་མེ་ཏོག་ལ་དྲི་མཐོང་ན་དེ་དག་དང་ལྡན་པ་ལས་གཞན་ཡང་བརྙན་པ་ལ་སོགས་པར་བྱེད་པ་བཞིན། ཞེས་གསུངས་སོ། །གཉིས་པ་ནི། མེས་རང་མི་སྲེག་ཀྱང་གཞན་སྲེག་པ་བཞིན་དུ་མི་འགལ་ལོ་ཞེ་ན། བལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར་དུ་མེ་ཡི་དཔེས་ནི་སྒྲུབ་པར་ནུས་པ་མ་ཡིན་ཏེ། དཔེ་དེ་ནི་དོན་བལྟ་བར་བཅས་པ་ལ་ལན་བཏབ་ཟིན་པའི་ཕྱིར། གང་དུ་ཞེ་ན། སོང་དང་མ་སོང་བགོམ་པ་ལ་འགྲོ་བ་འགོག་པའི་རིགས་པ་ཡིས་སོ། །ཇི་ལྟར་ཞེ་ན། རེ་ཞིག་སྲེག་ལ་མི་སྲེག་སྟེ། །ཞེས་སོགས་དང༌། རེ་ཞིག་བལྟས་ལ་མི་བལྟ་སྟེ། །མ་བལྟས་པ་ལའང་ལྟ་བ་མིན། །ཞེས་སོགས་དང༌། རེ་ཞིག་སྲེག་པོ་མི་སྲེག་སྟེ། །ཞེས་སོགས་དང༌། རེ་ཞིག་ལྟ་པོ་མི་ལྟ་སྟེ། །ཞེས་སོགས་དོན་གྱིས་འཕངས་ཟིན་པའི་ཕྱིར། འདིར་ཞལ་སྔ་ནས། དོན་གཞན་ལ་ལྟ་མི་ལྟ་མཚུངས་པའི་རིགས་པའོ་ཞེས་གསུང་བ་ལེགས་པར་མ་བཤད་པ་སྟེ། འདིར་ནི་རང་ལ་མི་ལྟ་བ་རྒྱུ་མཚན་དུ་བཀོད་ནས་གཞན་ལས་ལྟ་བ་བཀག་པ་ཡིན་གྱིས། མིག་གིས་གཟུགས་ལ་ལྟ་ན། རྣ་བས་ཀྱང་གཟུགས་ལ་ལྟ་དགོས་ཞེས་མཚུངས་པ་མཛད་པ་མིན་པའི་ཕྱིར་དང༌། རྣ་བས་མིག་ལ་མི་ལྟ་བ་དང་གཟུགས་ལ་མི་ལྟ་བ་དཔེར་བྱས་ནས་མིག་གིས་ཀྱང་དེར་མི་ལྟ་བ་སྒྲུབ་པ་གཞུང་གི་དོན་མ་ཡིན་པས་སོ། །གཉིས་པ་དོན་བསྡུ་བ་ནི། མིག་ཆོས་ཅན། གཟུགས་ལ་ལྟ་བས་བལྟ་བར་བྱེད་པ་ཡིན་ཞེས་བརྗོད་པ་ན་དེ་ནི་ཇི་ལྟར་རིགས་པར་འགྱུར་ཏེ། གང་གི་ཚེ་ན་རང་གཞན་ལ་ཅུང་ཟད་ཀྱང་མི་ལྟ་བ་དེའི་ཕྱིར། དེས་ན་མིག་ནི་ཀ་བ་ལ་སོགས་པ་བཞིན་དུ་གཟུགས་ལ་ལྟ་བར་བྱེད་པ་མ་ཡིན་ནོ། །ཞེས་སྦྱར་རོ། །གཉིས་པ་ནི། མིག་ལྟ་བའི་བྱེད་པ་ཡིན་ན་ལྟ་བའི་བྱ་བ་དང་འབྲེལ་དགོས་པས། ལྟ་བའི་རང་བཞིན་ཡིན་པའམ། མ་ཡིན་པའི་མིག་གང་བལྟ་བའི་བྱ་བ་དང་འབྲེལ་བརྟག དང་པོ་ལྟར་ན། མིག་ལྟ་བའི་རང་བཞིན་ཅན་ཆོས་ཅན། སླར་ཡང་བལྟ་བའི་བྱ་བ་དང་འབྲེལ་པ་ཉིད་མ་ཡིན་ཏེ། དེ་ལྟ་ན་ལྟ་བའི་རིགས་འདྲ་དོན་གཞན་གཉིས་སུ་ཐལ་བའི་ཕྱིར་དང༌། ལྟ་བར་བྱེད་པ་པོ་ཡང་གཉིས་སུ་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། མིག་བལྟ་བའི་རང་བཞིན་ཅན་མིན་པ་ཆོས་ཅན། གཟུགས་ལ་མི་ལྟ་བ་ཉིད་ཡིན་ཏེ། བལྟ་བའི་བྱ་བ་དང་བྲལ་བའི་ཕྱིར། སོར་མོའི་རྩེ་མོ་བཞིན་ནོ། །གཉིས་པ་ནི། གལ་ཏེ་གཟུགས་ལ་ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་མིག་བྱེད་པ་པོར་ཁས་བླངས་ནས་ཇི་སྐད་བརྗོད་པའི་ཉེས་པར་འགྱུར་ཡང༌། འདིས་ལྟ་བས་ན་ལྟ་བར་བྱེད་པ་པོ་ཞེས། བདག་གམ་རྣམ་པར་ཤེས་པ་བྱེད་པ་པོར་ཁས་ལེན་ནོ་ཞེ་ན། ལྟ་དེ་རང་གི་བདག་ཉིད་ནི། །ཞེས་སོགས་མིག་ལྟ་བ་པོ་ཡིན་པ་འགོག་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་ཆོས་ཅན། གཞན་ཡང་བཤད་པ་ཡིན་ཏེ། བདག་གམ་རྣམ་པར་ཤེས་པ་ལྟ་བ་པོ་ཡིན་པ་འགོག་བྱེད་ཀྱི་རིགས་པའང་རྣམ་པར་བཤད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ལྟ་པོ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་བལྟ། །ཞེས་སྦྱར་བས་སོ། །གཉིས་པ་ལ། དངོས་དང༌། དེའི་འབྲས་བུ་དགག་པའོ། །དང་པོ་ལ། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ལ། གལ་ཏེ་ལྟ་བ་པོ་རང་བཞིན་གྱིས་ཡོད་དེ། དེ་ཡི་ལས་དང་བྱེད་པ་ཡོད་པའི་ཕྱིར་ཞེ་ན། ལྟ་བ་པོ་ཡོད་ན་ལས་དང་བྱེད་པ་ཡོད་པར་རིགས་ན་ཡང་དེ་མེད་པའི་རིགས་པ་ནི། འདི་ལྟར། བལྟ་བའི་བྱ་བ་ལ་ལྟོས་པའམ། མི་ལྟོས་པའི་ལྟ་བ་པོ་ཡོད་པར་འདོད། དང་པོ་ལྟར་ན། བལྟ་བའི་བྱ་བ་མ་སྤངས་པ་སྟེ་དེ་ལ་ལྟོས་པའི་ལྟ་བོ་ཡོད་པ་མ་ཡིན་ཏེ། ལྟ་བ་པོ་གྲུབ་པ་ཞིག་བལྟ་བའི་བྱ་བ་ལ་ལྟོས་སམ། མ་གྲུབ་པ་ཞིག་བལྟ་བའི་བྱ་བ་ལ་ལྟོས། དང་པོ་ལྟར་ན། གྲུབ་པ་ནི་སླར་ཡང་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། གཉིས་པ་ལྟར་ན་ཡང་མོ་གཤམ་གྱི་བུ་བཞིན་དུ་མེད་པས་བལྟ་བའི་བྱ་བ་ལ་ལྟོས་པ་འགལ་བའི་ཕྱིར། གཉིས་པ་ལྟར་ན་ཡང་ལྟ་བ་སྤངས་པར་གྱུར་ཀྱང་ལྟ་བ་པོ་མི་འགྲུབ་སྟེ། བལྟ་བའི་བྱ་བ་ལ་མི་ལྟོས་པའི་ཕྱིར། གཉིས་པ་ནི། བལྟ་བྱ་གཟུགས་དང་ལྟ་བ་མིག་དེ་དག་ག་ལ་ཡོད་དེ། རྒྱུ་ལྟ་བ་པོ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་བལྟ་བྱ་དང་ལྟ་བ་ནི་རང་བཞིན་གྱིས་ཡོད་དེ། དེ་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང༌། དེ་ལས་རེག་པ་དང༌། རེག་པ་ལས་ཚོར་བ་དང༌། དེ་ལས་སྲེད་པ་འབྱུང་བའི་ཕྱིར། ཇི་ལྟར་ཕ་དང་མ་དག་ལ་བརྟེན་ནས་བུ་ནི་འབྱུང་བར་བཤད་པ་བཞིན་དུ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་བར་བཤད་པ་ཡིན་ནོ་ཞེ་ན། འབྲས་བུ་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པ་མིན་ཏེ། རྒྱུ་བལྟ་བྱ་དང་ལྟ་བ་མེད་པའི་ཕྱིར། གལ་ཏེ་བཞི་པོ་དེ་དག་རང་བཞིན་གྱིས་ཡོད་དེ། དེའི་འབྲས་བུ་ལེན་པ་དང་སྲིད་པ་སོགས་བཞི་ཡོད་པའི་ཕྱིར་ཞེ་ན། ཉེ་བར་ལེན་པ་སོགས་བཞི་ཇི་ལྟ་བུ་ན་ཡོད་པར་འགྱུར་ཏེ། རྒྱུ་རྣམ་པར་ཤེས་པ་སོགས་མེད་པར་ངེས་པའི་ཕྱིར་རོ། །གཉིས་པ་ནི། ལྟ་བའི་ཆོས་གསུམ་བཀག་པས་ནི་ཆོས་ཅན། གཞན་ཡང་མཚོན་པར་ཞུས་ཏེ། ཉན་པ་དང༌། སྣོམ་པ་དང༌། མྱང་བར་བྱེད་པ་དང༌། རེག་པར་བྱེད་པ་དང༌། ཡིད་དེ་སེམས་པར་བྱེད་པ་དང༌། ཉན་པ་པོ་དང་མཉན་པར་བྱ་བ་དང༌། ལ་སོགས་ཀྱིས་བསྡུས་པ། སྣོམ་པ་པོ་དང༌། བསྣམ་པར་བྱ་བ་དང༌། མྱོང་བ་པོ་དང༌། མྱང་བྱ་དང༌། རེག་པ་པོ་དང༌། རེག་བྱ་དང༌། ཇི་ལྟར་ཕ་དང་མ་དག་ལ། །ཞེས་རྐང་པ་བཞི་ཚིག་གསལ་ལས་འབྱུང་བ་བཞིན་དུ་བྲིས་པ་དང་ཚིགས་བཅད་བརྒྱད་ཅེས་བྲིས་པ་འགལ་ཏེ། དེ་དང་དགུར་འགྱུར་བས་སོ། །སེམས་པ་པོ་དང༌། བསམ་པར་བྱ་བ་རྣམས་འགོག་བྱེད་ཀྱི་རིགས་པ་རྣམ་པར་བཤད་པར་བྱ་བ་ཡིན་པའི་ཕྱིར། སྐབས་འདིར། བྱེད་པ་པོ། བདག་གམ་རྣམ་པར་ཤེས་པ། བྱ་བ་ཡུལ། བྱེད་པ་དབང་པོ་རྣམས་ལ་གཟུང་ངོ༌། །གཉིས་པ་ནི། དབང་པོ་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་གསུམ་པ་རྣམ་པར་བཤད་པའོ།།  །།ལྟ་པོ་བལྟ་བའི་བྱ་བ་དང༌། །ལྡན་དང་མི་ལྡན་རྣམ་བརྟགས་པས། །ལྟ་བ་ཁེགས་ཤིང་དེ་ཡིས་ནི། །སྐྱེ་མཆེད་ལྷག་མ་གཞན་ཁེགས་པའོ། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་ཕུང་ཁམས་རང་བཞིན་གྱིས་མ་གྲུབ་པར་བསྟན་པ་ལ། ཕུང་པོ་རང་བཞིན་གྱིས་མ་གྲུབ་པར་བསྟན། ཁམས་རང་བཞིན་གྱིས་མ་གྲུབ་པར་བསྟན། དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད་པ་དང༌། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་དབང་པོ་རྣམས་རང་བཞིན་གྱིས་ཡོད་དེ། ཕུང་པོ་རྣམས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་འགོག་བྱེད་ཀྱི་རིགས་པ་བཤད། དེས་ཕུང་པོ་ལྷག་མའང་ཁེགས་པར་བསྟན་པའོ། །དང་པོ་ལ། རྒྱུ་གཟུགས་དང་འབྲས་གཟུགས་རང་བཞིན་གྱིས་གཞན་དུ་ཡོད་པ་ཕྱིར་དགག རྒྱུ་གཟུགས་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ། དམ་བཅའ་དང༌། དེ་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། གཟུགས་ཀྱི་རྒྱུ་འབྱུང་བ་བཞི་ལས་མ་གཏོགས་པར་ཏེ་དེ་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྱུར་པའི་འབྲས་བུའི་གཟུགས་ཡུལ་ལྔ་དང་དབང་པོ་ལྔ་ནི་དམིགས་པར་མི་འགྱུར་རོ། །འབྲས་བུའི་གཟུགས་ཞེས་བྱ་བ་མ་གཏོགས་པར་ཏེ་དེ་ལས་ངོ་བོ་ཉིད་ཀྱིས་གཞན་དུ་གྱུར་པའི་གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ༌། །གཉིས་པ་ནི། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་འབྲས་གཟུགས་ཡོད་ན། འབྲས་གཟུགས་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ་དེ་གཉིས་རྫས་གཞན་ཡིན་ན་བུམ་སྣང་ལྟར་འབྲེལ་མེད་དོན་གཞན་དུ་འགྱུར་དགོས་པས་སོ། །འདོད་མི་ནུས་ཏེ། གཟུགས་ཀྱི་དོན་གང་ཡང་རྒྱུ་མེད་པ་ནི་གང་ནའང་མེད་པའི་ཕྱིར། ཡང༌། གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར་གཟུགས་ཀྱི་རྒྱུ་འབྱུང་བ་ཞིག་ཡོད་ན་ནི་འབྲས་བུ་མེད་པའི་རྒྱུར་ཐལ་བར་འགྱུར་ཏེ། དེ་གཉིས་རྫས་གཞན་ཡིན་ན་བུམ་སྣམ་ལྟར་ཕན་ཚུན་ལྟོས་མེད་ཡིན་དགོས་པའི་ཕྱིར། འདོད་མི་ནུས་ཏེ། འབྲས་བུ་མེད་པའི་རྒྱུ་མེད་དོ་སྟེ་འབྲས་བུ་མེད་ན་རྒྱུར་འཇོག་བྱེད་མེད་དགོས་པའི་ཕྱིར་རོ། །གཉིས་པ་ལ། འབྲས་བུ་ཡོད་མེད་ལ་བརྟགས་ནས་དགག འབྲས་བུ་རྒྱུ་དང་འདྲ་མི་འདྲ་བརྟགས་ནས་དགག དང་པོ་ལ། དངོས་དང༌། གྲུབ་དོན་ནོ། །དང་པོ་ནི། འབྱུང་བ་རྣམས་གཟུགས་ཡོད་པ་ན་གཟུགས་ཀྱི་རྒྱུ་ཡིན་ནམ། གཟུགས་མེད་པ་ན་གཟུགས་ཀྱི་རྒྱུ་ཡིན། དང་པོ་ལྟར་ན། གཟུགས་ཡོད་པ་ན་ཡང་གཟུགས་ཀྱི་རྒྱུ་ནི་འཐད་པར་མི་འགྱུར་ཏེ། ཡོད་པ་སླར་ཡང་སྐྱེ་མི་དགོས་པའི་ཕྱིར་རོ། །གཟུགས་མེད་པ་ན་ཡང་གཟུགས་ཀྱི་རྒྱུ་ནི་འཐད་པར་མི་འགྱུར་ཏེ། མེད་ན་རྒྱུ་ལས་སྐྱེད་པར་མི་ནུས་པའི་ཕྱིར་རོ། །ཡང་གཉིས་ནི་ཕན་ཚུན་བསྡུད་པའོ། །གལ་ཏེ་རྒྱུ་གཟུགས་ཀྱི་རྒྱུ་མི་སྲིད་མོད། དེ་ལྟ་ནའང་འབྲས་བུའི་གཟུགས་ནི་ཡོད་དོ་ཞེ་ན། རྒྱུ་མེད་པའི་འབྲས་གཟུགས་དག་ནི་འཐད་པར་མི་རུང་རུང་མིན་ཉིད་དེ་མི་འཐད་པ་ཁོ་ནར་ངེས་ཏེ། དེ་ལྟར་མ་མཐོང་ཞིང་མི་འདོད་པའི་ཕྱིར་རོ། །གཉིས་པ་ནི། དེ་ཁོ་ན་ཉིད་དཔྱོད་པའི་རིགས་ངོར། ཐོགས་བཅས་དང་ཐོགས་མེད་དང༌། བསྟན་དུ་ཡོད་པ་དང་མེད་པ་དང༌། སྔོ་སེར་སོགས་གཟུགས་ཀྱི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་རྟོག་པར་མི་བྱ་སྟེ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །ཞེས་སོགས་ཀྱི་རིགས་པ་གོང་དུ་བཤད་པ་དེའི་ཕྱིར་རོ། །གཉིས་པ་ནི། འབྱུང་བ་རྒྱུར་རྟོག་ན། རང་དང་འདྲ་བའི་འབྲས་བུ་སྒྲུབ་བམ། མི་འདྲ་བའི་འབྲས་བུ་སྒྲུབ། དང་པོ་ལྟར་ན། འབྲས་བུའི་གཟུགས་རྒྱུ་འབྱུང་བ་དང་འདྲ་བ་ཞེས་བྱ་བ་འཐད་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་ཏེ། རྒྱུ་འབྱུང་བ་ནི་སྲ་གཤེར་སོགས་ཀྱི་ངོ་བོ་ཡིན་ལ། འབྲས་བུ་གཟུགས་ནི་མིག་གི་རྣམ་ཤེས་སོགས་ཀྱི་གཟུང་བྱར་དམིགས་པའི་ཕྱིར། གཉིས་པ་ལྟར་ན། འབྲས་བུའི་གཟུགས་རྒྱུ་འབྱུང་བ་དང་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