བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྲེལ་པ་དོན་གསུམ་རབ་གསལ།

༼འ༽༄༅། །བློ་སྦྱོང་ཚིག་རྐང་བརྒྱད་མའི་འགྲེལ་པ་དོན་གསུམ་རབ་གསལ་ཞེས་བྱ་བ་བཞུགས་སོ།།

སྭསྟི། གང་ཡོད་ན་ནི་རྫོགས་སངས་རྒྱས། །དེ་ཡི་སྲས་དང་རང་རྒྱལ་དང༌། །ཉན་ཐོས་རྣམས་དང་གཞན་གྱི་དོན། །ཕུན་སུམ་ཚོགས་པ་དེ་འཁྲུངས་ཤིང༌། །དེ་མེད་ན་ནི་དེ་དག་ཀུན། །འཇིག་རྟེན་ཁམས་སུ་མི་འབྱུང་བ། །དེ་ཕྱིར་བྱང་ཆུབ་སེམས་གང་ནི། །བསླབ་པར་བྱས་ལ་ཕྱག་བགྱིའོ། །དེ་ལྟར་མཆོད་པར་བརྗོད་འོག་ཏུ། །བདག་གཞན་བརྗེ་བའི་བྱང་སེམས་ཀྱི། །སྲོལ་གང་ཁ་བ་ཅན་ལྗོངས་སུ། །ཐོག་མར་ཕྱེ་ནས་འཛིན་མཛད་པ། །གླང་ཐང་པར་གྲགས་དེས་མཛད་པའི། །བསྟན་བཅོས་ཡིད་བཞིན་ནོར་འདྲ་ཡི། །དགོས་པའི་དོན་དང་བསྡུས་པའི་དོན། །ཚིག་དོན་རབ་དབྱེ་བརྩམ་པར་བྱ། །གང་འདིར་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཡོངས་སུ་བརྟས་པའི་སོ་སོ་སྐྱེ་བོ་དག་གིས། ཐོག་མར་བྱམས་པ་དང༌། མཆོག་གི་སྙིང་རྗེ་སྔོན་དུ་འགྲོ་བ་ཅན་གྱི། སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་ནས། དེ་ཉིད་ཀྱི་བསླབ་བྱའི་གཙོ་བོ་བདག་གཞན་བརྗེ་བའི་ཚུལ་ལ། བློ་སྦྱོང་བའི་རིམ་པ་དོན་རྒྱ་ཆེ་ཞིང༌། ཚིག་ཉུང་བ་གསལ་བར་སྟོན་པའི་བསྟན་བཅོས་འདི་འཆད་པ་ལ་དོན་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། བྱང་སེམས་ཀྱི་སྡོམ་པ་རྣམས་ཀྱི་བསླབ་བྱའི་རྩ་བ། བདག་དང་གཞན་དུ་བརྗེ་ནུས་པའི་བསམ་པ་མངོན་དུ་བྱས་པ་དེའོ། །དེའི་ཤེས་བྱེད་ཀྱང༌། བསམ་པ་འདི་སྔོན་དུ་མ་སོང་བར། སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཇི་ཙམ་བསླབས་ཀྱང༌། སྡོམ་པ་འདི་ལ་ལྟོས་པའི་བསླབ་བྱ་ཡོངས་སུ་མི་རྫོགས་པའི་ཕྱིར་དང༌། བསམ་པ་འདི་ཡོངས་སུ་སྦྱངས་པ་ལ་ནི་འབད་རྩོལ་ལ་མི་ལྟོས་པར། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་པོ་ཆེ་ངང་གིས་འབྱུང་བའི་ཕྱིར་བསྟན་བཅོས་འདི་ལ་ཐོས་པ་དང་བསམ་པས་ཞུགས་པའི་ཚེ། དགོས་པ་དེ་བདེ་བླག་ཏུ་རྟོགས་པ་ནི། སྐབས་འདིའི་འབྲེལ་པ་ཡིན་ལ། དེ་ལྟར་འབྲེལ་པའི་ཤེས་བྱེད་ཀྱང༌། གཞུང་ཉུང་དུ་འདིས་བདག་དང་གཞན་དུ་བརྗེ་ནུས་པའི་ཐབས་མཁས་ཀྱི་རྩ་བ་བསྟན་པས་སོ། །རྩ་བ་དེ་ཡང་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕྱོགས་སུ་ལྷུང་བ་མེད་པར་མཆོག་ཏུ་གཅེས་པར་འཛིན་པ་དེའོ། །རྒྱུ་དེ་ལས་དེ་ལྟར་ནུས་པའི་ཤེས་བྱེད་ནི། བདག་ཉིད་ལ་མཆོག་ཏུ་གཅེས་པར་བཟུང་ན། བདག་གི་གནས་སུ་གཞན་འཇོག་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་བསྡུས