པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ། ཀ ༽

༼མ༽༄༅། །པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་བཞུགས་སོ།།

ན་མོ་མཉྫུ་གྷོ་ཥཱ་ཡ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་གཟིགས་པས་ཡང་དག་མཁྱེན། །སྔོན་དང་ཕྱི་མཐའ་ཇི་བཞིན་དགོངས། །མ་འདྲེས་འབྱེད་པའི་སྤྱན་ཡངས་པ། །རྐང་གཉིས་གཙོ་བོས་དགེ་ལེགས་སྩོལ། །དཔལ་ལྡན་ཤཱཀྱའི་བསྟན་འཛིན་མཆོག་ཅེས་མཆོག་ཏུ་ངེས་ཚིག་གསལ་ལྡན་ཉིད། །ཉིད་གསུང་དྲི་མེད་ཚངས་དབྱངས་ལེགས་སྒྲོག་ལེགས་བཤད་མཁྱེན་པའི་བློ་གྲོས་གང༌། །གང་ཡང་འཇམ་དབྱངས་དགེས་པའི་དཔལ་ཁྱོད་དཔལ་མགོན་མ་ཕམ་དགའ་བའི་བཤེས། །བཤེས་གཉེན་རབ་སྦྱངས་འབུམ་ཕྲག་གྲངས་ལྡན་བགྲང་ཡས་བློ་གསལ་གཙུག་ན་རྒྱལ། །འདི་ན་ཡོངས་རྫོགས་བསྟན་པའི་ཁུར། །འདེགས་བྱེད་སྤོས་ཀྱི་གླང་པོ་ནི། །གླང་ཆེན་ཁྱུ་ལས་ས་སྲུང་བུ། །གཉིས་པ་སྲིད་པ་ཡོད་མ་ཡིན། །དེ་ཕྱིར་རང་གི་ཅོད་པཎ་རྩེར། །བླ་ན་རྗེ་བཞུགས་དེ་དག་ཀྱང༌། །བསླབ་གནས་སྔ་མའི་གྲལ་རིམ་ལས། །ཡོན་ཏན་རྒྱན་ཕྲེང་ལྕི་མ་ལགས། །རྒྱལ་བའི་བཀའ་དང་དགོངས་འགྲེལ་རྣམས། །ཇི་བཞིན་འབྱེད་ལ་དབང་འབྱོར་པས། །གནས་དང་གནས་མ་ཡིན་འདི་ཞེས། །ཕྲ་རྒྱས་སྤུ་རིས་སོ་སོར་ཕྱེ། །གསེར་དང་ར་གན་འདྲེས་པ་ལྟའི། །ཚིག་དོན་ལྡིབ་པོ་ཇི་སྙེད་དག །ཡོངས་དཔྱོད་རྣམ་དཔྱོད་ནོར་བུ་ཡིས། །དམན་པ་བསལ་ནས་མཆོག་སྦྱིན་མཛད། །འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ། །ཐམས་ཅད་མཁྱེན་གྲོང་ཉམས་དགའ་བར། །བསླབ་གསུམ་གྲུ་གཟིངས་མ་བཅས་པར། །སྙིང་སྟོབས་རྐྱལ་གྱིས་ཇི་ལྟར་ཕྱིན། །འཁོར་བ་མ་རིག་མུན་སྟུག་འཕྲང༌། །མང་ཐོས་སྒྲོན་མེ་ལག་ཐོགས་ནས། །ངན་འགྲོའི་གཡང་ལ་རབ་བཟུར་ཏེ། །ཐར་པའི་ལམ་ལ་རྗེས་འགྲོ་ཉིད། །གང་ཡང་དད་པའི་རྗེས་ཞུགས་ཡིད་ལ་ཚིག་འབྲུ་ཐོས་པས་ཚིམ་པ་སྟེར། །གང་དག་ཆོས་ཀྱི་རྗེས་འབྲང་བློ་ཅན་དོན་བཟང་གཏན་ཚིགས་མགུ་བསྐྱེད་དེ། །གང་ཞིག་ཡོན་ཏན་རྒྱན་ཕྲེང་ལ་དགའ་མཁས་མང་ཡིད་ཀྱི་འདོད་འཇོ་བ། །གང་གི་བློ་གྲོས་ཡི་གེར་འཕོས་འདྲས་ནང་གི་དེ་ཉིད་མཚོན་པར་བྱས། །གཏིང་མཐའ་མི་མངོན་རྣམ་ཐར་ཆུ་གཏེར་ལས། །ཉེ་བར་དྲངས་པའི་ལེགས་བཤད་དལ་འགྲོའི་རྒྱུན། །རབ་བརྗིད་སྙན་ངག་རྦ་ཀློང་གཡོ་བ་ཅན། །མདོ་རྒྱུད་ཆུ་ཀླུང་ཀུན་འདུའི་རྒྱ་མཚོ་ལ། །དམ་ཆོས་ཡིད་བཞིན་ནོར་བུའི་བང་མཛོད་ཅན། །ལུང་རིགས་རྙོག་མེད་གདེང་ཀས་མངོན་པར་མཛེས། །སྟོང་ཉིད་སྙེམས་པའི་ཕུཊ་སྒྲའི་སྒྲ་སྒྲོག་པ། །པཎ་གྲུབ་ཀླུ་དབང་དེ་ལ་སྙིང་ནས་དད། །ཁྱོད་ཐུགས་དཔལ་གྱི་བེའུ་ལས་སོན་པའི། །རང་རིག་རང་གསལ་ཆོས་དབྱིངས་གདོད་མའི་དབྱིངས། །འོད་གསལ་སྣང་བའི་སྒྲོན་མེ་ནོར་བུའི་ཏོག །ཉམས་ལེན་སྒྲུབ་པའི་རྒྱལ་མཚན་གཙུག་ན་མཐོ། །བཤད་སྒྲུབ་བརྩོན་པའི་བྱི་དོར་ལེགས་བསྒྲུབས་པས། །སྒྲིབ་བྲལ་ཆོས་སྐུའི་རང་འོད་འབར་བ་ཅན། །གང་ལ་གང་འདོད་ཆོས་ཀྱི་ཆར་ཆེན་གྱིས། །གདུལ་བྱའི་རེ་བ་མ་ལུས་ཡོངས་སུ་གང༌། །དེ་སླད་ནོར་བུའི་ཁྱིམ་དུ་ཚོང་པའི་བློ། །འགག་པ་མེད་པ་རབ་ཏུ་འཇུག་པའི་ཚུལ། །མཁས་བཙུན་བཟང་པོའི་རང་བཞིན་ལས་འོངས་པའི། །སྐུ་གསུང་ཐུགས་ཀྱི་ལེགས་བྱས་གཏམ་དུ་གླེང༌།།  །།གང་ཡང་བདེ་བར་གཤེགས་པའི་རིང་ལུགས་པ་ཆེན་པོ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཡོངས་རྫོགས་གནས་ལྔ་མཁྱེན་པའི་པཎྜི་ཏ། ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པའི་ཚུལ་ལ། གླེང་བསླང་སྔོན་བྱུང་གི་རྣམ་པར་ཐར་པའི་ངེས་གསང་མདོ་ཙམ་ཞིག་སྨོས་པ་ཡང་འདི་ལྟ་སྟེ། དབུས་འགྱུར་ཚལ་ན་གང་ཡང་མཚན་བཞག་པ། །རྟ་དབྱངས་ཞེས་གྲགས་སྙན་ངག་མཁས་པའི་མཆོག །དབྱངས་ཅན་ཡིད་ཀྱི་མཛའ་བོ་དྲེགས་ལྡན་དེས། །རྒྱལ་བའི་མཛད་པའི་ཕྲེང་བ་རྒྱ་ཆེར་སྤེལ། །སྙིང་རྗེའི་ཉམས་བརྒྱས་རོལ་པའི་རྒྱལ་སྲས་ཀྱིས། །འགྲོ་ལ་ཕན་ཕྱིར་རང་གི་ལུས་སྲོག་ཀྱང༌། །ཕངས་པ་མེད་པར་གཞན་ལ་སྦྱིན་པའི་གཏམ། །ཐོས་ཚེ་ཡིད་ཀྱི་སྤུ་ལོང་འབད་མེད་གཡོ། །ཐུབ་པའི་གསུང་རབ་སྡེབས་ལེགས་སྙན་ངག་གང༌། །སྨྲ་མཁས་དཔའ་བོས་རྗེས་སུ་བསྐུལ་བ་ན། །ཐོས་པས་རབ་དགའ་དད་པའི་ཡིད་མགུ་བ། །ཐར་པའི་ས་བོན་སྲིད་མཐའི་བར་དུ་བསྐྲུན། །དེ་ཡང་འདི་སྐབས་རྣམ་ཐར་རྡོར་རྒྱལ་མ་ལས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་བའི་རྒྱུད་ལས། ཕ་ཁོལ་ལུང་བསྟན་པའི་སྐབས་སུ། བདག་ཉིད་ཆེན་པོ་འདི་ཉིད་ཀྱི་ཡང་མཚན་གྱི་ཆ་མཚོན་ཚུལ་དང༌། ཡང་མདོ་ལས། སྟོན་པས་གདུལ་བྱ་རྟ་དབྱངས་འདུལ་བྱེད་ཨཱརྻ་དེ་བ་རྣམས་ཀྱི་ངེས་གནས་གསལ་པོ་གསུངས་ཚུལ། དེ་དག་གི་ལོ་རྒྱུས་མཐའ་བཅད་རྣམས་ཀྱང་ཇི་ལྟ་བར་བྲིས་ཤིང༌། ཡང་རྒྱལ་བས་རྔ་བོ་ཆེའི་མདོར། ཀུན་མཁྱེན་དོལ་བུ་ལུང་བསྟན་པའི་ཚིག་རྣམས་ཀྱང་འདིར་ཡང་སྦྱོར་ཏེ། དཀར་ཡོལ་རི་སོགས་ཕན་ཚུན་གྱི་དཀར་པོ་བྲག་གི་མིང་བཞག་དང༌། ངའི་མིང་ཞེས་པས་ཤཱཀྱ་ཚེ་རིང་པོ་ཞེས་པའང་ཀུན་མཁྱེན་ཆེན་པོ་བདུན་ཅུ་ཙམ་ལས། པཎ་ཆེན་རིན་པོ་ཆེ་བརྒྱད་ཅུའི་མཐར་སོན་པ་དང༌། གྲུབ་པའི་མཐའི་ཚུལ་ཟུར་ཅན་དངོས་གནས་རྣམས་མཚོན་དོན་དུ་བགྲང་ནས། མདོ་འདི་ཉིད་ཀྱི་ལུང་གིས་བསྟན་པའི་སྐྱེས་བུ་མཆོག་ཉིད་ཡིན་པར་འབད་དེ་བསྒྲུབ་པར་མཛད་དོ། །གཞན་སྔ་ཕྱི་རྣམ་ཐར་གསུམ་ཀ་གུང་མཐུན་པར། སློབ་དཔོན་པདྨའི་མ་འོངས་ལུང་བསྟན་དུ། རྟ་དབྱངས་སྐྱེ་བ་ཤཱཀྱའི་མཚན་ཅན་ལོ་བརྒྱད་ཅུ་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པའི་ཁྲིམས་འཆའ་བར་གསུངས་པ་དང༌། པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཡེ་ཤེས་གཟིགས་པའི་ཡུལ་དུ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང༌། པ་ཚབ་བུ་བཞིའི་ཡ་གྱལ་རྨ་བྱང་ཆུབ་བརྩོན་འགྲུས་ཀྱི་སྐྱེ་བར་ལེགས་པར་དགོངས་པའི་བཀའ་སྩལ་དངོས་ལས་ཐོས་ཚུལ། མཁས་གྲུབ་ཀྱི་སྐྱེས་བུ་བདུན་ཙམ་རིམ་ཅན་དུ་བརྒྱུད་རྗེས། ཁམས་ཡུལ་དུ་བག་སྟོན་ཤཱཀྱ་འོད་ཟེར་དུ་འཁྲུངས་ཤིང༌། དེ་ཉིད་ཀྱིས་རང་གི་ཡུམ་སོགས་ལ་བཀའ་བསྒོས་ནས། སྐུ་སྐྱེ་བ་ཕྱི་མའི་ལུང་བསྟན་ཇི་ལྟར་གནང་ཚུལ་དག་གཅིག་ལ་གཅིག་བྲིས་བཤུས་མཛད་པ་ལྟར་ཡོད་ཅིང༌། ངོ་གྲོ་རབ་འབྱམས་པ་དབང་ཕྱུག་དཔལ་བས་པཎ་ཆེན་རིན་པོ་ཆེ་ལ་བསྟོད་པ་ཕུལ་བའི་ནང་ན་བག་སྟོན་ཤཱཀྱ་དང༌། ཀརྨ་པ་རོལ་པའི་རྡོ་རྗེ་ཐུགས་རྒྱུད་གཅིག་པར་གྲགས་པས། རྒྱལ་དབང་ཀརྨ་པའི་རྣམ་འཕྲུལ་དུ་མཚོན་པའི་ཚིག་སྦྱོར་བྱས་པའི་ཡི་གེ་རྒྱལ་དབང་ཆོས་གྲགས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་གཉིས་ཀའི་གཟིགས་ལམ་དུ་འབྱོར་སྐབས། ཕན་ཚུན་གཉིས་ཀ་ནས་དགོངས་པའི་དབྱིངས་སུ་མི་འབྱོར་བ་མ་བྱུང་ཞེས་ཀྱང་གཏམ་དུ་གླེང་ཞིང༌། ཆོས་རྗེ་ཀརྨ་པ་ཆེན་པོ་ཆོས་གྲགས་རྒྱ་མཚོས། སྡེ་བདུན་རབ་འབྱམས་པ་དབང་ཕྱུག་རྒྱལ་མཚན་པ་ལ་དངོས་ཀྱི་བཀའ་ལུང་བྱོན་པ་ལ་ཡང༌། ངེད་དང་ཆོས་རྗེ་ཆེན་པོ་བ་སེམས་གཅིག་ཡིན་པས་གང་གི་ཞབས་ཐེགས་ཀྱང་བསམ་པ་ཡོངས་སུ་རྫོགས་ཞེས་དགེས་པའི་འཛུམ་ཞལ་དང་ལྡན་པས་ལྷ་ས་པོ་ཏཱ་ལར་བཀའ་ལུང་ཕེབས་པ་ཡོངས་ལ་གསལ་ལོ། །རང་སྒོའི་ངོས་ནས་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོའི་རྒྱལ་ཚབ་བྱམས་པ་མགོན་པོ་ཉིད་བསམ་བཞིན་དུ་དབང་འབྱོར་བའི་བྱང་ཆུབ་སེམས་དཔའི་མཛད་པ་མཆོག་གི་ཚུལ་གྱིས། ཐེག་ཆེན་མདོ་སྡེ་རྒྱན་ལས་བཤད་པ་ལྟར། དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང༌། སོགས་དང༌། ལ་ལར་སྐྱེ་བ་མི་སྣང་ཞེས་དང༌། ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང༌། ཞེས་དང༌། མདོར་ན། དེ་ནི་གནས་དེ་རྣམས་ལ་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། ཅེས་རྒྱལ་ཚབ་མ་ཕམ་པ་རང་གི་བཀའ་སྩལ་དུ་གསུངས་པའི་དོན་ཇི་ལྟ་བར། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་ཞིང་སྤེལ་བའི་ཆེད་དུ། མཐའ་ཡས་པ་མཐའ་ཡས་པའི་ཞིང་རྣམས་སུ། མཐའ་ཡས་པ་མཐའ་ཡས་པའི་སེམས་ཅན་རྣམས་ལ། མཐའ་ཡས་པ་མཐའ་ཡས་པའི་ཆོས་ཀྱི་མཛད་པ་དཔག་པར་མི་ནུས་པ་ཞིག་སྟོན་ཏེ། དེ་ལ་རང་འདུལ་བའི་ཞིང་འདིར་ནི། གཡག་རོང་གི་མཚན་འཆང་བའི་སྔོན་རབས་བྱོན་པའི་སྐྱེས་ཆེན་དེ་དག་དང༌། རྗེ་ཉིད་ཀྱིས་མཚོན་པའི་བསྟན་པ་འཛིན་པའི་ཁྱུ་མཆོག་གྲངས་མ་མཆིས་པར་ཡང་སྤྲུལ་ལ། སླད་ནས་ཀྱང་བསྟན་པའི་སྲོག་རྨ་མེད་པ་གང་འཛིན་པར་ནུས་པ་དག་ཀྱང་སྟེ། ཅི་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོས་མ་བཟུང་བའི་ཉན་ཐོས་རང་རྒྱུད་པ་དག་གིས་རྒྱལ་བའི་བཀའ་སྨྲ་བར་མི་སྤོབས་པའང༌། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་རྒྱུ་མཚན་ངེས་པའི་གཏན་ཚིགས་དང་བཅས་ཏེ་གསུངས་པ་ལྟར་ལས་མཚོན་པར་ནུས་པའོ། །འོ་ན་ཐ་སྙད་དུ་དུས་སྔ་ཕྱི་དང་བླ་མ་དང་སློབ་མའི་རྣམ་པར་རྩེན་པ་སོགས་ཇི་སྙེད་སྟོན་པ་འདི་དག་ལ་ཇི་ལྟར་བརྗོད་ཅེ་ན། རྣམ་པ་སྣ་ཚོགས་སྟོན་པ་འདི། །སྤྲུལ་པ་ཡིན་གྱི་རང་རྒྱུད་མིན། །ཞེས་པའི་དོན་དང་མཐུན་པར་གྱུར་པ་སྟེ། དཔེར་ན། མཁན་ཆེན་གཡག་པ་དང༌། བག་སྟོན་གཉིས་ཀའི་སྐུའི་སྐྱེ་བར་བདག་ཉིད་ཆེན་པོ་འདི་རྗེས་སུ་སྒྲོགས་ཅིང༌། དེ་གཉིས་དུས་མཚུངས་པའི་དཔོན་སློབ་དུ་གྱུར་པས་ཀྱང་མཚོན་པ་ལས་སོ། །དེས་ན་གཡག་བསྟོད་དུ། གསང་ཕུར་བྱམས་པའི་ཆོས་ལྔ་གསུངས་པའི་ཚེ། །ཅིག་ཅར་སྐུ་ལུས་བཀོད་པ་དུ་མ་བསྟན། །གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གཅོད་མཛད་ཅིང༌། །ངོ་མཚར་དྭང་བ་བསྐྱེད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བའི་ཅིག་ཅར་སྐུ་ལུས་བཀོད་པ་དུ་མ་བསྟན་པའི་དབང་ལས་གོང་གི་འགལ་བ་སྤོང་ནུས་ཤིང༌། ཡང་གཡག་བསྟོད་དེ་ཉིད་དུ། སྔོན་ཚེ་མ་ག་དྷ་ཡི་གཙུག་ལག་ཏུ། །ལྔ་རིག་པཎ་ཆེན་བཅུ་ཡི་མཆོག་གྱུར་ཅིང༌། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཕམ་མཛད་ནས། །གངས་རིའི་ཁྲོད་འདིར་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བས་ན། ཉང་སྟོད་རབ་འབྱམས་པ་ལྷུན་གྲུབ་དཔལ་བཟང་པོའི་ཐུགས་མྱོང་ལས། དབྱིག་གཉེན་ཆོས་གྲགས་རིན་ཆེན་འབྱུང་གནས་ཞི་བ་སྟེ་ཡོངས་སུ་གྲགས་པའི་ཤནྟི་པ་རྣམས་ཀྱི་སྐུའི་སྐྱེ་བར་དགོངས་ཤིང་བཀའ་སྩལ་དུ་བྱོན་པ་ལ་ཡང་ཀླན་ཀའི་གནས་མེད་པའོ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱའི་མཚན་ཅན་གྱི་སྔོན་བྱུང་གི་གླེང་བསླང་མདོར་བསྡུས་པའི་ངག་སྟེ། དེ་དག་ལ་དཔགས་ནས་བློ་གྲོས་གསལ་བའི་སྨྲ་བ་པོ་དག་གིས་བརྗོད་པར་གྱིས་ཤིག་ཀྭའི།།  །།ཇི་སྙེད་སྐྱེ་བར་མངོན་པར་བྱང་ཆུབ་ཚུལ། །བགྲང་ཡས་ལྕེ་ཡིས་བརྗོད་ཀྱང་ག་ལ་ལྡང༌། །རྒྱུ་སྐར་གྲངས་དང་མཁའ་དབྱིངས་འདོམ་འཇལ་ལྟར། །སྨྲ་བ་པོ་དག་རང་ཉམས་བྱིས་པར་མཚོན། །ཚད་མེད་ཚད་ཀྱིས་གཞལ་བའི་ཡུལ་མིན་ཞིང༌། །དངོས་མིན་དངོས་པོའི་རང་བཞིན་རྟོགས་དཀའ་བས། །བློ་ཆུང་བློ་ཡི་ཁྱོན་དུ་ཆུད་མིན་ཕྱིར། །གསང་ཚིག་གསང་བའི་རྒྱ་ལྡན་དམ་པའི་སྲོལ། །གང་ཡང་ཕྱོགས་བཅུའི་རྒྱལ་བ་ཀུན་དང་རྒྱལ་བའི་སྲས་པོ་ཐམས་ཅད་པ། །རྒྱལ་ཡུམ་མཐར་ཡས་ཁྲོ་བོའི་དབང་པོ་གར་དགུའི་ཉམས་ལྡན་མ་ལུས་པ། །འདིར་ནི་གདན་གསུམ་ཞེས་བཏགས་དཀྱིལ་འཁོར་མཁའ་ཁྱབ་དབྱིངས་རྣམས་གཅིག་བསྡུས་ལ། །ཡེ་ཤེས་ལས་ཅན་དང་པོའི་སངས་རྒྱས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ལགས། །དེ་སླད་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །དུས་གསུམ་རྒྱལ་བའི་མཁྱེན་བརྩེ་གཅིག་བསྡུས་པ། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་མགོན་པོ་མཆོག །གང་ལ་དད་པས་སྙིང་ནས་སྐྱབས་སུ་མཆི། །ཨེ་མ་རྣམ་པ་མཐའ་ཡས་པའི། །སྒྱུ་འཕྲུལ་དྲྭ་བའི་ཟློས་གར་ཅན། །གཅིག་མིན་དུ་མ་མིན་པའི་ཚུལ། །ཡེ་ཤེས་སྒྱུ་མའི་སྣང་བ་མཚར། །ཨ་ལ་སྐྱབས་ཡུལ་མ་ལུས་པ། །ཁྱོད་ཉིད་ཁོ་ནའི་རང་བཞིན་ཉིད། །དེ་ཕྱིར་མོས་པའི་རྗེས་འབྲང་བདག །མང་པོའི་བསམ་གཏན་གཡེང་བས་ཅི། །བ་སྤུའི་ཁུང་གཅིག་ནང་སོན་པའི། །རབ་བཀྲམ་དཀྱིལ་འཁོར་ཉེར་སྟོན་གང༌། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་ནང་གི་སྤྱོད་ཡུལ་འགྱུར། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། སྔོན་བྱུང་གླེང་བསླང་གི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།།  །།ད་ནི་སྐུ་ཚེ་འདི་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་ཞིབ་ཏུ་བརྗོད་པར་བྱ་སྟེ། དེའང་གཞན་ངོར་བག་སྟོན་ཤཱཀྱའི་བཀའ་ཆེམས་ཇི་ལྟར་མཛད་པ་ལྟར། དཔལ་གསང་ནེའུ་ཐོག་གི་བཤད་གྲྭ་ཆེན་པོའི་ཞབས་སུ་གྱུར་པའི། གསང་མདའ་བང་རིམ་ཞེས་བྱ་བར་བལྟམས་པའི་ཚུལ་རྗེས་སུ་བསྟན་པའི་གཏམ་ཡང་འདི་ལྟར་ཐོས་ཏེ། དེ་ཡང་བདག་ཉིད་ཆེན་པོ་གང་གི་ཡུམ་དུ་གྱུར་པ་ནི། སྤང་ཁ་ཆོས་སྡིངས་ཀྱི་བཙུན་མ། མཁན་ཆེན་བློ་བཟང་ཕུག་པར་གྲགས་པའི་འདུལ་བ་འཛིན་པ་དེ་ལས་སངས་རྒྱས་བསྟན་པའི་སྒོར་བྱོན་ཞིང༌། རྗེས་སོར་ཡབ་ཏུ་བྱོན་ནས། སྒོ་ཡབ་མཁན་པོ་སངས་རྒྱས་བཟང་པོ་བྱ་བའི་སྤྱན་སྔར་ལུགས་དེ་དག་དང་འབྲེལ་བའི་སྒོམ་ཆོས་མང་དུ་གསན་སྐབས་ཀྱི་གཟིགས་སྣང་ལ། རང་གི་སྐུ་ལུས་སྟོང་གསལ་དུ་ཤར་བའི་དབུ་མའི་ནང་ན། ཤེལ་གྱི་མཆོད་རྟེན་དྭངས་གསལ་འོད་ཀྱི་རང་བཞིན་དུ་ཡོད་པ་བཞུགས་པ་ཅིག་ཡང་ཡང་བྱུང་བས། ཡབ་པ་མཁན་ཆེན་ལ་ཞུས་པས། ཁོང་རེ་ཞིག་མཉམ་པར་བཞག་ནས། བཙུན་མ་ཁྱེད་ལ་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བར་ནུས་པའི་སྐྱེས་བུ་དམ་པ་ཞིག་འཁྲུངས་པའི་ལྟས་སུ་འདུག