ཏེ། འདྲ་བའི་ཆ་མེད་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། དངོས་དང༌། དེའི་སྒྲུབ་བྱེད་དོ། །དང་པོ་ནི། གཟུགས་ཉིད་ཀྱི་ནི་རང་བཞིན་འགོག་བྱེད་ཀྱི་རིགས་པའི་རིགས་པ་གསུམ་གོང་དུ་བསྟན་པ་ཆོས་ཅན། གཞན་ཡང་མཚོན་པར་ནུས་པ་ཡིན་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང༌། སེམས་དང་མཚན་ཉིད་དང་མཚན་གཞི་དང་ཡན་ལག་དང་ཡན་ལག་ཅན་ལ་སོགས་པའི་དངོས་པོ་དག་ནི་ཐམས་ཅད་ཀྱི་རང་བཞིན་འགོག་བྱེད་ཀྱི་རིགས་པ་དག་ཀྱང་ཁྱོད་དང་རྣམ་པ་དག་ནི་ཐམས་ཅད་དུ་མཚུངས་པའི་ཕྱིར། གཉིས་པ་ནི། མཚུངས་པའི་རྒྱུ་མཚན་ཅི་ཞེ་ན། སྔར་རྒོལ་དངོས་སྨྲ་བ་གཟུགས་རང་བཞིན་གྱིས་ཡོད་པར་སྨྲ་བ་ལ་དབུ་མ་པས། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །ཞེས་སོགས་སྟོང་པ་ཉིད་སྨྲ་བ་རྒྱུར་བྱས་པ་ཉིད་ཀྱིས་བརྩད་པ་བྱས་པའི་ཚེ་དངོས་པོར་སྨྲ་བ་གང་ཞིག་གཟུགས་རང་བཞིན་གྱི་ཡོད་དེ། ཚོར་བ་སོགས་རང་བཞིན་གྱི་ཡོད་པའི་ཕྱིར་ཞེས་ལན་འདེབས་སྨྲ་བར་བྱེད་པ། དེ་ཡི་དེ་ལྟ་བུ་ཐམས་ཅད་ལན་ཡང་དག་པར་བཏབ་པ་མ་ཡིན་ཏེ། སྒྲུབ་བྱེད་དེ་དག་བསྒྲུབ་པར་བྱ་བ་དང་སྒྲུབ་དགོས་སུ་མཚུངས་པར་འགྱུར་བའི་ཕྱིར། དེ་ཡང༌། རེག་པ་དང༌། དེའི་རྐྱེན་གྱི་ཚོར་བ་གཉིས་དང༌། རྣམ་པར་ཤེས་པ་རང་དང་ལྷན་ཅིག་པའི་འདུ་ཤེས་དང༌། མ་རིག་པ་དང༌། དེའི་རྐྱེན་ཅན་གྱི་འདུ་བྱེད་དང༌། འདུ་བྱེད་དེའི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་རྣམས་དེ་ཉིད་དང་གཞན་དུ་རྣམ་པར་དཔྱད་ན་གཟུགས་ཀྱི་རིགས་པ་མཚུངས་ཚུལ་སྦྱར་བར་བྱ་བ་ཡིན་ནོ། །དབུ་མ་པ་ཕྱིར་རྒོལ་དུ་བྱས་པའི་དུས་སུ་མ་ཟད། དབུ་མ་པས་སྔ་རྒོལ་བྱས་ཏེ་སྟོང་པ་ཉིད་ཀྱི་བརྩད་པ་བྱས་པའི་ཚེ་དངོས་སྨྲ་བ་གང་ཞིག་ཚོར་བ་རང་བཞིན་གྱིས་མ་གྲུབ་པར་ཐལ་ཞེས་སོགས་སྐྱོན་འདོགས་སྨྲ་བར་བྱེད་པའི་ཚེ་དེ་ཡི་སྐྱོན་དེ་ཐམས་ཅད་ཀྱང་བཏགས་པ་མིན་ཏེ། བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་ཚིགས་སུ་བཅད་པ་དགུའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བཞི་པ་རྣམ་པར་བཤད་པའོ།།  །།རྒྱུ་དང་འབྲས་བུའི་གཟུགས་དག་ནི། །རང་བཞིན་གཞན་ལ་རྒྱུ་འབྲས་སུ། །མི་འཐད་མིན་ན་ཕུང་པོ་དག །རང་བཞིན་གྱིས་གྲུབ་ག་ལ་འགྱུར། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།  །།གཉིས་པ་ཁམས་བརྟག་པ་ལ། རབ་བྱེད་ཀྱི་གཞུང་བཤད། མཚན་བསྟན་པའོ། །དང་པོ་ལ་ཕྱོགས་སྔ་མ་བརྗོད། དེ་སུན་དབྱུང་བའོ། །དང་པོ་ནི། གལ་ཏེ་ཕུང་པོ་དང་སྐྱེ་མཆེད་ངོ་བོ་ཉིད་ཀྱིས་ཡོད་དེ། ཁམས་དྲུག་ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ། ཁམས་དྲུག་པོ་རང་བཞིན་གྱིས་གྲུབ་པ་དགག ཡོད་མེད་དུ་ལྟ་བས་དེ་ཁོ་ན་ཉིད་མི་མཐོང་བར་བསྟན། དང་པོ་དང༌། ནམ་མཁའི་ཁམས་རིགས་པས་དགག རིགས་པ་དེ་ཁམས་ལྷག་མ་ལ་སྦྱར་བའོ། །དང་པོ་ལ། དགག་པ་རྒྱས་པར་བཤད། དེ་ལྟར་བཀག་པའི་འཇུག་བསྡུ་བའོ། །དང་པོ་ལ། མཚན་མཚོན་དགག དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག་པའོ། །དང་པོ་ལ། དགག་པ་རྒྱས་པར་བཤད། བསྡུས་ཏེ་བསྟན་པའོ། །དང་པོ་ལ། མཚན་གཞི་དགག དེས་མཚན་ཉིད་ཀྱང་ཁེགས་པར་བསྟན་པའོ། །དང་པོ་ལ། མཚན་གཞི་ལ་མཚན་ཉིད་འཇུག་པ་དགག དེ་ཁེགས་པ་ན་མཚན་གཞི་ཡང་ཁེགས་པར་བསྟན་པའོ། །དང་པོ་ལ། མཚན་གཞི་དང་མཚན་ཉིད་ཀྱི་སྔ་ཕྱི་ལ་བརྟགས་ནས་དགག མཚན་གཞི་ལ་མཚན་ཉིད་ཡོད་མེད་བརྟགས་ནས་དགག དང་པོ་ནི། ནམ་མཁའ་རང་བཞིན་གྱིས་ཡོད་ན་མི་སྒྲིབ་པ་དེ་དེའི་མཚན་ཉིད་དུ་རང་བཞིན་གྱིས་ཡོད་དགོས་པ་ལས། མཚན་ཉིད་མི་སྒྲིབ་པ་དེ་མཚན་གཞི་གང་དུ་འཇུག་པར་འགྱུར་ཏེ་ནམ་མཁའི་མཚན་ཉིད་མི་སྒྲིབ་པའི་སྔ་རོལ་ན་ནི་མཚན་གཞི་ནམ་མཁའ་ཅུང་ཟད་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་མཚན་ཉིད་ལས་མཚན་གཞི་སྔ་བར་གྱུར་ན་སྔ་རོལ་གྱི་མཚན་གཞི་དེ་ལ་མཚན་ཉིད་མེད་པར་ཐལ་བར་འགྱུར་རོ། །འདོད་མི་ནུས་ཏེ། མཚན་ཉིད་མེད་པའི་མཚན་གཞི་དངོས་པོ་ནི་འགའ་ཡང་གང་ནའང་ཡོད་པ་མིན་པའི་ཕྱིར། མདོར་ན་བརྟེན་པ་མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ། མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་མེད་པའི་ཕྱིར། འདི་ནི་རྩ་བའི་གཏན་ཚིགས་ཡིན་ལ། འདི་སྒྲུབ་པ་ལ་གཞུང་སྔ་མ་སྦྱར་རོ། །ཡང་ན། མཚན་ཉིད་ཀྱི་སྔ་རོལ་ན་མཚན་གཞི་མེད་ཀྱང་མཚན་ཉིད་འཇུག་པ་ཡོད་ལ་དེ་ཡོད་པ་ན་མཚན་གཞི་ནམ་མཁའ་ཡོད་པར་གྲུབ་བོ་སྙམ་པ་འགོག་པ་ལ་རྐང་པ་གཉིས་པོ་འདི་སྦྱར་རོ། །གཉིས་པ་ནི། མཚན་ཉིད་འཇུག་ན། མཐའ་གསུམ་གྱིས་བརྟགས་ན། མཚན་ཉིད་མེད་པ་ལ་མཚན་ཉིད་ནི་མི་འཇུག་སྟེ། དེ་འདྲ་ཐ་སྙད་དུ་མི་སྲིད་པའི་ཕྱིར་རོ། །མཚན་ཉིད་དང་བཅས་པ་ལ་མཚན་ཉིད་མི་འཇུག་སྟེ། དེ་ལ་མཚན་ཉིད་གཉིས་པ་དགོས་པ་མེད་པའི་ཕྱིར། མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་ལའང་མཚན་ཉིད་འཇུག་པར་མི་འགྱུར་རོ་སྟེ་དེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། མཚན་ཉིད་འཇུག་པ་འཐད་པ་མ་ཡིན་ན་དེའི་ཚེ་མཚན་གཞི་འཐད་པར་མི་འགྱུར་ཏེ། ཐ་སྙད་དུ་ཡང༌། མཚན་གཞི་ནི་མཚན་ཉིད་གང་ལ་འཇུག་པའི་རྟེན་ལ་འདོད་དགོས་པའི་ཕྱིར། གཉིས་པ་ནི། མཚན་གཞི་འཐད་པ་ལ་ཡིན་ན་དེའི་ཚེ་མཚན་ཉིད་ཀྱང་ནི་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར། གཉིས་པ་ནི། མཚན་ཉིད་འཇུག་པ་མེད་པས་མཚན་གཞི་བཀག་པ་ན་མཚན་ཉིད་ཀྱང་ཁེགས་པ་དེའི་ཕྱིར། མཚན་གཞི་ཡོད་པ་མིན་ཏེ། མཚན་ཉིད་ཡོད་པ་ཉིད་མ་ཡིན་ཞེས་མཇུག་བསྡུས་སོ། །གལ་ཏེ་ནམ་མཁའ་དངོས་པོར་ཡོད་པའི་ཕྱིར། མཚན་གཞི་ཡོད་ཅིང་དེའི་མཚན་ཉིད་ཀྱང་ཡོད་དོ། །གཉིས་པ་ལ། དངོས་དང༌། རྩོད་སྤང་གཉིས། དང་པོ་ནི། ནམ་མཁའ་མཚན་གཞི་དང་མི་སྒྲིབ་པ་མཚན་ཉིད་དུ་མེད་པ་ན། ནམ་མཁའ་དངོས་པོ་ཡིན་པ་ཡང་ཁེགས་ཏེ། མཚན་གཞི་དང་མཚན་ཉིད་མ་གཏོགས་པ་སྟེ་དེ་དང་བྲལ་བའི་དངོས་པོ་ཡང་ནི་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ། ནམ་མཁའ་ཐོགས་བཅས་ཀྱི་གཟུགས་བཀག་པས་ཁྱད་པར་དུ་བྱས་པའི་དངོས་པོ་མེད་ཀྱང་ཐོགས་བཅས་ཀྱི་གཟུགས་བཀག་པ་ཙམ་གྱི་དངོས་མེད་དུ་རང་བཞིན་གྱིས་ཡོད་དོ་ཞེ་ན། སྤྱིར་དངོས་པོ་ཡོད་པ་མ་ཡིན་ན་དགག་བྱ་གང་གི་དངོས་མེད་ཡིན་པར་འགྱུར་ཏེ། ཐོགས་བཅས་ཀྱི་གཟུགས་ཡོད་ན་དེ་བཀག་ཙམ་ནམ་མཁའ་ཡིན་པར་རིགས་སུ་ཆུག་ཀྱང་ཐོགས་བཅས་ཀྱི་གཟུགས། སྔར་རིགས་པས་བཀག་ཟིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བརྟག་བྱ་དངོས་པོ་ཡོད་མེད་གཉིས་ཡོད་དེ། རྟོག་པ་བྱེད་པོ་དབུ་མ་པ་ཁྱོད་ཡོད་པའི་ཕྱིར་ཞེ་ན། རྟོག་པ་པོ་དངོས་པོར་གྱུར་པ་གང་གིས་སམ། དངོས་མེད་དུ་གྱུར་པས་སམ། མི་མཐུན་ཆོས་ཕུང་པོ་གསུམ་པ་གང་གིས་བརྟག་བྱ་དངོས་པོ་དང་དངོས་མེད་ཤེས། དང་པོ་ལྟར་ན། རྟོག་པ་པོ་དངོས་པོར་མེད་དེ། མཚན་གཞི་མཚན་ཉིད་མ་གཏོགས་པའི་ཞེས་བཀག་ཟིན་པའི་ཕྱིར། གཉིས་པ་ལྟར་ཡང་མི་འཐད་དེ། དངོས་པོ་ཡོད་པ་ཡིན་ན་ཞེས་པ་ལྟར་བཀག་ཟིན་པའི་ཕྱིར། གསུམ་པ་ལྟར་ཡང་མི་འཐད་དེ། གཉིས་པ་མིན་གྱིས་ཕུང་པོ་གསུམ་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེའི་ཕྱིར་ཇི་སྐད་བཤད་པའི་རིགས་པས་རྣམ་པར་དཔྱད་པ་ན། ནམ་མཁའ་ནི་དངོས་པོ་མ་ཡིན་ཞིང་དངོས་མེད་ཀྱང་མ་ཡིན་ལ་མཚན་གཞི་མ་ཡིན་མཚན་གཞི་དེའི་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། ས་ཆུ་མེ་རླུང་རྣམ་པར་ཤེས་པ་སྟེ། ཁམས་ལྔ་པོ་གཞན་གང་ཡིན་པ་དེ་དག་ཀྱང་རིགས་པས་རྣམ་པར་དཔྱོད་པའི་ཚུལ་ནམ་མཁའ་དང་མཚུངས་སོ། །ཇི་ལྟར་ཞེ་ན། སའི་མཚན་ཉིད་སྔ་རོལ་ན། །ཞེས་པ་ནས་དེ་ཕྱིར་ས་ནི་དངོས་པོ་མིན། །ཞེས་པའི་བར་རྒྱས་པར་སྦྱར་བས་སོ། །གཉིས་པ་ནི། དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་བློ་གྲོས་ཆུང་བ་གང་དག་དངོས་པོ་རྣམས་ལ་ཡོད་པ་ཉིད་དང་མེད་པ་ཉིད་དུ་མངོན་པར་ཞེན་ཅིང་ལྟ་བ་དེས་ནི་ཆོས་ཅན། བལྟ་བར་བྱ་བ་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་མི་མཐོང་ངོ་སྟེ། མཐར་འཛིན་གྱི་རྣམ་པར་རྟོག་པ་ཅན་ཡིན་པའི་ཕྱིར། མདོར་ན་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། དངོས་པོ་རྣམས་ཀྱི་གནས་ཚུལ་སེམས་པའི་རིགས་པ་ལ་ཞུགས་པ་དེ་ཡི་ཚེ། གང་དཔྱད་གཞིར་བཟུང་བའི་མྱུ་གུ་ལྟ་བུ་དེ། ཡོད་མེད་དང་རྟག་ལ་སོགས་པའི་མཐའ་གང་དུ་ཡང་ཁས་བླང་བའི་བྱ་བ་མ་ཡིན་ཏེ། དེའི་སྟེང་དུ་སྤྲོས་པའི་ཚོགས་ལྷག་མ་མེད་པར་འགོག་དགོས་པའི་ཕྱིར། གཞི་དེ་ཡི་སྟེང་དུ་ཡོད་པ་བཀག་པ་ན། མེད་པར་ཁས་ལེན་དགོས་ཏེ། ཡོད་མེད་དངོས་འགལ་ཡིན་པའི་ཕྱིར་ཞེས་ཟེར་བ་ནི། དངོས་པོར་སྨྲ་བའི་རྟོག་གེ་པ་ཉིད་ཀྱིས་དབུ་མ་པར་རློམ་པ་ཁོ་ནར་ཟད་དེ། ཡོད་པ་བཀག་པ་ན་མེད་པར་ཁས་ལེན་དགོས་པ་ནི་རྟོག་གེ་པའི་གཞུང་ལུགས་ཡིན་པའི་ཕྱིར་དང༌། སྤྲོས་པ་གཅིག་བཀག་པའི་ཚེ་ཅིག་ཤོས་དེའི་འགལ་ཟླ་དེས་ཁས་ལེན་དགོས་ན། སྤྲོས་པ་མཐའ་དག་འགོག་པར་འགལ་བའི་ཕྱིར་དང༌། དངོས་འགལ་དུ་འཇོག་པ་ལ་འགལ་ཟླ་གང་རུང་གཅིག་ཁས་ལེན་དགོས་པ་ལ། མྱུ་གུའི་རང་བཞིན་སེམས་དཔའ་ལ་ཞུགས་པའི་དེའི་ཚེ་མྱུ་གུ་ཡོད་པ་དང་མེད་པ་གང་ཡང་ཁས་ལེན་པ་མེད་པའི་ཕྱིར་དང༌། སྤྲོས་པ་གཅིག་བཀག་ཤུལ་དུ་དེའི་འགལ་ཟླར་རློམ་པ་དེ་ཁས་ལེན་དགོས་ན་དེ་ཉིད་མ་ཡིན་དགག་གི་གོ་དོན་ཡིན་པས་མེད་དགག་བསྒྲུབ་བྱར་བྱེད་ཅེས་པའང་ཚིག་ཙམ་དུ་ཟད་པའི་ཕྱིར་རོ། །འོ་ན་རིགས་ཤེས་རྗེས་དཔག་དེས་སྤྲོས་བྲལ་རྟོགས་སམ་མ་རྟོགས་གཉིས་པ་ལྟར་ན། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཀྱང་མེད་པར་འགྱུར་ཏེ། སྤྲོས་བྲལ་རྟོགས་པའི་རྗེས་དཔག་གི་རིགས་རྒྱུན་གོམས་པར་བྱས་པ་ལས་རྣལ་འབྱོར་མངོན་སུམ་བྱེད་དགོས་ན་དེ་ཡང་མེད་པའི་ཕྱིར། དང་པོ་ལྟར་ན། དེས་དེ་མངོན་སུམ་དུ་རྟོགས་སམ། སྤྱིའི་ཚུལ་གྱིས་རྟོགས། དང་པོ་ལྟར་ན། རྟོག་པ་མ་ཡིན་པར་འགྱུར་རོ། །གཉིས་པ་ལྟར་ན། སྤྲོས་བྲལ་དུ་ཞེན་པའི་བློར་འགྱུར་ལ། དེ་ལྟར་ན་མཐར་འཛིན་གྱི་བློར་འགྱུར་ཞིང༌། དེ་ལྟར་ན་སྤྲོས་བྲལ་རྟོགས་པར་འགལ་བ་མ་ཡིན་ནམ་ཞེ་ན། རྣམ་པར་དཔྱོད་པ་ལྡན་པས་ལན་འདི་ལྟར། དངོས་དང་དངོས་མེད་མི་མཐུན་ཆོས་ཞེས་པ་ལྟ་བུ་དབུ་མའི་རིགས་པ་ཡང་དག་པ་ལ་བརྟེན་ནས་མྱུ་གུ་དངོས་པོ་དང་དངོས་མེད་ལ་སོགས་པའི་མཐའ་གང་དུ་ཡང་མི་འཛིན་པའི་མི་རྟོག་པའི་ཤེས་པ་དེ་ལ་རྗེས་ཀྱི་ཐ་སྙད་བྱེད་པས་སྤྲོས་བྲལ་རྟོགས་པའི་རིགས་ཤེས་རྗེས་དཔག་ཅེས་ཐ་སྙད་བྱེད་ལ་དེས་མྱུ་གུ་སྤྲོས་བྲལ་དུ་ཞེན་པར་མི་བྱེད་ཀྱི། མྱུ་གུའི་སྟེང་དུ་སྤྲོས་པའི་ཚོགས་ཅི་ཡང་མ་མཐོང་ཞིང༌། གང་དུ་ཞེན་པར་མི་བྱེད་པ་དེ་ལ། རྗེས་ཀྱི་ཤེས་པས་ཐ་སྙད་བྱེད་པ་ན་སྤྲོས་བྲལ་རྟོགས་སོ་ཞེས་ཐ་སྙད་བྱེད་པ་ཡིན་ཏེ། མ་མཐོང་སྟོན་པར་མཛད་པ་དང༌། ས་པ་ལྟར་རོ། །འོ་ན་དེ་འདྲ་དེ་རྟོག་པ་དང་རྟོག་མེད་གཉིས་ལས་གང་ཞེ་ན། སྤྱིར་རྟགས་ཅན་གྱི་བློ་ཡིན་པས་རྟོག་པ་དང༌། རྗེས་དཔག་ཚད་མ་ཡིན་ལ། སྤྲོས་པའི་མཚན་མ་གང་དུ་ཡང་མི་འཛིན་པས་རྣམ་པར་མི་རྟོག་པའི་ཤེས་པ་དང་རིགས་ཤེས་ཞེས་བྱ་སྟེ། སྒྲ་དོན་གྱི་མཚན་མ་གང་ཡང་སྣང་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །དེ་ལྟར་ན་དེ་འདྲའི་རྗེས་དཔག་དེས་སྤྲོས་བྲལ་སྤྱིའི་ཚུལ་གྱིས་རྟོགས་ཀྱང་སྤྲོས་བྲལ་དུ་ཞེན་པར་མི་བྱེད་དོ། །འོ་ན་སྤྲོས་བྲལ་གྱི་རྟགས་ལས་མྱུ་གུ་བདེན་མེད་དུ་ཞེན་པའི་རྗེས་དཔག་འདིས་མྱུ་གུ་བདེན་མེད་དུ་རྟོགས་དགོས་ལ། དེ་ལྟ་ན་མྱུ་གུ་བདེན་མེད་ཡིན་པར་འགྱུར་བ་དང༌། དེ་ལྟར་ཞེན་པའི་བློ་མཐར་འཛིན་མིན་པར་འགྱུར་རོ་ཞེ་ན། འདི་ནི་དོན་དམ་ཀྱི་རྣམ་གཞག་ཐ་སྙད་དུ་འཇོག་པར་བྱེད་པའི་ཐ་སྙད་པའི་ཚད་མ་ཡིན་གྱི། དོན་དམ་པའི་ཚད་མ་དངོས་མ་ཡིན་ལ། འདི་ལ་སློབ་དཔོན་ཡེ་ཤེས་སྙིང་པོ་མཐུན་པའི་དོན་དམ་གྱི་ཐ་སྙད་འདོགས་སོ། །ཡང༌། ཇི་སྲིད་མྱུ་གུའི་གནས་ཚུལ་སེམས་པའི་རིགས་པ་དེ་ཁ་མ་སྤོས་པ་དེ་སྲིད་དུ་ནི་ཀ་བ་སོགས་ཡོད་པའམ་མེད་པར་ཁས་བླངས་པ་ལ་ཉེས་པ་མེད་ལ། རིགས་པ་དེ་ཉིད་ཁ་སྤོས་པ་ན། ཀ་བ་སོགས་ཀྱང་སྤྲོས་བྲལ་དུ་ཁས་ལེན་དགོས་སོ། །སྤྲོས་པ་དེ་ཙམ་གྱིས་ཆོག་གོ །སྤྲོས་པ་ལྷག་མ་ནི་སྐབས་སྐབས་སུ་འཆད་པར་འགྱུར་རོ། །གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། ཁམས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བརྒྱད་ཀྱི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་ལྔ་པ་རྣམ་པར་བཤད་པའོ།།  །།ནམ་མཁའ་དང་ནི་དེའི་མཚན་ཉིད། །སྔ་ཕྱིའམ་ལྷན་ཅིག་གང་ཡིན་བརྟག །ལྷན་ཅིག་ཉིད་ན་མཚན་ཉིད་དང༌། །བཅས་མ་བཅས་བརྟགས་དེ་མི་འགྲུབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་རོ།།  །།གཉིས་པ་ཆོས་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གཉིས་ཏེ། འབྲས་བུ་ཀུན་ནས་ཉོན་མོངས་པ་རང་བཞིན་གྱིས་གྲུབ་པ་དགག རྒྱུ་རང་བཞིན་གྱིས་ཡོད་པ་དགག་པའོ། །དང་པོ་ལ། རབ་བྱེད་ཀྱི་གཞུང་བཤད། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ། ཕྱོགས་སྔ་མ་རྒོལ་བའི་དམ་བཅའ་བརྗོད། དེ་ཕྱོགས་ཕྱི་མས་སུན་དབྱུང་བའོ། །དང་པོ་ལ། གལ་ཏེ་ཕུང་ཁམས་སྐྱེ་མཆེད་རང་བཞིན་གྱིས་ཡོད་དེ། དེའི་རྟེན་ཅན་ཀུན་ནས་ཉོན་མོངས་པ་རང་བཞིན་གྱིས་གྲུབ་པའི་ཕྱིར་ཞེ་ན། གཉིས་པ་ལ། འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་གྲུབ་པ་དགག རིགས་པ་དེས་གཞན་ཡང་ཁེགས་པར་བསྟན། དང་པོ་ལ། རྒྱས་པར་བཤད། མཇུག་བསྡུ་བའོ། །དང་པོ་ལ། སྔ་ཕྱིར་འབྱུང་བ་དགག ལྷན་ཅིག་འབྱུང་བ་དགག དང་པོ་ལ། འདོད་ཆགས་ཀྱི་སྔ་རོལ་ན་ཆགས་པ་ཡོད་མེད་དགག དེས་ཆགས་པའི་སྔ་རོལ་ན་འདོད་ཆགས་ཡོད་མེད་ཁེགས་པའོ། །དང་པོ་ནི། གལ་ཏེ་འདོད་ཆགས་རང་བཞིན་གྱིས་ཡོད་ན། རྟེན་ཆགས་པའི་ཕྱིས་ཡོད་དམ། སྔ་རོལ་ན་ཡོད་དམ། རྟེན་ཆགས་པ་དང་ལྷན་ཅིག་ཡོད། དང་པོ་ལྟར་ན། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཡོད་ན་དེ་ལ་བརྟེན་ནས་འདོད་ཆགས་ཀྱང་ཡོད་དགོས་ལ་དེ་ལྟ་ན་སྔར་རྟེན་ཆགས་པ་ཡོད་ལ་དེའི་ཕྱིར་བརྟེན་པ་འདོད་ཆགས་ཡོད་པར་རིགས་པ་ཞིག་ན་འདོད་ཆགས་མེད་པའི་ཆགས་པ་ནི་མི་སྲིད་དེ། གཞན་དུ་ན་དགྲ་བཅོམ་པ་ལ་ཆགས་པ་ཡོད་པར་འགྱུར་རོ། །ཚིག་གསལ་དུ། དགྲ་བཅོམ་པ་ལའང་འདོད་ཆགས་ཡོད་པར་འགྱུར་རོ། །ཞེས་གསུངས་པ་ནི་འགྱུར་གྱི་ཁྱད་ཡིན་ནམ། གྲུབ་དོན་བླངས་པ་ཡིན་བརྟག་པར་བྱའོ། །འདིར་འདོད་ཆགས་ནི་ཡུལ་སྲེད་པའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་ལ། ཆགས་པ་ནི་ཡུལ་ལ་ཆགས་པའི་སེམས་སམ། གང་ཟག་ལ་བྱ་ལ་དེ་ནི་འདོད་ཆགས་ཀྱི་རྟེན་ནོ། །གཉིས་པ་ནི། རྟེན་ཆགས་སྡང་ཡོད་པར་མ་གྱུར་ན་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། རྟེན་མེད་པའི་ཕྱིར། ཤིང་ཐོག་མེད་པར་དེ་ཡི་སྨིན་པ་མི་འབྱུང་བ་བཞིན་ནོ། །གཉིས་པ་ནི། གལ་ཏེ་འདོད་ཆགས་བཀག་མོད། ཆགས་པ་ནི་རང་བཞིན་གྱིས་ཡོད་དེ། མ་བཀག་པའི་ཕྱིར། དེས་ན་འདོད་ཆགས་ཀྱང་ཡོད་ཅེ་ན། ཆགས་པ་རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་ཡོད་ན། ཡོད་ཚུལ་གསུམ་ལས་མི་འདའ་བས། འདོད་ཆགས་སུ་མ་ཟད་ཆགས་པ་ལ་ཡང་འདོད་ཆགས་ནི་ཡང་སྔ་རོལ་ལྟ་བུ་ཡོད་དམ་མེད་ཀྱང་འདོད་ཆགས་ལ་ཆགས་པ་སྔ་རོལ་ཏུ་ཡོད་མེད་དཔྱད་ནས་བཀག་པའི་རིམ་པ་དང་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །ཞེས་དང༌། འདོད་ཆགས་ཡོད་པར་མ་གྱུར་ནའང༌། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་སོགས་སྦྱར་ཏེ་འཆད་དོ། །རྐང་པ་དྲུག་པོ་འདི་ཚིག་གསལ་མ་གཏོགས་འགྲེལ་ཆེན་གསུམ་གྱིས་གཞུང་དུ་འདོད་ལ། ཟླ་བས་ནི་ཇི་ལྟར་མཚུངས་ཚུལ་འདོན་པ་བསྒྱུར་བས་འགྲེལ་ཚིག་དུ་འདོད་དོ། །ཞལ་སྔ་ནས་ག་ལས་འཇིགས་མེད་ཀྱིས་འདི་ལ་འགྲེལ་པ་བྱས་པས་སློབ་དཔོན་གྱི་མ་ཡིན་པར་གྲུབ་བོ་ཞེས་གསུང་མོད་རིགས་པ་ལྟར་སྣང་བ་ཡིན་ནོ། །ཡང༌། འགྲེལ་པ་གསུམ་ལས་ནི། ཆགས་པ་ཡོད་པར་གྱུར་ནའང༌། །འདོད་ཆགས་ཡོད་པར་ག་ལ་འགྱུར། །ཞེས་དང༌། འདོད་ཆགས་ཡོད་པར་གྱུར་ནའང༌། །ཆགས་པ་ཡོད་པར་ག་ལ་འགྱུར། །ཞེས་བཤད་དོ། །གཉིས་པ་ནི། བརྟག་པ་གསུམ་པ་ཁས་ལེན་ནོ་ཞེ་ན། འདི་དགག་པ་ལ་གཉིས་ཏེ། ལྟོས་མེད་དུ་ཐལ་བས་ལྷན་ཅིག་དགག གཅིག་དང་ཐ་དད་བརྟགས་ལ་ལྷན་ཅིག་དགག དང་པོ་ནི། འདི་ལྟར་འདོད་ཆགས་དང་དེས་ཆགས་པར་བྱས་པའི་སེམས་གཉིས་པོ་ལྷན་ཅིག་ཉིད་དུ་སྐྱེ་བར་མི་རིགས་ཏེ། གལ་ཏེ་སྐྱེ་ན། འདི་ལྟར་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་བའི་ཕྱིར། བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །དེ་ལྟར་ཐལ་བ་ལས་ཕན་ཚུན་ལྟོས་པའི་ཕྱིར་དུས་མཉམ་པ་མེད་དོ། །གཉིས་པ་ལ། སྤྱིར་གཅིག་དང་ཐ་དད་ལ་ལྷན་ཅིག་དགག བྱེ་བྲག་དུ་ཐ་དད་ལ་ལྷན་ཅིག་དགག དང་པོ་ལ། དངོས་དང༌། དེ་སྒྲུབ་བྱེད་ཀྱི་རིགས་པ་གཞན་བཤད་པའོ། །དང་པོ་ནི། ལྷན་ཅིག་པར་འདོད་པའི་འདོད་ཆགས་དང་ཆགས་པ་གཉིས་གཅིག་གམ་ཐ་དད་པར་འདོད། དང་པོ་ལྟར་ན། གཅིག་ཉིད་དུ་འདོད་ན་ལྷན་ཅིག་ཉིད་དུ་མེད་པས་ཁྱབ་སྟེ། དཔེར་ན་འདོད་ཆགས་དེ་ཉིད་དེ་དང་ལྷན་ཅིག་མིན་པ་བཞིན་ནོ། །གཉིས་པ་ལྟར་ན། ཅི་སྟེ་ཐ་དད་པ་ཉིད་ཡིན་ན། ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར་ཏེ། སྣང་བ་དང་མུན་པ་བཞིན་ནོ། །གཉིས་པ་ནི། གོང་གི་ཁྱབ་པ་གཉིས་པོའི་སྒྲུབ་བྱེད་ནི། གལ་ཏེ་གཅིག་པུ་ལ་ལྷན་ཅིག་ཏུ་འདོད་ན། གྲོགས་མེད་པར་ཡང་ལྷན་ཅིག་པ་དེར་ཐལ་བར་འགྱུར་རོ། །གལ་ཏེ་རང་གི་ངོ་བོར་ཐ་དད་པ་ཉིད་ལ་ལྷན་ཅིག་ཡོད་ན་བ་ལང་ལ་སོགས་པ་གྲོགས་མེད་པར་གནས་པ་ཡང་ལྷན་ཅིག་པར་དེར་ཐལ་བར་འགྱུར་རོ། །གཉིས་པ་ལ། ཐ་དད་པ་ལྷན་ཅིག་སྒྲུབ་བྱེད་དུ་མི་འཐད་པར་བསྟན། ཐ་དད་དང་ལྷན་ཅིག་ཕན་ཚུན་ལྟོས་པར་བསྟན། དང་པོ་ལ། ཐ་དད་མ་གྲུབ་པའི་རྒྱུ་མཚན་གྱིས་ལྷན་ཅིག་མི་འགྲུབ་པར་བསྟན། ཐ་དད་གྲུབ་ན་ལྷན་ཅིག་དགོས་པ་མེད་པར་བསྟན་པའོ། །དང་པོ་ནི། གཅིག་པ་ལ་ལྷན་ཅིག་མི་རུང་ཡང༌། ཐ་དད་པ་ལ་ལྷན་ཅིག་འཇོག་གོ་ཞེ་ན། ཅི་གོ་ཞེས་བོས་ནས་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་ཡིན་པ་དེས་ན་སྟེ་གལ་ཏེ་ཡིན་ན། དེ་གཉིས་ལྷན་ཅིག་ཏུ་གྲུབ་པར་འགྱུར་ན་ཡང༌། དེ་གཉིས་ཆོས་ཅན། ལྷན་ཅིག་པར་མ་གྲུབ་སྟེ། ཕན་ཚུན་ལྟོས་མེད་ཀྱི་ཐ་དད་པ་ཉིད་དུ་གྲུབ་འགྱུར་རམ་སྟེ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་འདོད་ཆགས་དང་ཆགས་པ་དག་ཐ་དད་པ་ཉིད་དུ་གྲུབ་པར་གྱུར་ན། དེ་གཉིས་ཕ་རོལ་པོའི་ངོར་བསྒྲུབ་པར་བྱ་བའི་ཕྱིར་དུ་གཉིས་པོ་དེ་དག་ལྷན་ཅིག་ཉིད་དུ་ནི་ཅིའི་ཕྱིར་ན་ཡོངས་སུ་རྟོག་པར་བྱེད་དེ། དེ་གཉིས་ཐ་དད་གྲུབ་ན་དེ་གཉིས་ཀྱི་ངོ་བོ་གྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ནི། ཅི་སྟེ་དེ་གཉིས་ཀྱི་ངོ་བོ་ཐ་དད་གྲུབ་པར་མ་གྱུར་པས་དེ་ལྟར་གྲུབ་པ་དེ་ཡི་ཕྱིར་དུ་དེ་གཉིས་ལྷན་ཅིག་ཏུ་འདོད་པར་བྱེད་དོ་ཞེ་ན། འོ་ན་ལྷན་ཅིག་རབ་ཏུ་གྲུབ་པའི་ཕྱིར་ཐ་དད་ཉིད་དུ་ཡང་འདོད་དམ་སྟེ་འདོད་དགོས་ཏེ། ཐ་དད་པའི་དངོས་པོར་མ་གྲུབ་པས་ལྷན་ཅིག་པའི་དངོས་པོ་འགྲུབ་པར་མི་འགྱུར་ལ། ཐ་དད་པའི་དངོས་པོར་གང་ཡོད་པ། དེའི་སྒྲུབ་བྱེད་དུ། ལྷན་ཅིག་པའི་དངོས་པོར་འདོད་པར་བྱེད་དགོས་པའི་ཕྱིར། དེ་ལྟར་ན། དེ་གཉིས་གྲུབ་པ་ཕན་ཚུན་བརྟེན་པའི་ཕྱིར་གཉིས་ག་གྲུབ་པར་མི་འགྱུར་རོ། །འདི་དངོས་པོར་སྨྲ་བའི་ལུགས་ལ་དེ་ལྟར་ཡིན་གྱི། རང་ལུགས་ལ་ནི་ཐ་སྙད་ཀྱི་འཇོག་ལུགས་ལྟོས་གྲུབ་ཉིད་ཡིན་པས་ཁྱད་པར་ཕྱེད་དགོས་སོ། །གཉིས་པ་ནི། དེ་ལྟར་ན། འདོད་ཆགས་དང་ཆགས་པ་དག་ཆོས་ཅན། རིགས་པས་དཔྱད་པ་ན་ཡོད་པ་མ་ཡིན་ཏེ། ལྷན་ཅིག་པ་དུས་མཉམ་པ་དང་ལྷན་ཅིག་མིན་པ་སྔ་ཕྱིའི་བར་མི་འགྲུབ་པ་རྒྱས་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། ཞེ་སྡང་དང་སྡང་བ་དང་གཏི་མུག་དང་རྨོངས་པ་ལ་སོགས་པའི་ཆོས་རྣམས་ཀུན་ཆོས་ཅན། ལྷན་ཅིག་དང་ལྷན་ཅིག་མིན་པར་མི་འགྲུབ་སྟེ། འདོད་ཆགས་ལ་ཇི་ལྟར་དཔྱད་པ་བཞིན་དུ་སྟེ་དེ་དང་རིགས་པ་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། གལ་ཏེ་ཞེ་སྡང་སྔ་རོལ་ནི། །ཞེ་སྡང་མེད་པའི་སྡང་ཡོད་ན། །དེ་ལ་བརྟེན་ནས་ཞེ་སྡང་ཡོད། །སྡང་ཡོད་ཞེ་སྡང་ཡོད་པར་འགྱུར། །ཞེས་སོགས་སྦྱར་བའོ། །གཉིས་པ་ནི། འདོད་ཆགས་བརྟག་པ་ཞེས་བྱ་བ་ཚིགས་སུ་བཅད་པ་བཅུའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་དྲུག་པ་རྣམ་པར་བཤད་པའོ།།  །།འདོད་ཆགས་དང་ནི་ཆགས་པ་དང༌། །ཞེ་སྡང་དང་ནི་སྡང་བ་སོགས། །སྔ་ཕྱིའམ་ལྷན་ཅིག་བརྟག་པ་ན། །དེ་དག་རང་བཞིན་གྱིས་མི་འགྲུབ། །ཅེས་བར་སྐབས་ཀྱི་ཚིགས་བཅད་པའོ།།  །།གཉིས་པ་རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གཉིས་ཏེ། འཇོག་བྱེད་ཀྱི་རྒྱུ་སྐྱེ་འཇིག་གནས་གསུམ་རང་བཞིན་གྱིས་གྲུབ་པ་དགག སྐྱེད་བྱེད་ཀྱི་རྒྱུ་ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག དང་པོ་ལ་གཉིས་ལས། དང་པོ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། ཕྱོགས་སྔ་མ་བརྗོད་པ་ནི། ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཅན་ནི་ཡོད་དེ། དེའི་མཚན་ཉིད་སྐྱེ་སོགས་ཡོད་པའི་ཕྱིར་ཞེས་ཟེར་རོ། །དེ་ཡང་བྱེ་བྲག་སྨྲ་བ་སྐྱེ་སོགས་བྱེད་པ་པོ་དོན་གཞན་ལ་འདོད་ལ། མདོ་སྡེ་པས་ནི། སྐྱེ་སོགས་ཀྱི་བྱ་བ་ཉིད་ལ་སྐྱེ་སོགས་སུ་འདོད་དོ། །དེ་དགག་པ་ལ་གཉིས་ཏེ། དོན་དམ་པར་སྐྱེ་འཇིག་གནས་གསུམ་དགག ཐ་སྙད་དུ་སྐྱེ་འཇིག་གནས་གསུམ་རྨི་ལམ་དང་འདྲ་བར་བསྟན། དང་པོ་ལ། འདུས་བྱས་རང་བཞིན་གྱིས་གྲུབ་པ་དགག དེས་འདུས་མ་བྱས་ཀྱང་ཁེགས་པར་བསྟན། དང་པོ་ལ། འདུས་བྱས་སྤྱིའི་མཚན་ཉིད་དགག དེས་མཚོན་བྱ་འདུས་བྱས་ཁེགས་པར་བསྟན། དང་པོ་ལ། ཐུན་མོང་དུ་དགག སོ་སོར་དགག དང་པོ་ལ། མཚན་ཉིད་ཀྱི་ངོ་བོ་ལ་བརྟགས་ནས་དགག མཚན་ཉིད་ལ་མཚན་ཉིད་གཞན་ཡོད་མེད་བརྟགས་ནས་དགག དང་པོ་ལ། མཚན་ཉིད་གསུམ་འདུས་བྱས་ཡིན་ནམ་མིན་བརྟགས་ནས་དགག རེ་རེ་དང་ཚོགས་པ་གང་མཚན་ཉིད་ཡིན་བརྟགས་ནས་དགག དང་པོ་ནི། རིགས་པས་དཔྱད་པའི་ཚེ་ཡང་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་ཡིན་ན། སྐྱེ་བ་དེ་འདུས་བྱས་ཡིན་ནམ་འདུས་མ་བྱས་ཡིན། དང་པོ་ལྟར་ན། སྐྱེ་བ་ཆོས་ཅན། མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། འདུས་བྱས་ཡིན་པའི་ཕྱིར། དེ་འདོད་ན། གང་སྐྱེ་སོགས་ཀྱིས་མཚོན་པའི་མཚན་གཞི་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པས་ཁྱབ། དཔེར་ན་གཟུགས་ལ་སོགས་པ་བཞིན་ནོ། །འདི་ནི་སངས་རྒྱས་བསྐྱངས་ཀྱི་རིགས་པའོ། །ཞེས་ཚིག་གསལ་དུ་གསུངས་སོ། །གཉིས་པ་ལྟར་ན། ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ན། སྐྱེ་བ་ཆོས་ཅན། ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། རང་ཉིད་འདུས་མ་བྱས་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་སོགས་རེ་རེ་བ་སྟེ་སྔ་ཕྱི་རིམ་ཅན་པ་དེ་མཚན་ཉིད་ཡིན་ནམ། ལྷན་ཅིག་ཏུ་འདུས་པ་དེ་མཚན་ཉིད་ཡིན། དང་པོ་ལྟར་ན། སྐྱེ་བ་ལ་སོགས་པ་གསུམ་པོ་སོ་སོ་ཡིས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་ནི་ནུས་པ་མིན་ཏེ། སོ་སོ་རིམ་ཅན་ནས་མཚན་ཉིད་དུ་འདོད་ན། གཅིག་ལ་གཞན་གཉིས་པོ་མེད་པར་འདོད་དགོས་ལ། དེ་ལྟར་ན། འདི་ལྟར་སྐྱེ་བ་ཆོས་ཅན། འདུས་བྱས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ནམ་མཁའ་ལྟར་གནས་པ་དང་འཇིག་པ་དང་བྲལ་བའི་ཕྱིར་རོ། །སྐྱེ་འཇིག་དང་བྲལ་བའི་གནས་པ་ཆོས་ཅན། འདུས་བྱས་ཀྱི་མཚན་ཉིད་མིན་པར་ཐལ། ནམ་མཁའི་མེ་ཏོག་ལྟར་མེད་པའི་ཕྱིར་རོ། །ཡང་སྐྱེ་གནས་དང་བྲལ་བའི་འཇིག་པ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ནོ། །གཉིས་པ་ལྟར་ན། སྐྱེ་སོགས་གསུམ་པོ་ཆོས་ཅན། གཅིག་ལ་དུས་གཅིག་ཏུ་འདུས་པ་ཡང་ནི་ཇི་ལྟར་རུང་སྟེ་ཕན་ཚུན་འགལ་བའི་ཕྱིར། སྣང་མུན་བཞིན་ནོ། །གཉིས་པ་ལ། ཐལ་འགྱུར་བརྗོད་པ་དང༌། སྐྱོན་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །ཞེས་པ་ལ་འདོད་ན་ཉེས་པ་ཅི་ཡོད། འོན་ཏེ་འདུས་མ་བྱས་ཡིན་པ་དེ་ལྟ་ན་ཡང་ཉེས་པ་ཅིར་འགྱུར་ཞེ་ན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་འདུས་བྱས་སུ་མཚོན་པར་བྱེད་པའི་མཚན་ཉིད་གཞན་ཞིག་ནི་གལ་ཏེ་ཡོད་ན་མཚན་ཉིད་ཐུག་པ་མེད་པར་འགྱུར་ལ། དེ་འདོད་ན། མཚན་ཉིད་གསུམ་ཀྱིས་མཚན་གཞི་བུམ་པ་ལྟ་བུ་དེ་འདུས་བྱས་སུ་མཚོན་མི་ནུས་པར་འགྱུར་ཏེ། མཚན་ཉིད་གསུམ་པོ་ཉིད་འདུས་བྱས་སུ་མཚོན་བྱེད་ཐུག་པ་མེད་པའི་ཕྱིར་རོ། །མཚན་ཉིད་གཞན་མེད་ན་གསུམ་པོ་དེ་དག་ཆོས་ཅན། འདུས་བྱས་མིན་པར་འགྱུར་ཏེ། དེར་མཚོན་བྱེད་ཀྱི་མཚན་ཉིད་མེད་པའི་ཕྱིར། འདི་དང་སྔར་བཤད་པ་དང་བཟློས་སོ་སྙམ་ན། ཚིག་གསལ་དུ་མི་བཟློས་པའི་ཤེས་བྱེད་རྣམ་གྲངས་གསུམ་གསུངས་ཀྱང༌། དོན་ནི། གོང་དུ་མཚན་ཉིད་གསུམ་པོ་ལ་མཚན་ཉིད་གཞན་ཡོད་པ་ལ་རྩ་བར་གནོད་བྱེད་མ་བསྟན་ཅིང༌། འགྲེལ་པར་ནི། དེ་ལྟ་ན་མཚན་གཞི་ཡིན་པས་མཚན་ཉིད་མ་ཡིན་པར་ཐལ་བའི་གནོད་བྱེད་བསྟན་ལ། འདིར་ནི་ཐུག་མེད་ཀྱི་གནོད་བྱེད་བསྟན། ཡང་གོང་དུ་ནི་སྐྱེ་བ་འདུས་མ་བྱས་ཡིན་ན་འདུས་བྱས་ཀྱི་མཚན་ཉིད་དུ་མི་རུང་བའི་སྐྱོན་ཙམ་ཞིག་བསྟན་ལ། འདིར་ནི། གསུམ་པོ་ལ་མཚན་ཉིད་གཞན་མེད་ན་འདུས་མ་བྱས་སུ་ཐལ་བ་ཙམ་བསྟན་པ་ཡིན་པས་མི་བཟློས་སོ། །གཉིས་པ་ལ། ཐལ་འགྱུར་དང་པོའི་སྐྱོན་སྤོང་དགག གཉིས་པོའི་སྐྱོན་སྤོང་དགག དང་པོ་ལ། ཕྱོགས་སྔ་བརྗོད། དེ་དགག་པའོ། །དང་པོ་ནི། མང་པོས་བཀུར་བ་དག་ན་རེ། སྐྱེ་བ་ལ་སོགས་པ་རྣམས་ལ་སྐྱེ་བ་སོགས་གཞན་གཉིས་པ་རེ་ཡོད་ཀྱང་ཐུག་པ་མེད་པར་མི་འགྱུར་རོ། །རྩ་བའི་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་རྣམས་ཕན་ཚུན་སྒྲུབ་པར་བྱེད་པའི་ཕྱིར། དེ་ཡང་འདི་ལྟར་ཆོས་དགེ་བའམ་ཉོན་མོངས་པ་ཅན་ཞིག་སྐྱེ་བ་ན་རང་དང་བཅོ་ལྔ་སྐྱེ་སྟེ། ཆོས་དེ་ཉིད་དང༌། དེའི་སྐྱེ་བ་དང༌། ལྡན་པ་དང༌། གནས་པ་དང༌། རྒ་བ་དང༌། མི་རྟག་པ་དང༌། གལ་ཏེ་ཆོས་དེ་ཉོན་མོངས་པ་ཅན་ཞིག་ཡིན་ན། དེའི་ལོག་པའི་རྣམ་པར་གྲོལ་བ་དང༌། དགེ་བ་ཡིན་ན་དེའི་ཡང་དག་པའི་རྣམ་པར་གྲོལ་བ་དང༌། གལ་ཏེ་ངེས་པར་འབྱུང་བ་ཞིག་ཡིན་ན། དེའི་ངེས་པར་འབྱུང་བ་དང༌། འོན་ཏེ་ངེས་པར་འབྱུང་བ་མ་ཡིན་པ་ཞིག་ཡིན་ན། ངེས་པར་འབྱུང་བ་མ་ཡིན་པ་ཉིད་དོ། །དེ་ལྟར་ན་ཆོས་དེ་རང་ཉིད་གཙོ་བོ་ཡིན་ལ། སྐྱེ་བ་སོགས་བདུན་ནི་འཁོར་དང༌། སྐྱེ་བའི་སྐྱེ་བ་སོགས་བདུན་ནི་འཁོར་གྱི་འཁོར་ཡིན་ནོ། །དེ་ལ་སྐྱེ་བའི་སྐྱེ་བས་རྩ་བ་ཡིས་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་ནི་ཆོས་གཞན་བཅུ་གསུམ་སྐྱེད་པར་མ་ཟད་སྐྱེ་བའི་སྐྱེ་བའང་བསྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལྡན་པའི་ལྡན་པས་རྩ་བའི་ལྡན་པ་འབའ་ཞིག་ལྡན་པར་བྱེད་ལ་རྩ་བའི་ལྡན་པས་ཆོས་བཅུ་བཞི་ལྡན་པར་བྱེད་པ་སོགས་ལའང་སྦྱར་བར་བྱའོ་ཞེས་ཟེར་རོ། །འདིར་འཕྲོས་དོན་འདི་སྣང་སྟེ། དབུ་མ་རྩ་བ་འདིར་རྩ་བའི་མཚན་ཉིད་གསུམ་རྗེས་མཐུན་གྱི་མཚན་ཉིད་གསུམ་མཚན་གཞི་དང་ཆོས་བདུན་ལ་དཔྱད་པ་མཛད། མཛོད་དུ། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་རྒ་བ་བསྟན་ནས་རྩ་བའི་མཚན་ཉིད་བཞི། རྗེས་མཐུན་གྱི་མཚན་ཉིད་བཞི། རང་ཉིད་དང་ཆོས་དགུ་ལ་དཔྱད་པ་མཛད། ཚིག་གསལ་དུ། མཚན་ཉིད་བདུན་མཛད་ནས་ཆོས་བཅོ་ལྔའི་དཔྱད་པ་མཛད་དོ། །གཉིས་པ་ལ། དངོས་དང༌། དེའི་རྩོད་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་པ་ཁྱོད་ཀྱི་ལུགས་ཡིན་ན། ཁྱོད་ཀྱི་སྐྱེ་ཆུང་དེས་ཆོས་ཅན། རྩ་སྐྱེ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། ཁྱོད་རང་རྩ་བའི་སྐྱེ་བས་མ་སྐྱེད་པའི་ཕྱིར། གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས་སྐྱེད་པའི་སྐྱེ་ཆུང་དེ་ཡིས་རྩ་སྐྱེ་སྐྱེད་ན། རྩ་བའི་སྐྱེ་བ་དེས་ཆོས་ཅན། སྐྱེ་ཆུང་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། ཁྱོད་རང་སྐྱེ་ཆུང་གི་མ་སྐྱེད་པའི་ཕྱིར། དེ་ལྟར་ན་ཕན་ཚུན་སྒྲུབ་པར་མི་བྱེད་པའི་ཕྱིར་ཐུག་མེད་སོ་ན་གནས་སོ། །གཉིས་པ་ནི། དེ་གཉིས་སྔར་སྐྱེས་ཟིན་པ། གཉིས་པོ་ཕན་ཚུན་མི་སྐྱེད་ཀྱང༌། དེ་གཉིས་སྐྱེ་བཞིན་པས་ཕན་ཚུན་སྐྱེད་དོ་ཞེ་ན། གལ་ཏེ་རང་ཉིད་མ་སྐྱེས་པ་དེ་ཡིས་ཆོས་མ་སྐྱེས་པ་གཞན་དེ་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་སྐྱེ་བཞིན་པ་གཉིས་པོ་དེ་ཡིས་རྩ་སྐྱེ་དང་སྐྱེ་ཆུང་དེ་ཕན་ཚུན་སྐྱེད་པར་ནི་འདོད་ལ་རག་ན། སྐྱེ་བཞིན་པ་དེ་ཆོས་ཅན། ཇི་ལྟར་གཞན་སྐྱེད་དེ། རང་ཉིད་མ་འོངས་པ་ཡིན་པས་མ་སྐྱེས་པའི་ཕྱིར། མོ་གཤམ་གྱི་བུས་གཞན་མི་སྐྱེད་པ་བཞིན་ནོ། །གཉིས་པ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། གལ་ཏེ་སྐྱེ་སོགས་ལ་མཚན་ཉིད་གཉིས་པ་མེད་ཀྱང་འདུས་མ་བྱས་སུ་ཐལ་བ་མེད་དེ། ཇི་ལྟར་མར་མེ་ནི་སྣང་བའི་བདག་ཉིད་ཡིན་པའི་ཕྱིར། རང་དང་གཞན་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བའང་སྐྱེ་བའི་རང་བཞིན་ཡིན་པའི་ཕྱིར། རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གཉིས་པ་ལ། དཔེ་དགག དོན་དགག