་པའི་དོན་ལ། ཚིགས་སུ་བཅད་པ་བརྒྱད་ལས། དང་པོ་བདུན་གྱིས་ནི། བདག་ལས་གཞན་མཆོག་ཡིན་པའི་ཤེས་བྱེད་ཀྱི་གཏན་ཚིགས་དང༌། དཔེའི་སྒོ་ནས་དེ་ལྟར་ཤེས་དགོས་པ་ཉིད་དུ་བསྟན་ལ། ཚིགས་སུ་བཅད་པ་བརྒྱད་པས་ནི། ཤེས་བྱེད་ཀྱི་བློ་དེ་ལ་ཡང་མཚན་འཛིན་གྱི་རྟོག་པས་མ་གོས་པ་ཞིག་དགོས་པར་བསྟན་ནོ། །ཡང་ན་དང་པོ་བདུན་གྱིས་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ལ་བློ་སྦྱོང་བ་དང༌། བརྒྱད་པས་ནི། དོན་དམ་བྱང་སེམས་ཀྱི་བསླབ་བྱ་ལ་བློ་སྦྱོང་བ་བསྟན་ནོ། །དང་པོ་ལ། ཤེས་བྱེད་དགོད་པ་དང༌། དེ་ལྟར་ཤེས་ནས་བདག་གཞན་བརྗེ་བ་དངོས་སོ། །དང་པོ་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་དགོད་པ་དང༌། ཤེས་བྱེད་ཀྱི་དཔེ་བསམ་པའོ། །དང་པོ་ལ། གཏན་ཚིགས་དངོས་དང༌། རྟགས་དེ་མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ་ལོ། །དང་པོ་ནི། ཚིགས་སུ་བཅད་པ་དང་པོ་སྟེ། སངས་རྒྱས་བསྒྲུབ་པ་སེམས་ཅན་གཞན་ལ་རག་ལས་པའི་ཕྱིར་ན། གཞན་མཆོག་ཉིད་དུ་གྲུབ་པའོ། །གཉིས་པ་ལ། བདག་ཉིད་གཞན་ལས་དམན་པར་བལྟ་དགོས་པ་དང༌། མཆོག་ཏུ་བལྟ་བ་ཇི་ལྟར་སྤོང་པའི་ཚུལ་ལོ། །དང་པོ་ནི། གང་དུ། ཞེས་སོགས་ཏེ། གཞན་ལ་མ་ལྟོས་པར་བདག་གཅིག་པུས་སངས་རྒྱས་སུ་མི་འགྲུབ་པའོ། །གཉིས་པ་ནི། གལ་ཏེ་སེམས་ཅན་གཞན་ཁ་ཅིག་ལས་རང་མཆོག་ཏུ་འཛིན་པའི་བློ་ནི་ཡུལ་གྱི་གནས་ཚུལ་ལ་བཞུགས་པའི་ཕྱིར། ཇི་ལྟར་སྤང་ཞེ་ན། ཚིགས་སུ་བཅད་པ་གསུམ་པས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་གཅེས་འཛིན་གྱི་རྟོག་པ་སྤོང་ནུས་པར་བསྟན་པའོ། །གཉིས་པ་ཤེས་བྱེད་ཀྱི་དཔེ་ནི། སེམས་ཅན་གཞན་རང་ལས་མཆོག་ཡིན་དུ་ཆུག་ཀྱང༌། མཆོག་འཛིན་གྱི་རྟོག་པ་སྤོང་དགོས་སོ་ཞེ་ན། ཚིགས་སུ་བཅད་པ་བཞི་པས་སྟོན་ཏེ། དབུལ་པོ་རིན་པོ་ཆེའི་གཏེར་དང་ཕྲང་ན། འདོད་དགུ་འབྱུང་བའི་ཕྱིར་སྤོང་མི་རུང་བ་བཞིན་ནོ། །མདོར་ན་གཏན་ཚིགས་ཀྱིས་ནི་སེམས་ཅན་གཞན་མཆོག་ཡིན་པར་བསྒྲུབས་ལ། མཐུན་པའི་དཔེ་ལས་ནི། མཆོག་གང་ཡིན་པ་དེ་ལ་ནི་གཅེས་པར་འཛིན་དགོས་པ་ཉིད་དུ་བསྟན་ནོ། །གཉིས་པ་བརྗེ་བ་དངོས་ལ་གཉིས་ཏེ། རྗོད་བྱེད་ཚིག་གི་རྒྱལ་ཁེ་གཞན་ལ་སྟེར་དགོས་པར་བསྟན་པ་དང༌། བརྗོད་བྱ་དོན་གྱི་རྒྱལ་ཁེ་གཞན་ལ་སྟེར་དགོས་པར་བསྟན་པའོ། །དང་པོ་ནི། ཚིགས་སུ་བཅད་པ་ལྔ་པས་ཏེ། འཇིག་རྟེན་ལུགས་ཀྱི་ངན་ཤགས་འགྱེད་པའི་དབང་དུ་བྱས་པའོ། །གཉིས་པ་ལ། ཕན་ལན་དུ་གནོད་པ་དགེ་བའི་བཤེས་གཉེན་དུ་བལྟ་དགོས་པ་དང༌། དེ་ལྟར་བལྟས་ནས་གནོད་ལེན་དུ་ཕན་འདོགས་དགོས་པའོ། །དང་པོ་ནི། ཚིགས་སུ་བཅད་པ་དྲུག་པས་བསྟན་ལ། གཉིས་པ་