སྔོན་རྒྱ་གར་དུ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་སུ་གྲགས་པས། བསྟན་པའི་ཆེད་དུ་རྒྱལ་རིགས་ཞིག་དང་འགྲོགས་པ་ལས་འཕགས་པ་ཐོགས་མེད་དང༌། བྲམ་ཟེའི་རིགས་ཤིག་དང་རྗེས་སུ་འབྲེལ་བ་ལས། སློབ་དཔོན་དབྱིག་གཉེན་བསྐྲུན་པ་ལྟར་ཡིན་པས། ད་འདིར་མ་སྡོད་པར་རང་ཡུལ་ལ་ལོག་པ་ལེགས། ཞེས་མ་འོངས་མངོན་མཁྱེན་གྱི་བཀའ་སྩལ་བ་ལྟར། གསང་མདར་བྱོན་ཅིང་རྣམ་ཐར་རྗེ་དབོན་མར་ཡང་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་ཀྱི་དཔེར་བརྗོད་གནང་བ་འདི་ལ་དགོངས་ཤིང༌། ཡབ་ནི་རྣམ་ཐར་རྡོར་རྒྱལ་མར། གསང་ཕུའི་སློབ་དཔོན་དཔལ་ལྡན་བཟང་པོར་གྲགས་པའི་མཁས་པ་ཆེན་པོ་དེ་ཡིན་པར་བྱས་ལ། རྣམ་ཐར་གཞན་གཉིས་ལས། དཔོན་དྲུང་དམག་དཔོན་པ་མཚན་དངོས་ནམ་མཁའ་དཔལ་འབར་བར་གྲགས་པ་དེར་བཞེད་ཅིང༌། ཡར་རྒྱབ་ཕྱོགས་ན་ཁམས་པ་དགེ་རྒན་བསོད་ནམས་བློ་གྲོས་ཞེས་པ། ཡི་གེའི་གནས་ལ་ཐོན་མི་སམྦྷོ་ཊའི་འདུ་བྱེད་ལ་འགྲན་པར་བཟོད་པ། དེ་ཉིད་ཡིན་པའི་རྒྱུ་མཚན་གཏན་ཚིགས་ཀྱང་སྒྲོག་གོ །ཡུམ་གྱི་མཚན་ཡང་རྣམ་ཐར་རྡོར་རྒྱལ་མ་དང༌། རྣམ་ཐར་རྗེ་དབོན་མ་གཉིས་ན་ཤཱཀྱ་བཟང་མོ་དང༌། རྣམ་ཐར་མ་ཏི་མ་ལས་ཤཱཀྱ་མཛེས་ཞེས་འབྱུང་བས། སྐྱོར་མོ་ལུང་ཆེར་ཞིབ་ཏུ་དྲིས་གཏུགས་བྱས་པས། ཡུམ་ཆོས་སྒོར་མ་ཞུགས་སྐབས་ཀྱི་མཚན་ཤཱཀྱ་བུ་འདྲེན་དང༌། དགའ་ལྡན་ཕུག་པར་བསྟན་པའི་སྒོར་བྱོན་པའི་མཚན་ལ་ཤཱཀྱ་མཛེས་བྱ། ཕྱིས་སྒོ་ཡབ་ལུགས་ཀྱི་ཞིས་བྱེད་དགེ་སློང་མ་མཛད་དུས་ཤཱཀྱ་བཟང་མོ་སྟེ། མཁན་པོ་སངས་རྒྱས་བཟང་པོའི་མཚན་ནས་གྲས་གནང་བ་ཡིན་ཞེས་གླེང་ལ། དེ་ལྟ་བུའི་ཡུམ་དེའི་ལྷུམས་སུ་མེ་མོ་ལུག་གི་ལོ་ལ་བྱོན་ཞིང༌། ནམ་ཞིག་མངལ་འཛིན་པའི་ཟླ་བ་རྫོགས་ནས་ས་ཕོ་སྤྲེའུའི་ལོ་ལ་བདེ་བར་བལྟམས་ཞེས་གྲགས་སོ། །ཡོན་ཏན་ཕུང་པོ་ས་འདིར་ཤོང་མིན་ཡང༌། །ཟླ་བ་བཅུ་ཞིག་མངལ་དུ་འཛིན་ནུས་པ། །ཨེ་མ་སྐལ་ལྡན་ཁྱོད་ཀྱི་ཡུམ་དེས་ནི། །སངས་རྒྱས་རྣམས་ལ་བྱ་བ་བྱས་པར་ངེས། །གྲུབ་ཆེན་གཟིགས་པའི་ཡེ་ཤེས་རྒྱ་ཆེ་བས། །ཡུམ་གྱུར་ཡང་ཡང་ཤཱཀྱའི་མཚན་འཛིན་པ། །བསམ་བཞིན་སྐྱེ་བའི་གནས་ལ་དབང་འབྱོར་པའི། །ས་གནས་སེམས་དཔའི་མཛད་པ་ཡ་མཚན་གནས། །བདེན་གསུངས་བརྫུན་བྲལ་ངེས་ཤེས་དག་པའི་ཚིག །རབ་བརྟན་རྡོ་ལ་ལྕགས་གཟོང་གིས་བྲིས་འདྲ། །སྔོན་གྱི་ཡུམ་གྱིས་གང་གསུང་དབྱངས་བླངས་ཚེ། །ད་ལྟའི་བུ་སློབ་ཡོངས་ཀྱི་སོམ་ཉི་བསལ། །དམན་ངོར་གཞན་སྣང་འདྲེན་པའི་མིག་འཕྲུལ་འདི། །རྒྱལ་རྣམས་བྱིས་པའི་སྤྱོད་ཡུལ་ལྷུར་ལེན་ཚུལ། །བརྩེ་ལྡན་མ་མ་ཞོ་འཐུང་བྱིས་པའི་བློ། །ངང་གིས་འདྲེན་པའི་དཔེ་ཡི་རྗེས་སུ་མཚོན། །དེར་ལྷུམས་ནས་བྱོན་པའི་སྐབས་ཉིད་ནས། ཤིན་ཏུ་གྱ་ནོམ་པའི་དྲི་བཟང་པོའི་ངད་ཀྱིས་ནང་གི་ཁྱིམ་མ་ལུས་པ་ཁྱབ་པར་བྱས། ཡུམ་ལ་ཡང་གནོད་པའི་འཚེ་བ་གང་ཡང་མེད་པར་རྨི་ལམ་གྱི་རོལ་མོ་ལྟར་བསྟན་ནས་སྐུའི་རྣམ་པ་ཉིད་མཐོང་བའི་དགའ་བ་རྒྱ་ཆེན་སྤེལ་ལོ། །དེར་བྱིས་པའི་ཚུལ་རྗེས་སྟོན་གྱི་སྐབས་དག་ན། ཡུམ་གྱི་ནུ་ཞོ་ཙམ་ལས་གཞན་པའི་ཟས་གང་ལའང་ཆགས་བྲལ་དུ་མཛད་ཅིང༌། རྟག་ཏུ་མནལ་བའི་ཟོལ་གྱིས་ཏིང་ངེ་འཛིན་ཉིད་བདག་གིར་གནང་བས། བུ་རྫི་དག་གིས། འདི་ཅི་ཞེས་ཡང་ཡང་སད་པར་བྱེད་པ་ལ། ཡུམ་ཉིད་ཀྱིས་བརྡའ་སྤྲོད་པར་མཛད་དེ། ཅི་གཉིད་ཞིག་ན་མིག་མི་འཛུམ་པར་འདུག་གམ། འདི་ནི་འོད་གསལ་བའོ། །ཞེས་གསུངས་པས། ཁོང་དག་གིས་བདེ་བླག་ཏུ་མ་མཚོན་ཞིང་མ་གོ་བར་བཙུན་མ་རང་གི་བུ་ལ་དགའ་གདུང་ཆེ་ཞེས་སྒྲོག་ཅེས་ཀྱང་ཐོས་སོ། །དེར་ལོ་ངོ་གསུམ་ཙམ་དུ་ཡུམ་དེ་ཉིད་ཀྱིས་བཀུར་སྟི་དང་བསྟི་སྟང་གི་གཙང་སྦྲ་དག་པའི་ཞབས་ཏོག་ལེགས་པར་ཕུལ་ནས། སླར་སྤྲུལ་པའི་སྐུ་ཉིད་ནར་སོན་པའི་སྣང་བས་ཡིད་ཚིམ་པ་ཐོབ་སྟེ། ཡུམ་རང་གི་གཉེན་དང་འབྲེལ་པ་འཛིན་ཞིང༌། ཆོས་ཀྱི་དམ་ཚིག་གིས་འབྲེལ་བའི་སྤང་ཁ་ཆོས་སྡིངས་པའི་བཙུན་མ་ཨ་ནེ་བསམ་གྲུབ་འདྲེན་མ་བྱ་བ་ཞིག་ལ་ཡོངས་སུ་གཏད་དེ། ངའི་བྱིས་པ་འདི་ཉོན་མོངས་པས་བསྐྱེད་པ་མིན་ཞིང༌། འདིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་ཞིང་སྤེལ་བར་བྱེད་པའི་མཐུ་དང་ལྡན་པ་ཉིད་ཡིན་པས་གཙང་སྦྲས་མཐོ་བའི་གཅེས་སྤྲས་སུ་མཛོད་ཅེས་ཕྲིན་དུ་བཞག་ནས་སྤྲུལ་པ་མོ་དེ་ནི། ན་བ་སོགས་ཀྱི་སྣང་བ་ཅི་ཡང་མེད་པར་གང་གང་ནས་འོངས་པའི་ཞིང་མཁའ་ལ་སྤྱོད་པའི་ཕོ་བྲང་དེར་ཡུད་ཀྱིས་ཐེགས་སོ། །དེ་མཚམས་རྗེ་ཉིད་རང་ཡུམ་གྱི་རང་དབང་དུ་གྱུར་པའི་དངོས་པོ་ཕྲ་བ་དག་ཅིག་ཀྱང་ལྷན་དུ། སྐྱོར་མོ་ལུང་གི་ཆོས་སྡེའི་ལྷོ་ཕྱོགས་ཀྱི་སྤང་ཁ་ཆོས་སྡིངས་ཞེས་གྲགས་པའི་དབེན་དགོན་དེར་བྱོན་ཞིང༌། ཕྱིས་པཎ་ཆེན་རིན་པོ་ཆེ་ཉིད་གཙང་ནས་ཕེབས་རེས་ཅིང༌། སྐྱོར་མོ་ལུང་གི་འགའ་ཁང་གྲྭ་ཚང་དུ་སྤྱན་དྲངས་པའི་ཕྱགས་ཕྱིར་མངའ་རིས་པའི་གྲྭ་པ་འགའ་རེས་ཀྱང་ཕྱིན་པས། གྲྭ་ཚང་གི་ཆུ་བན་ཞིག་སྤྱན་གྱིས་གཟིགས་འཕྲལ་དགེ་སྐོས་ལ། དེ་ག་རེ་གསུངས། སྐུ་མདུན་དུ་བཞག་པ་དེ་ལ་ཕྱག་སོར་གྱིས་ཡང་ཡང་རེག་ཅིང༌། འདི་ངའི་མ་དེའི་ཡིན་ཞེས་བརྩེ་གདུང་གི་རྣམ་པ་ཆེན་པོ་སྟོན་པ་གནང་ཞེས། དེ་དུས་གྲལ་ཡོད་པའི་དྲུང་བཙུན་ཤེས་རབ་དཔལ་འབྱོར་བའི་གསུངས་ལས་དངོས་སུ་ཐོས་པ་སེམས་ལ་བཞག་ནས། ཕྱིས་སྐྱོར་མོ་ལུང་དུ་ཕྱིན་སྐབས། འགའ་ཁང་པའི་ཆེན་པོ་བ་ལ་རྩད་བཅད་པས་ཡོད་ཟེར། སྤོས་ཀྱི་དུད་པས་སྤྱན་དྲངས་ནས། དད་པའི་བགོ་སྐལ་མི་དམན་པའི་དབང་ལས། བདག་ཅག་གིས་ཕྱག་བསྟབ་པ་དང༌། སྤྱི་བོར་ལེན་པའི་སྐལ་བ་ཡང་མཆོག་ཏུ་ཐོབ་བོ། །དེར་སྤང་ཁ་ཆོས་སྡིངས་སུ་དགུང་ལོ་ངོ་གསུམ་དུ་གཟིགས་ཙམ་ལ་ཕེབས་ཤིང༌། སྐུ་གཞོན་ནུ་ནས་དེར་བཞུགས་པས། སྐྱོར་མོ་ལུང་པ་རྣམས་ཆོས་རྗེ་ཆེན་པོ་བ་ངེད་ཀྱི་སྤང་ཁ་ཆོས་སྡིངས་སུ་བལྟམས་ཞེས་ཀྱང་སྨྲའོ། །དེ་སྐབས་བལ་པོ་ཨ་སུའི་གདུང་རྒྱུད་དངོས་གྲུབ་སྡིངས་ཀྱི་དགོན་པ་ནས། བླ་མ་སྔགས་འཆང་བགྲེས་པོ་མཚན་རྟ་མགྲིན་ཡང་དག་གྲུབ་པ་ཞུ་བ་ལས་རྟ་མགྲིན་གྱི་བཀའ་ལེགས་པར་ནོད་ཅིང༌། མཚན་ཡང་རྟ་མགྲིན་མགོན་པོར་གསོལ་ལོ། །བཀའ་ལས་ངེད་རང་བྱིས་པའི་དུས་འབྲུག་སྒྲ་སེར་བ་རླུང་ནག་སོགས་ལ་སྡིག་མཛུབ་གཏད། ད་ལྟའི་རྟ་མགྲིན་སྔགས་འདི་ལས་མང་བ་ཞིག་བློ་ལ་འདུག་པ་དེ་བཟླས་པས་ཐུབ་པ་ཡོད་གསུང་ཞིང༌། ད་ལྟའི་སྔགས་ཞེས་པ་གསར་མའི་རྟ་མགྲིན་ཡོངས་ཁྱབ་ཡིན་ལ། ཕྱིས་དངོས་གྲུབ་སྡིངས་ཀྱི་བླ་མས་བོས་ནས་དགོན་གནས་དེར་བདག་གིས་ཕྱིན་སྐབས་དེའི་ཚུལ་རྩད་བཅད་པས། རྟ་མགྲིན་ལྕགས་རལ་རྙིང་མ་ལུགས། སྔགས་འབྲུ་ཡང་པི་ཤ་ཙི་ཤ་ཟའི་སྒྲ་ལྟར་ཡོད་པ་ཞིག་ཀྱང་འདུག་གོ །བླ་མ་འདི་ཡང་བཤེས་གཉེན་དམ་པ་བཅུ་ཕྲག་བཞིའི་བྲི་བྱ་དང་ཡི་གེ་གཉིས་ཀ་ལ་མི་བཞུགས་སོ། །དེ་ལྟར་སྤྲུལ་པའི་སྐུ་དེ་རབ་བཞག་ནས། །སྤྲུལ་པའི་ཡུམ་མཆོག་མཁའ་སྤྱོད་ཞིང་ལ་བཞུད། །སྤྲུལ་པས་སྤྲུལ་པའི་སྣང་བ་རྗེས་སྤེལ་བ། །སྒྱུ་མས་སྒྱུ་མའི་སྣང་བ་འདོར་ལེན་འདྲ། །གཙང་དག་དབེན་པའི་རི་ཁྲོད་དེར། །ཆགས་མེད་རི་དྭགས་ཕྲུག་གུ་བཞིན། །སྡིག་བྲལ་ཟས་ཀྱིས་ཉེར་འཚོ་བ། །ཁྱོད་ཀྱི་རྣམ་ཐར་རྗེས་སུ་དྲན། །དགའ་ལྡན་ལྷ་གནས་བདུད་རྩིའི་བཏུང་བ་ལ། །མི་སྲེད་དམན་གནས་ཆུ་གཙང་གིས་ངོམས་པའི། །རབ་ཞི་དྲང་སྲོང་ཁྱོད་ལ་གུས་པའི་ཡིད། །དྲངས་པ་མེད་ཀྱང་དད་པའི་ཤུགས་དེར་སོང༌། །པཉྩ་ལི་ཀའི་ལྷ་རྫས་གོས་མཆོག་དག །སྦྲུལ་ཤུན་བཞིན་དུ་དོར་ནས་སྣལ་མའི་གོས། །ཁྲེལ་ཡོད་ངོ་ཚའི་ཚུལ་གྱིས་ལེགས་བགོས་ཁྱོད། །གོས་མཆོག་ཚུལ་ཁྲིམས་རྒྱན་གྱིས་ངང་གིས་མཛེས། །བྱམས་མགོན་ཆོས་ཀྱི་བླ་མའི་ཞལ་བཟང་ལས། །དངོས་སུ་གསན་པའི་ཏིང་འཛིན་སྒོ་བརྒྱ་པ། །རེ་ཞིག་གཏད་ནས་མི་གཟུགས་རྗེས་སློབ་པ། །མགོན་ཁྱོད་མཉམ་པར་མ་གཞག་ཐུགས་མིན་ནམ། །ལྷ་བུ་ཡིད་འོང་ཁྲོ་མེད་དག་པའི་འཁོར། །དགའ་གནས་ཆོས་ཀྱི་གྲོགས་པོ་ཡོངས་བཏང་ནས། །ཁྲོ་གཏུམ་རྒོད་བག་སྙིགས་མའི་གདུལ་བྱ་ཡིས། །ཁྱོད་ཐུགས་སུན་དབྱུང་བགྱིས་པ་མ་ལགས་གྲང༌། །དེ་ལྟ་ན་ཡང་མཉམ་ཉིད་ཐུགས། །ནམ་མཁའི་དབྱིངས་ལྟར་ཡོངས་ཁྱབ་པས། །སྲིད་དང་ཞི་བ་མཉམ་པ་ཉིད། །གཟོད་ནས་རབ་ཞིའི་དེ་ཉིད་གཟིགས། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། འཁྲུངས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་གཉིས་པའོ།།  །།དེ་ནས་རང་གི་ཞང་པོ་དགེ་བཤེས་དོན་གྲུབ་དཔལ་བཟང་ཞེས་པ་དེ་ཉིད་ཁམས་པའི་གྲྭ་ཚང་ན་ཡོད་པའི་སྤྱིལ་བུར་བྱོན་ནས་ཀློག་ཡིག་སོགས་བསླབས་སྦྱངས་ཀྱི་སྒོ་བརྟེན་པའི་མཛད་པས་དཀའ་བ་གང་ཡང་མེད་པར་ལེགས་པར་ཐུགས་སུ་ཆུད་ཅིང༌། རྗེ་ཉིད་ནི་རོང་སྟོན་ཆེན་པོའི་ཞལ་སློབ་ཏུ་འདུག་པའི་མོས་ཞེན་གྱིས་འགའ་ཁང་པའི་སློབ་དཔོན་བསོད་ནམས་ཚུལ་ཁྲིམས་པའི་དྲུང་ཉིད་དུ་ཕྱག་སྟོབས་པ་དང༌། བློ་གསར་གྲྭ་སྐོར་གྱི་ཟིན་ཐུན་ཞལ་སློབས་ལེན་པ་སོགས་རྒྱུན་ལྡན་དུ་གནང༌། སྤང་ཁ་ཆོས་སྡིངས་སུ་ཕེབས་པའི་སྐབས་ཙམ་ན་ཁྱིམ་པའི་ཆས་དག་མིག་རས་ཀྱི་རྩ་ལྟར་རྒྱངས་བསྲིངས་ཏེ་ངུར་སྨྲིག་གོས་མཆོག་འཛིན་པར་མཛད། རང་མཉམ་གྱི་བྱིས་པ་མ་ལུས་པས་སློབ་མའི་རྣམ་པར་ཞབས་འབྲིང་དུ་བསྐོར་བ་ལ། ཚིག་འབྲུ་བཟང་པོས་ཆོས་ལས་བརྩམས་པའི་ངག་ཚིག་ཕུན་སུམ་ཚོགས་པ་རྒྱ་ཆེར་སྩོལ་ཞིང༌། ནུབ་ཀྱི་ཕྱོགས་ལ་མཛུབ་མོས་བརྡའ་གཞལ་ཏེ་ངའི་གདུལ་བྱ་ཡང་དེ་ན་ཡོད་དོ་གསུང༌། དེར་ནུབ་ཕྱོགས་ལ་ཕྱག་མཛུབ་གཏད་པའི་རྗེས་དཔག་ལས། རྣམ་དཔྱོད་དང་ལྡན་པ་ལ་ལ་ནི། འདི་དུས་ངེས་པར་འགྲིག ས་སྐྱའི་མཁན་ཆེན་གཡག་པ་དེ་ཉིད་སྐྱེ་བ་ཡོངས་སུ་བཟུང་བར་སྣང་ངོ༌། །ཞེས་ཕྱོགས་ཀུན་ཏུ་སྒྲོག་མོད་ཀྱང༌། ངའི་གདུལ་བྱ་ཞེས་པའི་ངེས་ཚིག་ནི། གསེར་མདོག་ཅན་གྱི་བཤད་གྲྭ་ཁྱད་པར་བ་དག་མ་འོངས་པ་མངོན་སུམ་དུ་གཟིགས་པའི་དབང་ལས་ལུང་སྟོན་པར་མཛད་དོ། །ཞེས་གཏན་ཚིགས་དང་འབྲེལ་པ་ཡང་སྣང་ངོ༌། །ཐོག་མ་དེར་བློ་གསར་གྲྭ་སྐོར་ཞིག་སྐྱོར་མོ་ལུང་གི་ཆོས་གྲྭར་མཛད་པར་དགོངས་ནས། མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོ་ལ་རྒྱུ་མཚན་དང་བཀའ་གྲོས་ལྗེབས་པར་ཕུལ་བས། བཀའ་ལུང་གི་བསླབ་བྱ་མཛད་པ་ཡང༌། ཁྱེད་ཞང་དབོན་གྲྭ་ཚང་ཐ་དད་པའི་དབང་ལས། ཅུང་ཞིག་དཀའ་བའི་གནས་སུ་ལྷུང་བར་སྣང་བས། ད་རེས་བཤད་གསར་ལ་དམིགས་པའི་ཆ་རྐྱེན་རྣམས་སྐུ་རིམ་དུ་བསྒྱུར་བ་འཐད་ཅེས་གསུང་བའི་བཀའ་བཀོད་ཞིབ་རྒྱས་སྩལ་བ་ཇི་ལྟ་བར་མཛད་དོ། །ཞེས་ཀྱང་སྒྲོག་གོ །ཞང་པོ་དགེ་བཤེས་འདི་ཉིད་ལ་དྲིན་དུ་གཟོ་བའི་ཐུགས་ལྷག་པར་གནང་ཞིང༌། བཤེས་གཉེན་དམ་པ་བཅུ་ཕྲག་བཞིའི་བསྟོད་པའི་ནང་དུའང་མ་ཆུད་འདུག་ཅེས་ཐུགས་ལས་གནང་ཞིང༌། བྲིས་སྐུའི་ནང་དུ་ལེགས་པར་བྲིས་ཏེ། སློབ་དཔོན་དོན་གྲུབ་དཔལ་བཟང་ཞེས་མཚན་གྱིས་མཚོན་པར་གྱུར་ཏོ། །དེར་དགུང་ལོ་བརྒྱད་དུ་ཕེབས་ཙམ། ཐ་སྙད་ལམ་གྱིས་ཁུར་བོར་བཏགས་པའི་སློབ་དཔོན་མཁས་པ་དཔལ་ལྡན་བཟང་པོ་སྔོན་མཁན་ཆེན་གཡག་པས་བཅོམ་ལྡན་འདས་གཏུམ་པོ་དཀར་པོ་བསྒྲུབ་པས་བར་ཆད་ཀྱི་གཡུལ་ལས་ཡོངས་སུ་རྒྱལ་ནས་ཞལ་མངོན་སུམ་དུ་གཟིགས་པའི་གནས་མི་གཡོ་བྲག་ཕུག་ན་བཞུགས་པའི་དྲུང་དུ་བྱོན། སྐུ་ཆོས་བྱེད་འདོད་ལ་ཞང་པོ་སོགས་ནི་སྐྱོར་མོ་ལུང་ཉིད་སྔོན་ནས་ད་ལྟའི་བར་གྱི་