བློ་གྲོས་བཟང་པོའི་དྲི་ལན།

༼འ༽༄༅། །བློ་གྲོས་བཟང་པོའི་དྲི་ལན་བཞུགས་སོ།།

ཨོཾ་སྭསྟི་སིདྡྷ་རསྟུ། འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །སྔགས་འཛིན་ཆེན་པོའི་རྒྱུད་འཁྲུངས་པའི། །དཔལ་ལྡན་བློ་གྲོས་བཟང་པོ་ཡིས། །ཇི་ལྟར་དྲིས་པའི་ལན་བརྗོད་བྱ། །འདི་ལ་གཉིས་ཏེ། དྲི་བ་དང༌། ལན་ནོ། །དང་པོ་ནི། ཇི་སྐད་དུ། སྐབས་ཀྱི་ཞུ་བ། ཐ་མལ་གྱི་ལུས་འདི་མ་ལགས་པའི་ཆོས་ཉིད་ཀྱི་ལུས་ལ་ཕྱི་ནང་གི་རྟེན་འབྲེལ་སྒྲིག་པའི་ཚུལ། རྗེ་ཉིད་ཀྱི་ཐུགས་བཞེད་གསལ་བར་བཀོད་པ་ཅིག་ཐུགས་རྗེས་འཛིན་པར་ཞུ། ཁྱད་པར་གསང་འདུས་པའི་རྣལ་འབྱོར་པ་ལམ་ལ་སྦྱངས་པ་ཅིག་འཆི་བའི་དུས། སྣང་མཆེད་ཐོབ་གསུམ་གྱི་རིམ་པས་འོད་གསལ་མངོན་དུ་བྱས་ནས། སླར་ཡང་ལུགས་འབྱུང་གི་སྣང་བ་ཡེ་ཤེས་ཀྱི་རླུང་སེམས་ཀྱིས་དབང་བྱས་ཏེ། བར་དོ་ལོངས་སྐུར་བསླང་ནས། དེ་ཉིད་སེམས་ཅན་གྱི་དོན་ལ་སྐྱེ་བ་སྤྲུལ་པའི་སྐུར་ལྡང་བ་སོགས་ལ་ལུགས་མང་བར་མཆིས་ན། འདི་ལ་ཡང་ཉིད་ཀྱི་ཐུགས་བཞེད་ཇི་ལྟ་བར་བཀོད་པ་ཅིག་ཐུགས་ལ་འདོགས་པར་ཞུ། འདི་རྣམས་ཀྱི་ཞུ་བ་རང་གཞན་ལ་ཕན་པའི་ཕྱིར་ལགས། ཞེས་འབྱུང་ངོ༌། །ལན་ལ། གཉིས་ཏེ། དྲི་བ་དང་པོའི་དང༌། གཉིས་པའི་ལན་ནོ། །དང་པོ་ལ། གཉིས་ཏེ། དངོས་ལན་མདོར་བསྡུས་པ་དང༌། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ལ། ཕྱི་ནང་ཞེས་པ་ནི། གནས་སྐབས་གཉིས་ཏེ། མ་དག་པ་རྣམ་ཤེས་ལ་སྣང་བ་དང༌། དག་པ་ཡེ་ཤེས་ལ་འཆར་ཚུལ་ལོ། །དང་པོ་ལ་རྣམ་ཤེས་ཞེས་པ་ནི་མ་རིག་པའི་བག་ཆགས་ལས་གཟུང་འཛིན་དུ་འཁྲུལ་བའི་ཤེས་པ་སྟེ། དེ་ལ་སྣང་ཚུལ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་བཀོད་པའི་ཁྱད་པར་མི་འདྲ་བ་མང་པོ་དང༌། ནང་བཅུད་ཀྱི་སེམས་ཅན་ཁམས་དང་འགྲོ་བའི་ཁྱད་པར་སྣ་ཚོགས་པ་དག་གོ །གཉིས་པ་ཡེ་ཤེས་ནི། མ་རིག་པའི་འཁྲུལ་པས་རྣམ་པར་མ་སླད་པའི་ཤེས་པ་ཞིག་གི་མིང་ཡིན་ལ། དེ་ལ་གཞི་ལམ་འབྲས་བུའི་དབྱེ་བས་གསུམ་ཡོད་ཀྱང༌། མངོན་དུ་གྱུར་པ་ནི་མཐོང་བའི་ལམ་མཆོག་གི་གནས་སྐབས་ནས་ཡིན་ལ། །དེ་ལ་ཕྱི་ནང་གི་འཆར་ཚུལ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་བདེ་བ་ཅན་ལྟ་བུ་དང༌། ནང་བཅུད་ཀྱི་སེམས་ཅན་ཡེ་ཤེས་ཀྱི་ངོ་བོར་འཆར་བ་ཡིན་གྱི། ངར་འཛིན་ལྷན་སྐྱེས་ལ་སྣང་བའི་རྣམ་པ་ཅན་དུ་འཆར་བ་ནི་མ་ཡིན་ནོ། །འདི་ལ་ནི། དོན་དམ་པའི་སེམས་ཅན་དང༌། རིག་པའི་སྐྱེས་བུ་ཞེས་པའི་མིང་གིས་ཀྱང་བཏགས་སོ། །དེ་ལས་ཀྱང་ཁྱད་པར་དུ། སྐྱེད་རིམ་གྱི་རྣལ་འབྱོར་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཡེ་ཤེས་ལ་ནི། ཕྱི་གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པ་དང༌། ནང་ལྷག་པའི་ལྷའི་རྣམ་རོལ་སྣ་ཚོགས་སུ་འཆར་བའོ། །ཕྱི་ནང་ཞེས་པ་མདོར་བསྡུས་ན་དེ་ཙམ་དུ་གོ་ལ། རྟེན་འབྲེལ་སྒྲིག་པའི་ཚུལ་ཞེས་པ་ནི། སྣང་བ་དེ་དང་དེར་འཆར་བའི་རྒྱུ་ནུས་པ་མཐུ་ཅན་དུ་བྱས་པ་ལ་འཆད་དགོས་ཏེ། ནུས་པ་ཙམ་གྱིས་ནི་འཁོར་བ་ཐོག་མེད་ནས་སེམས་ཅན་ལ་ཁྱབ་པས་སོ། །དེའི་ཚེ་ནུས་པ་ས་བོན་དང་འདྲ་བ་དེ་གང་དུ་འཇོག་པའི་གཞི་ཞིང་ས་གཤིན་པ་དང་འདྲ་བ་གང་དུ། འཇོག་བྱེད་ཀྱི་ཐབས་སྐྱེས་བུའི་རྩོལ་བ་དང་འདྲ་བ་གང་གིས། འཇོག་པའི་ཚུལ་སོ་ནམ་གྱི་བྱ་ཐབས་ལས་སུ་རུང་བ་ལྟ་བུ་ཅིག་དགོས་པ་ལས་དང་པོ་ས་བོན་ལྟ་བུའི་ནུས་པ་དེ་ལ། གཉིས་ཏེ། འཁོར་བའི་དང༌། མྱ་ངན་ལས་འདས་པའི་བག་ཆགས་སོ། །དེ་གཉིས་ཀ་ཡང་གང་དུ་འདེབས་པའི་གཞི་ནི་ཐེག་པ་ཆེན་པོ་པ་དག་ལ་གྲགས་པའི་ཀུན་གཞི་ཞེས་བྱ་བ་དེ་ཉིད་ཡིན་ལ། དེ་ལའང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཆ་གཉིས་ལས། དང་པོ་ནི་འཁོར་བའི་བག་ཆགས་འཇོག་པའི་གཞི་དང༌། ཕྱི་མ་ནི་མྱ་ངན་འདས་པའི་བག་ཆགས་འཇོག་པའི་གཞི་ཡིན་ཞིང༌། འདི་ཉིད་ལ་རང་བཞིན་དུ་གནས་པའི་རིགས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རྒྱུའི་རྒྱུད་ཅེས་བཤད་དོ། །དོན་དེ་ལ་དགོངས་ནས། འཁོར་ལོ་ཕྱི་མའི་མདོར། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་དང༌། རྣལ་འབྱོར་དབང་ཕྱུག་གིས། ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ཚང་བས་རྩ་རྒྱུད། ཅེས་གསུངས་སོ། །དེ་ལ་འཁོར་བའི་བག་ཆགས་འཇོག་པའི་གཞི་ནི་ཆོས་ཉིད་མ་ཡིན་ཏེ། སེམས་ཀྱི་ཆོས་ཉིད་ནི་རང་བཞིན་གྱིས་རྣམ་པར་དག་པ་དང༌། འཁོར་བའི་བག་ཆགས་ནི་གློ་བུར་བ་ཡིན་པས་གཉིས་པོའི་ནུས་པ་དབྱེར་མེད་དུ་འདྲེས་པ་མི་སྲིད་པའི་དོན་གྱིས་སོ། །ཅིག་ཤོས་ཀྱི་བག་ཆགས་ནི་ཆོས་ཉིད་ལ་འཇོག་པ་ཡིན་ཏེ། རྣམ་བྱང་གི་ཆོས་རྣམས་དེར་བཞག་པ་ན་གཉིས་པོ་དབྱེར་མེད་དུ་འགྱུར་བའི་དོན་གྱིས་སོ། །དེ་ལ་དགོངས་ནས། རིགས་པ་མཁྱེན་པས། དེ་གོམས་པ་ལས་བདག་འགྱུར་བས། །ཞེས་དང༌། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་དང༌། ཀྱཻའི་རྡོ་རྗེ་ལས། སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་གསུངས་སོ། །དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་བག་ཆགས་གང་དུ་འཇོག་པའི་གཞི་ནི་སེམས་ཀྱི་ཆོས་ཉིད་ཡིན་ལ། དེ་ཡང་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བ་དག་གིས་བཞེད་པ་ལྟར། སྤྲོས་པའི་ཚོགས་བཀག་ཙམ་གྱི་མེད་པར་དགག་པ་ལ་བྱ་བ་ནི་མ་ཡིན་གྱི། མྱོང་བ་གསལ་རིག་གྱི་ཆ་ལ་འཆད་དགོས་པ་ཡིན་ཏེ། བཀའ་འཁོར་ལོ་ཐ་མའི་མདོ་དང༌། སྔགས་ཀྱི་ཐེག་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་དེ་ལ་འཆད་པས་སོ། །དེ་ཉིད་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་ཀྱང་བྱ་ཞིང༌། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་ཉེར་ལེན་གྱི་རྒྱུ་གང་ལས་སྒྲུབ་པའི་སྒྲུབ་གཞི་ཡང་དེ་ཉིད་ཡིན་ཏེ། དེ་ཐམས་ཅད་ཐོག་མར། སྭ་བྷ་ཝ་ལྟ་བུའི་སྔགས་དོན་བསམས་ཏེ། སྟོང་པ་ཁོ་ནའི་ངང་ལས་བསྒྲུབས་པ་ཡིན་གྱི། སླར་གཟུང་འཛིན་གྱི་སྣང་བ་ཡིད་ལ་བྱས་ནས་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་བག་ཆགས་དེ་གང་གིས་འཇོག་པ་ནི། མཚན་ཉིད་ཐེག་པར་སྤྱིར་གསུང་རབ་ཐོས་པའི་རྐྱེན་གྱིས་ཡིན་ལ། སྔགས་སུ་ནི་ཁྱད་པར་དབང་གི་རིམ་པ་ལས་སོ། །ཇི་ལྟར་འཇོག་པ་ནི། སྤྱིར་བསམ་བྱུང་དང་སྒོམ་བྱུང་གི་རིམ་པ་ལས་ཡིན་ལ། ཁྱད་པར་བ་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེད་པའི་ཚུལ་གྱིས་སོ། །དེ་དུས་ཀྱི་རྒྱུད་དེ་ཡང་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་ཉིད་ལ་འཆད་དགོས་པ་ཡིན་ཏེ། རྒྱུའི་རྒྱུད་ལ་འཆད་དགོས་པའི་ཕྱིར། དེ་ཡང་འདི་ལྟར། མང་པོ་པ་དག་གི་བསམ་པ་ལ། ཐོག་མར་བུམ་པའི་དབང་བསྐུར་བ་ལྟ་བུའི་ཚེ། ཐ་མལ་བའི་ལུས་འདི་ཉིད་གང་དུ་བསྐུར་བའི་གཞི་དང༌། བུམ་པའི་ཆུ་ལ་སོགས་པ་ཀུན་ལ་ཐུན་མོང་དུ་སྣང་བ་དེ་དག གང་གིས་བསྐུར་བའི་རྫས་སོ་སྙམ་དུ་སེམས་པར་བྱེད་དོ། །འཇུག་པའི་ཚེ་དེ་ལྟར་ཞེན་པས་འཇུག་ཀྱང༌། འཆད་པའི་ཚེ་ཡང་དེ་ལྟར་བཤད་ན་མི་མཁས་པ་ཡིན་ཏེ། རིག་པའི་དབང་ལྔ་བསྐུར་བའི་ཚེ། སློབ་མའི་ཕུང་པོ་ལྔ་དང་དབང་རྫས་གཉིས་ཀ་མི་དམིགས་ཤིང༌། སྟོང་པར་སྦྱངས་པའི་ངང་ལས། རང་རང་གི་ས་བོན་དང་ཕྱག་མཚན་ལས་རྒྱལ་བ་རིགས་ལྔར་བསྒྲུབས་ཏེ། དབང་རྫས་ཀྱི་ལྷ་རང་ཉིད་ལ་ཐ་མི་དད་དུ་ཐིམ་པར་བྱས་པ་དེ་དབང་བསྐུར་བའི་དོན་དུ་གསུངས་པས་སོ། །འདི་ཡང་དཔེར་ན། རང་ཉིད་ཀྱི་མ་དག་པའི་རྣམ་ཤེས་དང༌། བུམ་པའི་ཆུ་གཟུང་འཛིན་གྱི་སྣང་བས་བསྡུས་པ་དེ་སྟོང་པར་སྦྱངས་ནས། དེའི་ཤུལ་དུ་ས་བོན་ཧཱུྃ་ལྟ་བུ་ལས་ལྷར་བསྐྱེད་པ་དེའི་ཚེ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་ས་བོན་ཞེས་ཟེར་བ་ཡིན་ཞིང༌། དེ་ཉིད་རྣམ་ཤེས་ཕུང་པོའི་ངོ་བོ་ཡང་ཡིན་ཏེ། ཇི་སྐད་དུ། ཏོག་ཙེ་པས། མིག་གི་རྣམ་ཤེས་རྟོགས་པ་ཡི། །གཉིས་མེད་ཡེ་ཤེས་ངོ་མཚར་ཆེ། །ཞེས་གསུངས་པ་དེ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀ་ལ་སྦྱོར་རྒྱུ་ཡིན་པས་སོ། །སྐབས་དེར་དབང་དོན་འཆད་པ་ན། མི་སྐྱོད་པའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ། ཞེས་པ། མ་དག་པའི་ཆུས་བླུགས་པ་ལ་བྱ་བ་མ་ཡིན་གྱི། དག་པ་ཡེ་ཤེས་ཀྱི་ཆུ་ཞེས་ཀྱང་བྱ། ཆོས་ཉིད་ཀྱི་ཆུ་ཞེས་ཀྱང་བྱ་བ་དེས། སློབ་མའི་རྣམ་ཤེས་ཕུང་པོའི་ཆོས་ཉིད་རྒྱལ་བ་མི་སྐྱོད་པའི་སྐུར་བསྐྱེད་པ་དེ་ལ། གཏོར་བའམ་བླུགས་པ་ཞེས་བྱ་བའི་དོན་ནོ། །ཡང་ཉོན་མོངས་པ་ཞེ་སྡང་དག ཅེས་པ། ཞེ་སྡང་གི་ངོ་བོ་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་ཟེར་བ་ནི་མ་ཡིན་གྱི། དྲི་མའི་ཆ་གློ་བུར་བ་དེ་ལ་ཟེར་བ་ཡིན་ཏེ། དེའི་ངོ་བོ་མི་སྐྱོད་པར་ཡོད་པས་དག་བྱ་མ་ཡིན་པའི་ཕྱིར། ཡང་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཞེས་པ། དེའི་སྟེང་གི་གཟུང་འཛིན་གྱི་ཆ་དག་ནས། ཡེ་ཤེས་ཀྱི་ཆ་མི་སྐྱོད་པའི་ངོ་བོར་གསལ་ཐེབས་པ་དེ་ལ་བྱ་བ་ཡིན་ཏེ། རྣམ་ཤེས་ཀྱི་ཕུང་པོ་ཉིད་མི་སྐྱོད་པར་ཁས་བླངས་པས་ཆོག་ན་གནས་གྱུར་པ་ཞེས་བྱ་བས་དོན་མེད་པའི་ཕྱིར་དང༌། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་མི་སྐྱོད་པ་དང་ཆུ་རྣམ་པར་དག་པ་མཱ་མ་ཀིར་འཆད་ཀྱིན་ཡོད་པ་ཡིན་གྱི། དེ་ཉིད་དེར་བཤད་ན་རྣམ་དག་གི་གོ་བ་མ་ཆགས་པར་སོང་བའི་ཕྱིར། དེའོ་གོ་བ་ཅི་ཞེ་ན། ཇི་སྐད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་དང༌། ཕ་རོལ་ཏུ་ཕྱིན་པ་བ་དག་ལ་རང་བཞིན་རྣམ་དག་ཅེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །དེ་བཞིན་ཉིད་ལྷར་སྐྱེད་པ་དེའི་ཚེ་ཡང་རྗེས་མཐུན་པ་རྟོག་པ་ལ་ལྷ་ཞལ་ཕྱག་གི་རྣམ་པར་སྣང་བ་དང༌། མཚན་ཉིད་པ་དག་པ་དེ་ཉིད་ལྷའི་ངོ་བོར་གསལ་ཟིན་པ་གཅིག་སྟེ་རིམ་པ་གཉིས་འབྱུང་བ་ལས། དང་པོ་ལ་སྐྱེད་རིམ་གྱི་ལྷ་དང༌། གཉིས་པ་ལ་རྫོགས་རིམ་གྱི་ལྷ་ཞེས་བྱའོ། །དང་པོ་ལ་རྣམ་པ་ལྷ་ཡིན་པ་དང༌། གཉིས་པ་ལ་ཆོས་ཉིད་ལྷ་ཡིན་པ་ཞེས་བྱ། དེ་ཡང་སྐྱེད་རིམ་གྱི་ལྷ་དེ་ཉིད་གོམས་པ་མཐར་ཕྱིན་པའི་ཚེ་རྫོགས་རིམ་གྱི་ལྷ་གསལ་བར་འཆར་བ་ཡིན་ཏེ། ཇི་སྐད་དུ་གང་གང་ཤིན་ཏུ་གོམས་གྱུར་པ། །སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པ་ལྟར་རོ། །ཡང་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། ཞེས་པ། ཡེ་ཤེས་ལྔ་ཆར་ལ་གཞི་ལམ་འབྲས་བུའི་དབྱེ་བས་གསུམ་ལས། གཞི་དུས་ཀྱི་དེ་ཉིད་སྒྲིབ་བྱེད་ཞེ་སྡང་ངམ་རྣམ་ཤེས་ཕུང་པོའི་མ་དག་པའི་ཆ་དང་བྲལ་བར་གྱུར་པ་ན། ལམ་དུས་ཀྱི་ཡེ་ཤེས་དེ་མངོན་དུ་བྱས་པ་ཞེས་བྱ་བའི་དོན་ནོ། །ཡང་མི་སྐྱོད་པའི་བག་ཆགས་རྒྱུད་ལ་བཞག །ཅེས་པ་དབང་བསྐུར་བ་ལས་དེའི་ནུས་པ་མཐུ་ཅན་དུ་གྱུར་པ་ལ་བྱ་བ་ཡིན་ཏེ། བག་ཆགས་ཙམ་ནི་དབང་བསྐུར་བ་ཙམ་ལ་མ་ལྟོས་པར་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང་ལྡན་པ་མཐའ་དག་ལ་ཁྱབ་པའི་ཕྱིར་རོ། །བག་ཆགས་དེ་དང་དེ་དག་གང་དུ་འཇོག་པའི་གཞི་ནི། ཆོས་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་ཡིན་ཏེ། ཐབས་རྒྱུད་ཀྱི་ནུས་པ་རྒྱུ་རྒྱུད་ཀྱི་སྟེང་དུ་དབྱེ་བ་མེད་པར་འདྲེས་པ་ལས་འབྲས་བུའི་རྒྱུད་མངོན་དུ་འགྱུར་བ་ཡིན་གྱི། མ་དག་པའི་ཕུང་ཁམས་སྐྱེ་མཆེད་དག་ནུས་པ་དེ་དབྱེར་མེད་དུ་འདྲེ་བ་མི་སྲིད་པའི་ཕྱིར། དོན་དེ་ལ་དགོངས་ནས། རྗེ་བཙུན་བྱམས་པས་ཆོས་ཉིད་ཀྱི་ཕུང་སོགས་ལ་རྫོགས་པ་དང༌། ཆོས་ཅན་གྱི་ཕུང་སོགས་ལ་མ་རྫོགས་པ་ཞེས་བྱ་བའི་ཐ་སྙད་མཛད་ཅིང༌། གཉིས་པོའི་དོན་ཡང༌། སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་རྟེན་དུ་རུང་བ་དང་མི་རུང་བ་ལ་བཤད་པ་ཡིན་ནོ། །འདིར་ལ་ལ་དག་གི་བསམ་པ་ལ། ཆོས་ཉིད་ཀྱི་ལུས་ཤེས་པ་དེ། གསང་འདུས་པ་ཕྱི་མ་དག་ལ་གྲགས་པའི་གཉུག་མ་གཞི་ལུས་ཞེས་འཆད་པ་དེ་ལ་འདྲ་ལེན་བྱས་པ་ཡིན་ནམ་བསམ་པ་དག་སྲིད་ཀྱང༌། མ་ཡིན་ཏེ། དེ་ནི་ལུགས་དེར་ཡང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འཆད་ལ། འདི་ནི་དོན་དམ་པའི་བདེན་པ་ཁོ་ནར་ཁས་ལེན་པའི་ཕྱིར། དེ་བས་འདི་ནི། ཡུམ་གྱི་མདོ་དང་བཀའ་འཁོར་ལོ་ཐ་མའི་ཆོས་སྐད་ཀྱི་ལུས་དང༌། རྗེ་བཙུན་བྱམས་པའི་བསྟན་བཅོས་ཀྱི་ངེས་དོན་འཆད་པའི་བབས་ལུགས་ལ། སྤྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་མཐའ་དག ཀུན་བཏགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་གཟུགས་དང་སྒྲ་ཞེས་བྱ་ལ་སོགས་པ་གསུམ་གསུམ་དུ་ཕྱེ་ནས་རྒྱས་པར་གསུངས་པ་དེའི་དབང་དུ་བྱས་པ་ཡིན་ཏེ། དེ་ཉིད་སྤྱིར་བླ་མེད་ཀྱི་ཐེག་པ་དང༌། ཁྱད་པར་ཀྱཻའི་རྡོ་རྗེའི་སྐབས་སུ་མེད་མི་རུང་གི་ཡན་ལག་ཏུ་ཤེས་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་ནི། །དག་པ་གསུམ་གྱི་རང་བཞིན་བཤད། །ཅེས་གསུངས་པ་དེའི་གོ་བ་ཡང༌། ལྷག་པའི་ལྷ་དོན་དམ་པར་ཆོས་དབྱིངས་སུ་རོ་གཅིག་པ་ལ་འཆད་དགོས་པ་དང༌། ཀྱཻ་རྡོ་རྗེ་ཡང༌། ངོ་བོས་གཟུགས་མེད་མཐོང་བ་པོ། །ཞེས་སོགས་སུ། གཟུང་འཛིན་གཉིས་ལུགས་དེའི་ཐ་སྙད་དུ་ཡང་མེད་པ་དང༌། གཉིས་ཀྱིས་སྟོང་པའི་ཡེ་ཤེས་ཡོད་པར་ཞལ་གྱིས་བཞེས་ནས་རིམ་པ་གཉིས་ཀྱི་རྣམ་པར་གཞག་པ་མཐའ་དག་མཛད་པ་ཡིན་ཏེ། ཇི་སྐད་དུ། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་རང་བཞིན་ཆོས་ཀྱི་སྐུ་དང་གཟུང་འཛིན་གྱི་ཆོས་ལ་ཐ་སྙད་དུ་ཡང་ཡོད་མེད་ཀྱི་རྣམ་གཞག་མཛད་པའི་ཕྱིར་དང༌། ཇི་སྐད་དུ། སེམས་དང་སེམས་ལས་བྱུང་བ་མེད། །ཅེས་གཉིས་པོ་དེ་མེད་པ་དང༌། ཇི་སྐད་དུ། རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་བཞིན་གསུངས་པའི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་དང༌། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་ཡིན། །དེ་ཉིད་འགྲོ་བའི་བདག་ཉིད་དེ། །དེ་ཉིད་ཐམས་ཅད་ཁྱབ་པ་པོ། །ཐམས་ཅད་ལུས་ལ་རྣམ་པར་གནས། །དངོས་དང་དངོས་མེད་དེ་ལས་བྱུང༌། །ཞེས་གསུངས་སོ། །ཡང་ལ་ལ་དག་ན་རེ། ཡེ་ཤེས་ཚོགས་སོག་གི་ཚེ་གཟུང་འཛིན་གཉིས་མི་དམིགས་པར་སྒོམ་པའི་དོན་ནི། བདེན་པར་མི་དམིགས་པ་དང༌། རང་བཞིན་གྱིས་སྟོང་པ་ཞེས་བྱ་བའི་དོན་ཡིན་གྱི། ཆོས་ཅན་སོ་སོ་བ་དེ་དག་རང་ལྡོག་ནས་མེད་པར་སྒོམས་ན་ཆད་སྟོང་དུ་སོང་བ་ཡིན་ནོ། །ཞེས་ཟེར། དེ་སྐད་སྨྲ་བ་དེ་དག་ནི་དབུ་མ་རང་སྟོང་གི་ལྟ་བ་གཏན་ལ་འབེབས་པ་ན། རྟགས་ཀྱི་དགག་བྱ་ཚོལ་བའི་འབད་པས་ངལ་བར་བྱེད་པ་དེ་དག་གི་ལུགས་ཡིན་གྱི། གངས་ཅན་དུ་སྔོན་བྱོན་པ་རྣམས་དང༌། ཁྱད་པར་རྗེ་བཙུན་ས་སྐྱ་པའི་ལུགས་ལ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞིག་ཡོད་ཅེ་ན། སྔོན་འགྲོ་ཡེ་ཤེས་ཚོགས་སོག་གི་ཚེ། སྭ་བྷ་ཝ་དང་ཤཱུ་ནྱ་ཏ་ལ་སོགས་པའི་མཐར་ཧཾ་ཞེས་ང་རྒྱལ་འཛིན་པ་དེའི་ཚེ་ན། སྟོང་པ་ཉིད་དང་རང་བཞིན་གྱི་རྣམ་པར་དག་པ་ཞེས་བྱ་བ་དེ་ལ། གང་གིས་སྟོང་པ་དང་དག་ན། གཟུང་བ་དང་འཛིན་པ་གཉིས་ཀྱིས་སོ། །དེའི་ཚེ་ཅི་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། ཅི་ཡང་མེད་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན། ཞེས་རང་བཞིན་ཆོས་སྐུ་ལ་ང་རྒྱལ་འཇོག་པའི་ཕྱིར། དེ་ལྟར་བཞག་པའི་ངང་ཉིད་ནས་གསང་སྔགས་ཀྱི་ཀུན་སྤྱོད་ཉམས་སུ་ལེན་པ་ལ་འཇུག་པའི་ཚེ། རྟེན་བརྟེན་པ་མཆོད་བྱ་མཆོད་བྱེད་མཆོད་རྫས་ཇི་སྙེད་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་གྲུབ་པ་ཡིན་ཏེ། དེ་ཐམས་ཅད་སྟོང་པའི་ངང་ལས་བསྒྲུབས་པའི་ཕྱིར། འདི་ཉིད་གསང་སྔགས་ཀྱི་ཐེག་པ་བསོད་ནམས་ཀྱི་ཚོགས་རྫོགས་པ་མྱུར་བའི་ཁྱད་པར་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་བསོད་ནམས་ཀྱི་ཚོགས་སོག་པའི་ཚེ་ཀུན་རྫོབ་ཀྱི་སྣང་བ་ལྷན་ཅིག་སྐྱེས་པའི་བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་བཞིན་ཁས་བླངས་ནས་རྒྱ་ཆེན་སྤྱོད་པའི་ཕྱོགས་ལ་འཇུག་པའི་ཕྱིར་རོ། །འོ་ན་སྐབས་འདིར་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པའི་ཚུལ། རང་སྟོང་དང་གཞན་སྟོང་ཞེས་བྱ་བའི་ཤིང་རྟའི་སྲོལ་གཉིས་པོ་གང་དང་མཐུན་པར་འཆད་ཅེ་ན། རྗེ་བཙུན་ས་སྐྱ་པ་ནི་ལྟ་བ་གཏན་ལ་འབེབས་པའི་ཚེ་རང་སྟོང་གི་ལུགས་ལྟར་བཞེད་པ་ཡིན་ཏེ། དེའི་ཚེ་དབུ་མ་ཐལ་རང་དུ་གྲགས་པའི་གཞུང་ནས་ཇི་སྐད་བཤད་པ་དེ་ཉིད་ཞལ་གྱིས་བཞེས་པའི་ཕྱིར། སྒོམ་པས་ཉམས་སུ་ལེན་པའི་དུས་སུ་ནི། ལུགས་གཉིས་པ་ལྟར་བཞེད་པ་ཡིན་ཏེ། དགག་བྱ་གཟུང་འཛིན་གཉིས་པོ་བཀག་པའི་ཤུལ་དུ་གཉིས་སྟོང་གི་ཡེ་ཤེས་ལྷག་མར་བཞག་པ་དེ་ཉིད་ལས་ལམ་རིམ་པ་གཉིས་སྒྲུབ་པར་མཛད་པའི་ཕྱིར་རོ། །དེ་ལ་དགོངས་ནས། ཇི་སྐད་དུ། མཐའ་བྲལ་དུ་གཏན་ལ་ཕབ་ནས་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ཞེས་གསུངས་སོ། །འདི་ལྟར་འཆད་ཤེས་པ་དེའི་ཚེ། གང་ཡོད་པ་ཐམས་ཅད་ལ་རང་བཞིན་དགྱེས་པ་རྡོ་རྗེས་ཁྱབ་པ་ཞེས་བྱ་བ་དེ་འོང་བ་ཡིན་གྱི། གཟུང་འཛིན་གྱིས་བསྡུས་པའི་ཤེས་བྱ་དང༌། གང་ཀུན་རྫོབ་ཀྱི་བདེན་པ་དེ་ཐམས་ཅད་ཡོད་པར་ཁས་བླངས་ན་དེ་ལྟར་འཆད་པའི་ཐབས་རྙེད་པ་མ་ཡིན་ཏེ། ཇི་སྐད་དུ། ཀྱཻ་རྡོ་རྗེ་དེ་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གཞུང་ལམ་གཉིས་ཀྱང་རང་བཞིན་དགྱེས་པ་རྡོ་རྗེ་དངོས་མ་ཡིན་པར་བཤད་པའི་ཕྱིར་རོ། །གལ་ཏེ་ཡེ་ཤེས་ཚོགས་སོག་གི་ཚེ་གཉིས་སྟོང་གི་ཡེ་ཤེས་མི་དམིགས་པར་མི་སྒོམ་པ་ན། དེ་ཉིད་ལ་མཚན་མར་འཛིན་པའི་བློ་འདོར་མི་དགོས་པའམ། དགོས་ན་ཐབས་གང་གིས་འདོར་ཞེ་ན། ཆོས་དབྱིངས་ཡེ་ཤེས་ལ་ལྷར་ཞེན་པ་ནི་དག་པ་རྗེས་སུ་དྲན་པའི་ཐབས་ཀྱིས་སྤོང་ལ། ཡེ་ཤེས་དེ་ཉིད་དུ་ཞེན་པ་ནི། ཉལ་བའི་རྣལ་འབྱོར་ལ་གཉིས་ལས། རང་བཞིན་ལྷན་ཅིག་སྐྱེས་པའི་ངང་ལ་ཉལ་བའི་རྣལ་འབྱོར་གྱིས་སྤོང་ངོ༌། །གཉིས་པ་ཅུང་ཟད་རྒྱས་པར་བཤད་པ་ལ་གཉིས་ཏེ། སྦྱང་གཞི་སྤྱི་དང་བྱེ་བྲག་གི་ཁྱད་པར་ངོས་བཟུང་བ་དང༌། སྦྱང་གཞི་དང་སྤང་བྱའི་ཁྱད་པར་བཤད་པའོ། །དང་པོ་ལ། གཉིས་ཏེ། སྤྱིར་བཤད་པ་དང༌། གསང་སྔགས་ཀྱི་ཁྱད་ཆོས་གང་ཡིན་པའོ། །དང་པོ་ནི། སྤྱིར་སྦྱང་གཞི་དང་སྦྱོང་བྱེད་སྦྱར་ནས་འཆད་པ་དང༌། བཤད་པ་བཞིན་ཉམས་སུ་ལེན་པ་ཙམ་ནི་གསང་སྔགས་ཀྱི་ཁྱད་ཆོས་མ་ཡིན་ཏེ། བཀའ་འཁོར་ལོ་ཐ་མའི་ནང་ན་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཅེས་བྱ་བའི་མིང་ཅན་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྦྱང་གཞི་དང་རྒྱུ་དཀོན་མཆོག་གི་འཁོར་ལོའམ་ཡོངས་སྦྱོང་དྲུག་ཅུ་ཞེས་བྱ་བ་དེ་སྦྱོང་བྱེད་དང༌། དྲི་མ་མེད་པའི་དེ་བཞིན་ཉིད་དམ། སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བའི་མིང་ཅན་མི་གནས་པའི་མྱ་ངན་ལས་འདས་པ་དེ་སྦྱངས་འབྲས་སུ་བཤད་པ་དང༌། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །དེ་ཉིན་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང༌། མངོན་པར་རྟོགས་པའི་རྒྱན་ལས་ཀྱང་སའི་ཡོངས་སྦྱོང་གི་ཚོགས་གསུངས་པ་དང༌། ཡུམ་གྱི་མདོ་དང་རྒྱན་གཉིས་ཀ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའི་ངོས་འཛིན་ཆོས་ཀྱི་དབྱིངས་ལ་བཤད་ནས། དེ་ཉིད་སྒྲུབ་པའི་རྟེན་ཡིན་པར་བཤད་དོ། །དེའི་གོ་བ་ཡང༌། ཆོས་དབྱིངས་གློ་བུར་གྱི་དྲི་མས་བསྒྲིབས་པ་དེ་ལ། སྒྲུབ་པ་ཉམས་སུ་བླངས་པའི་ཚེ། སྒྲུབ་པ་དང་རྟེན་ཆོས་དབྱིངས་དབྱེར་མེད་དུ་འདྲེས་ནས། གློ་བུར་གྱི་དྲི་མ་སྡོད་པའི་གོ་སྐབས་མ་རྙེད་པའོ། །དེ་ལྟ་མོད་ཀྱི། ལུགས་འདིར་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད་ཁོ་ནར་ངེས་ཤིང༌། སྦྱོང་བྱེད་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང༌། སྦྱངས་འབྲས་མཐར་ཐུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་དེར་ངེས་པ་ཡིན་གྱི། སྔགས་ལྟར་སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་སོ་སོ་དང༌། དེའི་ནང་ཚན་གྱི་ཁྱད་པར། དབྱིབས་དང་ཁ་དོག་གི་ཁྱད་པར་སོ་སོ་བ་དང༌། འབྱུང་བ་ལྔ་དང་ཉོན་མོངས་པ་ལྔ་ལ་སོགས་པའི་གྲངས་དང་མཉམ་པ་སྦྱོང་བྱེད་ཀྱི་ལྷ་དང༌། གཞལ་ཡས་ཁང་ལ་སོགས་པའི་དབྱེ་བ་མ་བཤད་དོ། །གཉིས་པ་ལ། གཉིས་ཏེ། གནས་སྐབས་ཀྱི་སྦྱང་གཞི་ལ་གཉིས་སུ་དབྱེ་བ་དང༌། མཐར་ཐུག་གི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད་གཅིག་བུར་ངེས་པའོ། །དང་པོ་ནི། སྦྱོང་བྱེད་རིམ་པ་གཉིས་ཀྱི་སྦྱང་གཞི་ནི་བདེན་གཉིས་སུ་དབྱེ་དགོས་པ་ཡིན་ཏེ། སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་དང༌། འཆི་བ་དོན་དམ་པའི་བདེན་པ་ཞེས་བྱ་བ་གཉིས་སུ་འབྱེད་པས་སོ། །འཆི་བ་ཞེས་པ་ཡང༌། མངོན་པ་ནས་འབྱུང་བ་ལྟར་འཆི་བའི་སྲིད་པ་ལ་བྱ་བ་ནི་མ་ཡིན་ཏེ། དེ་ནི་དོན་དམ་པའི་བདེན་པར་མི་རུང་བས་སོ། །དེའི་