ནི་བདུན་པས་འཆད་དོ། །གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། སྨོན་པ་སེམས་བསྐྱེད་གཞུང་གཞན་ནས་ཁ་བསྐང་བ་དང༌། འཇུག་པ་སེམས་བསྐྱེད་ལ་བློ་སྦྱོང་ཚུལ་གཞུང་འདི་ཉིད་ཀྱིས་བཤད་པའོ། །དང་པོ་ལ་གཉིས་ཏེ། སྨོན་པའི་རྒྱུ་ཚོལ་བ་དང༌། རྒྱུ་བཙལ་ནས་སྨོན་པ་དངོས་སོ། །དང་པོ་ལ་གཉིས་ཏེ། ཉེར་བར་ལེན་པའི་རྒྱུ་རང་ཆས་སུ་ཡོད་པ་དང༌། འབྲས་བུ་འབྱུང་བ་ལྷན་ཅིག་བྱེད་རྐྱེན་ལ་རག་ལས་པའོ། །དང་པོ་ནི། རང་བཞིན་དུ་གནས་པའི་རིགས་ཏེ། འདིས་མ་ཁྱབ་པའི་སེམས་ཅན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རྒྱས་འགྱུར་གྱི་རིགས་ཞེས་བྱ་ལ། དེ་ལའང་ཐོག་མར་རྒྱུའི་ནུས་པ་སད་བྱེད་ཀྱི་རྐྱེན་དང༌། སད་ནས་མི་ཉམས་པར་འཕེལ་བའི་རྐྱེན་ནོ། །དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྟེ། དེ་ལའང༌། དེའི་ཡོན་ཏན་ཤེས་ནས་དང༌། མི་ཤེས་བཞིན་དུའང་རུང་སྟེ། རང་བཞིན་དུ་གནས་པའི་རིགས་ཀྱི་ནུས་པ་སད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། རྐྱེན་གྱི་རྩ་བ་བྱམས་པ་དང༌། རྐྱེན་གྱི་གཙོ་བོ་སྙིང་རྗེའོ། །དེ་ལྟར་སྐྱབས་འགྲོ་སོགས་གསུམ་པོ་འདི་ལ་རྒྱས་པའི་རིགས་ཞེས་བྱ་སྟེ། གསུམ་པོ་དེ་ལས་གཞན་དོན་དོན་གཉེར་གྱི་བློ་རང་གི་ངང་གིས་སྐྱེ་བའི་ཕྱིར། གཉིས་པ་རྒྱུ་རྙེད་ནས་འབྲས་བུ་སྨོན་པ་དངོས་ཇི་ལྟར་འབྱུང་བ་ནི། དེ་ལྟར་རྒྱུ་གསུམ་པོ་དེ་གང་ན་ཚོགས་པའི་གཞི་དེར། འབྲས་བུ་གཞན་དོན་དུ་རྫོགས་བྱང་གི་བློ་རང་གི་ངང་གིས་འབྱུང་དུ་རུང་སྟེ། དེ་ལྟར་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། མདོར་ན། དགོས་པའི་གཙོ་བོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལས་སུ་བྱ་བ་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་བློ་མངོན་དུ་གྱུར་པ་དེ་ལ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་ལ། དེའི་ཚེ་ན། སེམས་བསྐྱེད་དེ་ཉིད་ཀྱི་རྒྱུའི་གཙོ་བོ་ནི། གཞན་དོན་དོན་གཉེར་གྱི་བློ་ཡིན་ལ། འབྲས་བུའི་གཙོ་བོ་ནི་གཞན་གྱི་དོན་ཡིན་ནོ། །བྱམས་སོགས་གསུམ་པོ་ཡང་སེམས་ཅན་ཐམས་ཅད་ལ་དམིགས་པ་དགོས་ཀྱི། གཅིག་ཁོ་ན་ལ་ཕྱོགས་སུ་ལྷུང་ན་ཡང༌། སྨོན་པའི་སེམས་ཀྱི་རྒྱུར་རུང་བ་མ་ཡིན་ཏེ། དེའི་འགལ་ཟླ་ཉིད་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་ནི་ཇི་སྐད་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གང་གསུངས་པ་དེ་ཡིན་ལ་དེ་ཙམ་ཁོ་ན་ལ་བརྟེན་ནས་ཕན་ཡོན་ཇི་ལྟར་འབྱུང་བ་ཡང༌། ཇི་སྐད་དུ། དེ་ཡི་ཕན་ཡོན་དཔག་ཏུ་མེད་པ་རྣམས། །བྱམས་མགོན་བློ་དང་ལྡན་པས་ནོར་བཟང་བཤད། །ཅེས་གསུངས་པ་ལྟར་རོ། ཤིང་རྟའི་སྲོལ་འདི་ལ་ནི། ཆོ་གས་བླངས་པའི་སྨོན་སེམས་ཡིན་ཀྱང༌། བར་མ་ཙམ་ཡིན་གྱི་སྡོམ་པར་ཁས་མི་ལེན་ལ། ཤིང་རྟའི་སྲོལ་གཞན་ལས་ནི། བྱང་ཆུབ་སེམས་གཏོང་རྩ་བའི་ལྟུང་བར་བཤད་པས་ན། །སྨོན་སེམས་ལ་ཡང་སྡོམ་པ་བཞེད་པར་མངོན་ནོ། །གཉིས་པ་ལ་གཉིས་ཏེ། སྡོམ་པ་ཇི་ལྟར་ལེན་པ་དང༌། བསླབ་བྱ་ལ་བསམ་སྦྱོར་གྱིས་སློབ་པའི་ཚུལ་ལོ། །དང་པོ་ནི། རྟེན་གྱི་གང་ཟག་སྨོན་པའི་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་པ་དང༌། སོ་ཐར་རིས་བདུན་གང་རུང་གི་སྡོམ་པ་དང་ལྡན་པ་ཞིག་གོ །ཆོ་ག་གང་གིས་ལེན་པ་ནི། ཚུལ་ཁྲིམས་ལེའུར་གསུངས་པའི་ཆོ་ག་དེ་ཉིད་ཀྱིས་ལེན་ལ། དེའི་གོ་དོན་ནི། ཇི་སྐད་དུ། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །ཞེས་པ་ཉིད་ལན་གསུམ་བཟླས་ནས། གཟེངས་བསྟོད་པས་ཆོག་པའོ། །གཉིས་པ་ལ་གསུམ་སྟེ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་སློབ་པ་དང༌། སེམས་ཅན་དོན་བྱེད་ལ་སློབ་པ་དང༌། དགེ་བ་ཆོས་བསྡུད་ལ་སློབ་པའོ། །དང་པོ་ལ་བཞི་སྟེ། བདག་གཅེས་འཛིན་གྱི་གནས་སུ་གཞན་བཞག་པས། ཞེ་སྡང་རང་འགགས་སུ་གཏོང་བ་དང༌། གཞན་ལ་སྡང་བའི་གནས་སུ་རང་བཞག་པས་བདག་ལ་ཆགས་པ་རང་འགགས་སུ་གཏོང་བ་དང༌། ཆགས་སྡང་མངོན་གྱུར་བ་སྐྱེས་ན། གདོང་བཟློག་བྱེད་པའི་ཚུལ་དང༌། ཆགས་སྡང་གི་བཟློག་ཚུལ་ཐེག་དམན་ལ་གྲགས་པ་དེ་མི་འཐད་པར་བསྟན་པའོ། །དང་པོ་ནི། མཆོག་ཏུ་གཅེས་པར་འཛིན་བྱེད་ཤོག །ཅེས་པ་ནི་བཤད་པའི་གཞི་སྟེ། དོན་ཙམ་སྟོན་པའོ། །ལས་སུ་བྱ་བ་གང་ལ་ན། སེམས་ཅན་ཐམས་ཅད་ལའོ། །བྱེད་པ་པོ་གང་གིས་ན། བདག་གི་ནི་བསམ་པ་ཡིས་སོ། །དགོས་པ་ཅིའི་ཕྱིར་དུ་ན། ཡིད་བཞིན་ནོར་བུ་ལས་ལྷག་པའི་དོན་གྱི་མཆོག སངས་རྒྱས་བསྒྲུབ་པའི་ཕྱིར་དུའོ། །ཚུལ་ཇི་ལྟར་དུ་ན། ཇི་སྐད་དུ། སངས་རྒྱས་རྣམས་དང་སེམས་ཅན་ལས། །སངས་རྒྱས་ཆོས་བསྒྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཕྱིར། །ཞེས་པའི་ཚུལ་གྱིས་སོ། །འདིས་ནི་ཞེ་སྡང་སྐྱེ་བའི་གོ་སྐབས་རང་ཤུགས་ལ་བཀག་པས་བཟོད་པ་འགྲུབ་བོ། །གཉིས་པ་ནི། གང་ཟག་གཞན་ལ་མཆོག་ཏུ་གཅེས་པར་འཛིན་བྱེད་ཤོག ཅེས་པ་དང་པོ་དང་གཉིས་པའི་ཚིག་གོ །བྱེད་པ་པོ་གང་གིས་ན། བསམ་པ་ཐག་པ་ཡིས་ཏེ། རང་གི་རྒྱུད་ཚོད་ནི་མངོན་སུམ་དུ་ཤེས་ལ། གཞན་གྱི་རྒྱུད་ཚོད་དཔག་མི་ནུས་པའི་ཕྱིར། ཚུལ་ཇི་ལྟར་དུ་ན། གནས་དང་དུས་གང་དུ། མཉམ་པའམ་ལྷག་པར་གྱུར་སྲིད་པ་སུ་དང་འགྲོགས་པའི་ཚེ། བདག་ཉིད་ནི་ཀུན་ལས་དམན་པར་བལྟ་བའི་ཚུལ་གྱིས་སོ། །དགོས་པ་ནི། བདག་ཏུ་ང་རྒྱལ་བ་ཁེགས་པའི་ཕྱིར་ཡིན་པས། སྔ་མ་དང་མི་ཟློས་ལ། འདིས་ནི་ནང་སེམས་ཅན་དུ་ཆགས་པ་རང་ཤུགས་སུ་ཁེགས་པས་ཚུལ་ཁྲིམས་རྣམ་པར་དག་གོ །གསུམ་པ་ནི། གཞན་མཆོད་འོས་སུ་བསམས་པས་ཞེ་སྡང་དང༌། རང་དམན་པར་བལྟས་པས་ཆགས་སྡང་མ་འོངས་པ་སྐྱེ་འགྱུར་རེ་ཞིག་ཁེགས་པར་སླ་བ་ཡིན་མོད། སྐྱེས་ཟིན་མངོན་གྱུར་པ་འཕྲོ་གཅོད་པའི་ཐབས་ཇི་ལྟ་བུ་ཡིན་ཞེ་ན། ཆགས་སྡང་ལྟ་བུའི་ཉོན་མོངས་པ་རྣམས་སྐྱེས་མ་ཐག་དེར། བཙན་ཐབས་སུ་གདོང་ནས་བཟློག་པར་ཤོག་ཅིག་སྟེ། བཟློག་པར་བྱའོ། །གཉེན་པོ་གང་གིས་ན། རང་རྒྱུད་ལ་སོ་སོར་རྟོག་ཅིང༌། དེ་ལྟར་བརྟགས་པའི་ཤེས་རབ་ཀྱིས་སོ། །དུས་ནམ་གྱི་ཚེ་རྟོག་ན། དུས་རེས་འགའ་བས་ཆོག་པ་མ་ཡིན་གྱི། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཀུན་ཏུའོ། །དགོས་པ་ནི། སྐྱེས་པ་དེའི་རྒྱུན་མ་བཟློག་པར་འཕྲོ་འཐུད་ན་ནི། བདག་དང་གཞན་མ་རུངས་པར་བྱེད་པས་སོ། །འདིས་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏི་མུག་དྲུངས་འབྱིན་པའི་གཉེན་པོ་ངོས་བཟུང་བས་ན། ཤེས་རབ་ཀྱི་ཕར་ཕྱིན་ལ་བསླབ་པའི་ཚུལ་བཤད་དོ། །བཞི་པ་ནི། གལ་ཏེ་ཉོན་མོངས་པའི་སྤོང་ཚུལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟར་དབེན་པའི་གནས་སུ་བདག་མེད་དང༌། སྟོང་པ་ཉིད་བསྒོམ་པས་རྟོགས་པའི་ཤེས་རབ་མཆོག་ཏུ་འགྱུར་བ་ཡིན་གྱི། གོང་དུ་བཤད་མ་ཐག་པ་ལྟར། རང་བཞིན་ངན་པའི་སེམས་ཅན་ཚོགས་པའི་ནང་དུ་ནི་མ་ཡིན་ཏེ། དེའི་ཚེ་ཆགས་སྡང་ཤིན་ཏུ་སྐྱེ་སླ་བའི་ཕྱིར་སྙམ་ན། མ་ཡིན་ཏེ། དབེན་པ་བརྟེན་ཚུལ་དེ་འདྲ་དེ་ནི་སྐབས་འདིར་ཤིན་ཏུ་སྤང་བྱ་ཡིན་པའི་ཕྱིར། དེ་བས་ན་རང་བཞིན་ངན་པའི་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་འགྲོགས་པ་ནི། མཆོག་ཏུ་གཅེས་པར་འཛིན་པར་ཤོག་ཅིག་སྟེ། འགྲོགས་པར་བྱའོ། །དེའི་ཤེས་བྱེད་ནི། དེ་འདྲ་དེ་ཡང་རིན་པོ་ཆེའི་གཏེར་དང་ཕྲད་པ་ལྟར་རྙེད་པ་དཀའ་བས་སོ། །དུས་ནམ་གྱི་ཚེ་འགྲོགས་པར་བྱ་ན། གཞན་དག་མཚམས་མེད་ལྟ་བུ་སྡིག་པ་དྲག་པོ་བྱེད་བཞིན་པ་དང༌། དམྱལ་བ་ལྟ་བུའི་སྡུག་བསྔལ་དྲག་པོ་མྱོང་གྱུར་གྱིས་ནོན་བཞིན་པར་མཐོང་བ་དེའི་ཚེ་ན་འགྲོགས་དགོས་པ་ཡིན་ཏེ། དེ་འདྲ་དེ་བྱང་སེམས་རང་ཉིད་ཀྱི་ཕར་ཕྱིན་དང་པོ་གསུམ་གྱི་རྒྱུར་མེད་མི་རུང་ཡིན་པའི་ཕྱིར་དང༌། གཞན་དེ་དག་བློས་མི་སྤོང་བར་ཡང་དག་པའི་ལམ་ལ་འཁྲིད་དགོས་པའི་ཕྱིར། འདིས་ནི། ཐེག་དམན་གྱི་དབེན་པ་ལས་བྱང་སེམས་ཀྱི་དབེན་པ་ཁྱད་པར་དུ་ངོས་བཟུང་བས་ན། བསམ་གཏན་གྱི་ཕར་ཕྱིན་ལ་སློབ་ཚུལ་བསྟན་ནོ། །མདོར་ན། ཚིགས་སུ་བཅད་པ་དང་པོ་གསུམ་གྱིས་