ཚད་མ་རིགས་པའི་རྣམ་བཤད་སྡེ་བདུན་ངག་གི་རོལ་མཚོ། ཀ ༽

༼ཛ༽༄༅། །ཚད་མ་རིགས་པའི་གཏེར་གྱི་རྣམ་པར་བཤད་པ་སྡེ་བདུན་ངག་གི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཚད་མ་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་སྡེ་བདུན་ངག་གི་རོལ་མཚོ་ཞེས་བྱ་བ། ཟབ་གསལ་ཡེ་ཤེས་སྤྲོས་པ་ཀུན་བྲལ་བ། །གང་བློ་དང་འཚམས་གཞོན་ནུར་གྱུར་པའི་སྐུ། །ཉིད་གཞུང་རིག་པའི་གནས་རྣམས་བརྡ་སྤྲོད་མཁན། །འཇམ་པའི་དབྱངས་ཀྱི་དགེ་བའི་བཤེས་མཛོད་ཅིག །འགྲོ་ཀུན་དགའ་བས་མཆོད་པའི་རྒྱལ་མཚན་རྩེར། །འཇམ་དབྱངས་མཁྱེན་ཅན་མཚན་དཔེའི་དཔལ་འབར་བ། །ཕྲིན་ལས་བཟང་པོས་སྲིད་ཞིའི་རྒུད་པ་ལས། །འགྲོ་ཀུན་བསྲུང་མཛད་ཁྱོད་ལ་ཕྱག་བགྱིའོ། །དེའི་གསུང་ཉིན་མོར་བྱེད་པའི་མདངས་གསལ་བ། །རྩོད་རྩོམ་ཤིང་རྟའི་ཁྲི་ལ་ཉེར་བླངས་ནས། །སངས་རྒྱས་བསྟན་པའི་དཔལ་དུ་སྤྲོ་མཁས་པ། །མ་ཕམ་ངག་གི་དབང་པོས་འདིར་བསྲུངས་ཤིག །ཤཱཀྱ་གསུང་རབ་ཕན་བདེའི་སྒོ་བརྒྱ་པ། །རྒྱལ་བ་ཉིད་བཞིན་རིགས་པར་དབྱེ་བརྩོན་པས། །དགེ་མཚན་དུ་མའི་དཔལ་གྱིས་ངེས་མཐོ་བ། །ཕྲིན་ལས་བཟང་པོའི་ཞབས་དེར་མགོས་ཕྱག་འཚལ། །གང་དེའི་ལེགས་བཤད་རི་མོ་མ་ཉམས་པ། །དོན་ཡོད་མཁྱེན་པའི་ཁྱམས་སུ་འཕོས་གྱུར་ནས། །དཔལ་ལྡན་ཕྲིན་ལས་བཟང་པོས་ཉེར་མཚོན་པ། །ཡང་དག་དགེ་བའི་བཤེས་ཀྱིས་མགོན་མཛོད་ཅིག །གང་གི་དྲུང་ན་གངས་ཅན་མཁས་པ་གཞན། །ཉི་མའི་མདུན་དུ་རྒྱུ་སྐར་ཚོགས་རྣམས་བཞིན། །དྲེགས་པའི་སྙེམས་པ་ལན་བརྒྱར་གཏོང་མཛད་པ། །ཁྱོད་གཞུང་སྡེ་བདུན་ཉིན་མོར་བྱེད་པའི་དཔལ། །རིགས་པའི་གཏེར་ཞེས་གྲགས་པའི་འོད་བརྒྱ་པ། །གངས་ཅན་བསྟན་པའི་མཁའ་ལ་ཤར་བ་ན། །མི་བསྲུན་ཕྲག་དོག་གདུག་པའི་ཁ་རླངས་ཀྱིས། །དུས་རིང་ཞིག་ཏུ་མུན་པའི་ལམ་ལ་རྒྱུ། །དེ་ནས་རྟོག་གེའི་ལུགས་བརྒྱ་ཤེས་པ་ཡི། །རྣམ་དཔྱོད་རྟ་བརྒྱ་འདྲེན་པའི་ཁ་ལོ་པས། །རབ་དྲངས་གཞུང་བརྒྱའི་ཉི་མ་འདི་འཆར་གྱི། །སྐལ་བཟང་འདབ་བརྒྱའི་ཚལ་དུ་དཔའ་བས་ལོང༌། །ཞེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གང་བཤད་པར་བྱ་བའི་ཆོས་ནི་རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་སོ། །འདི་ལ་གསུམ་སྟེ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་མཛད་པའོ། །དང་པོ་ལ་གསུམ་སྟེ། ཐ་སྙད་རྟོགས་པའི་དོན་དུ་མཚན་གྱི་དོན་བཤད་པ། བར་ཆད་ཞི་བའི་ཕྱིར་དུ་མཆོད་པར་བརྗོད་པ། བསྟན་བཅོས་མཐར་ཕྱིན་པའི་རྒྱུ་རྩོམ་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ལས། མཚན་སྒྱུར་བ་ནི། རྒྱ་གར་སྐད་དུ། ཞེས་སོགས་ཏེ། བསྟན་བཅོས་འདིའི་མིང་ནི་ལེགས་སྦྱར་གྱི་སྐད་ལས་དྲངས་པའི་སྒྲ་བཤད་འཇུག་མཐུན་པ་ཡིན་ནོ་ཞེས་ཤེས་པའི་ཕྱིར་དུ་རྒྱ་གར་གྱི་སྐད་དང་སྦྱོར་བར་མཛད་དོ། །གཉིས་པ་འགྱུར་གྱི་ཕྱག་རྗེས་མཐུན་པ་ནི། འཕགས་པ་འཇམ་དཔལ་ཞེས་སོགས་ཏེ། རང་གི་ལྷག་པའི་ལྷ་ལ་ཐོག་མར་ཕྱག་མཛད་པའོ། །གཉིས་པ་ལ་གཉིས་ཏེ། རྩ་བའི་བླ་མ་ལ་ཕྱག་བཙལ་བ་དང༌། བརྒྱུད་པའི་བླ་མ་ལ་མཆོད་པར་བརྗོད་པའོ། །དང་པོ་ནི། ཕྱག་འཚལ་ཞེས་པ་བཤད་པའི་གཞིའོ། །ལས་སུ་བྱ་བ་གང་ལ་ན། །འཇམ་མགོན་བླ་མའི་ཞབས་ལའོ། །བྱེད་པ་པོ་གང་གིས་ན། བསྟན་བཅོས་རྩོམ་པ་པོའི་མགོ་བོས་སོ། །དགོས་པ་ཅིའི་ཕྱིར་དུ་ན། སྔོན་མ་སྐྱེད་པའི་བསོད་ནམས་ཀྱི་ཚོགས་གསར་དུ་བསྐྱེད་པའི་དོན་དུའོ། །དེའི་ཡང་དགོས་པ་ནི། བསྟན་བཅོས་འདི་རྩོམ་པ་ལ་བར་ཆད་མི་འབྱུང་བའོ། །འོ་ན་ཡུལ་དེ་ལ་ཕྱག་བྱས་པས་དགོས་པ་དེ་འགྲུབ་པའི་རྒྱུ་མཚན་ཅི་ཞེ་ན། ཡུལ་དེ་ལ་ཡོན་ཏན་གྱི་ཁྱད་པར་གསུམ་པོ་འདི་མངའ་བ་ལས་སོ། །གསུམ་པོ་གང་ཞེ་ན། མཁྱེན་པའི་ཁྱད་པར་ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ་དང༌། བརྩེ་བའི་ཁྱད་པར་འགྲོ་བ་ཀུན་ལ་བདེ་བ་མངོན་མཐོ་དང༌། ངེས་པར་ལེགས་པ་བྱང་ཆུབ་གསུམ་སོ་སོའི་སྐལ་བ་དང་འཚམས་པར་སྒྲུབ་པའི་ཐུགས་རྗེ་ཅན་ཡིན་པ་དང༌། ནུས་པའི་ཁྱད་པར་བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བའོ། །ཡུལ་དེ་དང་ཡོན་ཏན་དེ་གསུམ་འབྲེལ་བར་སྟོན་པ་ནི། པའི་ཞེས་པ་གསུམ་པོ་དེས་འཆད་ལ། བདུན་པ་གནས་གཞིའི་སྒྲ་ནི། ཅན་ཞེས་པ་དང༌། མངའ་བ་ཞེས་པ་གཉིས་ཀྱིས་སྟོན་པ་ཡིན་ཏེ། ཡོན་ཏན་དེ་གསུམ་ཡུལ་དེ་ལ་གནས་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། དཔལ་ལྡན་ཀླུའི་དབང་པོ་དེ་ནི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཡིན་ནོ། །དེ་སུ་ཞིག་ཅེ་ན། སྡེ་བདུན་མཛད་པ་ཆོས་ཅན། ཀླུའི་དབང་པོར་འཇོག་པའི་རྒྱུ་མཚན་ཡོད་དེ། བློ་གྲོས་སྤྱི་གཙུག་ཡོན་ཏན་ནོར་བུའི་རྒྱན་གྱིས་སྤྲས་པ་དང༌། བདེན་པ་གཉིས་ཀྱི་རོ་འཛིན་པའི་དབང་པོ་ཚང་བ་དང༌། སྟོང་པ་ཉིད་སྟོན་པའི་སྒྲའི་ཕུཊ་སྒྲ་སྒྲོགས་ཤིང༌། མཁྱེན་བརྩེའི་ལྟ་ཟེར་ཕས་རྒོལ་དུ་གྱུར་པའི་སྐྱེ་བོས་མི་བཟོད་པ་དང༌། བློ་གསལ་རྒྱ་མཚོའི་རྒྱན་དུ་གྱུར་པ་སྟེ། སྙན་དངགས་མཁན་གྱིས་ཀླུའི་དབང་པོར་བཀོད་པའི་བྱེད་ཆོས་དེ་དག་ཚང་བའི་ཕྱིར་རོ། །འདིར་སྟོང་པ་ཉིད་ཅེས་པ་གཞན་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡི་དེ་ཉིད་ཡིན། །ཞེས་གསུངས་པའི་ཕྱིར་དང༌། སྟོང་ཉིད་ཀྱི་ངོས་འཛིན་རང་སྟོང་མེད་དགག་གི་ཆ་ལ་འཆད་པ་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལུགས་ལས་མི་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། བཤད་དོ་ཞེས་པ་ནི་དང་པོ་དོན་ཙམ་སྟོན་པའི་སྒྲའོ། །གང་བཤད་ན། རིགས་པའི་གཏེར་ཞེས་བྱ་བའི་བསྟན་བཅོས་འདིའོ། །བྱེད་པ་པོ་གང་གིས་ན། བརྩེ་བའི་བསམ་པས་སོ། །སུ་ཞིག་ལ་བརྩེ་ན། ཤེས་ལྡན་གཟུ་བོར་གནས་པ་དོན་གཉེར་བ་གཞན་ལའོ། །དགོས་པ་ཅིའི་ཕྱིར་དུ་ཞེ་ན། བྱང་ཕྱོགས་གངས་རིའི་ཁྲོད་འདིར་རྟོག་གེ་ལ་མཁས་པའི་རྒྱུ་སྐར་བྱེ་བ་ཕྲག་བརྒྱས། དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་རབ་ཀྱི་པདྨོའི་ཁ་རབ་ཏུ་ཕྱེ་མོད། གང་བློའི་ཉི་འོད་ཀྱི་སྣང་བས་མ་ཁྱབ་པ་དེ་སྲིད་དུ། གཞུང་ལུགས་ཚད་མ་སྡེ་བདུན་གྱི་དགོངས་དོན་དུ་གྱུར་པའི་གེ་སར་དང་སྙིང་པོ་གསལ་བར་བྱེད་མ་ནུས་པས། དེ་གསལ་བར་བྱ་བའི་ཕྱིར་དུའོ། །བསྟན་བཅོས་འདིས་དེ་གསལ་བར་བྱེད་ནུས་པ་རྒྱུ་གང་ལས་ཡིན་ཞེ་ན། ཆོས་ཀྱི་གྲགས་པའི་བཞེད་གཞུང་ཇི་ལྟ་བར་བསྟན་བཅོས་འདི་རྩོམ་པ་པོའི་བློ་གྲོས་ཤིན་ཏུ་གསལ་བའི་མིག་གིས་ལེགས་པར་མཐོང་བ་ལ་བརྟེན་ནས་སོ། །དྲུག་པའི་སྒྲ་ནི་སྔ་ཕྱིའི་འབྲེལ་པ་སྟོན་པའི་ཚིག་རྣམས་ཡིན་པས་དངོས་སུ་གསལ་ལ། བདུན་པའི་སྒྲ་ཡང་ཤུགས་ལ་བསྟན་པ་ཡིན་ཏེ། བསྟན་བཅོས་འདི་བརྩམས་པའི་དགོས་པ་དང༌། རྩོམ་ནུས་པའི་རྒྱུ་དང༌། ཀུན་སློང་གང་གིས་བརྩམས་པ་གསུམ་ནི་བསྟན་བཅོས་འདི་ལ་གནས་སོ་ཞེས་པ་ཉིད་དོན་གྱིས་འཐོབ་པའི་ཕྱིར་རོ།།  །།སྨྲས་པ། ཁྱིམ་དུ་རིན་ཆེན་གཏེར་ཆུད་པ། །འགའ་ཞིག་ཕོངས་པའི་ཟས་ཀྱིས་འཚོ། །གཞུང་འདིར་ཁས་འཆེ་དེ་འདྲ་བ། །མང་ཕྱིར་ཆོས་འདི་རིགས་པའི་གཏེར། །གཏེར་གྱི་ཁ་བྱང་མ་ནོར་བ། །གང་གིས་རྙེད་དེ་རྣམ་ཐོས་ཀྱི། །བུ་བཞིན་འབྱོར་པ་མི་ཟད་པར། །བྱེད་ཕྱིར་ཆོས་འདི་རིགས་པའི་གཏེར། །ཞེས་སོ། །གཉིས་པ་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། ཇི་སྐད་དུ། ཡང་དག་པའི་ཤེས་པ་དག་ལ། ཞེས་པ་ནས། འདི་བརྩམ་མོ། །ཞེས་པའི་བར་གྱིས་སྟོན་ལ། དེ་ཡང་འདི་ལྟར། དེ་སུན་དབྱུང་བ་དང༌། ཞེས་པ་ཡན་གྱིས་དགོས་པ་དང༌། ཡང་དག་པའི་དོན་གཏན་ལ་དབབ། ཅེས་པས་བརྗོད་བྱ་སྟོན་ལ། འབྲེལ་པ་དང་ཉིང་དགོས་ནི་ཤུགས་ལ་གོ་བ་ཡིན་ཏེ། ཡང་དག་པའི་ཤེས་པ་ལ་ལོག་པར་རྟོག་པ་བསལ་བ་གྲུབ་པ་ན། བླང་བྱ་དང་དོར་བྱའི་གནས་མཐའ་དག་ལ་འཇུག་ལྡོག་མ་ནོར་བར་བྱེད་པ་བདེ་བླག་ཏུ་འབྱུང་བའི་ཕྱིར་དང༌། བསྟན་བཅོས་འདི་དང་དེའི་དགོས་སོགས་གསུམ་པོ་ཐབས་དང་ཐབས་ལས་བྱུང་བའི་ཚུལ་གྱིས་འབྲེལ་བར་དོན་གྱིས་གྲུབ་པའི་ཕྱིར་རོ། །འོ་ན་ཁ་བ་ཅན་འདིར་ཆོས་ཀྱི་གྲགས་པའི་གཞུང་ལུགས་འཆད་ཚུལ་ལ་ལོག་པར་རྟོག་པ་ཇི་ལྟར་ཡོད། ལོག་རྟོག་དེའི་དབང་གིས་ཚད་མ་སྡེ་བདུན་གྱི་ལེགས་པར་བཤད་པའི་སྙིང་པོ་མ་རྙེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། བྱང་ཕྱོགས་ཀྱི་ལྗོངས་འདིར་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་འཆད་ཐབས་སུ་གྱུར་པའི་སྤྱི་དོན་གྱི་སྲོལ་ཐོག་མར་ཕྱེ་ཞིང༌། གྲགས་ཆེ་བར་གྱུར་པ་ནི། རྣམ་དཔྱོད་ཀྱི་རྩལ་དང་རིགས་པའི་མཆེ་བ་རྣོན་པོའི་སྙེམས་པས་མངོན་པར་ཕྱུག་པའི་སློབ་དཔོན་ཕྱྭ་པ་ཆོས་ཀྱི་སེང་གེས། ཚད་མ་ཡིད་ཀྱི་མུན་སེལ་ཞེས་བྱ་བའི་བསྟན་བཅོས་མཛད་པ་ལས། དོན་འདི་དག་འབྱུང་བ་ནི་འདི་ལྟར། །མདོ་སྡེ་པ་དང༌། སེམས་ཙམ་རྣམ་བཅས་པ་དང༌། རྣམ་རྫུན་པ་གསུམ་གྱི་ཀུན་རྫོབ་ཀྱི་རྣམ་གཞག་འཆད་ཚུལ་མཐའ་དག་རང་གི་རིགས་པས་སུན་ཕྱུང་བ་སྒོ་ནས་མི་འཐད་པ་ཉིད་དུ་རྣམ་པར་བཤད་ནས། རང་གི་ལུགས་འཇོག་ཚུལ། བྱེ་བྲག་ཏུ་སྨྲ་བ་ལྟར་དོན་སྣང་གི་ཤེས་པས་དོན་རྟོགས་ཚུལ་རྣམ་མེད་རྗེན་ཆར་གྱི་ཚུལ་ཁས་བླངས་ཏེ། ལུགས་དེ་ནི་འཇིག་རྟེན་གྱི་གྲགས་པ་དང་མཐུན་པའོ། །ཞེས་ཟེར་ཞིང༌། དོན་དམ་སྟོང་པ་ཉིད་ཀྱི་འཇོག་ཚུལ་ཡང་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལྟར་བཤད་ནས། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་དང༌། བདེན་པར་གྲུབ་པའི་ཆོས་ཞེས་བྱ་བ་ཅུང་ཟད་ཀྱང་ཁས་མི་ལེན་པ་དང༌། སྟོང་ཉིད་ཀྱི་ངོ་བོ་མེད་དགག་ཁོ་ན་ལ་འཆད་ཅིང༌། དེ་ཡང་རིགས་པས་དཔྱད་བཟོད་དུ་ཁས་ལེན་པར་བྱེད་དོ། །དེ་ལྟར་བཤད་ན་ཕྱོགས་གླང་གྲགས་པའི་ཞབས་ཀྱི་གཞུང་གི་འགལ་ཟླའི་གཙོ་བོ་ཁས་བླངས་པ་ཉིད་དུ་འགྱུར་ཏེ། གཞུང་ལུགས་དེ་དང་དེ་དག་ཏུ་ནི། ཇི་སྲིད་ཕྱི་རོལ་གྱི་དོན་ཁས་ལེན་པ་དེ་སྲིད་དུ། འཇིག་རྟེན་གྱི་གྲགས་པ་དང༌། བྱེ་བྲག་ཏུ་སྨྲ་བའི་འདོད་པ་བཀག་ནས། མདོ་སྡེ་པའི་ཕྱོགས་གང་ཡིན་པ་དེ་ཉིད་རང་ལུགས་སུ་བཤད་པའི་ཕྱིར་དང༌། ཕྱི་རོལ་དོན་འགོག་གི་ཚེ། ཐོག་མར་སེམས་ཙམ་རྣམ་བཅས་ཀྱི་ལུགས་ལ་གནས་ནས། གསལ་ཞིང་རིག་པའི་རྟགས་དང༌། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྣང་བ་སེམས་སུ་བསྒྲུབས་པའི་ཕྱིར་དང༌། མཐར་ནི་རྣམ་རྫུན་པའི་ལུགས་གང་ཡིན་པ་དེ་ཉིད་གཞིར་བཞག་ནས། གཟུང་འཛིན་གཉིས་མེད་དུ་བསྒྲུབས་པའི་ཕྱིར་དང༌། ཤེས་བྱ་ཐམས་ཅད་རང་སྟོང་དང༌། མཐར་བདེན་གྲུབ་ཀྱི་ཆོས་ཤིག་ཁས་མི་ལེན་པ་དང༌། སྟོང་ཉིད་ཀྱི་ངོས་འཛིན་མེད་དགག་གི་ཆ་ལ་འཆད་པ་ནི། རྗེ་བཙུན་བྱམས་པའི་གཞུང་ཐོགས་མེད་སྐུ་མཆེད་ཀྱིས་བཀྲལ་བའི་ཤིང་རྟའི་སྲོལ་ལས་མི་འབྱུང་བའི་རྒྱུ་མཚན་གྱིས། ཕྱོགས་གླང་གྲགས་པའི་གཞུང་ལུགས་དག་ཏུའང་མ་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་སུན་འབྱིན་པ་ནི་བསྟན་བཅོས་འདིའི་དངོས་ཀྱི་དགོས་པ་ཡིན་ལ། ཕྱོགས་སྔ་ཕྱིའི་ཁྱད་པར་ཞིབ་མོ་རྣམས་ནི། རབ་ཏུ་བྱེད་པ་སོ་སོའི་སྐབས་ཉིད་དུ་འཆད་པར་འགྱུར་རོ། །དོན་དེ་ལ་བསམས་ནས། ཇི་སྐད་དུ། བློ་ཡི་ནུས་པ་ཅུང་ཟད་ཡོད་ཀྱང་ལེགས་བཤད་སྙིང་པོ་མ་རྙེད་ཅིང༌། །ཞེས་གསུངས་སོ། །གཉིས་པ་བསྡུས་པའི་དོན་ནི། རབ་ཏུ་བྱེད་པ་བཅུ་གཅིག་པོ་ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་ཕབ་པ་སོགས་གཉིས་སུ་བསྡུས་པ་དེ་ཙམ་གྱིས་ཀྱང་ཆོག་མོད། མྱུར་དུ་ངེས་པ་སྟེར་བའི་ཐབས་གཞན་ཡང་འདི་ལྟར། བཤད་བྱའི་གཙོ་བོ་ཡང་དག་ཤེས། །འཆད་བྱེད་རྟོག་གེའི་ལུས་བརྒྱད་པོ། །མངོན་སུམ་རྗེས་དཔག་སྒྲུབ་པ་དང༌། །སུན་འབྱིན་རྣམ་བཞི་ལྟར་སྣང་བཅས། །བརྒྱད་པོ་རྟོགས་པའི་ཡན་ལག་ཏུ། །ཐོག་མར་ཤེས་བྱ་སྤྱི་ལྡོག་བཤད། །མངོན་རྗེས་ལྟར་སྣང་དང་བཅས་པ། །ཡུལ་ལ་འཇུག་ཚུལ་རྟོགས་བྱའི་ཕྱིར། །ཤེས་བྱའི་ཡུལ་དང་ཤེས་བྱེད་བློ། །བརྟག་པའི་རབ་བྱེད་རྣམ་གཉིས་གསུངས། །རྟོག་པའི་བློ་དང་རྟོག་མེད་བློས། །འཇུག་ཡུལ་རང་མཚན་གཅིག་ཡིན་ཀྱང༌། །དངོས་ཀྱི་གཞལ་བྱ་རྟོགས་ཚུལ་ལས། །སྣང་སེལ་བརྟག་པའི་རབ་བྱེད་བཤད། །སེལ་བའི་ཆོས་ལས་འགལ་འབྲེལ་དང༌། །དགག་སྒྲུབ་བརྗོད་བྱ་རྗོད་བྱེད་དང༌། །མཚན་མཚོན་ལ་སོགས་བློ་ཆོས་རྣམས། །བརྟག་པའི་རབ་བྱེད་གསུངས་པ་ལས། །གལ་འབྲེལ་དགག་སྒྲུབ་སྒྲུབ་པ་དང༌། །སུན་བྱིན་རྟོགས་པའི་ཡན་ལག་སྟེ། །བརྗོད་བྱ་རྗོད་བྱེད་རང་གཞན་གྱི། །དོན་གྱི་རྗེས་དཔག་འཆད་པའི་ཐབས། །མཚན་མཚོན་བརྟག་པ་ཚད་མ་ཡི། །མཚན་ཉིད་འཆད་པའི་ཐབས་སུ་བཤད། །ཅེས་སྦྱར་བ་ཡིན་ནོ། །གཉིས་པ་ཚིག་གི་དོན་ལ་གཉིས་ཏེ། ཤེས་བྱ་སྤྱི་ལྡོག་ནས་གཏན་ལ་དབབ་པ་དང༌། ཤེས་བྱེད་ཚད་མའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ལ་གསུམ་སྟེ། ཤེས་བྱའི་ཡུལ། ཤེས་བྱེད་ཀྱི་བློ། བློ་དེས་ཡུལ་རྟོགས་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཡུལ་གྱི་མཚན་ཉིད་བློས་རིག་བྱ། །ཞེས་པའོ། །འདིར་དེ་དེའི་མཚན་ཉིད་དུ་འཇོག་བྱེད། ཡུལ་གྱི་རང་ལྡོག་ནས་མཚན་མར་ཁས་མི་ལེན་ཏེ། མིང་དང་ཐ་སྙད་དུ་མི་རུང་བའི་ཕྱིར་རོ། །ཇི་སྐད་དུ། བྱ་བ་དུས་གསུམ་ཡུལ་ཅན་ཕྱིར། །ཞེས་གསུངས་པ་ལྟར། ཡུལ་ཅན་གྱི་བློ་རང་གི་དུས་སུ་འདས་པ་གཟུང་ཡུལ་དང༌། མ་སྐྱེས་པ་འཇུག་ཡུལ་དང༌། དུས་མཉམ་པ་སྣང་ཡུལ་ཏེ། གསུམ་ཀ་ལ་ཡང་བློས་རིག་པར་བྱ་བ་ཞེས་བྱ་བའི་མཚན་ཉིད་དེ་ཚང་བར་འཆད་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ལ། ཁས་བླངས་བརྗོད་པ་དང༌། སུན་འབྱིན་བཤད་པའོ། །དང་པོ་ནི། དོན་སྤྱི་དང་ནི་མེད་སྣང་གཉིས། །གཟུང་ཡུལ་ཡིན་ནོ་ཞེ་ན། ཞེས་པའོ། །འདི་ཕྱོགས་སྔ་མས་ཇི་ལྟར་ཁས་བླངས་པའི་ཚུལ་ནི། ཕྱྭ་བསྡུས་ལས། སྤྱིར་བློ་ལ་སྣང་བའི་གཟུང་ཡུལ་ལ་གསུམ་སྟེ། དོན་རང་གི་མཚན་ཉིད་དང༌། དོན་སྤྱི་དང༌། རྟོག་མེད་འཁྲུལ་པའི་དམིགས་པའོ། །དེ་ལ་གཟུང་ཡུལ་གྱི་མཚན་ཉིད་ནི། གང་ཞིག་རང་གི་ངོ་བོ་ཉིད་བློ་ལ་སྣང་བ་སྟེ། ཁོ་བོ་ཅག་རྣམ་པ་མེད་པར་ཕྱི་རོལ་གྱི་དོན་རིག་པར་སྨྲ་བ་དང༌། སེམས་ཙམ་རྣམ་བཅས་པ་དང༌། རྣམ་མེད་པ་སྟེ། གྲུབ་པའི་མཐའ་གསུམ་ཀ་ལ་ཡང་གཟུང་ཡུལ་གྱི་མཚན་ཉིད་དང༌། མཚན་གཞིར་བཤད་མ་ཐག་པ་གསུམ་པོ་དེ་ཁས་ལེན་པ་ལ་མི་མཐུན་པ་མེད་དོ། །མདོ་སྡེ་པ་ནི་དོན་ལྐོག་ན་མོ་ཁོ་ན་གཟུང་ཡུལ་དུ་བཤད་ནས། འཁྲུལ་པའི་ཤེས་པ་ཐམས་ཅད་ལ་གཟུང་ཡུལ་མེད་པར་འདོད་དོ། །འདི་ནི་མི་རིགས་ཏེ། ཕྱི་རོལ་གྱི་དོན་ཆོས་ཅན། མངོན་གྱུར་མ་ཡིན་པར་ཐལ། མངོན་སུམ་གྱི་ཚད་མས་མ་དམིགས་པའི་ཕྱིར། ཞེས་འཆད་པར་བྱེད་ཅིང༌། དོན་སྤྱིའི་མཚན་གཞི། མདོ་སྡེ་པས་ཤེས་རྣམ་དུ་ཁས་ལེན་པའི་བུམ་འཛིན་རྟོག་པ་ལ་བུམ་པར་སྣང་ཙམ་དང༌། མེད་པ་གསལ་སྣང་གི་མཚན་གཞི་ཡང༌། ཟླ་བ་གཉིས་སྣང་གི་དབང་ཤེས་དང༌། རྨི་ལམ་གསལ་སྣང་གི་ཤེས་པ་ལ་སྣང་བའི་ཟླ་གཉིས་དང༌། རྟ་གླང་ལྟ་བུ་ལ་འཆད་ཅིང༌། ཤེས་པ་རང་ཉིད་རང་གི་གཟུང་ཡུལ་ཡིན་པ་དང༌། ཤེས་པ་ལ་རང་རིག་གིས་ཁྱབ་པ་རྣམས་ཞལ་གྱིས་བཞེས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། གཞུང་ལས་བཤད་པའི་སུན་འབྱིན་དང༌། མ་བཤད་པ་ཁ་བསྐང་བའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅན་གྱི་བློ་མ་འཁྲུལ་བར་ཐལ་བ་དང༌། ཡུལ་སྣང་རུང་དུ་ཐལ་བའོ། །དང་པོ་ལ་དངོས་དང༌། ཉེས་སྤོང་དགག་པའོ། །དང་པོ་ནི། དོན་སྤྱི་དེ་འཛིན་པའི་ཤེས་པ་རྟོག་པ་དང༌། མེད་པ་གསལ་བ་དེ་འཛིན་གྱི་རྟོག་པ་མེད་པའི་ཤེས་པ་གཉིས་པོ་ཆོས་ཅན། འཁྲུལ་པར་འགལ་བ་ཉིད་དུ་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུང་ཡུལ་གྱི་མཚན་ཉིད་ནི། དོན་སྣང་གི་ཤེས་པ་མ་འཁྲུལ་བ་ལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཞེས་པ་དེ་ལས་གཞན་སྡེ་བདུན་མཛད་པའི་གཞུང་ལས་མ་གསུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་གཟུང་ཡུལ་ཡོད་ནའང་ཐག་པ་ལ་སྦྲུལ་འཛིན་གྱི་ཤེས་པ་བཞིན་དུ་འཁྲུལ་ལོ་ཞེ་ན། དཔེ་དོན་མི་མཚུངས་ཏེ། ཐག་ཁྲ་འཛིན་པའི་མིག་ཤེས་ནི། གཟུང་ཡུལ་ཡོད་པ་ཉིད་ཀྱི་ཕྱིར་མ་འཁྲུལ་ལ། སྦྲུལ་འཛིན་གྱི་བློ་དེ་ལ་ནི། གཟུང་ཡུལ་དུ་མེད་པ་ཉིད་ཡོད་པར་འཛིན་པས་ན་འཁྲུལ་པར་འཇོག་པའི་ཕྱིར། འདིར་གཞན་དག་ན་རེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མ་འཁྲུལ་བར་ཐལ། གཟུང་ཡུལ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་འདི་ཅུང་ཟད་སྤང་དཀའ་བ་ཡིན་མོད། འདིའི་ལན་ཡང་སྔ་མ་དང་འདྲ་བར། ཟླ་བར་སྣང་བའི་ཆ་ནས་གཟུང་ཡུལ་ཅན་དང་མ་འཁྲུལ་བ་གཉིས་ཀ་ཡིན་ཀྱང༌། གཉིས་སུ་སྣང་བའི་གཟུང་ཡུལ་ནི་ཟླ་བ་མ་ཡིན་ཏེ། དབང་པོ་བསླད་པ་ཁོ་ན་ལས་དེར་སྣང་བའི་ཕྱིར། མ་ཡིན་ཏེ། དེ་མེད་པར་ཤེས་པ་དེ་མི་འབྱུང་བའི་ཕྱིར་སྙམ་ན། ཐག་ཁྲ་ཡང་སྦྲུལ་འཛིན་གྱི་རྟོག་པའི་གཟུང་ཡུལ་དུ་ཐལ་བ་དང༌། མངོན་སུམ་གྱི་རྟ་གླང་ཡང་རྨི་ལམ་གསལ་སྣང་གི་ཤེས་པ་ལ་དེར་སྣང་བའི་གཟུང་ཡུལ་དུ་ཐལ་བར་འགྱུར་རོ། །གཉིས་པ་ལ། དངོས་དང༌། ཉེས་སྤོང་མི་འཐད་པའོ། །དང་པོ་ནི། སྣང་ཡུལ་དོན་སྤྱི་དང་མེད་པ་གསལ་བ་གཉིས་པོ་ཆོས་ཅན། ཡུལ་རུང་བ་ན་གནས་པའི་གང་ཟག་གཞན་གྱིས་ཀྱང་མཐོང་རུང་དུ་ཐལ་བར་འགྱུར་ཏེ། གཟུང་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡིན་ན་ཤེས་པ་ལས་རྫས་ཐ་དད་པའི་ཕྱི་རོལ་གྱི་དོན་ཡིན་དགོས་པའི་ཕྱིར། སྣང་རུང་གི་བུམ་པ་ལ་སོགས་པ་བཞིན་ནོ། །གཉིས་པ་ནི། འཁྲུལ་སྣང་གཉིས་པོ་ཆོས་ཅན། གང་ཟག་གཞན་གྱིས་རྟོགས་པ་མེད་དེ། སྣང་མཁན་རང་གི་བློའི་བདག་ཉིད་ལ་རྟག་ཏུ་འབྲེལ་བའི་ཕྱིར། དཔེར་ན་ཕྱི་རོལ་གྱི་དོན་ཉིད་ཡིན་ཀྱང་ལུས་ཀྱི་ནང་མི་མཐོང་བ་བཞིན་ཞེ་ན། དཔེ་དོན་མི་མཚུངས་ཏེ། རང་གི་ལུས་ནི་ཡུལ་སྣང་རུང་མ་ཡིན་པ་དེས་ན་ལུས་ཀྱི་བདག་པོ་རང་གིས་ཀྱང་མི་མཐོང་བའི་ཕྱིར། དོན་སྤྱི་དང་མེད་པ་གསལ་བ་གཉིས་པོའང༌། སྣང་མཁན་རང་ཁོ་ན་དང་རྟག་ཏུ་འབྲེལ་བས་ན། གཞན་གྱི་ཡུལ་དུ་སྣང་རུང་མ་ཡིན་ནོ་ཞེ་ན། གཉིས་པོ་ཆོས་ཅན། བརྗོད་ཀྱང་གཞན་གྱིས་རྟོགས་པར་མི་འགྱུར་བ་ཉིད་དུ་ཐལ། རང་བློ་ཁོ་ན་དང་འབྲེལ་བའི་ཕྱིར་རོ། །རང་རང་གི་བློ་དང་འབྲེལ་བའི་དོན་སྤྱི་རེ་རེ་ཡོད་པའི་ཕྱིར་བརྗོད་པས་དེ་ཉིད་རྟོགས་སོ་ཞེ་ན། འཆད་ཉན་བྱེད་པའི་གང་ཟག་གཉིས་ཀྱི་བརྗོད་བྱའི་དོན་སྤྱི་གཉིས་པོ་ཆོས་ཅན། བརྗོད་ཀྱང་མཚམས་སྦྱོར་མི་ནུས་པར་ཐལ། འབྲེལ་མེད་སོ་སོ་ཡིན་པའི་ཕྱིར། གལ་ཏེ་གང་ཟག་སོ་སོའི་བློ་ལ་ཤར་ནས་ཡོད་པའི་སེམས་ཀྱི་རྣམ་པ་དོན་སྤྱི་གཉིས་འདྲ་བས། འདྲ་བ་ལ་གཅིག་ཏུ་ཞེན་ནས་ཐ་སྙད་སྦྱོར་བའི་ཕྱིར་མི་འགལ་ལོ་ཞེ་ན། འོ་ན་འཆད་པ་པོའི་བློ་ལ་ཤར་བའི་རྣམ་པ་དེ་ཉན་པ་པོའི་བློ་ལ་ཤར་རམ་མ་ཤར། ཤར་ན། དེ་ཆོས་ཅན། ཉན་པ་པོ་རང་གི་ཐུན་མོང་མ་ཡིན་པའི་ཡུལ་ཡིན་པར་ཐལ། དེ་རང་གི་བློ་ལ་ཤར་བའི་ཤེས་རྣམ་ཡིན་པའི་ཕྱིར། མ་ཤར་ན་ནི། དེ་ཆོས་ཅན། དེའི་ཡུལ་མ་ཡིན་པར་ཐལ། དེ་ལ་ཁྱོད་ཀྱི་རྣམ་པ་མ་ཤར་བའི་ཕྱིར། དེས་ན་འཆད་ཉན་བྱེད་པའི་རྟོག་པ་གཉིས་ཆོས་ཅན། གཟུང་ཡུལ་གཅིག་ཐུན་མོང་དུ་འཛིན་པ་ག་ལ་སྲིད་དེ། གཅིག་གི་བློ་ལ་ཤར་བ་དེ་ཅིག་ཤོས་ཀྱི་བློ་ལ་མ་ཤར་བའི་སྒོ་ནས་འབྲེལ་མེད་ཐ་དད་པ་ཁོ་ན་བཟུང་བའི་ཕྱིར། གལ་ཏེ་རྟོག་པ་གཉིས་གཟུང་ཡུལ་ཐ་དད་པ་ཡིན་ཀྱང༌། གཟུང་ཡུལ་གཅིག་ཏུ་འཁྲུལ་བའི་སྒོ་ནས་འཛིན་ནོ་ཞེ་ན། འཆད་ཉན་བྱེད་པའི་རྟོག་པ་གཉིས་ཆོས་ཅན། གཟུང་ཡུལ་མེད་པར་གྲུབ་པ་ཡིན་ཏེ། ཡུལ་ཐ་དད་ལ་གཅིག་ཏུ་འཛིན་པའི་འཁྲུལ་བ་ཡིན་པའི་ཕྱིར་རོ། །འདིར་འགྲེལ་པ་ལས་རྟོག་པ་ཐམས་ཅད་ལ་སྣང་ཡུལ་མེད་པར་བཤད་པའི་དོན་ནི། སྣང་སེལ་གཉིས་ཀྱི་ཟླས་ཕྱེ་བའི་སྣང་བའི་ཡུལ་ལ་འཆད་དགོས་པ་ཡིན་ཏེ། གཟུང་ཡུལ་མེད་པར་འཆད་པ་སྐབས་སུ་བབ་པ་ཡིན་ཞིང༌། དེ་དང་དེ་དོན་གཅིག་ལ་འདུ་བའི་ཕྱིར། མདོར་ན་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བརྟགས་ན་གཟུང་ཡུལ་དུ་འཐད་པ་མེད་བཞིན་དུ། ད་དུང་བོད་ཕལ་ཆེར་དོན་སྤྱི་དང་མེད་པ་གསལ་བ་གཉིས་གཟུང་ཡུལ་དུ་ཞེན་ནས་ཁས་ལེན་པ་ནི་ཆོས་ཅན། རིགས་པ་མ་ཡིན་ཏེ། སོར་མོའི་རྩེ་མོས་བསྟན་པ་ན་མིག་ཤེས་ཀྱིས་ནམ་མཁའ་མཐོང་ངོ་ཞེས་བླུན་པོ་འཁྲུལ་བ་དང་མཚུངས་པའི་ཕྱིར་རོ། །གཉིས་པ་སུན་འབྱིན་གཞན་ཡང་ཁ་བསྐང་བ་ལ་གསུམ་སྟེ། དོན་སྤྱིའི་ངོས་འཛིན་ནོར་བ་དང༌། མེད་པ་གསལ་བའི་མཚན་གཞི་འཁྲུལ་བ་དང༌། བློ་རྣམ་མེད་དུ་འདོད་པ་དང་ཤེས་པ་ཐམས་ཅད་རང་རིག་ཏུ་འཆད་པ་ནང་འགལ་བའོ། །དང་པོ་ནི། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་དེ་བུམ་པའི་དོན་སྤྱིར་འཆད་པ་མི་འཐད་དེ། དེ་ལ་སྒྲུབ་བྱེད་མེད་ཅིང༌། གནོད་བྱེད་ཡོད་པའི་ཕྱིར། དང་པོ་ནི། དེ་ལྟར་སྣང་བ་དེ་རྟོག་པའི་ཤེས་རྣམ་དུ་འཆད་པ་ཁོ་ན་གཞུང་ན་ཡོད་པ་ཡིན་གྱི། དོན་སྤྱིར་འཆད་པའི་གཞུང་མེད་ཅིང༌། ཁྱེད་ཀྱིས་ཀྱང་དེའི་ཤེས་བྱེད་ཀྱི་ལུང་འདྲེན་པར་མ་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། ལྡོག་པ་བཞིན་དུ་སྒྲ་དག་ལས། །ཤེས་ལ་གཞན་གྱི་གཟུགས་བརྙན་སྣང༌། །གང་དེའང་དོན་གྱི་བདག་ཉིད་མིན། །ཞེས་པ་ནས་བརྡ་བྱེད་པ་ནི་དོན་མེད་འགྱུར། །ཞེས་པའི་བར་གསུངས་པ་དང༌། དེ་ཡི་ཇི་ལྟར་ཀུན་བཏགས་པ། །དེ་ནི་དམ་པའི་དོན་དུ་མེད། །ཅེས་དང༌། དེ་དངོས་སྒྲོ་བཏགས་རྟོགས་པ་ཡིས། །གཞན་ལས་བཟློག་པ་རྟོགས་ཕྱིར་ཡང༌། །ཞེས་རྟོག་པའི་ཤེས་རྣམ་ལ་ཕྱི་རོལ་དོན་དུ་སྒྲོ་བཏགས་པའི་ཚུལ་སྤྱིར་བཤད་པ་ཡིན་གྱི། རྟོག་པའི་གཟུང་རྣམ་ལ་དེར་བཤད་པ་མེད་པའི་ཕྱིར། གནོད་བྱེད་ནི། རྟོག་པ་ལ་དེར་སྣང་བ་དོན་སྤྱི་ཡིན་ན། དེ་རྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱར་འགྱུར་ལ། དེ་ལྟ་ན། ཇི་སྐད་དུ། རྣམ་པ་དེ་ཡང་དོན་ལ་མེད། །དེ་བརྗོད་ཇི་ལྟར་དོན་རྟེན་ཡིན། །རྗེས་འགྲོ་ཅན་སྒྲས་རྗེས་འགྲོ་ཅན། །དོན་གྱི་འབྲས་ཡིན་མཐོང་གོམས་པས། །སྦྲུལ་དེའང་རྗེས་འགྲོ་མེད་པ་ཅན། །བློ་ལས་ཐ་དད་མེད་ཕྱིར་རོ། །ཞེས་པའི་གཞུང་གིས་བསྟན་པའི་རིགས་པས་གནོད་པ་དང༌། ཡང་རྟོག་མེད་ཀྱི་ཤེས་པ་ལ་ཕྱི་རོལ་དོན་དུ་སྣང་བ་དེ་ཡང༌། ཕྱི་རོལ་གྱི་དོན་ཡིན་པར་ཁས་བླངས་པས། དོན་དེ་ལ་ཡང༌། ཇི་སྐད་དུ། རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་དེ་བཞིན་རྟོགས་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པའི་རིགས་པ་དང་འགལ་བ་དང༌། གཞན་ཡང༌། ཕྱི་རོལ་གྱི་དོན་གཞལ་བྱ་ལ། དོན་འདྲ་བ་ཚད་མར་བྱས་པའི་རྣམ་གཞག་དང༌། གཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུར་བྱས་པའི་རྣམ་གཞག་དང༌། ཇི་སྐད་དུ། ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ནི་ཚུལ་གཉིས་ཉིད། །ཅེས་པ་རྩ་འགྲེལ་གྱིས་རྒྱས་པར་བསྟན་པའི་བློ་ཚུལ་གཉིས་སྒྲུབ་ཀྱི་རིགས་པ་མཐའ་དག་འདོར་དགོས་པར་འགྱུར་ཏེ། དོན་དུ་སྣང་བའི་རྟོག་མེད་ཀྱི་ཤེས་པ་ལ་དོན་གྱི་རྣམ་པ་ཤར་བ་མེད་པའི་ཕྱིར་དང༌། དེ་ལ་དོན་དུ་གསལ་བར་སྣང་བ་དེ་ཉིད་དོན་དངོས་སུ་ཁས་བླངས་པའི་ཕྱིར། གཉིས་པ་ནི། མེད་པ་གསལ་བའི་མཚན་གཞི། ཟླ་གཉིས་དང་སྐྲ་ཤད་ལྟ་བུ་ལ་འཆད་པ་དེ་ལྟ་ན་ཡང༌། སྒྲུབ་བྱེད་མེད་ཅིང༌། གནོད་བྱེད་ཡོད་དོ། །དང་པོ་ནི། མེད་པ་གསལ་བ་ཞེས་པའི་གོ་དོན་མེད་བཞིན་དུ་གསལ་བར་སྣང་བའི་ཤེས་རྣམ་ཉིད་ལ་འཆད་དགོས་པ་ཡིན་གྱི། གང་མེད་པ་དེ་ཉིད་ལ་དེར་འཆད་པའི་ལུང་དང་རིགས་པ་མེད་དོ། །གལ་ཏེ་ཁོ་བོ་ཅག་རྣམ་མེད་དུ་སྨྲ་བས། དེ་དང་དེར་སྣང་བ་ལ་ཁྱད་པར་མེད་དོ་ཞེ་ན། འོ་ན་དེ་དག་ཚད་མས་དམིགས་པར་འགྱུར་ཏེ། དེ་དག་དེར་སྣང་བ་ཚད་མས་དམིགས་པའི་ཕྱིར་རོ། །གནོད་བྱེད་ནི། དེ་ལ་གསལ་བར་སྣང་བའི་ཟླ་གཉིས་དང༌། སྐྲ་ཤད་སོགས་གཞལ་བྱར་འགྱུར་ཏེ། གཟུང་ཡུལ་དུ་ཁས་བླངས་པའི་ཕྱིར། གཞན་ཡང༌། དེ་དག་གཟུང་ཡུལ་དུ་འདོད་པ་དེས། གཞལ་བྱ་གཉིས་མིན་གྱི་ཕུང་པོ་གསུམ་པར་ཁས་བླངས་པས། ཇི་སྐད་དུ། སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་མོས་པ་མེད་ཕྱིར་རོ། །ཞེས་པའི་གཞུང་དང་འགལ་ལོ། །གསུམ་པ་ནི། གང་ཡང་ཁྱེད་ཀྱི་ཕྱོགས་ལ་ཤེས་པ་ཐམས་ཅད་རང་རིག་ཏུ་འཆད་པ་ཕར་ཞོག རྣམ་འགྲེལ་མཛད་པའི་ལུགས་ལས་འབྱུང་བའི་རང་རིག་པའི་རྣམ་གཞག་གཅིག་ཀྱང་འཆད་རྒྱུ་མེད་པར་འགྱུར་ཏེ། བློ་ཚུལ་གཉིས་དང་རང་རིག་ཏུ་སྒྲུབ་པའི་སྐབས་ནས་འབྱུང་བའི་རིགས་པས་གྲུབ་པའི་རང་རིག་དེ་ཡང་ཁྱེད་ལ་མེད། གཟུང་འཛིན་གཉིས་མེད་ཀྱི་རང་རིག་ཅེས་བྱ་བ་དེ་ཡང་ཁྱེད་ལ་མེད། གཉིས་པོ་གང་རུང་དུ་མ་འདུས་པའི་རང་རིག་གི་འཆད་ཚུལ་ཆོས་ཀྱི་གྲགས་པའི་གཞུང་ལས་མི་འབྱུང་བའི་ཕྱིར་རོ། །དང་པོ་མེད་དེ། རིགས་པ་དེའི་དོན་ནི་དོན་སྣང་གི་ཤེས་པ་ལ་དོན་གྱི་རྣམ་པ་སྣང་བའི་རྒྱུ་མཚན་གྱིས་ཚུལ་གཉིས་པར་གྲུབ། རྣམ་པ་དེ་ཤེས་པ་ཡིན་པའི་རྒྱུ་མཚན་གྱིས་རང་རིག་པར་ཡང་གྲུབ་བོ། །ཞེས་པ་དང༌། དྲན་པའི་རྟགས་ཀྱིས་རང་དུས་སུ་རང་མྱོང་ཡོད་པར་དཔོག་པ་ཡིན་ལ། དེའི་དུས་ཀྱི་མྱོང་བྱ་དེ་ཡང་དོན་གྱི་རྣམ་པ་ཉིད་ལ་ཟེར་བ་ཡིན་ཞིང༌། དེ་ཡང་ཁྱེད་ལ་མེད་པའི་ཕྱིར་དང༌། གཟུང་འཛིན་གཉིས་མེད་ཀྱི་རང་རིག་ཅེས་པ་དེ་ནི། ཇི་སྲིད་ཕྱི་རོལ་གྱི་དོན་མ་བཀག་པ་དེ་སྲིད་དུ་ཁས་ལེན་པར་མི་ནུས་ལ། ཁྱེད་ཀྱིས་ནི། རྣམ་མེད་པས་གཟུགས་སོགས་མེད་པར་ཁས་བླངས་པ་ལ། འོ་ན་བདེ་སོགས་མེད་ཅེས་བརྗོད་ན་ཅིས་འགོག ཅེས་སོགས་མགོ་མཚུངས་ཀྱི་རིགས་པས་བཀག་པའི་ཕྱིར། དེ་ལ་འདི་སྐད་ཅེས། ཇི་སྐད་དུ། དབུ་མའི་རྒྱན་ལས། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་ཉིད། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིར་བདག་ཉིད་རིག་པ་ཉིད། །ཅེས་རིག་པའི་ངོ་བོར་སྐྱེས་ཙམ་ལ་རང་རིག་པར་བཤད་པ་ལྟར་ཁས་ལེན་ནོ། །ཞེས་ཟེར་རོ། །ཁྱེད་ཉིད་དེ་སྐད་དུ་སྨྲ་བར་རིགས་ཀྱི། རྣམ་འགྲེལ་མཛད་པའི་ལུགས་ཀྱི་རང་རིག་གི་འཆད་ཚུལ་ཁྱེད་ལ་ཡོད་པ་མ་ཡིན་ཏེ། ཁྱེད་འདོད་པའི་རང་རིག་དེ་འདྲ་དེ་ནི་བྱེ་བྲག་ཏུ་སྨྲ་བས་ཀྱང་ཁས་ལེན་ལ། རྣམ་འགྲེལ་མཛད་པའི་ལུགས་འདིར་ནི། བྱེ་སྨྲའི་ལུགས་ལ་མ་གྲུབ་པའི་རང་རིག་ཅིག་རིགས་པས་བསྒྲུབས་ནས། གྲུབ་པའི་དོན་དེ་ཉིད་རང་ལུགས་སུ་འཇོག་པའི་ཕྱིར། དེ་སྐད་དུ་ཡང༌། དེ་བདག་ཉིད་ཀྱི་མྱོང་བ་ལ། །བརྩད་པ་འགའ་ཡང་ཡོད་མ་ཡིན། །དེ་དོན་རང་བཞིན་ཉིད་མ་གྲུབ། །དེ་ཡང་ཡང་དག་དྲན་ལས་གྲུབ། །ཅེས་གསུངས་སོ། །གཞན་ཡང༌། ཤེས་པ་རང་མཚན་རང་རིག་གི་གཟུང་ཡུལ་དུ་ཁས་ལེན་པ་དང༌། ཤེས་པ་ལ་རང་རིག་གིས་ཁྱབ་པར་ཁས་ལེན་པ་ཁྱེད་ཀྱིས་ནི། ཤེས་པ་དེ་ཉིད་དེ་ལ་སྣང་བར་ཁས་བླངས་པས། དེ་ཉིད་དེ་ལས་ཐ་དད་དུ་ཐལ་བ་ཟློག་པར་མི་ནུས་སོ། །དེ་དག་ལ་འདི་སྐད་ཅེས། དོན་སྣང་ཤེས་པ་རྣམ་མེད་དུ། །ཁས་ལེན་བྱེད་པ་འདི་གཅིག་པུས། །མངོན་སུམ་ལེའུར་གསུངས་པ་ཡི། །རིང་ལུགས་མ་ལུས་ཉམས་པར་བྱས། །བྱང་གི་ཕྱོགས་འདིར་ཕྱིས་བྱོན་པའི། །རྟོག་གེ་སྨྲ་བ་མང་ཞིག་གིས། །མདོ་སེམས་ལུགས་དང་ཕྱྭ་བསྡུས་ལུགས། །རྣམ་དབྱེ་མེད་པས་མ་འཁྲུགས་སམ། །ལུགས་དེས་རྣམ་དཔྱོད་རྩལ་གྱིས་ནི། །མདོ་སེམས་ལུགས་གཉིས་བཀག་མཛད་ནས། །དབུ་མར་བཀྲལ་སྙམ་མཛད་མོད་ཀྱི། །མདོ་སྡེ་རྣལ་འབྱོར་སྤྱོད་པ་ཡི། །ལུགས་སུ་འགྲེལ་ན་དངོས་སུ་འགལ། །འཇིག་རྟེན་གྲགས་སྡེ་སྤྱོད་པ་ནི། །ཐལ་འགྱུར་བ་ལས་གཞན་མེད་ལ། །དེར་ཡང་ཁྱེད་ཀྱིས་མི་འདོད་ཕྱིར། །ཐུབ་པའི་དགོངས་པ་ལྔ་པར་འགྱུར། །ཁྱད་པར་ཕྱོགས་གླང་གྲགས་པའི་གཞུང༌། །འཇིག་རྟེན་གྲགས་སྡེ་སྤྱོད་པ་དང༌། །མཐུན་པ་སྔོན་མེད་ཤིང་རྟའི་སྲོལ། །ཞེས་སོ། །གཉིས་པ་རང་གི་ལུགས་བཞག་པ་ལ་གཉིས་ཏེ། གཞུང་གི་ཚིག་དོན་དངོས་དང༌། ཕྱོགས་སྔ་ཕྱིའི་འདོད་པའི་ཁྱད་པར་སོ་སོ་དབྱེ་བའོ། །དང་པོ་ལ་འཆད་ཚུལ་གཉིས་ཏེ། གཞུང་གོང་མའི་གྲུབ་དོན་དུ་སྦྱར་བ་དང༌། གཞུང་འོག་མའི་འཕྲོས་མཚམས་སུ་སྟོན་པའོ། །དང་པོ་ནི། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུ་ཁོ་ནར་ངེས་པ་ཡིན་ཏེ། གཟུང་ཡུལ་གསུམ་གྱི་འདོད་ཚུལ་ལ་ལུང་རིགས་ཀྱི་གནོད་པ་བསྟན་ཟིན་པའི་ཕྱིར། གཉིས་པ་ནི། ཚད་མའི་འཇུག་ཡུལ་གྱི་གཞལ་བྱ་ནི་རང་མཚན་གཅིག་པུ་ཁོ་ནར་ངེས་ཏེ། དོན་དམ་པར་དོན་བྱེད་མི་ནུས་པ་ལ་འཇུག་པའི་ཚད་མ་མི་སྲིད་པའི་ཕྱིར། དེ་སྐད་དུ་ཡང༌། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་སོགས་དང༌། ཚད་མ་གཉིས་ཀ་དངོས་པོ་ཡི། །ཡུལ་ཅན། །ཞེས་གསུངས་སོ། །གཉིས་པ་ནི། ཕྱོགས་སྔ་མའི་ལུགས་ཀྱིས། གཟུང་ཡུལ་དང་དངོས་ཡུལ་དོན་གཅིག དངོས་ཡུལ་དུ་འགྲོ་བ་ལ་ཡོད་མི་དགོས་ཤིང༌། ཡོད་པའི་གཟུང་ཡུལ་ལ་རང་སྤྱི་གཉིས་ཀ་སྲིད་ཅིང༌། གཟུང་ཡུལ་ལ་རང་སྤྱི་གཉིས་དང༌། ཡེ་མེད་དང་གསུམ་དུ་ངེས་པའི་རྒྱུ་མཚན་གྱིས། ཡུལ་ཅན་གྱི་བློའང༌། རྟོག་པ་དང༌། རྟོག་མེད་མ་འཁྲུལ་བ་དང༌། འཁྲུལ་བ་གསུམ་དུ་ངེས་པར་འདོད། ཕྱོགས་ཕྱི་མས། གཟུང་ཡུལ་ཕྱི་རོལ་གྱི་དོན་རང་མཚན་གཅིག་པུར་ངེས་ཤིང༌། ཡུལ་ཅན་ཀྱང་དབང་ཡིད་ཀྱི་མངོན་སུམ་ཁོ་ནར་བཞེད། ཕྱོགས་སྔ་མས། འཇུག་ཡུལ་ནི་དོན་བདེན་པ་དང་ལྡན་པ་ཁོ་ན་ཡིན་ལ། བདེན་པའི་དོན་ཀྱང༌། ཇི་ལྟར་ཡོངས་སུ་བཅད་པའི་དོན་ལ་གནོད་པ་མེད་པ་ལ་བྱེད་ཅིང༌། དེ་ལ་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་ཀ་ཡོད་ཅིང༌། ཚད་མ་དེའི་འཇུག་ཡུལ་དུ་འགྲོ་བ་ལ། དེས་དེ་ལ་ལོག་ཕྱོགས་ཀྱི་སྒྲོ་འདོགས་བསལ་བ་ཞིག་དགོས་པར་བཞེད། ཕྱོགས་ཕྱི་མ་ལྟར་ན། དེའི་འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་ཅིང༌། དེ་དེ་ལ་ཚད་མར་སོང་བའི་དོན་ཀྱང༌། སྒྲོ་འདོགས་བཅད་པ་དང་རྟོགས་པ་ལ་བྱ་བ་མ་ཡིན་གྱི། དེ་ལ་མི་བསླུ་བ་ལ་བྱེད་ཅིང༌། དེའི་དོན་ཀྱང་དེ་འཐོབ་པའི་ནུས་པ་ལ་བྱ། ཕྱོགས་གཉིས་ཀ་ལྟར་ཡང༌། གང་ལ་ཚད་མར་འགྲོ་སའི་ཡུལ་ནི་འཇུག་ཡུལ་ལ་བྱ་བ་ཡིན་གྱི། དངོས་ཀྱི་གཞལ་བྱ་ལ་ཚད་མར་སོང་བ་མི་དགོས། དེ་ཡང་ཕྱོགས་སྔ་མ་ལྟར་ན། རྗེས་སུ་དཔག་པའི་ཚད་མ་རྣམས་ཀྱིས་དངོས་ཀྱི་གཞལ་བྱ་ལ་སྒྲོ་འདོགས་མ་བཅད་པའི་རྒྱུ་མཚན་གྱིས་མ་རྟོགས། འཇུག་ཡུལ་རང་མཚན་ལ་དེ་བཅད་པའི་རྒྱུ་མཚན་གྱིས་རྟོགས་པར་འཇོག ཕྱོགས་ཕྱི་མ་ལྟར་ན། དེས་འཇུག་ཡུལ་མ་རྟོགས་ཤིང༌། དངོས་ཀྱི་གཞལ་བྱ་དེ་རྟོགས་པར་འཆད། ཕྱོགས་སྔ་མ་ལྟར་ན། དབང་ཡིད་ཀྱི་མངོན་སུམ་གཉིས་ཀྱི་དངོས་ཀྱི་གཞལ་བྱ་དང༌། འཇུག་ཡུལ་གཉིས་ཀ་ཕྱི་དོན་རང་མཚན་དུ་འདོད། ཕྱོགས་ཕྱི་མ་ལྟར་ན། དེའི་དངོས་ཀྱི་གཞལ་བྱ་གཟུང་རྣམ་དང༌། འཇུག་ཡུལ་ནི་ཕྱི་རོལ་གྱི་དོན་རང་མཚན་དུ་བཞེད། ཕྱོགས་སྔ་མ་ལྟར་ན། དང་པོ་པ་དང༌། ཡིད་མ་གཏད་དང༌། འཁྲུལ་རྒྱུ་ཅན་གྱི་སྔོན་འཛིན་མངོན་སུམ་རྣམས་ཀྱི་གཟུང་ཡུལ་སྔོན་པོའི་སྐད་ཅིག་མ་ཡིན་ཀྱང༌། དེས་དེ་ལ་སྒྲོ་འདོགས་བཅད་པ་མེད་པས། དེ་དེའི་འཇུག་ཡུལ་མ་ཡིན་པར་བཞེད། ཕྱོགས་ཕྱི་མ་ལྟར་ན། དེ་དང་དེའི་གཟུང་ཡུལ་གང་ཡིན་པ་དེ་ཉིད་རྒྱུན་ལ་ལྟོས་ནས་དེ་དང་དེའི་འཇུག་ཡུལ་དུ་ཡང་འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང་མངོན་སུམ་དེས་ཡུལ་དེ་གཉིས་ཀ་རྟོགས་དགོས་པས་དང༌། ཞེས་བཞེད་དོ། །དེ་ལ་འདི་སྐད་ཅེས། འཇུག་ཡུལ་དངོས་མེད་ཁས་ལེན་པ། །གཞུང་དང་འགལ་བ་ཉིད་ཕྱིར་དང༌། །ཚད་མས་འཇུག་ཡུལ་ངེས་དགོས་ཤིང༌། །གཞལ་བྱ་རྟོགས་པ་མི་དགོས་པ། །འདི་ལ་གཞན་ངེས་མི་སྲིད་ཅིང༌། །གྲངས་ངེས་སྒྲུབ་པའི་གཞུང་དང་འགལ། །ཞེས་སོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། འཁྲུལ་ཤེས་ཡུལ་མེད་ལ་རྩོད་པ་སྤང་བ་དང༌། གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་བ་སྤང་བ། མྱོང་བ་དང་འགལ་བ་སྤང་བ། དགག་པ་ཚད་མས་མི་རྟོགས་པར་ཐལ་བ་སྤང་བའོ། །དང་པོ་ལ། དངོས་དང༌། མཚུངས་པ་སྤང་བའོ། །དང་པོ་ནི། འཇུག་ཡུལ་རང་མཚན་གཅིག་པུར་ངེས་ན། ཕྱོགས་གླང་ཞབས་ཀྱིས། ཡུལ་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་བཞེད་པས་གནོད་དོ། །ཞེ་ན། མི་གནོད་དེ། འཇུག་ཡུལ་རང་མཚན་གཅིག་པུ་ལ་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱ་རང་སྤྱི་གཉིས་སུ་ཕྱེ་ནས་བཤད་པའི་ཕྱིར། དཔེར་ན་གྲོང་གཅིག་ཏུ་ལམ་ཐ་དད་ནས་འཇུག་པ་བཞིན་ནོ། །འདིར་ཚད་མའི་ཡུལ་ལ་གཉིས་ཏེ། གཞལ་བྱ་དང༌། འཇུག་ཡུལ་ལོ། །དང་པོ་ལ་རང་སྤྱི་གཉིས་སུ་འབྱེད་ཅིང༌། ཕྱི་མ་ནི་རང་མཚན་ཁོ་ནར་ངེས་སོ། །དེ་ལའང་མངོན་གྱུར་དང༌། ལྐོག་གྱུར་གཉིས་ལས། དང་པོ་འཇུག་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། རང་མཚན་གཞལ་བྱར་འཇལ་བའི་ཚད་མ་དང་མངོན་སུམ་ཡིན་དགོས་ཤིང༌། གཉིས་པ་དེ་འཇུག་ཡུལ་དུ་བྱེད་པའི་ཚད་མ་ཡིན་ན། སྤྱི་མཚན་གཞལ་བྱར་འཇལ་བའི་ཚད་མ་དང༌། རྗེས་སུ་དཔག་པ་ཡིན་དགོས་སོ། །དེས་ན་ངག་དོན་ནི། འཇུག་ཡུལ་རང་མཚན་ཁོ་ནར་ངེས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་ཕྱེ་བ་མི་འཐད་མི་དགོས་ཏེ། འཇུག་ཡུལ་རང་མཚན་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་གྱིས། གཞལ་བྱ་ལ་རང་སྤྱི་གཉིས་སུ་འབྱེད་དགོས་པའི་ཕྱིར། གཉིས་པ་ནི། དོན་སྤྱི་འཇུག་ཡུལ་མ་ཡིན་ཀྱང་གཞལ་བྱར་འཇོག་པ་ལྟར། མེད་པ་གསལ་བའི་མིང་ཅན། དབང་ཤེས་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་ལྟ་བུའང་གཞལ་བྱ་ཕུང་པོ་གསུམ་པར་མཚུངས་སོ། །ཞེ་ན། མི་མཚུངས་ཏེ། དེ་ལ་རང་མཚན་དུ་ཞེན་ཞུགས་ཐོབ་གསུམ་མེད་པས། ཡུལ་གྱི་དགོས་ནུས་མེད་པའི་ཕྱིར། དཔེར་ན། སྐྲ་ཤད་དུ་སྣང་བ་ལ་དེ་རང་མཚན་དུ་ཞེན་ནས་ཞུགས་པས་རང་མཚན་ཐོབ་པ་མེད་ཅིང༌། བུམ་པའི་དོན་སྤྱི་ལ་དེ་རང་མཚན་དུ་ཞེན་ནས་ཞུགས་པས་དེ་ཐོབ་ནུས་པ་བཞིན་ནོ། །གཞུང་འདིའི་དོན་ལས་ནི། རྟག་དངོས་ཀྱི་དོན་སྤྱི་ལྟ་བུ། དངོས་པོར་མེད་པ་ལ་བརྟེན་པའི་སྒྲ་དོན་མཐའ་དག་གཞལ་བྱ་མ་ཡིན་པར་བསྟན་ཞིང༌། རྣམ་འགྲེལ་དུ། སྐྲ་ཤད་ལ་སོགས་སྤྱི་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་རོ། །ཞེས་པ་ལས་ནི་སྤྱི་མཚན་མ་ཡིན་པར་ཡང་བཤད་དོ། །དེ་ལྟ་ན་ཡང༌། ཤེས་བྱར་ནི་ཁས་ལེན་དགོས་ཏེ། ཇི་སྐད་དུ། ཤེས་བྱར་འཛིན་ཕྱིར་མེད་པ་ལ། །ཉེས་པ་དག་ཏུ་ཐལ་མི་འགྱུར། །ཞེས་གསུངས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར། ཤེས་བྱ་ལ་གཞལ་བྱ་ཡིན་པས་མ་ཁྱབ་ཅིང༌། རྟག་དངོས་ཀྱི་དོན་སྤྱི་ལྟ་བུ་སྤྱི་མཚན་ཡིན་མིན་དཔྱད་དགོས་ཏེ། གང་ལ་ལྟོས་པའི་སྤྱིའི་མཚན་ཉིད་ཡོད་ན། དེའི་མཚན་གཞི་དེ་ཡོད་དགོས་པ་ཤས་ཆེ་ཞིང༌། དེ་ཡོད་ན། དེའི་རང་གི་མཚན་ཉིད་ཀྱང་ཡོད་དགོས་པའི་ཕྱིར་རོ། །གལ་ཏེ་སྐྲ་ཤད་སོགས་གཞལ་བྱར་མི་འཇོག་ན། དབང་ཤེས་ལ་གསལ་བར་སྣང་བ་འགལ་ལོ་ཞེ་ན། མི་འགལ་ཏེ། སྐྲ་སོགས་སུ་གསལ་བར་སྣང་བ་ནི་བློ་ཉིད་ཡིན་ལ། སྐྲ་སོགས་སུ་གསལ་བར་སྣང་བ་ལྟར། དོན་ལ་གྲུབ་པ་མེད་ཅིང༌། དེ་ནི་དངོས་པོར་ཡོད་དམ་མེད་ཅེས་རྟོག་པས་དཔྱོད་ན། སྐྲ་སོགས་ཀྱི་དོན་སྤྱི་ནི་སྤྱི་མཚན་གྱི་ཁོངས་སུ་བསྡུ་བའི་ཕྱིར། འདི་སྤྱི་མཚན་ཡིན་ཞེས་འཆད་པ་དེ་ལྟ་ན། སྤྱི་མཚན་ལ་གཞལ་བྱས་མ་ཁྱབ་པར་ཁས་ལེན་དགོས་སོ། །གཉིས་པ་མྱོང་བ་དང་འགལ་བ་སྤང་བ་ནི། ཕྱྭ་པ་ན་རེ། དངོས་མེད་དོན་སྤྱི་དང༌། མེད་པ་གསལ་བ་གཉིས་པོ་འཇུག་ཡུལ་དུ་མི་རུང་ན། རང་རིག་མངོན་སུམ་གྱི་ཤུགས་ལ་གྲུབ་པས་བསལ་ལོ་ཞེ་ན། གཉིས་པོ་དེ་ཆོས་ཅན། འཇུག་ཡུལ་མ་ཡིན་ཏེ། རང་དངོས་ཡུལ་དུ་བྱེད་པའི་འཁྲུལ་ཤེས་གཉིས་ལ་ཁྱོད་འཇུག་ཡུལ་དུ་མེད་ཅིང༌། གང་རང་རིག་གིས་མྱོང་བའི་ཕྱིར་ན། ཤེས་པ་ཉིད་ཡིན་དགོས་པ་ལས། ཁྱོད་དེ་མ་ཡིན་པའི་ཕྱིར། འཁྲུལ་ཤེས་གཉིས་ཉམས་སུ་མྱོང་བའི་རང་རིག་དེ་ཡང་ནི་ཆོས་ཅན། འཁྲུལ་ཤེས་ཡིན་པར་ཐལ། རང་གི་འཇུག་ཡུལ་དངོས་པོར་མེད་པ་ཞིག་འཛིན་པའི་ཕྱིར། ཕྱོགས་སྔ་མའི་འདོད་པ་དེ་ལྟར་ཡིན་པ་ཡང༌། ཕྱྭ་བསྡུས་ལས། ཇི་སྐད་དུ། རང་རིག་པས་དོན་སྤྱི་དང༌། ཟླ་བ་གཉིས་ལ་སོགས་པ་སྣང་ཚོད་དུ་མེད་པའི་སྒྲོ་འདོགས་བཅད་པས། དེ་དག་རང་རིག་གི་འཇུག་ཡུལ་ཡིན་ཀྱང༌། རང་རིག་ལ་དེ་དག་མི་སྣང་བས། རང་རིག་གི་གཟུང་ཡུལ་མ་ཡིན་པ་ལྟ་བུའོ། །ཞེས་འཇུག་ཡུལ་ཡིན་ལ། གཟུང་ཡུལ་མ་ཡིན་པའི་དཔེར་བརྗོད་དུ་བཤད་པས་སོ། །དེ་འགོག་བྱེད་ཀྱི་རིགས་པ་ཡང་ན་འདི་ལྟར་བཤད་དེ། རྟོག་པ་ལ་བུམ་པར་སྣང་བ་དང༌། དབང་ཤེས་ལ་ཟླ་གཉིས་སུ་སྣང་བ་ཆོས་ཅན། ཤེས་པ་ཉིད་ཡིན་ཏེ། རང་རིག་གིས་ནི་མྱོང་བའི་ཕྱིར། རྟོག་པ་དང་མེད་པ་གསལ་སྣང་གཉིས་པོ་དེ་ཡང་ནི་ཆོས་ཅན། འཁྲུལ་ཤེས་ཡིན་ཏེ། མེད་པ་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དེ་ལྟར་ན། འཁྲུལ་ཤེས་གཉིས་ལ་སྣང་ཡུལ་མ་ཡིན་པའི་འཇུག་ཡུལ་མེད་དེ། དེ་དང་དེར་སྣང་ཙམ་དེ་ནི་ཤེས་པ་ཡིན། དེ་ལས་ལོགས་ན་དོན་གཞན་མེད་པའི་ཕྱིར། གསུམ་པ་ནི། རང་མཚན་མ་ཡིན་པའི་འཇུག་ཡུལ་མེད་ན། དངོས་མེད་ཚད་མའི་གཞལ་བྱར་འགལ་ལོ་ཞེ་ན། དེ་འཇུག་ཡུལ་མ་ཡིན་ཀྱང་གཞལ་བྱར་འགལ་བ་མེད་དེ། རྩོད་གཞིའི་ཆོས་ཅན་གྱི་སྟེང་དུ་དགག་བྱ་དངོས་པོར་ཡོད་དམ་མེད་ཅེས་དཔྱད་ནས། མེད་ཅེས་སྒྲུབ་པའི་ཚེ་ན། དངོས་པོ་བཀག་ཙམ་དེ་རྗེས་དཔག་གི་གཞལ་བྱ་དང༌། དངོས་པོ་རང་མཚན་འཇུག་ཡུལ་དུ་འགྱུར་བའི་ཕྱིར། དེའི་ཕྱིར་ཚད་མ་ཡིན་ན། རང་གི་འཇུག་ཡུལ་བཅད་པ་དང་མཐུན་པ་དེ་ལ་ཚད་མར་སོང་བས་ཁྱབ་ཀྱང༌། ཚད་མ་དེའི་གཞལ་བྱར་སོང་ས་ལ་དེའི་འཇུག་ཡུལ་གྱིས་མ་ཁྱབ་པའོ། །དེ་སྐད་དུའང༌། ཡོད་མེད་ཕྱོགས་ཀྱི་བྱེ་བྲག་གིས། །དངོས་པོ་ཉིད་ནི་དཔྱད་བྱ་སྟེ། །ཞེས་གསུངས་སོ། །འདི་ཡང་དཔེར་ན། མེ་དོན་གཉེར་གྱི་སྐྱེས་བུས། ཚ་ཞིང་སྲེག་པ་མ་ཡིན་པའི་རྟགས་ཀྱིས། ཀེང་ཤུ་ཀའི་ཕུང་པོ་མེ་མ་ཡིན་པར་རྟོགས་པ་ན། མེ་རང་མཚན་ཚད་མ་དེའི་འཇུག་ཡུལ་དང༌། མེ་མ་ཡིན་གཞལ་བྱར་སོང་བ་བཞིན་ནོ། །དེའི་ཤེས་བྱེད་ཀྱང༌། དེ་འདྲ་དེ་ཆོས་ཅན་གྱི་ཁྱད་པར་འགའ་ཞིག ཚ་ཞིང་སྲེག་པའི་རྟགས་ཀྱིས་མེར་སྒྲུབ་བྱེད་ཀྱི་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་ཚད་མ་ཡིན་པས་སོ། །དེའི་ཁྱབ་འབྲེལ་ཡང༌། ཇི་སྐད་དུ། དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །ཞེས་གསུངས་སོ། །དེ་ལྟ་ན་ཡང༌། ཚུལ་གསུམ་འཇལ་བའི་ཚད་མ་བསྒྲུབ་བྱ་ལ་ཚད་མར་ཐལ་བ་མ་ཡིན་ཏེ། བྱས་པ་ཐམས་ཅད་མི་རྟག་པར་དྲན་པའི་བློ་དང༌། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་བཞིན་ནོ། །གཉིས་པ་གཟུང་ཡུལ་རང་མཚན་ལ་རྩོད་པ་སྤང་བ་ལ་གཉིས་ལས། རྩོད་པ་ནི། འགའ་ཞིག་ན་རེ། ཕྱི་རོལ་དོན་གྱི་གཟུང་ཡུལ་ནི་མཁས་པ་ཕྱོགས་གླང་ཡབ་སྲས་ཀྱིས་བཀག་ལ། ཤེས་པའི་གཟུང་ཡུལ་ནི། སྡེ་བདུན་གྱི་རང་ལུགས་འདིར་མི་སྲིད་པར་ཁྱོད་ཀྱིས་བཤད་པ་དེས་ན། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུ་ཉིད་ཀྱང་མི་འཐད་པར་ཐལ་ལོ། །ཞེས་སྨྲའོ། །གཉིས་པ་ལན་ལ་གསུམ་སྟེ། གྲུབ་མཐའི་རྣམ་གཞག་སྤྱིར་དཔྱད། བདེ་བར་གཤེགས་པའི་ལུགས་སྒྲུབ། དེ་སློབ་དཔོན་གྱིས་ཇི་ལྟར་གཏན་ལ་ཕབ་པའི་ཚུལ་ལོ། །དང་པོ་ནི། གཟུང་ཡུལ་གྱི་རྣམ་གཞག་འཇོག་ཚུལ་སོགས་གང་ཡིན་ཀྱང༌། གྲུབ་མཐའི་སྐབས་སོ་སོར་ཕྱེ་ནས་ཁས་ལེན་པའི་ཚུལ་ཤེས་དགོས་པ་ཡིན་ཏེ། རང་གཞན་གྱི་སྡེ་པ་རྣམས་གྲུབ་པའི་མཐའ་འདོད་ཚུལ་ཐ་དད་པའི་ཕྱིར། ཇི་ལྟར་ཞེ་ན། མུ་སྟེགས་བྱེད་ངོ་བོ་ཉིད་རྒྱུར་སྨྲ་བ་ནི། དངོས་པོ་ཐམས་ཅད་ངོ་བོ་ཉིད་ལས་བྱུང་བ་དང༌། དབང་ཕྱུག་པ་དབང་ཕྱུག་གིས་བྱས་པ་དང༌། གྲངས་ཅན་པ་གཙོ་བོས་བྱས་པ་དང༌། ཉན་ཐོས་པ་དོན་གྱི་གནས་ལུགས་རྡུལ་ཕྲན་དུ་གནས་པ་དང༌། སེམས་ཙམ་པ་སྣང་བ་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་འདོད་པ་དང༌། དབུ་མ་པ་དོན་དམ་པར་སྤྲོས་པ་དང་བྲལ་ཞིང༌། ཀུན་རྫོབ་ཏུ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི། གནས་སྐབས་སུ་མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་པ་དང༌། འཇིག་རྟེན་གྲགས་སྡེ་དང་མཐུན་པར་འཇོག་པ་གསུམ་ཡོད་དོ། །གཉིས་པ་ནི། ཐུབ་པའི་གསུང་རབ་ན་ཐ་སྙད་དང་དོན་དམ་གྱི་རྣམ་གཞག་སྟོན་ཚུལ་གཉིས་ཡོད་ཅིང༌། དང་པོ་ལ། ཕྱི་རོལ་གྱི་དོན་ཞལ་གྱིས་བཞེས་པ་དང༌། འགོག་པའི་སྐབས་གཉིས་ལས། དང་པོའི་ཚེ་ན། ཆོས་མངོན་པ་ནས་འབྱུང་བ་ལྟར་རྡུལ་ཕྲན་ཞལ་གྱིས་བཞེས། གཉིས་པའི་ཚེ་ན། ལང་ཀར་གཤེགས་པ་ལས་འབྱུང་བ་ལྟར་སེམས་ཙམ་ཞལ་གྱིས་བཞེས། དོན་དམ་པའི་བདེན་པ་ལ་འཇུག་པ་ན་ཤེར་ཕྱིན་ལས་གསུངས་པ་ལྟར་སྤྲོས་པའི་མཐའ་མ་ལུས་པ་འགོག་པར་མཛད་དོ། །གསུམ་པ་ལ། འོ་ན་སྡེ་བདུན་མཛད་པའི་སྐབས་འདིར་ཡང་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ལྟར་ཁས་བླངས་པས་ཆོག་གམ་སྙམ་ན་དེར་མི་རུང་ངོ་ཞེས་འཆད་པ་ལ་གསུམ་སྟེ། དོན་རིག་གི་སྐབས་དང༌། རྣམ་རིག་གི་སྐབས་དང༌། དེ་གཉིས་ཀའི་མཇུག་བསྡུས་ཏེ་དངོས་ལན་གདབ་པའོ། །དང་པོ་ལ་གསུམ་ལས། གཞན་ལུགས་དགག་པ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་དགག་པ་དང༌། བོད་སྔ་རབས་པའི་ལུགས་མི་འཐད་པའོ། །དང་པོ་ནི། བར་དུ་ཆོད་པའི་དོན་མཐོང་བ་མ་ཡིན་པའི་ཕྱིར་ན་རྣམ་ཤེས་རྐྱང་པས་དོན་མཐོང་བ་མ་ཡིན་གྱི་རྟེན་བཅས་ཀྱི་དབང་པོ་དོན་ལ་ལྟ་བྱེད་ཡིན་ནོ་ལོ། །དེ་ཆོས་ཅན། དོན་ལ་ལྟ་བྱེད་མ་ཡིན་ཏེ། བེམས་པོ་ཡིན་པའི་ཕྱིར། དུས་མཉམ་པའི་གཟུགས་དང་དབང་པོ་གཉིས་གཟུང་འཛིན་དུ་མི་འཐད་དེ། དུས་མཉམ་རྫས་གཞན་ལ་འབྲེལ་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། ཕྱྭ་བསྡུས་པ་དག་ན་རེ། མདོ་སྡེ་པ་ལྟར་མིག་ཤེས་ཀྱི་དུས་སུ་རང་གི་གཟུང་ཡུལ་དུ་གྱུར་པའི་གཟུགས་འདས་ཟིན་པ་ཡིན་ན། དེས་དེ་མཐོང་བར་མི་རུང་བས་ཡུལ་ཕྱི་རོལ་གྱི་དོན་དང་དུས་མཉམ་པའི་རྣམ་པར་ཤེས་པ་ཁོ་ན་གཟུང་འཛིན་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་ཆོས་ཅན། ཁྱོད་ལ་གཟུང་འཛིན་གྱི་འབྲེལ་པ་མེད་དེ། དུས་མཉམ་རྫས་གཞན་ཡིན་པའི་ཕྱིར། ཡང་དོན་སྣང་གི་རྣམ་ཤེས་རེས་འགའ་སྐྱེ་བ་འགལ་བར་ཐལ། དེ་ལ་དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། རྟགས་མ་གྲུབ་སྟེ། རང་ལས་སྐད་ཅིག་གིས་སྔ་བའི་ཡུལ་རྒྱུ་ཡིན་ལ། དུས་མཉམ་པའི་ཡུལ་གཟུང་ཡུལ་ཡིན་ནོ་ཞེ་ན། གཟུང་འཛིན་རྣམ་ཤེས་དེ་ལ་དུས་མཉམ་པའི་གཟུགས་གཟུང་ཡུལ་དུ་དགོས་པ་མེད་དེ། རང་ལས་སྔ་བའི་ཡུལ་གཟུགས་ལས་སྐྱེས་ཤིང་གྲུབ་ཟིན་པའི་ཕྱིར། ཕྱྭ་པས་གཟུང་འཛིན་དུས་མཉམ་དང༌། རྣམ་མེད་བཞེད་པ་ནི། མདོ་སྡེ་པ་ལྟར་དོན་ལ་ལྟ་བའི་མངོན་སུམ་ཁས་ལེན་པ་དང༌། དོན་ལྐོག་ན་མོར་འཇོག་པ་འགལ་ལོ་སྙམ་དུ་བསམས་པ་ཡིན་མོད། རྣམ་མེད་དང་གཟུང་འཛིན་དུས་མཉམ་ལ་ནི། ཇི་སྐད་དུ། མ་ཡིན་དུ་མའི་བདག་སྐྱོན་ཕྱིར། །ཞེས་སོགས་དང༌། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་པ་ལྟ་བུ། དབུ་སེམས་དང་མདོ་སྡེ་པའི་རིགས་པ་ཕྲ་མོ་དག་ཟློག་པར་མི་ནུས་སོ། །གཉིས་པ་རང་གི་ལུགས་བཞག་པ་ནི། རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཁོ་ན་ལ་གཟུང་ཡུལ་དུ་འཇོག་པ་ཡིན་ཏེ། ཡུལ་གཟུགས་སོགས་དང༌། དབང་པོ་དང༌། ཡིད་ལ་བྱེད་པ་གསུམ་ཚོགས་པ་དེ་ལས། སྐད་ཅིག་གཉིས་པར་ཕྱི་རོལ་དོན་དང་འདྲ་བར་སྐྱེས་པའི་ཤེས་པ་དེ་ཉིད་དོན་སྣང་གི་རྣམ་པར་ཤེས་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུ་ཡི་དངོས་པོ་མ་གཏོགས་པ། །གཟུང་བ་ཞེས་པ་གཞན་ཅིའང་མེད། །ཅེས་དང༌། རྒྱུ་མིན་ཡུལ་ཡང་ཇི་ལྟར་ཡིན། །ཞེས་གསུངས་སོ། །འོ་ན་དོན་སྣང་གི་ཤེས་པས་དངོས་སུ་མཐོང་བཞིན་པ་འདི་ཅི་ཞེ་ན། དེ་ནི་ཤེས་རྣམ་ཡིན་གྱི། དོན་མ་ཡིན་པ་དེའི་ཕྱིར་དོན་སྣང་གི་ཤེས་པ་ཚུལ་གཉིས་པ་ཅན་དུ་གྲུབ་པ་ན། རང་རིག་པར་ཡང་གྲུབ་པ་དེ་ཡིན་ནོ། །གལ་ཏེ། མིག་ཤེས་རང་དུས་སུ་མེད་པར་འདྲ་བ་ལ་གཟུགས་ཀྱི་རྣམ་པ་ཅན་དུ་སྐྱེ་ན། དབང་པོ་སོགས་དང་འདྲ་བར་མི་སྐྱེ་བའི་རྒྱུ་མཚན་ཅི་ཞེ་ན། དོན་སྣང་གི་ཤེས་པ་ཆོས་ཅན། རྐྱེན་གསུམ་ལས་སྐྱེས་པར་མཚུངས་ཀྱང༌། ཡུལ་ཁོ་ན་དང་འདྲ་བར་སྐྱེ་བའི་རྒྱུ་མཚན་ཡོད་དེ། དེར་སྐྱེ་བ་དངོས་པོའི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན། ཟས་ལ་སོགས་པ་བུའི་རྒྱུ་ཡིན་ཀྱང༌། ཕ་མ་གང་རུང་ཁོ་ནའི་གཟུགས་དང་འདྲ་བར་སྐྱེ་བ་བཞིན་ནོ། །ཇི་སྐད་བཤད་པ་དེས་ན། ཡུལ་གཟུགས་ལ་འབྲས་བུ་གཉིས་ཡོད་དེ། རང་གི་རིགས་འདྲའི་རྒྱུན་ཕྱི་མ་བེམས་པོར་སྐྱེད་པ་དང༌། རང་འབྲས་མིག་གི་ཤེས་པ་རང་དང་འདྲ་བར་སྐྱེད་པའི་ཕྱིར། དེ་ལྟར་ན་དོན་སྣང་གི་བློའང་ཆོས་ཅན། ཚུལ་གཉིས་པ་ཅན་ཡིན་པར་འདོད་དེ། དོན་གྱི་རྣམ་པ་ཤར་བའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། ཕྱྭ་བསྡུས་ལས། རྣམ་བཅས་མདོ་སྡེ་པ་ལོགས་པ་དག སྣང་ཚད་ཤེས་པའི་ངོ་བོ་ཡིན་པས། ཕྱི་རོལ་གྱི་དོན་མ་ཡིན་ཞིང༌། བྱད་བཞིན་གྱིས་མེ་ལོང་ལ་རྣམ་པ་གཏོད་པ་ལྟར། ཤེས་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པ་གཏོད་པ་པོ་ཕྱི་རོལ་ན་ཡོད་པ་ཡིན་ཞེས་ཟེར། འོ་ན། སྔོན་པོར་སྣང་བ་དེ་ཤ་ཟས་སྐྱེད་པར་འདོད་ན་ཅིས་འགོག ཤ་ཟ་ཉིད་མངོན་སུམ་གྱིས་མཐོང་བ་མེད་པས། དམིགས་པ་དང་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ཁྱད་པར་ཅན་གྱིས། གཉིས་པོ་རྒྱུ་འབྲས་གཉིས་སུ་མི་འགྲུབ་བོ་ཞེ་ན། འོ་ན། དོན་དང་དོན་སྣང་གི་ཤེས་པ་ཡང༌། རྒྱུ་འབྲས་སུ་མི་འགྲུབ་པར་ཐལ། དོན་ཉིད་མཐོང་བ་མེད་པའི་ཕྱིར། ཞེས་པའི་ལན་འགྲེལ་པར་འབྱུང་བ་ནི་གོ་བར་ཟད་ལ། འདིར་ཁ་བསྐང་བ་ནི། འོ་ན་ཁྱེད་ཀྱིས་ཀྱང་རྒྱང་རིང་པོའི་མེ་དུ་རྒྱུ་འབྲས་སུ་མི་འགྲུབ་པར་འགྱུར་ཏེ། དེའི་མེ་ཉིད་མཐོང་བ་མེད་པའི་ཕྱིར་རོ། །མངོན་སུམ་གྱིས་མ་མཐོང་ཡང༌། ཁ་དོག་ལས་རེག་བྱ་དཔོག་ནུས་སོ། །ཞེ་ན། འདིར་ཡང༌། རྣམ་པ་ཤར་བ་ལས་དོན་དཔོག་པར་ནུས་སོ། །འོ་ན་སྔོན་པོ་དེ་དེ་འཛིན་མིག་ཤེས་ལ་ལྐོག་གྱུར་དུ་འགྱུར་ལ། དེ་ལྟ་ན་དེ་རྟོག་པར་འགྱུར་ཏེ། ལྐོག་ཏུ་གྱུར་པའི་དོན་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། ཞེ་ན། འོ་ན་རྒྱང་རིང་པོའི་མེའི་ཁ་དོག་མཐོང་བའི་མིག་ཤེས་ཀྱང་རྟོག་པར་འགྱུར་ཏེ། ལྐོག་ཏུ་གྱུར་པའི་རེག་བྱ་ལ་དམིགས་པའི་ཤེས་པ་ཡིན་པའི་ཕྱིར། དེ་རེག་བྱའི་སྐྱེ་མཆེད་ཡིན་པས་མིག་ཤེས་ཀྱིས་མི་རྟོགས་སོ། །ཞེ་ན། ཅིག་ཤོས་ཀྱང་ཕྱི་རོལ་གྱི་དོན་ཡིན་པས་མངོན་སུམ་གྱིས་མི་རྟོགས་སོ། །མ་རྟོགས་སུ་ཆུག་མོད། དེ་དེའི་ཡུལ་དང་ལྐོག་གྱུར་གྱི་གཞི་མཐུན་ནོ། །སྙམ་ན། འོ་ན། སྔ་མ་ཡང་དེ་དང་དེའི་གཞི་མཐུན་ནོ། །དེ་ཇི་ལྟར་ཞེ་ན། འོ་ན་སྔ་མ་ཡང་ཇི་ལྟར་ཡིན། དེ་དེའི་གཟུང་ཡུལ་དང༌། འཇུག་ཡུལ་གཉིས་ཀ་ཡིན་ནོ་ཞེ་ན། འོ་ན། མེ་ཡང་མེའི་ཁ་དོག་འཛིན་པའི་མིག་ཤེས་ཀྱི་གཟུང་ཡུལ་དང་འཇུག་ཡུལ་གཉིས་ཀ་ཡིན་ནོ། །འཇུག་ཡུལ་དུ་ཁས་བླངས་མོད། གཟུང་ཡུལ་ཇི་ལྟར་ཡིན་ཞེ་ན། རྟོག་པར་ཐལ་བའི་མཚུངས་པ་འཇུག་པ་ལ། འཇུག་ཡུལ་དུ་ཁས་བླངས་པ་ཙམ་གྱིས་ཆོག་ལ། གཟུང་ཡུལ་ཡིན་པ་ནི། མདོ་སྡེ་པའི་རྩ་བའི་གྲུབ་མཐའ་སྟེ། མེའི་ཁ་དོག་འཛིན་པའི་མིག་ཤེས་ལ་དེའི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པས་སོ། །འཇུག་ཡུལ་ཡིན་པ་ཁྱེད་རང་གིས་ཀྱང་ཁས་བླངས་ཏེ། མེའི་ཁ་དོག་འཛིན་པའི་མིག་ཤེས་གོམས་པ་ཅན་གྱིས། མེ་མིན་གྱི་སྒྲོ་འདོགས་གཅོད་པར་ཁས་བླངས་པའི་ཕྱིར། དེས་ན། མིག་ཤེས་ཀྱི་ལྐོག་གྱུར་གྱི་དོན་སྤྱི་སྣང་ཡུལ་དུ་བྱེད་པར་ནི་ཁས་མ་བླངས་ལ། གཟུང་ཡུལ་དང༌། འཇུག་ཡུལ་དུ་བྱས་པ་ཙམ་གྱིས་རྟོག་པར་ཐལ་བ་མེད་དོ། །འོ་ན་གཟུགས་འཛིན་མིག་ཤེས་དེ། གཟུགས་ལ་འཛིན་པ། རང་དབང་ཅན་དུ་བཤད་པ་མ་ཡིན་ནམ། ཇི་ལྟར་ལྐོག་ཏུ་གྱུར་ཞེ་ན། འོ་ན་མེའི་ཁ་དོག་འཛིན་པའི་མིག་ཤེས་ཀྱང༌། མེ་ལ་འཛིན་པ་རང་དབང་ཅན་དུ་འདོད་དགོས་པ་མ་ཡིན་ནམ། དེའི་ཤེས་བྱེད་ཀྱང༌། ཁྱེད་ལ་སྔ་མའི་ཤེས་བྱེད་དུ། །གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། །ཞེས་པ་ལས་གཞན་མེད་ལ། དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར་རོ། །གཉིས་པ་རྣམ་རིག་གི་སྐབས་ལ། དགག བཞག སྤང་གསུམ་ལས། དང་པོ་ལ་གསུམ་སྟེ། ཕྱི་རོལ་གྱི་དོན་དགག་པ། འཇིག་རྟེན་གྱི་གྲགས་པ་ལ་བརྟེན་པ་དགག་པ། གནས་སྐབས་རྣམ་པར་རིག་པ་ཙམ་དུ་སྒྲུབ་པའོ། །དང་པོ་ནི། ཕྱི་རོལ་གྱི་དོན་ཆོས་ཅན། མེད་དེ། གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། གཉིས་པ་ནི། སློབ་དཔོན་ཕྱྭ་པ་ནི་རང་ལུགས་ལ། ཕྱི་རོལ་གྱི་དོན་བཀག་ན་རིགས་པ་དང་འགལ་བས། ཀུན་རྫོབ་ཀྱི་རྣམ་གཞག་འཇིག་རྟེན་གྲགས་པ་ལ་བརྟེན་པ་ཡིན་ནོ། །ཞེས་ཟེར། དེ་ལྟ་ན་སྡེ་བདུན་ནས་གསུངས་པའི་ཚད་མའི་རྣམ་གཞག་ཐམས་ཅད་འགལ་བར་འགྱུར་ཏེ། དེ་ནས་གསུངས་པ་དེ་དག་ནི་མདོ་སེམས་ཀྱི་གྲུབ་མཐའ་ལ་བརྟེན་པ་ཡིན་ལ། འཇིག་རྟེན་གྱི་གྲགས་པ་ནི་དེ་དང་འགལ་བའི་ཕྱིར་རོ། །ཕྱྭ་པས། རྣམ་བདེན་རྫུན་འགོག་པའི་རིགས་པ་འདི་ལྟར་འཆད་དེ། ཐོག་མར་རྣམ་བདེན་པས་སྣང་བ་ཤེས་པར་འདོད་པའི་དོན། གཟུགས་སྒྲ་སོགས་ཤེས་པར་འདོད་པ་ལ་གོ་བ་བླངས་ནས། དེ་ལ་སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པ་གཉིས་ལས། དང་པོ་ལ། གསལ་བ་ཤེས་པའི་མཚན་ཉིད་དུ་མི་འཐད་པ་དང༌། འཐད་ཀྱང་གཟུང་འཛིན་མི་ཁེགས་པའོ། །དང་པོ་ནི། ཟླ་གཉིས་དང་སྐྲ་ཤད་སོགས་ཀྱང་ཤེས་པར་འགྱུར་ལ། དེ་ལྟ་ན་དོན་བྱེད་ནུས་པར་འགྱུར་ཞིང༌། ཡོད་པ་ཉིད་དུ་སྒྲུབ་ནུས་པར་འགྱུར་བས། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་པའི་ལུང་དང་འགལ་ལོ། །གཉིས་པ་ནི། གསལ་བའི་རྟགས་ཀྱིས་སྔོ་སོགས་མིག་ཤེས་ཀྱི་ངོ་བོར་སྒྲུབ་པའམ། ཤེས་པ་ཙམ་དུ་སྒྲུབ། དང་པོ་ལྟར་ན་ཁྱབ་པ་མ་ངེས། གཉིས་པ་ལྟར་ན། དེ་མིག་ཤེས་དང་རྫས་གཞན་མ་ཁེགས་པས། གཟུང་འཛིན་རྫས་གཞན་དུ་དོགས་པར་འགྱུར་རོ། །གཉིས་པ་གནོད་བྱེད་ཡོད་པ་ལ། སྣང་རུང་མ་དམིགས་པས་དགག་པ་དང༌། བདེ་སྡུག་དང་ཐ་དད་མཚུངས་པས་དགག་པ་དང༌། ཡན་ལག་ཅན་གྱི་རྫས་དགག་པ་དང་མཚུངས་པའོ། །དང་པོ་ནི། སེམས་ལ་དཀར་པོར་སྣང་བ་སེམས་ཉིད་ཡིན་ན། བདེ་བ་ལ་དཀར་པོར་སྣང་བ་བདེ་བ་ཡིན་དགོས་པ་ལས། དཀར་པོ་ལ་བདེ་བ་མེད་དེ། མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། བདེ་སྡུག་རྫས་ཐ་དད་པར་ཅིས་འགྲུབ། མྱོང་བས་སོ་ཞེ་ན། དཀར་པོ་དང་མིག་ཤེས་རྫས་ཐ་དད་པར་ཡང་མྱོང་བས་ངེས་སོ། །གསུམ་པ་ནི། བུམ་པ་ཡན་ལག་ཅན་ཆ་མེད་ཅིག་ཡིན་པ་ཅིས་འགོག ཆ་ཐ་དད་དུ་སྣང་བས་སོ། །ཞེ་ན། འོ་ན། དཀར་པོ་དང་མིག་ཤེས་ཀྱང་རྫས་གཅིག་མ་ཡིན་པར་ཐལ། རྫས་ཐ་དད་དུ་སྣང་བའི་ཕྱིར། ཐ་དད་དུ་སྣང་ཡང་གཅིག་ཏུ་བདེན་ནོ་ཞེ་ན། ཅིག་ཤོས་ལའང་མཚུངས་སོ། །ཡང་སེམས་ཙམ་རྣམ་མེད་པ་དག་ན་རེ། སེམས་སེམས་བྱུང་དངོས་པོ་ཡིན་ཀྱང༌། གཟུགས་ལ་སོགས་པ་དངོས་པོར་མེད་དོ་ཞེས་ཟེར། འོ་ན་བདེ་སོགས་དངོས་མེད་དུ་ཁས་བླངས་ན་ཅིས་འགོག ཕན་གནོད་ཀྱི་དོན་མི་བྱེད་པར་ཐལ་ལོ་ཞེ་ན། འོ་ན་མེས་སྲེག་པ་དང༌། ཆུས་ངོམས་པ་སོགས་ཀྱི་དོན་མི་བྱེད་པར་ཐལ་ལོ། །མེ་སོགས་ཕྱོགས་ཆར་ཕྱེ་བ་ན། མ་རྙེད་པས་དོན་བྱེད་པར་སྣང་བ་འཁྲུལ་ལོ། །ཞེ་ན། འོ་ན་བདེ་སོགས་ཀྱང་དུས་ཀྱི་ཆར་ཕྱེ་བ་ན་མ་རྙེད་པས་དོན་བྱེད་པར་སྣང་བ་འཁྲུལ་ལོ། །ཞེས་པའི་མཚུངས་པ་བྱས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྣམ་རྫུན་འགོག་བྱེད་རིགས་པ་དེ། །དབུ་མའི་རིགས་པ་ཡིན་མོད་ཀྱང༌། །ལུགས་འདིའི་ལྟ་བ་གཞན་སྟོང་དུ། །གནས་ཕྱིར་བརྗོད་པའི་སྐབས་མ་ཡིན། །རྣམ་བདེན་འདོད་པ་དེ་མིན་ཏེ། །དཀར་སོགས་མེད་པར་ཁས་བླངས་ཀྱི། །ཤེས་པར་ཁས་བླངས་མིན་ཕྱིར་དང༌། །ཡིན་ན་རྡུལ་ཡང་ཁས་བླངས་འགྱུར། །དཀར་སྣང་ཤེས་པར་གྲུབ་པ་ན། །ཕྱི་དོན་ཡིན་པ་ཁེགས་པའི་ཕྱིར། །གཟུང་འཛིན་རྫས་གཞན་དེས་ཁེགས་སོ། །དཀར་སྣང་དཀར་པོར་མི་འདོད་ཕྱིར། །སྣང་རུང་མ་དམིགས་གཏན་ཚིགས་དང༌། །བདེ་སྡུག་མཚུངས་པས་གནོད་མ་ཡིན། །ཡན་ལག་ཅན་གྱི་རྫས་འགོག་པའི། །རིགས་པས་གནོད་པ་མ་ཡིན་ཏེ། །དཀར་འཛིན་ཤེས་དང་དཀར་པོ་གཉིས། །རྫས་གཞན་ཡིན་པ་འགོག་བྱེད་ཀྱི། །རྫས་གཅིག་ཉིད་དུ་དེས་མི་འདོད། །གང་ཡང་ཕྱྭ་པའི་རིགས་པ་ནི། །བྱེ་བྲག་སྨྲ་དང་འཇིག་རྟེན་གྱི། །གྲགས་པས་རྣམ་བཅས་འགོག་བྱེད་ཅིང༌། །སེམས་ཙམ་རྣམ་མེད་དབུ་མ་ཡི། །རིགས་པས་བཀག་ནས་སྡེ་བདུན་གཞུང༌། །འཇིག་རྟེན་གྱི་ནི་གྲགས་པ་དང༌། །མཐུན་པར་འཆད་ཅེས་གང་ཟེར་བ། །དེ་ཡིས་གཞུང་ནས་ལེགས་བཤད་པ། །ཀུན་ལ་ཡིད་རྟོན་མེད་བྱས་ནས། །མ་བཤད་ནན་གྱིས་སྦྱོར་བར་ཟད། །འཇིག་རྟེན་པ་ཡི་ཀུན་རྫོབ་ལ། །རྣལ་འབྱོར་ཀུན་རྫོབ་ཀྱིས་གནོད་ཅིང༌། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་རྒྱུ་ལ། །བྱེ་བྲག་སྨྲ་བའི་རིགས་པ་ཡིས། །མདོ་སྡེ་པ་ཡི་གཞུང་འགོག་ཅིང༌། །དེ་ཡི་རིགས་པས་སེམས་ཙམ་པ། །བཀག་ནས་གཟུང་འཛིན་རྫས་གཞན་བསྒྲུབས། །དོན་སྨྲའི་རིགས་པས་རྣམ་རྫུན་པའི། །དགག་བྱ་བཀག་པ་དེ་བསྒྲུབས་ཤིང༌། །དབུ་མའི་རིགས་པས་རྣམ་རྫུན་གྱི། །དོན་དམ་བདེན་ལ་གནས་སྐབས་སུའང༌། །ཡིད་རྟོན་མེད་པ་ཉིད་དུ་བྱས། །བསྟན་བཅོས་འདི་ཡིས་དེ་བཀག་པ། །གཟུ་བོར་གནས་པ་མ་ཡིན་ཞེས། །སྐུར་པ་འདེབས་པ་དེ་དག་གིས། །གསོང་པོར་སྨྲས་པ་འདི་སོམས་ཤིག །ཅེས་སྦྱར་བ་ཡིན་ནོ། །གསུམ་པ་ནི། གསལ་ཞིང་རིག་པའི་རྟགས་ཀྱིས་སྣང་བ་སེམས་སུ་འགྲུབ་ཅིང༌། ལྷན་ཅིག་དམིགས་པ་ངེས་པས་སྣང་བ་ཤེས་པ་ལས་རྫས་གཞན་མ་ཡིན་པར་འགྲུབ་བོ། །ཇི་ལྟར་ཞེ་ན། རྟགས་དང་པོའི་ཕྱོགས་ཆོས་མྱོང་བས་འགྲུབ་ཅིང༌། ཁྱབ་པ་ནི། དེ་དེའི་མཚན་ཉིད་དུ་སྒྲུབ་བྱེད་ཀྱི་རིགས་པ་ལས་སོ། །གཏན་ཚིགས་གཉིས་པ་ནི། གང་ལྷན་ཅིག་དམིགས་ངེས་ཡིན་པ་ལ་རྫས་གཞན་མི་སྲིད་པས་ཁྱབ། དཔེར་ན་ཟླ་བ་གཉིས་སྣང་དང༌། དེའི་ཤེས་པ་བཞིན། སྔོ་སོགས་སུ་སྣང་བ་དང༌། དེ་འཛིན་གྱི་ཤེས་པ་ཡང་ལྷན་ཅིག་དམིགས་ངེས་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་བྱེད་འགལ་བ་དམིགས་པའོ། །འདིའི་ཕྱོགས་ཆོས་མངོན་སུམ་གྱིས་འགྲུབ་ཅིང༌། ལྡོག་པའི་ཁྱབ་པ་ནི། གཏན་ཚིགས་དེ་གཞན་མི་མཐུན་པའི་ཕྱོགས་ལ་ཡོད་པ་ནི་མཐའ་གཞན་འགོག་པའི་རིགས་པས་ཁེགས་སོ། །ཇི་ལྟར་ཞེ་ན། རྫས་གཞན་དུས་མཉམ་པ་དང་མི་མཉམ་པ་གང་ཡིན་ན་ཡང༌། རྟགས་ལྷན་ཅིག་དམིགས་ངེས་དེ་མི་སྲིད་པས་སོ། །གཞུང་འདིའི་དོན་ནི་སེམས་ཙམ་རྣམ་བདེན་པ་ཁོ་ནར་མ་ཟད། མདོ་སྡེ་པས་ཀྱང་ཁས་ལེན་པ་ཡིན་ཏེ། དེས་སྣང་བ་སེམས་སུ་ཁས་ལེན་པའི་རྒྱུ་མཚན་གྱིས་ཁ་ཕྱིར་བལྟའི་ཤེས་པ་ཐམས་ཅད་ཡིན་ལུགས་ལ་རང་རིག་པར་ཁས་ལེན་པའི་ཕྱིར་དང༌། ཇི་སྐད་དུ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་དང༌། རྣམ་པར་ངེས་པ་ལས། ལྷན་ཅིག་དམིགས་པ་དང་རྣམ་པར་རིག་པ་དག་གིས་ཕྱི་རོལ་གྱི་དོན་ཡོད་ཀྱང་སྔོན་པོ་ལ་སོགས་པར་སྣང་བ་དང༌། དེ་རིག་པ་དག་ཐ་དད་མེད་པར་གྲུབ་བོ། །ཞེས་གསུངས་སོ། །བོད་ཕྱི་མ་དག་ན་རེ། མདོ་སྡེ་པས་གཏན་ཚིགས་འདི་ཁས་ལེན་ན། ཕྱི་རོལ་གྱི་དོན་ཁས་ལེན་པར་འགལ་ལོ་སྙམ་དུ་སེམས་པ་དེ་ནི་ནོར་བ་ཡིན་ཏེ། རྣམ་པར་ངེས་པ་ལས། གལ་ཏེ་སྣང་བའི་ཡུལ་གྱི་རྣམ་པ་བློ་ལས་ཐ་མི་དད་ན། དེ་ལས་ཐ་དད་པའི་དོན་ཡོད་དོ་ཞེས་བྱ་བ་གང་ལས་ཤེས་ཤེ་ན། ཕྱི་རོལ་བཟློག་པ་ལས་གྲུབ་འགྱུར། །ཞེས་རྟགས་ཀྱིས་སྒྲུབ་པར་བཤད་པས་སོ། །དེའི་ཕྱིར་ཡང་མདོ་སྡེ་པས་ཕྱི་རོལ་གྱི་དོན་ལྐོག་གྱུར་ཁས་ལེན་པར་གསལ་ལོ། །འདིར་བསྟན་གྱི་གཏན་ཚིགས་གཉིས་པོ་འདི་རྣམ་རྫུན་པས་ནི་ཁས་ལེན་པ་མ་ཡིན་ཏེ། དེས་རྣམ་པ་རྫུན་པ་དང་སྒྲོ་བཏགས་སུ་འདོད་པས་ཤེས་པར་མི་རུང་བའི་ཕྱིར་རོ། །དེས་ན་སྣང་བ་སེམས་སུ་སྒྲུབ་པ་འདི་ནི། གཞུང་འདིར་ཡང་གནས་སྐབས་ཀྱི་རང་ལུགས་སུ་འཆད་ཀྱང༌། རང་ལུགས་མཐར་ཐུག་པ་མ་ཡིན་ཏེ། གཟུང་འཛིན་གཉིས་མེད་དུ་སྒྲུབ་པའི་ཕྱིར་རོ། །གཉིས་པ་རང་ལུགས་གཞག་པ་ནི། དེས་ན་རྣམ་པའང་མེད་ཅེས་པ་གོང་ན་ཡོད་ཀྱང༌། འདིར་བླངས་ན་བདེ་བ་ཡིན་ཏེ། རང་ལུགས་མཐར་ཐུག་སྟོན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར་དང༌། བྱམས་ཆོས་བར་པ་གསུམ་རྗེས་འབྲང་དང་བཅས་པའི་ངེས་དོན་འཆད་ཚུལ་གྱི་བབས་དང་འགྲིག་པའི་ཕྱིར་དང༌། རྣམ་པ་བཀག་ཟིན་པའི་འོག་ཏུ་སྣང་བ་སེམས་སུ་བསྒྲུབས་ན་འཆོལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ཕྱི་དོན་བཀག་པའི་འོག་ཏུ་སྣང་བ་སེམས་སུ་སྒྲུབ་པ་ཡང་གོ་རིམ་འཆོལ་བ་མ་ཡིན་ནམ་ཞེ་ན། བྱམས་པའི་གཞུང་དང་ཐོགས་མེད་མཆེད་ཀྱི་གཞུང་ལས། ཐོག་མར་སྣང་བ་སེམས་སུ་བསྒྲུབས་ནས། དེར་གྲུབ་པ་ཕྱི་དོན་འགོག་པའི་རིགས་པ་གསུངས་པ་ཡིན་ཀྱང༌། རིགས་པ་མཁྱེན་པས། གཅིག་དང་དུ་བྲལ་གྱི་རིགས་པ་དང༌། སྣང་བ་སེམས་སུ་གྲུབ་ནས་ཕྱི་དོན་འགོག་པའི་ཚུལ་གཉིས་རྣམ་འགྲེལ་དུ་གསུངས་པ་ལས། འདིར་ནི་དང་པོའི་དབང་དུ་བྱས་ནས་བཤད་པས་འཆོལ་བ་མེད་དོ། །གཞུང་དོན་ནི་དོན་དུ་སྣང་བའི་རྣམ་པའང་དངོས་པོར་མེད་དེ། ཕྱི་རོལ་གྱི་དོན་མེད་པ་དེས་ནའོ། །གཟུང་འཛིན་གཉིས་ཀ་མེད་པ་དེ་ལྟ་ན། ལྷག་མ་ཅི་ཞིག་ཡོད་ཅེ་ན། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་སྐད་ཅིག་གི་ཆ་མེད་པ་ཅིག་ཁོ་ན་ཡོད་དོ། །གསུམ་པ་རྩོད་པ་སྤང་བ་ལ་གཉིས་ཏེ། རྣམ་རྫུན་པའི་ངེས་དོན་བདེན་གྲུབ་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་རྩོད་པ་སྤང་བ་དང༌། རྣམ་བདེན་པའི་སྣང་བ་སེམས་ལ་ཕྱི་རོལ་དོན་དུ་སྨྲ་བའི་རྩོད་པ་སྤང་བའོ། །དང་པོ་ནི། རང་སྟོང་སྨྲ་བའི་དབུ་མ་པ་དག་ན་རེ། གཟུང་འཛིན་གཉིས་མེད་ཀྱི་སེམས་ཀྱི་རྒྱུན་ནི་རགས་པ་ཡན་ལག་ཅན་དང༌། དུ་མར་མཚུངས་ཤིང༌། སྐད་ཅིག་ནི་རྡུལ་གྱི་ཆ་ཤས་བཞིན་དུ། སྐྱེ་འཇིག་གནས་པའི་སྐད་ཅིག་མ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བ་དེས་ན་བདེན་པར་མེད་དོ། །ཞེས་ཟེར། འོ་ན་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མ་གཅིག་ཡིན་པ་མི་སྲིད་པར་འགྱུར་ཏེ། སྐད་ཅིག་ཐམས་ཅད་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །སྐད་ཅིག་གཅིག་ཡིན་པ་མི་སྲིད་ན། སྐད་ཅིག་ཐམས་ཅད་གསུམ་གྱི་བདག་ཉིད་ཡིན་པ་ཉམས་སོ། །འདི་ལ་བོད་སྔ་མ་ན་རེ། རྡུལ་ཕྲན་བདེན་གྲུབ་དང་སྐད་ཅིག་བདེན་གྲུབ་འགོག་པའི་རིགས་པ་མཚུངས་སོ་ཞེས་ཟེར། མཚུངས་པ་མ་ཡིན་ཏེ། རགས་པ་རྩོམ་པའི་ཚེ། ཕྱོགས་དྲུག་གི་རྡུལ་གྱིས་ཅིག་ཆར་དུ་བསྐོས་བས་ན། དབུས་ཀྱི་རྡུལ་ཕྲན་ཆ་བཅས་སུ་འགྱུར་ལ། དུས་གསུམ་ཅིག་ཆར་མི་སྐྱེ་བས་ད་ལྟའི་ཤེས་པ་སྐད་ཅིག་གི་ཆ་མེད་ཡིན་པའི་ཕྱིར་རོ། །དེ་ལ་འདི་སྐད་ཅེས། གཉིས་མེད་ཡེ་ཤེས་རྟོག་དཔྱོད་ཀྱིས། །དཔྱད་ན་གནས་མེད་རང་སྟོང་གི །ཚུལ་ཡིན་རྟོག་དཔྱོད་ལས་འདས་པར། །གནས་པ་གཞན་སྟོང་སྨྲ་བའི་ལུགས། །ཞེས་སོ། །གཉིས་པ་ནི། དུང་གི་ཁ་དོག་དཀར་པོ་དང་སེར་པོར་སྣང་བའི་མིག་ཤེས་ལ་ཚད་མ་ཡིན་མིན་གྱི་རྣམ་གཞག་མི་འཐད་པར་འགྱུར་ཏེ། དཀར་སེར་གཉིས་མེད་པར་མཚུངས་ཤིང༌། སྣང་བ་ནི་ཤེས་པ་ཡིན་པས། མིག་ཤེས་དེ་གཉིས་ཀ་ཡང་སྣང་ཆ་ལ་ཚད་མར་མཚུངས་པའི་ཕྱིར་ཞེ་ན། དེ་གཉིས་ཀ་ཕྱིར་བལྟ་ལ་ཚད་མ་ཡིན་མིན་གྱི་རྣམ་དབྱེ་མེད་དེ། དོན་དུ་སྣང་བ་ཐམས་ཅད་བློ་ཉིད་ཡིན་ཞིང༌། སྣང་བ་དེ་ཉིད་གཏོད་བྱེད་ཀྱི་རྒྱུ་ཕྱི་རོལ་ན་མེད་པའི་ཕྱིར། འཇིག་རྟེན་རྨོངས་པ་གྲུབ་མཐའ་ལ་མ་ཞུགས་པས་དེ་གཉིས་ལ་བདེན་པ་དང་བརྫུན་པའི་རྣམ་གཞག་བྱེད་དེ། བག་ཆགས་བརྟན་པ་དང་མི་བརྟན་པའི་རྒྱུ་མཚན་གྱིས། མི་མཁས་པས་ཀྱང་ཡིད་བརྟན་དུ་རུང་མི་རུང་གི་ཁྱད་པར་མཐོང་བའི་ཕྱིར་རོ། །འདིར་བོད་ཕྱི་མ་དག སེམས་ཙམ་པས་བག་ཆགས་བརྟན་བྱུང་གི་ཤེས་པ་ཚད་མར་ཁས་བླངས་པས། དབང་ཡིད་ཀྱི་མངོན་སུམ་ཚད་མར་འདོད་དོ། །ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། གཞུང་འདིར་རྣམ་གཞག་བྱེད། ཅེས་པ་དང༌། རྣམ་ངེས་སུ། འདིར་ཚད་མ་ཡིན་ནོ། །ཞེས་བཤད་པ་དེ་འཇིག་རྟེན་གྱི་ལུགས་ཡིན་གྱི། རང་ལུགས་སྟོན་བྱེད་མ་ཡིན་པའི་ཕྱིར་ཏེ། རྣམ་ངེས་ལས། མི་མཁས་པས་ཀྱང་ཐ་སྙད་ལ་ཡིད་བརྟན་དུ་མེད་པར་མཐོང་བའི་ཕྱིར། གཅིག་ནི་ཚད་མ་མ་ཡིན་པར་བརྗོད་ལ། ཞེས་འདིའི་ཚད་མ་ཡིན་མིན་གཉིས་ཀ་མི་མཁས་པས་དབང་དུ་བྱས་པར་བཤད་པའི་ཕྱིར་དང༌། མི་མཁས་པ་དེ་ཡང༌། སེམས་ཙམ་གྱི་གྲུབ་མཐའ་ལ་མ་ཞུགས་པ་ལ་བྱ་བ་ཡིན་ཏེ། སེམས་ཙམ་སྟོན་པའི་གཞུང་ལ་ཐོས་བསམ་བྱས་པས། བག་ཆགས་བརྟན་པ་ལས་བྱུང་བའི་ཤེས་པ་ཚད་མར་ཁས་ལེན་པའི་འཁྲུལ་པ་དེ་ཟློག་པར་བཤད་པའི་ཕྱིར་ཏེ། རྣམ་པར་ངེས་པ་ལས། བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས། རྣམ་པར་འཁྲུལ་པས་དབེན་ཞིང༌། དྲི་མ་མེད་ལ་ལྡོག་པ་མེད་པ་དོན་དམ་པའི་ཚད་མ་མངོན་དུ་བྱེད་དོ། །ཞེས་གསུངས་པས་སོ། །མདོར་ན། བག་ཆགས་བརྟན་པ་ལས་བྱུང་བའི་དོན་སྣང་གི་ཤེས་པ་མ་འཁྲུལ་བར་འདོད་པ་འཇིག་རྟེན་རྨོངས་པའི་ལུགས་དང༌། འཁྲུལ་བར་འདོད་པ་སེམས་ཙམ་དུ་སྨྲ་བའི་ལུགས་ཡིན་ལ། འཁྲུལ་བའི་ཕྱིར་མངོན་སུམ་དུ་མི་རུང་ཞིང༌། དེའི་ཚེ་ཚད་མར་རུང་བ་མེད་དོ། །དེ་ལྟ་ན། སེམས་ཙམ་པ་རང་ལུགས་ཀྱི་མངོན་སུམ་ནི་གཉིས་ཏེ། རང་རིག་དང༌། རྣལ་འབྱོར་མངོན་སུམ་མོ། །དེ་ཡང་རྣམ་བདེན་པ་ལྟར་ན། ཁ་ཕྱིར་བལྟའི་ཤེས་པ་རྣམས་ཀྱང༌། རང་གི་གཟུང་རྣམ་ལ་མ་འཁྲུལ་བ་ཉིད་ཀྱི་ཕྱིར་རང་རིག་པའི་མངོན་སུམ་ཡིན་ལ། དེའི་ཚེ། མདོ་སྡེ་པ་དང་མི་འདྲ་བའི་ཁྱད་པར་ནི། ཕྱི་རོལ་གྱི་དོན་འཇུག་ཡུལ་དུ་འདོད་མི་འདོད་ཀྱི་ཁྱད་པར་ལས་ཕྱེའོ། །རྣམ་རྫུན་པ་ལྟར་ན། དེ་འདྲ་དེ་ཡང༌། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལྟར། འཁྲུལ་པའི་ཕྱིར་མངོན་སུམ་དུ་མི་རུང་བས། རང་རིག་ནི་གཉིས་མེད་ཀྱི་ཤེས་པ་ཁོ་ནའོ། །རྣམ་བདེན་རྫུན་གཉིས་ཀྱི་རང་རིག་ལ་རྒྱ་ཆེ་ཆུང་གི་ཁྱད་པར་ཡོད་པ་དེའི་ཕྱིར། འཛིན་རྣམ་ལ་ཡང་ཁྱད་པར་གསུམ་ལྡན་ཡིན་མིན་གྱི་སྒོ་ནས་ཁྱབ་ཆེ་ཆུང་སོ་སོར་དབྱེ་དགོས་པ་ཡིན་ནོ། །གསུམ་པ་ནི། བསྟན་བཅོས་འདི་མཛད་པ་པོ་ཆོས་ཅན། ཕྱི་ཡི་གཟུང་ཡུལ་མཁས་པས་བཀག །ཅེས་སོགས་ཀྱི་རྩོད་པ་དེ་འཇུག་པ་མ་ཡིན་ཏེ། ཇི་སྲིད་ཕྱི་རོལ་གྱི་དོན་ཁས་ལེན་པ་དེ་སྲིད་དུ། དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་ཞེས་ཟེར་ལ། ཤེས་བྱ་ནང་གིར་སྨྲ་བའི་གྲུབ་པའི་མཐའ་ལ་ཞུགས་པ་ན། གཟུང་ཡུལ་དང༌། དེའི་ཡུལ་ཅན་གྲུབ་པ་མེད་པའི་ཕྱིར་རོ། །སྨྲས་པ། གཟུང་ཡུལ་བརྟག་པའི་རབ་བྱེད་འདིར། །རྣམ་བཅས་གྲུབ་མཐའི་སྒོ་དབྱེ་ནས། །གཉིས་མེད་ཡེ་ཤེས་རང་རིག་གི །རང་ཞལ་ལྟད་མོ་འདི་ལོངས་ཤིག །གཞུང་འདིའི་རྣམ་བཤད་མང་མོད་ཀྱི། །ངེས་དོན་བརྡའ་མཇལ་སྨོས་ཅི་དགོས། །ཕྱོགས་ཕྱི་མ་དང་ཕྱོགས་སྔ་མའི། །ཁྱད་པར་གསལ་བ་འགའ་ཡོད་དམ། །ཚད་མ་རིགས་པའི་གཏེར་ལས་ཡུལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དང་པོ་རྣམ་པར་བཤད་པའོ།།  །།གཉིས་པ་ཤེས་བྱེད་ཀྱི་བློ་ལ་གསུམ་སྟེ། མཚན་ཉིད། དབྱེ་བསྡུ། དེ་དག་གི་དོན་གཏན་ལ་ཕབ་པའོ། །དང་པོ་ནི། བློ་ཡི་མཚན་ཉིད་རིག་པ་ཡིན། །ཞེས་པ། དེ་ཆོས་ཅན། ཁྱོད་དེའི་མཚན་ཉིད་དུ་རིགས་པ་ཡིན་ཏེ། བློ་ཞེས་པའི་ཐ་སྙད་དེ་ཁྱོད་ཀྱི་མིང་དང༌། ཁྱོད་དེའི་དོན་དུ་གྲུབ་པའི་ཕྱིར། དེ་ཡིན་ཏེ། བརྡའ་སྦྱོར་མཁན་པོས་ཁྱོད་ལ་དེའི་མིང་ཐོག་མར་སྦྱར་ཞིང༌། སྦྱར་བ་ལྟར་དེས་ཁྱོད་འཁྲུལ་མེད་དུ་གོ་བར་ནུས་པའི་ཕྱིར་རོ། །བུམ་པ་ཞེས་བརྗོད་པ་དེ་བུམ་པའི་མིང་ཡིན་པ་སོགས་བོད་མང་པོ་ལ་གྲགས་ཀྱང༌། རིགས་པའི་དོན་མ་ཡིན་ནོ། །བོད་སྔ་མ་དག ཡུལ་རིག་པ་བློའི་མཚན་ཉིད་དུ་འདོད་པ་ནི་མི་འཐད་དེ། ཡུལ་དང་བློ་གཉིས་རྟོགས་པ་ཕན་ཚུན་བརྟེན་པས་གཉིས་ཀ་ངོས་མི་ཟིན་པར་ཐལ་བའི་ཉེས་པ་དང༌། རང་རིག་ལ་ཡུལ་མེད་པས་གནོད་དོ། །ཇི་ལྟར་ཞེ་ན། རང་རིག་གི་བཤད་ཚུལ་གཉིས་ལས། གཟུང་འཛིན་གཉིས་མེད་ཀྱི་རིག་པ་ལ་ནི། གཟུང་འཛིན་གཉིས་ཀྱིས་དབེན་པའི་ཕྱིར་ཡུལ་མེད་ལ། རྣམ་བཅས་སུ་སྨྲ་བས། གཟུང་རྣམ་གཞལ་བྱ་ལ། རང་རིག་འབྲས་བུར་བཞག་པ་དེ་ཡང༌། དེས་དེ་རྟོགས་པ་ལ་གཞལ་བྱར་བཤད་ཀྱི། ཡུལ་མཚན་ཉིད་པར་མི་རུང་སྟེ། རུང་ན་སྣང་ཡུལ་དང་འཇུག་ཡུལ་གང་རུང་ལས་མ་འདས་པས། སྣང་ཡུལ་ཡིན་ན་དེ་དེ་ལ་སྣང་བའི་རྒྱུ་མཚན་གྱིས། དེ་ལ་ལྟོས་ནས་གཉིས་སྣང་ཅན་གྱི་ཤེས་པར་སོང་བའི་ཕྱིར་ན་དེ་ལ་རང་རིག་པར་འགལ་ལོ། །འཇུག་ཡུལ་དུ་འདོད་ན་ཡང༌། མདོ་སྡེ་པ་ལྟར་ན། དོན་སྣང་གི་ཤེས་པའི་འཇུག་ཡུལ་ཕྱི་རོལ་གྱི་དོན་ལས་མ་འདས་ལ། སེམས་ཙམ་པ་ལྟར་ན་ཡང༌། དེའི་འཇུག་ཡུལ་དུ་འགྱུར་བ་ལ་དེ་ལས་ཐ་དད་པ་ཞིག་དགོས་ཏེ། ལས་དང་བྱེད་པ་པོ་ཐ་དད་དུ་འཆད་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། དེ་ལ་འཇུག་ཡུལ་མེད་པར་ཁས་མི་ལེན་ཏེ། ཚད་མ་ཡིན་པའི་ཕྱིར་རོ། །འཇུག་ཡུལ་ལ་རང་རིག་ཏུ་སོང་བར་ཁས་ལེན་པའི་ངེས་པ་མེད་དེ། དེའི་འཇུག་ཡུལ་དེ་དང་དུས་མཉམ་པའི་ཁྱབ་པ་མེད་པའི་ཕྱིར་དང༌། སྤྱིར་རང་རིག་ལ་འཇུག་ཡུལ་སྲིད་ཀྱང༌། གང་ལ་རང་རིག་ཏུ་སོང་ས་དེ་དེའི་འཇུག་ཡུལ་མ་ཡིན་པའི་ཤེས་བྱེད་ཀྱི་དཔེ་ནི། སྒྲ་རྟག་འཛིན་རྟོག་པ་རང་གི་ཤེས་རྣམ་ལ་དེར་སོང་ཡང་འཇུག་ཡུལ་མ་ཡིན་པ་བཞིན་ནོ། །གཉིས་པ་ལ། དབྱེ་བ་དང༌། བསྡུ་བ་གཉིས། དང་པོ་ནི། མཚན་ཉིད་དེ་དང་ལྡན་པའི་བློ་ཆོས་ཅན། ཡུལ་ལ་སོགས་པའི་སྒོ་ནས་དུ་མར་འགྱུར་ཏེ། ལས་སུ་བྱ་བ་ཡུལ་གྱི་སྒོ་ནས་རྟོག་པ་དང་རྟོག་མེད་ཀྱི་བློ་གཉིས། བྱེད་པ་པོ་རང་གི་ངོ་བོའི་སྒོ་ནས་དབྱེ་ན། འཁྲུལ་བ་དང་མ་འཁྲུལ་བ་གཉིས། བྱ་བ་འཇུག་ཚུལ་གྱི་སྒོ་ནས། ཡུལ་ལ་མ་ཞུགས་པ་དང༌། འཇུག་བཞིན་པ་དང༌། ཞུགས་ཟིན་པ་གསུམ་དུ་དབྱེ་ནུས་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། ཤེས་པའི་སྒོ་ནས་ཏེ། གནས་ལུགས་ལ་རང་རིག་གཅིག་པུར་འདུ་བ་ཡིན་ཏེ། རང་གི་དངོས་ཀྱི་རིག་བྱ་མཐའ་དག་ཤེས་པར་འདུ་བའི་ཕྱིར། དཔེར་ན། ཡིན་ལུགས་ལ་དོན་ཐམས་ཅད་རང་མཚན་དུ་འདུ་བ་བཞིན། གསུམ་པ་ལ། ཚད་མ་འོག་ཏུ་འཆད་ཅིང༌། ཚད་མིན་གྱི་བློ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། སློབ་དཔོན་ཕྱྭ་པ་ན་རེ། ཚད་མིན་གྱི་བློ་ཐམས་ཅད་སྔར་གྲངས་ངེས་པ་ཡིན་ཏེ། ཡིད་དཔྱོད་སྣང་ལ་མ་ངེས་དང༌། །བཅད་ཤེས་ལོག་ཤེས་ཐེ་ཚོམ་ལྔ། །ཞེས་ཟེར་རོ། །དེ་སྐད་དུ་ཡང༌། ཕྱྭ་བསྡུས་ལས། སྤྱིར་དོན་ཡོངས་སུ་གཅོད་པ་ལ་གཉིས་ཏེ། དངོས་འགལ་ལས་ཐ་དད་དུ་མ་ཕྱེད་པ་ཕྱོགས་གཅིག་མ་ཡིན་པར་གཅོད་པ་དང༌། ཐ་དད་པར་ཕྱེད་པ་ཕྱོགས་གཅིག་ཏུ་གཅོད་པའོ། །དང་པོ་ན་ཐེ་ཚོམ་སྟེ། མི་རྟག་པར་དོགས་པ་ཉིད་ན་རྟག་པར་ཡང་དོགས་པས། དེ་ལས་ཐ་དད་དུ་མ་ཕྱེ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཤེས་བྱ་དང་མི་མཐུན་པར་ཡོངས་སུ་གཅོད་པ་དང༌། མཐུན་པར་གཅོད་པའོ། །དང་པོ་ནི་ལོག་ཤེས་སོ། །གཉིས་པ་ལའང༌། བཟློག་པའི་ཞེན་པ་དང་མི་འགལ་བ་དང༌། འགལ་བ་གཉིས་ལས། དང་པོ་ནི་སྣང་ལ་མ་ངེས་པའོ། །གཉིས་པ་ལ། སྔར་རྟོགས་ཟིན་ལ་འཇུག་པ་དང༌། སྔར་མ་རྟོགས་པ་ལ་འཇུག་པ་གཉིས་ལས། དང་པོ་ནི། བཅད་པའི་ཡུལ་ཅན་ནོ། །གཉིས་པ་ལའང༌། རང་གི་མཚན་ཉིད་མཐོང་བས་སྒྲོ་འདོགས་ལ་གནོད་པ་དང༌། མ་མཐོང་བས་གནོད་པ་གཉིས་ལས། དང་པོ་ནི་མངོན་སུམ་ཚད་མའོ། །གཉིས་པ་ལ། རྟགས་ཀྱི་རྗེས་སུ་འབྲངས་པ་དང༌། མ་འབྲངས་པ་གཉིས་ལས། དང་པོ་ནི་རྗེས་དཔག་དང༌། གཉིས་པ་ནི་ཡིད་དཔྱོད་དོ། །དེ་ལྟར་ཚད་མིན་གྱི་བློ་ལྔ། ཚད་མ་གཉིས་ཏེ་བདུན་དུ་གྲངས་ངེས་པ་ཡིན་ནོ། །དེ་དག་ལས། ཡིད་དཔྱོད་ཀྱི་མཚན་ཉིད་ནི། སྔར་མ་རྟོགས་པའི་ལྐོག་གྱུར་གི་དོན་བདེན་པ་རྟགས་ཚད་མ་ལ་མ་བརྟེན་པར་ངེས་པའོ། །དབྱེ་ན། གཏན་ཚིགས་ཡང་དག་དང་ལྟར་སྣང་གང་རུང་ལ་མ་བརྟེན་པར་སྒྲ་མི་རྟག་པར་ངེས་པ་ལྟ་བུ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དང༌། མ་གྲུབ་པའམ་མ་ངེས་པའི་རྟགས་ལ་བརྟེན་པ་ལོག་པའི་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་དང༌། ཚུལ་གསུམ་ཚད་མས་མ་ངེས་ཀྱང་ཡིད་དཔྱོད་ཀྱི་ངེས་པ་ལ་བརྟེན་ནས། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་ངེས་པ་ལྟ་བུའོ། །འགལ་རྟགས་ལ་བརྟེན་པའི་ཡིད་དཔྱོད་ནི་མི་སྲིད་དེ། དེའི་བསྒྲུབ་བྱ་བདེན་པ་མི་སྲིད་པའི་ཕྱིར་རོ། །སྣང་ལ་མ་ངེས་པ་ལ་མཚན་ཉིད་ནི། དོན་རང་གི་མཚན་ཉིད་གསལ་བར་སྣང་ཞིང༌། ཟློག་ཕྱོགས་ཀྱི་སྒྲོ་འདོགས་དང་མི་འགལ་བའོ། །དབྱེ་ན། ཡུལ་རྣམ་པ་དང་མི་ལྡན་པས་སྣང་ལ་མ་ངེས་པ་བུམ་པའི་སྐད་ཅིག་སྣང་བ་ལྟ་བུ་དང༌། ཡུལ་ལ་ཡིད་མ་གཏད་པ་ཡིད་གཟུགས་མཛེས་ལ་ཆགས་དུས་ཀྱི་སྒྲ་འཛིན་ལྟ་བུ་དང༌། འཁྲུལ་པའི་རྒྱུ་མཚན་ཅན་ཉ་ཕྱིས་ལ་དངུལ་དུ་འཁྲུལ་བའི་དུས་ཀྱི་མིག་ཤེས་ལྟ་བུའོ། །བཅད་ཤེས་ལ་མཚན་ཉིད་ནི། སྒྲོ་འདོགས་ཆོད་ཟིན་པའི་ངོ་ལ་ལྡོག་ཕྱོགས་ཀྱི་ཞེན་པ་དང་འགལ་བའི་བློ་འཇུག་པའོ། །དབྱེ་ན་མངོན་སུམ་བཅད་ཤེས་དང༌། རྟོག་པར་གྱུར་པའི་བཅད་ཤེས་གཉིས་སོ། །རྗེས་དཔག་ཏུ་གྱུར་པའི་བཅད་ཤེས་མི་སྲིད་པའི་ཚུལ་ནི་རྗེས་དཔག་གི་རྒྱུན་ཕྱི་མ་རྣམས་བཅད་པའི་ཡུལ་ཅན་ཡིན་ཀྱང་རྗེས་དཔག་མ་ཡིན་ཏེ། དེའི་རྟེན་གཏན་ཚིགས་ཡང་དག་མེད་པའི་ཕྱིར། དེ་ལས་བརྒྱུད་ནས་སྐྱེས་པ་ཙམ་གྱིས་ཆོག་ན། རྣལ་འབྱོར་མངོན་སུམ་ཡང་རྗེས་དཔག་ཏུ་ཧ་ཅང་ཐལ་ལོ། །ཞེས་འཆད་པར་བྱེད་དོ། །དེ་དགག་པ་ལ་གཉིས་ཏེ། གཞུང་ལས་བཤད་པ་དང༌། མ་བཤད་པ་ཁ་བསྐང་བའོ། །དང་པོ་ལ་བཞི་ལས། ཡིད་དཔྱོད་དགག་པ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ལ། རྣམ་པར་བརྟགས་ནས་དགག་པ་དང༌། ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། ཕྱོགས་སྔ་མའི་ཡིད་དཔྱོད་ཀྱི་འདོད་ཚུལ་མི་འཐད་དེ། ཡིད་དཔྱོད་དེ་རྟེན་རྟགས་ལ་མི་ལྟོས་པར་ལྐོག་གྱུར་ལ་འཇུག་པའི་བློ་འདོད་ན། ཚད་མས་མ་དྲངས་པར་དོན་བདེན་པ་དམ་བཅའ་བ་ཙམ་ཡིན་པས་ཐེ་ཚོམ་དུ་འགྱུར་ལ། རྟེན་རྟགས་ལ་བལྟོས་ན། བལྟོས་ས་དེ་ཡང་དག་གམ་ལྟར་སྣང་གང་རུང་ལས་འདའ་བ་མེད་པའི་ཕྱིར། གལ་ཏེ་རྒྱུ་མཚན་ཅན་གྱི་ཡིད་དཔྱོད་གཉིས་ཀྱི་རྟེན་གཏན་ཚིགས་དེ་ལྟར་སྣང་ཡིན་ཀྱང༌། འགལ། མ་ངེས། མ་གྲུབ་པ་གསུམ་པོ་གང་རུང་དུ་མི་འདུ་ན་ནི། གཏན་ཚིགས་ལྟར་སྣང་བཞི་པ་སྲིད་པར་འགྱུར་ལ། ཡིད་དཔྱོད་གཉིས་ཀྱི་རྟེན་གཏན་ཚིགས་དེ་ལྟར་སྣང་མ་ཡིན་ན། ཚད་མ་གསུམ་པ་སྲིད་པར་འགྱུར་ཏེ། རྟགས་ཡང་དག་ལ་བརྟེན་པའི་ཚད་མ་ཡིན་ན། རྗེས་དཔག་ཡིན་པས་མ་ཁྱབ་པའི་ཕྱིར་རོ། །མདོར་ན་རྟགས་ཡང་དག་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཡིན་ན། རྗེས་དཔག་ཡིན་པས་ཁྱབ་པ་བཞིན་དུ། ལྟར་སྣང་གསུམ་པོ་གང་རུང་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཡིན་ན། མ་རྟོགས། ལོག་རྟོག ཐེ་ཚོམ་གསུམ་པོ་གང་རུང་ཡིན་དགོས་ཏེ། བདག་ཉིད་ཆེན་པོས། ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉི་དང༌། །མི་འདོད་འདོད་པའི་ངེས་སྒྲུབ་བྱེད། །ཅེས་གསུངས་སོ། །གཉིས་པ་ལ་གཉིས་ཏེ། ཡིད་དཔྱོད་ཚད་མར་ཐལ་བ་དང༌། ལོག་ཤེས་འགའ་ཞིག་ཡིད་དཔྱོད་དུ་ཐལ་བའོ། །དང་པོ་ལ། དངོས་དང༌། ཉེས་པ་སྤོང་མི་ནུས་པའོ། །དང་པོ་ནི། ཁྱེད་ཀྱི་ཡིད་དཔྱོད་དེ་ཆོས་ཅན། ཚད་མར་ཐལ། འཇུག་ཡུལ་བདེན་པ་གསར་དུ་ངེས་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། འཇུག་ཡུལ་བདེན་པ་གསར་དུ་ངེས་ཀྱང་ཚད་མ་མ་ཡིན་ན། རྗེས་སུ་དཔག་པའང་ཚད་མ་མ་ཡིན་པར་འགྱུར་ལ། དོན་བདེན་པ་གསར་དུ་ངེས་ཀྱང༌། དེའི་བསལ་བྱ་སྒྲོ་འདོགས་མི་གཅོད་ན། དམིགས་པ་གཅིག་ལ་དམིགས་ནས། འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་ངེས་ཤེས་དང་སྒྲོ་འདོགས་གཉིས་གནོད་བྱ་གནོད་བྱེད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཡིད་དཔྱོད་ལ་ངེས་པ་མཚན་ཉིད་པ་མེད་ཀྱང༌། ཁྲོན་པ་ན་ཆུ་ཡོད་དོ་སྙམ་པ་བདེན་པའི་བློ་དང༌། མེད་དོ་སྙམ་པ་རྫུན་པའི་བློ་དང༌། ཆ་མཉམ་པ་སོམ་ཉིའི་བློ་སྟེ། གསུམ་དུ་འབྱེད་པ་མི་འགལ་ལ། དེའི་ཚེ་ན་གསུམ་པོ་དེ་གོ་རིམ་བཞིན་དུ། ཡིད་དཔྱོད་དང༌། ལོག་ཤེས་དང༌། ཐེ་ཚོམ་དུ་འཇོག་པ་ཡིན་ནོ་ཞེ་ན། ཁས་བླངས་འགལ་བ་ཡིན་ཏེ། ངེས་པ་མཚན་ཉིད་པ་མེད་ན། ཕྱོགས་སྔ་མས་བཞག་པའི་ཡིད་དཔྱོད་ཀྱི་མཚན་ཉིད་ཉམས་པའི་ཕྱིར། གསུམ་དུ་འབྱེད་པ་རིགས་པས་ཀྱང་མི་འཐད་དེ། ལྐོག་གྱུར་ལ་ཐེ་ཚོམ་ཟ་བཞིན་པའི་བློ་ལ་ཡིད་དཔྱོད་དང༌། ལོག་ཤེས་གཉིས་སུ་འགྱུར་ན། ཐེ་ཚོམ་བློ་རིག་ལོགས་པར་འཇོག་དཀའ་བའི་ཕྱིར་རོ། །གཉིས་པ་ལ། ཐལ་བ་དངོས་དང༌། ཉེས་སྤོང་མི་འཐད་པའོ། །དང་པོ་ནི། ཚད་མར་ཐལ་བ་ལས། ཡང་ན། རྟགས་ཡང་དག་ལ་མ་ལྟོས་པར། ལྐོག་གྱུར་གྱི་དོན་བདེན་པ་གསར་དུ་ངེས་པའི་བློ་ཡིད་དཔྱོད་དུ་འཆད་པ་ལྟར། ལྐོག་གྱུར་ཕྱིན་ཅི་ལོག་ཏུ་ངེས་པའི་ཡིད་དཔྱོད་ཅིས་མི་འཐད་དེ་འཐད་པར་ཐལ། གཉིས་ཀ་ཐེ་ཚོམ་དུ་མཚུངས་པ་ལ་སྔ་མ་ཡིད་དཔྱོད་དུ་བཤད་པའི་ཕྱིར། འདོད་ན། ཡིད་དཔྱོད་ལ་དོན་བདེན་པ་གསར་ངེས་ཀྱིས་ཁྱབ་པ་ཉམས་ཤིང༌། མིན་ན་སྟེ་ཐལ་བ་གོང་མ་ལ་ཁྱབ་པ་མ་ངེས་ན། སྔ་མའང་ཡིད་དཔྱོད་མིན་པར་མཚུངས་ཏེ། གཉིས་ཀ་ཐེ་ཚོམ་དུ་མཚུངས་ཤིང༌། ཕྱི་མ་ཡིད་དཔྱོད་དུ་མི་འདོད་པའི་ཕྱིར། གཉིས་པ་ནི། ལྐོག་གྱུར་ཕྱིན་ཅི་ལོག་ཏུ་ངེས་པའི་བློ་མཐའ་གཉིས་ཀར་དོགས་པས་ཐེ་ཚོམ་དུ་འགྱུར་ན། སྔ་མའང་ཐེ་ཚོམ་དུ་འགྱུར་ཏེ། མཐའ་གཉིས་ཀར་དོགས་པའི་ཕྱིར་རོ། །གལ་ཏེ། ལྐོག་གྱུར་ཕྱིན་ཅི་ལོག་ཏུ་ངེས་པའི་ཡིད་དཔྱོད་སྲིད་ན། ཁྱོད་འདོད་པའི་ཚད་མིན་གྱི་བློའི་གྲངས་ངེས་འཇིག་སྟེ། ཡིད་དཔྱོད་ལ་འགལ་བ་ལྟག་སྤྲོད་གཉིས་སུ་ཕྱེ་བའི་ཕྱིར། གལ་ཏེ། ལྐོག་གྱུར་ཕྱིན་ཅི་ལོག་ཏུ་ངེས་པའི་བློ་ལ་ལོག་ཤེས་ཀྱི་མཚན་ཉིད་ཚང་བས་ལོག་ཤེས་ཡིན་ནོ་ཞེ་ན། འོ་ན་ཁྱེད་རང་གི་ཡིད་དཔྱོད་ཀྱང་ཚད་མ་ཉིད་དུ་འགྱུར་ཏེ། དེའི་མཚན་ཉིད་ཚང་བར་མཚུངས་པའི་ཕྱིར་རོ། །གཉིས་པ་སོ་སོར་དགག་པ་ལ་གསུམ་ལས། དང་པོ་རྒྱུ་མཚན་མེད་པའི་ཡིད་དཔྱོད་དགག་པ་ནི། གལ་ཏེ། རྒྱུ་མཚན་མེད་པའི་ཡིད་དཔྱོད་དེས་དོན་བདེན་པ་གསར་དུ་ངེས་ན། ཐེ་ཚོམ་ཀུན་དོན་བདེན་པ་ངེས་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཉིས་ཀ་ཐེ་ཚོམ་མཚན་ཉིད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་རྒྱུ་མཚན་ཕྱིན་ཅི་ལོག་གི་ཡིད་དཔྱོད་དགག་པ་ནི། གལ་ཏེ། ལོག་པའི་རྒྱུ་མཚན་ཅན་ཏེ། མ་གྲུབ་པ་དང༌། མ་ངེས་པའི་རྟགས་ལ་བརྟེན་པའི་ཡིད་དཔྱོད་འདོད་པ་ཡིན་ན། ཕྱོགས་ཀྱི་གླང་པོའི་གཞུང་དང་འགལ་ཏེ། ཇི་སྐད་དུ། ཕྱོགས་ལ་མཐུ་མེད་སོམ་ཉི་དང༌། །ཞེས་རྟགས་དེ་ཉིད་གང་རུང་ལ་བརྟེན་པའི་བློ་ཡིན་ན། མ་རྟོགས་པའི་བློ་དང༌། ཐེ་ཚོམ་གང་རུང་ལས་མ་འདས་པར་བཤད་པའི་ཕྱིར། གསུམ་པ་རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད་དགག་པ་ནི། གལ་ཏེ། ཚུ་རོལ་མཐོང་བས་ལུང་ཐོས་པ་ལས་བྱུང་བའི་ཤེས་རབ་ཡིད་དཔྱོད་དོ་ཞེ་ན། རང་དང་གཞན་གྱི་སྡེ་པའི་ལུང་གང་རུང་ལས་བརྗོད་བྱའི་དོན་རྟོགས་པ་དང་ཞེན་པའི་བློ་ཆོས་ཅན། ཡིད་དཔྱོད་མ་ཡིན་ཏེ། བློ་རིས་བཞི་པོ་གང་རུང་དུ་འདུས་པའི་ཕྱིར། ཇི་ལྟར་ཞེ་ན། དཔྱད་པ་གསུམ་གྱིས་དག་པའི་ལུང་ལས་ཤིན་ལྐོག་རྟོགས་ན་ཚད་མ་དང༌། དེ་ལས་མངོན་གྱུར་དཔོགས་ན་རྟོགས་པའི་བློ་དང༌། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་དཔྱོད་པའི་ཚེ། ལུང་ལས་དོན་དཔོག་ན་ཐེ་ཚོམ་དང༌། གཞན་སྡེའི་ལུང་འགའ་ཞིག་ལས་དོན་དཔོག་ན་ལོག་ཤེས་སུ་འགྱུར་བའོ། །གཉིས་པ་སྣང་ལ་མ་ངེས་པ་དགག་པ་ནི། གལ་ཏེ། གཟུང་ཡུལ་རང་མཚན་སྣང་ལ། འཇུག་ཡུལ་རང་མཚན་མ་ངེས་པའི་བློ་ཐམས་ཅད་ཚད་མ་མ་ཡིན་ན། མངོན་སུམ་ཀུན་ཚད་མ་མ་ཡིན་པར་འགྱུར་ཏེ། མངོན་སུམ་ལ་འཇུག་ཡུལ་ངེས་པ་ཉིད་ནི། སློབ་དཔོན་གྱིས་ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པར་བཀག་ཟིན་པའི་ཕྱིར་རོ། །འདིར་ཕྱོགས་སྔ་མས། མངོན་སུམ་གྱི་གཟུང་ཡུལ་དུ་གྱུར་པའི་སྐད་ཅིག་རྣམ་མེད་དུ་འཆད་ཅིང༌། རང་འགྲེལ་ལས། རྣམ་པ་ཡོད་ཀྱང་བློས་གསལ་བར་འཛིན་མ་ནུས་པ་ཡིན། ཞེས་གསུངས་ལ། རྣམ་མེད་ཀྱི་གོ་བ་ཕྲ་བའི་མི་རྟག་པ་དང༌། དེ་ཡང༌། ཆོས་ཀྱི་བདག་མེད་ཀྱི་གོ་དོན་མེད་དགག་གི་ཆ་ལ་འཆད་པར་སྣང་བས། ཧ་ཅང་མི་ལེགས་པ་མ་ཡིན་ཏེ། ངོ་བོ་ཉིད་མེད་པར་སྨྲ་བས། དོན་གྱི་གནས་ཚུལ་སྐད་ཅིག་ཐུག་མེད་དུ་འདོད་པ་དང་མཐུན་པའི་ཕྱིར་རོ། །རང་ལུགས་ལ། རང་རིག་གིས་ཤེས་པའི་སྐད་ཅིག་ཆ་མེད་མཐོང་བ་དང་རྟོགས་ཀྱང༌། དབང་ཡིད་ཀྱི་མངོན་སུམ་གཉིས་ཀྱིས་དོན་གྱི་སྐད་ཅིག་མཐོང་བ་དང་རྟོགས་པར་ཁས་ལེན་པ་མ་ཡིན་ཏེ། དེའི་རྣམ་པ་སྣང་བ་ལ་དེ་སྣང་བར་བཏགས་པའི་ཕྱིར་རོ། །ཕྱོགས་སྔ་མ་ནི་རྣམ་མེད་ཁས་ལེན་པས། ཚུར་མཐོང་གིས་ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་ཡང་མ་རྟོགས་པར་འདོད་དོ། །རང་གི་ཕྱོགས་ལ་ནི་སྐད་ཅིག་ཆ་མེད་དུ་གནས་པས། དེ་མཐོང་བ་ཙམ་གྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ལ་ཆོས་ཀྱི་བདག་མེད་མཐོང་བ་མེད་ལ། ལུགས་འདིའི་ཆོས་ཀྱི་བདག་མེད་ནི། ཆོས་ཀྱི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀས་སྟོང་པའི་མྱོང་བ་གསལ་རིག་གི་ཆའོ། །གསུམ་པ་བཅད་ཤེས་དགག་པ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། བྱེ་བྲག་ཏུ་མངོན་སུམ་དུ་བཅད་ཤེས་དགག་པའོ། །དང་པོ་ནི། བཅད་ཤེས་ཀྱིས་གཞལ་བྱ་རྟོགས་པ་དང༌། འཇུག་ཡུལ་ལ་མི་བསླུ་བའི་རྒྱུ་མཚན་གྱིས། བློ་རིས་ལོགས་པར་མི་འཐད་དེ། བཅད་ཤེས་དེ་རིགས་པས་མཐའ་བཅད་ན། མ་རྟོགས་པ་སྟེ་འཇུག་ཡུལ་ལ་བསླུ་བ་དང༌། ལོག་རྟོག་དང༌། ཡང་ན་ཚད་མ་ཉིད་དུ་འགྱུར་གྱི། དེ་ལས་གཞན་པའི་བློ་རིས་སུ་འཇོག་པ་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཚད་མར་འགྱུར་ཚུལ་ནི། ཕྱོགས་སྔ་མས་མངོན་སུམ་བཅད་ཤེས་སུ་འདོད་པ་རྣམས་ནི་མངོན་སུམ་གྱི་ཚད་མ་ཡིན་ལ། ཕྱོགས་སྔ་མས་རྟོག་པ་བཅད་ཤེས་སུ་འདོད་པ་དེ་ལའང༌། ངེས་ཤེས་དང་དྲན་པ་གཉིས་ལས། དང་པོ་ནི་བཅད་ཤེས་སུ་མི་རིགས་ཏེ། དེའི་སྒྲ་དོན་ནི། ཉེར་ལེན་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་འཇུག་པའི་ཤེས་པ་ཞེས་བྱ་བ་ཡིན་ལ། འདི་ནི་སྒྲོ་འདོགས་གསར་དུ་གཅོད་བཞིན་པ་ཡིན་པའི་ཕྱིར་རོ། །དེས་ན་དྲན་པ་ཁོ་ན་ལ་དེར་འཇོག་ལ། དེའི་ཚེ་དྲན་པའི་དངོས་ཀྱི་གཞལ་བྱ་ནི་ཤེས་རྣམ་དུ་ངེས་པས། དེ་དེ་ལ་རང་རིག་ཏུ་ཡོད་པ་ཡིན་ལ། ཤེས་རྣམ་ལ་དོན་དུ་སྒྲོ་བཏགས་པའི་ཆ་ནི། རང་གི་ཉེར་ལེན་ངེས་ཤེས་སྔ་མས་རྟོགས་ཟིན་པས། དེ་ལ་ནི་མ་རྟོགས་པའི་བློར་སོང༌། ད་ལྟར་རྟོགས་པ་འདི་ནི་སྔར་ཡང་རྟོགས་སོ་སྙམ་དུ་ཞེན་ན་ནི། སྔ་ཕྱི་གཅིག་ཏུ་གཟུང་བས་ལོག་ཤེས་སུ་སོང༌། ད་ལྟར་དྲན་པའི་རྟགས་ཀྱིས་སྔར་གྱི་མྱོང་བ་དཔོག་ན་ནི། རྗེས་དཔག་ལས་མ་འདས་ཞེས་བྱ་བའི་དོན་ཏོ། །དེས་ན་དྲན་པ་འདིས་ནི། གཞལ་བྱ་སྤྱི་མཚན་རྟོགས་པ་དང༌། འཇུག་ཡུལ་རང་མཚན་ལ་མི་བསླུ་བ་གང་དུ་ཡང་མི་རུང་སྟེ། རང་གི་ཉེར་ལེན་ཚད་མ་སྔ་མས་ངེས་པ་རང་སྟོབས་ཀྱིས་དྲངས་པའི་སྒོ་ནས་སྒྲོ་འདོགས་བཅད་ཟིན་པ་དང༌། མི་བསླུ་བར་བྱས་ཟིན་པའི་དོན་ལ་བསྣན་ནས་འཇུག་པ་ཡིན་པས་སོ། །གཉིས་པ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ལ། གཞི་མཐུན་དགག་པ་དང༌། མངོན་སུམ་རིགས་ལ་ཚད་མ་ཡིན་པ་དགག་པ་དང༌། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་པ་ནི་ག་ལ་སྲིད་དེ། མངོན་སུམ་ནི། ངོ་བོ་རྟོག་བྲལ། ཡུལ་རང་མཚན། དུས་ད་ལྟར་བ། འཛིན་སྟངས་གསལ་ལ་མ་འདྲེས་པ་ཡིན་ལ། བཅད་ཤེས་ནི། ངོ་བོ་དྲན་པ། ཡུལ་སྒྲ་དོན། དུས་འདས་པ། འཛིན་སྟངས་མི་གསལ་ལ་འདྲེས་པར་འཛིན་པ་ཡིན་པས། ཡུལ་དང༌། དུས་དང༌། འཛིན་སྟངས་འགལ་བའི་ཕྱིར། འགྲེལ་པར་བཅད་ཤེས་དུས་འདས་པར་བཤད་པ་ཅུང་ཟད་དཀའ་བས། རྩ་བའི་དངོས་བསྟན་ལྟར་འདས་པ་དན་པ་ཞེས་སྦྱོར་བའམ། ཡང་ན། སྒྲོ་འདོགས་གཅོད་པ་པོ་དེ། བཅད་པའི་ཡུལ་ཅན་གྱི་ཤེས་པ་རང་དུས་སུ་འདས་པ་ལ་དགོངས་པའོ། །གཉིས་པ་ནི། སྔ་རབས་པ་དག་ན་རེ། ཚུ་རོལ་མཐོང་བའི་མངོན་སུམ་རྣམས་ཀྱིས་ནི། དོན་རང་མཚན་གྱི་རིགས་རྒྱུན་འཛིན་པ་སྟེ་འཇུག་ཡུལ་དུ་བྱེད་དགོས་པ་ཡིན་ཏེ། སྐད་ཅིག་རེ་རེ་བ་ནི་དེས་མི་ནུས་པས། དེ་ལ་སྒྲོ་འདོགས་མི་ཆོད་པའི་ཕྱིར། གཟུང་ཡུལ་ནི་སྐད་ཅིག་མ་རེ་རེ་ནས་ཀྱང་ཡིན་ཏེ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་སོ། །དེ་ལྟ་ཡིན་པ་དེའི་ཕྱིར། ཚུ་རོལ་མཐོང་བའི་རྒྱུད་ཀྱི་སྔོན་པོ་འཛིན་པའི་མངོན་སུམ་རྣམས། སྔོན་པོའི་སྐད་ཅིག་ལ་མངོན་སུམ་ཡིན་ཀྱང༌། ཚད་མ་མ་ཡིན་ཏེ། དེ་ལ་སྒྲོ་འདོགས་མི་གཅོད་པའི་ཕྱིར། སྔོན་པོའི་རིགས་རྒྱུན་ལ་ནི་མངོན་སུམ་གྱི་ཚད་མ་ཡིན་ཏེ། དེ་ལ་མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་ཕྱིར། དེ་ལྟར་ན། ཚུ་རོལ་མཐོང་བའི་རྒྱུད་ལ། སྔོ་ཙམ་ལ་ངེས་པ་འདྲེན་ནུས་ཀྱི་མངོན་སུམ་སྐད་ཅིག་མ་ལྔ་སྐྱེ་བ་དེའི་ཚེ་ན། སྐད་ཅིག་དང་པོ་ཁོ་ན་ཚད་མ་ཡིན་ལ། རྗེས་སུ་སྐྱེས་པའི་མངོན་སུམ་སྐད་ཅིག་མ་བཞི་པོ་རྣམས་ནི་བཅད་ཤེས་ཡིན་ནོ། །ཞེ་ན། སྔོན་པོའི་རིགས་རྒྱུན་ཞེས་པ། སྔོན་པོའི་རིགས་སྤྱི་ལ་ཟེར་པ་ཡིན་ནམ། སྔོན་པོ་རང་མཚན་གྱི་རིགས་འདྲའི་རྒྱུན་མ་ཆད་པར་འབྱུང་བ་ལ་ཟེར་བ་ཡིན། དང་པོ་ལྟར་ན། རིགས་ནི་མངོན་སུམ་གྱི་ཡུལ་མ་ཡིན་ཏེ། དངོས་ཡུལ་ཡིན་ན་ཡུལ་ཅན་རྟོག་པར་ཐལ་བའི་སྐྱོན་ཡོད་ལ། དོན་བྱེད་མི་ནུས་པས་འཇུག་ཡུལ་དུ་མི་རུང་བའི་ཕྱིར། གཉིས་པ་ལྟར་ན། མངོན་སུམ་བཅད་ཤེས་མི་སྲིད་དེ། མངོན་སུམ་སྔ་མས་མཐོང་བ་སྟེ་འཇུག་ཡུལ་དུ་བྱས་པའི་དོན་རང་མཚན་ལ་རྗེས་སུ་སྐྱེས་པའི་རྟོག་མེད་ཀྱི་ཤེས་པས་འཇུག་ཡུལ་དུ་བྱེད་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། མདོར་ན། མངོན་སུམ་དང་བཅད་ཤེས་ཀྱི་གཞི་མཐུན་ནི། རིགས་པ་ཤེས་པས་བཀག་སྟེ། གཉིས་པོ་ཡུལ་དུས་འཛིན་སྟངས་འགལ་བའི་ཕྱིར་ན་གཞི་མཐུན་མེད་པ་དང༌། མངོན་སུམ་ཡིན་པའི་ཕྱིར་ན་དྲན་པ་མ་ཡིན་དགོས་པའི་ཕྱིར་རོ། །ཞེས་པ་ནི་དགག་པ་དངོས་ཀྱི་དོན་བསྡུ་ཡིན་ལ། ཉེས་སྤོང་བཀག་པའི་དོན་བསྡུ་བ་ནི། སྔོན་པོ་འཛིན་པའི་མངོན་སུམ་སྐད་ཅིག་མ་མང་པོས་སྔོ་ཙམ་གཅིག་ཉིད་འཇུག་ཡུལ་དུ་བྱེད་པ་མི་འཐད་དེ། སྔོན་པོའི་རིགས་ནི་དབང་པོའི་མངོན་སུམ་གྱི་ཡུལ་དུ་འགལ་བ་དང༌། སྔོན་པོ་རང་མཚན་མཐོང་བའི་མངོན་སུམ་སྐད་ཅིག་སྔ་ཕྱི་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་མེད་པ་དང༌། ཚད་མར་འགྱུར་བ་ལ་ངེས་པ་ཡོད་དགོས་ན་མངོན་སུམ་མ་ཡིན་པའི་ཕྱིར་དང༌། འདྲ་བར་འཛིན་པའི་བློ་ནི་རྟོག་པ་ཡིན་པའི་ཕྱིར་རོ། །གཉིས་པ་རྩོད་པ་སྤང་བ་ནི། འོ་ན་མངོན་སུམ་ཐམས་ཅད་རྫས་ཀྱི་ཆ་ཤས་རེ་རེ་ལ་ཚད་མར་འཇོག་ན། སོ་སོ་སྐྱེ་བོ་ལ་མངོན་སུམ་གྱི་ཚད་མ་མི་སྲིད་པར་འགྱུར་རོ། །ཞེ་ན། དེ་ལྟ་ན་ཡང༌། དེ་ལ་དེ་མི་སྲིད་པ་མ་ཡིན་ཏེ། དམིགས་རྐྱེན་ཡུལ་གྱི་རྡུལ་ཕྲ་རབ་མང་པོ་དང༌། བདག་རྐྱེན་དབང་པོའི་རྡུལ་ཕྲ་རབ་མང་པོ་ཚོགས་པའི་སྐད་ཅིག་ཇི་སྙེད་ཀྱིས། མྱོང་བའི་རྣམ་ཤེས་མ་འཁྲུལ་བ་གང་སྐྱེས་པ་དེ་ཙམ་ཞིག་གིས་ཚད་མར་འཇོག་ནུས་ལ། དེ་ནི་སོ་སོ་སྐྱེ་བོའི་མངོན་སུམ་ལ་ཡང་ཡོད་པ་ཡིན་པའི་ཕྱིར་རོ། །བཞི་པ་བཀག་པ་དེ་ཐམས་ཅད་ཀྱི་མཇུག་བསྡུ་བ་ནི། ཚད་མིན་གྱི་བློ་ལ་ལྔའི་གྲངས་བྱེད་པ་མི་འཐད་དེ། གྲངས་ཀྱི་དབྱེ་བསྡུ་ཇི་སྙེད་པ་ནི་རིགས་ཀྱིས་བྱས་པ་ཡིན་ལ། ནང་གི་དབྱེ་བསྡུ་ཇི་སྙེད་པ་ནི་རིགས་དེའི་ཁོངས་སུ་གཏོགས་པར་བཞེད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར། རང་གི་ལུགས་ལ་ཡང་ཚད་མིན་གྱི་བློ་ལ་མ་རྟོགས་པའི་བློ་སོགས་གསུམ་དུ་ཕྱེ་བ་དེ། གྲངས་ཀྱི་དབྱེ་བསྡུ་མ་ཡིན་ཏེ། ལོག་ཤེས་དང་ཐེ་ཚོམ་གཉིས་མ་རྟོགས་པའི་བློའི་ནང་དུ་ངེས་པར་འདུ་བའི་ཕྱིར། འོ་ན། ཚད་མིན་གྱི་བློའི་གྲངས་ཀྱི་དབྱེ་བསྡུ་ཇི་ལྟ་བུ་ཞེ་ན། རིགས་ཀྱི་དབྱེ་བ་ནི། རྟོག་མེད་འཁྲུལ་པ་དང༌། རྟོག་པ་བཅད་ཤེས་དང༌། ལོག་ཤེས་དང༌། ཐེ་ཚོམ་མོ། །བསྡུ་ན་དེ་བཞི་ཀ་ཡང་ཁྱབ་བྱེད་མ་རྟོགས་པའི་བློར་འདུ་བ་ཡིན་ཏེ། བཅད་པ་དང་མཐུན་པའི་དོན་རང་མཚན་ལ་མི་བསླུ་བ་མེད་པའི་ཕྱིར། གཉིས་པ་སུན་འབྱིན་ཁ་བསྐང་བ་ནི། འདི་སྐད་ཅེས། ཡིད་དཔྱོད་མདོ་ཙམ་གཞུང་ལུགས་ལས། །བཤད་ཀྱང་ཕྱོགས་སྔར་གང་བརྟགས་པ། །དེ་ཀུན་ཐེ་ཚོམ་བློ་ཉིད་ལས། །མི་འདའ་ཞེས་པ་ཆོས་མཆོག་དང༌། །བསྟན་བཅོས་མཛད་པ་འདི་ཡི་ལུགས། །སྣང་ལ་མ་ངེས་ཚད་མིན་གྱི། །དབྱེ་བར་གཞུང་ལས་བཤད་པ་མེད། །གཞན་དུ་གཞན་མེད་ཚད་མ་ཀུན། །ཚད་མ་མིན་པར་ཐལ་བར་འགྱུར། །བཅད་པའི་ཡུལ་ཅན་ཞེས་བྱ་བ། །སྔ་མས་སྒྲོ་འདོགས་བཅད་ཟིན་པའི། །ཡུལ་ལ་གང་འཇུག་ཚད་མིན་ན། །རྣལ་འབྱོར་མངོན་སུམ་མཐའ་དག་དང༌། །ཡིད་ཀྱི་མངོན་སུམ་ཇི་སྙེད་དང༌། །གོམས་པ་ཅན་གྱི་མངོན་སུམ་ཀུན། །ཚད་མ་མིན་པ་ཉིད་འགྱུར་ཏེ། །ཡུལ་ལ་སྒྲོ་འདོགས་བཅད་ཟིན་ཕྱིར། །ཁྱད་པར་མངོན་སུམ་བཅད་ཤེས་ནི། །ལུང་དང་རིགས་པས་མི་འཐད་དེ། །ལུང་ནི་གཏན་ཚིགས་ཐིགས་པ་ལས། །མངོན་སུམ་སྐད་ཅིག་མང་པོ་རྣམས། །རྫས་ཀྱི་ཡུལ་ཅན་ཉིད་ཀྱི་ཕྱིར། །འཇུག་ཡུལ་ཐུན་མོང་མིན་ཞེས་གསུངས། །རིགས་པ་ཚད་མས་དྲངས་པ་ཡི། །ངེས་པས་སྒྲོ་འདོགས་གང་བཅད་པ། །ལྡོག་པ་གཞན་སེལ་ཉིད་ཡིན་ཕྱིར། །མངོན་སུམ་ཡུལ་དུ་དེ་མི་རུང༌། །ཚད་མས་དྲངས་པའི་ངེས་པ་ཡིས། །བཅད་ཟིན་དྲན་པ་དེ་བཅད་ཤེས། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ལ་གསུམ་སྟེ། སྤྱིའི་མཚན་ཉིད། གྲངས་ཀྱི་དབྱེ་བསྡུ། སོ་སོའི་རྣམ་གཞག་གོ །དང་པོ་ནི། བཅད་པ་དང་མཐུན་པའི་དོན་རང་མཚན་ལ་མི་བསླུ་བར་མ་གྲུབ་པའི་རིག་པ་དེ། ཚད་མ་མ་ཡིན་པའི་བློའི་མཚན་ཉིད་དོ། །གཞུང་འདིའི་རྗེས་སུ་འཇུག་པར་ཁས་འཆེ་བ་ལ་ལ་དག མི་བསླུ་བའི་དོན་རྟོགས་པ་ལ་བྱས་ནས། རྟོགས་པ་ལ་གསར་རྟོགས་ཀྱིས་ཁྱབ་པའི་རྒྱུ་མཚན་གྱིས། མི་བསླུ་བའི་རིག་པ་ཙམ་གྱིས་ཚད་མ་འཇོག་ནུས་པར་འདོད་པ་ནི་ལེགས་པ་མ་ཡིན་ཏེ། དེ་ལྟ་ན། རྗེས་དཔག་གིས་རང་མཚན་རྟོགས་པར་ཐལ་བ་དང༌། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ། ནོར་བུ་རང་མཚན་ལ་མི་བསླུ་བར་བཤད་པ་མ་ཡིན་པར་ཐལ་བ་དང༌། འབྱུང་བ་ལས་གྱུར་པའི་ཡུལ་ཅན་གྱི་མངོན་སུམ་ལྔ་པོས་འབྱུང་བ་རང་མཚན་འཇུག་ཡུལ་དུ་བྱས་པ་མ་ཡིན་པར་ཐལ་བ་དང༌། ཕྱོགས་སྔ་ཕྱིའི་ཤན་མ་ཕྱེད་པར་ཐལ་བའི་ཉེས་པ་རྣམས་འཇུག་གོ །དེའི་ཤེས་བྱེད་ཀྱང༌། ཕྱོགས་སྔ་མས་ནི། མི་བསླུ་བའི་དོན་སྒྲོ་འདོགས་ཆོད་པ་ལ་བྱེད་པས། རྟོགས་པ་ལ་འཆད་པར་སྣང་ལ། དེ་ཡང༌། མདོ་སེམས་ཀྱི་གྲུབ་མཐའ་དང་མི་བསྟུན་པ་ལ་ཅི་དགར་སྨྲ་བ་ཉིད་དུ་ཟད་ཀྱི། རང་ལ་མ་ཡིན་ཏེ། གཟུགས་འཛིན་མངོན་སུམ་གྱིས་ཀྱང་གཟུགས་རང་མཚན་མ་རྟོགས་ན། རྗེས་དཔག་གིས་རྟོགས་པ་ལྟ་ཅི་འཚལ་བའི་ཕྱིར་རོ། །གཉིས་པ་ལ། ཚད་མའི་འགལ་ཟླ་ལ། མ་རྟོགས། ལོག་རྟོག ཐེ་ཚོམ་སྟེ། རྣམ་པ་གསུམ་དུ་ཕྱེ་བ་དེ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས། ཕྱོགས་ལ་མཐུ་མེད་སོམ་ཉིད་དང༌། མི་འདོད། ཅེས་གསུངས་པའི་དགོངས་པ་ལས་བྱུང་བ་ཡིན་ལ། དེ་ཡང་རྟོག་པ་ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་ཕྱེ་བ་ཡིན་ཏེ། མ་གྲུབ་པའི་རྟགས་དང༌། འགལ་བ་དང༌། མ་ངེས་པའི་རྟགས་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཡིན་ན། གོ་རིམ་བཞིན་དུ། མ་རྟོགས་པའི་བློ་དང༌། ལོག་རྟོག་དང༌། ཐེ་ཚོམ་ཡིན་དགོས་པའི་ཕྱིར། གསུམ་པོའང་ངོ་བོའི་སྒོ་ནས་བསྡུ་ན། མ་རྟོགས་པ་གཅིག་པུར་འདུ་སྟེ། ལོག་ཤེས་དང་ཐེ་ཚོམ་གཉིས་ཀྱིས་བཅད་པ་དང་མཐུན་པའི་འཇུག་ཡུལ་སྟོན་མ་ནུས་པས། མ་རྟོགས་པའི་བློར་བཞག་པའི་ཕྱིར་རོ། །དེས་ན། འདིར་བསྟན་གྱི་བསྡུ་བྱར་གྱུར་པའི་མ་རྟོགས་པ་ནི་རྟོག་པ་ཁོ་ནར་ངེས་ལ། བསྡུ་བྱེད་དུ་གྱུར་པའི་མ་རྟོགས་པའི་བློ་དང༌། ཚད་མིན་གྱི་བློ་ཁྱབ་མཉམ་པས། དེའི་འཇོག་བྱེད་དེ་ཁོ་ནར་ངེས་ཀྱི། འཇུག་ཡུལ་མ་རྟོགས་པས་མ་རྟོགས་པའི་བློར་འཇོག་པ་དང༌། གཞལ་བྱ་དེ་མ་རྟོགས་པས་དེ་ཉིད་ལ་མ་རྟོགས་པའི་བློར་འཇོག་པ་ནི་མ་ཡིན་ཏེ། རྗེས་དཔག་རྣམས་ཀྱིས་འཇུག་ཡུལ་རང་མཚན་ལ་སྒྲོ་འདོགས་ཆོད་ཀྱང༌། མ་རྟོགས་པའི་ཕྱིར་དང༌། ཕྱི་རོལ་དོན་ལ་བལྟ་བའི་མངོན་སུམ་རྣམས་ཀྱིས་དོན་མ་རྟོགས་ཀྱང༌། དེ་ལ་མ་རྟོགས་པའི་བློར་འཇོག་པ་མ་ཡིན་པའི་ཕྱིར་རོ། །ཚད་མིན་གྱི་བློ་ལ་གསུམ་དུ་ཕྱེ་བ་འདི་ཡང༌། བོད་སྔ་རབས་པ་རྣམས་ཀྱི་ལྟར། གྲངས་ངེས་ཀྱི་དབྱེ་བ་ནི་མ་ཡིན་ཏེ། གྲངས་ངེས་ལ་ནི་གསུམ་དུ་ཕྱེ་བ་དེ་ལས་ཉུངས་ན་མི་འདུ་བ་ཞིག་དགོས་པ་ལས། འདིར་ནི་གཅིག་ཏུ་འདུ་བར་བཤད་པའི་ཕྱིར་དང༌། བསྡུ་བྱ་གསུམ་པོ་དེ་ལས་མང་ཡང་དགོས་པའི་ཕྱིར་རོ། །ཚད་མ་ཐམས་ཅད་རང་རིག་ཏུ་འདུ་བར་བཤད་པ་དང་འདྲ་བ་མ་ཡིན་ཏེ། དེར་ནི་ནང་ལྟ་ཁོ་ནའི་དབང་དུ་བྱས་ཀྱི། ཚད་མ་ལ་སྤྱིར་རང་རིག་གིས་ཁྱབ་ན། ཤེས་པ་ཐམས་ཅད་ལ་ཡང་དེས་ཁྱབ་པར་མཚུངས་པས། ཚད་མ་དང་ཚད་མིན་གྱི་གྲངས་ངེས་འཇིག་པའི་ཕྱིར་རོ། །འོ་ན་ཚད་མིན་གྱི་བློའི་གྲངས་ངེས་ཇི་ལྟར་གྲངས་ཞེ་ན། ཚད་མས་དྲངས་པའི་ངེས་ཤེས་དང༌། ལོག་ཤེས་དང༌། ཐེ་ཚོམ་སྟེ་རྟོག་པ་གསུམ་དང༌། རྟོག་མེད་འཁྲུལ་བ་རྣམས་སོ། །དེར་གྲངས་ངེས་པའི་ཤེས་བྱེད་ཀྱང༌། དེ་ལས་གྲངས་མང་མི་དགོས་ཤིང༌། ཉུངས་ན་མི་འདུ་བའོ། །གསུམ་པ་སོ་སོའི་རྣམ་གཞག་ལ། དབྱེ་བ་དང༌། བསྡུ་བའོ། །དང་པོ་ལ་གསུམ་ལས། མ་རྟོགས་པའི་བློ་ལ། མཚན་ཉིད་ནི། དེ་དང་དེ་མིན་དུ་འཛིན་པས་སྟོང་པའི་རིགས་པ་དེ། མ་རྟོགས་པའི་བློའི་མཚན་ཉིད་ཡིན་ནོ། །དབྱེ་ན་གསུམ་སྟེ། ཡུལ་དེ་ལ་མ་ཞུགས་པ་དང༌། ཞུགས་ཀྱང་ཚོལ་བའི་བྱ་བ་མ་རྫོགས་པ་དང༌། ཚོལ་བའི་བྱ་བ་རྫོགས་པར་གྱུར་ཀྱང་མ་རྙེད་པའོ། །དབྱེ་བ་འདི་གསུམ་ཀ་ཡང༌། རྟོག་པ་གཞིར་བཞག་ལ་འཆད་དགོས་པ་ཡིན་ཏེ། རྟོག་མེད་ལ་ཡང་ཁྱབ་ན། གཟུགས་འཛིན་མིག་ཤེས་སྒྲ་ལ་ཚད་མིན་གྱི་བློར་འཆད་དགོས་པ་ལས། དེ་ཡང་མི་རིགས་པའི་ཕྱིར་རོ། །གཉིས་པ་ལོག་ཤེས་ལ་མཚན་ཉིད་ནི། རང་གི་འཛིན་སྟངས་ཀྱི་གཟུང་བྱ་དེར་འཛིན་པ་ལ་དེ་མིན་གྱིས་གནོད་པའོ། །དབྱེ་ན་གཉིས་ཏེ། རྟོག་པ་ལོག་ཤེས་དང༌། རྟོག་མེད་ལོག་ཤེས་སོ། །སོ་སོར་ཕྱེ་ན་རྣམ་པ་ལྔ་སྟེ། ཡུལ་དུས་རྣམ་པ་ལ་ལོག་པར་རྟོག་པ་གསུམ་དང༌། རྟོག་མེད་ལ་དབང་ཤེས་འཁྲུལ་བ་དང༌། ཡིད་ཤེས་བསླད་པ་གཉིས་སོ། །ཐེ་ཚོམ་ལ་མཚན་ཉིད་ནི། རང་གི་འཛིན་སྟངས་ཀྱི་གཟུང་བྱ་དེར་འཛིན་ན་ཡང༌། རྣམ་རྟོག་གཏིང་མ་ཚུགས་པས་དེ་མིན་དུའང་འཛིན་སྲིད་པའི་རིག་པ་ནི། ཐེ་ཚོམ་ཉིད་ཀྱི་མཚན་ཉིད་ཡིན་ནོ། །དབྱེ་ན་གཉིས་ཏེ། མངོན་དུ་གྱུར་དང༌། བག་ལ་ཉལ་ལོ། །གསུམ་པ་མཇུག་བསྡུ་བ་ནི། ཚད་མ་དང་ཚད་མིན་གྱི་བློ་ཐམས་ཅད་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ཚད་མའི་ཤེས་པ་གཉིས་པོའང་རང་རིག་པའི་ཚད་མ་ཁོ་ནར་འདུས་ཤིང༌། ཚད་མ་མ་ཡིན་པའི་བློ་གསུམ་པོའང་མ་རྟོགས་པ་སྟེ། བཅད་པ་ལྟར་གྱི་འཇུག་ཡུལ་མི་འཐོབ་པ་ལས། དོན་གཞན་མ་ཡིན་པའི་ཕྱིར་རོ། །དེ་དག་གི་དོན་ཡང༌། ཚད་མ་གཉིས་པོའི་དངོས་ཀྱི་གཞལ་བྱ་ནི་ཤེས་པ་ཁོ་ནར་ངེས་ཤིང་རང་རང་གི་འཇུག་ཡུལ་ལ་མི་བསླུ་བས་རང་རིག་པའི་ཚད་མ་ཞེས་བྱ་ལ། ཚད་མིན་གསུམ་པོ་རང་གི་ངོ་བོ་ལ་རང་རིག་ཡིན་ཀྱང༌། འཇུག་ཡུལ་འཐོབ་པའི་ནུས་པ་མེད་པས་རང་རིག་པའི་ཚད་མར་མ་བཞག་གོ །འཐོབ་པའི་ནུས་པ་མེད་ཀྱང་ཐོབ་པ་ནི་སྲིད་དེ། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །འོ་ན། དེའི་ནུས་པ་ལ་ཅི་ཞིག་དགོས་ན། འཁྲུལ་པ་མེད་པའི་མྱོང་བ་དང༌། གཏན་ཚིགས་གསུམ་པོ་གང་རུང་ལ་བརྟེན་ནས་གཞལ་བྱ་རྟོགས་པའོ། །དེ་ལྟར་ཞིབ་མོར་བཤད་པ་ན། འཇུག་ཡུལ་འཐོབ་པ་ལ་གཉིས་ཏེ། ཚད་མས་འཐོབ་པ་དང༌། ཚད་མིན་གྱིས་འཐོབ་པའོ། །དང་པོ་ལ་ནི། ཡུལ་གྱི་དང༌། ཡུལ་ཅན་གྱི་མི་བསླུ་བ་གཉིས་ཀ་ཡོད་པས་འཐོབ་པའི་ནུས་པ་ཅན་ཞེས་བྱ་ལ། གཉིས་པ་ལ་ནི་ཡུལ་ཅན་གྱི་མི་སླུ་བ་མེད་ཀྱང༌། ཇི་སྐད་དུ། དོན་བྱེད་ནུས་པར་གནས་པ་ནི། །མི་སླུ་ཞེས་འབྱུང་བ་ལྟར། ཡུལ་གྱི་མི་སླུ་བ་དེ་ཚང་བའི་རྒྱུ་མཚན་གྱིས་མི་སླུ་བར་འཇོག་ཏུ་རུང་བའོ། །ད་ནི་ཞར་བྱུང་ཕྱོགས་སྔ་ཕྱིའི་ཁྱད་པར་མདོ་ཙམ་དང༌། བཅད་ཤེས་ཀྱི་འཇོག་མཚམས་ཇི་ལྟར་ཡིན་པའི་ཚུལ་བཤད་པར་བྱ་བ་ལས། དང་པོ་ནི། ཕྱོགས་སྔ་མ་ཡིད་དཔྱོད་ཀྱིས་རང་གི་འཇུག་ཡུལ་ལྐོག་གྱུར་ལ་སྒྲོ་འདོགས་བཅད་ཀྱང༌། རྟགས་ལ་དངོས་སུ་མ་བརྟེན་པས་ཚད་མར་མི་འཇོག དཔེར་ན། རྗེས་དཔག་སྐད་ཅིག་ཕྱི་མ་རྣམས་བཞིན། ཞེས་འདོད། ཕྱོགས་ཕྱི་མས། ཚད་མ་ལ་མ་བརྟེན་པར་ལྐོག་གྱུར་ལ་འཇུག་པའི་བློ་ཡིན་ཚད་ཐེ་ཚོམ་དུ་བཞེད། ཕྱོགས་སྔ་མས། རང་མཚན་གང་ལ་གསལ་བའི་བློ་དེ་ཉིད་ཀྱིས་དོན་རང་མཚན་མ་ངེས་པ་ལ། སྣང་ལ་མ་ངེས་པའི་དོན་དུ་འདོད་པ་མ་ཡིན་གྱི། དེར་སྣང་ཡང༌། དེ་ལ་ངེས་པ་རང་སྟོབས་ཀྱིས་མ་དྲངས་པ་ལ་དེའི་དོན་དུ་འདོད། ཕྱོགས་ཕྱི་མས་ནི། དེ་ཉིད་ཀྱིས་དེ་མ་ངེས་པ་ལ་དེའི་དོན་དུ་བཞེད་ཅིང༌། ཕྱོགས་སྔ་ཕྱིའི་ཁྱད་པར། ཚད་མར་འགྱུར་བ་འཇུག་ཡུལ་ལ་སྒྲོ་འདོགས་བཅད་པ་དགོས་མི་དགོས་ཀྱིས་འབྱེད་པས། དེར་འགྱུར་བ་ལ་འཇུག་ཡུལ་རྟོགས་པ་དགོས་མི་དགོས་ཀྱིས་འབྱེད་ཅིང༌། དེའི་རྒྱུ་མཚན་གྱིས། ཕྱོགས་སྔ་མས་འདོད་པའི་ཚད་མིན་གྱི་བློའི་ནང་ན། ཕྱོགས་ཕྱི་མས་འཐད་པའི་ཚད་མ་ཤིན་ཏུ་མང༌། ཕྱོགས་སྔ་མས། མངོན་སུམ་གྱིས་དྲངས་པའི་ངེས་ཤེས་ཀྱིས། གང་ལ་སྒྲོ་འདོགས་བཅད་པའི་དོན་དེ་ལ་མངོན་སུམ་ཚད་མར་འགྲོ་བ་ཡིན། ཞེས་ཟེར། ཕྱོགས་ཕྱི་མ་ལྟར་ན། དེ་འདྲ་དེ་ལྡོག་པ་གཞན་སེལ་ཡིན་པས་མངོན་སུམ་གྱི་འཇུག་ཡུལ་ལྟ་ཞོག སྤྱིར་འཇུག་ཡུལ་ཙམ་དུ་ཡང་མི་རུང་བ་ཡིན་ནོ། །ཞེས་བཞེད། གཉིས་པ་ནི། བོད་སྔ་ཕྱི་ཐམས་ཅད་མཐུན་པར། མངོན་སུམ་བཅད་ཤེས་ནི། སློབ་དཔོན་ཆོས་མཆོག་གི་འདོད་པ་ཡིན་ཏེ། ཇི་སྐད་དུ། འཐད་ལྡན་ལས། ཚད་མ་ཐམས་ཅད་ནི་མ་རྟོགས་པའི་དོན་ཅན་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོའི་མངོན་སུམ་དང༌། རྗེས་སུ་དཔག་པའི་སྐད་ཅིག་མ་ཉིད་ཀྱིས་དོན་བྱེད་པར་ནུས་པའི་དངོས་པོའི་རྒྱུན་ངེས་པས་འཇུག་པའི་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། དེའི་རྒྱུན་དུ་གྱུར་པ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །ཞེས་བཤད་པས་སོ། །ཞེས་ཟེར་རོ། །ལུང་དེས་མངོན་སུམ་བཅད་ཤེས་སྟོན་པ་མ་ཡིན་ཏེ། དེས་དེ་སྟོན་པ་ལ། རྣམ་འགྲེལ་མཛད་པའི་ལུང་གིས་གནོད་པ་དང༌། ཆོས་མཆོག་རང་གི་རིགས་པ་དང་མི་མཐུན་པའི་ཕྱིར། དང་པོ་ནི། གཏན་ཚིགས་ཐིགས་པ་ལས། གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་ཐ་མི་དད་པའི་ཕྱིར། ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ། གྲུབ་པ་དང༌། བདེ་བ་ཐ་དད་པའི་ཕྱིར་རོ། །འབྲས་བུ་ཐུན་མོང་བ་ལ་ནི་དེ་དག་གི་མཐུ་ཐ་དད་པ་མེད་དོ། །མེ་ཙམ་གྱིས་བསྒྲུབ་པར་བྱ་བའི་དོན་ལ། དུ་བ་གཞན་དང་གཞན་གྱིས་གཞལ་བའི་མེ་ཉེ་བ་བཞིན་ནོ། །ཞེས་གསུངས་པ་ཡིན་ལ། དེའི་དོན་ནི། གཞུང་སྔ་མས་མངོན་སུམ་སྐད་ཅིག་སྔ་ཕྱི་རྣམས་འཇུག་ཡུལ་རྫས་ཐ་དད་ལ་འཇུག་པ་དང༌། འབྲས་བུ་ཐུན་མོང་བ་ཞེས་སོགས་གཞུང་ཕྱི་མས་རྗེས་དཔག་སྐད་ཅིག་ཕྱི་མ་རྣམས་ལ། སྔ་མའི་འཇུག་ཡུལ་ལས་རྫས་ཐ་དད་པ་མེད་པར་བསྟན་པ་ཡིན་ནོ། །དེ་ཡང་འཕྲོས་མཚམས་ནི། དྲངས་མ་ཐག་པའི་ལུང་དེའི་གོང་དུ། སྔོན་པོ་རང་མཚན་འཛིན་པའི་མངོན་སུམ་དང༌། དེས་དྲངས་པའི་ངེས་ཤེས་གཉིས་ལས། ཕྱི་མ་ཚད་མ་མ་ཡིན་པའི་ཤེས་བྱེད་དུ། དེས་སྔ་མའི་འཇུག་ཡུལ་དྲན་པ་ཙམ་ཡིན་གྱི། སྔ་མས་མི་འཐོབ་པའི་འཇུག་ཡུལ་འཐོབ་པར་བྱར་མེད་པའི་ཕྱིར། ཞེས་བཤད་པ་ལ། འོ་ན། མངོན་སུམ་ཕྱི་མ་རྣམས་ཀྱང་ཚད་མ་མ་ཡིན་པར་ཐལ་བའི་དོགས་པ་བསུ་ནས། རྟགས་མ་གྲུབ་ཀྱི་ལན་བཏབ་པ་ཡིན་ནོ། །འདི་དག་ཏུ། གྲུབ་པ་དང་བདེ་བ་གཅིག་དང་ཐ་དད་ཀྱི་དོན་ནི། འབྲས་བུ་གཅིག་དང་ཐ་དད་སྐྱེད་པ་ལ་འཆད་པར། སློབ་དཔོན་དུལ་བའི་ལྷས་བཤད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར། ཆོས་མཆོག་གི་ལུང་དེའི་དོན་ཡང༌། མངོན་སུམ་གྱི་རྒྱུན་དུ་གྱུར་པའི་ངེས་ཤེས་རྣམས་ཚད་མ་མ་ཡིན་པ་ལ་བསམས་པའོ། །གཉིས་པ་ནི། མངོན་སུམ་ཚད་མ་སྐད་ཅིག་དང་པོའི་འོག་ཏུ་བྱུང་བའི་ཚུར་མཐོང་གི་མངོན་སུམ་བཅད་ཤེས་སུ་འདོད་པ་དེ་ལྟ་ན། སློབ་དཔོན་འདིས་གཞན་ལས་ངེས་སུ་འདོད་པའི་དམར་འབར་བ་འཛིན་པའི་མངོན་སུམ་ཕྱི་མ་རྣམས་བཅད་ཤེས་སུ་ཐལ་བར་འགྱུར་ཏེ། རང་གི་དེ་མ་ཐག་རྐྱེན་དེ་ཚད་མ་ཡིན་ཞིང༌། དེ་དང་དམིགས་པ་དང་འཛིན་སྟངས་མཚུངས་པའི་ཕྱིར། འདོད་ན། གཞན་ལས་ངེས་ཀྱི་ཚད་མར་འཆད་པ་དང་འགལ་ལོ། །འོ་ན། རང་གི་ལུགས་ལ་སྤྱིར་བཅད་ཤེས་ཀྱིས་ཐ་སྙད་ཁས་མི་ལེན་པའམ། ལེན་ན་ཇི་ལྟ་བུ་ཞེ་ན། དེའི་དོན་ངེས་པར་ཁས་ལེན་ནོ། །དེ་ཡང་གང་ཞེ་ན། བསྟན་བཅོས་འདིར་དྲན་པ་ལ་བཤད་པས་ན། རང་གི་ཉེར་ལེན་ངེས་ཤེས་སྔ་མས་ཚད་མའི་འཇུག་ཡུལ་དུ་གྱུར་པའི་དོན་རང་མཚན་གང་ལ། ལོག་ཕྱོགས་ཀྱི་སྒྲོ་འདོགས་བཅད་ཙམ་གྱི་ལྡོག་པ་གཞན་སེལ་དེ་ཉིད་འཛིན་སྟངས་ཀྱི་གཟུང་བྱར་བྱས་ནས་འཛིན་པའི་དྲན་བློའོ། །མཚན་གཞི་ཡང༌། རྗེས་དཔག་གི་དངོས་འབྲས་སུ་གྱུར་པའི་ངེས་ཤེས་ནི་བཅད་ཤེས་དངོས་ཡིན་ཀྱང༌། མངོན་སུམ་གྱི་དངོས་འབྲས་ནི་དེར་མི་རུང་སྟེ། རང་གི་ཉེར་ལེན་ཚད་མ་སྔ་མས་སྒྲོ་འདོགས་བཅད་མ་ཟིན་པའི་ཕྱིར། ཕྱོགས་སྔ་ཕྱི་གཉིས་ཚད་མ་ལ་སྒྲོ་འདོགས་གཅོད་པས་ཁྱབ་མ་ཁྱབ་ཀྱི་ཁྱད་པར་ཡོད་པ་དེ་བཞིན་དུ། རྟོག་པ་བཅད་ཤེས་ཀྱི་འཇོག་མཚམས་ཀྱང་ཞིབ་ཏུ་དབྱེའོ། །དེས་ན་རང་གི་ཉེར་ལེན་ཚད་མ་སྔ་མས་ངེས་པ་དྲངས་པའི་སྒོ་ནས་མི་སླུ་བར་བྱས་ཟིན་པའི་དོན་དེ་ཉིད། སླར་ཡང་འཇུག་ཡུལ་དུ་བྱེད་པའི་ཆ་ནས་བཅད་ཤེས་སུ་འཇོག་པ་ཡིན་གྱི། དེས་རྟོགས་ཟིན་རྟོགས་པའི་ཆ་ནས་དེར་འཇོག་པ་མ་ཡིན་ཏེ། མངོན་སུམ་གྱིས་རྟོགས་པའི་དོན་རང་མཚན་རྣམས་རྗེས་ཀྱི་ངེས་པས་མི་རྟོགས་པའི་ཕྱིར་དང༌། ཁྱེད་རང་ལྟར་ན། ཕུང་པོ་བདག་མེད་དུ་རྟོགས་པའི་རྗེས་དཔག་གིས་དྲངས་པའི་རྣལ་འབྱོར་མངོན་སུམ་ཡང་བཅད་ཤེས་སུ་ཐལ་བས་སོ། །གང་བློ་བརྟག་པའི་རབ་བྱེད་འདིར། །ཐེ་ཚོམ་ངེས་པར་འདོད་པ་དང༌། །མངོན་སུམ་ཚད་མ་ཡིན་འདོད་པའི། །ལོག་པར་རྟོག་པ་རྣམ་གཉིས་བསལ། །གནས་འདིར་ཁེངས་པ་མང་སྨྲ་བའི། །རྣམ་དབྱེ་འཆད་པ་མང་མོད་ཀྱི། །རྒོལ་བ་དང་ནི་ཕྱིར་རྒོལ་གྱི། །འདོད་པ་བསྲེས་ནས་བཤད་མིན་ནམ། །ཚད་མ་རིགས་པའི་གཏེར་ལས་བློ་བརྟག་པའི་རབ་ཏུ་བྱེད་པ་སྟེ། གཉིས་པ་རྣམ་པར་བཤད་པའོ།།  །།གསུམ་པ་བློ་དེས་ཡུལ་རྟོགས་པའི་ཚུལ་ལ་བཞི་སྟེ། སྤྱི་དང་བྱེ་བྲག་གི་དང༌། སྣང་བ་དང༌། སེལ་བའི་དང༌། བརྗོད་བྱ་དང༌། རྗོད་བྱེད་ཀྱི་དང༌། འགལ་བ་དང་འབྲེལ་བའི་རྟོགས་ཚུལ་ལོ། །དང་པོ་ལ་གསུམ་སྟེ། ཡུལ་ཡུལ་ཅན་གྱི་རྣམ་གཞག་སྤྱིར་བསྟན། རྫས་ལྡོག་གཅིག་ཏུ་འཁྲུལ་བ་དགག