ཕྱིར་འཆི་བ་འོད་གསལ་ཞེས་བྱ་བའི་མིང་ཅན་དེའོ། །དེའི་སྦྱོང་བྱེད་ལ་རྣམ་གྲངས་དུ་མར་བཤད་པ་ལས། སྐྱེད་རིམ་གྱི་ཐོག་མར་སྟོང་པའི་བྱང་ཆུབ་སྒོམ་པ་ཞེས་བྱ་བ་དེ་ཉིད་ཀྱིས་ཀྱང་སྦྱོང་བར་བྱེད་དོ། །འོད་གསལ་འདི་ནི་གོང་དུ་བཤད་མ་ཐག་པའི་ཆོས་དབྱིངས་ཡེ་ཤེས་སམ། གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་དེ་དང་དོན་གཅིག་ལ། དེ་ཡང་འཆི་བའི་དུས་ཀྱི་སྲོག་ཆགས་ཐམས་ཅད་སྐད་ཅིག་མ་གཅིག་མངོན་དུ་འགྱུར་བར་བཤད་དོ། །སྐྱེ་བའི་རིམ་པ་ལ། གཉིས་ཏེ། སྣོད་ཀྱི་འཇིག་རྟེན་གྱི་དང༌། བཅུད་ཀྱི་སེམས་ཅན་གྱིའོ། །དང་པོའི་སྦྱོང་བྱེད་ནི། ཆོས་འབྱུང་གི་ནང་དུ་འབྱུང་བ་རིམ་བརྩེགས་ལ་སོགས་པ་སྐྱེད་པ་དེའི་ཚེ། སྦྱང་གཞི་ནི་ལས་དང་ཉོན་མོངས་པའི་བདག་འབྲས་སུ་གྱུར་པའི་ས་ལ་སོགས་པར་སྣང་བ་དེ་ཡིན་ལ། སྦྱོང་བྱེད་ནི་ཡེ་ཤེས་ལས་གྲུབ་པའི་སའི་དཀྱིལ་འཁོར་ལ་སོགས་པ་རྣམས་སོ། །གཉིས་པོའི་ཁྱད་པར་ཅི་ཞེ་ན། སྦྱང་གཞི་ནི་སའི་དཀྱིལ་འཁོར་གྱི་དབང་དུ་བྱས་པའི་གཟུང་འཛིན་དང་བཅས་པའི་ཆ་ནས་ཡིན་ལ། སྦྱོང་བྱེད་ནི་སའི་དཀྱིལ་འཁོར་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ལ་མིང་གི་རྣམ་གྲངས་ཆོས་ཉིད་ཀྱི་ས་ཞེས་དང༌། དོན་དམ་པའི་ས་ཞེས་བྱ་ལ། ངོ་བོ་ཡེ་ཤེས་ཡིན་ཀྱང༌། རྣམ་པ་སར་སྣང་བས་སྦྱང་གཞི་དང་ཆོས་མཐུན་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར་སྦྱང་གཞི་སའི་ངོ་བོ་དེ་ཉིད། སྦྱོང་བྱེད་དག་པའི་སྣང་བར་བསྒོམས་པས་སྦྱང་གཞི་དེའི་སྟེང་གི་མ་དག་པའི་ཆ་བྱང་ཞིང་དག་པར་འགྱུར་བ་ཡིན་ཏེ། དཔེར་ན་ཞེ་སྡང་གི་ངོ་བོ་ལྷ་མི་སྐྱོད་པ་ཉིད་དུ་བསྐྱེད་ནས་གོམས་པས། སྦྱང་གཞི་ཞེ་སྡང་གི་ཚོགས་པ་ན་ཡོད་པའི་དྲི་མའི་ཆ་དག་པར་བྱེད་པ་དང་འདྲའོ། །དེ་བཞིན་དུ་སྦྱང་གཞི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆོས་ཉིད་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་དེ་སྤྱིར་རང་བཞིན་ཆོས་སྐུ་དང་བྱེ་བྲག་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་རྣམ་པར་སྣང་མཛད་ཀྱི་ངོ་བོར་གནས་པ་དེ། གཞལ་ཡས་ཁང་གི་རྣམ་པར་ཤར་ནས་གོམས་པ་མཐར་ཕྱིན་པ་ན། སྦྱང་གཞི་དེ་ཉིད་ཀྱི་སྟེང་གི་གཉིས་སྣང་གི་ཆ་རྣམ་པར་དག་པ་ཡིན་ལ། དེའི་ཚེ་སྦྱང་གཞི་དེ་ལ་ཐ་མལ་དུ་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་ཞེས་བྱ། དེ་ལྟ་བུའི་རྣམ་གཞག་ཞིབ་མོར་དཔྱོད་མི་ནུས་པ་དག་གི་ངོར་ནི། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་སྒོམ་པ་ཞེས་ཟེར་བ་ཡིན་མོད། ཞིབ་མོར་ན། ཐུན་མོང་དུ་སྣང་བའི་རྣམ་རིག་དེ་མ་བཤིག་པར་གཞལ་ཡས་ཁང་གི་སྣང་བ་འཆར་མི་ནུས་པ་ལ་དགོངས་ནས་ཡེ་ཤེས་ཀྱི་ཚོགས་སོག་སྔོན་དུ་གཏོང་བ་ཡིན་ནོ། །དེ་ལྟ་ན་ཡང་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ། རྣལ་འབྱོར་པ་ཅིག་གི་རྒྱུད་ལ་རྗེས་ཐོབ་ཏུ་རྣམ་ཤེས་ལ་མ་དག་པའི་སྣང་བ་འཆར་བ་དང༌། མཉམ་གཞག་ཏུ་དག་པའི་སྣང་བ་འབའ་ཞིག་འཆར་བ་ལ་མི་རིགས་པ་ཅི་ཡང་ཡོད་པ་མ་ཡིན་ཞིང༌། སངས་རྒྱས་ནས་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ལ་སོགས་པའི་སྣང་བ་སེམས་ཅན་རྣམས་ཇི་ལྟར་སྣང་བ་དང་མཐུན་པར་འཆར་བ་ནི་ཅི་ཡང་ཡོད་པ་མ་ཡིན་ཏེ། གཟུང་འཛིན་གྱི་སྣང་བ་ནུབ་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་པ་གང་དུ་སངས་རྒྱས་པའི་གནས་དེ་ཉིད་ལ་འོག་མིན་ཞེས་བྱའོ། །དེ་བཞིན་དུ་བཅུད་ཀྱི་སེམས་ཅན་ལྷར་སྒོམ་པ་ཞེས་པའང༌། རྣམ་གཞག་ཞིབ་མོར་དཔྱོད་མི་ནུས་པ་དག་གི་ངོར་དེ་ལྟར་བཤད་པས་མོས་པ་ཡིད་བྱེད་ལ་བརྟེན་པའི་དོན་ཆེན་པོར་འགྱུར་བ་ཡིན་མོད། ཞིབ་མོར་ན། སེམས་ཅན་ལ་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་བཤད་པ་ཡིན་ཏེ། དོན་དམ་པའི་བདག་གམ། བདག་དམ་པ་ཞེས་བྱ་བ་གཅིག་དང༌། ཀུན་རྫོབ་པའི་བདག་གམ། སྐྱེས་བུ་བཏགས་པར་ཡོད་པ་ཞེས་བྱ་བ་གཉིས་བཤད་པས་སོ། །དེ་སྐད་དུ་ཡང༌། དེ་བཞིན་ཉིད་བདག་དག་པའི་བདག །ཅེས་དང༌། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་དང༌། ཆེན་པོ་དག་གིས་མདོ་དྲངས་པ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམ་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་སོ། དེ་ལྟར་གཉིས་ཀྱི་ནང་ནས་ལྷག་པའི་ལྷར་སྒྲུབ་པའི་གཞི་ནི་དོན་དམ་པའི་བདག་ཏུ་ངེས་ཏེ། སྐྱེད་རིམ་གྱི་ཐོག་མར། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན་ནོ་ཞེས་བཟུང་ནས། དེ་ཉིད་ལྷར་སྒྲུབ་པའི་ཚེ་ན། སྟོང་ཉིད་ཀྱི་ཡེ་ཤེས་དེ་ས་བོན་དང་ཕྱག་མཚན་གྱི་རྣམ་པར་བྱས་ནས་སྐུ་ཡོངས་སུ་རྫོགས་པར་སྐྱེད་པ་ཡིན་པས་སོ། །དེ་ལྟར་ན་སྐྱེད་རིམ་གྱི་རྣལ་འབྱོར་པ་རང་ཉིད་གནས་ཚུལ་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་གནས་པ། སྣང་ཚུལ་ལ་ཀྱཻ་རྡོ་རྗེ་གཟུགས་ཀྱི་རྣམ་པར་ཤར་བ་དེའི་ཚེ། རང་ཉིད་ལྷག་པའི་ལྷ་ཡིན་ནམ་མིན་ཞེས་དཔྱོད་པ་ན། རྗེ་བཙུན་གྱིས་ཆོས་ཉིད་དང་རྣམ་པའི་ཆ་ནས་ཡིན་པ་དང༌། འབྲས་བུ་དངོས་མ་ཡིན་པར་བཤད་ལ། དེའི་གོ་བ། རྣལ་འབྱོར་པ་རང་ཉིད་ཀྱི་ངོ་བོ་རང་བཞིན་ཆོས་སྐུར་གནས་པའི་ཆ་ནས་རང་བཞིན་ཀྱཻ་རྡོ་རྗེ་དངོས་ཡིན། སྐྱེད་རིམ་པའི་རྟོག་པ་ལ་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་སྣང་བ་དེ། རྟོག་པ་དེས་ལྷ་ཉིད་དུ་ཞེན་པའི་ཆ་ནས་རྣམ་པ་ལྷ་ཡིན་པ་ཞེས་བྱ། རྣམ་པ་དེ་ལ་ལྷར་མོས་ཏེ་གོམས་པ་མཐར་ཕྱིན་པ་ན། གོམས་བྱའི་དོན་ལ་གསལ་སྣང་འབྱུང་བ་དེ་ལ་ཞེན་པས་ཞུགས་ན་འབྲེལ་པས་མི་བསླུ་བ་ཞེས་བྱའོ། །དེ་ལྟར་ན་ཀུན་རྫོབ་ཏུ་མ་དག་པའི་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་སྦྱང་གཞིར་འཇོག་པ་ཡིན་ཏེ། སྦྱང་གཞིའི་གྲངས་དང་མཉམ་པའི་ལྷ་རེ་རེ་སྐྱེད་ནས་གོམས་པའི་ཐབས་མཁས་ཕ་རོལ་ཏུ་ཕྱིན་པ་པ་དག་ལས་ཁྱད་པར་དུ་འཕགས་པ་དེ་སྦྱང་གཞིའི་དྲི་མ་མཐའ་དག་མྱུར་དུ་སེལ་བའི་ཕྱིར། དེ་ལྟར་ཕྱེ་བ་དེ་ལ་ནི་ལྷ་སོ་སོའི་དག་པ་ཞེས་བྱ། ཆོས་ཅན་ཀུན་རྫོབ་པའི་དབྱེ་བས་ལྷ་སོ་སོར་ཕྱེ་ཡང༌། ལྷ་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོར་གཅིག་པ་དེ་ལ་དེ་བཞིན་ཉིད་ཀྱི་དག་པ་ཞེས་བྱ། དག་པ་གཉིས་པོ་དེ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་དེ་ལ་རང་རིག་པའི་དག་པ་ཞེས་བྱ། དག་པ་འདི་མེད་ན་སྔ་མ་གཉིས་པོ་ཙམ་གྱིས་གློ་བུར་གྱི་དྲི་མ་སྦྱོང་བའི་ནུས་པ་ལ་བསམས་ནས། ཇི་སྐད་དུ། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་གསུངས་སོ། །དེ་ལྟར་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་སྦྱང་གཞིར་འཇོག་པ་འདི་ནི། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་སྦྱང་གཞི་རྣམ་པར་གཞག་པའི་རིམ་པ་ཉིད་དུ་གསུངས་པ་ཡིན་ལ། དེ་ཡང་ཀུན་རྫོབ་བདེན་པའི་དབང་དུ་བྱས་པར། འཕགས་པ་ཡབ་སྲས་ཐམས་ཅད་ཀྱིས་འཆད་པ་ཡིན་ཏེ། འཕགས་པ་ལྷས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པ་ཡིན། །རིམ་གཉིས་འདི་དག་བླ་མའི་བཀའ་དྲིན་གྱིས། །རྙེད་པ་འདི་ནི་མ་འོངས་སངས་རྒྱས་ཡིན། །ཞེས་སྦྱང་གཞི་སྐྱེ་བའི་རིམ་པ་དེ་ཀུན་རྫོབ་ཀྱི་བདེན་པར་བཤད་པའི་ཕྱིར་རོ། །བཤད་མོད། དེ་ལས་ཅིར་འགྱུར་ཞེ་ན། ཀུན་རྫོབ་ཅེས་བྱ་བའི་དོན་ནི། གནས་ཚུལ་ལ་མེད་བཞིན་དུ་བློ་འཁྲུལ་བའི་དབང་གིས་དེ་དང་དེར་སྣང་བ་ལ་བྱེད་པའོ། །དེ་ལས་ཀྱང་ཅིར་འགྱུར་ཞེ་ན། སྲིད་པ་སྐྱེ་བའི་རིམ་པ་ལ་ཕུང་སོགས་སུ་སྣང་བ་འདི་ནི། མ་རིག་པའི་དབང་གིས་གཟུང་འཛིན་དུ་སྣང་བ་ཡིན་གྱི། སྣང་བ་ལྟར་མེད་པ་ཞེས་བྱ་བའི་དོན་ནོ། །དེ་ལྟར་ཤེས་པ་ན། སྣང་བ་དེའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་ན་གནས་པ་ནི་ཉན་ཐོས་སྡེ་པ་དག་གི་འདོད་པ་ཡིན་ལ། ནང་ཤེས་པ་ལས་མ་གཏོགས་པའི་དོན་མེད་པ་ནི་ཐེག་པ་ཆེན་པོ་པ་སྤྱིའི་ལུགས་སོ། །ཞེས་པ་ལ་ཡང༌། གཟུང་བར་སྣང་བ་དང༌། འཛིན་པར་སྣང་བ་ལས། གཉིས་ཀ་ཡོད་པར་འདོད་པ་ནི་སེམས་ཙམ་པའི་ལུགས་དང༌། གཉིས་ཀ་མེད་པ་ནི་དབུ་མ་པ་དག་གིས་ལུགས་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་ཞེས་བྱའོ། །དབྱིངས་དེ་ཡང་འདོད་ཚུལ་གཉིས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་དག་མེད་དགག་ཏུ་འཆད་པ་དང༌། བཀའ་འཁོར་ལོ་ཐ་མར་སེམས་ཀྱི་རང་བཞིན་འོད་གསལ་ལ་འཆད་པའོ། །གསང་སྔགས་ལས་ཀྱང་འདི་ཉིད་བཞེད་པ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་དང༌། སེམས་ཀྱི་རྡོ་རྗེ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་རྒྱུད་ཅེས་བྱ་བ་རྣམས་ནི། དེ་ལས་གཞན་ལ་ངོས་བཟུང་དུ་མེད་པའི་ཕྱིར། དེས་ན་སྔགས་སུ་ནི། རང་བཞིན་ཆོས་སྐུ་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མེད་དོ། དེ་ཉིད་ཡོད་པར་འདོད་དམ་ཞེ་ན། དེ་ཉིད་དོན་དམ་པའི་བདེན་པར་ནི་འཆད་ལ། གཅིག་དང་དུ་མའི་རིགས་པས་དཔྱད་ན་ཡོད་པ་མ་ཡིན་པའི་ཚུལ་ནི་མ་གསུངས་ཏེ། དེ་ལྟར་བཤད་ན། འཇམ་དཔལ་གྱིས། ཇི་སྐད་དུ། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །ཅེས་པ་དེར་འགྱུར་བས་སོ། །དེ་ལྟ་ན་ཡང་ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་གཟུང་བར་བྱ་བ་ནི་མ་ཡིན་ཏེ། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར། དེ་བས་ན་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཁོ་ནའོ། །གལ་ཏེ་འོ་ན། རྗེ་བཙུན་གྱིས། ཇི་སྐད་དུ། རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་ལ་སློབ་དཔོན་རྣམས་ཀྱིས་སྒྲུབ་བྱེད་མ་གསུངས་པས་དེ་འདྲ་ཞིག་ཡོད་དོ་ཞེས་བཟུང་བར་མི་བྱའོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་བཤད་མ་ཐག་པ་ལྟར་དོན་དམ་པའི་བདེན་པ་ཁས་བླངས་ཀྱང༌། དེ་ཉིད་ཡོད་པར་བཟུང་ན་སྤྲོས་པའི་མཐར་འགྱུར་བ་ལ་དགོངས་པའམ། ཡང་ན་དབུ་མ་ཐལ་རང་དུ་སྨྲ་བ་དག་གིས་མཐར་ཐུག་དོན་དམ་པའི་བདེན་པ་ངོས་བཟུང་རྒྱུ་མེད་པ་ལ་དགོངས་པ་ཡིན་ཏེ། དེ་དག་གིས་ནི་མཐར་ཡོད་པ་ཞེས་བྱ་བའི་ཆོས་ཅུང་ཟད་ཀྱང་ཁས་མི་ལེན་པའི་ཕྱིར་རོ། །འོ་ན་ལྟ་བ་འདིས་གསང་སྔགས་སུ་འཇུག་པར་མི་རུང་ངམ་ཞེ་ན། མ་ཡིན་ཏེ། འདི་ལྟར། ལྟ་བའི་ཚེ་ཆོས་དབྱིངས་རང་སྟོང་དུ་གཏན་ལ་ཕབ་ཟིན་ནས། སྒོམ་པ་དང་སྤྱོད་པ་ལ་འཇུག་པའི་ཚེ་ཆོས་ཀྱི་དབྱིངས་ཁས་བླངས་ནས་ཉམས་སུ་ལེན་པ་མི་འགལ་བའི་ཕྱིར། དཔེར་ན། ལས་རྒྱུ་འབྲས་རང་གི་ངོ་བོས་སྟོང་པར་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེད་ནས། སྤྱོད་པའི་ཚེ་ལས་འབྲས་ཀྱི་བླང་དོར་ལ་འཇུག་པ་མི་འགལ་བ་བཞིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཀུན་རྫོབ་ཏུ་མ་དག་པའི་ཕུང་སོགས་སྦྱང་གཞིར་འཇོག་པ་དེའི་ཚེ། དེ་དང་དེར་སྣང་བའི་རྣམ་རིག་ཉིད་ལ་འཆད་དགོས་པ་ཡིན་ཏེ། རྣམ་རིག་དེ་དྲི་མ་དང་གསལ་ཆ་གཉིས་ཀའི་ཚོགས་པ་ཡིན་པས། སྦྱོང་བྱེད་མཐར་ཕྱིན་པ་ན་དྲི་མ་དག་ནས་གསལ་ཆ་དེ་སངས་རྒྱས་སུ་འགྱུར་བའི་ཕྱིར། དེ་ལས་གཞན་དུ་ཕུང་ཁམས་བེམ་པོའི་ཆོས་ཤིག་ཡོད་པར་ཁས་ལེན་པ་ནི་ཐེག་པ་ཆེན་པོ་པ་ལ་མེད་ཅིང༌། ཡོད་དུ་ཆུག་ཀྱང་བེམ་པོ་སངས་རྒྱས་སུ་འགྱུར་བ་མི་སྲིད་དོ། །གཉིས་པ་ངེས་དོན་མཐར་ཐུག་ལ་ཆོས་དབྱིངས་ཁོ་ན་སྦྱང་གཞིར་བསྟན་པ་ནི། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པ་ཞེས་བྱ་བའི་ལུང་ལས་ཕུང་ཁམས་སྐྱེ་མཆེད་མཐའ་དག་ཀྱང་ཆོས་ཀྱི་དབྱིངས་སུ་རོ་གཅིག་པ་དང༌། རྗེ་བཙུན་གྱིས་གསང་སྔགས་ཀྱི་ཆོས་ཇི་སྙེད་པ་རྒྱུད་གསུམ་དུ་བསྡུས་ནས། རྒྱུའི་རྒྱུད་སྦྱང་གཞི་དང༌། ཐབས་ཀྱི་རྒྱུད་སྦྱོང་བྱེད་དང༌། འབྲས་བུའི་རྒྱུད་སྦྱང་འབྲས་སུ་གསུངས་ལ། དེའི་ཚེ་ངེས་དོན་གྱི་ལུས་ནི་ཐབས་རྒྱུད་དུ་སོང་ཞིང༌། དྲང་དོན་གྱི་ལུས་ནི་སྤང་བྱ་གློ་བུར་གྱི་དྲི་མ་ཡིན་པས་སྦྱང་བྱ་དང་དག་བྱ་ཡིན་གྱི། སྦྱང་གཞི་དང་སྦྱོང་བྱེད་གང་དུའང་མི་རུང་བའི་ཕྱིར། རྒྱུའི་རྒྱུད་ནི་ཆོས་དབྱིངས་ཡེ་ཤེས་ཉིད་ལ་ངོས་འཛིན་པར། སློབ་དཔོན་རིན་པོ་ཆེས་བཤད་པ་དང༌། ཀུན་གཞི་རྒྱུ་རྒྱུད་ཀྱི་དོན་ཀུན་གཞིའི་རྣམ་ཤེས་ལ་ཟེར་བ་མ་ཡིན་ཏེ། དེ་ནི་རྣམ་སྨིན་ཁོ་ནར་ངེས་པས་ན་འགྲོ་བ་རྣམས་སུ་རྒྱུན་ཆད་ཅིང་འཇུག་པས་ན་རྒྱུད་ཀྱི་དོན་མ་ཚང་བའི་ཕྱིར། དེས་ན་ཕྱོགས་སུ་མ་ལྷུང་ཞིང༌། རྒྱ་ཡོངས་སུ་མ་ཆད་པའི་མྱོང་བ་གསལ་རིག་གི་ངོ་བོ་ལ་རྒྱུའི་རྒྱུད་དུ་བཤད་པ་ཡིན་ནོ། །རིགས་པ་ནི། དྲི་མ་དང་བཅས་པའི་ཆོས་ཀྱི་དབྱིངས་གཅིག་པུ་སྦྱང་གཞིར་བཞག་ནས། དེའི་དྲི་མ་དག་པ་ན་འཁོར་བའི་ཆོས་ཇི་སྙེད་པ་རང་སར་དག་པ་ཡིན་ཏེ། དེ་ཐམས་ཅད་ཆོས་དབྱིངས་ལ་གནས་པའི་བག་ཆགས་ལས་བྱུང་བའི་ཕྱིར་དང༌། རྣམ་བྱང་གི་ཡོན་ཏན་ཇི་སྙེད་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླ་མར། ཕུང་པོ་སྐྱེ་མཆེད་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཞེས་དང༌། ང་ལས་འགྲོ་བ་ཐམས་ཅད་འབྱུང༌། །ཞེས་སོ། །མཐར་གསང་ཆེན་རིགས་གཅིག་ཏུ་འཇོག་པའི་ཤེས་བྱེད་ཀྱང་དེ་ཉིད་ལ་ཐུག་གོ །སྦྱང་གཞི་རྣམ་པར་བཞག་པའི་རིམ་པ་ལས་དང་པོར་སྣོད་བཅུད་ཀྱི་འཇིག་རྟེན་སྟོང་པ་ཉིད་ལས་བྱུང་བ་དང༌། ཕྱིས་སྟོང་པ་ཉིད་དུ་ཐིམ་པའི་རིམ་པ་སྦྱང་གཞིར་བཞག་ནས། དེ་སྦྱོང་བྱེད་ཀྱི་ཐབས་ལ་རིམ་པ་གཉིས་རྒྱས་པར་བཤད་པ་དེ་ཐོག་མ་ཉིད་དུ་གོ་བར་བྱས་ནས། དེའི་འོག་ཏུ་སྦྱང་གཞི་ལ། ཀུན་རྫོབ་བདེན་པས་ཁྱབ་བོ་ཞེས་ཟེར་བའི་ལུགས་ངན་པ་དག་བྱུང་སྲིད་ན་དོར་བར་བྱའོ། །ཡང་ཇི་སྐད་དུ། རྣམ་གཞག་རིམ་པ་ལས། དེ་ནས་རྣམ་པར་ཤེས་པའི་བདག་པོ་རྡོ་རྗེ་འཆང་ཆེན་པོ་སེམས་ཅན་བསྐྱེད་པར་མཛད་པ་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་འོག་ཏུ་སེམས་ཅན་གྱི་ཁམས་ངེས་པར་སྤྲུལ་བར་མཛད་དོ། །ཞེས་བཤད་པ་དེར་ཡང༌། རྡོ་རྗེ་འཆང་ནི་རང་བཞིན་ཆོས་སྐུ་ལ་ཟེར་བ་ཡིན་ཏེ། ཇི་སྐད་དུ། ང་ལས་གནས་གསུམ་པོ་ཡང་བྱུང༌། །ཞེས་པ་དང་དོན་གཅིག་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ལ་མ་དག་པའི་ཕུང་སོགས་སྦྱང་གཞིར་འཇོག་པ་དང༌། འཆད་ཚེ་རྣམ་པར་ཕྱེ་བའི་རྣམ་གཞག་ལ། མ་དག་པའི་འདུ་ཤེས་ཀྱི་ཕུང་པོ་ལྟ་བུ་གཅིག་ལ། མྱོང་བ་གསལ་རིག་གི་ཆ་དང༌། མཚན་མར་འཛིན་པའི་ཆ་གཉིས་སུ་ཕྱེ་བས། ཆ་ཕྱི་མ་དེ་ནི་སྤང་བྱ་ཁོ་ནར་ངེས་པས་གནས་གྱུར་རྩི་བའི་གཞིར་མི་རུང༌། དེའི་ཚེ་ན་སྦྱང་གཞིར་མི་རུང་སྟེ། དེར་འཇོག་པ་ལ་གཞི་མི་སྤོང་བའི་འཐད་པ་ཞེས་པ་ཞིག་ཚང་དགོས་པའི་ཕྱིར། དྲི་མ་དང་བཅས་པའི་ཆ་སྔ་མ་དེ། དྲི་མས་མ་དག་པའི་ཚེ་སྦྱང་གཞི་དང༌། དག་པའི་ཚེ་སྦྱང་འབྲས་དང༌། དེ་ཉིད་ལྷར་ཤར་བ་ན་སྐྱེད་རིམ་གྱི་ཚེ་སྦྱོང་བྱེད་ཀྱི་ཐབས་དང༌། རྫོགས་རིམ་གྱི་ལྷ་མངོན་དུ་གྱུར་པའི་ཚེ་ནི་སྦྱངས་འབྲས་སོ། །དོན་དེ་ལ་དགོངས་ནས། དབང་དོན་འཆད་པ་ན། ཉོན་མོངས་འདོད་ཆགས་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། ཞེས་སྦྱང་གཞི་དང་སྦྱང་བྱའི་རྣམ་དབྱེ་སོ་སོར་གསུངས་སོ། །གཉིས་པ་སྦྱང་གཞི་དང་སྤང་བྱའི་ཁྱད་པར་བཤད་པ་ལ། དངོས་དང༌། འཕྲོས་པའོ། །དང་པོ་ནི། སྦྱང་གཞི་ཞེས་པ་རང་གི་ངོ་བོ་མི་སྤོང་བར་གནས་གྱུར་རྩི་བའི་གཞིར་རུང་བ་ཞིག་སྟེ། རྣམ་པར་ཤེས་པའི་ཕུང་པོ་ལྟ་བུའོ། །འདི་ཡང་བདེན་པ་གཉིས་ཚོགས་པའི་དོན་ཏེ། གསལ་རིག་གི་ཆ་དོན་དམ་པའི་བདེན་པར་ངེས་པས་སོ། །གཉིས་སྣང་གི་གསལ་བ་ཀུན་རྫོབ་ཏུ་བཤད་པ་ལ་འཁྲུལ་ནས། གཉིས་མེད་ཀྱི་གསལ་ཆ་ཀུན་རྫོབ་བདེན་པར་འཆད་པ་དེ་དག་གིས་ནི། འདུས་པར་འོད་གསལ་དོན་དམ་བདེན་པར་གསུངས་པའི་དོན་མ་དགོངས་སོ། །སྤང་བྱའི་དོན་ནི། རྣམ་པ་ཐམས་ཅད་དུ་དོར་བར་བྱ་བ་ཡིན་པས་སྦྱང་གཞིར་མི་རུང་སྟེ། གློ་བུར་བ་ཁོ་ནར་ངེས་པའི་ཕྱིར་དང༌། སངས་རྒྱས་ཀྱི་སར་རྒྱུན་ཆད་པའི་ཕྱིར་དང༌། སྤང་བྱ་ཁོ་ནར་ངེས་པས་གཞི་མི་སྤོང་བ་ཞེས་བྱ་བའི་འཐད་པ་མ་ཚང་བའི་ཕྱིར། དེས་ན། ཇི་སྐད་དུ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་པས་ནི་དེའི་ངོ་བོ་རང་བཞིན་ལྷན་སྐྱེས་དེ་ངོས་བཟུང་བ་ཡིན་ལ། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཞེས་པས་ནི་དྲི་མའི་ཆ་དེ་ངོས་བཟུང་བའོ། །དེས་ན་ཆགས་པའི་ངོ་བོ་འོད་དཔག་ཏུ་མེད་པར་ཤར་བ་དེའི་ཚེ། ཆགས་པ་རང་འགགས་སུ་འགྲོ་བ་སོགས་ལ་དགོངས་ནས། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཞེས་གསུངས་པ་ཡིན་གྱི། ཆགས་སོགས་དྲི་མའི་ཆ་དེ་ཉིད་ལྷར་སྐྱེད་པ་ཡིན་ན། ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བ་བྱོས། །ཞེས་གསུངས་མི་དགོས་པར་འགྱུར་ཏེ། རྙོག་པ་མེད་པ་ནི་རྣམ་པར་དག་པའི་མིང་ཡིན་པའི་ཕྱིར། གཉིས་པ་དེ་ལས་འཕྲོས་པ་ནི། ལ་ལ་དག་ན་རེ། ཆོས་ཀྱི་དབྱིངས་ཁོ་ན་རྟེན་དང་བརྟེན་པར་སྐྱེད་དགོས་པ་ཡིན་ན། ལུས་དཀྱིལ་གྱི་རྣམ་གཞག་དང་འགལ་བས། མ་དག་པའི་ལུས་ཀྱི་ཆ་ཤས་དེ་དང་དེ་ཁོ་ན་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་སྐྱེད་དགོས་པ་ཡིན་ནོ། །ཞེས་ཟེར། དེ་ལྟ་ན། ལམ་གྱི་གནས་སྐབས་སུ་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པའི་ལུས་ལ་ལུས་ཀྱི་དཀྱིལ་འཁོར་འགོད་པ་མ་ཡིན་པར་ཐལ་བ་དང༌། འབྲས་དུས་ཀྱི་ཀྱཻ་རྡོ་རྗེའི་ལུས་ལ་ལུས་ཀྱི་དཀྱིལ་འཁོར་མ་ཚང་བར་འགྱུར་ཏེ། དེ་དག་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོར་ངེས་པའི་ཕྱིར། གཞན་ཡང༌། ལམ་ཟབ་ཀྱི་ཞེན་པ་སྤོང་བའི་ཐད་དུ། ཕུང་པོ་སངས་རྒྱས་ལྔའི་བདག་ཉིད་ལ་བརྙས་པར་འགྱུར་བ་དང༌། དེར་དེ་མི་འགྱུར་བའི་ཆེད་དུ། བླ་མའི་གསུང་གིས། ཡེ་ཤེས་ལས་གྲུབ་པའི་ལྷག་པའི་ལྷ་སྤྱི་བོ་ནས་འཐོན་པར་བསམས་ནས་ཞེན་པ་སྤོང་བ་ཡིན་ཞེས་དང༌། ཡང་ཁ་ཅིག་གི་གསུང་ནས། རླུང་སེམས་ལས་གྲུབ་པའི་ཀྱཻ་རྡོ་རྗེའི་རྣམ་པ་ཅན་ཞིག་ཟུར་དུ་འཐོན་ནས། ཞེས་སོགས་ཀྱི་སྤྲོས་པ་མཛད་མི་དགོས་པར་འགྱུར་ཏེ། ཇི་ལྟར་བྱས་ཀྱང་ལུས་ཀྱི་དཀྱིལ་འཁོར་ཆུད་གསན་པའི་ཕྱིར་དང༌། ལྷག་པའི་ལྷ་ཟུར་དུ་འཐོན་པ་དེ་དག་ལ་ལུས་ཀྱི་དཀྱིལ་འཁོར་མ་ཚང་བའི་ཕྱིར། གསང་བ་འདུས་པར། དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་པའི་དོན། ལྷག་མོས་འོད་གསལ་དུ་བསྡུ་བའི་རིམ་པ་ལ་འཆད་པ་ཡིན་ལ། དེའི་དོན་ཡང༌། ལུས་ཀྱི་དཀྱིལ་འཁོར་དང་བཅས་པའི་ལྷ་འོད་གསལ་དུ་ཐིམ་པ་ལ་འཆད་དགོས་པ་ཡིན་ཏེ། རྣམ་གཞག་རིམ་པར། མི་སྐྱོད་ལ་སོགས་གྲངས་བཞིན་དུ། །བཞུགས་པ་དག་ནི་ཞིང་ཞེས་བྱ། །དེ་དག་དངོས་པོ་མེད་འགྱུར་བའི། །དེ་བཞིན་ཉིད་ནི་ཞིང་ཞེས་བྱ། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ། །རྣལ་འབྱོར་པས་ནི་སངས་རྒྱས་བཞུགས། །ཞེས་རྒྱུད་ཀྱི་ལུང་དྲངས་པའི་འོག་ཏུ། གཟུགས་ཕུང་རྟོགས་དང་མེ་ལོང་དང༌། །ས་ཁམས་མིག་གི་དབང་པོ་དང༌། །གཟུགས་དང་རྣམ་ལྔར་གྱུར་པ་སྟེ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་པ་ནས། གཟུགས་ཀྱི་ཕུང་པོ་འོད་གསལ་དུ་འཇུག་པའི་མཚན་མ་མཁས་པས་ཤེས་པར་བྱས་ཏེ། ཞེས་སོགས་རྒྱས་པར་གསུངས་པ་རྣམས་ཀྱི་དོན། ལམ་གྱི་འོད་གསལ་དང་འཆི་བའི་འོད་གསལ་གྱི་དུས་སུ་ལུས་དཀྱིལ་ཐིམ་པར་གསུངས་ལ། དེའི་ཚེ་ལུས་ཀྱི་དཀྱིལ་འཁོར་ཆོས་དབྱིངས་ཀྱི་ངོ་བོར་མ་སོང་ན་ཐིམ་པའི་དོན་ཅི་ལ་བྱ། གཞན་ཡང་ཚེ་འདི་ཉིད་ལ་འཚང་མ་རྒྱས་པའི་རྣལ་འབྱོར་པ་ཤི་བའི་ཚེ། ལུས་དཀྱིལ་འོད་གསལ་དུ་མ་ཐིམ་ན་ནི་ཕུང་པོ་བསྲེགས་པ་ལ་སོགས་པའི་ཚེ། རྟེན་དང་བརྟེན་པར་བཅས་པའི་ལུས་ཀྱི་དཀྱིལ་འཁོར་ཐ་མལ་གྱི་མེས་འཚིག་པ་ལ་སོགས་པའི་ཉེས་པར་འགྱུར་ལ། ཐིམ་ན་ནི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་དུ་གནས་པར་སོང་ངོ༌། །རྣལ་འབྱོར་པ་ཚེ་གཅིག་ནས་གཅིག་ཏུ་འཕོས་པའི་ཚེ། ལུས་ཀྱི་དཀྱིལ་འཁོར་སྔ་མ་དོར་ནས་རྟིང་མ་བླངས་པ་ཉིད་དུ་ཁས་ལེན་དགོས་པས། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་ཇི་ལྟར་རུང༌། དེ་བས་ན་བརྟེན་པ་ལྷའི་གནས་སྐབས་སུ། ཐ་མལ་གྱི་ཕུང་པོ་ལྔ་དག་པ་སངས་རྒྱས་རིགས་ལྔ་དང༌། ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་ཞེས་སྨྲ་བ་པོ་འདི་དག་ཀུན་གྱི་གློ་བ་ལ་བྱང་བར་ཡོད་པ། དེའི་ཚེ་རྣམ་པར་དག་པ་དེ་ཅི་ལ་ཟེར། དེ་བས་ན་བརྟེན་པ་ལྷ་གསལ་འདེབས་པའི་ཚེ། རྣམ་པར་དག་པ་ཞེས་ཚིག་ཕྱེད་ཀྱང་ཆད་པ་མེད་པར་གསུངས་པའི་སྟོབས་ཀྱིས་རྟེན་ལུས་དཀྱིལ་གྱི་ཚེ་ཡང༌། མིག་དང་རྣ་བ་རྣམ་པར་དག་པ་ཞེས་ཚིག་ཏུ་མི་བརྗོད་ཀྱང༌། དོན་དེ་ཉིད་ལས་མ་འདས་ཏེ། ཕྱི་དཀྱིལ་དང་བསྦྲགས་ནས་གསལ་འདེབས་པའི་ཚེ་ནི་འབྲས་བུ་རྡོ་རྗེ་འཛིན་པའི་ལུས་ཉིད་ལ་རྟེན་དང་བརྟེན་པ་མཐའ་དག་གསལ་འདེབས་པ་ཡིན་ལ། དྲིལ་བུ་ལུས་དཀྱིལ་ལྟ་བུ་ལུས་དཀྱིལ་རྐྱང་པར་གསལ་འདེབས་པའི་ཚེ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ནས། དོན་དེ་དང་ལྡན་པ་ནི་བདག་ཉིད་དོ། །ཞེས་པ་སྔོན་དུ་གཏང་ནས། ངེས་དོན་གྱི་ཧེ་རུ་ཀ་ཞེས་པ། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད། དྲང་དོན་གྱི་ཧེ་རུ་ཀ་ཞལ་ཕྱག་གི་རྣམ་པ་ཅན་དུ་ཤར་བ་དེའི་སྐུ་ལ་ལུས་ཀྱི་དཀྱིལ་འཁོར་གསལ་འདེབས་པ་ཡིན་པའི་ཕྱིར་དང༌། གསལ་བཏབ་ཟིན་མ་ཐག་གཉིས་སུ་མེད་པ་རྡོ་རྗེའི་བདག་ཉིད་ང་ཡིན་ཞེས་ལན་གསུམ་དུ་དྲན་དགོས་པའི་ཕྱིར། གལ་ཏེ་འོ་ན་རྣལ་འབྱོར་པ་ཚེ་ལུས་གཅིག་ལ་མཆོག་གི་དངོས་གྲུབ་བརྙེས་པ་དེའི་ཚེ། མ་དག་པའི་ཕུང་པོ་ཤུལ་དུ་ལུས་ན་ནི་ལུས་གཅིག་ལ་སངས་རྒྱས་པར་མ་སོང༌། མ་ལུས་ན་ནི་རྣམ་སྨིན་གྱི་ཕུང་པོ་ཉིད་ལྷར་གྲུབ་པ་ལས་འོས་མེད་དོ་ཅེ་ན། འདི་ལ་ཕ་རྒྱུད་པ་དག་ནི། ཀུན་རྫོབ་སྒྱུ་མ་ལྟ་བུའི་ལུས་འོད་གསལ་གྱི་སྦྱངས་པས་ལོངས་སྐུ་འཇའ་ཚོན་ལྟ་བུ་མངོན་དུ་བྱེད་པར་འདོད་ལ། མ་རྒྱུད་པ་དག་ནི། ལྕགས་ལ་དངུལ་ཆུ་འཛག་མེད་དུ་བཅིངས་པས་ལྕགས་ཀྱི་ཁམས་ཟད་ནས་གསེར་དུ་བསྒྱུར་བ་བཞིན་དུ། གཏུམ་མོ་ཡེ་ཤེས་ཀྱི་མེས་བྱང་ཆུབ་ཀྱི་སེམས་ལུས་ལ་འཛག་མེད་དུ་བཅིངས་པས་ཐོགས་བཅས་ཀྱི་ཁམས་ཟད་ནས་འཇའ་ཚོན་ལྟ་བུའི་སྐུ་མངོན་དུ་བྱེད་པར་བཞེད་དོ། །འདི་ལ་གཞན་དག་ན་རེ། རྒྱུ་ཐོགས་བཅས་ལ་འབྲས་བུ་ཐོགས་མེད་འབྱུང་བར་འདོད་པ་ནི། སོལ་བ་དུང་དུ་འགྱུར་བར་འདོད་པ་དང་འདྲའོ། །ཞེས་ཟེར་བ་ནི་འདི་ལ་འཇུག་པ་མ་ཡིན་ཏེ། ཐེག་པ་ཆེན་པོ་པ་དག་ནི་སེམས་ལས་མ་གཏོགས་པའི་ཐོགས་པ་དང་བཅས་པའི་རྡུལ་དུ་གྲུབ་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་གོང་དུ་རྒྱས་པར་བཤད་པ་འདི་དག་ཀྱང་ལྟ་བས་གཏན་ལ་འབེབས་པའི་དབང་དུ་བྱས་པ་ཡིན་གྱི། སྒོམ་པས་ཉམས་སུ་ལེན་པའི་ཚེ་ནི། ཆོས་ཅན་དང་ཆོས་ཉིད་ཀྱི་དབྱེ་བ་མེད་པར། རང་གི་ལུས་ཉིད་ལྷར་སྒོམས་པས་ཆོག་པ་ཡིན་ཏེ། དེ་ལྟར་གོམས་པས་མཐར་ཕྱིན་པ་ན་འཁོར་བའི་ཆོས་རྣམས་རང་གི་ངང་གིས་འདོར་བ་དང༌། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་ཆོས་དབྱིངས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་ནས། གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འབྱུང་བའི་ཕྱིར་རོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་སྣད་བྱེད་འོད་འབར་བས། །རང་དང་གཞན་གྱི་རྨོངས་པ་ཡི། །མུན་ཆེན་མ་ལུས་སེལ་བར་ཤོག །མངའ་རིས་ས་ཡི་ཐིག་ལེར་ནི། །རབ་འཁོད་རིག་པའི་གནས་རྣམས་དང༌། །ངེས་པའི་དོན་ལ་རྨོངས་བྲལ་བ། །དཔལ་ལྡན་བློ་གྲོས་བཟང་པོ་ཡིས། །དྲིས་པའི་བཞེད་པ་བསྐང་བྱའི་ཕྱིར། །གསེར་མདོག་ཅན་གྱི་ཆོས་གྲྭ་ནས། །མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། །གསལ་བར་སྤྲིངས་པ་འདི་དགེའོ། །འདི་ཡི་དག་བྱེད་ཡི་གེ་པ། །ཆོས་ཀྱི་རྒྱལ་མཚན་མངའ་རིས་པས། །གསལ་བར་བྲིས་པའི་དགེ་བ་ཡང༌། །ཀུན་དང་ཐུན་མོང་ཉིད་དུ་བསྔོ།།  །།མངྒ་ལཾ།།  ༄། །གསང་བ་འདུས་པའི་འོད་གསལ་ལས་འཕྲོས་པའི་དྲིས་ལན་བཞུགས་སོ།།  ༄། །འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །གསང་བ་འདུས་པའི་འོད་གསལ་ལས། །བརྩམས་པའི་དྲིས་ལན་མདོར་བསྡུས་ལ། །ཇི་ཙམ་དཔག་ནུས་དེ་བརྗོད་བྱ། །འདི་ལ་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། ཇི་སྐད་དུ། གསང་བ་འདུས་པའི་རྣལ་འབྱོར་པ་ལམ་ལ་སྦྱངས་པ་གཅིག་འཆི་བའི་དུས་སུ། སྣང་མཆེད་ཐོབ་གསུམ་གྱི་རིམ་པས་འོད་གསལ་མངོན་དུ་བྱས་ནས། སླར་ཡང་ལུགས་འབྱུང་གི་སྣང་བ་ཡེ་ཤེས་ཀྱི་རླུང་སེམས་ཀྱི་དབང་དུ་བྱས་ཏེ། བར་དོ་ལོངས་སྐུར་བསླངས་ནས། དེ་ཉིད་སེམས་ཅན་གྱི་དོན་ལ་སྐྱེ་བ་སྤྲུལ་པའི་སྐུར་ལྡང་བ་སོགས་ལ་ལུགས་མང་མཆིས་ན། འདི་ལ་ཉིད་ཀྱི་ཐུགས་བཞེད་ཇི་ལྟར་བཀོད་པ་ཅིག་ཞུ་ཞེས་སོ། །ལན་ལ་དྲི་བ་དང་པོའི་ལན་དང༌། སྐྱེ་བ་སྤྲུལ་པའི་སྐུར་ལྡང་ཚུལ་ཞེས་དྲི་བ་འདི་ལ་དཔྱད་པའོ། །དང་པོ་ལ་གཉིས་ཏེ། དྲི་བ་འདི་ཉིད་ཀྱི་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ལ་གཉིས་ཏེ། འོད་གསལ་ནས་ལོངས་སྐུར་བཞེངས་ལུགས་དང༌། དེ་ལ་དོགས་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། དྲི་བ་ཅུང་ཟད་སྦོམས་པས་མཐའ་བཅད་པ་དང༌། དངོས་ལན་བཏབ་པའོ། །དང་པོ་ནི། གསང་འདུས་ཀྱི་རྣལ་འབྱོར་པ་ལམ་ལ་སྦྱངས་པ་ཙམ་ལ་གཉིས་ཏེ། བསྐྱེད་རིམ་ལ་སྦྱངས་པ་གཞིར་བྱས། རྫོགས་རིམ་གྱི་རྣལ་འབྱོར་ལ་མ་བསླབ་པ་དང་བསླབས་པའོ། །དང་པོ་དེ་འཆི་བའི་དུས་སུ་ལམ་གྱི་འོད་གསལ་མངོན་དུ་བྱེད་མི་ནུས་ཏེ། རྫོགས་རིམ་གྱི་རྣལ་འབྱོར་སྔ་མ་རྣམས་སྔོན་དུ་མ་སོང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྔོན་འགྲོ་དབེན་གསུམ་ཙམ་ལ་བསླབ་པ་གཞིར་བྱས་ནས། དངོས་གཞི་ཀུན་རྫོབ་ཀྱི་བདེན་པ་ཙམ་ཡང་མངོན་དུ་མ་བྱས་པ་དང༌། བྱས་པའོ། །དང་པོ་དེ་འཆི་བའི་དུས་སུ་ལམ་གྱི་འོད་གསལ་མངོན་དུ་བྱེད་པ་མ་ཡིན་ཏེ། སྤང་བྱ་སྒྱུར་འཛིན་གྱི་རྟོག་པ་གཞོམ་རྒྱུ་མ་བྱུང་ཞིང༌། སྒྱུ་ལུས་མངོན་དུ་མ་བྱས་ན་འབྲས་བུ་ཟུང་འཇུག་ཏུ་བཞེངས་མི་ནུས་པས་འོད་གསལ་ལ་དགོས་པ་མེད་པའི་ཕྱིར། གཉིས་པ་ལའང་འོད་གསལ་མངོན་དུ་བྱས་པ་དང༌། མ་བྱས་པའོ། །དང་པོ་ལ་སྤྱོད་པ་གསུམ་པོ་གང་རུང་མཐར་ཕྱིན་པར་བྱས་པ་དང༌། མ་བྱས་པའོ། །དང་པོས་ནི་ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་མངོན་དུ་བྱེད་པས་འཆི་བའི་དུས་ཀྱི་མན་ངག་ལ་མི་ལྟོས་སོ། །གཉིས་པ་དངོས་ལན་བཏབ་པ་ནི། དེ་ལྟར་འོད་གསལ་མངོན་དུ་བྱས་ཀྱང་སྤྱོད་པ་མ་བྱས་པ་དེ་དང༌། སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་མངོན་དུ་བྱས་ཀྱང་འོད་གསལ་དོན་དམ་པའི་བདེན་པ་མངོན་དུ་མ་བྱས་པའི་རྣལ་འབྱོར་པ་དེས་ནི། སྒྱུ་ལུས་འོད་གསལ་དུ་འཇུག་པའི་མན་ངག་རྣམས་ཤེས་པར་བྱས་ནས། བློའི་འཕེན་པ་འདི་ལྟར་བཏང་སྟེ། ནམ་འཆི་བའི་ཚེ། གཞིའི་འོད་གསལ་མངོན་དུ་གྱུར་པ་ན་ལམ་གྱི་འོད་གསལ་དང་བསྲེས་ནས། ཡུན་ཇི་སྲིད་དུ་མཉམ་པར་གཞག་སྟེ་ཟུང་འཇུག་གི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་ནས། ཡུལ་དང་ཡུན་ཇི་ལྟར་ཐིམ་པའི་རིམ་པས་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ། སྔོན་གྱི་འཕེན་པ་དེའི་སྟོབས་ཀྱི་ཟུང་འཇུག་གི་སྐུར་ལྡང་ནུས་པའོ། །འདིར་དྲི་བའི་ནང་ན་ལུགས་འབྱུང་གི་ཚུལ་གྱིས་ཇི་ལྟར་ལྡང་ཞེས་པ་ནི་ཡི་གེ་མ་དག་པ་སྟེ། ཟུང་འཇུག་ཏུ་ལྡང་དུས་ཀྱི་སྣང་བ་གསུམ་ལུགས་ལྡོག་ལས་གཞན་དུ་བཤད་པ་མི་སྣང་བས་སོ། །འོ་ན་འོད་གསལ་དུ་འཇུག་པ་དང༌། དེ་ལས་ལྡང་བའི་སྣང་བ་གསུམ་གྱི་ངོས་འཛིན་དང་གོ་རིམ་ཇི་ལྟ་བུ་ཞེ་ན། འདིར་འོད་གསལ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་མིང་ཅན་རང་འབྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་མངོན་དུ་བྱེད་པའི་ཐབས་ནི། རིམ་ལྔ་དང་སྤྱོད་བསྡུས་གཉིས་ཀ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་མངོན་དུ་བྱེད་པར་བཤད་ལ། དེའི་ཚེ་ན་དགའ་བ་དང་མཆོག་ཏུ་དགའ་བ། ཁྱད་པར་གྱི་དགའ་བ་གསུམ་གྱིས་གོ་རིམ་བཞིན་དུ་སྣང་མཆེད་ཐོབ་གསུམ་དུ་འཇུག་ཅིང་ལུགས་འབྱུང་དུ་སྐྱེ་ལ། དེའི་འོག་ལྷན་ཅིག་སྐྱེས་པའི་དགའ་བ་ནི། དོན་དམ་པ་བྱང་ཆུབ་སེམས་ཀྱི་མིང་ཅན་འོད་གསལ་དེ་ཉིད་དོ། །དེ་ལས་སླར་ཡང་ལུགས་ལྡོག་གི་དགའ་བ་གསུམ་མངོན་དུ་བྱས་པ་ནི། སྣང་བ་གསུམ་ལུགས་ལས་བཟློག་པའི་ཚུལ་དུ་བྱུང་བ་ཞེས་ལ། དེའི་ཚེ་སྟོང་པ་བཞི་ཀའི་ཡེ་ཤེས་ཀྱི་རླུང་གི་གཞོན་པ་ཅན་དུ་གྱུར་པ་ལས་ཟུང་འཇུག་སྐུར་བཞེངས་པ་ཞེས་བྱའོ། །གཉིས་པ་ནི། འོད་གསལ་དུ་འཇུག་ལྡང་གི་མན་ངག་དེ་ལྟར་ཤེས་ཀྱང་མངོན་དུ་མ་གྱུར་པའི་རྣལ་འབྱོར་པ་དེ་ནི་འཆི་བ་འོད་གསལ་ལས་ལྡང་བའི་ཚེ། ཡེ་ཤེས་ཀྱིའམ་ཕྱག་རྒྱ་ཆེན་པོ་གང་རུང་ལས་དེ་ལྟར་མངོན་དུ་བྱེད་ནུས་པ་ཡིན་ཏེ། དེས་སྔོན་ཉིད་ནས་སྒྱུ་ལུས་གྲུབ་ཟིན་པའི་ཕྱིར། དབང་ལ་སྣོད་དུ་བྱེད་པ་དང༌། ལམ་དུ་བྱེད་པ་གཉིས་ལས། འདི་ནི་ཕྱི་མའོ་ཞེས་སྔ་རབས་པ་རྣམས་བཞེད་དོ། །འཆི་བ་འོད་གསལ་ལས་བཞེངས་པའི་ཟུང་འཇུག་འདི་ལ་ནི། ངེས་པར་སློབ་པའི་ཟུང་འཇུག་མངོན་དུ་བྱེད་དགོས་ཏེ། སྤྱོད་པ་གསུམ་པོ་གང་རུང་ལ་ངེས་པར་སློབ་དགོས་པའི་ཕྱིར། འདི་ཡང་ཤིན་ཏུ་སྤྲོས་མེད་ཀྱི་དབང་དུ་བྱེད་དགོས་སོ། །གཉིས་པ་ཅུང་ཟད་སྤྲོས་པ་ལ་གཉིས་ཏེ། རང་གི་བློས་བཏགས་པ་ཞིག་བརྗོད་པ་དང༌། བོད་ཕྱི་མའི་འདོད་པ་ལ་དཔྱད་པའོ། །དང་པོ་ནི། གལ་ཏེ་འོད་གསལ་ལས། མི་སློབ་པའི་ཟུང་འཇུག་ཉིད་དུ་འཇུག་ནུས་པ་དང༌། འོད་གསལ་མངོན་དུ་མ་བྱས་པར་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་དག་ཡོད་དམ་ཞེ་ན། འདི་ལྟར། འོད་གསལ་ཞེས་པ་འདི་ནི་གཟུང་འཛིན་གྱི་རྟོག་པ་ཞེས་པའི་མིང་ཅན་ཤེས་བྱའི་སྒྲིབ་པ་མ་ལུས་པའི་ས་བོན་དྲུང་འབྱིན་པའི་གཉེན་པོ་ཡིན་ལ། དེས་སྤང་བྱ་དེ་སྤོང་བའི་ཚུལ་ལ་གཉིས་ཏེ། མཉམ་གཞག་ཐུན་གཅིག་གིས་ཤེས་སྒྲིབ་མ་ལུས་པར་ཟད་པར་བྱས་ནས། ཟུང་འཇུག་གི་སྐུར་བཞེངས་པ་དང༌། མཉམ་གཞག་གི་ཐུན་མང་པོ་རྗེས་ཐོབ་སྒྱུ་མའི་སྐུས་བར་དུ་བཅད་ནས་ཤེས་སྒྲིབ་ཀྱི་ཕྱོགས་རེ་རེ་ནས་ཟད་པར་བྱེད་པའོ། །དང་པོ་ལྟར་ན་ནི། ཐོག་མར་སློབ་པའི་ཟུང་འཇུག་ཏུ་བཞེངས་དགོས་ཏེ། སྤྱོད་པ་ལ་སློབ་དགོས་པའི་ཕྱིར། སྤང་བྱ་སྤོང་ཚུལ་གཉིས་པ་དེ་ལྟར་ན། མཉམ་གཞག་གི་ཐུན་ཐ་མ་ལས་མི་སློབ་པའི་ཟུང་འཇུག་ཏུ་བཞེངས་ནུས་པ་ཡིན་ཏེ། འོད་གསལ་གྱི་ཐུན་ཐ་མས་ཤེས་སྒྲིབ་མ་ལུས་པ་སྤངས་ཤིང༌། ཐུན་མཚམས་བཞེངས་པའི་ཟུང་འཇུག་གི་སྐུས་སྤྱོད་པ་མཐར་ཕྱིན་པ་དག་སྲིད་པའི་ཕྱིར་རོ། །འདི་ལྟར་ཡང་བརྟག་ནུས་ཏེ། འོད་གསལ་གྱིས་ཤེས་སྒྲིབ་ཀྱི་བག་ཆགས་སྤོང་བ་དང༌། སྤྱོད་པས་ཉོན་མོངས་པའི་བག་ཆགས་སྤོང་བ་དང༌། གཉིས་པོ་སྤོང་བའི་གོ་རིམ་ལ་ངེས་པ་མེད་པ་དང༌། སོ་སོ་སྐྱེ་བོས་ཚེ་གཅིག་གིས་སངས་རྒྱས་མངོན་དུ་བྱེད་པ་ལ་སྤྱོད་པ་དགོས་པའི་རྒྱུ་མཚན་གྱིས་རྡོ་རྗེ་འཛིན་པའི་ས་གསུམ་ལྷག་པར་དགོས་པ་ཞེས་བྱ་བ་རྣམས་སོ། །འོད་གསལ་མངོན་དུ་མ་བྱས་པར་ནི་སྒྱུ་མ་ལྟ་བུའི་སྐུ་ཡོད་ཀྱང༌། ཟུང་འཇུག་གི་དོན་དང་ཐ་སྙད་གཉིས་ཀ་མི་འཐོབ་སྟེ། ཟུང་འཇུག་གི་དོན་ནི་བདེན་པ་གཉིས་སོ་སོ་མ་ཡིན་པ་ལ་བྱ་ལ། འོད་གསལ་མངོན་དུ་མ་བྱས་པར་དེ་མི་འབྱུང་བའི་ཕྱིར། དཔེ་དེ་བཞིན་དུ། ལྟ་བ་འཁོར་འདས་དབྱེར་མེད་ཅེས་ཚིག་ཏུ་འདོན་པ་དག་གིས་ཀྱང༌། གསང་སྔགས་པ་བུམ་དབང་གི་ལྟ་བ་རྒྱུད་ལ་མ་སྐྱེས་པ་དང༌། ཕར་ཕྱིན་པ་སྟོང་ཉིད་མངོན་སུམ་དུ་མ་རྟོགས་པ་དག་གི་བློ་ངོར་འཁོར་འདས་དབྱེར་མེད་དུ་འབྱུང་བ་མ་ཡིན་ནོ། །མི་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་མ་ཐག་པ་དེ་ལ་སྐུ་གསུམ་དབྱེར་མེད་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་ནི་མི་བྱ་སྟེ། དེ་འདྲ་དེ་སྤྲུལ་པའི་སྐུར་བསྒྱུར་བ་དང༌། དེས་དཀྱིལ་འཁོར་རྒྱལ་མཆོག་སྤྲོ་བ་དང༌། ལས་རྒྱལ་མཆོག་གིས་སེམས་ཅན་གྱི་དོན་མཛད་པ་རྣམས་རིམ་ཅན་དུ་བསྟན་ནས། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་དགོས་པར་བཤད་པའི་ཕྱིར་སྙམ་དུ་རྟོགས་སོ། །གཉིས་པ་ལ་གཉིས་ཏེ། འོད་གསལ་གྱི་ངོས་འཛིན་ནོར་བ་དང༌། མ་དག་པའི་ལུས་ཉིད་ཟུང་འཇུག་སྐུར་བྱེད་པ་གསང་བ་འདུས་པའི་ལུགས་མ་ཡིན་པའོ། །དང་པོ་ནི། རེད་མདའ་བའི་གསུང་ན་རེ། བོད་ཀྱི་འདུས་པ་བ་སྔ་མ་རྣམས་ཀྱིས་འོད་གསལ་གྱི་ངོ་བོ་མྱོང་རིག་ཙམ་ལ་བྱེད་པ་མི་འཐད་དེ། མྱོང་རིག་དོན་དམ་པའི་བདེན་པར་འདོད་པ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར། དེས་ན་དེའི་ངོས་འཛིན་ནི་སྟོང་ཉིད་མེད་དགག་གི་ཆའོ། །དེའི་ཕྱིར་བོད་དུ་འཕགས་ལུགས་ཀྱི་འོད་གསལ་ངོས་འཛིན་པ་མ་བྱུང་ངོ༌། །ཞེས་འཆད། འོད་གསལ་གྱི་ངོ་བོ་ཡེ་ཤེས་ལ་མི་འཆད་པ་འདི་ནི་འོད་གསལ་སྟོན་པའི་འཕགས་སྐོར་གྱི་གཞུང་ཐམས་ཅད་དང་དངོས་སུ་འགལ་ཞིང༌། དེའི་ངོས་འཛིན་མེད་དགག་ལ་འཆད་བྱེད་ཀྱི་ལུང་མེད་པ་དང༌། རིགས་པ་དང་འགལ་བ་དང༌། དབུ་མ་ཐལ་འགྱུར་བ་དག་སངས་རྒྱས་ཀྱི་སར་རིག་པ་རྒྱུན་ཆད་ནས་གཟུགས་སྐུ་གཉིས་ཀྱི་སྣང་བ་ནི། སྔོན་གྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་ལས་བྱུང་བ་ཡིན། ཞེས་ཁོང་རང་གི་འཆད་པ་ལ་འདྲ་ལེན་བྱས་པ་ཡིན་མོད། འདུས་པའི་སྐབས་འདིར་ནི་དེ་ལྟར་མི་རུང་སྟེ། འོད་གསལ་ལས་ཟུང་འཇུག་ཏུ་བཞེངས་པའི་ཉེ་བར་ལེན་པའི་རྒྱུ་དང་ལྷན་ཅིག་བྱེད་པའི་རྐྱེན་མེད་པར་ཐལ་བའི་ཕྱིར་དེར་རིག་པ་ཡོད་ཀྱང་དེ་དོན་དམ་པའི་བདེན་པར་མི་འདོད་དོ་ཞེས་ཟེར་བ་ཡིན་མོད། དེ་ལྟ་ན་ཡང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དང་འགལ་ལོ། །དེས་ན་འདོད་པ་འདི་ནི་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་ངེས་དོན་སེམས་ཙམ་དུ་གནས་སོ་ཞེས་སྒྲུབ་པ་དེའི་ཚིག་གི་གཞུག་བསྲིང་བ་ཡིན་མོད། གསང་བ་འདུས་པའི་འོད་གསལ་མེད་དགག་ཏུ་བཤད་ན། རྣམ་པར་མི་འཚམས་པ་ཆེན་པོ་ཉིད་དུ་འགྱུར་བ་དེའི་ཕྱིར་འོད་གསལ་དོན་དམ་པའི་ངོས་འཛིན་རིག་པ་ལ་བྱས་ན། སེམས་ཙམ་པ་ཉིད་དོ་ཞེས་རང་གཞན་གྱི་གྲུབ་པའི་མཐའ་ཤན་མ་ཕྱེད་པ་དག་གི་ངོ་སོར་བྱ་རིགས་པ་མ་ཡིན་ནོ། །ཡང་གཉིས་པ་ནི། ལ་ལ་དག་ན་རེ། འདིའི་སྐབས་ཀྱི་སྒྱུ་ལུས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་དེའི་ངོས་འཛིན་མ་དག་པའི་ལུས་འདི་ཉིད་ལྷའི་སྐུ་སྒྱུ་མ་ལྟ་བུ་ལ་གསལ་བཏབ་ནས་ཐེབས་པ་ལ་བྱ་བ་ཡིན་ནོ། །ཞེས་ཟེར། དེ་ནི་མ་ཡིན་ཏེ། སྒྱུ་ལུས་གང་ལས་སྒྲུབ་པའི་གཞི་དེ་ཡིན་ན། རྡུལ་ཕྲ་རབ་ལས་འདས་དགོས་པར་སྤྱོད་བསྡུས་སུ་གསལ་བར་གསུངས་པའི་ཕྱིར་དང༌། དེའི་སྒྲུབ་གཞི་ནི་སེམས་དབེན་པའི་མཐར་གྲུབ་པའི་ཡེ་ཤེས་ཀྱི་སྣང་མཆེད་ཐོབ་གསུམ་རླུང་གི་གཞོན་པ་དང་ལྷན་ཅིག་འདྲེས་པར་གྱུར་པ་ལ་བཤད་པའི་ཕྱིར་དང༌། དེ་ལས་གྲུབ་པའི་ལྷའི་སྐུ་ཡང་མེ་ལོང་གི་གཟུགས་བརྙན་ལྟར་ཡན་ལག་གི་ཆ་ཤས་ཅིག་ཆར་གྲུབ་པ་དང༌། ཆུ་ནང་ཟླ་བའི་གཟུགས་ལྟར་ཐམས་ཅད་དུ་ཁྱབ་པ་དང༌། དབང་པོའི་གཞུ་ལྟར་མངོན་པར་བཀྲ་བ་ཉིད་དུ་བཤད་ལ། ཐ་མལ་བའི་ལུས་ལ་དེ་མེད་པའི་ཕྱིར་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ལ། སྒྱུ་ལུས་འདི་རྣམ་པ་ཀུན་ཏུ་མ་གྲགས་པར་བཤད་ལ། རང་ལུས་སྒྱུ་མ་ལྟ་བུ་ནི་ཤིན་ཏུ་ཡང་གྲགས་པའི་ཕྱིར་དང༌། འབྲས་བུ་ཟུང་འཇུག་གི་སྐུ་མཐར་ཐུག་པའི་ཚེ་མ་དག་པའི་ལུས་འདི་འདོར་བ་ནི། སྤྱོད་བསྡུས་དང༌། སྒྲོན་གསལ་དང༌། དུས་ཀྱི་འཁོར་ལོ་རྣམས་སུ་གསལ་བར་གསུངས་ལ། ལྷག་པའི་ལྷར་གྱུར་ནས་འདོར་བ་ནི་མི་རིགས་པའི་ཕྱིར་རོ། །འོ་ན་དེ་ཇི་ལྟར་འདོར་ཞེ་ན། སྔ་རབས་པ་དག་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་དུ་ཞེས་དང༌། ཕྱི་རབས་པ་དག སློབ་དཔོན་ཀླུ་སྒྲུབ་ཀྱི་རང་གི་དབུ་གནོད་སྦྱིན་མོ་ལ་སྦྱིན་པར་གཏང་བའི་དུས་དེར་ཟུང་འཇུག་གི་སྐུ་བརྙེས་པ་ཡིན་ཟེར་མོད། ཕྱི་རོལ་དོན་དུ་སྣང་བའི་ལུས་འདི་ནི། ཇི་སྲིད་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་དྲུང་མ་ཕྱུང་བ་དེ་སྲིད་དུ་ཡོད་པར་སྣང་བ་ཡིན་གྱི། ཟུང་འཇུག་གི་སྐུ་མཐར་ཐུག་པའི་ཚེ་ནི་དེ་འདྲའི་སྣང་བ་ནམ་མཁའི་པདྨ་དང་འདྲ་སྟེ། ནང་གི་འཁྲུལ་པ་ཟད་པའི་ཕྱིར་རོ། །རྒྱུད་སྡེ་གཞན་ལས་ལྕགས་ལ་དངུལ་ཆུ་འཛག་མེད་དུ་བཅིངས་པ་ལྟར། བྱང་ཆུབ་ཀྱི་སེམས་འཛག་མེད་དུ་བཅིངས་པས་ཐོགས་བཅས་ཀྱི་ཁམས་ཟད་ནས་བདེ་སྟོང་དབྱེར་མེད་ཀྱི་སྐུ་འགྲུབ་པར་བཤད་དོ། །གསང་བ་འདུས་པའི་སྐབས་འདིར་སློབ་པའི་ཟུང་འཇུག་ལ་གནས་པ་དེའི་ཚེ། རྣམ་སྨིན་གྱི་ལུས་མ་སྤངས་པར་ཡོད་བཞིན་དུ་འོད་གསལ་སྟོང་པ་ཉིད་མངོན་དུ་རྟོགས་པའི་འཕགས་ལམ་དང༌། སྒྱུ་མ་ལྟ་བུའི་ལྷ་གསང་བ་འདུས་པ་ཞལ་གསུམ་ཕྱག་དྲུག་པ་ལྟ་བུ་མངོན་དུ་གྱུར་པར་ཁས་ལེན་ཀྱང༌། རྣམ་སྨིན་གྱི་ལུས་འདི་ཉིད་དེ་ལྟར་དུ་གྱུར་པར་ཁས་མི་ལེན་པ་ཡིན་ལ། དེ་ལ་དཔགས་ནས་སྔོན་གྱི་དུས་སུ་འདུས་པའི་རྣལ་འབྱོར་བར་ཁས་འཆེ་བ་ཟོག་བྱེད་པ་དག་གིས། རང་ལ་བདེན་པ་གཉིས་མངོན་དུ་མ་གྱུར་ཀྱང་གྱུར་པར་ཁས་བླངས་ནས། ཇི་སྐད་དུ། ཁྱུང་གི་སྒོང་རྒྱ་ཇི་བཞིན་དུ། །ཞེས་སོགས་ས་སྐྱ་པས་ཕྱོགས་སྔ་མར་བཞག་པ་དེ་ཁས་ལེན་པ་དེ་བྱུང་བ་ཡིན་ནོ། །ཡང་སྒྱུ་ལུས་མངོན་དུ་གྱུར་པའི་ཚེ་འཕགས་པར་ཁས་ལེན་ནམ་མི་ལེན། མི་ལེན་ན། སྤྱོད་བསྡུས་སུ་བདེན་པ་མངོན་སུམ་དུ་མ་མཐོང་ན་སྒྱུ་ལུས་མི་རྟོགས་པར་བཤད་པ་དང་འགལ། འཕགས་པར་ཁས་ལེན་ན། སྤྱོད་བསྡུས་སུ་འོད་གསལ་མངོན་དུ་མ་བྱས་ན་དབེན་གསུམ་དང༌། སྒྱུ་ལུས་མངོན་དུ་བྱས་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་ལྡོག་སྲིད་པར་བཤད་པ་དེ་ཇི་ལྟ་བུ་སྙམ་པའི་དོགས་པ་འདི་དཔྱོད་ལྡན་ལ་སྐྱེའོ། །འདིའི་ལན་ནི། རྗེ་བཙུན་ས་སྐྱ་པ་ལྟར་ན། སྒྱུ་ལུས་ཀྱི་སྐབས་སུ་བདེན་པ་མཐོང་ཞེས་པ་དེ་དཔེའི་ཡེ་ཤེས་ལ་དགོངས་པར་འཆད་པ་ཉིད་སྔ་རབས་པ་ཀུན་དང་མཐུན་པ་ཡིན་ཏེ། སྒྱུ་ལུས་མངོན་དུ་གྱུར་པའི་རྒྱུད་ལ་སྒྱུ་མར་འཛིན་པའི་རྣམ་རྟོག་མངོན་འགྱུར་བ་ཡོད་པར་བཤད་པའི་ཕྱིར་དང༌། ཐེག་ཆེན་གྱི་འཕགས་ལམ་དུ་ན་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་འགྱུར་དགོས་པའི་ཕྱིར། བོད་ཕྱི་མ་གཞན་དག་ནི་སྒྱུ་འཛིན་གྱི་རྟོག་པ་སྤང་བྱར་མི་འཆད་ཅིང༌། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་ཀྱང་ཁས་མི་ལེན་པའི་ཤེས་བྱེད་དུ། ཡུལ་མི་འཛིན་ན་ཤེས་པར་འགལ་བའི་ཕྱིར། ཞེས་འཆད་དོ། །དེ་ནས་སྣང་བ་གསུམ་གྱི་ངོས་འཛིན་ཇི་ལྟ་བུ་ཞེ་ན། དེས་ནི་ཤེས་བྱ་མཐའ་དག་ལ་ཁྱབ་པར་བཤད་ཅིང༌། བསྡུ་ན་གཉིས་ཏེ། རྣམ་ཤེས་ཀྱི་དང་ཡེ་ཤེས་ཀྱིའོ། །དང་པོ་ནི། རྣམ་ཤེས་ཀྱི་ཡུལ་དུ་གྱུར་པའི་ཆོས་གང་ཡང་སྐྱེ་བཞིན་པའི་ཚེ་སྣང་བ་ཞེས་དང༌། གནས་ནས་བྱ་བ་བྱེད་བཞིན་པའི་ཚེ་སྣང་བ་མཆེད་པ་ཞེས་དང༌། བྱས་ནས་ནུབ་པའི་ཚེ་སྣང་བ་ཉེར་ཐོབ་ཅེས་བྱའོ། །དེ་ཡང་བསྡུ་ན། རྟོག་མེད་དུ་སྣང་བའི་སེམས་དང༌། རྟོག་བཅས་རང་བཞིན་སྣང་བའི་སེམས་ཞེས་བྱ་བའི་ཐ་སྙད་ཡོད་ལ། དེ་གཉིས་ཀྱི་ངོས་འཛིན་ནི་མངོན་པ་ན་གྲགས་པའི་རྟོག་པ་ཡོད་མེད་ཤེས་པ་རྣམས་ལ་བྱ་ལ། རྟོག་པ་དེ་ལ་ཕྱེ་ན། ཆགས་སྡང་རྨོངས་གསུམ་གྱི་དབྱེ་བས་རང་བཞིན་བརྒྱད་ཅུ་ཞེས་བྱ་བར་བཤད་དོ། །དེའི་ཚེ་ན་འདོད་ཆགས་ཀྱི་རྟོག་པ་ལ་སྣང་བ་དང༌། ཞེ་སྡང་གི་རྟོག་པ་ལ་དེ་མཆེད་པ་དང༌། གཏི་མུག་གི་རྟོག་པ་ལ་ཉེར་ཐོབ་ཅེས་བཤད་པ་དང༌། ཡང་རྣམ་ཤེས་ཚོགས་དྲུག་ལ་སྣང་བ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ལ་དེ་མཆེད་པ་དང༌། ཀུན་གཞིའི་རྣམ་ཤེས་ལ་སྣང་བ་དེ་ཉེར་ཐོབ་ཅེས་བཤད་དོ། །གཉིས་པ་ཡེ་ཤེས་ཀྱི་སྣང་བ་གསུམ་ལ། གཞི་དུས་ཀྱི་དང༌། ལམ་དུས་ཀྱིའོ། །དང་པོ་ནི། འཆི་བ་འོད་གསལ་གྱི་ཚེ་གསལ་བར་འབྱུང་ལ། དུས་གཞན་གྱི་ཚེ་མི་གསལ་བར་གནས་སོ། །ཇི་ལྟར་གསལ་བའི་ཚུལ་ནི། རྣམ་པར་ཤེས་པ་འོད་གསལ་དུ་ཐིམ་པར་བྱེད་པ་དེའི་ཚེ་རྟོག་མེད་ཀུན་ཏུ་སྣང་བའི་སེམས་རྣམས་ཐིམ་ཟིན་པའི་རྗེས་སུ། འདོད་ཆགས་ལས་གྱུར་པའི་རྟོག་པ་རྣམས་འགགས་པ་དང་མཉམ་དུ་ཟླ་བའི་འོད་ཟེར་ཤར་བ་ལྟ་བུའི་སྣང་བ་འབྱུང་ལ། དེ་ལ་སྣང་བ་ཞེས་བྱ། དེའི་འོག་ཏུ་ཞེ་སྡང་ལས་གྱུར་པའི་རྟོག་པ་རྣམས་འགགས་པ་དང༌། ཉི་མའི་འོད་ཟེར་ཤར་བ་ལྟ་བུའི་སྣང་བ་འབྱུང༌། དེ་ལ་སྣང་བ་མཆེད་པ་ཞེས་བྱ། དེའི་འོག་ཏུ་གཏི་མུག་ལས་གྱུར་པའི་རྟོག་པ་ཐིམ་པ་དང་མཉམ་དུ་ཐུན་མཚམས་ཀྱི་མུན་པ་ལྟ་བུའི་སྣང་བ་འབྱུང༌། དེ་ལ་ཉེར་ཐོབ་ཅེས་བྱ། དེའི་འོག་ཏུ་ཉི་ཟླའི་ཟེར་དང་སྤྲིན་མེད་པའི་ཐོ་རངས་ཀྱི་དུས་ཀྱི་ནམ་མཁའ་དྭངས་པ་ལྟ་བུའི་སྣང་བ་འབྱུང༌། དེ་ལ་ནི་འོད་གསལ་ཞེས་བྱ། དེ་ནི་ལུགས་ལས་འབྱུང་བའི་ཚུལ་ཏེ་སེམས་ཅན་ཐམས་ཅད་ལ་འབྱུང་ཞིང༌། རྣལ་འབྱོར་པ་ལ་ལམ་གྱི་དུས་སུའང་ལུགས་འབྱུང་གི་རིམ་པ་ནི་དེ་བཞིན་ཏེ། དེས་གཞི་དུས་ཀྱི་འབྱུང་ཚུལ་དེའི་དྲི་མ་སྦྱོང་བ་དང༌། ལེ་ལོ་ཅན་ལ་འོད་གསལ་ངོ་འཕྲོད་པར་བྱེད་དོ། །ཡང་གཞི་དུས་ཀྱི་ལུགས་ལྡོག་ནི་ཐ་མལ་པའི་འོད་གསལ་ཏེ། ཐ་མལ་པའི་བར་དོ་འཇུག་པའི་ཚེ་ཐོག་མར་འོད་གསལ་དེ་ལས་སྐྱེ་བ་ཕྱི་མའི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་སྨིན་དུ་འགྲུབ། དེ་ལས་ཉོན་མོངས་པ་ཅན་གྱི་ཡིད་སྐྱེས་ནས་བདག་ཏུ་བཟུང་བ་དེ་ལས་བར་དོའི་རྣམ་པར་ཤེས་པའི་ཚོགས་ཅིག་ཆར་དུ་གྲུབ་པ་ནི་སེམས་གསུམ་ལུགས་ལས་བཟློག་པ་སྟེ། ཐ་མལ་པ་ཀུན་ལ་འབྱུང་ཞིང་རྣལ་འབྱོར་པ་ལ་ལམ་གྱི་ཚེ་ལམ་དུས་ཀྱི་འོད་གསལ་ལས་དེ་དུས་ཀྱི་སྣང་བ་གསུམ་ནི། མི་གསལ་བ་དང་ཤིན་ཏུ་གསལ་བ་དང་ཅུང་ཟད་གསལ་བའི་རིམ་གྱིས་ཟུང་འཇུག་གི་སྐུ་མངོན་དུ་བྱེད་ཅིང༌། རྣལ་འབྱོར་པ་དེས་གཞི་དུས་ལུགས་ལྡོག་གི་ཚུལ་དེ་སྦྱོང་བར་བྱེད་དོ། །ཡེ་ཤེས་ཀྱི་སྣང་བ་གསུམ་འོད་གསལ་དང་བཅས་པའི་མིང་ལ་ནི། གོ་རིམ་བཞིན་དུ་སྟོང་པ་དང༌། ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་དང༌། ཐམས་ཅད་སྟོང་པ་ཞེས་བྱ་ལ། གང་གིས་སྟོང་ན། གཟུང་འཛིན་གྱི་དྲི་མས་སོ། །དེ་ལྟ་བུའི་སྟོང་པ་བཞི་ཡེ་ཤེས་ཀྱི་རླུང་འོད་ཟེར་ལྔ་པ་དང་རོ་གཅིག་ཏུ་འདྲེས་པ་ལས། ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་ཡིན་གྱི། དེ་ལས་གཞན་བེམ་པོར་གྱུར་པའི་འབྱུང་བ་རྣམས་ལས་སྐུ་དེ་མངོན་དུ་བྱེད་པ་ནི་མ་ཡིན་ཏེ། དེ་དག་ནི་སྔོན་ཉིད་ནས་འོད་གསལ་དུ་ཐིམ་ཟིན་པའི་ཕྱིར། གཉིས་པ་ནི། མན་ངག་གི་ལུང་གཞན་ལས་སྐྱེ་འཆི་བར་དོ་གསུམ་སྐུ་གསུམ་དང་སྦྱར་བ་ཡོད་མོད་ཀྱང༌། ལུགས་འདིར་ནི་འོད་གསལ་ལས་ཟུང་འཇུག་གི་སྐུར་བཞེངས་པའི་ཚུལ་བཤད་ཟིན་པ་དེ་ཉིད་ཀྱིས་རིམ་པ་ལྔའི་མན་ངག་གི་བཤད་ཐབས་དང༌། ཉམས་ལེན་གྱི་ཚུལ་མཐར་ཕྱིན་པ་ཡིན་གྱི། ཟུང་འཇུག་གི་སྐུ་ལས་སྤྲུལ་པའི་སྐུ་འཆགས་ཚུལ་དང༌། དེའི་ཐབས་སུ་ཉམས་ལེན་གྱི་རིམ་པ་ཇི་ལྟར་ཡིན་གྱི་བཤད་པ་མི་སྣང་བས་འདིར་ཡང་མ་སྤྲོས་སོ། །དེ་ལྟ་མོད་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ནི་སྤྱིར་སྤྲུལ་པའི་སྐུར་འཆད་དགོས་ཀྱང༌། ལུགས་འདིའི་དངོས་བསྟན་ལ་ནི་ལོངས་སྐུ་ལས་མ་གཡོས་བཞིན་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ཉིད་དུ་མི་འཆད་པར། བྱང་ཆུབ་ཀྱི་ཤིང་དྲུང་དུ་མཚན་ཕྱེད་ཀྱི་དུས་འོད་གསལ་མངོན་དུ་བྱས་ནས་ཟུང་འཇུག་གི་སྐུར་བཞེངས་པ་ཉིད་དུ་འཆད་ལ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་མཛད་པ་རྣམས་མཛད་ནས་མྱ་ངན་ལས་འདའ་བར་སྣང་བ་དེའི་ཚེ། རྣམ་སྨིན་གྱི་ཕུང་པོ་དོར་བ་ཡིན་གྱི། ཟུང་འཇུག་གི་སྐུ་དེ་ལ་ནི་མྱ་ངན་ལས་འདའ་བ་ལྟ་ཅི་སྨོས། མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་དང་སྐྱེ་བ་ལེན་པ་ཡང་མེད་དོ། །སྐུ་དེ་ནི་ཚད་ནམ་མཁའ་དང་མཉམ་ཞིང༌། ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ལྷུན་གྱིས་གྲུབ་པའི་མཛད་པ་རྒྱུན་མི་ཆད་པར་བཞེད་དོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་རྣམ་དཀར་ལྷ་ཡི་སྐུ། །གཟུང་འཛིན་དྲི་མས་མ་སྦགས་པར། །ཟུང་དུ་འཇུག་པའི་སྐུ་ཐོབ་ཤོག །སྔོན་བྱོན་མཁས་པའི་ཚིག་སྤྱི་ཙམ། །སོར་བཞག་བྲིས་ན་བརླིང་མོད་ཀྱི། །སྔོན་དུས་ཉིད་ནས་ད་ལྟའི་བར། །གོ་བར་དཀའ་བ་ཉིད་དུ་ལུས། །རྗེས་ཟློས་དབྱངས་སུ་མ་བླངས་པར། །རང་བློས་ཇི་ཙམ་དཔག་ནུས་པ། །དེ་བརྗོད་པ་ལ་མཁའ་འགྲོ་དང༌། །ཆོས་སྐྱོང་བསྲུང་མས་བཟོད་པར་མཛོད།།  །།  ༄། །རིག་པའི་གནས་ལ་མ་རྨོངས་ཤིང༌། །སྔགས་འཛིན་ཆེན་པོའི་རྒྱུད་འཁྲུངས་པ། །དཔལ་ལྡན་བློ་གྲོས་བཟང་པོ་ཡི། །གསུང་ཤོག་རྟེན་དང་བཅས་པ་ཕེབས། །འདིར་ཆོས་དབྱིངས་བསྟོད་པ་ལ་མཆན་ཞིག་བཏབ་ནས་བཀུར་གསུང་པ། མཆན་རང་ནི་བྲེལ་བའི་སྐབས་སོགས་སྟབས་བདེ་བ་གཅིག་ཏུ་མ་གྱུར། སྐབས་ཀྱི་གོ་བ་ནི་འདི་ལྟར། འདིར་བཤད་པའི་ཆོས་དབྱིངས་དང༌། དེ་ཉིད་ལ་གོ་བ་བསྐྱེད་པའི་ཐོས་བསམ་གྱི་རིགས་པ་དང༌། གོ་བའི་དོན་མཉམ་གཞག་ཏུ་བསྒོམ་པ་དང༌། གནས་གྱུར་པའི་དུས་ཀྱི་སངས་རྒྱས་ཀྱི་རྣམ་པར་བཞག་པ་རྣམས། དབུ་མ་ཐལ་རང་དུ་སྨྲ་བ་དང་མི་མཐུན་པའི་ཚུལ་ནི། འདིའི་ངོ་བོ་ནི་ཡེ་ཤེས། སེམས་ཅན་གྱི་རྒྱུད་ལ་ཡོད་པའི་ཚེ། གནས་ཚུལ་ནི་མྱང་འདས། སྣང་ཚུལ་ནི་འཁོར་བ། འཁོར་བ་གློ་བུར་གྱི་དྲི་མ་ཡིན་པས་སྤང་བྱ། ཅིག་ཤོས་ལ་དྲི་མ་དང་འགྲོགས་ཀྱང་གནོད་པ་བྱེད་མི་ནུས། དྲི་མ་རྣམས་ཁོའི་ངོ་བོར་སྐྱེ་མི་སྲིད། འཕགས་པའི་སྐབས་སུ། ཡོན་ཏན་ཐམས་ཅད་དེའི་ངོ་བོར་དབྱེར་མེད་དུ་སྐྱེ། ཆོས་དབྱིངས་ཡེ་ཤེས་དེ་ལ་གཞིའི་སྐབས་སུ་དོན་དམ་པའི་སེམས་ཅན་དང༌། ལམ་དང་འབྲས་བུའི་སྐབས་སུ། དོན་དམ་པའི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་སངས་རྒྱས་ཞེས་བྱ་ལ། འདི་གཅིག་པོ་མ་གཏོགས་ཀུན་རྫོབ་སྣང་གྲགས་ཀྱི་ཆོས་གང་ཡང་མཐར་ཚད་མས་མི་འགྲུབ། འདི་ཉིད་ལ་ཀུན་གཞི་ཞེས་ཀྱང་བྱ་ཞིང༌། དེ་ཉིད་བཅུན་ནས་ཉོན་མོངས་པ་དང༌། རྣམ་བྱང་གི་ཆོས་ཐམས་ཅད་ཀྱི་ས་བོན་འཇོག་པའི་གཞི་ཡིན། དེ་ལ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཆ་གཉིས་ལས། འཁོར་བའི་ཆ་ནས་རྣམ་ཤེས་ཞེས་བྱ་ཞིང༌། མྱང་འདས་ཀྱི་ཆ་ནས་ཡེ་ཤེས་ཞེས་བྱ། དང་པོ་དེ་གནས་གྱུར་གྱི་ཚེ་ན་བཟློག་ཅིང༌། གཉིས་པ་དེ་གནས་སྐབས་ཀྱི་ཆ་ནས་བཞི་ལམ་འབྲས་བུའི་རྒྱུད་དུ་འཇོག་པས་བཟློག་མི་སྲིད། འདི་ལ་དྲི་མའི་ཆ་ནས་སེམས་ཅན་གྱི་ཁམས་དང༌། རང་བཞིན་རྣམ་དག་གི་ཆ་ནས་སངས་རྒྱས་ཀྱི་ཁམས་ཞེས་བྱ། འདི་ཉིད་ལ་འཁོར་འདས་དབྱེར་མེད་ཅེས་བྱ་བར། ཇི་སྐད་དུ། ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཨེ་ཝཾ་མྱ་ངན་འདས་པར་བཤད། །ཅེས་གསུངས་ལ། ཨེ་ཝཾ་གྱི་མཚན་གཞི་ནི་ཆོས་དབྱིངས་ཡེ་ཤེས་འདི་ལས་གཞན་མེད། གཞུང་རྙིང་མ་དག་ལས། ཀུན་བྱེད་རྒྱལ་པོ་དང༌། མ་འདྲེས་ཡོངས་རྫོགས་དང༌། ལྷུན་གྲུབ་དང༌། གབ་པ་མངོན་དུ་ཕྱུང་པ་ཞེས་པ་ཡང་འདི་ལས་གཞན་ན་མེད། རྫོགས་པ་ཆེན་པོ་དང༌། ཕྱིས་ཕྱག་རྒྱ་ཆེན་པོར་གྲགས་པ་དང༌། སྡུག་བསྔལ་ཞི་བྱེད་ཅེས་བྱ་བ་རྣམས་ཀྱི་ངོས་འཛིན་འདི་ལས་གཞན་ན་མེད། བོད་དུ་སྔོན་བྱོན་པ་དང༌། ཕྱིས་ཀྱི་ཇོ་ནང་པས། འདི་ལ་སངས་རྒྱས་ཀྱི་སྐུ་ནི་དབྱེར་མེད་དུ་བཞུགས་པས། འཁོར་ལོ་གསུམ་པའི་བདེ་གཤེགས་སྙིང་པོ་སྒྲ་ཇི་བཞིན་པར་བཞེད། ས་པཎྜི་ཏའི་གསུང་གིས། ཡེ་ཤེས་འདི་ཉིད་དྲི་མ་དང་བྲལ་བའི་ཚེ། ཡོན་ཏན་གྱི་ངོ་བོར་སྐྱེ་བ་ལ་དགོངས་པ་ཡིན་གྱི། སྒྲ་ཇི་བཞིན་པ་མ་ཡིན། དཔེར་ན་མིག་བཙུམ་པ་དང་ཕྱེ་བའི་དུས་སུ། གཟུགས་མཐོང་མི་མཐོང་གི་ཁྱད་པར་འབྱུང་བ་བཞིན་ཞེས་འཆད། འདི་གོ་བྱེད་ཀྱི་རིགས་པ་ནི། སྣང་བ་སེམས་སོགས་གཟུང་འཛིན་གཉིས་མེད་དུ་སྟོན་བྱེད་རྣམས་ཡིན་ནོ། །འདི་དབུ་མ་ཐལ་རང་པས་མི་འདོད་ཅིང༌། ཆོས་དབྱིངས་ཀྱང་ཡེ་ཤེས་སུ་མི་འདོད། འདི་པས་སྒོམ་བྱེད་དུས་ཀྱི་ཡེ་ཤེས་རང་རིག་ཏུ་འདོད་ཅིང༌། ཐལ་རང་པས་མི་འདོད། གནས་གྱུར་གྱི་ཚེ། འདི་པས་ངོ་བོ་ཉིད་སྐུ་ཤེས་པར་འདོད་ཅིང༌། ཐལ་འགྱུར་བ་དེར་མི་འདོད། འདི་པ་ཡེ་ཤེས་དེ་སངས་རྒྱས་ཀྱི་ཁམས་དང༌། རང་བཞིན་གནས་རིགས་སུ་འདོད་ཀྱང༌། ཐལ་འགྱུར་བས་དེར་མི་འདོད། མདོར་ན་སྒོམ་པས་ཉམས་སུ་མྱོང་བྱའི་གནས་ལུགས་ཀྱི་དོན་ནི་འདི་གཅིག་པུ་ཡིན། མཉམ་གཞག་ཏུ་ཡེ་ཤེས་དེ་ལ་ཡོད་འཛིན་གྱི་བློ་སྤང་བྱ་ཡིན་ཀྱང༌། རྗེས་ཐོབ་ཏུ་དེ་ངོ་བོས་སྟོང་པར་གཏན་ལ་འབེབས་བྱེད་ཀྱི་རིགས་པ་མི་འཆད། རྗེ་བཙུན་ས་སྐྱ་པས་ནི། ཐལ་རང་གིས་འཆད་པའི་སྟོང་ཉིད་དེ། དོན་དམ་བདེན་པར་མི་བཞེད་ལུགས་དེ་ལ་གནས་ནས་དངོས་པོའི་གནས་ལུགས་ཁས་མི་ལེན། ཉམས་ལེན་གྱི་དུས་སུ་ཐེག་པ་ཆེན་པོའི་ཚུལ་གཉིས་ཀའི་ལུགས་ལ་ཡང༌། རྟོགས་བྱའི་ལྟ་བ་དང༌། དངོས་པོའི་གནས་ལུགས་དང༌། རང་རིག་པའི་དག་པ་འཆད་དུས་ཀྱི་མྱོང་བྱ་དང༌། གསལ་སྟོང་ཟུང་འཇུག་དང༌། བདེ་སྟོང་ཟུང་འཇུག་བྱ་བ་རྣམས་ཀྱང་ཆོས་དབྱིངས་ཡེ་ཤེས་འདི་ལས་གཞན་མ་ཡིན་པར་སེམས་སོ། །རྗེ་བཙུན་ས་སྐྱའི་ལུགས་བཟང་པོ། །དེ་དང་འགལ་བར་འཆད་རྣམས་ཀྱི། །རྗེས་ཟློས་དབྱངས་སུ་བླངས་བྱས་ནས། །གོང་མའི་ང་རྒྱལ་མི་མཛད་ཞུ། །དེ་ལྟར་དགོངས་ནས་ཆོས་དབྱིངས་སུ། །བསྟོད་པའི་གཞུང་འདི་གཟིགས་ཙམ་གྱི། །རྫོགས་རིམ་དུས་ཀྱི་སྟོང་ཉིད་དང༌། །འོད་གསལ་བ་དང་སྤྲོས་མེད་དང༌། །བསམ་མི་ཁྱབ་པའི་རིམ་པ་སོགས། །གཞན་དུ་འཆད་པའི་གོལ་ས་དག །མ་ལུས་རིམ་གྱིས་སེལ་བར་འགྱུར། །དེ་ལྟར་འཆི་མེད་བདུད་རྩིའི་བཅུད། །བློ་བཟང་དཔག་བསམ་ལ་སིམ་ནས། །བཀྲ་ཤིས་བགྱི་བ་མ་ལུས་པ། །མྱུར་དུ་འགྲུབ་པའི་དགེ་ལེགས་སྤྱོན།།  །།བྷ་ཝནྟུ།།  ༄། །སྭསྟི། རྣལ་འབྱོར་དབང་ཕྱུག་ཐུགས་ཀྱི་ནི། །ཀུན་དགའ་བང་མཛོད་བཟང་པོ་ལ། །དབང་སྒྱུར་མཛད་པོ་ཕྱག་བྱས་ནས། །དྲིས་ལན་འགའ་ཞིག་བརྟག་པར་བྱ། །ཁོ་བོ་ཅག་གི་རྗེ་བླ་མས། །ལམ་འབྲས་ཁྲིད་ཀྱི་གོ་རིམ་ལ། །བཤེས་གཉེན་འགའ་ཡིས་རྒོལ་བ་ན། །སེམས་བསྐྱེད་རྒྱུད་པ་མེད་པ་དང༌། །རྗེས་འཛིན་གྲངས་ངེས་མེད་པ་དང༌། །དབང་བསྐུར་ཡོངས་དག་མེད་པ་དང༌། །སློབ་དཔོན་གྲངས་ངེས་མེད་པ་ནོར། །ཞེས་པས་རྒོལ་བ་ཡོད་དོ་ལོ། །དང་པོ་གཉིས་ཀྱིས་དངོས་ལན་དང༌། །ཕྱི་མ་གཉིས་ཀྱི་གོ་དོན་བརྟག །སྣང་གསུམ་ཁྲིད་དུ་སེམས་བསྐྱེད་གསུམ། །རྒྱས་པར་བཤད་ནས་ཉམས་མྱོང་གི །འཁྲིད་ཚུལ་གོང་ནས་གོང་རྒྱུད་པ། །འཆད་འདི་རྣལ་འབྱོར་དབང་ཕྱུག་གི །སེམས་བསྐྱེད་རྒྱུད་པ་ཆད་གྱུར་དམ། །ཅི་སྟེ་རྗེ་བཙུན་ས་པཎ་གྱི། །སེམས་བསྐྱེད་ཆོ་ག་ལ་བསམས་ན། །གཞུང་བཤད་རྣམ་འགྲེལ་དུ་མ་དང༌། །མངོན་རྟོགས་ཡན་ལག་བཞི་དྲུག་སོགས། །བོད་དུ་མཛད་པ་དེ་དག་གི །རྒྱུད་པ་མེད་པ་ཅིས་མི་མཚུངས། །ཚིག་དེ་མེད་ཀྱང་དོན་གྱི་ཆོས། །སྙན་ནས་སྙན་དུ་རྒྱུད་སྙམ་ན། །སེམས་བསྐྱེད་ལ་ཡང་མཚུངས་དགོས་ཏེ། །ཀླུ་སྒྲུབ་ཞབས་དང་བིརྺ་པའི། །སེམས་བསྐྱེད་ངོས་འཛིན་ཁྱད་པར་མེད། །སློབ་མའི་རྗེས་འཛིན་གྲངས་ངེས་ཀྱི། །དགོངས་དོན་དང་ནི་དགོས་པ་དང༌། །གྲངས་ངེས་མེད་པའི་དགོས་པ་ཡང༌། །རིམ་བཞིན་འཆད་དོ་དང་པོ་ནི། །དབང་གི་སྟ་གོན་དངོས་གཞིའི་ཚེ། །གྲངས་ངེས་དགོས་པའི་ཆེད་ཡིན་གྱི། །རྗེས་འཛིན་ཆོ་གས་བསྐྱེད་ཆོས་དེ། །ཕར་ཕྱིན་ཐེག་པའི་ཆོས་ཡིན་ཕྱིར། །ཉེར་ལྔའི་གྲངས་ངེས་ཅིས་མི་དགོས། །གཞན་དུ་ཐེག་ཆེན་སེམས་བསྐྱེད་ཀྱི། །ཆོ་གའི་ཚེ་ནའང་གྲངས་ངེས་འགྱུར། །དགོས་པ་སློབ་མ་ཉེར་ལྔ་པོ། །དཀྱིལ་འཁོར་གཅིག་ཏུ་དབང་བསྐུར་བའི། །ཕྱིར་ཡིན་རྗེས་སུ་མ་བཟུང་བའི། །སློབ་མ་གཞན་དག་དེར་མི་འཇུག །ཅི་ཕྱིར་ཞེ་ན་རྗེས་བཟུང་བའི། །སློབ་མ་དེ་དག་ཁོ་ན་ཡི། །དོན་དུ་དཀྱིལ་འཁོར་བཞེངས་ཕྱིར་རོ། །གྲངས་ངེས་མེད་པའི་དགོས་པ་ཡང༌། །རྗེས་བཟུང་སློབ་མ་བརྒྱད་སྟོང་གི །དོན་ཕྱིར་བཞེངས་པའི་དཀྱིལ་འཁོར་དུ། །ཀུན་ཀྱང་དབང་བསྐུར་བྱ་རུང་བ། །ཡིན་ཕྱིར་པས་ན་དགག་བྱ་དང༌། །དགོས་པའི་ཁྱད་པར་དེ་གཟིགས་སོ། །འོ་ན་དབང་སྐུར་དུས་སུ་ཡང༌། །གྲངས་ངེས་མེད་པས་ཆོག་སྙམ་ན། །ས་སྐྱའི་རྗེ་བཙུན་དེ་མི་བཞེད། །རྗེས་འཛིན་ལ་ཡང་མཚུངས་ཤེ་ན། །མཚན་ཉིད་ཐེག་པས་རྒྱུད་སྦྱངས་པའི། །བྱང་ཆུབ་སེམས་དཔའ་མང་པོ་ལ། །རྗེས་འཛིན་ལོགས་སུ་བཤད་པ་མེད། །དེ་ལ་ཁ་ཅིག་འདི་སྙམ་དུ། །རྗེས་འཛིན་བྱས་པའི་སློབ་མ་ནི། །ཕྱི་མ་རྣམས་ཀྱི་དཀྱིལ་འཁོར་ལ། །དགོས་པའི་ཁྱད་པར་མ་ཚང་བས། །སྨིན་བྱེད་དབང་དུ་མི་རུང་ཟེར། །འོ་ན་བློས་བསླངས་ཁང་བཟང་དང༌། །རས་བྲིས་དག་ལའང་དེར་འགྱུར་རོ། །རས་བྲིས་ཐང་ལ་འགྲེམས་པའི་ཚེ། །སྟ་གོན་ཚང་མར་བྱེད་སྙམ་ན། །རྡུལ་ཚོན་གྱི་ཡང་སྟ་གོན་ལྷ། །ནམ་མཁར་བཏེག་ནས་ཟད་མེད་དུ། །ཕབ་པས་ཆོག་པ་མ་ཡིན་ནམ། །གཞན་དུ་ཡེ་ཤེས་སེམས་དཔའ་ཀུན། །ལན་ཅིག་གྲངས་ནས་ཟད་པར་འགྱུར། །དབང་བསྐུར་ཡོངས་དག་མེད་ཅེས་པ། །སློབ་མའི་གྲངས་སམ་སློབ་དཔོན་གྱི། །དབང་དུས་གང་ཡིན་བརྟག་པར་བྱ། །རིག་པའི་དབང་ལ་འཁོར་གསུམ་པོ། །ཡོངས་དག་དངོས་སུ་འཆད་པའི་ཕྱིར། །ཕྱོགས་དེར་དོགས་པ་མེད་མོད་ཀྱང༌། །ཁྱེད་ལ་བརྟག་པ་འདི་འཇུག་སྟེ། །འཁོར་གསུམ་ཡོངས་དག་སློབ་དཔོན་ནམ། །སློབ་མའི་ཀྱང་ཡིན་དེ་ལྟ་ན། །སློབ་མ་དབང་བསྐུར་མ་ཐོབ་པས། །ཡན་ལག་བཞི་རྫོགས་སྒོམ་པ་དང༌། །ལྷ་ཡི་དེ་ཉིད་ཤེས་པར་འགྱུར། །གཉིས་པ་ལྟར་ན་རྟུལ་བཞུགས་ཀྱིས། །དེ་མ་ཐག་པར་སློབ་དཔོན་གྱི། །དབང་བསྐུར་བྱེད་ཚེ་ཡོངས་དག་ཀུན། །ཤེས་ཟིན་མ་རྗེད་པ་ཉིད་ཕྱིར། །ལོགས་སུ་བརྗོད་པར་བྱ་མི་དགོས། །དམ་ཚིག་གསུམ་པོའི་དེ་ཉིད་ཙམ། །བཤད་ལ་ཆུ་དབང་བསྐུར་བས་ཆོག །སློབ་དཔོན་སློབ་མའི་བར་དག་ཏུ། །ལོ་ཟླས་ཆོད་ན་རིག་པ་ཡི། །དབང་ལྔ་དང་ནི་བརྟུལ་ཞུགས་དབང༌། །སློབ་དཔོན་འོས་པའི་སློབ་མ་ལ། །སླར་ཡང་སྐྱར་ནས་བསྐུར་བའི་ཕྱིར། །ཡོངས་དག་མ་ཚང་དོགས་མི་དགོས། །སློབ་དཔོན་གྱི་ནི་དབང་བསྐུར་ལ། །གྲངས་ངེས་དགོས་པའི་གོ་བ་ཅི། །སློབ་དཔོན་དག་ཏུ་མ་འོས་པ། །ཡོད་པས་ཡིན་ནམ་རེ་རེ་ནས། །བཀུག་སྟེ་ཞེས་པའི་ཚིག་ལ་བསམ། །དང་པོ་ལྟར་ན་སློབ་དཔོན་གྱིས། །མཚན་ཉིད་མ་ཚང་བ་དག་ལ། །དབང་བཞི་བསྐུར་དུ་རུང་མི་འགྱུར། །སློབ་དཔོན་དབང་བསྐུར་མ་ཡིན་པའི། །བུམ་དབང་བསྐུར་དུ་རུང་ཟེར་ན། །དེ་ཡི་ཆོ་ག་འདི་ལྟ་བུ། །ཡིན་ཞེས་མཁས་པས་སྨྲ་དགོས་སོ། །གཉིས་པ་ལྟར་ན་དབང་བསྐུར་བ། །ཀུན་ལའང་དེ་ལྟར་ཐལ་འགྱུར་ཏེ། །གསང་བ་སྤྱི་ཡི་རྒྱུད་དག་ལས། །སློབ་མ་རེ་རེ་ནས་བཀུག་སྟེ། །ཡོ་བྱད་གསར་པ་ཐམས་ཅད་ཀྱིས། །སོ་སོ་སོ་སོར་དབང་བསྐུར་བྱ། །ཞེས་གསུངས་ཀུན་ལ་གྲགས་ཕྱིར་རོ། །དོན་ལ་དེ་ལྟར་ཡིན་མོད་ཀྱང༌། །ཕྱག་ལེན་འགོར་བས་འཇིགས་སྙམ་ན། །སློབ་དཔོན་དབང་ལ་དེ་མཚུངས་སོ། །ཁྱོད་ལ་ཇི་ལྟར་ཡིན་སྙམ་ན། སློབ་དཔོན་མཚན་ཉིད་ཚང་བ་ནི། །དུ་ཡོད་དེ་ལ་དབང་སྟེགས་ཀྱི། །དཀྱིལ་འཁོར་སོ་སོ་བཤམས་བྱས་ནས། །དུས་གཅིག་དབང་བསྐུར་བྱ་བ་དང༌། །གཅིག་ཀྱང་མེད་ན་རང་རང་གི །གནས་དུ་བཏང་ནས་བསྙེན་སྒྲུབ་དག །ཚུལ་བཞིན་གྱིས་ཤེས་བསྒོ་བ་དང༌། །ཡང་ན་དབང་ལ་རྣམ་གཉིས་ཏེ། །སློབ་མར་བྱེད་པའི་དབང་དྲུག་དང༌། །སློབ་དཔོན་དུ་བྱེད་དབང་བཞི་ལས། །བུམ་དབང་རྫོགས་པའི་མཐའ་རྟེན་དུ། །སྐྱེད་རིམ་གྱིས་ནི་སློབ་དཔོན་དུ། །ད་ལྟ་བའམ་མ་འོངས་སུ། །འགྱུར་ཞེས་བཀའ་ལུང་བསྒོ་བ་དང༌། །དབང་གོང་རྫོགས་པའི་མཐའ་རྟེན་དུ། །རྫོགས་པའི་རིམ་པའི་ཉམས་ལེན་དང༌། །དེ་སྟོན་བྱེད་པའི་སློབ་དཔོན་དུ། །བཀའ་ལུང་བསྒོ་བར་གསུང་དེ་ཡིན། །སློབ་དཔོན་དབང་ལ་གྲངས་ངེས་པ། །དགོས་ན་གོང་དུ་བཤད་ཟིན་ལྟར། །ཀུན་ལ་སློབ་མ་རེ་རེ་ནས། །གྲངས་ངེས་དགོས་པ་ཉིད་དུ་འགྱུར། །དེ་ལ་ཁ་ཅིག་འདི་སྐད་ཅེས། །རྡོ་རྗེ་སློབ་དཔོན་ཡོངས་རྫོགས་ལ། །དབང་བཞི་རྫོགས་པར་ཐོབ་དགོས་ཞེས། །ཟེར་བ་དུས་འཁོར་ལུགས་ཡིན་གྱི། །ཆོས་སྐད་གཞན་གྱི་ལུགས་མིན་ཟེར། །འོ་ན་རྗེ་བཙུན་ས་ཆེན་གྱིས། །ནག་པོ་རས་བྲིས་དཀྱིལ་འཁོར་དུ། །དབང་བཞི་རྫོགས་པར་བསྐུར་བའི་རྗེས། །སློབ་དཔོན་དབང་བསྐུར་བཤད་དེ་ཅི། །སྐྱེད་རིམ་ཙམ་གྱིས་སློབ་དཔོན་ལ། །བུམ་དབང་མཐའ་རྟེན་གྱིས་ཆོག་ན། །རྡུལ་ཚོན་ལ་སོགས་དཀྱིལ་འཁོར་དུ། །དབང་བསྐུར་བྱེད་ཚེ་བདུན་བསྲེས་དང༌། །རྡོ་རྗེ་པད་མའི་སྦྱོར་བ་དང༌། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་འདོད་པར་ནི་བརྟེན་པ་སོགས། །དབང་གོང་མེད་པས་ཉམས་ལེན་ན། །གསང་སྔགས་མེད་པར་སྦྲུལ་གདུག་གི །མགོ་ལས་རིན་ཆེན་ལེན་པ་ཡི། །དཔེས་བསྟན་པ་དེ་མ་ཡིན་ནམ། །དེ་ལྟ་བས་ན་དབང་བཞི་ལ། །རང་ཉིད་ཐོས་བསམ་སྒོམ་གསུམ་དུ། །བྱེད་པའི་དབང་དང་གཞན་དག་ལ། །འཆད་པའི་དབང་དང་རྣམ་གཉིས་ཀྱི། །དབྱེ་བ་དྲི་མེད་འོད་དུ་གསུངས། །འདིར་ཡང་དེ་དང་ཆ་མཐུན་པའི། །གོ་བ་ལེགས་པར་མ་བཤད་ན། །ལས་དང་པོ་ཡིས་རིག་པའི་དབང༌། །ཐོབ་པའི་དེ་རིང་ཉིད་ནས་ནི། །རྡོ་རྗེ་སློབ་དཔོན་ཉིད་གྱུར་ནས། །སློབ་མའི་ཚོགས་རྣམས་བསྡུ་བྱ་ཞེས། །གསུངས་ལ་ངེས་པ་ཇི་ལྟར་སྐྱེ། །དེ་ནས་སླར་ཡང་བཤད་བྱ་བ། །སྣང་གསུམ་སྣང་ན་གསང་སྔགས་ཆོས། །མང་པོ་ཡོད་པས་དབང་བསྐུར་བ། །སྔོན་དུ་འགྲོ་དགོས་གསུང་མོད་ཀྱང༌། །གཞུང་བཤད་ཚེ་ན་གསང་སྔགས་ཆོས། །མང་པོའི་སྐབས་དེར་འཆད་ན་ཡང༌། །ལས་དང་པོ་ལ་ཁྲིད་ཀྱི་ཚུལ། །ཕར་ཕྱིན་ཆོས་ལས་གཞན་མ་གསུངས། །ཁྲིད་དེ་རྫོགས་པར་བྱས་རྗེས་སུ། །སེམས་བསྐྱེད་ཆོ་ག་ཐོབ་དེ་ལ། །སློབ་མ་རྗེས་འཛིན་ཆོ་ག་ཉིད། །བྱས་པ་མེད་ཀྱང་དོན་གྲུབ་ཕྱིར། །རྗེས་འཛིན་ཆོ་ག་མེད་མི་རུང༌། །མ་ཡིན་མོད་ཀྱང་སྣང་གསུམ་གྱིས། །རྒྱུད་སྦྱངས་བྱས་པའི་སློབ་མ་ཡིན། །མ་ལུས་པ་ཡི་དོན་ཉིད་དུ། རྡོ་རྗེ་སློབ་དཔོན་མཛད་པ་ཀུན། །བྱེད་པ་ཉིད་དུ་གོ་བྱའི་ཕྱིར། །རྗེས་འཛིན་ཆོ་གའི་ལག་ལེན་མཛད། །དཀྱིལ་འཁོར་གཅིག་ཏུ་སློབ་མའི་གྲངས། །གསུམ་ལྔ་ལས་ལྷག་མི་རུང་ན། སྟ་གོན་བྱས་པའི་སློབ་མ་ལས། གཉིས་གསུམ་ལྔ་སོགས་གཞན་གྱུར་ན། །ཁ་འཆམས་ལྷག་མར་གྱུར་པ་ཀུན། །དབང་བསྐུར་མེད་པར་འགྱེས་དགོས་སམ། །དེས་ན་དེ་སོགས་ཉེས་དམིགས་ཀུན། །སེལ་ཕྱིར་རྗེས་འཛིན་སློབ་མ་ལ། །གྲངས་ཀྱི་ངེས་པ་མ་མཛད་ཀྱང༌། །ཉེས་མེད་ཡོན་ཏན་ངང་གིས་འཕེལ། །ཅེས་པ་ཁའུ་སྐྱེད་ལྷས་ནས། །སྒྲུབ་པོ་ཤེས་རབ་རིན་ཆེན་གྱིས། །འབེལ་གཏམ་ཚིག་འགའ་བགྱིས་པའི་ལན། །རྒྱལ་ཁང་སེང་གེ་རྩེ་ནས་སོ།།  །།མངྒལཾ།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། །སྡེ་སྣོད་འཛིན་པ་ཤེར་ཚུལ་ལ། །རང་རེའི་འབེལ་གཏམ་རྣམ་ངེས་ལས། །འཕྲོས་ནས་མ་དག་ཕུང་པོ་ལྔ། །ལྷག་པའི་ལྷ་རུ་མི་སྒོམ་ན། །རྗེ་བཙུན་འཁྲུལ་ཟད་མཐའ་དག་དང༌། །འགའ་ཞིག་འཁོར་འདས་དབྱེར་མེད་དང༌། །རྒྱུ་ལ་འབྲས་བུའི་རྒྱས་འདེབས་དང༌། །འགལ་ཞེས་ཟེར་བ་ཡོད་ཚོད་སྣང༌། །དེ་ལ་འབེལ་གཏམ་འདི་ལྟར་བྱ། །འཁོར་འདས་དབྱེར་མེད་ཅེས་བྱ་བ། །འཁོར་འདས་གཅིག་པའི་དོན་མ་ཡིན། །མྱ་ངན་འདས་ལས་ལོགས་ཤིག་ཏུ། །འཁོར་བ་ཡོད་པ་མིན་པའི་དོན། །བརྟག་པ་གཉིས་པར་འཁོར་བ་ཡི། །ཆོས་ཉིད་མྱ་ངན་འདས་པར་གསུངས། །རྒྱུ་ལ་འབྲས་བུས་རྒྱས་འདེབས་པ། །རྒྱུ་ཡི་རྒྱུད་ལ་འབྲས་བུའི་རྒྱ། །ལྷུན་གྱིས་གྲུབ་ལས་མི་འདའ་བའི། །དོན་ཡིན་རྒྱུ་ཉིད་འབྲས་བུ་ཞེས། །བྱ་བའི་དོན་དུ་བཤད་པ་མེད། །རྒྱུད་ནས་གཟུགས་སོགས་ཕུང་པོ་དང༌། །ས་སོགས་ཁམས་དང་མིག་སོགས་ཀྱི། །སྐྱེ་མཆེད་རྣམ་པར་དག་པ་ནི། །ལྷག་པའི་ལྷ་ཡིན་ཞེས་གསུངས་ཀྱི། །མ་དག་པ་ཉིད་དེར་མ་བཤད། །རང་རང་སོ་སོས་ཉིན་རེ་ལ། །ཐུན་བཞིར་བྱེད་པའི་དབང་ཆོག་ན། །ཕུང་པོ་ལྔ་པོ་རྣམ་དག་པ། །ལྷག་པའི་ལྷ་ཞེས་ཟེར་བ་དང༌། །ཕུང་པོ་ལྔ་པོ་མ་དམིགས་པར། །བྱས་ནས་ས་བོན་ཕྱག་མཚན་ལས། །ཕུང་པོ་ལྔ་པོ་རྣམ་དག་གི །ལྷ་རྣམས་བསྐྱེད་ཅིང་སྒོམ་མིན་ནམ། །དག་པ་གསུམ་གྱི་རང་བཞིན་ནི། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཞེས། །ཟེར་བ་དེ་དག་ནེ་ཙོ་ཡི། །ཁ་བཏོན་འདྲ་བ་མ་ཡིན་ནམ། །ཞེས་སྨྲས་པ་ཡིན་ནོ། །ཡང་འདི་ལྟར། རྗེ་བཙུན་འཁྲུལ་ཟད་ཅེས་བྱ་བའི་ཚིག་དེ་ལ། གོམས་པ་ལྷུར་བྱེད་པ་ནི་རྗེས་སུ་ཡི་རང་ན། མཁས་པས་མ་བཤད་ཅིང༌། རྣམ་དཔྱོད་དང་ལྡན་པས་མ་ཉན་ན། མི་ཤེས་པའི་འཕྲེང་བ་ཆེན་པོ་འདི་དག་འབྱུང་སྟེ། སྦྱངས་གཞིའི་གཙོ་བོ་རྒྱུ་རྒྱུད་ཉིད་ལ་བཤད་པ་མ་གོ སྤྱིར་རྒྱུ་རྒྱུད་ཅི་ལ་ཟེར་མ་ཤེས། ཀུན་གཞི་རྒྱུ་རྒྱུད་དུ་བཤད་པས། ཀུན་གཞི་རྣམ་ཤེས་ཉིད་རྒྱུ་རྒྱུད་ཡིན་ནམ་སྙམ་དུ་འཁྲུལ། རྒྱུ་རྒྱུད་སྔོན་དུ་འགྲོ་བའི་རྟེན་གྱི་གང་ཟག་ཅེས་བཤད་པ་དེ། དོན་དམ་པའི་གང་ཟག་ལ་འཆད་རྒྱུ་ཡིན་པ་མ་གོ་བར། གང་ཟག་བཏགས་ཡོད་ལ་འཆད། ཕུང་པོ་ལྔ་པོ་སྦྱང་གཞིར་བྱས་པའི་ཚེ། སྦྱང་བྱའི་དྲི་མ་ཞེ་སྡང་ལ་སོགས་པ་ལྔ། སྦྱང་བྱའི་དྲི་མར་བྱས་པ་ཁ་བཏོན་དུ་བྱེད་བཞིན་དུ། སྦྱང་གཞི་དང་སྦྱངས་བྱའི་དབྱེ་བ་མི་བཞེད་ཅེས་འཆད། བརྟག་གཉིས་སུ་མཁའ་སྤྱོད་མའི་སྦྱང་གཞི་ཆོས་དབྱིངས་ལ་བཤད་པ་དེ་ཙམ་ཡང་མ་ཤེས་པར། སྦྱང་གཞི་ལ་ཀུན་རྫོབ་བདེན་པས་ཁྱབ་པར་ཁས་ལེན། ཡེ་ཤེས་ཀྱི་ཚོགས་བསགས་ལ་གོ་བ་མ་ཆགས་པས། སྟོང་པ་ཉིད་ལ་མཉམ་པར་གཞག་པའི་ངང་ནས་ལྷ་སྒོམ་པའི་ཚེ། ཡང་མ་དག་པའི་ཕུང་པོ་ལྔ་ཁས་བླངས་ནས། དེ་ལྷར་བསྒོམ་པ་ཡིན་ཞེས་འཆད། ཆོས་དབྱིངས་ཡེ་ཤེས་ཀྱི་གོ་བ་མ་རྙེད་པས། སྐུ་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལན་བརྒྱར་འདོན་བཞིན་དུ། མ་དག་པའི་ཕུང་པོ་ཉིད་རྒྱུ་རྡོར་འཛིན་དུ་བསྒོམ་པ་རང་ཁས་ལེན། མངོན་པར་བྱང་ཆུབ་པ་ལྔ་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྟེན་པར་བཅས་པའི་ལུས་དཀྱིལ་གསལ་འདེབས་པར་བཤད་བཞིན་དུ། ཐ་མལ་པའི་སྣ་དང༌། རྣ་བ་སོགས་རྟ་བབས་དང་རིན་ཆེན་ཕ་གུ་སོགས་སུ་སྒོམ་པར་ཁས་ལེན། མ་དག་པའི་ཕུང་པོ་ཞེས་པ་ཡང་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས། འདུ་བྱེད་ཀྱི་ཕུང་པོར་འཆད་རྒྱུ་ཡིན་པ་དེ་མ་ཤེས་པར། གཟུགས་ཀྱི་ཕུང་པོ་ཙམ་ཁོ་ན་ལ་མ་དག་པའི་ཕུང་པོར་རློམ། ལམ་ཟབ་ཏུ་སྤྲོས་བ་གཅོད་པའི་ཚེ། མ་དག་པའི་གཟུགས་ཕུང་དུམ་བུར་བྱེད་པ་དང༌། ཕུང་པོ་ཉིད་དེ་བཞིན་གཤེགས་པར་ཁས་ལེན་པའི་འཇོག་མཚམས་མ་ཤེས། དེ་བས་ན་མ་དག་པའི་ཕུང་པོ་ཉིད་སངས་རྒྱས་སུ་བསྒོམ་པ་དང༌། བསྒོམ་པ་པོ་དེའི་བློ་ངོར་མ་དག་པ། དེ་ཉིད་སངས་རྒྱས་ཡིན་ཞེས་ཟེར་བ་ནི། རྗེ་བཙུན་འཁྲུལ་ཟད་མཐའ་དག་གི་ལུགས་མ་ཡིན་ནོ། །འདི་ཡི་འཁྲུལ་གཞི་རེད་མདའ་པས། གསང་བ་འདུས་པའི་རྣམ་བཤད་དུ། དུས་འཁོར་བཀག་པའི་ཕྱོགས་སྔ་མ། །རང་ལུགས་ཉིད་དུ་བཤད་པས་ལན། །འདི་ནི་ཞང་སྟོན་རབ་འབྱམས་པས། །འོམ་ལོའི་ལ་སྒོ་ནས་བླངས་པའི། །ཅལ་ཅོལ་སྤོབས་པ་སྐྱེད་བྱུང་བས། །རྐྱེན་བྱས་ཆོས་སྡེར་ཕུལ་བ་ཡིན། །ཞེས་རྗེ་བཙུན་དགེས་པའི་བཤེས་གཉེན་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱི། པུ་ཧྲངས་མཁན་པོ་ལ་སྤྲིངས་པའོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*