ནི། ཉོན་མོངས་པ་སྐྱེ་འགྱུར་མགོ་གནོན་པ་དང༌། སྐྱེས་ཟིན་གྱི་ས་བོན་དྲུངས་འབྱིན་པའི་གཉེན་པོ་བཤད་ནས། བཞི་པས་ནི་དེ་ལ་རྩོད་པ་སྤང་བའི་ཕྱིར་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་འཆད་ཚུལ་ལ་སྦྱར་བ་འདི་ནི་ཤིན་ཏུ་འགྲིག་པ་ཡིན་ནོ། །གཉིས་པ་སེམས་ཅན་དོན་བྱེད་ལ་གཉིས་ཏེ། སྦྱོར་བའི་སྒོ་ནས་གཞན་གྱི་གནོད་ལེན་དུ་ཕན་བཏགས་པས་དོན་བྱེད་པ་དང༌། བསམ་སྦྱོར་གཉིས་ཀའི་སྒོ་ནས་སེམས་ཅན་ཀུན་ལ་ཕན་བཏགས་ཏེ་དོན་བྱེད་པའོ། །དང་པོ་ལ་གཉིས་ཏེ། གནོད་བྱེད་ལ་རྒྱལ་ཁེ་སྦྱིན་པས་ཕན་བཏགས་པ་དང༌། གནོད་བྱེད་དགེ་བའི་བཤེས་གཉེན་དུ་བཟུང་ནས་ཕན་འདོགས་པའོ། །དང་པོ་ནི། བདག་ལ་སྡང་བ་འགའ་ཞིག་ཀུན་སློང་ཕྲག་དོག་གིས། འབྲས་བུ་ངོར་གཤེ་བ་དང༌། ལྐོག་ཏུ་སྐུར་པ་འདེབས་པ་སོགས་མི་རིགས་པ་བརྫུན་གྱི་ཚིག་སྨྲ་བར་བྱེད་ན། བརྫུན་དེས་བསྟན་པའི་བུབ་ཁ་གང་ཡིན་པ་དེ། རང་གིས་ལེན་པ་དང༌། སྨྲ་བ་པོ་དེ་རང་གིས་ཐོབ་པར་འདོད་པའི་རྒྱལ་ཁེ་གང་ཡིན་པ་དེ་ནི། གཞན་དེ་ཉིད་ལ་སྟེར་བར་ཤོག་ཅིག་སྟེ་སྟེར་བར་བྱའོ། །འདོད་པའི་དོན་ཐོབ་པར་བྱ་བ་དེ་ཉིད་གཞན་དོན་གྱི་གཙོ་བོ་ཡིན་པའི་ཕྱིར། འདིས་ནི། ཟང་ཟིང་གི་དངོས་པོ་གཏོང་ལེན་གཞན་ཡང་མཚོན་པས། སྦྱིན་པ་རྣམ་པར་དག་གོ །གཉིས་པ་ནི། འགྲོ་བ་གཞན་གང་ལ་བདག་གིས་ཆོས་དང་ཟང་ཟིང་གི་ཕན་བཏགས་པས། ཕན་ལན་དུ་རེ་བ་ཆེ་བ་འགའ་ཞིག་གིས། ཤིན་ཏུ་མི་རིགས་པའི་གནོད་པ་བྱེད་ན། བྱེད་པ་པོ་དེ་ཉིད་ལ་དགེ་བའི་བཤེས་གཉེན་དུ་བལྟ་བར་བྱ་སྟེ། དེས་གང་བྱས་པའི་གནོད་པ་དེ་ཉིད་དང་དུ་བླངས་པས། འཁོར་བ་དང་ངན་སོང་དུ་མི་ལྟུང་བར་འཛིན་ནུས་པའི་ཕྱིར། དཔེར་ན། སྦྱིན་པར་འདོད་པས། སློང་མོ་བ་དགེ་བའི་བཤེས་གཉེན་དུ་འཛིན་དགོས་པ་བཞིན་ནོ། །གཞུང་འདིས་ཕན་ལན་དུ་གནོད་པ་བྱུང་བའི་ཚེ། འཁོར་བ་ལ་ཡིད་འབྱུང་དགོས་པར་སྟོན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ན་ནི་སློང་བ་མོད། །གནོད་པ་བྱེད་པ་དཀོན་པ་སྟེ། །ཞེས་པ་ལྟར། རྒྱལ་བའི་སྲས་པོ་ལ་ནི་གནོད་བྱེད་ཇི་ལྟར་མང་བ་དེ་ཉིད་དོན་དུ་གཉེར་བྱ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གནོད་བྱེད་མ་ཡིན་པ་དག་ལ་ཕན་བཏགས་པ་ནི་བཟོད་པར་མི་འགྱུར་བའི་ཕྱིར། དོན་ཆེན་པོར་མི་འགྱུར་བ་ཡིན་ནོ་སྙམ་ན། མདོར་ན་སྦྱོར་བའི་སྒོ་ནས་དངོས་སུ་དང༌། བསམ་པ་ཡིས་རྒྱུད་པའི་སྒོ་ནས་ཀྱང་རུང་སྟེ། མ་འོངས་པའི་ཕན་པ་དང༌། ཚེ་འདིའི་བདེ་བ་མ་ལུས་པ་ནི། སེམས་ཅན་ཀུན་ལ་དམིགས་བསལ་མེད་པ་ཉིད་དུ་འབུལ་བར་བྱ་སྟེ། སེམས་ཅན་གྱི་ནང་ན་ཕ་མར་མ་གྱུར་པ་མེད་པས། སྦྱིན་པའི་ཡུལ་མཆོག་ཏུ་གྱུར་པའི་ཕྱིར་དང༌། གནོད་བྱེད་དུ་ཡང་མ་གྱུར་པ་མེད་པས། བཟོད་པའི་ཡུལ་མཆོག་ཏུ་གྱུར་པའི་ཕྱིར་དང༌། ཕན་བདེ་ཕར་ལ་ཕུལ་བ་དེ་བཞིན་དུ་མར་གྱུར་པ་དང༌། དགྲར་གྱུར་པ་ཀུན་གྱི་ཡང་གནོད་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཀུན། བདག་ལ་ལེན་ནུས་པར་ཤོག་ཅིག ཇི་ལྟར་དུ་ན། དངོས་སུ་ལེན་ནུས་ན་དང༌། དེར་མ་ཟད་གསང་བ་སྟེ་ལྐོག་ཏུ་གྱུར་པས་ཀྱང་ངོ༌། །ཡང་ན། ཚིགས་བཅད་སྔ་མ་གཉིས་ཀྱིས་བརྗེ་བའི་ཡུལ་གནོད་བྱེད་ལ་དམིགས་ཀྱིས་བཀར་བས། སྦྱོར་བ་ཉེར་བསྡོགས་ལྟ་བུ། རྐང་པ་གསུམ་པས་དམིགས་བསལ་མེད་པར་སེམས་ཅན་ཐམས་ཅད་བརྗེ་ཡུལ་དུ་བསྟན་པས་སེམས་ཅན་དོན་བྱེད་ཀྱི་དངོས་གཞི་བསྟན། ཞེས་ཀྱང་བཤད་པར་བྱ་སྟེ། ཐོག་མར་གནོད་བྱེད་ལ་བློ་མ་སྦྱངས་ན། དམིགས་བསལ་མེད་པ་ཉིད་དུ་བློ་མི་འབྱོངས་པའི་ཕྱིར་རོ། །གསུམ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་འཆད་པ་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། ཚུལ་ཁྲིམས་སྔ་མ་གཉིས་ཀྱི་སྐབས་སུ། བྱེད་པ་པོ་བྱང་སེམས་རང་ཉིད་དང༌། བྱ་བའི་ཡུལ་སེམས་ཅན་དང༌། ལས་སུ་བྱ་བ་ཚུལ་ཁྲིམས་གསུམ་ཀ་ལ་ཡང༌། རྟོག་པས་མཚན་མར་འཛིན་པར་སྤང་བའི་ཕྱིར་དུ། ཚིག་རྐང་བརྒྱད་པ་འདི་གསུངས་པ་ཡིན་ཏེ། བྱ་བྱེད་ལས་གསུམ་མཚན་འཛིན་གྱི་རྟོག་པས་བཅིངས་ན། རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བའི་ཕྱིར་ནའོ། །བསྡུས་པའི་དོན་ནི། རྐང་པ་འདི་དོན་དམ་སེམས་བསྐྱེད་ལ་སྦྱར་བར་མ་ཟད། དགེ་བ་ཆོས་བསྡུད་ལ་སྦྱར་ན་ཡང་འགྲིག་པ་ཡིན་ཏེ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པ་ལ་ནི། སངས་རྒྱས་ཀྱི་གསུང་རབ་མང་པོ་ལ་ཐོས་བསམ་སྒོམ་གསུམ་གྱི་དགེ་བ་དང་དུ་ལེན་དགོས་པའི་ཕྱིར་རོ། །གསུམ་པ་ཚིག་གི་དོན་ནི། སྦྱང་གཞི་བཤད་མ་ཐག་པའི་སྐབས་ཀྱི་བྱ་བྱེད་ལས་གསུམ་པོ་དེ་དག་ཀུན་ཀྱང༌། སྦྱང་བྱའི་དྲི་མ་འཇིག་རྟེན་ཆོས་བརྒྱད་ཀྱི་རྟོག་པའི་དྲི་མས་མ་སྦགས་པར་སྦྱོང་བར་བྱེད་པ་པོ་ཆོས་ཐམས་ཅད་ཀུན་སྒྱུ་མ་ལྟ་བུར་ཤེས་པ་ཡི་ཐོས་བསམ་བསྒོམ་པའི་ཤེས་རབ་ཀྱིས། སྦྱངས་པའི་འབྲས་བུ་འཁོར་གསུམ་དུ་མཚན་མར་ཞེན་པའི་འཆིང་བ་ལས་གྲོལ་བའི་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ཤོག་ཅིག་ཅེས་པའོ། །དོན་འདི་ཉིད་ལ་རྒྱས་བཤད་ཀྱི་སྒོ་ནས་བློ་སྦྱོང་བ་ནི། ཇི་སྐད་དུ། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་པས་ནི་བཟུང་བའི་ཡུལ་སྣང་བཞིན་དུ་མི་དམིགས་པར་བསྟན། མ་སྐྱེས་རིག་པའི་གཤིས་ལ་དཔྱད། །ཅེས་པས་ནི། ཡུལ་ཅན་འཛིན་པ་པོར་སྣང་ཡང་དེ་མི