སྤྱི་དང་བྱེ་བྲག་གཉིས་ཀ་ལྡོག་ཆོས་ཀྱི་སྒོ་ནས་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐོག་མར་དངོས་པོའི་གནས་ལུགས་དཔྱད་པ་དང༌། དེའི་འཆད་ཚུལ་མི་མཐུན་པར་བྱུང་བའི་ཚུལ་ལོ། །དང་པོ་ནི། རང་མཚན་འཛིན་པའི་བློ་གང་ཡིན་ལ་རྟོག་མེད་ཀྱིས་ཁྱབ་པ་ཡིན་ཏེ། རང་མཚན་དངོས་ཡུལ་དུ་བྱེད་པའི་རྟོག་པ་མེད་ཅིང༌། དེ་འཇུག་ཡུལ་དུ་བྱེད་པའི་རྟོག་པ་ཡོད་ཀྱང༌། སྤྱི་མཚན་བཟུང་ནས་དེ་དེར་བྱེད་པ་ཡིན་གྱི། དེ་ཉིད་འཛིན་པ་མ་ཡིན་པའི་ཕྱིར། སྤྱི་འཛིན་པའི་བློ་ནི་རྟོག་པ་ཁོ་ན་ཡིན་ཏེ། རིགས་སྤྱི་འཛིན་པའི་རྟོག་མེད་ཀྱི་ཤེས་པ་མི་སྲིད་ཅིང༌། དབང་ཤེས་ཚོགས་སྤྱིའི་སྤྱོད་ཡུལ་ཅན་དུ་མདོ་ལས་གསུངས་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པར་རྣམ་འགྲེལ་དུ་བཀྲལ་བའི་ཕྱིར། གཉིས་པོ་དེ་ལ། རང་མཚན་ནི་ཆོས་ཅན། དངོས་པོ་ཡིན་ཏེ། རང་འཛིན་ཤེས་པ་སྐྱེད་བྱེད་ཡིན་པའི་ཕྱིར། རིགས་སྤྱི་དང་ཚོགས་སྤྱི་ནི་ཆོས་ཅན། དངོས་པོར་གྲུབ་པ་མེད་དེ། རང་འཛིན་ཤེས་པ་སྐྱེད་བྱེད་ཙམ་དུའང་མི་རུང་བའི་ཕྱིར། དེ་ཡང་ཇི་སྐད་དུ། རྡུལ་ཕྲན་གཞན་གང་སྐྱེ་འགྱུར་བ། །དེ་དག་བསགས་བཤད་དེ་དག་ནི། །ཤེས་པ་སྐྱེ་བའི་རྒྱུ་མཚན་ཡིན། །ཞེས་དེ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་བཤད་ཀྱང༌། དེ་ཙམ་གྱིས་དེས་བརྩམས་པའི་རགས་པ་དེའི་གཟུང་ཡུལ་དུ་མི་འགྲུབ་སྟེ། དེ་ལ་དེའི་རྣམ་པ་མ་གཏད་པའི་ཕྱིར། འོ་ན། རྒྱུའི་དངོས་པོ་མ་གཏོགས་པ་ཞེས་བཤད་པ་མ་ཡིན་ནམ། ཞེ་ན། དེས་ནི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ལ་གཟུང་ཡུལ་གྱིས་ཁྱབ་པར་བཤད་པ་ཡིན་གྱི། དོན་གྱི་རྣམ་པ་གཏོད་བྱེད་ཀྱི་རྒྱུ་ཡིན་པ་ལ། རང་འདྲའི་རྣམ་པ་གཏོད་བྱེད་ཀྱིས་མ་ཁྱབ་པ་ནི་ཚད་འབྲས་གཉིས་པ་ལས་གསལ་ལོ། །དེའི་ཕྱིར། ཚོགས་སྤྱིའི་སྟེང་གི་སྐྱེ་མཆེད་སོ་སོ་བ་རྣམས་རང་འཛིན་ཤེས་པ་ལ་རང་འདྲའི་རྣམ་པ་གཏོད་བྱེད་དང༌། ཤེས་པའང་དེ་དང་འདྲ་བའི་རྒྱུ་མཚན་གྱིས་དེ་རྟོགས་པར་འཇོག་པ་ནི་མ་དཔྱད་པའི་རྣམ་གཞག་སྟེ། ཚད་འབྲས་དང་པོ་ན་གསལ་ལོ། །གཞུང་འདིའི་བསྡུས་དོན་ནི། རང་སྤྱི་གཉིས་ཀྱི་གཞི་མཐུན་བཀག་པས་རྫས་ལྡོག་གཉིས་ཀྱི་གཞི་མཐུན་ཁེགས་ལ། དེ་འགོག་དགོས་པའི་རྒྱུ་མཚན་ནི། བོད་རྣམས་རྫས་དང་ལྡོག་པའི་གཞི་མཐུན་ཁས་ལེན་པས་སོ། །གཉིས་པ་ནི། རྫས་དང་ལྡོག་པ། སྤྱི་དང་བྱེ་བྲག སྒྲུབ་དང་གཞན་སེལ། རྟོག་པ་དང་མི་རྟོག་པ་རྣམས་ཀྱི་རྣམ་གཞག བོད་གཞན་དག་ནི་གཞུང་ལས་གཞན་དུ་འཆད་དེ། རྫས་དང༌། བྱེ་བྲག་དང༌། སྒྲུབ་པ་གསུམ་རེས་འགའ་མཚུངས་པ་ལྟར་འཆད། རེས་མི་མཚུངས་པ་ལྟར་འཆད། རེས་བློ་ཆོས་ལྟར་འཆད། རེས་དོན་ཆོས་ལྟར་འཆད་པ་དང༌། ལྡོག་པ་དང༌། སྤྱི་དང༌། གཞན་སེལ་གསུམ་གྱི་འཆད་ཚུལ་ཡང༌། རྣམ་རྟོག་གཏིང་མ་ཚུགས་པར། རྟོག་པས་རང་མཚན་འཛིན་པ་དང༌། རྟོག་མེད་ཀྱིས་སྤྱི་མཚན་འཛིན་པར་འཆད་ལ། དེ་ལྟར་བཤད་ན་སྣང་སེལ་གྱི་འཇོག་མཚམས་འཁྲུལ་བའི་ཕྱིར་དང༌། དགག་སྒྲུབ་ཀྱི་ཟླས་ཕྱེ་བའི་སྒྲུབ་པ་དང་བྱེ་བྲག་ནི་ལྡོག་པ་ཁོ་ནར་ངེས་པ་དང༌། བྱེ་བྲག་ནི་གཞན་སེལ་དང༌། ལྡོག་པར་རུང་ཡང༌། ལྡོག་པ་གཅིག་རྐྱང་མ་ཡིན་པས་སྤྱིར་མི་རུང་བའི་ཕྱིར་རོ། །བསྟན་བཅོས་མཛད་པ་པོ་ཁོ་བོ་ནི་སྡེ་བདུན་མཛད་པའི་གཞུང་བཞིན་དུ་འཆད་པར་འདོད་དོ། །དེ་ཡང༌། རྫས་དང་ལྡོག་པ་ནི་ཡུལ། རྟོག་པ་དང་རྟོག་མེད་ཀྱི་བློ་ནི་ཡུལ་ཅན། སྣང་བ་དང་སེལ་བ་ནི་དེས་དེ་གཟུང་བའི་འཛིན་སྟངས་ལས་ཕྱེ་བ་ཡིན་ཏེ། རྟོག་མེད་ཀྱི་ཤེས་པ་ལ་ནི་དོན་རང་མཚན་དེ་ཉིད་ཀྱི་རྣམ་པ་སྣང་བ་དང༌། རྟོག་པ་ལ་ནི་དེ་མི་སྣང་བར་དེའི་གཞན་སེལ་ཙམ་འཛིན་པའི་རྒྱུ་མཚན་གྱིས། དེ་དང་དེས་བཟུང་བའི་ཡུལ་གཉིས་པོ་སྣང་སེལ་སོ་སོར་འཇོག་པའི་ཕྱིར་རོ། །གཉིས་པ་ནི། བོད་སྔ་མ་དག་ན་རེ། ལྡོག་པ་དུ་མ་འབྲལ་མི་ཤེས་སུ་གནས་པ་དེ་རྫས་ཀྱི་མཚན་ཉིད་དང༌། འདུས་པ་ཅན་གྱི་ཆོས་ཁ་ཡར་བ་དེ་ལྡོག་པའི་མཚན་ཉིད། དཔེར་ན། བྱས་མི་རྟག་དང༌། ཤེས་བྱ་དང་གཞལ་བྱ་སོགས་འབྲལ་མི་ཤེས་སུ་འདུས་པའི་སྒྱུ་ལྟ་བུ་ནི་རྫས་དང༌། བྱས་པ་སོགས་ཆོས་སོ་སོ་བ་དེ་དག་ནི་ལྡོག་པའོ། །ཡང་དངོས་འགལ་རྫས་གཅིག་ལ་མི་འདུ་བ་དེ་རྫས་ཆོས་ཀྱི་མཚན་ཉིད། དཔེར་ན། རྟག་མི་རྟག་གཉིས་རྫས་བུམ་པ་ལ་མི་འདུ་བ་བཞིན་ནོ། །དངོས་འགལ་ལྡོག་པ་གཅིག་ལ་མི་འདུ་བ་དེ་ལྡོག་ཆོས་ཀྱི་མཚན་ཉིད། དཔེར་ན། མེད་དགག་ཡིན་མ་ཡིན་གཉིས་ཤེས་བྱ་ཙམ་ལྡོག་གི་སྟེང་དུ་མི་འདུ་བ་བཞིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གཞུང་གི་དངོས་བསྟན་ལ་འབྲུ་གཉེར་བ་དང༌། མ་བཤད་པ་ཁ་བསྐང་བའོ། །དང་པོ་ནི། རྟག་མི་རྟག་གཉིས་རྫས་ཆོས་སུ་ཕྱེ་བསལ་མེད་པར་ཁས་ལེན་ན། སྒྲ་མི་རྟག་པར་འཛིན་པའི་རྗེས་དཔག་དང༌། རྟག་འཛིན་གྱི་སྒྲོ་འདོགས་གཉིས་ཀས་རྫས་ཆོས་འཛིན་པར་སོང་བས་རྗེས་དཔག་དང་སྒྲོ་འདོགས་དེ་ལ་ཆོས་ཅན། རྫས་ཆོས་འཛིན་པ་འཐད་པ་མ་ཡིན་ཏེ། དངོས་པོ་མི་འཛིན་པས་སོ། །འོ་ན་འཇུག་ཡུལ་རང་མཚན་མི་ཐོབ་པར་ཐལ་ལོ་ཞེ་ན། རྗེས་དཔག་ནི་ཆོས་ཅན། ལྡོག་པའི་སྒོ་ནས་འཇུག་ཡུལ་བསྒྲུབ་པར་བཞེད་དེ། འཇུག་ཡུལ་རང་མཚན་ལ་སེམས་པས་འཇུག་པ་ཡིན་པའི་ཕྱིར། གཉིས་པ་ནི། ལྡོག་པ་ཞེས་པ་རྟོག་པ་ཡི། །བློ་ཆོས་ཡིན་ཕྱིར་རྫས་གཅིག་ལ། །འབྲལ་མི་ཤེས་སུ་འདུས་པ་ནི། །རྟག་དངོས་བཞིན་དུ་སྲིད་པ་མེད། །རྫས་ལ་འབྲལ་མེད་འདུས་པ་ཡི། །བྱས་དང་མི་རྟག་ཤེས་བྱ་སོགས། །རྫས་ཉིད་ཡིན་ཕྱིར་ལྡོག་པ་ཞེས། །འདོད་པས་རྫས་ལྡོག་གཅིག་ཏུ་འདྲེས། །ཁྱད་གཞི་རྫས་དང་ལྡོག་པ་ལ། །བརྟེན་པས་ཆོས་གཉིས་འབྱེད་ན་ནི། །རྫས་ཆོས་ཀུན་ཀྱང་ལྡོག་ཆོས་སུ། །འགྱུར་ཞིང་དེ་ཡང་དེར་ཐལ་ལོ། །བྱས་དང་མི་རྟག་ལ་སོགས་པ། །ལྡོག་པ་དང་ནི་རྫས་ཆོས་ཀྱི། །མཚན་གཞིར་འཆད་པ་འགལ་བ་ལ། །མི་འཁྲུལ་ཚད་མ་ཡོད་དམ་ཅི། །དེས་ན་རྫས་ནི་རང་མཚན་ཏེ། །ལྡོག་པ་རྟོག་པས་བཏགས་པ་ཉིད། །ཡིན་ཕྱིར་རྟོག་མེད་ཤེས་པ་ལ། །ལྡོག་པ་མི་སྣང་རྟོག་པས་ཀྱང༌། །རྫས་ཆོས་འཛིན་པ་སྲིད་མ་ཡིན། །འོན་ཀྱང་རྫས་རྣམས་ཐམས་ཅད་ལ། །དོན་ལ་གནས་དང་སེལ་ངོ་ཡི། །དངོས་པོ་རྣམ་པ་གཉིས་གཉིས་ཏེ། །ལྡོག་པ་སེལ་ངོ་ཁོ་ནར་ངེས། །ཁ་བ་ཅན་དུ་ཕྱིས་གྲགས་པའི། །རྫས་དང་ལྡོག་པའི་ཆོས་ཀྱི་ནི། །རྣམ་གཞག་འཛིན་པ་ལྟ་ཅི་སྨོས། །ཐོས་པར་གྱུར་ཀྱང་རྣ་བ་དགབ། །དེ་ཡིས་བློ་གྲོས་གསལ་ལྡན་པ། །རིགས་པའི་ལམ་དུ་མི་བཀྲི་ཞིང༌། །མདོ་དང་སྡེ་བདུན་མཛད་པ་ཡི། །གཞུང་ལུགས་འཇིག་པར་བྱེད་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། མཚན་ཉིད། དབྱེ་བ། དེའི་དོན་གཏན་ལ་ཕབ་པའོ། །དང་པོ་ནི། གཞན་རིགས་མི་མཐུན་གྱི་དངོས་པོ་ལས་ལོག་པའི་ལྡོག་པ་གཅིག་རྐྱང་དུ་རྟོག་པས་བཏགས་པ་དེ་སྤྱིའི་མཚན་ཉིད་དང༌། དེའི་སྟེང་དུ་རང་གི་དངོས་པོ་རིགས་མཐུན་ལས་ཀྱང་ལོག་པའི་ལྡོག་པ་གཉིས་ཚོགས་པར་རྟོག་པས་བཏགས་པ་དེ་བྱེ་བྲག་གི་མཚན་ཉིད་དོ། །དེ་སྐད་དུའང༌། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་ངོ་བོ་ཅན། །དེས་ན་ཐ་དད་མིན་ལྟ་བུར། །དེ་ཉིད་གཞན་ལས་ལོག་པར་ཡང༌། །སྣང་སྟེ་དེ་ལ་སྤྱི་དང་ནི། །གཞི་མཐུན་སྤྱོད་ཡུལ་ཅན་དག་གི །ཤེས་པ་དང་ནི་བརྗོད་པ་ཡིས། །ཐ་སྙད་ནོར་དོན་ཅན་རྒྱས་བྱེད། །ཅེས་གསུངས་སོ། །གཞི་མཐུན་དང་བྱེ་བྲག་ནི་མིང་གི་རྣམ་གྲངས་ཡིན་ལ། རེས་འགའ་ཁྱད་པར་ཞེས་ཀྱང་བྱའོ། །འདིར་དེ་ཁོའི་སྤྱི་ཡིན་པ་ལ་ཁོ་དེའི་བྱེ་བྲག་ཡིན་མི་དགོས་པ་ནི་གཙོ་བོའི་སྒྲ་དོན་དང༌། སྐྲ་ཤད་ཀྱི་དོན་སྤྱི་ལ་སོགས་པ་རྣམས་ཏེ། གཞི་མ་གྲུབ་པ་རྣམས་བྱེ་བྲག་ཏུ་མི་རུང་བས་སོ། །གཉིས་པ་དབྱེ་བ་ནི། ཐད་ཀའི་སྤྱི་བྱེ་བྲག་དང་ནི་གོང་མ་ཡི་སྤྱི་བྱེ་བྲག་གཉིས་གཉིས་ཡོད་དོ་ཞེས་པ་ནི། སེལ་ངོའི་དབང་དུ་བྱས་པ་སྟེ། ཡོད་ཙམ་མོ། །ཐད་ཀའི་བྱེ་བྲག་རྣམས་ནི་སེལ་ངོར་རྫས་ཐ་དད་པ་ཡིན་ཏེ། དུས་མཚུངས་པའི་ཤ་པ་ཙནྡན་གཉིས་རྟོག་པ་ལ་རྫས་ཕན་ཚུན་ཐ་དད་དུ་སྣང་བའི་ཕྱིར། གོང་མའི་བྱེ་བྲག་རྣམས་ནི་སེལ་ངོར་གཅིག་པ་བཀག་པ་ཡིན་ཏེ། གཅིག་དངོས་པོར་ཡོད་དུས་སུ། ཅིག་ཤོས་དངོས་པོར་མེད་པ་ཉིད་དུ་རྟོགས་པས་ཞེན་པའི་ཕྱིར། སྤྱིར་ཐ་དད་ལ་གཉིས་ཏེ། ཕན་ཚུན་ཐ་དད་པ་དང༌། གཅིག་པ་བཀག་པའི་ཐ་དད་དོ། །རྫས་ཐ་དད་ལ་ཡང༌། རྫས་ཕན་ཚུན་ཐ་དད་པ་དང༌། རྫས་གཅིག་པ་བཀག་པའོ། །དང་པོ་གཉིས་ནི། གཉིས་ཀ་ཐ་དད་པ་དང༌། རྫས་སུ་གྲུབ་པའོ། །ཕྱི་མ་གཉིས་ནི་གང་རུང་གཅིག་མེད་པ་དང༌། རྫས་སུ་མེད་པའོ། །གསུམ་པ་དེའི་དོན་གཏན་ལ་དབབ་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་གཉིས་ལས། དང་པོ་ལ། དགག གཞག སྤང་གསུམ་ལས། དང་པོ་ལ་ལུང་རིགས་གཉིས་ལས། དང་པོ་ལ། སྤྱི་བསལ་རྫས་ཐ་དད་དགག་པ་དང༌། རྫས་གཅིག་དགག་པའོ། །དང་པོ་ནི། ཁ་ཅིག་སྟེ་བྱེ་བྲག་པ་དག་ན་རེ། ཡོད་པ་ཉིད་ཅེས་བྱ་བ་ལྟ་བུ་སྤྱི་ཆེན་པོ་དང༌། བ་ལང་ཉིད་ཅེས་བྱ་བ་ལྟ་བུ་ཉི་ཚེ་བའི་སྤྱི་སྟེ། གཉིས་ཀ་ཡང་རྟག་ཅིང༌། རང་གི་བསལ་བ་རྣམས་དང་དངོས་པོ་ཐ་དད་པ། ཐག་པ་གཅིག་ལ་བ་ལང་གི་ཚོགས་བཏགས་པ་ལྟར། འདུ་བའི་འབྲེལ་པས་སྦྲེལ་བ་ཡིན་ནོ་ཞེས་འདོད། སྤྱི་བསལ་གཉིས་ཆོས་ཅན། དངོས་པོ་ཐ་དད་མ་ཡིན་ཏེ། ཡིན་ན་དེར་སྣང་དུ་རུང་བ་ལས་དེར་མེད་པ་སྟེ་མ་དམིགས་པའི་ཕྱིར། ཞེས་པས་ཁེགས་སོ། །གཉིས་པ་ལ་གསུམ་སྟེ། སྤྱི་གཅིག་བྱེ་བྲག་དུ་མ་དང་རྫས་གཅིག་པ་དགག སྤྱི་དུ་མ་བྱེ་བྲག་དུ་མ་དང་རྫས་གཅིག་པ་དགག མཚུངས་པའི་སྤྱི་དགག་པའོ། །དང་པོ་ལ། ཕྱོགས་སྔ་མ་ནི། གྲངས་ཅན་པ་སྤྱི་གཙོ་བོ་ཞེས་བྱ་བ་དེ་རང་གི་བསལ་བ་རྣམས་དང་མེ་ལ་ཚ་བ་ལྟར་དངོས་པོ་གཅིག་ཏུ་ཡོད་པ་ཡིན་ནོ་ཞེས་ཟེར་ཞིང༌། བོད་སྔ་མ་རྣམས་དངོས་པོར་གྱུར་པའི་སྤྱི་དང༌། དེའི་བྱེ་བྲག་རྣམས་རྫས་གཅིག་པ་ཡིན་ནོ་ཞེས་ཟེར། འདོད་པ་དེ་གཉིས་ཐུན་མོང་དུ་དགག་པ་ལ་གསུམ་སྟེ། སྣང་རུང་མ་དམིགས་པ། རྣམ་པར་བརྟགས་པ། ཧ་ཅང་ཐལ་བའོ། །དང་པོ་ནི། སྤྱི་བསལ་གཉིས་ཆོས་ཅན། རྫས་གཅིག་པ་མ་ཡིན་ཏེ། རྫས་གཅིག་ནའང་དེར་སྣང་དུ་རུང་དགོས་པ་ལས་སྣང་བ་མ་ཡིན་པའི་ཕྱིར། གཉིས་པ་ནི། དངོས་པོར་གྱུར་པའི་ཤིང་སྤྱི་དེ་ཆ་མེད་གཅིག་ཡིན་ནམ། བསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་ཆ་དུ་མ་དང་བཅས་པ་ཡིན། དང་པོ་ལྟར་ན། ཡུལ་དུས་རྣམ་པ་འགལ་བ་ཡི་བྱེ་བྲག་སྟེ་བསལ་བ་རྣམས་སྤྱི་ཆ་མེད་གཅིག་དང་བདག་གཅིག་ཏུ་འབྲེལ་ན། བསལ་བ་རྣམས་སྐྱེ་འཇིག་ངོ་བོ་གཅིག་ཏུ་འགྱུར་ཏེ། སྐྱེ་འཇིག་ཅིག་ཆར་དུ་བྱེད་པ་མིན་ན། ཆ་མེད་གཅིག་ལ་སྐྱེ་འཇིག་བྱེད་མི་བྱེད་ཀྱི་ཆ་གཉིས་འགལ་བས་སོ། །ངག་དོན་ནི། ཤིང་བསལ་རྣམས་ཆོས་ཅན། ཆ་མེད་གཅིག་ཏུ་ཐལ། རང་གི་སྤྱི་ཆ་མེད་གཅིག་དང་རྫས་གཅིག་པའི་ཕྱིར། འདོད་ན། སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ་ལོ། །དེ་སྐད་དུ་ཡང༌། ཐ་དད་པ། །མེད་ན་ཅིག་ཆར་སྐྱེ་འཇིག་འགྱུར། །ཞེས་གསུངས་སོ། །འདི་ལ་བོད་ཕྱི་མ་དག གྲུབ་བདེ་རྫས་གཅིག་ལ་ཁྱབ་པ་དེ་འཛིན་པ་ཡིན་གྱི། སྤྱིར་རྫས་གཅིག་ཙམ་ལ་ཁྱབ་པ་མ་ངེས་སོ་ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། རྫས་གཅིག་པ་ལ་གྲུབ་བདེ་གཅིག་པས་ཁྱབ་པའི་ཕྱིར་དང༌། དངོས་པོ་གཞིར་བྱས་ཀྱི་གྲུབ་བདེ་གཅིག་པ་ལ་རྫས་གཅིག་པའི་ཁྱབ་པ་མ་ངེས་པར་གཞུང་འགྲེལ་ལས་བཤད་པའི་ཕྱིར་ཏེ། ཚད་མ་དང་དེས་དྲངས་པའི་ངེས་ཤེས་གཉིས་གྲུབ་པ་དང་བདེ་བ་ཐ་མི་དད་པར་ཡང་ཡང་བཤད་པ་བཞིན་ནོ། །གསུམ་པ་ཧ་ཅང་ཐལ་བ་ལ། རིགས་པ་གསུམ་ལས། དང་པོ་ནི། སྤྱི་ཆ་མེད་གཅིག་དང་བྱེ་བྲག་རྣམས་རྫས་གཅིག་ན། བྱེ་བྲག་པས་འདོད་པའི་ཡན་ལག་ཅན་ཆ་མེད་ཇི་ལྟར་དགག ཅེས་འདྲིའོ། །སྐྱེས་བུའི་ལུས་ཆོས་ཅན། ཆ་མེད་གཅིག་མ་ཡིན་ཏེ། གཡོ་མི་གཡོ་ལ་སོགས་པའི་ཆ་དུ་མ་དང་བཅས་པའི་ཕྱིར། ཞེས་པས་སོ་ཞེ་ན། འོ་ན་ཤིང་སྤྱི་དངོས་པོ་བ་དེ་ཆོས་ཅན། ཆ་མེད་ཀྱི་དངོས་པོ་མ་ཡིན་ཏེ། བསལ་བ་དུ་མ་དང་རྫས་གཅིག་པའི་ཕྱིར། ཞེས་པས་ཁེགས་པར་མཚུངས་སོ། །རིགས་པ་གཉིས་པ་ནི། དབང་པོའི་ཤེས་པའང་ཆོས་ཅན། རྟོག་བཅས་ཉིད་དུ་ཐལ། སྤྱི་གཅིག་འཛིན་པའི་ཤེས་པ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། དོན་སྤྱི་འཛིན་པ་ལ་དེས་ཁྱབ་ཀྱང༌། རིགས་སྤྱི་འཛིན་པ་ལ་མ་ཁྱབ་སྟེ། དོན་སྤྱི་ཞེས་པ་ནི། བུམ་འཛིན་རྟོག་པ་ལ་བུམ་པར་སྣང་བ་ལྟ་བུ་ཡིན་ལ། རིགས་སྤྱི་ནི། རྟོག་པ་ལ་སྣང་ཙམ་དེ་མ་ཡིན་གྱི་ཤིང་ཙམ་དངོས་པོ་ལ་གནས་པ་དེའོ། །འདི་ལ་ནི་རྫས་སྤྱི་མ་ཞེས་ཟེར་རོ། །ཞེས་འཆད་དོ། །དེ་ལྟར་འདོད་པ་དེ་ནི། ཆུ་མ་ཡིན་པའི་རྒྱ་མཚོ་འདོད་པ་དང་མཚུངས་ཞེས་གསུང་ངོ༌། །རིགས་པ་གསུམ་པ་ནི། འགལ་བ་སྣང་མུན་ལ་སོགས་པ་ཀུན་ཀྱང་རྫས་གཅིག་ཏུ་འགྱུར་ཏེ། སྤྱི་ཆ་མེད་ཀྱི་དངོས་པོ་དང་རྫས་གཅིག་པའི་ཕྱིར་རོ། །གཉིས་པ་ནི། བརྟག་པ་སྔ་མ་ལྟར་ཁས་བླངས་ན་སུན་འབྱིན་བཞི་པོ་དེ་འཇུག་ཀྱང༌། བྱེ་བྲག་རེ་རེ་དང་འབྲེལ་བའི་སྤྱིའང་དུ་མ་ཡོད་དོ། །ཞེ་ན། སྤྱི་དང་བསལ་བ་གྲངས་མཉམ་དུ་འདོད་པ་མི་འཐད་དེ། འཐད་ན། སྤྱིའི་མཚན་ཉིད་ལྡོག་པ་ཆིག་རྐྱང་ཞེས་བྱ་བ་དེ་མི་འགྲུབ་པ་དང༌། ཁྱབ་བྱེད་བཀག་པས་ཁྱབ་བྱ་ཁེགས་པ་དང༌། ཁྱབ་བྱ་གཅིག་བསྒྲུབས་པས་ཁྱབ་བྱེད་མ་ལུས་པ་འགྲུབ་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པའང་འཇིག་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། རྩང་ནག་པ་ན་རེ། དངོས་པོ་གཞིར་བཅས་ཀྱི་སྤྱི་བསལ་ཐ་དད་དུ་ཁས་བླངས་ནས། རྫས་གཅིག་དང་ཐ་དད་གང་ཡང་མི་འདོད་ཀྱི། ཤིང་བསལ་རྣམས་ཡལ་ག་ལོ་འདབ་དང་ལྡན་པར་མཚན་ཉིད་མཚུངས་པ་ཙམ་ལ་ཤིང་སྤྱིར་བཞག་པ་དེ། བྱེ་བྲག་ཤིང་བསལ་རྣམས་ལས་ངོ་བོ་དབྱེར་མེད་དོ་ལོ། །དེ་དགག་པ་ལ་གཉིས་ཏེ། དོན་ལ་མཚུངས་པ་ཡོད་པ་དགག་པ་དང༌། བློ་ངོར་མཚུངས་པ་སྤྱི་ཡིན་པ་དགག་པའོ། །དང་པོ་ནི། མཚུངས་པ་སྤྱིར་འཇོག་ན། དོན་ལ་མཚུངས་པའམ། བློ་ངོར་མཚུངས་པ་གང་ཡིན། དང་པོ་ལྟར་ན། ཤིང་བསལ་རྣམས་མཚན་ཉིད་མཚུངས་པ་དེ་ཆོས་ཅན། དོན་ལ་མེད་དེ། རྟོག་པས་སྦྱར་བ་དེ་ཡིན་པའི་ཕྱིར། ཁྱབ་པ་ནི། རྟོག་པའི་བློ་ཆོས་དོན་ལ་མེད་དེ། དོན་ལ་འདྲ་བ་ཡོད་ན་ནི། སྔོན་མེད་པ་ཞིག་མཐོང་ནའང་འདྲ་བའི་བློ་སྐྱེ་བར་འགྱུར་བས་སོ། །གཉིས་པ་ནི། བརྟག་པ་ཕྱི་མ་ལྟར་ཁས་ལེན་ན། རྟོག་ངོར་མཚུངས་པ་ཙམ་སྤྱི་མ་ཡིན་ཏེ། རྟོག་ངོར་མཚུངས་པ་ལ་སེལ་ངོའི་དངོས་པོ་གཅིག་མི་སྲིད་ཅིང༌། སེལ་ངོའི་གཅིག་མ་ཡིན་པ་ལ་སྤྱི་སྒྲ་འཇུག་པ་མེད་པའི་ཕྱིར་ཏེ། བློ་ལ་སྤྱི་གཅིག་ཏུ་མ་ཤར་ན་མཚུངས་པར་རྟོག་ཀྱང་སྤྱིར་མི་རུང་བའི་ཕྱིར། གཞན་དུ་རུང་ན་ཤིང་དང་མཚུངས་པ་འོན་ཅིག་ཅེས་བརྗོད་པས་ཤིང་བསལ་གོ་བར་འགྱུར་ལ། དེ་ཡང་འདོད་ནུས་པ་མ་ཡིན་ཏེ། ཕྱོགས་རེ་འདྲ་བ་ནི་དངོས་པོ་ཀུན་ལ་ཡོད་ལ། ཕྱོགས་ཐམས་ཅད་འདྲ་བ་ནི་གང་ནའང་མེད་པའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་སྔའི་གཞུང་འདི་ལྟར། མཚན་ཉིད་མཚུངས་པའི་སྤྱི་གཅིག་པོ། །བྱེ་བྲག་རྣམས་དང་དབྱེར་མེད་ལོ། །ཞེས་འདོད་དགོས་ཏེ། གཞན་དུ་ན་སྤྱི་བསལ་རྫས་གཅིག་བཀག་པའི་ནང་དུ་འདུས་ཟིན་པའི་ཕྱིར། དེས་ན་འདི་དག་གིས་ནི་སྤྱིའི་ངོས་འཛིན་བཀག་པ་ཡིན་ལ། དེ་བཀག་པ་ན་བསལ་བ་དང་རྫས་གཅིག་ཀྱང་ཁེགས་མོད། ལོགས་སུ་དགག་དགོས་པ་མ་ཡིན་ཏེ། ཁྱད་གཞི་མི་སྲིད་པར་བསྟན་པ་ཉིད་ཀྱི་ཆོག་པའི་ཕྱིར་རོ། །གཉིས་པ་ལུང་དང་འགལ་བ་ནི། སྤྱི་དང་དངོས་པོའི་གཞི་མཐུན་ཁས་ལེན་པ་ནི། རིགས་པའི་རྒྱལ་པོས་གསུངས་པའི་རྣམ་གཞག་དང་ཡང་འགལ་བར་སྣང་སྟེ། སྤྱི་ནི་དངོས་མེད་ངོ་བོ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །འོ་ན་རང་ལུགས་ལ། སྤྱི་ཆ་བཅས་སུ་ཁས་ལེན་ནམ། ཆ་མེད་དུ་འདོད། དང་པོ་ལྟར་ན། བྱེ་བྲག་རེ་རེ་དང་འབྲེལ་བའི། །ཞེས་སོགས་ཀྱི་ཉེས་པ་འཇུག གཉིས་པ་ལྟར་ན། བསལ་བ་དང་ངོ་བོ་གཅིག་གམ། ཐ་དད། དང་པོ་ལྟར་ན། སྐྱེ་འཇིག་ངོ་བོ་གཅིག་ཏུ་འགྱུར། །ཞེས་སོགས་ཀྱི་ཉེས་པ་འཇུག གཉིས་པ་ལྟར་ན། སྤྱི་བསལ་འབྲེལ་མེད་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། སྤྱི་དང་དངོས་པོའི་གཞི་མཐུན་མེད་མོད། སེལ་ངོར་སྤྱི་ཆ་མེད་དེ་བསལ་བ་རྣམས་དང་དངོས་པོ་གཅིག་ཏུ་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་སྤྱི་བསལ་གྱི་འབྲེལ་པ་གྲུབ་ཅིང༌། སེལ་ངོར་དངོས་པོ་གཅིག་ཡིན་པ་ལ། སྐྱེ་འཇིག་ངོ་བོ་གཅིག་ཏུ་ཐལ་བ་སོགས་མི་འཇུག་སྟེ། སེལ་ངོ་འཁྲུལ་བའི་ཕྱིར་རོ། །འོ་ན་ཤིང་སྤྱི་ཆོས་ཅན། སེལ་ངོར་གཅིག་མ་ཡིན་ཏེ། སེལ་ངོར་རང་གི་བསལ་བ་ཐམས་ཅད་ལ་ཁྱབ་པའི་ཕྱིར་ཞེ་ན། ཁྱབ་པ་མ་ངེས་ཏེ། རྟོག་ངོར་དེ་མིན་ལ་དེར་སྣང་བས་འགལ་བ་འདུས་པར་སྣང་བའི་ཕྱིར། དེ་འདྲའི་རྟོག་པ་དེ་འཁྲུལ་ཡང༌། སྤྱི་ཆ་མེད་གཅིག་བསལ་བ་དུ་མ་ལ་རྗེས་འགྲོ་བྱེད་པར་བཞག་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། ཇི་སྐད་དུ། ཐ་དད་རྣམ་ལ་དགག་སྒྲུབ་ཀྱི། །བྱ་བ་ཕྱོགས་གཅིག་རྟོགས་པར་འགྱུར། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་རང་ལུགས་ནི། སྤྱི་དངོས་པོར་མེད་ན། ཁྱེད་རང་འདོད་པའི་སྤྱི་དེ་གང་ལ་བྱེད། དེ་འདྲ་དེ་ཁས་བླངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། བསྟན་བཅོས་མཛད་པ་པོ་ཆོས་ཅན། དེ་དོན་ལ་མ་གྲུབ་ཀྱང་དེའི་རྣམ་གཞག་བྱས་པ་ལ་དགོས་པ་ཡོད་དེ། སེལ་ངོར་དེ་མ་ཡིན་གྱི་རང་བཞིན་ལས་ལོག་པའི་ལྡོག་པ་གཅིག་རྐྱང༌། སེལ་ངོར་བསལ་བའི་དངོས་པོ་ཀུན་ལ་ཁྱབ་བྱེད་དུ་གྲུབ་པ་དེ་སེལ་བའི་སྤྱི་ཡིན་ཞིང༌། དེ་ལ་དོན་རང་མཚན་གྱི་སྤྱིར་འཁྲུལ་བ་དེ་ལ་བརྟེན་ནས་དགག་སྒྲུབ་ཀྱི་རྣམ་གཞག་བྱེད་བདེ་བའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ། སྤྱི་དོན་ལ་མེད་ན་གཞན་སེལ་གྱི་སྤྱི་ནི་སྒྲོ་བཏགས་ཡིན་པས། དངོས་པོར་མེད་པ་དེ་ལ་དགག་སྒྲུབ་ཀྱི་རྣམ་གཞག་གྲུབ་ཀྱང༌། དོན་རང་མཚན་དང་མ་འབྲེལ་བའི་ཕྱིར་འཇིག་རྟེན་དང་བསྟན་བཅོས་ཀྱི་ཐ་སྙད་ཐམས་ཅད་འཇིག་གོ་ཞེ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། དོན་རང་མཚན་དང་སེལ་བ་གཅིག་ཉིད་དུ་འཁྲུལ་ནས་ཡུལ་ལ་འཇུག་པ་ན། རང་གི་མཚན་ཉིད་ཐོབ་པ་ཙམ་གྱིས་ཚད་མའི་བྱ་བ་འགྲུབ་པ་ཡིན་པའི་ཕྱིར་ན་ཐ་སྙད་ཐམས་ཅད་འཐད་པས་སོ། །མཇུག་བསྡུ་བ་ནི། ཐ་དད་སྤྱི་འདོད་འུག་ཕྲུག་པ། །ཞེས་པ་ནི་བྱེ་བྲག་པའི་མིང་ཡིན་ལ། རྫས་གཅིག་ཡིན་ཞེས་གྲངས་ཅན་པ། །གངས་ཅན་པ་རྣམས་དེ་རྗེས་འབྲངས། །ཞེས་པ་གཉིས་པོ་སྤྱིའི་ངོས་འཛིན་མི་འདྲ་ཡང༌། སྤྱི་བསལ་དངོས་པོ་གཅིག་ཏུ་འདོད་པར་མཐུན་པའོ། །རིགས་སྤྱི་སེལ་བ་ཁོ་ནར་འདོད་པ་ནི། མཁས་པ་ཕྱོགས་གླང་ཡབ་སྲས་ཀྱི་ལུགས་ཡིན་ཀྱང༌། བོད་རྣམས་ཀྱིས་མ་ཤེས་ཏེ། སྤྱི་དང་དངོས་པོའི་གཞི་མཐུན་ཁས་བླངས་པའི་ཕྱིར། བྱེ་བྲག་པས། སྤྱི་དང་བྱེ་བྲག་རྫས་སུ་མི་འདོད་ཀྱང༌། དངོས་པོར་ཁས་བླངས་པས། དངོས་པོ་ཐ་དད་ལ་རྫས་ཐ་དད་ཀྱི་མིང་གིས་བཏགས་པ་དང༌། གྲངས་ཅན་པས། རྣམ་འགྱུར་རྣམས། རྫུན་པར་ཁས་བླངས་པས། རྫས་སུ་མི་འདོད་ཀྱང༌། ཐ་མི་དད་ཀྱི་དངོས་པོར་འདོད་པ་ལ་རྫས་གཅིག་ཅེས་བཏགས་པ་ཡིན་ནོ། །སྤྱི་བསལ་བརྟག་པའི་རབ་བྱེད་འདིར། །སྤྱི་དང་དངོས་པོའི་གཞི་མཐུན་པ། །ཁས་ལེན་མུ་སྟེགས་ལུགས་ཡིན་པར། །བསྟན་པས་སྡེ་བདུན་དགོངས་པ་འགྲུབ། །གཞུང་འདི་གོམས་པས་འདོན་རྣམས་ཀྱང༌། །ཤིང་བསལ་རང་མཚན་སོ་སོ་བ། །མིན་པའི་ཤིང་ཙམ་དངོས་པོ་ཞེས། །བྲག་ཆ་བཞིན་དུ་སྒྲོག་མིན་ནམ། །ཚད་མ་རིགས་པའི་གཏེར་ལས་སྤྱི་དང་བྱེ་བྲག་བརྟག་པའི་རབ་ཏུ་བྱེད་པ་སྟེ་གསུམ་པ་རྣམ་པར་བཤད་པའོ།།  །།གཉིས་པ་སྣང་བ་དང་སེལ་བའི་རྟོགས་ཚུལ་ལ་གསུམ་སྟེ། འཇུག་ཚུལ་སྤྱིར་བསྟན་པ། སོ་སོའི་རང་བཞིན་ངེས་པར་བྱ་བ། ཕན་ཡོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། རྟོག་མེད་ཀྱི་ཤེས་པ་ཐམས་ཅད་ཆོས་ཅན། སྣང་བའི་སྒོ་ནས་འཇུག་སྟེ། རང་མཚན་ཉིད་དམ། དེའི་རྣམ་པ་གསལ་བར་སྣང་བའི་ཕྱིར། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཐམས་ཅད་ཆོས་ཅན། སེལ་འཇུག་ཡིན་ཏེ། ཡུལ་གྱི་ཆ་གཞན་སེལ་བའི་ཚུལ་གྱིས་འཇུག་པ་ཡིན་པའི་ཕྱིར། གཉིས་པོ་དེ་དག་ཆོས་ཅན། རྣམ་པ་བཞིར་དབྱེ་རུང་སྟེ། སྣང་འཇུག་འཁྲུལ་བ་དང་མ་འཁྲུལ་བ། སེལ་འཇུག་ཕྱིན་ཅི་ལོག་པ་དང་མ་ལོག་པའི་དབྱེ་བས། རེ་རེ་ལ་གཉིས་གཉིས་སུ་འབྱེད་ནུས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྣང་འཇུག་བཤད་པ་དང༌། སེལ་འཇུག་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད། མཚན་གཞིའི་དབྱེ་བའོ། །དང་པོ་ནི། དོན་རང་མཚན་འཛིན་པའི་ཤེས་པའོ། །གཉིས་པ་ནི། སྣང་འཇུག་འཁྲུལ་པ་དང༌། མ་འཁྲུལ་བ་གཉིས་ལས། དང་པོ་ནི། མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཡིན་ལ། དེ་ལ་དབྱེ་ན། དབང་ཤེས་འཁྲུལ་པ་དང༌། ཡིད་ཤེས་བསླད་པ་གཉིས་སོ། །སྣང་འཇུག་མ་འཁྲུལ་བ་ལ་གསུམ་ལས། མཚན་ཉིད་ནི། རང་གི་མཚན་ཉིད་ཡོད་པ་གསལ་བར་འཛིན་པ་ཡིན་ལ། དབྱེ་བ་ནི། རང་རིག་དང༌། དོན་རིག་གཉིས་སོ། །གསུམ་པ་མཚན་གཞི་ལ་མཚན་ཉིད་སྒྲུབ་པ་ལ་གསུམ་སྟེ། ཡུལ་གྱི་གནས་ལུགས། བློའི་འཛིན་སྟངས། བློ་དོན་མཐུན་པའི་ཚུལ་ལོ། །དང་པོ་ནི། དངོས་པོ་རང་མཚན་རྣམས་ཆོས་ཅན། རྫས་གཅིག་ལ་དུ་མར་གནས་པ་མི་སྲིད་ཅིང༌། རྫས་དུ་མ་གཅིག་ཏུ་གནས་པ་མི་སྲིད་ལ། རྫས་གཅིག་པོ་དེ་ལ་གསལ་བ་སྟེ་སྣང་བའི་ཆ་དང༌། མི་གསལ་བ་སྟེ་ལྡོག་པའི་ཆ་གཉིས་སུ་དབྱེ་བ་མེད་དེ། དོན་ལ་གནས་པའི་དངོས་པོ་ཡིན་པའི་ཕྱིར། དེས་ན། དོན་སྟེངས་ན་བྱས་མི་རྟག་གཉིས་ཐ་དད་གཏན་མེད་དུ་གནས་སོ། །གཉིས་པ་ནི། མངོན་སུམ་ཐམས་ཅད་ཆོས་ཅན། རང་གི་ཡུལ་རྫས་གཅིག་ལ་ཐ་དད་དུ་སྣང་བ་མེད་ཅིང༌། ཐ་དད་ལ་གཅིག་ཏུ་སྣང་བ་མི་སྲིད་ལ། དོན་ལ་ཇི་ལྟར་གནས་པ་བཞིན་དུ་སྣང་བའི་ཕྱིར། དེ་ཆོས་ཅན། ཡུལ་ལ་རེས་འཇོག་བྱེད་པ་མེད་དེ། སྣང་བས་འཇུག་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། ཇི་ལྟར་མཐུན་པའི་ཚུལ། དེ་ཙམ་གྱིས་ཚད་མར་འགྲུབ་པ། དེས་ན་མངོན་སུམ་ཚད་མར་འཇོག་པ་ལ་ངེས་པ་མི་དགོས་པར་བསྟན་པའོ། །དང་པོ་ནི། བློ་མངོན་སུམ་དང་དོན་རང་མཚན་གནས་ཚུལ་ཕན་ཚུན་འཆོལ་བ་མེད་དེ། ཡུལ་ཕྱི་རོལ་གྱི་དོན་རང་མཚན་ལ་ཇི་ལྟར་གནས་པའི་སྟོབས་ཀྱིས་དབང་ཤེས་མ་འཁྲུལ་བ་སྐྱེས་པས་ན་གཟུང་དོན་རང་མཚན་མེད་ན་མི་འབྱུང་བར་ངེས་པའི་ཕྱིར། གཉིས་པ་ལ་གསུམ་ལས། རྟགས་དགོད་པ་ནི། གང་ལྷན་ཅིག་དམིགས་ངེས་ཡིན་ན། རང་གི་ཡུལ་ཅན་གྱི་མངོན་སུམ་དེ་རང་གི་ཆ་ཤས་ལ་ཚད་མར་འགྱུར་མི་འགྱུར་གྱི་ཆ་གཉིས་མེད་པས་ཁྱབ། དཔེར་ན། བཻ་དུརྻ་དང༌། དེའི་སྔོན་པོ་བཞིན། སྒྲ་དང་དེའི་མི་རྟག་པ་ཡང་ལྷན་ཅིག་དམིགས་ངེས་ཡིན་ནོ། །ཞེས་བྱ་བ་ནི། ཁྱབ་བྱེད་འགལ་བ་དམིགས་པའི་གཏན་ཚིགས་སོ། །གཉིས་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་ནི་ལྟོས་མེད་དང་གནོད་པ་ཅན་གྱིས་འགྲུབ་ལ། ཁྱབ་པའང་དཔེའི་སྟེང་དུ་མངོན་སུམ་གྱིས་སོ། །གསུམ་པ་རྩོད་པ་སྤང་བ་ནི། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་དོན་མེད་པར་འགྱུར་ཏེ། སྒྲ་འཛིན་པའི་མངོན་སུམ་གང་ཡིན་ཐམས་ཅད། སྒྲ་མི་རྟག་པ་ལ་ཚད་མར་སོང་བས་ཁྱབ་པའི་ཕྱིར། ཞེ་ན། ཚད་མར་སོང་ཡང༌། ངེས་པ་མ་དྲངས་པས་སྐྱོན་མེད་དོ། །འོ་ན་ངེས་པ་འདྲེན་བྱེད་ཀྱི་རྗེས་དཔག་བཅད་ཤེས་སུ་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཚད་མ་སྔ་མས་མི་རྟག་པ་རང་མཚན་བཟུང་ལ། ཕྱི་མས་མི་རྟག་པའི་གཞན་སེལ་འཛིན་པའི་ཕྱིར། གཉིས་ཀ་ཡང་འཇུག་ཡུལ་ནི་གཅིག་ལ་འཇུག་སྟེ། སྒྲ་མི་རྟག་པ་རང་མཚན་དེ་ཉིད་ལ་འཇུག་པས་སོ། །འོ་ན། ཕྱི་མ་འཇུག་ཡུལ་ལ་གསར་དུ་མི་སླུ་བ་མ་ཡིན་པར་འགྱུར་ཏེ། ཉེར་ལེན་ཚད་མ་སྔ་མས་དོན་དེ་ལ་མི་སླུ་བར་བྱས་ཟིན་པའི་ཕྱིར། སྙམ་ན། སྐྱོན་མེད་དེ། སྔ་མས་དེ་ལ་ངེས་པ་མ་དྲངས་པའི་ཕྱིར། གསུམ་པ་ལ་གསུམ་སྟེ། མངོན་སུམ་ཚད་མར་འགྱུར་བ་ངེས་པ་ལ་མི་ལྟོས་པ་དངོས་དང༌། དེ་ལ་རྩོད་པ་སྤང་བ། སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པའི་ཚུལ་ལོ། །དང་པོ་ནི། དེས་ན་མངོན་སུམ་ཚད་མ་ཡང་ཆོས་ཅན། ཚད་མར་འཇོག་པ་ལ་འཇུག་ཡུལ་ངེས་མི་དགོས་ཏེ། རྟོག་མེད་ཡིན་པའི་ཕྱིར། གཉིས་པ་ནི། འཇུག་ཡུལ་མ་ངེས་ན་ཚད་མར་འགལ་ཏེ། དེ་མ་ནུས་ན་དེ་ལ་དགག་སྒྲུབ་དང་བླང་དོར་བྱེད་མི་ནུས་པའི་ཕྱིར་ཞེ་ན། ལན་ལ་དངོས་དང༌། དེས་ན་མངོན་སུམ་དུ་འགལ་བའོ། །དང་པོ་ནི། ཚད་མས་རང་གི་འཇུག་ཡུལ་མ་ངེས་ན། དེས་འཇུག་ཡུལ་ལ་དགག་སྒྲུབ་བྱེད་མི་ནུས་པས་མ་ཁྱབ་སྟེ། མངོན་སུམ་ནི་དོན་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་ཀྱིས། དོན་དེ་ལ་ཚད་མར་གྲུབ་པ་ཡིན་ལ། མངོན་སུམ་དེའམ། ཚད་མ་གཞན་གྱི་སྟོབས་ཉིད་ལས་ངེས་པ་དྲངས་པའི་དབང་གིས་དགག་སྒྲུབ་བྱེད་པའི་ཕྱིར། དཔེར་ན། སྔོན་པོ་འཛིན་པའི་མངོན་སུམ་དེ། སྔོན་པོ་དང་དེའི་མི་རྟག་པ་གཉིས་ཀ་ལ་ཚད་མར་འདྲ་ཡང༌། མི་རྟག་ངེས་པ་གཞན་སྟོབས་ཀྱིས་དྲངས་ནས་དགག་སྒྲུབ་བྱེད་པ་བཞིན་ནོ། །འོ་ན། འདིར་གཉིས་ཀ་ལ་ཚད་མ་ཡིན་ན་གཉིས་ཀ་རྟོགས་སམ་ཞེ་ན། གཉིས་ཀ་ལ་མི་སླུ་བ་ཡིན་ཀྱང༌། རྟོགས་པ་མ་ཡིན་ཏེ། ཡིན་ལུགས་ལ་སྔོན་པོ་ཉིད་ཀྱང་མ་རྟོགས་ན། དེའི་མི་རྟག་པ་རྟོགས་པ་ལྟ་ཅི་སྨོས་པའི་ཕྱིར། གཉིས་པ་ནི། སྔོན་པོ་འཛིན་པའི་མངོན་སུམ་ཚད་མས་སྔོན་པོ་ལ་སྒྲོ་འདོགས་གཅོད་པའི་སྟོབས་ཀྱིས། སྔོན་པོ་རང་མཚན་ལ་ཚད་མར་འཇོག་དགོས་པ་མ་ཡིན་ཏེ། ངེས་བློ་མ་ཡིན་པས་ནི་སྒྲོ་འདོགས་མི་གཅོད་ལ། སྔོན་པོའི་ལྡོག་པ་སྟེ་སྔོ་མིན་རྣམ་པར་བཅད་ཙམ་ངེས་པའི་བློ་ནི་རྟོག་པ་ཡིན་པའི་ཕྱིར་རམ་རྒྱུ་མཚན་གྱིས་གཞན་སེལ་གྱི་ཡུལ་ཅན་ཡིན་པས་མངོན་སུམ་ཚད་མར་མི་རུང་བའི་ཕྱིར། དེ་ལྟ་ན་ཡང༌། འཇུག་ཡུལ་སྔོན་པོ་རང་མཚན་ལ་མི་སླུ་བ་ནི་ཡིན་ཏེ། དེའི་གཞན་སེལ་ལ་དེ་རང་མཚན་དུ་འཁྲུལ་ནས་ཞུགས་པས། འཇུག་ཡུལ་རང་མཚན་འཐོབ་པའི་ཕྱིར། ངེས་པ་དེ་ཆོས་ཅན། ཕྱིར་བལྟ་ལ་རྟོག་པ་ཡིན་ཡང༌། ནང་བལྟ་ལ་མ་ཡིན་ཏེ། ནང་དུ་རང་གི་ཤེས་རྣམ་རིག་པའི་ཚད་མར་འདོད་པའི་ཕྱིར། དེས་ན། མངོན་སུམ་ཚད་མ་ཉིད་ཀྱིས་འཇུག་ཡུལ་ལ་སྒྲོ་འདོགས་གཅོད་པ་མ་ཡིན་ཏེ། གང་ལ་ངེས་པ་ཡོད་པའི་བློ་དེས་སྒྲོ་འདོགས་བཅད་པ་ཡིན་པར་ཤེས་པར་བྱ་དགོས་པའི་ཕྱིར་རོ། །མདོར་ན། ངེས་པ་དང་ནི་སྒྲོ་འདོགས་ཀྱི་ཡིད་གཉིས་པོ་དེ་དག་ཆོས་ཅན། མངོན་སུམ་གྱི་དངོས་ཀྱི་ཡུལ་འཛིན་པ་མ་ཡིན་ཏེ། སེལ་བས་འཇུག་པའི་ཕྱིར། ཞེས་རིགས་པ་མཁྱེན་པས་གསུངས་པ་ཡིན་ནོ། །གསུམ་པ་སྣང་ཡུལ་ལ་སྒྲ་རྟོག་མི་འཇུག་པའི་ཚུལ་ལ་གསུམ་སྟེ། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བ། སྒྲ་བློ་རྣམ་གྲངས་པར་ཐལ་བ། ཉེས་པ་དེ་སྤངས་ན་སེལ་འཇུག་ཏུ་གྲུབ་པའོ། །དང་པོ་ནི། གལ་ཏེ་མངོན་སུམ་གྱིས་དྲངས་པའི་ངེས་པ་དེས་མངོན་སུམ་གྱི་དངོས་ཡུལ་མི་འཇལ་བའི་རྒྱུ་མཚན་གྱིས། མངོན་སུམ་ཚད་མས་འཇུག་ཡུལ་མ་ངེས་པར་འཇོག་པ་དེ་ལྟ་ན། དེས་དེ་འཇལ་བ་ལ་སྐྱོན་ཅི་ཡོད་ཅེ་ན། ངེས་པས་མངོན་སུམ་གྱི་ཡུལ་འཇལ་ན་སྐྱོན་ཡོད་དེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་རང་ཡུལ་སྣང་བས་འཇལ་ན་ནི་དགག་སྒྲུབ་ཅིག་ཆར་དུ་རྟོགས་པ་ཉིད་དུ་ཐལ་བར་འགྱུར་བར་རྣམ་འགྲེལ་མཛད་པས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྒྲ་བྱས་པར་ངེས་པའི་བློ་དང༌། མི་རྟག་པར་ངེས་པའི་བློ་གཉིས་པོས་དོན་རང་མཚན་དངོས་སུ་འཇལ་ན། བློ་གཅིག་གིས་བྱས་མི་རྟག་གཉིས་ཀ་འཇལ་དགོས་ཏེ། དོན་རང་མཚན་གྱི་ཡུལ་ཅན་རྣམས་ནི་ཡུལ་ལ་སྣང་བས་འཇུག་པའི་ཕྱིར། དེ་ལྟར་ན། བློ་གཉིས་པོ་རྣམ་གྲངས་པ་ཡིན་པར་འགྱུར་གྱི། བརྗོད་བྱ་དང་དགོས་པ་ཐ་དད་ཡོད་པ་མ་ཡིན་པར་ཐལ། དོན་རང་མཚན་གཅིག་ལ་མིང་དུ་མར་བཏགས་པ་ཙམ་ཡིན་གྱི། བློ་གཉིས་ཀས་གྲུབ་དོན་རང་མཚན་གཉིས་ཀ་འཇལ་བའི་ཕྱིར། འདིའི་ངག་དོན་ནི། སྒྲ་བྱས་པར་འཛིན་པའི་རྟོག་པ་དང༌། སྒྲ་མི་རྟག་པར་འཛིན་པའི་རྟོག་པ་གཉིས་བློ་རྣམ་གྲངས་པར་ཐལ། གཉིས་ཀས་གཉིས་ཀ་འཛིན་པའི་ཕྱིར། དཔེར་ན། ཟླ་བ་གཅིག་ལ་རི་བོང་ཅན་དང༌། བསིལ་ཟེར་ཅན་སོགས་མིང་དུ་མར་བཏགས་པའི་ཚེ་ན། མིང་དུ་མས་དོན་གཅིག་བུ་དེ་གོ་བའི་རྒྱུ་མཚན་གྱིས་མིང་རྣམ་གྲངས་པར་འཇོག་པ་བཞིན། འདོད་ན། དོན་སོ་སོ་ལ་མི་འཇུག་པར་འགྱུར་ཏེ། བློ་རྣམ་གྲངས་པ་ཡིན་པའི་ཕྱིར། དཔེར་ན། རི་བོང་ཅན་དང་བསིལ་ཟེར་ཅན་གྱི་མིང་གཉིས་དོན་སོ་སོ་ལ་མི་འཇུག་པ་བཞིན། འདོད་ན། བསལ་བྱ་སྒྲོ་འདོགས་སོ་སོ་མི་སེལ་བར་ཐལ་ལོ། །གསུམ་པ་ནི། དེ་གཉིས་བློ་རྣམ་གྲངས་པར་མི་འགྱུར་ཏེ། ཡུལ་གཉིས་པོ་ལྡོག་པ་ཐ་དད་པའི་ཕྱིར། ཞེ་ན། རྟོག་པས་རང་མཚན་མི་འཛིན་པར་གྲུབ་སྟེ། རྟོག་པ་སོ་སོའི་ཡུལ་ལྡོག་པས་འབྱེད་ན། སེལ་བ་ལ་དངོས་པོའི་མིང་གིས་བཏགས་པར་ཟད་ལ། དེ་ལ་སྣང་བར་རློམ་པ་འཁྲུལ་བའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། སྔོན་པོ་འཛིན་པའི་མངོན་སུམ་དང༌། །དེ་ཡིས་དྲངས་པའི་ངེས་པ་གཉིས། །སྔོན་པོ་རང་མཚན་གཅིག་ཉིད་ལ། །སྒྲོ་འདོགས་མེད་པར་མཚུངས་གྱུར་ཀྱང༌། །དངོས་ཀྱི་གཞལ་བྱ་སྣང་བ་དང༌། །ལྡོག་པ་གཞན་སེལ་འགལ་བ་ལ། །སྣང་བས་འཇུག་དང་སེལ་འཇུག་ཕྱིར། །མངོན་སུམ་ཚད་མས་ངེས་པ་མེད། །འོ་ན་མངོན་སུམ་གྱིས་དྲངས་པའི། །ངེས་པ་འཇུག་ཡུལ་རང་མཚན་ལ། །གསར་དུ་སླུ་བ་མེད་པའི་ཕྱིར། །ཚད་མར་ཧ་ཅང་ཐལ་ཞེ་ན། །ཐལ་བ་འདི་ནི་ཁྱེད་ཉིད་ཀྱི། །ཕྱོགས་ལ་ངེས་པར་འཇུག་པ་སྟེ། །སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི། །རིག་པ་ཡིན་པ་ཉིད་ཕྱིར་རོ། །ཉེར་ལེན་ཚད་མས་རང་སྟོབས་ཀྱིས། །ངེས་པ་དྲངས་པའི་འཇུག་ཡུལ་ལ། །འཇུག་ཕྱིར་གསར་དུ་མི་སླུ་མིན། །གཞན་བྱ་གསར་དུ་རྟོགས་གྱུར་ཀྱང༌། །འདི་ཡི་དངོས་ཀྱི་གཞལ་བྱ་ནི། །གཞན་སེལ་ཕྱིར་དང་གཏན་ཚིགས་ལ། །མ་བརྟེན་ཕྱིར་ན་མངོན་སུམ་དང༌། །རྗེས་དཔག་ཚད་མར་ཐལ་བ་མེད། །ཁྱེད་ཀྱི་ཕྱོགས་ལ་མངོན་སུམ་དང༌། །དེས་དྲངས་ངེས་ཤེས་གཞལ་བྱ་དང༌། །འཇུག་ཡུལ་གཅིག་ལ་འཇུག་པའི་ཕྱིར། །ཚད་མར་ཐལ་བ་ཟློག་མི་ནུས། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་སེལ་འཇུག་ལ་གསུམ་སྟེ། མཚན་ཉིད། དེའི་རང་བཞིན་ངེས་པར་བྱ་བ། གཞན་སེལ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དངོས་འགལ་བཅད་ནས་འཇུག་པ་ནི། གཞན་སེལ་བའི་ཡུལ་ཅན་གྱི་མཚན་ཉིད་ཡིན་པར་ཆོས་ཀྱི་གྲགས་པ་བཞེད་དོ། །གཉིས་པ་ལ་གཉིས་ཏེ། སེལ་བའི་རྣམ་གཞག་དང༌། དེའི་རབ་ཏུ་དབྱེ་བའོ། །དང་པོ་ནི། ཡུལ་གྱི་གནས་ལུགས་དངོས་མེད་དུ་བསྟན་པ་དང༌། སྒྲ་དང་རྟོག་པར་སྒྲོ་བཏགས་སུ་བཞག་པའོ། །དང་པོ་ནི། གཞན་སེལ་བ་ཆོས་ཅན། དངོས་པོ་འཛིན་པའི་མངོན་སུམ་གྱི་ཡུལ་དུ་མེད་དེ། རྟོག་པས་བཏགས་པ་ཡིན་པའི་ཕྱིར། དེ་ལྟ་ན་ཡང༌། སྐྲ་ཤད་སོགས་དང་མི་མཚུངས་ཏེ། ཁྱོད་ལ་རང་མཚན་དུ་འཁྲུལ་ནས་ཞུགས་པའི་རྟོག་པས་འཇུག་ཡུལ་རང་མཚན་འཐོབ་པ་སྲིད་པའི་ཕྱིར་རོ། །གཉིས་པ་ལ། བསྟན་པ་དང༌། དེ་ཉིད་བཤད་པའོ། །དང་པོ་ནི། གཞན་སེལ་ནི་རྟོག་པས་བཏགས་པ་ཡིན་ཏེ། དོན་རང་མཚན་གཅིག་དང་ཐ་དད་ལ་སེལ་བ་སྟེ་རྟོག་པའི་འཛིན་སྟངས་མུ་བཞི་སྲིད་པའི་ཕྱིར་རོ། །རྟོག་པས་ཇི་ལྟར་བཟུང་བ་ལྟར། བསྟན་བཅོས་སུ་དེའི་རྣམ་གཞག་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་རྣམ་གཞག་དང༌། རྫས་ཐ་དད་ལ་ལྡོག་པ་གཞན་སེལ་གཅིག་གིས་ཁྱབ་པའི་རྣམ་གཞག་ཤེས་དགོས་པའི་ཕྱིར། དེ་ལྟར་ཤེས་པའང་ཆོས་ཅན། དགོས་པ་ཡོད་དེ། རྟགས་དང་རྗེས་དཔག་གི་སྒོ་ནས་བླང་དོར་གྱི་གནས་བདེ་བླག་ཏུ་རྟོགས་པའི་བྱེད་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཐ་དད་ལ་གཅིག་ཏུ་སྒྲོ་འདོགས་པའི་ཚུལ་དང༌། གཅིག་ལ་ཐ་དད་དུ་སྒྲོ་འདོགས་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། སྒྲོ་འདོགས་པའི་རྒྱུ་མཚན། བློའི་རྣམ་པ། དགོས་པའོ། །དང་པོ་ནི། བསལ་བ་རང་མཚན་རྫས་ཐ་དད་པ་རྣམས་བྱ་བ་རིགས་གཅིག་བྱེད་པ་དང༌། དོན་བྱེད་ནུས་པ་ལྟ་བུའི་མཚན་ཉིད་གཅིག་གིས་ཁྱབ་པ་དེ་ཆོས་ཅན། རྟོག་པ་ལ་བསལ་བ་རང་མཚན་རྫས་ཐ་དད་པ་རྣམས་གཅིག་ཏུ་སྣང་བའི་རྒྱུ་ཡིན་ཏེ། དེ་ལ་དེར་སྣང་བ་ལ་ཕན་བཏགས་སྟོབས་ཀྱིས་དེ་ཁྱོད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། འཁོར་བ་པ་རྣམས་ཆོས་ཅན། རྫས་ཐ་དད་ལ་གཅིག་ཏུ་འཁྲུལ་བ་ཡོད་དེ། ཐོག་མ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས། ཤིང་བསལ་མཐའ་དག་ལ་ཤིང་ངོ་ཞེས་ཐ་དད་མ་ཡིན་པ་ལྟ་བུར་འཛིན་པའི་ཕྱིར་རོ། །གཉིས་པ་ནི། མུ་སྟེགས་བྱེད་ན་རེ། བསལ་བ་རྫས་ཐ་དད་དུ་མཚུངས་པ་ལ། འབྲས་བུའི་བློ་གཅིག་དང་ཐ་དད་སྐྱེ་བ་འགལ་ལོ་ཞེ་ན། འོ་ན་ཁྱེད་ལ་ཡང་དེ་འགལ་ལོ། །ཁོ་བོ་ཅག་གི་ཕྱོགས་ལ་སྤྱི་དངོས་པོ་བ་ཡོད་པའི་རྒྱུ་མཚན་གྱིས་མི་འགལ་ལོ། །དེ་དེའི་རྒྱུ་མཚན་མ་ཡིན་ཏེ། རྐྱེན་གསུམ་གྱིས་རྣམ་ཤེས་དང་ནི། སྨན་སོ་སོས་རིམས་ནད་གཅིག་ཞི་བར་བྱེད་པའི་ཕྱིར། དེས་ན་བསལ་བ་རྣམས་ཆོས་ཅན། རྫས་ཐ་དད་དུ་མཚུངས་པ་ཡིན་ཡང༌། འབྲས་བུ་གཅིག་དང་ཐ་དད་སྐྱེད་པའི་ཁྱད་པར་ཡོད་དེ། དེ་ལྟར་བྱེད་པའི་ནུས་པ་རང་བཞིན་གྱིས་ངེས་པའི་ཕྱིར། རྣམ་ཤེས་དང་ནི་སྨན་བཞིན་ནོ། །གསུམ་པ་དགོས་པ་ནི། ཤིང་བསལ་རྫས་ཐ་དད་པ་རྣམས་ལ། ཤིང་ཙམ་ཞེས་བྱ་བའི་སྤྱི་གཅིག་དོན་ལ་མེད་ཀྱང༌། སེལ་ངོར་ཁས་བླངས་པ་ཆོས་ཅན། དགོས་པ་ཡོད་དེ། ཤིང་བསལ་ཐ་དད་པ་རྣམས་ལ་དགག་སྒྲུབ་བྱ་བ་ཕྱོགས་གཅིག་ཏུ་རྟོགས་པར་འགྱུར་བའི་འབྲས་བུ་ཅན་ཡིན་པའི་ཕྱིར། གཉིས་པ་ལའང་གསུམ་ལས། སྒྲོ་འདོགས་པའི་རྒྱུ་མཚན་ནི། དོན་རང་མཚན་གྱི་སྒྲ་གཅིག་ལའང་ཆོས་ཅན། སེལ་ངོར་ལྡོག་པ་ཐ་དད་པ་དུ་མ་དབྱེར་རུང་སྟེ། གཞན་སེལ་སྤྱོད་ཡུལ་དུ་བྱེད་པའི་དོན་ལོག་པ་ཐ་དད་ལས་ལོག་པས་སོ། །གཉིས་པ་བློའི་རྣམ་པ་ནི། སྒྲ་བྱས་མི་རྟག་པ་གསུམ་པོ་ལ་རྗོད་བྱེད་ཀྱི་སྒྲའི་འཇུག་ཚུལ་ཐ་དད་པ་ལྟར། རྟོག་པའི་འཇུག་ཚུལ་ཡང་དོན་གཅིག་ལ་ཐ་དད་དུ་ཞེན་པ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང༌། དེའི་འབྲས་བུར་གྱུར་པའི་རྟོག་པ་ནི་འཇུག་ཚུལ་མཐུན་པའི་ཕྱིར་རོ། །གསུམ་པ་དགོས་པ་ནི། གཅིག་ལ་ལྡོག་པ་དུ་མ་རྣམ་པར་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། རྫས་གཅིག་ལ་གཅིག་ཏུ་མ་རྟོགས་པ་རྟོགས་པར་བྱེད་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། འདིར་ཕྱོགས་སྔ་མས་ནི། སྣང་སེལ་གྱི་བྱས་མི་རྟག་སོ་སོར་མི་འབྱེད་ཅིང༌། དེ་དག་གི་རང་ལྡོག་ནས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན། ཕྱོགས་ཕྱི་མས་ནི། སེལ་ངོའི་བྱས་མི་རྟག་ནི་ལྡོག་པ་ཡིན་པས་དངོས་མེད་ཁས་ལེན། སྣང་ངོའི་བྱས་པ་དང་མི་རྟག་པ་ལ་ནི། རིགས་པས་དཔྱད་པའི་ཚེ་རྫས་སྤྱི་མི་སྲིད་པས། གཟུགས་ཀྱི་བྱས་པ་གཟུགས་དང༌། སྒྲའི་བྱས་པ་སྒྲ་ཡིན་པ་ལ་སོགས་པར་ཁས་ལེན། མ་དཔྱད་པའི་རྣམ་གཞག་མངོན་པ་དང་མཐུན་པར་བཤད་ན། བྱས་མི་རྟག་དང༌། སྐྱེ་སོགས་ཀྱི་རང་ལྡོག་ནས་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གཞག་གོ །དེའི་ཕྱིར་སྒྲའི་བྱས་མི་རྟག་ལྡན་མིན་འདུ་བྱེད་དུ་འཆད་པ་ནི་རྣམ་འགྲེལ་མཛད་པའི་དགོངས་པ་མ་ཡིན་ཏེ། སྒྲ་འཛིན་མངོན་སུམ་ལ་སྣང་བའི་དོན་མཐའ་དག་མཉན་བྱ་མ་ཡིན་པར། དམ་བཅས་པའི་ཞེན་དོན་ལ་མངོན་སུམ་གྱིས་གནོད་པར་བཤད་པའི་ཕྱིར་རོ། །གཉིས་པ་གཞན་སེལ་གྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། དབྱེ་བ་མདོར་བསྟན། རང་མཚན་གཞན་སེལ་དུ་འདོད་པ་དགག དབྱེ་བ་སོ་སོའི་རྣམ་གཞག་རྒྱས་པར་བཤད་པའོ། །དང་པོ་ནི། གཞན་སེལ་ཆོས་ཅན། གཞུང་ལས་རྣམ་པ་གཉིས་སུ་བཤད་པ་ཡིན་ཏེ། རྟོག་པ་དོན་མཐུན་གྱིས་དངོས་པོར་ཡོད་པ་དང་མེད་པ་འཛིན་པའི་སྒོ་ནས། ཡོད་པ་གཞན་སེལ་དང་མེད་པ་གཞན་སེལ་གཉིས་སུ་ཕྱེ་ནས། རང་དོན་རྗེས་དཔག་གི་ལེའུར་བཤད་པས་སོ། །གཉིས་པོའི་དཔེ་ནི། བུམ་པའི་ཡུལ་ཅན་གྱི་རྟོག་པའི་དངོས་ཀྱི་གཞལ་བྱ་དང༌། ནམ་མཁའི་དངོས་ཀྱི་ཡུལ་ཅན་གྱི་རྟོག་པའི་གཞལ་བྱ་ལྟ་བུའོ། །ཡོད་པ་གཞན་སེལ་དང༌། མེད་པ་གཞན་སེལ་དེ་ཡང་ཆོས་ཅན། རེ་རེ་ལ་གཉིས་གཉིས་སུ་ཕྱེ་བ་ཡིན་ཏེ། ཡུལ་ཅན་སྒྲ་དང༌། བློ་རྟོག་པའི་དབྱེ་བ་ཡིས། དེ་ལྟར་འབྱེད་ནུས་པའི་ཕྱིར། དཔེ་ནི། བུམ་པ་དང་ནམ་མཁའ། ཞེས་བརྗོད་པའི་སྒྲ་གཉིས་ཀྱི་དངོས་ཀྱི་བརྗོད་བྱ་དང༌། དེ་འཛིན་རྟོག་པ་གཉིས་ཀྱི་དངོས་ཡུལ་ལྟ་བུའོ། །གཉིས་པ་ལ། དངོས་དང༌། དེའི་ཤེས་བྱེད་དོ། །དང་པོ་ནི། ཁ་བ་ཅན་པ་དག་ན་རེ། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་རང་མཚན་པ་དེ་གཞན་སེལ་ཡིན་ནོ། །ཞེས་ཟེར། བེམས་པོའི་དོན་རང་མཚན་ལ་གཞན་སེལ་དུ་འཇོག་པ་གཞུང་ན་མེད་དེ། གཞན་སེལ་ནི་བློ་རྟོག་པའི་འཇུག་ཚུལ་ལས་ཕྱེ་བ་ཡིན་པའི་ཕྱིར། གཉིས་པ་ལ། ཧ་ཅང་ཐལ་བ་གཉིས་ལས། དང་པོ་ནི། ཁྱེད་འདོད་པའི་དོན་གྱི་གཞན་སེལ་དེ་ཆོས་ཅན། སྣང་ཡུལ་དུ་འགྱུར་གྱི། སེལ་བ་ཡིན་པ་ཉམས་པར་ཐལ། རང་མཚན་ཡིན་པའི་ཕྱིར་རོ། །ཐལ་བ་གཉིས་པ་ནི། དོན་གྱི་སྟེང་ན་གཞན་སེལ་གནས་ན། སྣང་བའང་ཕྱི་རོལ་གྱི་དོན་ལ་ཡོད་པར་མཚུངས་ལ། དེ་འདོད་ན། ལོང་བ་རྒྱུན་ཆད་པར་འགྱུར་ཏེ། གཟུགས་གསལ་བར་སྣང་བ་དེ་བློའི་ཆོས་མ་ཡིན་པར་དོན་གྱི་ཆོས་སུ་གནས་པའི་ཕྱིར། གསུམ་པ་སོ་སོའི་རྣམ་གཞག་ལ་གསུམ་སྟེ། ཡོད་པ་གཞན་སེལ་བཤད་པ་དང༌། མེད་པ་གཞན་སེལ་བཤད་པ། དེ་གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ལས། དངོས་པོའི་གཞན་སེལ་ལ། མཚན་ཉིད་ནི། དགག་བྱ་དངོས་མེད་གཅོད་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་བཞག་པའི་ཆོས་སོ། །གཉིས་པ་དབྱེ་བ་ནི། ཡོད་པ་གཞན་སེལ་ཆོས་ཅན། འཇུག་ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། འཇུག་ཡུལ་རང་མཚན་སྣང་བའི་མངོན་སུམ་གྱིས་དྲངས་པའི་ངེས་པ་དང༌། དེ་མི་སྣང་བ་འཇུག་ཡུལ་ལྐོག་གྱུར་གྱི་དོན་སྤྱི་འཛིན་པའི་རྟོག་པས་བཞག་པའི་ཆོས་གཉིས་སུ་དབྱེ་ནུས་པའི་ཕྱིར། དེ་གཉིས་གཞན་སེལ་དུ་སྒྲུབ་པ་ནི། འཇུག་ཡུལ་རང་གི་མཚན་ཉིད་ཀྱི་རྣམ་པ་མངོན་སུམ་ལ་སྣང་བ་ལ། རྗེས་ཀྱི་ངེས་ཤེས་ཇི་སྙེད་པའི་ཡུལ་དུ་གྱུར་པ་ནི་ཆོས་ཅན། སེལ་བའི་ཆའི་ཡུལ་དུ་འགྱུར་བ་ཡིན་ཏེ། སྒྲ་དང་རྟོག་པས་ཕྱེ་བའི་ཆོས་ཡིན་པའི་ཕྱིར། འཇུག་ཡུལ་རང་གི་མཚན་ཉིད་ཀྱི་རྣམ་པ་མི་སྣང་བ་དེའི་དོན་སྤྱི་འཛིན་པ་རྟགས་ལ་ལྟོས་པའམ། མ་ལྟོས་ཀྱང་ངེས་པ་དེ་ཡི་ཡུལ་ཡང་ཆོས་ཅན། གཞན་སེལ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་དངོས་ཡུལ་ཡིན་པའི་ཕྱིར། ལྐོག་གྱུར་གྱི་གཞན་སེལ་ཆོས་ཅན། གསུམ་དུ་དབྱེ་ནུས་ཏེ། བདེན་པ་རྗེས་དཔག་དང༌། མི་བདེན་པ་ལོག་ཤེས་དང༌། མཐའ་གཉིས་པ་ཐེ་ཚོམ་སྟེ། རྟོག་པའི་འཇུག་ཚུལ་གསུམ་ཡོད་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་མེད་པ་གཞན་སེལ་ལ་གསུམ་ལས། མཚན་ཉིད་ནི་རང་གི་དགག་བྱ་དངོས་པོར་ཡོད་པ་རྣམ་པར་གཅོད་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་བཞག་པའི་ཆོས་སོ། །གཉིས་པ་དབྱེ་བ་ནི། མེད་པ་གཞན་སེལ་ཆོས་ཅན། རྣམ་པ་གཉིས་སུ་དབྱེར་རུང་སྟེ། དགག་བྱ་ཤེས་བྱ་ལ་ཡོད་པ་དང་མེད་པའི་སྒོ་ནས་སོ་སོར་འབྱེད་ནུས་པའི་ཕྱིར། གསུམ་པ་དབྱེ་ཚུལ་མི་འཐད་པའི་རྩོད་པ་སྤང་བ་ལ། དངོས་མེད་ལ་དངོས་པོ་ལྟར་དབྱེ་བ་མཚུངས་པའི་རྩོད་པ་སྤང་བ་དང༌། འདུས་མ་བྱས་དངོས་པོར་ཡོད་པའི་རྩོད་པ་སྤང་བའོ། །དང་པོ་ནི། དངོས་མེད་ཀྱི་གཞན་སེལ་ལའང་མངོན་གྱུར་ངེས་པའི་དང༌། ལྐོག་གྱུར་ངེས་པའི་གཞན་སེལ་གཉིས་སུ་འབྱེད་པར་མཚུངས་སོ། །ཞེ་ན། མཚུངས་པ་མ་ཡིན་ཏེ། དགག་བྱ་དངོས་པོ་བསལ་བ་ཙམ་གྱི་མེད་དགག་ལ་དངོས་མེད་ཅེས་ནི་བཏགས་པར་ཟད་པ་ཡིན་གྱི། དངོས་མེད་ཀྱི་ངོ་བོ་ཡོད་པ་མ་ཡིན་པས་སོ། །ཁྱབ་སྟེ། ངོ་བོ་མེད་པ་ནི་སྣང་བའི་སྒོ་ནས་ཤེས་བྱ་མ་ཡིན་པ་དེས་ནའོ། །དངོས་མེད་ཀྱི་ངོ་བོ་མེད་པ་མི་འཐད་དེ། དེ་ཉིད་དེའི་ངོ་བོར་གནས་པའི་ཕྱིར། དེ་ཙམ་གྱིས་མི་ཆོག་ན་དངོས་པོ་ལའང་ངོ་བོ་མ་གྲུབ་པར་མཚུངས་སོ། །ཞེ་ན། མཚུངས་པ་མ་ཡིན་ཏེ། དངོས་པོ་རང་གི་རྒྱུ་ལས་གྲུབ་པ་ནི་རང་གི་དགག་བྱ་དངོས་མེད་བཀག་པ་ལ་ལྟོས་མི་དགོས་པས་རྟོག་མེད་ཀྱི་ཤེས་པས་སྣང་ཡུལ་དུ་བྱེད་ནུས་ལ། དངོས་མེད་ནི་རྒྱུ་ཡིས་མི་སྐྱེད་པས། བློ་རྟོག་པའི་ངོར་དགག་བྱ་དངོས་པོ་བཀག་ནས་སེལ་བས་སྒྲུབ་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རི་བོང་གི་རྭ་སོགས་ལ་ངོ་བོ་མེད་མོད་ཀྱི། འདུས་མ་བྱས་གསུམ་དང༌། འཁྲུལ་ཡུལ་དོན་སྤྱི་དང༌། མེད་པ་བསལ་བ་གཉིས་པོ་དེར་སྣང་བའི་ཤེས་པ་ཉམས་སུ་མྱོང་བའི་རང་རིག་གི་སྟོབས་ཉིད་ལས། དེའི་འཇུག་ཡུལ་འདུས་མ་བྱས་གསུམ་དང༌། འཁྲུལ་ཡུལ་གཉིས་པོའི་ངོ་བོ་ཡོད་པར་གྲུབ་བོ། །ཞེ་ན། འདུས་མ་བྱས་གསུམ་དང་འཁྲུལ་ཡུལ་གཉིས་ལ། རང་གི་ངོ་བོ་སྣང་བའི་སྒོ་ནས་འཇལ་བའི་ཚད་མ་མེད་དེ། དེ་དང་དེར་རྟོག་པ་ལ་སྣང་བ་དེ་ནི་ཤེས་པ་ཡིན་ལ། དེ་ལས་ཕྱི་རོལ་དུ་འདོད་ཅིང་བཏགས་པའི་ཆ་ནི་དངོས་པོའི་ཡུལ་ཅན་གྱི་ཚད་མས་གཞལ་མི་ནུས་པ་དེས་ནའོ། །གལ་ཏེ། ནམ་མཁའ་དངོས་པོར་མེད་ན། འཇིག་རྟེན་དང་བསྟན་བཅོས་གཉིས་དང་འགལ་ལོ། །ཞེ་ན། འཇིག་རྟེན་ན་གྲགས་པའི་རྒྱན་དང་བུ་གའི་ནམ་མཁའ་ཉིད་ནམ་མཁའ་དངོས་པོར་ཡོད་པའི་སྒྲུབ་བྱེད་མ་ཡིན་ཏེ། སྟེང་གི་སྔོན་པོར་སྣང་བ་ནི་ཁ་དོག་ཡིན་པས་ནམ་མཁར་མི་རུང་ལ། ཁང་པ་ལ་སོགས་པའི་བུ་ག་ནི་ཐོགས་བཅས་ཀྱི་གཟུགས་མ་མཐོང་བ་ཙམ་གྱི་མེད་དགག་ལ་དེར་བཏགས་པ་ཙམ་ཡིན་པའི་ཕྱིར། བསྟན་བཅོས་དང་འགལ་བ་མེད་དེ། ནམ་མཁའ་རང་མཚན་དུ་མེད་པའི་ཕྱིར་ན་མངོན་སུམ་གྱིས་མི་འགྲུབ་ཅིང༌། ནམ་མཁའ་དང་དངོས་པོ་ལ་འབྲེལ་བ་མེད་པའི་ཕྱིར་རམ། རྒྱུ་མཚན་གྱིས། ནམ་མཁའ་དངོས་པོར་སྒྲུབ་པའི་རྗེས་དཔག་མེད་པ་དེས་ན། ནམ་མཁའ་ཡོད་དོ་ཞེས་སྒྲུབ་པ་ལ་ཚད་མ་མེད་པའི་ཕྱིར་རོ། །གལ་ཏེ། འདུས་མ་བྱས་རྣམས་དངོས་པོར་མ་གྲུབ་ན། རྟག་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྟག་པའི་འཇོག་མཚམས། མུ་སྟེགས་བྱེད་དང༌། ཉན་ཐོས་ཀྱི་རྟག་སྨྲ་གཉིས་པོ་ནི། རྟག་པའི་དངོས་པོ་ལ་འདོད་མོད། ཆོས་ཀྱི་གྲགས་པ་ནི། མི་རྟག་པ་ལོག་ཙམ་གྱི་མེད་པ་གཞན་སེལ་ལ་རྟག་པའི་ཐ་སྙད་འདོགས་པའི་ཕྱིར་རོ། །ངག་དོན། ནམ་མཁའ་ཆོས་ཅན། དངོས་པོ་མ་ཡིན་ཀྱང་རྟག་པའི་ཐ་སྙད་འདོགས་སུ་རུང་སྟེ། དགག་བྱ་ཐོགས་བཅས་བཀག་ཙམ་གྱི་གཞན་སེལ་ཡིན་པའི་ཕྱིར། སྐབས་འདིར། འགྲེལ་པ་ལས་རྟག་མི་རྟག་གཉིས་ཀ་དངོས་པོར་གསུངས་པའི་དགོངས་དོན་ནི། རྟག་པའི་སྒྲ་འཇུག་པ་ནི་གཉིས་ཏེ། རྟག་པ་ཙམ་དང༌། རྟག་པ་ཉིད་ཅེས་བྱའོ། །དང་པོ་ནི། མི་རྟག་པ་བཀག་ཙམ་གྱི་ལྡོག་པ་གཞན་སེལ་ལོ། །གཉིས་པ་ནི། དགག་བྱ་དེ་བཀག་ཤུལ་དུ་འཕངས་པའི་མ་ཡིན་པར་དགག་པ་སྟེ་རྟག་པའི་དངོས་པོའོ། །འཇོག་མཚམས་དང་པོའི་རྟག་པ་དང་དངོས་པོ་འགལ་ཡང༌། འཇོག་མཚམས་གཉིས་པ་ལ་རྟག་པ་ཉིད་ལ་དངོས་པོས་ཁྱབ་པ་ཡིན་ཏེ། ཉིད་ཅེས་བྱ་བ་དངོས་པོའི་རྐྱེན་དུ་བཤད་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། དབང་ཤེས་ཀྱི་དངོས་ཡུལ་ལ་གཞན་སེལ་མི་སྲིད་དེ། དབང་ཤེས་ནི་སྐུགས་པ་མིག་ཅན་དང་འདྲ་བས། དོན་རང་མཚན་གསལ་བར་སྣང་ཡང་འདིའོ་སྙམ་དུ་མི་འཛིན་པའི་ཕྱིར། གཞན་སེལ་ནི་རྟོག་པའི་དངོས་ཡུལ་ཁོ་ན་ལ་བཞག་སྟེ། རྟོག་པ་ནི་ལོང་བ་སྨྲ་མཁས་དང་འདྲ་བར་རང་མཚན་གསལ་བར་མི་སྣང་ཡང་འདིའོ་སྙམ་དུ་འཛིན་པའི་ཕྱིར། དེ་ལྟ་ན་ཡང༌། མངོན་སུམ་གྱིས་མཐོང་བའི་དོན་ལ་རྟོག་པས་སྒྲོ་འདོགས་གཅོད་པ་ཡིན་ཏེ། རང་རིག་དབང་པོ་ཚང་བའི་སྐྱེས་བུ་དང་འདྲ་བ་ཡིས། རང་མཚན་དང་ལྡོག་པ་གཉིས་པོ་དེའི་བརྡ་སྤྲོད་པར་བྱེད་པ་སྟེ་རང་མཚན་ལ་ངེས་པ་འདྲེན་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། ཤེས་བྱ་ཇི་སྙེད་དངོས་པོ་དང༌། །དངོས་པོ་མེད་པ་གཉིས་སུ་བསྡུ། །དངོས་པོ་སྣང་དང་སེལ་ངོ་གཉིས། །དངོས་མེད་སེལ་ངོ་ཁོ་ནར་བཞག །སྣང་བ་དངོས་པོ་ཁོ་ན་སྟེ། །སེལ་བ་ལ་ནི་སེལ་ངོ་ཡི། །དངོས་དང་དངོས་མེད་རྣམ་གཉིས་པོ། །ཡོད་དང་མེད་པའི་གཞན་སེལ་ལོ། །དེ་ཕྱིར་སེལ་ངོའི་ཆོས་ཐམས་ཅད། །ཡོད་མེད་གཞན་སེལ་གཉིས་སུ་བསྡུས། །མེད་པ་གཞན་སེལ་མེད་དགག་ཏུ། །བཤད་པ་ལྟར་ན་ཤེས་བྱ་སོགས། །མ་ཡིན་དགག་པའི་ཁྱད་པར་འགའ། །གཉིས་པོར་བསྡུ་ནུས་མིན་པ་ཡི། །ཕུང་གསུམ་པ་རྣམས་དངོས་པོ་དང༌། །དངོས་མེད་དང་ནི་གཉིས་ཀ་ལ། །བརྟེན་པའི་སྒྲ་དོན་ཞེས་བྱ་བ། །རྣམ་གསུམ་བཤད་པ་དེར་བསྡུས་སོ། །ཞེས་སྦྱར་བ་ཡིན་ནོ། །གསུམ་པ་གཞན་སེལ་ལ་རྩོད་པ་སྤང་བ་ལ་ལྔ་སྟེ། སྤྱི་མེད་ན་བརྡ་སྦྱོར་བ་རྒྱུ་མེད་དུ་ཐལ་བའི་རྩོད་པ་སྤང་བ། གཞན་སེལ་ལ་བརྡ་སྦྱོར་ན་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའི་དང༌། བསལ་བྱ་མེད་པ་ལ་སེལ་བས་འཇུག་པ་མི་འཐད་པའི་དང༌། ལྡོག་པ་དངོས་པོར་གྲུབ་མ་གྲུབ་བརྟགས་པའི་དང༌། སྤྱི་དངོས་པོ་བ་མེད་ན་གཞི་མཐུན་མི་སྲིད་པའི་རྩོད་པ་སྤང་བའོ། །དང་པོ་ནི། བྱེ་བྲག་པ་ན་རེ། སྤྱི་དངོས་པོ་བ་མེད་པའི་ཕྱིར་ན། སྤྱི་དེའི་སྒྲ་འཇུག་པ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །ཞེ་ན། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། འཇུག་ཡུལ་གྱི་དབང་གིས་ཚུར་བཞག་པ་ལ་ལྟོས་པ་མེད་དེ། བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར། དེ་ལྟ་ཡིན་ན། ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་ཐ་དད་དུ་ཕྱེ་བ་དོན་མེད་པར་འགྱུར་རོ་ཞེ་ན། སྒྲ་དངོས་དབང་གིས་མི་འཇུག་ན། དེ་གཉིས་ཐ་དད་དུ་ཕྱེ་བ་མི་འཐད་མི་དགོས་ཏེ། དོན་གྱི་ངོ་བོ་ནོག་སོགས་འདུས་པའི་གོང་བུ་གཅིག་ཉིད་ལ། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་བརྗོད་འདོད་ཀྱི་སྟོབས་ཀྱིས། བ་ལང་ཉིད་ཅེས་ཆོས་བརྗོད་ཀྱི་སྒྲ་དང༌། བ་ལང་ཞེས་པ་ཆོས་ཅན་བརྗོད་པའི་སྒྲ་གཉིས་སྦྱར་བ་ཡིན་པས་སོ། །འདིར་དོན་ནི། བ་ལང་ཉིད་ཅེས་བརྗོད་པ་ནི་ཁྱད་གཞི་བ་ལང་ལ་ལྟོས་པའི་ཆོས་བརྗོད་ཡིན་ཏེ། དེ་ལ་ལྟོས་པའི་ལྡོག་པ་གཞན་སེལ་བརྗོད་པའི་སྒྲ་ཡིན་པས་ཁྱད་གཞི་དེ་བརྗོད་བྱར་མི་སྤོང་ཞིང༌། དེའི་སྟེང་གི་ལྡོག་པའི་ཁྱད་པར་གཞན་སྤོང་བའི་ཕྱིར། དེའི་ཤེས་བྱེད་ཀྱང༌། ཁྱད་གཞི་བ་ལང་གི་སྟེང་གི་རང་མ་ཡིན་པ་རྣམ་པར་བཅད་ལྡོག་དེ་བློ་ཡུལ་དུ་འཕེན་ཞིང༌། དེའི་སྟེང་གི་ཤེས་བྱ་མ་ཡིན་པ་བཅད་པ་སོགས་ལྡོག་པའི་ཁྱད་པར་གཞན་བློ་ཡུལ་དུ་མི་འཕེན་པའི་ཕྱིར་རོ། །བ་ལང་ཞེས་བརྗོད་པ་ནི། ཁྱད་ཆོས་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པ་ཡིན་ཏེ། དེ་ལ་ལྟོས་པའི་ལོག་པ་བརྗོད་པའི་སྒྲ་ཡིན་པས། ཁྱད་པར་དེ་ཉིད་བློ་ཡུལ་དུ་འཕེན་པར་མ་ཟད། ལྡོག་པའི་ཁྱད་པར་གཞན་ཡང་བརྗོད་བྱར་མི་སྤོང་བའི་ཕྱིར། དེས་ན། སྒྲ་དེ་གཉིས་ཀ་བརྗོད་བྱའི་དོན་གཅིག་ལ་འཇུག་པ་ཡིན་ཏེ། དངོས་ཀྱི་བརྗོད་བྱ་བ་ལང་མ་ཡིན་པ་རྣམ་པར་བསལ་ཙམ་གྱི་ལྡོག་པ་དང༌། ཞེན་པའི་བརྗོད་བྱ་བ་ལང་རང་མཚན་ལ་འཇུག་པར་དོན་མཚུངས་པའི་ཕྱིར། དོན་གཅིག་པ་དེ་ལྟ་ན། གང་རུང་གཅིག་བརྗོད་པས་ཆོག་མོད། བ་ལང་གི་བ་ལང་ཉིད་ཅེས་བརྗོད་པ་དོན་མེད་དོ་ཞེ་ན། དེ་ལྟར་བརྗོད་པ་ལ་དགོས་པ་ཡོད་དེ། ཆོས་ཅན་བ་ལང་གི་སྟེང་གི་ཆོས་རང་མ་ཡིན་རྣམ་པར་བཅད་ལྡོག་དེ་ཤེས་པར་འདོད་པའི་ཚེ་རྣམ་དབྱེ་དྲུག་པའི་སྦྱོར་ཚུལ་དེ་ལྟར་བྱེད་དགོས་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། དེ་ལའང་གཞན་ལས་ལོག་པ་དང༌། ཞེས་པ་ནས། དེ་ལས་ཁྱད་པར་གཞན་མེད་དོ། །ཞེས་པའི་བར་གསུངས་པ་ཡིན་ནོ། །བྱེ་བྲག་པ་ལྟར་ན་ནི། བ་ལང་ཉིད་ཅེས་པ་ནི། སྤྱི་ཡིན་པའི་ཕྱིར་དངོས་པོ་ཡིན་ཀྱང༌། རྫས་མ་ཡིན་པས་ཆོས་དང༌། བ་ལང་ནི་རྫས་ཁོ་ན་ཡིན་པས་ཆོས་ཅན་ཡིན་ལ། རྫས་དང་སྤྱི་ནི་དངོས་པོ་ཐ་དད་པའི་རྒྱུ་མཚན་གྱིས། བ་ལང་གི་བ་ལང་ཉིད་ཅེས་པའི་སྒྲ་སྦྱོར་བར་འདོད་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཕྱི་ནང་གཉིས་ཀྱི་ཁྱད་པར་ཡིན་ལ། སྡེ་བདུན་མཛད་པའི་ལུགས་ལ། སྒྲའི་མི་རྟག་པ་ཞེས་བརྗོད་པ་དེ། ཁྱད་པར་གཞན་སྤོང་གི་སྒྲ་དང༌། སྒྲ་མི་རྟག་པ་ཞེས་བརྗོད་པ་དེ། ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན་མོད། དེའི་ཚེ་ནི་གཉིས་པོ་དེ་ཕན་ཚུན་དུ་ཆོས་ཆོས་ཅན་དུ་སྦྱོར་བ་ནི་མ་ཡིན་ཏེ། དེ་ལྟར་བརྗོད་པ་གཉིས་ཀའི་ཚེ་ཡང༌། མི་རྟག་པ་ཆོས་དང༌། སྒྲ་ཆོས་ཅན་དུ་འཇོག་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །སྒྲ་གཉིས་ཀྱི་ཁྱད་པར་འཇོག་པའི་སྐབས་འདིར། ཆོས་ཅན་དུ་རྫས་ལྡོག་གང་བཞག་ཀྱང་འདྲ་ལ། ཆོས་ནི་ལྡོག་ཆོས་ཁོ་ནར་བཞག་དགོས་ཏེ། ཆོས་ཅན་དེ་ལ་ལྟོས་པའི་རིགས་སྤྱི་ཡིན་པ་ཞིག་ངེས་པར་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། རྒྱལ་དཔོག་པ་ན་རེ། དངོས་འགལ་ཤིང་མ་ཡིན་གཅོད་པའི་གཞན་སེལ་ལ་ཤིང་གི་སྒྲ་སྦྱོར་བར་འདོད་པ་དེ་ནི་མི་འཐད་དེ། དེ་ལྟ་ན། ཤིང་དང་ཤིང་མ་ཡིན་གཉིས་རྟོགས་པ་ཕན་ཚུན་བརྟེན་པར་ཁས་ལེན་དགོས་པའི་ཕྱིར་ཏེ། ཤིང་གི་བརྡ་སྦྱོར་བ་ལ་ཤིང་མ་ཡིན་སེལ་དགོས། ཤིང་མ་ཡིན་གྱི་བརྡ་སྦྱོར་བ་ལ་ཤིང་སེལ་དགོས་པར་ཁས་བླངས་པས་སོ། །དེའི་ཕྱིར་དངོས་ཀྱི་འགལ་ཟླ་གང་རུང་གཅིག་མ་གྲུབ་པས། གཉིས་ཀ་ངོས་ཟིན་པ་མེད་པར་ཐལ་བ་དེས་ན། སྒྲ་གཞན་སེལ་ལ་སྦྱོར་བ་མི་སྲིད་དོ་ལོ། །ལན་ལ་གཉིས་ཏེ། མགོ་མཚུངས་དང༌། དངོས་པོའི་ལན་ནོ། །དང་པོ་ནི། རང་མཚན་ལ་བརྡ་དངོས་སུ་སྦྱོར་བར་འདོད་པ་ཁྱེད་ཀྱང༌། ཤིང་ཞེས་པའི་སྒྲས་དངོས་འགལ་ཤིང་མ་ཡིན་མི་གཅོད་ན། ཤིང་དེའི་ངོ་བོ་རྟོགས་པ་མི་སྲིད་ལ། གཅོད་ན་འགལ་ཟླ་ཤིང་མིན་ལ་རྟོགས་པར་ཤིང་མི་རྟོགས་པས། ཐ་སྙད་ཐམས་ཅད་མེད་པར་འགྱུར་རོ། །ཕྱིར་རྒོལ་བ་ན་རེ། དངོས་འགལ་ཤིང་མ་ཡིན་བསལ་ནས་ཤིང་གི་དངོས་པོ་དེ་མི་སྒྲུབ་ཀྱི། འོན་ཀྱང༌། ཡལ་ག་ལོ་འདབ་དང་ལྡན་པ་ཅིག་མཐོང་བས་དེ་ལ་ཤིང་གི་བརྡ་བྱེད་ལ། ཐ་སྙད་ཀྱི་དུས་སུའང་དངོས་པོ་དེ་ཉིད་རྟོགས་ཤིང་གོ་བ་ཡིན་ནོ། །ཞེ་ན། བརྡ་གཞན་སེལ་ལ་སྦྱོར་བར་གྲུབ་སྟེ། བརྡའི་དུས་ན་འདི་ཁོ་ན་ཤིང་ཡིན་ཞེས་ཤིང་མ་ཡིན་མ་བཀག་ན་ནི་ཐ་སྙད་ཀྱི་དུས་སུ་ཤིང་མི་འགྲུབ་ལ། གལ་ཏེ། འདི་ཁོ་ན་ཤིང་ཡིན་ཞེས་ཤིང་མ་ཡིན་བཀག་ན་ཐ་སྙད་ཀྱི་དུས་སུ་ཤིང་འགྲུབ་མོད། འོན་ཀྱང༌། དེ་འདྲ་དེ་ནི་བརྡ་གཞན་སེལ་ལ་སྦྱོར་བ་ཉིད་ཡིན་པའི་ཕྱིར། དངོས་པོའི་ལན་ནི། རྣམ་འགྲེལ་མཛད་པ་ཆོས་ཅན། རང་ལུགས་ཀྱི་བརྡ་སྦྱོར་ཚུལ་ལ་རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པ་མི་འཇུག་སྟེ། བརྡའི་སྔ་རོལ་དུ་ཡལ་ག་ལོ་མ་དང་ལྡན་པ་མངོན་སུམ་གྱིས་མཐོང་ནས། དེ་ལ་ཤིང་གི་བརྡ་བྱེད་ལ། བརྡ་དེ་ནི་རིགས་ལ་སྦྱོར་བར་བྱེད་ཅིང༌། རིགས་དེ་ནི་གཞན་སེལ་ལས་གཞན་མ་ཡིན་པའི་ཕྱིར། འདིའི་ངག་དོན་ནི། ཐོག་མར་ཐ་སྙད་ངེས་པར་བྱས་ནས། དེའི་འོག་ཏུ་དོན་ངེས་པར་བྱེད་དགོས་ན། བརྡ་སྦྱོར་ཚུལ་འདི་ལ་སྐྱོན་དེ་འཇུག་ཀྱང༌། ཐོག་མར་དོན་མངོན་སུམ་གྱིས་གྲུབ་ཟིན་པའི་འོག་ཏུ་བརྡ་སྦྱོར་བ་ཡིན་པས། ཕན་ཚུན་བརྟེན་པའི་ཉེས་པ་དེ་མི་འཇུག ཅེས་བྱ་བའི་དོན་ཏེ། ཇི་སྐད་དུ། ཐ་དད་པར་ནི་ཤེས་འགྱུར་བས། །ཐ་དད་པ་ལ་སྐད་སྦྱོར་ཏེ། །ཞེས་གསུངས་པས་སོ། །བརྡ་གཞན་སེལ་གྱི་སྒོ་ནས་སྦྱོར་བ་དེ་ལྟ་ན། དགག་ཚིག་དངོས་སུ་མི་སྦྱོར་བ་ཅི་ཞེ་ན། ཚིག་ཀུན་ཆོས་ཅན། ངེས་གཟུང་གི་སྙིང་པོ་ཅན་ཡིན་ཏེ། དོན་མ་ཡིན་པ་གཞན་ལས་ཟློག་ནས་རང་གི་དོན་དེར་འཇུག་པའི་ཕྱིར། གསུམ་པ་ནི། རྒོལ་བ་ན་རེ། ཤེས་བྱ་ལ་སོགས་པའི་སྒྲ་དེ་ལ་རྣམ་བཅད་འགལ་ཏེ། བཅད་བྱ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་དེ་ལས་གཞན་པའི་དངོས་པོ་མེད་ནའང༌། སྒྲ་དེ་ཆོས་ཅན། སེལ་འཇུག་ཡིན་ཏེ། རྟོག་པས་སྒྲོ་བཏགས་པའི་སྒོ་ནས་སེལ་ངོར་དེ་མིན་རྣམ་པར་བཅད་པ་ཡོད་པའི་ཕྱིར། བཞི་པ་ལ་གཉིས་ལས། རྩོད་པ་ནི། གལ་ཏེ། ཁྱོད་ཀྱི་ལྡོག་པ་གཞན་སེལ་དེ་དངོས་པོ་ཡིན་ན་སྤྱི་དངོས་པོར་འདོད་པ་དང་མཚུངས་ལ། དངོས་མེད་ཡིན་ན་བརྡ་སྦྱར་བ་ལ་དགོས་པ་དང༌། རང་མཚན་གོ་བའི་ནུས་པ་མེད་པ་དེས་ན། བརྡ་སྦྱོར་བ་ལ་ལྡོག་པ་ཁས་ལེན་མི་དགོས་སོ་ལོ། །ལན་ལ་གཉིས་ལས། གཞན་ལན་དགག་པ་ནི། འདི་ལ་བོད་རྣམས་ཕལ་ཆེར་ནི། དངོས་པོའི་ལྡོག་པ་སྟེ། སེལ་ངོར་དངོས་པོ་མ་ཡིན་པ་རྣམ་པར་བཅད་ཙམ་དེ་དངོས་པོར་འདོད་དོ། །དེ་ལྟ་ཡིན་ན། སྤྱི་དངོས་པོར་ཁས་བླངས་པའི་སྐྱོན་བརྗོད་པ་འདི་ནི་གདོན་པར་དཀའོ། །ཇི་ལྟར་ཞེ་ན། སེལ་ངོར་ཤིང་མ་ཡིན་ལས་ལོག་ཙམ་གྱི་ལྡོག་པ་དངོས་པོར་གྲུབ་པ་དེ་ཤ་པ་དང་རྫས་གཅིག་ཡིན་ནམ། རྫས་གཞན་ཡིན། དང་པོ་ལྟར་ན། གཞན་ཙནྡན་ཆོས་ཅན། ཤིང་མ་ཡིན་པར་ཐལ། ཤིང་ཙམ་དེ་ཁྱོད་ལ་རྗེས་སུ་མི་འགྲོ་བའི་ཕྱིར། རྟགས་ཇི་ལྟར་ཁས་བླངས་པ་ནི། ཤིང་ཙམ་ཆོས་ཅན། ཙནྡན་ལ་རྗེས་སུ་མི་འགྲོ་བར་ཐལ། ཤ་པ་དང་རྫས་གཅིག་ཡིན་པའི་ཕྱིར། ཇི་སྐད་དུ། རིགས་ལྡན་རིགས་མིན་གང་གི་ཕྱིར། །བསལ་བའི་ངོ་བོ་གཞན་བརྟེན་མེད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ལྟར་དེ་ལས་རྫས་གཞན་པའི་ཤིང་ཡིན་ན། ཤ་པ་ཆོས་ཅན། ཤིང་མ་ཡིན་པར་འགྱུར་ཏེ། ཤིང་མ་ཡིན་དེའི་རང་བཞིན་ལས་གཞན་མ་ཡིན་པ་སྟེ་ཤིང་ཙམ་དེ་ཁྱོད་ལ་རྗེས་སུ་མི་འགྲོ་བའི་ཕྱིར། རྟགས་ཇི་ལྟར་ཁས་བླངས་པ་ནི། ཤིང་ཙམ་དེ་ཆོས་ཅན། ཤ་པ་ལ་ཁྱབ་བྱེད་དུ་རྗེས་སུ་མི་འགྲོ་བར་ཐལ། ཤ་པ་དེ་ཁྱོད་དང་མ་འབྲེལ་བའི་ཕྱིར། འབྲེལ་ན། ཤ་པ་ཤིང་གི་འབྲས་བུ་ཉིད་དུ་ཐལ་བར་འགྱུར་ཏེ། ཇི་སྐད་དུ། གལ་ཏེ་ཐ་དད་གྲུབ་ཅེ་ན། །ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །ཅེས་གསུངས་པས་སོ། །མདོར་ན། ཆོས་ཀྱི་གྲགས་པའི་གཞུང་བཟུང་ནས་བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོའི་རིགས་པ་སྤྱི་དངོས་མེད་འགོག་པ་ནི་ཆོས་ཅན། ནགས་ལ་གནས་པའི་སྤྲེའུ་དག་ལྗོན་པའི་ཤིང་ལ་མི་གཙང་བ་འཐོར་བ་དང་ཆོས་མཚུངས་ཏེ། རང་གང་ལ་གནས་པའི་ལུགས་དེ་སུན་འབྱིན་པའི་ཕྱིར། གཉིས་པ་རང་ལན་ནི། བརྡ་གཞན་སེལ་ལ་སྦྱོར་བ་ལ་ནི་རང་མཚན་མི་འཐོབ་པའི་སྐྱོན་འདི་མེད་དེ། ལྡོག་པ་དངོས་པོར་མ་གྲུབ་ཅིང༌། བློ་རྟོག་པའི་འཇུག་ཚུལ་ལ་བརྟགས་ཤིང་དཔྱད་པ་ན། ལྡོག་པ་དེ་སེལ་ངོར་བསལ་བའི་དངོས་པོ་ཀུན་ལ་ཡོད་པའི་ཕྱིར། དེས་ན། ཤིང་ཞེས་པ་ལྟ་བུའི་སྒྲ་ཅིག་བརྗོད་ནའང༌། ཤིང་མ་ཡིན་དགག་པ་དང༌། ཤིང་རང་མཚན་སྒྲུབ་པའི་ནུས་པ་རྣམ་པ་གཉིས་ཡོད་དེ། ཕན་ཚུན་སྤངས་པའི་ཆོས་གཉིས་གཅིག་པ་མི་སྲིད་ཅིང༌། ལྡོག་པ་ལ་ངོ་བོ་མ་གྲུབ་པས། ལྡོག་པ་བརྗོད་པ་ཉིད་ཀྱིས་ནི་ལོག་པའི་དངོས་པོ་གྲུབ་པར་གསུངས་པའི་ཕྱིར། སྐབས་འདིར། རང་ལ་སེལ་ངོར་ཤིང་མིན་རྣམ་པར་བསལ་ཙམ་དེ། ཤ་པ་དང་བདག་ཉིད་གཅིག་གམ་ཐ་དད་ཅེས་འདྲི་ན། གང་དུ་ཡང་ཁས་མི་ལེན་ཏེ། དེ་ལ་ངོ་བོ་མེད་པའི་ཕྱིར། འོ་ན་དེ་གཉིས་འབྲེལ་མེད་དུ་ཐལ་བས། སྤྱི་བསལ་དུ་མི་རུང་ངོ༌། །སྙམ་ན། དེ་གཉིས་ལ་འབྲེལ་པ་གོ་ཆོད་པོ་མེད་ཀྱང༌། རྟོག་པས་དངོས་པོ་གཅིག་ཏུ་ཞེན་པ་ལྟར་ཞུགས་པས་འཇུག་ཡུལ་ལ་མི་སླུ་བ་ཡིན་ཏེ། གཞུང་འདི་ཉིད་ལས། སྤྱི་དང་བྱེ་བྲག་འབྲེལ་པ་ཡང༌། །འཁྲུལ་པས་དངོས་པོ་གཅིག་ཉིད་དུ། །བརྟགས་པས་འགྲུབ་ཀྱི་གཞན་དུ་མིན། །ཞེས་འབྱུང་བ་ལྟར་རོ། །ལྔ་པ་ནི། བསལ་བ་ཐ་དད་པ་རྣམས་ལ་སྤྱི་དངོས་པོ་བ་མེད་ན། ཨུཏྤལ་སྔོན་པོ་ལ་སོགས་པའི་ཆོས་རྣམས་གཞི་གཅིག་ལ་མི་འདུ་བས་གཞི་མཐུན་མེད་པར་འགྱུར་རོ། །ཞེ་ན། ཉེས་པ་དེ་འཇུག་པ་མ་ཡིན་ཏེ། ཨུཏྤལ་སྔོན་པོ་ཞེས་སྒྲས་བརྗོད་པ་དང༌། རྟོག་པས་བཟུང་བའི་ཚེ། སྔོ་མིན་བཅད་ཙམ་ལས་ཨུཏྤལ་རྫས་གཞན་དུ་ཡོད་པ་མ་ཡིན་ཀྱང༌། སེལ་བའི་དབྱེ་བསྡུ་དབང་བཙན་པར་བྱས་ནས་རྟོག་པའི་ངོར་གཞི་མཐུན་ཉིད་དུ་འགྱུར་གྱི། དབང་པོའི་ཤེས་པ་ནི་རང་མཚན་ཁོ་ན་ལ་འཇུག་པའི་ཕྱིར་རམ། རྒྱུ་མཚན་གྱིས། དེའི་སྤྱོད་ཡུལ་ལ་གཞི་མཐུན་འཇོག་པ་མ་ཡིན་པའི་ཕྱིར། འདིར་མུ་སྟེགས་ཀྱི་འདོད་པ་ནི། ཨུཏྤལ་ནི་རྫས་དང༌། སྔོན་པོ་ནི་ཡོན་ཏན་ཡིན་ཞིང༌། དེ་གཉིས་ཀ་ལ་ཡང༌། སྔོན་པོ་ཉིད་ཅེས་བྱ་བའི་སྤྱི་དངོས་པོ་བ་ཅིག་རྗེས་སུ་འགྲོ་བས་གཞི་མཐུན་དུ་འཇོག་པ་ཡིན། ཞེས་ཟེར་ལ། རང་ལུགས་ལ་ནི། སེལ་ངོའི་ཨུཏྤ་ལ་སྔོན་པོ་དེ་ལྡོག་པ་གཉིས་ཚོགས་པའི་རྒྱུ་མཚན་གྱིས་གཞི་མཐུན་ལ་འཇོག་ལ། དེ་ཡང་ལྡོག་པ་གཉིས་པོ་གཅིག་བརྗོད་པའི་སྒྲས་ཅིག་ཤོས་མི་སྤོང་བ་ལ་གཞི་མཐུན་གྱི་བརྡ་སྦྱར་བ་ཡིན་ནོ། །གསུམ་པ་ཕན་ཡོན་གྱི་མཇུག་བསྡུ་བ་ནི། སྒྲུབ་པ་དང་གཞན་སེལ་རྣམ་དག་གི་མིག་དང་བློ་གྲོས་གསལ་པོ་དང་ལྡན་པའི་རྟོག་གེ་པ་དེ་ཆོས་ཅན། ཀུན་མཁྱེན་འདྲ་སྟེ། ཤེས་བྱ་ཡི་དེ་ཁོ་ན་ཉིད་བལྟ་བའི་བློ་མིག་ཅན་ཡིན་པའི་ཕྱིར། གཞན་སེལ་འཁྲུལ་པས་བཏགས་པ་དང༌། །སྣང་བའང་རྡུལ་དང་སྐད་ཅིག་གི །གནས་ཚུལ་ཅན་དུ་འདིར་བཤད་པས། །དབུ་མའི་ལམ་དུ་བདེ་བར་འཇུག །སྣང་སེལ་རློམ་སོང་འཆད་འཇུག་གི །མིང་མི་ཤེས་པའི་རྟོག་གེ་པ། །གཞུང་འདིའི་གྲུ་ཆེན་མ་བཟུང་ན། །སྡེ་བདུན་ཡིད་བཞིན་མཚོ་མི་མཐོང༌། །སེལ་བ་གསུམ་གྱི་རྣམ་གཞག་ཅེས། །འཆད་པ་དེ་ཡིས་ཆོས་རྣམས་ཀུན། །གཞན་སེལ་ཉིད་དུ་བསྡུས་པས་ན། །མདོ་སེམས་གྲུབ་མཐའི་གཞུང་ལས་ཉམས། །ཤཱཀྱ་བློ་ཡིས་དོན་རང་མཚན། །བསལ་གཞི་ཡུལ་ཅན་སྒྲ་རྟོག་པ། །སེལ་བྱེད་དེ་ཡིས་གང་བསལ་བ། །གཞན་སེལ་ཉིད་དུ་བཤད་པ་ཡིན། །ཚད་མ་རིགས་པའི་གཏེར་ལས་སྒྲུབ་པ་དང་གཞན་སེལ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པ་རྣམ་པར་བཤད་པའོ།།  །།གསུམ་པ་བརྗོད་བྱ་དང་རྗོད་བྱེད་ཀྱི་རྟོགས་ཚུལ་ལ། དགག བཞག སྤང་གསུམ་ལས། དང་པོ་ལ་གཉིས་ཏེ། རང་མཚན་རྐྱང་པ་བརྗོད་བྱར་འདོད་པ་མི་འཐད་པ་དང༌། སྤྱི་རྐྱང་པ་བརྗོད་བྱར་འདོད་པ་མི་འཐད་པའོ། །དང་པོ་ལ། ཕྱི་དོན་རང་མཚན་ཁོ་ན་དང༌། ཤེས་པ་རང་མཚན་ཁོ་ན་བརྗོད་བྱར་འདོད་པ་མི་འཐད་པ་གཉིས་ལས། དང་པོ་ནི། བྱེ་བྲག་པ་མ་གཏོགས་པའི་མུ་སྟེགས་བྱེད་དག རང་མཚན་ཁོ་ན་སྒྲའི་བརྗོད་བྱར་འདོད་པ་ཡིན་ལ། དེའི་ནང་ནས་ཀྱང༌། བརྡ་སྤྲོད་པ་སོགས་འགའ་ཞིག་ན་རེ། བུམ་པ་ལ་སོགས་པའི་དོན་རང་མཚན་ཁོ་ན་རྗོད་བྱེད་སྒྲའི་བརྗོད་བྱ་ཡིན་ཏེ། དོན་བྱེད་མི་ནུས་པ་རྣམས་སུ་བརྡ་སྦྱར་བ་ལ་དགོས་ནུས་མེད་པའི་ཕྱིར། དེ་ལའང༌། དངོས་པོའི་དབང་གིས་འཇུག་པ་དང༌། བརྗོད་འདོད་ཀྱི་དབང་གིས་འཇུག་པ་གཉིས་ལས། དང་པོ་ནི། ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པ་ལྟ་བུའོ། །གཉིས་པ་ནི། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བརྗོད་པ་ལྟ་བུ། ཞེས་སྨྲའོ། །དེ་དགག་པ་ལ་གཉིས་ཏེ། རང་མཚན་ཁོ་ན་བརྗོད་བྱ་མ་ཡིན་པའི་སྒྲུབ་བྱེད་དང༌། ཡིན་པ་ལ་གནོད་བྱེད་དོ། །དང་པོ་ནི།                    རྗེས་མ།  >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*