དང་པོ་ལ། བསྒྲུབ་བྱ་ལ་གནོད་བྱེད་བརྗོད། སྒྲུབ་བྱེད་མ་ངེས་པར་བསྟན་པའོ། །དང་པོ་ནི། མར་མེས་རང་དང་གཞན་ཅི་ཞིག་སྣང་བར་བྱེད་དེ། མུན་པ་སེལ་བས་སྣང་བྱེད་དུ་ཁྱོད་ལ་བཏགས་པ་ཡིན་པ་ལ། མར་མེ་དང་ནི་ཡུལ་གང་དག་ན་མར་མེ་དེ་འདུག་པ་ན་བསལ་བྱ་མུན་པ་མེད་པའི་ཕྱིར། གལ་ཏེ་མར་མེ་སྐྱེ་བཞིན་པས་མུན་པ་དག་ནི་སེལ་བར་བྱེད་པས་སྔ་མ་ལ་མ་ངེས་སོ་ཞེ་ན། ཇི་ལྟར་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་པ་ཡིན་ཏེ། གང་གི་ཚེ་ན། མར་མེ་སྐྱེ་བཞིན་པ་ནི་མར་མེ་མ་འོངས་པ་ཡིན་པས་མ་འོངས་པའི་མར་མེ་དེ་འདྲ་དེ་མུན་པ་ད་ལྟར་བ་དང་ནི་ཕྲད་པ་མེད་པའི་ཕྱིར། འདིར་རིན་པོ་ཆེ་པའི་ཞལ་སྔ་ནས། མར་མེ་སྐྱེ་བཞིན་པ་དང་མུན་པ་མ་ཕྲད་པ་ཤེས་བྱེད་དུ་མཛད་པ་ནི། ལོག་པར་བཤད་པ་སྟེ། དེ་ལྟ་ན་མར་མེ་སྐྱེ་བཞིན་པ་མར་མེ་དང་དུས་མཉམ་པར་ཐལ་དགོས་པའི་ཕྱིར་དང༌། དེ་ལའང་དགག་བྱ་སྦྱོར་དགོས་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར། དེ་ལྟར་ན་མར་མེ་སྐྱེ་བཞིན་པའི་དུས་ན་མར་མེ་མེད་པས། མར་མེ་སྐྱེ་བཞིན་པས་མུན་པ་སེལ་བ་དེ། མར་མེས་མུན་པ་སེལ་བའི་ཤེས་བྱེད་དུ་མ་སོང་ཞེས་པ་གཞུང་དོན་ནོ། །རང་ལུགས་ལའང༌། མར་མེས་མུན་པ་སེལ་བ་ཙམ་ཞིག་ཁས་ལེན་མོད། མར་མེ་སྐྱེས་པ་དང༌། མ་སྐྱེས་པ་དང༌། སྐྱེ་བཞིན་པ་གང་གིས་སེལ་ཞེས་དཔྱད་པ་ན་གང་གིས་ཀྱང་སེལ་བར་ཁས་མི་ལེན་ནོ། །བདེན་གཉིས་འཇོག་མཚམས་དེ་ལྟར་བྱེད་པ་དེ་ལ་ནི་དོན་དམ་པར་མེད་པ། ཐ་སྙད་དུ་ཡོད་པའི་གོ་དོན་ཡིན་པར་ཁོ་བོ་སྨྲའོ། །ཅི་སྟེ་ཡེ་ཤེས་ཀྱིས་མ་རིག་པ་མ་ཕྲད་པ་དང༌། མིག་གིས་གཟུགས་མ་ཕྲད་པ་དང༌། ནོར་བུ་ཁབ་ལེན་གྱིས་ལྕགས་མ་ཕྲད་པ་ལྟར། མར་མེས་ཀྱང་མ་ཕྲད་པའི་མུན་པ་ཁོ་ན་སེལ་བར་བྱེད་དོ་སྙམ་ན། གལ་ཏེ་མར་མེ་དང་མུན་པ་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་ན། འདི་ན་གནས་པའི་མར་མེ་དེས་ཆོས་ཅན། འཇིག་རྟེན་ཀུན་ན་གནས་པའི་མུན་པ་བསལ་བར་འགྱུར་ཏེ། མ་ཕྲད་པར་མཚུངས་པའི་ཕྱིར། ཉེ་བ་ན་གནས་པ་བཞིན་ནོ། །ཚུལ་འདི་ནི་ཡེ་ཤེས་ཀྱིས་མ་རིག་པ་འཇོམས་པ་སོགས་ལའང་བརྗོད་པར་བྱའོ། །མདོར་བསྡུ་ན། མར་མེ་ཆོས་ཅན། ཁྱོད་ཀྱིས་མུན་པ་མི་སེལ་ཏེ། ཁྱོད་དང་མུན་པ་ཕྲད་ནས་ཀྱང་མི་སེལ། མ་ཕྲད་པར་ཡང་མི་སེལ་བའི་ཕྱིར། ཞེས་པའོ། །འདིར་རིན་པོ་ཆེ་པའི་ཞལ་སྔ་ནས། ཐ་སྙད་དུ་མར་མེ་དང་མུན་པ་ལ་ཕྲད་པར་མར་མེས་མུན་པ་སེལ་བ་ཡིན་ཞེས་གསུང་བ་ནི། ཚིག་གསལ་དུ་གང་བཀག་པ་དེ་ཉིད་ཡིན་པར་དགོས་སོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། འཇིག་རྟེན་ན་ནི་དེ་ལྟ་བུས་ཡུལ་ལ་སོགས་པ་ལ་ཕྲད་པ་དང་མ་ཕྲད་པའི་དཔྱད་པ་བཅུག་ནས་མར་མེ་ལ་སོགས་པ་ལ་སྣང་བར་བྱེད་པ་ཉིད་ལ་སོགས་པ་རྟོག་པར་མི་བྱེད་དེ། དེ་ཇི་སྐད་བརྗོད་པའམ་རྣམ་པར་དཔྱད་པ་མི་འཇུག་པར་མར་མེས་མུན་པ་སེལ་བ་དང༌། མིག་གིས་གཟུགས་མཐོང་བ་དང༌། ནོར་བུ་ཁབ་ལེན་གྱིས་ལྕགས་འདྲེན་ནོ་ཞེས་བྱ་བ་ལ་སོགས་པར་འདོད་པ་འདོད་པ་ཡིན་ནོ། །ཞེས་གསུངས་པས་སོ། །འོ་ན་ཐ་སྙད་དུ་མར་མེ་མུན་པ་སེལ་བར་འགལ་ལོ་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ནི་འཐད་པ་དང་བྲལ་བཞིན་དུ་དང༌། དཔྱད་པ་ན་འཇིག་བཞིན་དུ་མ་དཔྱད་པར་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ་ཚིག་གསལ་ལས། གལ་ཏེ་ཡང་འཐད་པ་དང་བྲལ་བ་ཉིད་ཀྱིས་རྫུན་པའི་དོན་ཅན་ཉིད་ཡིན་པའི་ཕྱིར་འཇིག་རྟེན་པའི་ཐ་སྙད་ལ་ཕྲད་པ་དང་མ་ཕྲད་པ་ལ་སོགས་པའི་བསལ་པ་འདི་མི་འཇུག་མོད་ཀྱི་དེ་ལྟ་ན་ཡང་དོན་དམ་པར་འཐད་པ་དང་བྲལ་བའི་ཕྱོགས་ཁས་བླངས་པར་འགྱུར་དུ་སོང་བས་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ན་འཐད་པ་ཞུགས་པར་བྱ་བ་ཡིན་ནོ། །ཞེས་ཐ་སྙད་དུ་ཁས་བླངས་པ་དེ་ཉིད་རིགས་པས་དཔྱད་པ་བྱས་པའི་ཚེ་ཁས་བླངས་ན་འཐད་པ་དང་བྲལ་བའི་ཕྱོགས་ཁས་བླངས་པའི་ཉེས་པ་ཡོད་པར་གསུངས་ཀྱི་དགག་བྱ་སྦྱར་མ་སྦྱར་གྱི་ཁྱད་པར་མ་གསུངས་སོ། །འོ་ན་དོན་དམ་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པའི་དོན་ལ། ཐ་སྙད་པའི་ཚད་མས་གནོད་པར་འགྱུར་རོ་ཞེ་ན། དངོས་པོར་སྨྲ་བའི་སྐབས་སུ་འདི་འདྲའི་རིགས་པ་ཞིག་འཇུག་སྲིད་ཀྱང༌། འདིར་ནི་ཟླ་བའི་ཞབས་ཀྱིས་གང་བཀག་པ་དེ་ཉིད་ཁྱོད་ཀྱི་འདི་ཡིན་ནོ། །ཇི་ལྟར་ཞེ་ན། ཇི་སྐད་དུ་ཚིག་གསལ་ལས། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པའི་དུས་ན། འཇིག་རྟེན་ཚད་མ་མ་ཡིན་པའི་ཕྱིར་དེས་གནོད་པར་བྱེད་མི་ནུས་སོ། །ཞེས་གསུངས་པས་སོ། །དེས་ན་མྱུ་གུ་ལྟ་བུའི་ཆོས་གཅིག་མ་བརྟགས་གཅིག་པུར་ཉམས་དགའ་བར་སྐྱེ་བ་ཉིད་དུ་ཁས་བླངས་པ་དང༌། མྱུ་གུ་ཆོས་ཅན། སྐྱེ་བ་མིན་ཏེ། མཐའ་བཞིའི་སྐྱེ་བ་དང་བྲལ་བའི་ཕྱིར། ཞེས་བྱ་བ་འདི་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །མདོར་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་ངོར་སྐྱེ་བ་ཡོད་པ་མ་ཡིན་པ་དང༌། ཐ་སྙད་དུ་ཡོད་པ་གཉིས་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ། །ཞར་ལ་འོང་པས་ཆོག་གོ །གཉིས་པ་སྒྲུབ་བྱེད་མ་ངེས་པར་བསྟན་པ་ནི། གལ་ཏེ་མར་མེ་སྣང་བྱེད་ཡིན་པས་རང་དང་གཞན་གྱི་དངོས་པོ་སྣང་བར་བྱེད་པར་འགྱུར་ན། མུན་པའང་ཆོས་ཅན། རང་དང་གཞན་གྱི་དངོས་པོ་སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། སྒྲིབ་པའི་བདག་ཉིད་ཡིན་པའི་ཕྱིར། འདིར་མར་མེས་གཞན་སྣང་བ་དང༌། མུན་པས་གཞན་སྒྲིབ་པ་གཉིས་ལ་དགག་བྱ་མ་སྦྱར་བ་བཞིན་དུ་གནས་སྐབས་གཞན་དུའང་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་སོར་བཞག་པ་ཡིན་པའི་ཚེ་ན། ཚིག་ཟིན་ལ་དགག་བྱ་སྦྱར་མི་དགོས་སོ། །སྐབས་འདིར་ཚིག་གསལ་དུ་སྤང་བྱ་སྤོང་ཚུལ་གསུངས་པའི་འཕྲོས་དོན་ལ། རིན་པོ་ཆེ་བའི་ཞལ་སྔ་ནས། མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་དེའི་མཐོང་སྤང་ཅུང་ཟད་ཀྱང་མེད་པ་དང༌། རྒྱུན་མཐའི་བར་ཆད་མེད་ལམ་གྱི་དུས་སུ་སྒོམ་སྤངས་ཀྱི་བག་ལ་ཉལ་ཅུང་ཟད་ཀྱང་མེད་པར་བཞེད་པ་དང༌། རང་རང་གི་ཤེས་རྒྱུད་ལ་བཏགས་པའི་ང་ཙམ་དེ། སྤངས་བྱའི་བག་ལ་ཉལ་གྱི་རྟེན་དུ་འདོད་པ་ནི་འགལ་བ་ཡིན་ཏེ། ཁྱེད་རང་ལྟར་ན། བར་ཆད་མེད་ལམ་དང་དེའི་ངོས་སྐལ་གྱི་སྤང་བྱ་ཤེས་རྒྱུད་གཅིག་གི་སྟེང་དུ་ལྷན་གཅིག་དུ་གནས་པ་འགལ་ཡང༌། བར་ཆད་མེད་ལམ་ཡིད་ཤེས་ཀྱི་ངོ་བོར་སྐྱེས་པ་དང༌། སྤང་བྱའི་བག་ལ་ཉལ་ང་ཙམ་ལ་བརྟེན་པ་གཉིས་ཀ་རྒྱུད་གཅིག་ལ་ལྷན་ཅིག་དུ་གནས་པ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང༌། མཐོང་ལམ་པ་མཐོང་སྤང་བག་ལ་ཉལ་གྱི་གནས་པ་རྟེན་ཡིན་པ་དང༌། མཐོང་ལམ་པའི་རྒྱུད་ལ་མཐོང་སྤང་མེད་པ་འགལ་བའི་ཕྱིར་དང༌། རྒྱུན་མཐའ་བསྒོམ་སྤང་བག་ལ་ཉལ་གྱི་གནས་པའི་རྟེན་ཡིན་པ་དང༌། དེའི་རྒྱུད་ལ་སྒོམ་སྤང་ཡོད་པ་འགལ་བའི་ཕྱིར། ཡང་སེམས་རྒྱུད་བག་ཆགས་ཀྱི་བསྒོ་གཞིར་མི་འདོད་པ་ནི། འཇུག་འགྲེལ་ལས། ཇི་སྐད་དུ། གང་གིས་སེམས་ཀྱིས་རྒྱུད་འགག་པར་བྱེད་ཅིང་སྒོ་བར་བྱེད་ལ་རྗེས་སུ་འགྲོ་བར་བྱེད་པ་དེ་ནི་བག་ཆགས་སོ། །ཞེས་གསུངས་པ་དང་འགལ་ལོ། །དེ་ལ་འདི་སྐད་དུ་ལན་ལྡོན་ཏེ། གང་ཟག་དེའི་སེམས་ཀྱིས་གཟུགས་མ་མཐོང་བས་གང་ཟག་དེ་མཐོང་བ་པོར་འཇོག་པ་མི་འགལ་བ་ལྟར། དེའི་ཤེས་རྒྱུད་བག་ཆགས་ཀྱི་བསྒོ་གཞི་ཡིན་པ་དང༌། དེ་ལ་བཏགས་པའི་གང་ཟག་བག་ཆགས་ཀྱི་གཞིར་འཇོག་པ་མི་འགལ་ལོ་ཞེས་གསུངས་པ་ནི། སེམས་ཅན་གྱི་ཤེས་རྒྱུད་བག་ཆགས་ཀྱི་གཞིར་ཁས་མ་བླངས་སམ། དེ་ལྟར་བླངས་མོད་དེ་ལས་ཅིར་འགྱུར་ཅེ་ན། བར་ཆད་མེད་ལམ་ལ་གནས་པའི་སེམས་དེ་ཆོས་ཅན། དེ་ལ་མེད་མ་ཡིན་པར་ཐལ། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་བསླད་པའི་ཕྱིར། འཁོར་གསུམ་ཞལ་གྱིས་བཞེས་སོ། །གཉིས་པ་དོན་དགག་པ་ནི། སྐྱེ་བ་འདིས་རང་ཉིད་སྐྱེད་པར་བྱེད་ན། མ་སྐྱེས་པའམ། སྐྱེས་པ་སྐྱེད། དང་པོ་ལྟར་ན། སྐྱེ་བ་འདི་ནི་ཆོས་ཅན། རང་གི་བདག་ཉིད་ཇི་ལྟར་སྐྱེད་དེ། རང་ཉིད་མ་སྐྱེས་པའི་ཕྱིར། ཅི་སྟེ་སྐྱེས་པས་རང་ཉིད་སྐྱེད་པར་བྱེད་ཅེ་ན། སྐྱེས་ཟིན་གྱི་སྐྱེ་བ་ཆོས་ཅན། རང་གིས་རང་ཉིད་སླར་ཡང་ཅི་ཞིག་སྐྱེད་དུ་ཡོད་དེ། སྐྱེས་ཟིན་པའི་ཕྱིར། གཉིས་པ་སོ་སོར་དགག་པ་ལ། སྐྱེ་བ་དགག གནས་པ་དགག འཇིག་པ་དགག དང་པོ་ལ། བསྐྱེད་བྱ་ལ་སྐྱེས་མ་སྐྱེས་སོགས་གསུམ་དུ་བརྟགས་ནས་དགག ཡོད་མེད་སོགས་གསུམ་དུ་དཔྱད་ནས་དགག འགག་བཞིན་པ་ཡིན་མིན་གཉིས་སུ་དཔྱད་ནས་དགག དང་པོ་ལ། དུས་གསུམ་གྱི་སྐྱེ་བ་ཁས་མ་བླངས་པས་དགག སྐྱེ་བཞིན་པ་ཁས་བླངས་ནས་དགག དང་པོ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ། དུས་གསུམ་གྱི་སྐྱེ་བ་ཐུན་མོང་དུ་དགག སྐྱེ་བཞིན་པ་སྐྱེ་བ་བྱེ་བྲག་ཏུ་དགག དང་པོ་ནི། གལ་ཏེ་སྐྱེ་བ་ངོ་བོ་ཉིད་ཀྱིས་ཡོད་ན། དེ་སྐྱེ་བས་སྐྱེད་པར་བྱེད་པ་རིགས་ན་ཡང༌། གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ་འགའ་ཡང་སྐྱེ་བ་མེད་དེ། བསྐྱེད་བྱ་སྐྱེས་ཟིན་པ་དང༌། མ་སྐྱེས་པ་དང༌། སྐྱེ་བཞིན་པ་གསུམ་ཇི་ལྟ་བུར་ཡང་མི་སྐྱེད་པ་དེ་ནི་སོང་བ་དང་མ་སོང་བ་དང་བགོམ་བཞིན་པ་ལ་འགྲོ་བ་བཀག་པས་རྣམ་པར་བཤད་པ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། རེ་ཞིག་སྐྱེས་པ་མི་སྐྱེ་སྟེ། །མ་སྐྱེས་པ་ལ་སྐྱེ་བ་མེད། །སྐྱེས་དང་མ་སྐྱེས་མ་གཏོགས་པ། །སྐྱེ་བཞིན་ཤེས་པར་མི་འགྱུར་རོ། །ཞེས་སྦྱར་རོ། །བླ་མ་རྗེ་བཙུན་པ་སོགས་གཞུང་འདི་ནས་གོང་དུ་བསྟན་པ་ཉིད་ཡིན་ནོའི་བར། ཇི་ལྟར། མར་མེ་རང་དང་གཞན་གྱི་དངོས། །ཞེས་པའི་ལན་གྱི་འཕྲོས་ལ་སྦྱར་ནས་ཐུན་མོང་དུ་འགོག་པའི་གཞུང་དུ་མཛད་ཀྱང༌། འདི་ནས་སོ་སོར་འགོག་པ་ལ་སྦྱར་ན་ལེགས་པར་སྣང་ངོ༌། །འདིར་རིན་པོ་ཆེ་པ། སྐབས་འདིའི་སྐྱེས་མ་སྐྱེས་གཉིས་ཐ་སྙད་དུ་ཡང་དངོས་འགལ་མ་ཡིན་ཏེ། འདིར་དེ་གཉིས་ཀྱི་གོ་དོན་འདས་མ་འོངས་ལ་བཤད་ལ། དེ་གཉིས་དངོས་འགལ་མ་ཡིན་པའི་ཕྱིར། དེས་ན་དེ་གཉིས་གང་ཡང་མ་ཡིན་པའི་སྐྱེ་བ་ད་ལྟར་བ་ཐ་སྙད་དུ་ཡོད་དོ་ཞེས་གསུང་དེ་ནི་ཟླ་བས་གང་བཀག་པ་དེ་ཉིད་ཡིན་ཏེ། ཚིག་གསལ་ལས། སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །ཅི་སྟེ་དེའི་དོན་དེ་གཉིས་མ་གཏོགས་པའི་སྐྱེ་བཞིན་པ་ངོ་བོ་ཉིད་ཀྱིས་མེད་པ་ལ་དགོངས་སོ་ཞེ་ན། མི་འཐད་དེ་གཞན་གཉིས་ལའང་དགག་བྱ་སྦྱར་དགོས་པར་མཚུངས་པའི་ཕྱིར་དང༌། སྐྱེ་བ་རང་བཞིན་གྱིས་མེད་པའི་ཤེས་བྱེད་དུ་སྐྱེ་བཞིན་པ་རང་བཞིན་གྱིས་མི་སྐྱེ་བ་བཀོད་ནས་དེ་ཡི་ཤེས་བྱེད་དུ། སྐྱེ་བཞིན་པ་རང་བཞིན་གྱིས་མེད་པ་འགོད་པ་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར། དེས་ན་གཞུང་འདི་དག་གིས་ནི་སྐྱེས་མ་སྐྱེས་གཉིས་ལས་མ་གཏོགས་པའི་སྐྱེ་བཞིན་ཐ་སྙད་དུ་ཡང་མི་འགྲུབ་པ་ཤེས་བྱེད་དུ་བཀོད་ནས། སྐྱེ་བ་རང་བཞིན་གྱིས་འགྲུབ་པ་འགོག་པ་ཡིན་ནོ། །གཉིས་པ་ནི། གལ་ཏེ་དེ་གཉིས་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པ་མ་ཡིན་ཏེ། སྐྱེ་བའི་བྱ་བ་དང་ལྡན་པ་ལ་སྐྱེ་བཞིན་པར་བརྗོད་པའི་ཕྱིར། དེ་ལྟར་ན་སྐྱེ་བཞིན་པ་དེ་སྐྱེ་བས་སྐྱེད་པར་བྱེད་དོ་ཞེ་ན། གང་གི་ཚེ་སྐྱེ་བའི་བྱ་བ་ཡོད་པས་ན། སྐྱེ་བཞིན་པ་འདི་འབྱུང་བར་རིགས་ན་ཡང༌། སྐྱེ་བའི་བྱ་བ་ཆོས་ཅན། ཇི་ལྟར་ཁྱོད་ལ་བརྟེན་ནས་ནི་སྐྱེ་བཞིན་པ་ཞེས་ནི་བརྗོད་པར་བྱ་སྟེ། ཁྱོད་མེད་པའི་ཚེ་ན་སྟེ་དེའི་ཕྱིར་རོ། །གཉིས་པ་ལ། སྤྱིར་བཀག་པ་ལ་རྩོད་པ་སྤང༌། སྐྱེ་བཞིན་པ་བཀག་པ་ལ་རྩོད་པ་སྤང༌། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་སྐྱེ་བ་བཀག་པ་ན། དེ་བཞིན་གཤེགས་པས་འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་སོགས་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པ་རྣམས་བཀག་པར་འགྱུར་རོ་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་ལ་རྟེན་འབྲེལ་མི་རུང་བའི་ཕྱིར། རྟེན་འབྲེལ་རང་བཞིན་གྱིས་ཞི་བ་ཡིན་པ་དེའི་ཕྱིར་སྐྱེ་བཞིན་པ་ཉིད་དང་ནི་སྐྱེ་བ་ཡང་ནི་སྤྲོས་པ་ཉེ་བ་ཞི་བ་ཡིན་ཏེ། རྟེན་འབྲེལ་ལས་མ་གཏོགས་པའི་སྐྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྐྱེ་བ་ཡོད་པ་ན། །ཞེས་སོགས་མི་རིགས་ཏེ། བུམ་པའི་སྐྱེ་བའི་བྱ་བ་ལ་བརྟེན་ནས་བུམ་པ་སྐྱེ་བཞིན་པར་འཇོག་ལ། དེ་སྐྱེ་བས་སྐྱེད་པར་བྱེད་དོ་ཞེ་ན། གལ་ཏེ་བུམ་པའི་སྔ་རོལ་དུ་བུམ་པའི་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་གང་ན་ཡོད་པར་གྱུར་ན། དེ་འདྲ་དེ་ནི། སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཞིག་ན། དེ་ལྟ་བུའི་དངོས་པོ་དེ་ནི་ཆོས་ཅན། ཅི་ཞིག་སྐྱེ་བར་འགྱུར་ཏེ། མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་སྐྱེ་བ་དེ་ཡིས་ནི་སྐྱེ་བཞིན་པ་ནི་སྐྱེད་པར་བྱེད་ན། སྐྱེ་བ་དེ་ནི་སྐྱེ་བ་ལྟ་གང་ཞིག་གིས་ནི་སྐྱེད་པར་བྱེད་ཅེས་དྲིའོ། །གལ་ཏེ་སྐྱེ་བ་གཞན་ཞིག་གིས་སྐྱེ་བ་དེ་སྐྱེད་པར་བྱེད་དོ་ཞེ་ན། ཐུག་པ་མེད་པར་སྐྱེ་དགོས་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་གཞན་མེད་པར་སྐྱེ་ན། དངོས་པོ་ཐམས་ཅད་ཆོས་ཅན། སྐྱེ་བས་མ་སྐྱེད་པར་ཡང་སྐྱེ་བར་འགྱུར་ཏེ། སྐྱེ་བ་དེ་སྐྱེ་བ་གཞན་གྱིས་མ་སྐྱེས་པར་སྐྱེ་བ་དེ་བཞིན་དུ་སྟེ་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར། གཉིས་པ་ནི། རེ་ཤིག་འབྲས་བུ་ཡོད་པ་དང་མེད་པ་རེ་རེ་བ་ཡང་སྐྱེ་བར་རིགས་པ་མ་ཡིན་ཞིང་ཡོད་མེད་གཉིས་ཀ་ཡིན་པ་ཉིད་ཀྱང་སྐྱེ་བར་རིགས་པ་མ་ཡིན་ནོ། །ཞེས་བྱ་བར་རྟོགས་དགོས་ཀྱང་རབ་བྱེད་འདིར་རྒྱས་པར་བསྟན་མི་དགོས་ཏེ། ཡོད་དམ་མེད་པའི་དོན་ལ་ཡང༌། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་པ་དང༌། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པ། །ཞེས་གོང་རྐྱེན་བརྟག་ཏུ་བསྟན་པ་ཉིད་ཡིན་ནོ་ཞེས་བཤད་ཟིན་དྲན་ལམ་དུ་འཕངས་པར་ཆོག་པའི་ཕྱིར་རོ། །གསུམ་པ་ནི་སྐྱེ་བ་ཡོད་ན་ཡོད་པ་གཉིས་ལས་མི་འདའ་བས་དངོས་པོ་འགག་བཞིན་པ་ཉིད་ལ་ནི་ཆོས་ཅན་སླར་ཡང་སྐྱེ་བ་འཐད་པར་མི་འགྱུར་རོ་ཞེས་འདོད་དགོས་ཏེ། ཡོད་པའི་ཕྱིར། གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་ཆོས་ཅན། དངོས་པོར་མི་འཐད་དོ་ཞེས་བསྟན་ཏེ། དངོས་པོའི་མཚན་ཉིད་འཇིག་པ་དང་བྲལ་བའི་ཕྱིར་རོ། །འདིའི་འགྲེལ་པར་འདས་པ་དང་མ་འོངས་པ་འཇིག་པ་དང་བྲལ་བ་དངོས་པོའི་མཚན་ཉིད་དང་མི་མཐུན་པ་འགག་བཞིན་པ་མ་ཡིན་པ་ལ་ཡང་ནམ་མཁའི་མེ་ཏོག་ལྟར་སྐྱེ་བ་ཡོད་པ་མ་ཡིན་ནོ། །གསུངས་པས། ཞིག་པ་དངོས་པོར་འདོད་པ་ཟླ་བའི་ཞབས་ཀྱིས་བཀག་པར་གསལ་ལོ། །གཉིས་པ་གནས་པ་དགག་པ་ལ། ཕྱོགས་སྔ་མ་ནི། གལ་ཏེ་སྐྱེ་བ་ཡོད་དེ། གནས་པ་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ་གསུམ། ལས་ལ་དུས་གསུམ་དུ་དཔྱད་ནས་དགག འགག་བཞིན་པ་ཡིན་མིན་ལ་དཔྱད་ནས་དགག གནས་བྱེད་གཞན་ཡོད་མེད་ལ་དཔྱད་ནས་དགག དང་པོ་ལ། གནས་པ་ཡོད་ན་གསུམ་ལས་མི་འདའ་བས་དངོས་པོ་གནས་པ་ཆོས་ཅན། མི་གནས་ཏེ། འདས་པའི་ཕྱིར། དངོས་པོ་མི་གནས་པ་མ་འོངས་པ་ཆོས་ཅན། གནས་པ་མ་ཡིན་ཏེ། གནས་པའི་བྱ་བ་མ་སྐྱེས་པའི་ཕྱིར། གནས་བཞིན་པ་ཡང་མི་གནས་ཏེ། སྔ་མ་གཉིས་ལས་མ་གཏོགས་པའི་གནས་བཞིན་པ་མི་སྲིད་པའི་ཕྱིར་དང༌། གནས་བཞིན་པ་གནས་ན་གནས་པའི་བྱ་བ་གཉིས་སུ་འགྱུར་ལ། འདོད་ན་གནས་པ་པོ་ཡང་གཉིས་སུ་འགྱུར་རོ། །གཞན་ཡང༌། གནས་བྱའི་ཆོས་གང་ཞིག་ཆོས་ཅན། གནས་པར་འགྱུར་བ་མི་རིགས་ཏེ། མ་སྐྱེས་པའི་ཕྱིར། འདིས་ནི། གོང་དུ་སྐྱེ་བ་དགག་པས་གནས་པ་ཁེགས་པར་བསྟན་ནོ། །གཉིས་པ་ནི། གནས་པ་ཡོད་ན་ཡོད་ས་གཉིས་ལས་མི་འདའ་བས་དངོས་པོ་འགག་བཞིན་པ་ཉིད་ལ་ནི་ཆོས་ཅན། གནས་པ་ཡིན་པ་འཐད་པར་མི་འགྱུར་རོ་སྟེ། གནས་པ་དང་འགལ་བའི་ཕྱིར། གང་ཞིག་འགག་བཞིན་པ་མ་ཡིན་པ་དེ་ནི་ཆོས་ཅན། གནས་པ་མེད་དེ། དངོས་པོར་མི་འཐད་དོ་ཞེས་ཁས་ལེན་དགོས་པའི་ཕྱིར། གཞན་ཡང༌། གང་དག་རྒ་བ་དང་འཆི་བ་མེད་པར་གནས་པའི་དངོས་པོ་གང་ཞིག་ཡོད་པ་ཡིན་ཏེ་མེད་པར་ཐལ། དངོས་པོ་ཐམས་ཅད་དུས་ཀུན་རྒ་བ་དང་འཆི་བ་སྟེ་འཇིག་པའི་ཆོས་ཅན་དུ་ངེས་པའི་ཕྱིར། འདིར་རིན་པོ་ཆེ་པ། གནས་པ་ངོ་བོ་ཉིད་ཀྱིས་ཡོད་པ་ཞེས་དངོས་སུ་སྦྱར་དགོས་ཀྱི། དེ་མ་སྦྱར་ན། དངོས་པོ་ཐམས་ཅད་རང་དུས་སུ་གནས་པ་ཐ་སྙད་དུ་ཁས་ལེན་དགོས་པས། ཕར་བཀག་པ་ཐམས་ཅད་རང་ལ་མཚུངས་པར་འགྱུར་རོ། །ཞེས་གསུང་ངོ་མི་མཚུངས་པའི་ཚུལ་ཡང་སྔར་བཤད་པ་ལྟར། འགག་བཞིན་པ་ཡིན་པ་ཡིན་མིན་སོགས་སུ་རྣམ་པར་དཔྱད་པའི་ཚེ་ཐ་སྙད་དུའང་གནས་པ་ཁས་མི་ལེན་པ་ཡིན་ནོ། །ཁྱེད་ཅག་དེ་ལྟར་དཔྱད་པའི་ཚེ་གང་ཐ་སྙད་དུ་གནས་པ་ཁས་ལེན་ན། འགག་བཞིན་པ་ཉིད་གནས་བཞིན་པར་ཁས་ལེན་དགོས་པས། འགག་པའི་བྱ་བ་དང་གནས་པའི་བྱ་བ་གཞི་གཅིག་གི་སྟེང་དུ་ཅིག་ཆར་དུ་ཡོད་པར་ཐལ་ལོ། །ཞེས་སོགས་བརྗོད་ན་འཁོར་གསུམ་ཁས་ལེན་དགོས་སོ། །དེ་ལྟར་ན། ཐ་སྙད་དུ་གནས་པ་ཁས་ལེན་ཀྱང་དེ་ལྟར་རིགས་པས་རྣམ་པར་བརྟགས་པའི་ཚེ་ནི། གནས་པ་ཐ་སྙད་དུ་ཁས་མི་ལེན་པ་ནི་མན་ངག་དམ་པའོ། །གསུམ་པ་ནི། གནས་པ་ཡོད་ན་གནས་བྱེད་གཉིས་ལས་མི་འདས་པས་གནས་པ་དེ་གནས་པ་གཞན་གྱིས་གནས་པར་བྱེད་པ་མི་རིགས་ཏེ། ཇི་ལྟར་སྐྱེ་བ་དེ་སྐྱེ་བ་གཞན་གྱིས་སྐྱེད་པ་མ་ཡིན་པ་དང་རིགས་པ་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་སྦྱར་རོ། །གནས་པ་དེ་གནས་པ་དེ་ཉིད་ཀྱིས་ཀྱང་གནས་པར་བྱེད་པ་མི་རིགས་ཏེ། ཅི་ལྟར་སྐྱེ་བ་དེ་སྐྱེ་བ་རང་གིས་སྐྱེད་པར་བྱེད་པ་མ་ཡིན་པ་བཞིན་དུ་སྦྱར་བས་རིགས་པ་མཚུངས་པའི་ཕྱིར། ཇི་ལྟར་ན། གནས་པ་འདི་ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །གལ་ཏེ་གནས་པས་གནས་བྱེད་ན། །གནས་ན་ཅི་ཞིག་གནས་སུ་ཡོད། །ཅེས་སྦྱར་བས་སོ། །གསུམ་པ་ལ་ཕྱོགས་སྔ་མ་ནི། སྐྱེ་བ་དང་གནས་པ་རང་བཞིན་གྱིས་ཡོད་དེ། དེ་དང་ལྷན་ཅིག་དཔྱོད་པའི་ཆོས་འཇིག་པ་ཡོད་པའི་ཕྱིར་ཞེ་ན། དེ་དགག་པ་ལ། འཇིག་བྱ་ལ་དུས་གསུམ་དང་གནས་བཞིན་པ་ཡིན་མིན་བརྟགས་ནས་དགག འཇིག་བྱེད་ཀྱི་གནས་སྐབས་དང་ངོ་བོ་ལ་བརྟགས་ནས་དགག་པའོ། །དང་པོ་ལ། དུས་གསུམ་དུ་དཔྱད་ནས་དགག གནས་བཞིན་པ་ཡིན་མིན་དཔྱད་ནས་དགག་པའོ། །དང་པོ་ནི། མི་རྟག་པ་ངོ་བོ་ཉིད་ཀྱིས་ཡོད་ན་མཚན་གཞི་གསུམ་ལས་མི་འདའ་བས། དངོས་པོ་འགགས་ཟིན་པ་ནི་ཆོས་ཅན། འགག་པར་མི་འགྱུར་ཏེ། འགགས་ཟིན་པའི་ཕྱིར། འདིས་ཀྱང་ཞིག་པ་དངོས་མེད་དུ་བསྟན་ནོ། །མ་འགགས་པ་སྟེ་འགག་པའི་བྱ་བ་མ་སྐྱེས་པ་ནི་ཆོས་ཅན། འགག་པར་མི་འགྱུར་ཏེ། འགགས་པའི་བྱ་བ་དང་བྲལ་བའི་ཕྱིར། འགག་བཞིན་པ་ཡང་དེ་བཞིན་དུ་འགག་པ་ཡིན་ཏེ། དེ་གཉིས་ལས་མ་གཏོགས་པའི་འགག་བཞིན་པ་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་ན་འགག་པའི་བྱ་བ་གཉིས་སུ་ཐལ་བའི་ཕྱིར། གཞན་ཡང་འགག་པར་བྱ་རྒྱུའི་དངོས་པོ་གང་ཞིག་ཆོས་ཅན། འགག་པར་འགྱུར་བ་མ་ཡིན་ཏེ། མ་སྐྱེས་པར་སྔར་བཤད་ཟིན་པས་འགག་རྒྱུ་མེད་པའི་ཕྱིར། གཉིས་པ་ནི། འགག་པ་རང་གི་ངོ་བོས་ཡོད་ན་ཡོད་པ་གཉིས་ལས་མི་འདའ་བས་རེ་ཞིག་དངོས་པོ་གནས་པ་ཆོས་ཅན། ཁྱོད་ལ་འགག་པ་འཐད་པར་མི་འགྱུར་རོ་སྟེ། ཁྱོད་དང་འགག་པའི་བྱ་བ་གཉིས་གཞི་གཅིག་ལ་འགལ་བའི་ཕྱིར། དངོས་པོ་མི་གནས་པ་འདས་པ་དང་མ་འོངས་པ་ལ་ཆོས་ཅན། འགག་པ་འཐད་པར་མི་འགྱུར་རོ་སྟེ། འགག་རྒྱུ་ཡོད་པ་མ་ཡིན་པའི་ཕྱིར། འདིར་རིན་པོ་ཆེ་པ། རང་དུས་སུ་མི་གནས་པ་ལ་བཞེད་པ་མི་རིགས་ཏེ། འདས་མ་འོངས་ལ་དོགས་པ་མ་ཆོད་པའི་ཕྱིར་དང༌། འདས་མ་འོངས་རང་དུས་སུ་མི་གནས་པར་འདོད་ན། དངོས་པོ་ཐམས་ཅད་རང་དུས་སུ་གནས་པར་ཁས་བླངས་པ་དང་འགལ་བའི་ཕྱིར། འདས་མ་འོངས་གཉིས་དངོས་པོ་གནས་པའི་ནང་དུ་བགྲང་ན་ནི། དངོས་པོ་གནས་པ་མི་གནས་ཏེ། །མི་གནས་པ་ཡང་གནས་པ་མིན། །ཞེས་པར་ཁྱེད་རང་གིས་དགག་བྱ་མ་སྦྱར་བར་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ལ། གནས་སྐབས་གང་གིས་འཇིག་བརྟག་པ་དང༌། དངོས་པོ་གང་འཇིག་བརྟག་པ་དང༌། འཇིག་བྱེད་གང་གིས་འཇིག་བརྟག་པ་དང་གསུམ། དང་པོ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། འགག་པ་ངོ་བོ་ཉིད་ཀྱིས་ཡོད་ན་གནས་སྐབས་གཉིས་ཀྱི་འགག་པ་ལས་མི་འདའ་བས། འོ་མའི་གནས་སྐབས་དེ་ཡིས་འོ་མའི་གནས་སྐབས་དེ་ཉིད་ནི་འགག་པ་ཉིད་དུ་མི་འགྱུར་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར། དེ་ལས་གཞན་ཞོ་ཡི་གནས་སྐབས་ཀྱིས་འོ་མའི་གནས་སྐབས་གཞན་ཡང་འགག་པ་ཉིད་དུ་མི་འགྱུར་ཏེ། གཞིག་བྱ་དང་འཇིག་བྱེད་དུས་གཅིག་ན་མེད་པའི་ཕྱིར། གལ་ཏེ་མེད་པར་ཡང་འཇིག་པར་བྱེད་ན་བོང་བུའི་རྭ་ཡང་འཇིག་པར་ཐལ་ལོ། །གཉིས་པ་ནི། གལ་ཏེ་གནས་སྐབས་དེ་ཡིས། །ཞེས་སོགས་ལ་ཁྱབ་པ་མེད་དེ། སྤྱིར་འོ་མའི་གནས་སྐབས་ལ་སྐྱེ་བ་ཡོད་པས་འཇིག་པ་ཡོད་དོ་ཞེས། ཆོས་རྣམས་ཐམས་ཅད་ཀྱི་འགག་པ་འཐད་པར་མི་འགྱུར་ཏེ། རིགས་པས་དཔྱད་པ་གང་གི་ཚེ་འོ་མ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་འཐད་པར་མི་འགྱུར་བ་དེ་ཡི་ཚེ་ནའོ། །གཉིས་པ་ལ། རེ་ཞིག་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་རོ་སྟེ། དངོས་པོར་ཡོད་པ་དང་འགག་པ་གཉིས་གཞི་གཅིག་ལ་ཁས་བླངས་པར་ཐལ་བའི་ཕྱིར་རོ། །འདི་ནི། རྟག་ཕྱིར་དངོས་པོ་འཇིག་པ་དང༌། །ལྷན་ཅིག་ཡོད་པར་འགྱུར་ཞེ་ན། །ཞེས་པ་དང་དོན་གཅིག་པར་སྣང་ངོ༌། །གལ་ཏེ་གཞི་གཅིག་ཏུ་ཁས་ལེན་ན་ནི་དངོས་པོ་དང་དངོས་པོ་མེད་པ་མཐའ་གཅིག་དུ་ངེས་པར་མེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། བུམ་པ་ཆོས་ཅན། དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་པར་ཐལ། འགག་པ་དངོས་མེད་ཀྱིས་ཟིན་ཅིང་དངོས་པོའི་ཆོས་དང་ཡང་མ་བྲལ་བའི་ཕྱིར་རོ། །དངོས་པོ་མེད་པར་གྱུར་པ་ལའང་འགག་པ་འཐད་པར་མི་འགྱུར་ཏེ། འགག་རྒྱུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་མགོ་གཉིས་མེད་པ་ལ་དེ་གཉིས་བཅད་དུ་མེད་པ་དེ་བཞིན་ནོ། །གསུམ་པ་ནི། འགག་པས་དངོས་པོ་རྣམས་འགག་པར་བྱེད་ན། དེ་ལ་ཡང༌། འགག་བྱེད་གཉིས་པ་གཞན་ཡོད་དམ་མེད་ཅེས་རྣམ་པར་བརྟགས་ན། འགག་པ་རང་གི་བདག་ཉིད་ཀྱིས་འགག་པར་བྱེད་པ་ཡོད་པ་མ་ཡིན་ཞིང་འགག་པ་དོན་གཞན་གྱིས་འགག་པར་བྱེད་པའང་མིན་ཏེ། ཇི་ལྟར་སྐྱེ་བ་རང་དང་ནི་གཞན་གྱིས་སྐྱེད་པ་མ་ཡིན་པ་བཞིན་དུ་རིགས་པ་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། འགག་པ་འདི་ནི་མ་འགགས་པས། །རང་གི་བདག་ཉིད་ཇི་ལྟར་འགོག །ཅི་སྟེ་འགགས་པས་འགོག་ཅེ་ན། །འགགས་ན་ཅི་ཞིག་འགོག་ཏུ་ཡོད། །ཅེས་དང༌། གལ་ཏེ་འཇིག་པ་གཞན་ཞིག་གིས། །དེ་འཇིག་ཐུག་པ་མེད་པར་འགྱུར། །ཅི་སྟེ་འཇིག་མེད་འཇིག་ཅེ་ན། །ཐམས་ཅད་དེ་བཞིན་འཇིག་པར་འགྱུར། །ཞེས་སྦྱར་བས་སོ། །གཉིས་པ་དེས་མཚན་གཞི་འདུས་བྱས་ཀྱང་ཁེགས་པར་བསྟན་པ་ནི། གལ་ཏེ་འདུས་བྱས་སྤྱི་ཡི་མཚན་ཉིད་ཁེགས་ཀྱང༌། ཁྱད་པར་གྱི་མཚན་ཉིད་སྲ་བ་དང་ནོག་ལྐོག་ཤལ་སོགས་དང་ལྡན་པའི་འདུས་བྱས་རང་བཞིན་གྱིས་ཡོད་དོ་ཞེ་ན། སྔར་ཇི་སྐད་བཤད་པའི་རིགས་པས་རྣམ་པར་དཔྱད་ན། ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་འདུས་བྱས་གྲུབ་པ་མེད་དེ། རིགས་པས་དཔྱད་པ་གང་གི་ཚེ་འདུས་བྱས་སྤྱིའི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མ་གྲུབ་པའི་ཕྱིར། གཉིས་པ་ནི། གལ་ཏེ་འདུས་བྱས་རང་བཞིན་གྱིས་ཡོད་དེ། མི་མཐུན་ཕྱོགས་འདུས་མ་བྱས་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། རིགས་པས་དཔྱད་པ་ན། འདུས་མ་བྱས་ནི་ཇི་ལྟར་འགྲུབ་སྟེ། ཇི་སྐད་བཤད་པའི་རིགས་པས་དགག་བྱ་འདུས་བྱས་རབ་ཏུ་མ་གྲུབ་པས་སོ། །གཉིས་པ་ནི། གལ་ཏེ་ཇི་སྐད་བཤད་པའི་རིགས་པས་སྐྱེ་འཇིག་གནས་གསུམ་མ་གྲུབ་ན། མདོ་ལས། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་མངོན། འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། མི་འགལ་ཏེ། རྨི་ལམ་ཇི་བཞིན་དུ་སྐྱེ་བ་མེད་པའི་ཚུལ་གྱི་སྐྱེ་བར་སྣང་བ་དང༌། སྒྱུ་མ་ཇི་བཞིན་དུ་གནས་པ་མེད་པའི་ཚུལ་གྱིས་གནས་པར་སྣང་བ་དང༌། དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ་འཇིག་པའི་ཚུལ་གྱིས་འཇིག་པར་སྣང་བ་དེ་བཞིན་དུ་སྐྱེ་བ་དང༌། དེ་བཞིན་དུ་གནས་པ་དང༌། དེ་བཞིན་དུ་ནི་འཇིག་པ་ཡོད་པར་གསུངས་ཀྱི་ངོ་བོ་ལ་ཡོད་པར་མ་གསུངས་པའི་ཕྱིར། གཉིས་པ་རབ་བྱེད་ཀྱི་མཚན་བསྟན་པ་ལ་དངོས་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ནི། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་ཚིགས་སུ་བཅད་པ་སུམ་ཅུ་རྩ་བཞིའི་བདག་ཉིད་ཅན་གྱི་རབ་ཏུ་བྱེད་པ་བདུན་པ་རྣམ་པར་བཤད་པའོ།།  །།སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །མི་སྐྱེ་བས་ན་སྐྱེ་བ་མེད། །དེ་མེད་གནས་དང་འཇིག་པ་དང༌། །འདུས་བྱས་འདུས་མ་བྱས་པ་དང༌། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཉིས་པ་ལ། ལྟ་བའི་ཡུལ་ངོས་བཟུང་བ་དང༌། དེ་ལ་རྗེས་ཀྱི་ཤེས་བརྗོད་ཀྱིས་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ། ཐ་སྙད་ཇི་ལྟ་བཏགས་པའི་དོན་དེ་ལྟ་བའི་ཡུལ་དངོས་མ་ཡིན་པར་བཤད། ཡུལ་ཅན་ལྟ་བ་ཉིད་ངོས་བཟུང༌། དེ་ལ་རྗེས་ཀྱི་ཤེས་བརྗོད་ཀྱིས་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ། ཇི་ལྟར་བཏགས་པའི་ཤེས་པ་དེ་ཉིད་ལྟ་བ་མཚན་ཉིད་པ་མ་ཡིན་པར་བསྟན། རབ་བྱེད་འདིར་འཕྲོས་པའི་དོན་གཞན་བཤད་པའོ། །དང་པོ་ལ། དངོས་དང༌། དགག་བྱ་སྦྱོར་མཚམས་བཤད་པའོ། །དང་པོ་ནི། མྱུ་གུ་ལ་མཐའ་བཞིའི་སྐྱེ་བ་གང་ཡོད་ཅེས་སམ། སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་པ་གང་སྐྱེ་ཞེས་སམ། གཅིག་དང་དུ་མ་གང་དུ་གྲུབ་ཅེས་སམ། ཡོད་མེད་གང་དུ་གྲུབ་ཅེས་སོགས་རིགས་པས་རྣམ་པར་དཔྱད་པ་ན་དེ་ལྟར་དཔྱོད་བྱེད་ཀྱི་རིགས་པས་གང་དུ་ཡང་མ་རྙེད་པའི་མེད་དགག་ནམ་མཁའ་ལྟ་བུ་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བ་དེའོ། །དེ་སྐད་དུ་ཡང༌། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་པར་རྟོག་མེད་དོན་བརྒྱད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་དང༌། གང་ཚེ་དངོས་དང་དངོས་མེད་གང༌། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་བདེན་གཉིས་ཆུང་བར། འདི་ལྟར་སྣང་བའི་དངོས་པོ་ནི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་དང༌། དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སོ། །གཉིས་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་དངོས་མ་ཡིན་པ་རྟེན་འབྲེལ་གྱི་གཏན་ཚིགས་ལྟ་བུ་དང༌། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ལ་གཏོགས་ཀྱང་དཔྱོད་བྱེད་དངོས་མ་ཡིན་པ་དཔྱད་འབྲས་ཐ་སྙད་དུ་འཇོག་བྱེད། དཔེར་ན། གཅིག་དང་དུ་བྲལ་གྱི་རྩ་བའི་རྟགས་དང༌། རྡོ་རྗེ་གཟེགས་མ་ལ་སོགས་པའི་རྩ་བའི་གཏན་ཚིགས་བཀོད་ནས་ཐ་སྙད་འབའ་ཞིག་སྒྲུབ་པ་རྣམས་དང༌། སྐྱེ་བ་མེད་པས་འགལ་པ་མེད། །ཅེས་དང༌། འདུས་བྱས་མེད་པས་འདུས་མ་བྱས་མ་གྲུབ་ཅེས་སོགས་རྒྱུ་མཚན་མཚུངས་པ་ལ་ནི་དོན་དམ་པར་ཞེས་སམ། རང་འཛིན་གྱི་ཤེས་སམ། བདེ་བར་ཞེས་སོགས་དགག་བྱའི་ཁྱད་པར་ངེས་པར་སྦྱར་དགོས་ཏེ། མ་སྦྱར་ན། ཐ་སྙད་ཀྱི་བདེན་པ་བཀག་པར་འགྱུར་བའི་ཕྱིར་དང༌། བཤད་མ་ཐག་པའི་རིགས་པ་དེའི་ངོར་གྲུབ་པ་ཙམ་གྱིས་རིགས་པས་དཔྱད་བཟོད་ཡིན་མི་དགོས་པའི་ཕྱིར་ཏེ། མཐའ་བཞིའི་སྐྱེ་བ་མེད་པ་དང༌། སྐྱེ་བ་ཙམ་ལ་འགལ་བ་མེད་པའི་ཕྱིར་རོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པ་དངོས་སུ་གྱུར་པ། དཔེར་ན། མྱུ་གུ་གཅིག་དང་དུ་མ་གང་དུ་གྲུབ་ཅེས་དཔྱོད་པའི་ཚེ་དང༌། མཐའ་བཞི་པོ་གང་ལས་སྐྱེ་ཞེས་དང༌། སྐྱེས་པ་དང༌། མ་སྐྱེས་པ་དང༌། སྐྱེ་བཞིན་པ་གང་སྐྱེ་ཞེས་དང༌། སོང་དང་མ་སོང་བགོམ་བཞིན་པ་གང་འགྲོ་བ་ཡོད་ཅེས་དང༌། ཡོད་པ་སྐྱེའམ་མེད་པ་སྐྱེ་ཞེས་པ་ལྟ་བུའི་རིགས་པས་རྣམ་པར་དཔྱོད་པའི་ཚེ་ན། དགག་བྱ་སྦྱར་མི་དགོས་ཏེ། དེ་འདྲའི་ཚེ་རིགས་པ་དེ་དག་གིས་རྣམ་པར་དཔྱད་པའི་མཐའ་དེ་དག་ལས་གང་རུང་ཅིག་ཁས་བླངས་ན་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང༌། ཐ་སྙད་བཏགས་པའི་བཏགས་དོན་བཙལ་བས་རྙེད་པའི་དོན་ཡོད་པར་ཧ་ཅང་ཐལ་བས་སོ། །འདིར་རིན་པོ་ཆེ་བ་སོགས། སྐྱེ་བཞིན་པ་རང་བཞིན་གྱིས་མི་སྐྱེ་བ་ཡིན་གྱི། སྤྱིར་སྐྱེ་བཞིན་པ་སྐྱེ་ཞེས་དང༌། བགོམ་བཞིན་པ་ལ་འགྲོ་བ་ཙམ་ཡོད་པར་བཞེད་པ་དང༌། མྱུ་གུ་རང་གི་རྒྱུ་དུས་སུ་མེད་པ་སྐྱེ་བར་བཞེད་པ་དང༌། མྱུ་གུ་མཐའ་བཞི་པོ་གང་དུ་སྐྱེ་ཞེས་རྣམ་པར་དཔྱད་པའི་ཚེ་བཞི་པོ་གང་དུ་ཡང་མི་སྐྱེའང་སྐྱེ་བ་སོགས་ཁས་ལེན་པ་ནི། ཀླུ་སྒྲུབ་ཡབ་སྲས་ཀྱིས་ཐ་སྙད་བདེན་པའི་འཇོག་ཚུལ་ལས་ཕྱི་རོལ་དུ་གྱུར་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་ནི་རིགས་པས་རྣམ་དཔྱོད་མེད་པར་འཇོག་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། དེ་བཞིན་དུ་བུམ་པ་དང་ཤིང་རྟ་ལ་སོགས་པའི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བ་ན་དེ་ལྟར་འཚོལ་བྱེད་ཀྱི་རིགས་པ་དེའི་ངོར་བུམ་པ་དང་ཤིང་རྟ་སོགས་སྤྱིར་མ་རྙེད་པ་གཅིག་དགོས་པ་ཡིན་གྱི། དེའི་ཚེའང་དགག་བྱ་སྦྱར་དགོས་ན། དབུ་མ་པའི་ཐ་སྙད་བདེན་པའི་འཇོག་མཚམས་ལས་ཉམས་སོ། །གཉིས་པ་དེ་ལ་ཤེས་བརྗོད་ཀྱིས་ཐ་སྙད་ཇི་ལྟར་འདོགས་པའི་ཚུལ་ནི། ཇི་སྐད་བཤད་པའི་སྤྲོས་བྲལ་དེ་ལ་རྗེས་ཀྱི་ཤེས་པ་དང་བརྗོད་པས། དོན་དམ་པའི་བདེན་པ་ཞེས་དང༌། བདེན་པར་མེད་པ་ཞེས་དང༌། རང་བཞིན་སྐྱེ་མེད་ལ་སོགས་པའི་ཐ་སྙད་བཏགས་སོ། །འདོགས་པའི་ཚུལ་ཡང་དོན་དམ་བདེན་པའི་མཚན་ཉིད་བཞག་ནས་དེས་དེར་མཚོན་པར་བྱེད་པ་དང༌། གཅིག་དང་དུ་བྲལ་ལ་སོགས་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་རྣམས་ཀྱིས་དེ་དང་དེའི་ཐ་སྙད་སྒྲུབ་པར་བྱེད་དོ། །གསུམ་པ་ནི། དེ་ལྟར་ཐ་སྙད་བྱས་དུས་ཀྱི་དོན་དམ་བདེན་པ་དང༌། བུམ་པ་བདེན་སྟོང་དང༌། རང་བཞིན་སྐྱེ་མེད་སོགས་སྒྲས་བརྗོད་རྒྱུ་དང༌། རྟོག་པ་ལ་འཆར་རྒྱུ་ཅི་བྱུང་བ་དེ་ཐམས་ཅད་ཀྱང་སྒྲ་རྟོག་གིས་དོན་དམ་བདེན་པར་སྒྲོ་བཏགས་པ་ཡིན་གྱི་དོན་དམ་པའི་བདེན་པ་དངོས་མ་ཡིན་ཏེ། སྒྲ་རྟོག་གིས་ཡུལ་དུ་བྱས་པའི་ཕྱིར། འོ་ན་དོན་དམ་བདེན་པ་བརྗོད་དུ་མེད་ན། དེའི་མཚན་ཉིད་དང༌། མཚན་གཞི་སོགས་བསྟན་བཅོས་སུ་བྱས་པ་དོན་མེད་པར་འགྱུར་རོ་ཞེ་ན། དོན་དམ་བདེན་པ་རྟོགས་པའི་ཐབས་སུ་དེ་ལྟར་བསྟན་པ་ཡིན་ཏེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོར། ཡིག་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་པའི་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པ་ཡིན། །ཞེས་དང༌། ཅི་སྟེ་དོན་དམ་པའི་བདེན་པ་ཞེས་དང༌། བུམ་པའི་ཆོས་ཉིད་དང་རང་བཞིན་ཞེས་སོགས་ཡོངས་གཅོད་དུ་རྟོགས་བྱ་རྣམས་དོན་དམ་བདེན་པ་མིན་དུ་ཆུག་མོད། བདེན་སྟོང་དང༌། འགོག་བདེན་དང༌། མྱང་འདས་སོགས་དོན་དམ་བདེན་པར་ཁས་ལེན་དགོས་སོ་སྙམ་ན། དེ་ཡང་དེ་ལྟ་མ་ཡིན་ཏེ། ཡེ་ཤེས་སྙིང་པོས། བདེན་གཉིས་ཀྱི་འགྲེལ་པར། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་དོན་ནི་དོན་དམ་ཡིན། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང༌། དེའི་འགྲེལ་པར། དེ་ཡང་རིགས་པས་དཔྱད་ན་ཀུན་རྫོབ་ཁོ་ན་སྟེ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་དུ་ན་བཀག་མེད་གསལ། །དགག་བྱ་མེད་ན་བཀག་པ་མི་འབྱུང་བའི་ཕྱིར་ཏེ་ཡུལ་མེད་པའི་བཀག་པར་མི་རིགས་པའི་ཕྱིར་རོ། །ཞེས་དང༌། རིགས་པ་དྲུག་ཅུ་པར། དེ་ཉིད་གཟིགས་རྣམས་འཁོར་བ་དང༌། །མྱ་ངན་འདས་པར་རློམ་སེམས་མེད། །ཅེས་པའི་འགྲེལ་པར། ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཏུ་བདེན་པ་ཡིན་ནམ་ཞེ་ན། འདི་ནི་དེ་བཞིན་ཏེ། འཁོར་བར་ཡོངས་སུ་རྟོག་པ་ཡོད་ན་མྱ་ངན་ལས་འདས་པར་ཡོངས་སུ་རྟོག་པའི་ཕྱིར་དང༌། དེ་གཉིས་ཀ་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། ཡང་ཇི་ལྟར་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པར་གསུངས་ཤེ་ན། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་བསླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཁོ་ནས་དེ་དོན་དམ་པའི་བདེན་པར་གསུངས་སོ། །ཞེས་སོགས་གསུངས་པས། མཚན་འཛིན་གྱིས་གང་ལ་མཚན་མར་བཟུང་བའི་ཞེན་གཞི་དེ་ཡིན་ན་དོན་དམ་བདེན་པ་མ་ཡིན་པས་ཁྱབ་པར་གསུངས་སོ། །འོ་ན་གང་ཡོད་པ་ཡིན་ན་རྐུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པ་ནི་ཡོད་ལ་དེ་ཡིན་ན་ཀུན་རྫོབ་ཀྱི་བདེན་པར་འགལ་བའི་ཕྱིར། འོ་ན་དེ་ཡི་མཚན་གཞི་གང་ཡིན་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དུ་དེའི་མཚན་གཞི་ངོས་འཛིན་པ་ནི་སྔ་མ་ལྟར་ཡིན་ལ། འཕགས་པའི་སོ་སོ་རང་གིས་རིག་པར་བྱ་བའི་དོན་དམ་པའི་བདེན་པ་དངོས་ནི་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པར་མི་ནུས་ཏེ། ཇི་སྐད་དུ། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །ཞེས་དང༌། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་དང༌། བྱིས་པས་དེ་སྔོན་མཐོང་མ་མྱོང༌། །ཞེས་དང༌། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང༌། གཞན་ལས་ཤེས་མིན། ཞེས་སོགས་དང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ། །ཅེས་སོགས་ཇི་སྐད་གསུངས་པ་རྣམས་ལས་རྟོགས་སོ། །དབུ་མ་པ་ཆེན་པོ་རྨ་བྱའི་ཞབས་ཀྱིས་ཀྱང༌། དོན་དམ་བདེན་པའི་མཚན་གཞི་སྤྲོས་པ་ཐམས་ཅད་ལས་འདས་པས་ན། མཚན་གཞི་མེད་པའི་མཚན་ཉིད་ཀྱང་མེད་པས་དེ་ཁོ་ན་ཉིད་དུ་མཚན་མཚོན་གཞི་གསུམ་གྱི་སྤྲོས་པ་ཐམས་ཅད་ལས་འདས་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཐམས་ཅད་ནི་མཚན་ཉིད་གཅིག་པ་སྟེ་འདི་ལྟར་མཚན་ཉིད་མེད་པའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ཡང་མཚན་ཉིད་ལ་སོགས་པའི་སྒོ་ནས་སྒྲོ་བཏགས་ནས་མ་བསྟན་ན་དོན་དམ་པའི་བདེན་པ་མི་རྟོགས་པས་ཐ་སྙད་དུ་མཚན་ཉིད་ལ་སོགས་པ་སྒྲོ་བཏགས་ནས་བསྟན་པ་ཡིན་ནོ། །ཞེས་གསུངས་ལ། རིགས་པའི་དབང་ཕྱུག་སློབ་དཔོན་ཕྱྭ་པ་ཡང༌། དོན་དམ་བདེན་པ་དང༌། ཆོས་ཉིད་སོགས་མེད་དགག་མ་ཡིན་པ་རྣམས་དོན་དམ་བདེན་པ་མ་ཡིན་པར་བཞེད་དོ། །འདི་ནི་འཇུག་པར། དེ་ཡོངས་ཤེས་བཞིན་ཐ་སྙད་བརྟེན་ནས་རིགས་པའང་ཡིན། །ཞེས་པའི་དོན་དུ་སྣང་ངོ༌། །བཞི་པ་ཡུལ་ཅན་ལྟ་བ་ཉིད་ངོས་བཟུང་བ་ནི། བུམ་པ་ལྟ་བུ་གཅིག་དཔྱད་གཞིར་བཟུང་ནས་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པས་རྣམ་པར་དཔྱད་པ་ན། སྤྲོས་པའི་མཐའ་གང་དུ་ཡང་མ་གཟིགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཏེ། ཇི་སྐད་དུ། ཡང་དག་པར་གཅིག་ཏུ་ན་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་བརྟགས་པའི་ངོ་བོ་དང་བྲལ་བ་ཡིན་ནོ་སྙམ་དུ་སྒོམ་པས་སྒོམ་པའི་སྟོབས་གྲུབ་པ་ན་ནོར་བུ་དང་དངུལ་ལ་སོགས་པའི་ཤེས་པ་བཞིན་དུ་འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་སོ། །ལྔ་པ་ནི། འདི་ལ་རྗེས་ཀྱི་ཤེས་བརྗོད་ཀྱིས། བུམ་པ་བདེན་མེད་རྟོགས་ཞེས་དང༌། དོན་དམ་བདེན་པ་རྟོགས་ཞེས་དང༌། དབུ་མའི་ལྟ་བ་རྟོགས་སོ་ཞེས་ཐ་སྙད་དུ་འདོགས་པར་བྱེད་པ་ན། ཇི་སྐད་དུ། མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་དང༌། ཇོ་བོ་རྗེའི་བདེན་གཉིས་ལས། མ་མཐོང་པ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་དང༌། ཇི་སྐད་དུ། རང་བཞིན་མེད་དེ་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །ཅེས་སོ། །དྲུག་པ་ནི། བུམ་པ་བདེན་པར་མེད་དོ་ཞེས་དང༌། བུམ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཞེས་སོགས་སུ་ཞེན་པའི་བློ་གང་ཡིན་པ་འདི་འདྲ་གང་ཟག་སུ་ཡི་རྒྱུད་ལ་བྱུང་ཡང་དབུ་མའི་ལྟ་བར་མི་རུང་སྟེ། མཚན་མར་འཛིན་པའི་བློ་ལས་མ་འདས་པའི་ཕྱིར་དང༌། སྤྲོས་པའི་མཐར་ཞེན་པའི་བློ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་བཤད་པ་དང༌། རྒྱན་དང་བདེན་གཉིས་ལས་མཐུན་པའི་དོན་དམ་དུ་བཤད་པ་བཞིན་ནོ། །འོ་ན་གཅིག་དང་དུ་བྲལ་གྱི་རྟགས་ལས་མྱུ་གུ་བདེན་སྟོང་དུ་རྟོགས་པའི་རྗེས་དཔག་དེ་རིགས་ཤེས་མ་ཡིན་པར་འགྱུར་ཏེ། དེས་དེར་ཞེན་པའི་ཕྱིར་ཞེ་ན། འདི་ལ་དབུ་མ་པ་ཆེན་པོ་རྨ་བྱ་བྱང་བརྩོན་གྱིས། བདེན་སྟོང་བཀག་པའི་ཆ་ནས་རིགས་ཤེས་སུ་འཇོག་གི །དེར་ཞེན་པའི་ཆ་ནས་རྗེས་དཔག་གི་ལྡོག་པར་འགྱུར་གྱི་རིགས་ཤེས་སུ་མི་འགྱུར་བར་བཤད་པ་ཉིད་ལེགས་སོ། །འོ་ན་རིགས་ངོར་ཀུན་རྫོབ་ཀྱི་ཆ་གང་ཡང་ཡོད་པར་ཁས་མི་ལེན་ན། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་དེ་རིགས་ཤེས་ཀྱིས་བཀག་པར་འགྱུར་བ་ཇི་ལྟར་མིན་ཞེ་ན། དེ་ལྟ་ན་ཡང་དེས་དེ་བཀག་པར་འགྱུར་བ་མ་ཡིན་ཏེ། མྱུ་གུའི་གནས་ཚུལ་སེམས་པའི་རིགས་པ་དེས་མྱུ་གུ་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་མ་རྙེད་པ་ཙམ་ཡིན་གྱི་དེས་མྱུ་གུ་མེད་པར་འཇལ་བ་མ་ཡིན་པའི་ཕྱིར། ཡོད་པར་མ་མཐོང་བ་ཙམ་གྱིས་ཡོད་པ་ལ་གནོད་ན། སྔོན་པོ་རྟོགས་པའི་ཚད་མ་དེས་སེར་པོ་རྟོགས་པའི་ཚད་མས་གྲུབ་པའི་དོན་ལ་གནོད་པར་འགྱུར་རོ། །བདུན་པ་འཕྲོས་དོན་གཞན་བཤད་པ་ལ། རིན་པོ་ཆེ་པའི་ཞལ་སྔ་ནས། སྐབས་འདིར་ཚིག་གསལ་ལས། ཞིག་པ་དངོས་པོར་སྒྲུབ་པ་ལ་ལུང་དང་རིགས་པ་གཉིས་གསུངས་ཏེ། ལུང་ནི། མདོ་དུ་མ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བར་གསུངས་པ་དང༌། མདོ་སྡེ་ས་བཅུ་པ་ནས། འཆི་བ་ཡང་བྱ་བ་གཉིས་སུ་གནས་ཏེ། འདུ་བྱེད་འཇིག་པར་ཡང་བྱེད་པ་དང་ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་ཞིག་པས་བྱ་བྱེད་ནུས་པར་བཤད་པའོ། །རིགས་པ་ནི། ཞིག་པ་རྒྱུ་མེད་ཡིན་ན་དངོས་པོ་རྣམས་སྐད་ཅིག་གིས་འཇིག་པ་དང༌། འདུས་བྱས་སུ་མི་འགྲུབ་པར་གསུངས་སོ། །ཡང་ཚིག་གསལ་ལས། དངོས་པོ་སྐད་ཅིག་གཉིས་པར་མ་སྡད་པ་ལ་རྒྱུ་མེད་ན། མི་སྡོད་པ་ལའང་རྒྱུ་མེད་པ་མཚུངས་པར་བཤད་ལ། དེ་ལྟ་ན་དངོས་པོར་གྲུབ་བོ། །རིགས་པ་དྲུག་ཅུ་པ་ལས་ཀྱང༌། རྒྱུ་ཟད་ཉིད་ལ་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་དང༌། དེའི་འགྲེལ་པར། མར་དང་སྙིང་པོ་ཟད་པ་མར་མེ་ཤི་བའི་རྒྱུར་བཤད་པ་དང༌། དེ་ལ་ཕ་རོལ་པས། དེ་དེའི་རྒྱུ་མ་ཡིན་གྱི། མར་མེ་མ་འོངས་པའི་རྐྱེན་མ་ཚང་བས་མ་སྐྱེས་པ་ཡིན་ནོ་ཞེས་ཁས་བླངས་པ་ལ། དེ་ལྟ་ན་ཡང༌། རྐྱེན་མ་ཚང་བ་དེ་ཉིད་མ་འོངས་པ་མི་སྐྱེ་བའི་རྒྱུར་ཁས་བླངས་ལ། དེའི་ཕྱིར། གནས་པའི་རྒྱུ་ཟད་པས་འབྲས་བུ་གནས་པ་ཟད་པར་ཁས་བླངས་པར་འགྱུར་རོ། །ཞེས་བཤད་པས་ཞིག་པ་དངོས་པོར་ཁས་ལེན་དགོས་པ་ཡིན་ནོ། །ཞེས་གསུང་ངོ༌། །འདི་ནི་འཐད་དེ། ལུང་དང་རིགས་པ་དང༌། ཁས་བླངས་པ་དང་འགལ་བའི་ཕྱིར། དང་པོ་ནི། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །ཞེས་དང༌། གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །ཞེས་སོགས་རྩ་འགྲེལ་དང་འགལ་བའི་ཕྱིར། རྒྱུ་ལ་ལྟོས་པར་བཤད་པ་ཙམ་གྱིས་དངོས་པོར་ཁས་ལེན་དགོས་ན། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་མེད་ཡིན་པར་ཁོ་བོ་སྨྲ། །ཞེས་དང༌། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་བཤད་པས་དངོས་མེད་ཀྱང་དངོས་པོར་ཁས་ལེན་དགོས་པར་འགྱུར་རོ། །གཉིས་པ་ནི། ཞིག་པ་དངོས་པོ་ཡིན་ན། མ་སྐྱེས་པ་དང་མ་འགགས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། འགོག་པའི་བདེན་པ་དང༌། སྤངས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་སོགས་ཀྱང་དངོས་པོར་ཐལ་བར་འགྱུར་ཏེ། དེ་དག་ཀྱང་ཅི་རིགས་པར་ཐོབ་བྱེད་ཀྱི་རྒྱུ་ལ་ལྟོས་པའི་ཕྱིར་དང༌། རྒྱུ་མ་ཚང་བ་འབྲས་བུ་མ་སྐྱེས་པའི་རྒྱུར་ཁས་བླངས་པའི་ཕྱིར་རོ། །གསུམ་པ་ནི། ཆར་མ་བབས་པ་དང༌། ཟས་མེད་པ་དང༌། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པ་དང༌། སྐྱེ་འགྲོ་རྣམས་ཀྱིས་དམ་པའི་ཆོས་མ་བྱས་པ་དང༌། ནམ་མཁའ་ཡོད་པ་སོགས་གསུང་རབ་ལས་དངོས་མེད་དུ་བཤད་པ་ཐམས་ཅད་དངོས་པོར་ཁས་ལེན་དགོས་པར་འགྱུར་ཏེ། ཆར་མ་བབས་པའི་རྐྱེན་གྱིས་ལོ་ཉེས་པ་དང༌། ཟས་མེད་པས་བུ་ཤི་བ་སོགས་མདོར་ན་དེ་དང་དེའི་རྐྱེན་གྱིས་འདིར་འགྱུར་རོ་ཞེས་སོགས་འཇིག་རྟེན་ན་གྲགས་ཤིང་གསུང་རབ་ལས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ། །རྒྱས་པར་གཞན་དུ་ལྟའོ། །གཉིས་པ་ལུང་དོན་མ་ཡིན་པར་བསྟན་པ་ནི། སྐབས་འདིའི་ཚིག་གསལ་ལས། འཇིག་པ་རྒྱུ་མེད་ཡིན་པ་བཀག་ནས་རྒྱུ་ཡོད་པར་བསྒྲུབས་ལ་དེ་ལྟར་གྲུབ་པ་ན། སྐྱེ་འཇིག་གནས་གསུམ་རང་བཞིན་གྱིས་མ་གྲུབ་པའི་ཤེས་བྱེད་དུ་འགྲོ་བ་ལ་དགོངས་པ་ཡིན་ནོ། །ཅི་སྟེ་འཇིག་པ་རྒྱུ་བཅས་སུ་གྲུབ་པ་ན་ཞིག་པའང་རྒྱུ་བཅས་སུ་གྲུབ་སྟེ། ཞིག་འཇིག་དོན་གཅིག་པར་སྐབས་འདིར་འདོད་པས་སོ། །ཞེས་ན་ནི་དེ་བས་ཆེས་འདི་ངོ་མཚར་ཆེའོ། །གཞན་ཡང་སྐབས་འདིར་ཞིག་པ་རྒྱུ་བཅས་སུ་གྲུབ་ཏུ་ཆུག་ཀྱང༌། དངོས་པོར་བཤད་པ་ནི་ཟུར་ཙམ་ཡང་མེད་ལ། དངོས་མེད་དུ་བཤད་པ་ཉིད་གཙོ་ཆེ་བ་ཡིན་ཏེ། འདིའི་ཐད་ཀྱི་ཚིག་གསལ་ལས། གང་ཞིག་དངོས་པོ་མེད་པ་དེ་ལ་རྒྱུས་ཅི་ཞིག་བྱེད་ཅེས་སྨྲ་བ་དེ་ཡང་མི་རིགས་ཏེ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*