་དམིགས་པ་ཉིད་དུ་རིགས་པས་དཔྱོད་དགོས་པར་བསྟན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་པས་ནི་གཟུང་འཛིན་མི་དམིགས་པ་ཉིད་དུ་གཏན་ལ་འབེབས་བྱེད་ཀྱི་ཤེས་རབ་དེ་ཉིད་ལ་ཡང་རིགས་པས་དཔྱད་མི་བཟོད་པས་ན་རང་སར་གྲོལ་བ་ཉིད་དུ་བསྟན་ནོ། །ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་པ་འདི་འཆད་པ་པོ་འགའ་ཞིག་གིས་གཞུང་མ་དག་པར་འཆད་ཀྱང༌། ཆེས་ཤིན་ཏུ་ལེགས་པ་ཡིན་ཏེ། རྐང་པ་སྔ་མ་གསུམ་གྱིས་ཐོས་བསམ་དང༌། འདིས་ནི་བསྒོམ་བྱུང་གིས་མཉམ་པར་འཇོག་ཚུལ་སྟོན་པས་སོ། །འདི་ཀུན་གཞིའི་རྣམ་ཤེས་ལ་འཆད་དགོས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །ཞེས་ས་བཅུ་སོ་སོའི་མཉམ་གཞག་ཡེ་ཤེས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོའི་ངོས་འཛིན་ཀུན་གཞིའི་ཡེ་ཤེས་ཉིད་ལ་བཤད་པའི་ཕྱིར་རོ། །ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ་གཞུང་ལས་མ་བཤད་དོ་སྙམ་དུ་དོགས་པར་མི་བྱ་སྟེ། ཐོགས་མེད་ཞབས་ཀྱིས་ཀུན་གཞིའི་སྒྲུབ་བྱེད་དུ་དྲངས་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་བཤད་ལ། རྣམ་ཤེས་ནི་ཐོག་མ་མེད་པའི་དབྱིངས་སུ་མི་རུང་བའི་ཕྱིར་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་འཁོར་དང་བཅས་པ་ལ། དབྱིངས་དང་ཡེ་ཤེས་གཉིས་གཉིས་སུ་དབྱེ་དགོས་པ་ནི། རྒྱལ་བ་མ་ཕམ་པའི་ཞབས་ཀྱི་གཞུང་དགོངས་འགྲེལ་དང་བཅས་པའི་འཆད་ཚུལ་གྱི་རྩ་བ་ཉིད་དུ་གསལ་བར་བཞུགས་པའི་ཕྱིར་རོ། །འདིར་སྨྲས་པ། གངས་ཅན་ལྗོངས་སུ་བདག་དང་གཞན། །བརྗེ་བའི་བྱང་ཆུབ་སེམས་ལ་ནི། །བློ་སྦྱོང་ཞེས་གྲགས་བཤད་པའི་སྲོལ། །ཐོག་མར་བྱོན་པ་གཞུང་འདི་ཡིན། །གཞུང་འདིའི་དངོས་བསྟན་གོ་སླ་ཞིང༌། །དེ་ཉིད་འཆད་པར་མི་དཀའ་ཡང༌། །ཤིང་རྟའི་སྲོལ་ཆེན་ལས་བྱོན་པའི། །བསྡུས་དོན་ཚོམས་དང་འབྲེལ་བསྒྲིགས་དང༌། །གོང་འོག་ཟློས་པ་མེད་ཉིད་དང༌། །བསམ་པས་སྨོན་པའི་བསླབ་བྱ་དང༌། །ཕ་རོལ་ཕྱིན་དྲུག་འཇུག་པ་ཡི། །བསླབ་བྱར་བཤད་སོགས་གཞུང་ཉུང་བ། །འགྲེལ་པས་རྒྱས་པར་འཆད་པའི་སྒོ། །ལ་ལས་འཆད་ནུས་མ་ཡིན་པ། །རྣམ་དཔྱོད་རྩལ་དང་གཞུང་མང་པོའི། །དགོངས་པ་ཉེ་བར་བླངས་ནས་སྦྱར། །ཐེག་པ་ཆེན་པོའི་བློ་སྦྱོང༌། ཚིགས་བཅད་བརྒྱད་པའི་རྣམ་བཤད་དོན་གསུམ་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ནི། སྔོན་ཉིད་ནས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གླང་རི་ཐང་གི་གཙུག་ལག་ཁང་ཆེན་པོ་ཉིད་དུ་སྦྱར་བའི་ཡི་གེ་པ་ནི། རྐོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*