འདུལ་བ་འཛིན་པའི་སྲོལ་མ་ཉམས་པ་ཆུ་བོའི་རྒྱུན་ལྟ་བུའི་གྲྭ་ས་འདི་ཉིད་དུ་གྱིས་ཞེས་བསྐུལ་ལ། དེ་ལས་གཞན་དག་ནི་སེར་འབྲས་སོགས་གཞན་དང་གཞན་དུའང་རིགས་སོ་ཞེས་གླེང་ན་ཇི་ལྟར་བགྱི་བའི་ལེགས་ལམ་སྟོན་པར་ཞུ་ཞེས་གསོལ་བས། མཁས་པ་ཆེན་པོ་དེས། གཞོན་ནུ་བློ་གསལ་བ་ཐེག་ཆེན་རིགས་ཀྱི་རྒྱུ་ནུས་ཅན་དེ་ཉིད་ཡོངས་སུ་སད་པར་བྱ་བའི་ཕྱིར། གཡག་མ་ཕམ་ཆོས་ཀྱི་བླ་མ་དང༌། རོང་སྟོན་པ་ཤེས་བྱ་ཀུན་རིག་སྟེ་གཡག་རོང་རྣམ་པ་གཉིས་ཀྱི་རྣམ་པར་ཐར་པ་དག་རྒྱ་ཆེར་སྙན་འཇེབས་ཀྱི་གསུང་གིས་སྙན་དབང་དུ་བསྒྲགས་པའི་དབང་ལས། སྔོན་གནས་ཡོངས་སུ་དྲན་པའི་ཚོར་བ་དྲང་སྲོང་ནགས་སུ་སླེབས་པའམ། རི་དྭགས་གྲོང་ལས་ཐར་པ་ལྟར་དགའ་བ་དང༌། སྐྱོ་བའི་ཡིད་ཡོངས་སུ་སྦྲེལ་བ་དག་ཅིག་གི་ཏིང་ངེ་འཛིན་ལ་འགོད་པར་མཛད་དེ། ལུས་སྐྱེས་ཀྱི་སྤུ་ལོང་གི་ཚོགས་དག་ནི་རབ་ཏུ་འཁྲུགས་པའི་བསམ་གཏན། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། རབ་ཏུ་དགའ་བ་ལས་བྱུང་མིག་ནི་མཆི་མས་བརླན། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་འདི་ཡིན་ཏེ། །སོགས་རིགས་སད་ཀྱི་སྣང་བ་ཇི་ལྟར་བྱུང་ཚུལ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་ལུང་ཁྱད་པར་བ་དག་གིས་བསྒྲུབ་པར་ནུས་པའི་དབང་ལས། ཡིད་ཆེས་པའི་འབྲས་བུའི་གཏན་ཚིགས་ཡང་དག་པས་བརྒྱན་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་མི་གཡོ་དཀར་པོའི་རྗེས་སུ་གནང་བ་དང་རྗེས་འབྲེལ། མཁན་ཆེན་གཡག་པས་མཛད་པའི་མི་གཡོ་དཀར་པོའི་སྒྲུབ་སྐོར་མི་ཟད་པའི་གཏེར་མཛོད་ཀྱི་ལུང་ཡང་སྩལ་ཞིང༌། ཡང་བཀའ་སྩལ་དུ་མཛད་པ་ནི། མདོར་ན་གང་ཁྱོད་ཀྱི་ཆོས་སྒོ་ལེན་པའི་དགེ་བའི་བཤེས་སུ་གྱུར་པ་ནི། རོང་སྟོན་པ་ཉིད་ཡིན་པས་བློ་བརྟན་པ་དང༌། བདུད་ལས་ཀྱང་ཡོངས་སུ་བརྒལ་བའི་གོ་ཆ་དང་ལྡན་པར་གྱིས་ཤིག སྐྱོར་མོ་ལུང་གི་ཆོས་གྲྭ་དེ་ཉིད། སྔོན་མཁས་པ་ཡོན་ཏན་ཁྲིས། བཅོམ་ལྡན་འདས་མི་གཡོ་བ་རིགས་ལྔའི་ཞལ་ལེགས་པར་གཟིགས་ཏེ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་ཆོས་ཀྱི་སྒོ་གསན་པའི་གནས་ཡིན་པས། སྔགས་ཀྱི་བཟླས་པ་ཡང་ནན་ཏན་དུ་གྱིས་གསུང་ནས། ཞྭ་སེར་ལེགས་པ་གཅིག་གི་གནང་སྦྱིན་ཡང་སྩལ་ཟེར་རོ། །དེ་ནས་སླར་ཡང་སྐྱོར་མོ་ལུང་གི་ཆོས་གྲྭ་དེ་ཉིད་དུ་བྱོན་ནས་རེ་ཤིག་བཞུགས་ཤིང་མཁས་པ་ཡོན་ཏན་ཁྲིའི་གཟིམས་སྤྱིལ་སོགས་སུ་ཡང་ཡང་ཕེབས་ནས་བཅོམ་ལྡན་འདས་གཏུམ་པོ་དཀར་པོ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་མཛད་ཅིང༌། རྒྱུན་དུ་ཡི་གེ་བཅུ་པའི་གསང་སྔགས་བཟླས་བརྗོད་འགྲུས་པར་གནང་བས་དུས་དེར་དབོན་པོ་མི་གཡོ་བར་མཚན་གསོལ་ཡང་ཟེར་རོ། །བཀའ་ལས་ཀྱང༌། ངེད་རང་གི་ཚེ་འདིར་ཡིད་དམ་གྱི་བསྙེན་བསྒྲུབ་ཐོག་མ་དེ་མི་གཡོ་བ་དཀར་པོ་འདི་ཡིན་ཞིང༌། ངེད་ལོ་དགུ་ཙམ་འགྲོ་དུས་སྲོད་ཐོ་རངས་གཞན་རྐྱེན་ལ་མ་བལྟོས་པར་བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་མངོན་རྟོགས་དང་བསྟོད་པ་མཁན་ཆེན་གཡག་པས་མཛད་པའི་སྟེང་ནས་བྱས། ཙཎྜ་མ་ཧཱ་རོ་ཥའི་སྔགས་མང་དུ་བཟླས་པའི་རྗེས་ལ། འདི་ནས་བཤད་པའི་བོགས་འབྱིན་སྡིགས་མཛུབ་ཀྱི་སྦྱོར་བ་དེ་བྱས། རེས་དཔའ་སྤོའི་སེམས་ལ་གཟེངས་མཐོ་བའི་ཟིལ་ཆེན་པོ་འབད་མེད་དུ་ཡོང་གིན་ཡོད་པ། ཕྱིར་དཀོར་འདྲ་ཟོས་པས་ཡིན་ཡོང་ལོད་དུ་སོང་འདུག་གོ་ཞེས་དངོས་སུ་ཐོས་པའི་ངག་ལས་ལེགས་པར་རྟོགས་སོ། །གང་སྐུ་རབ་མཛེས་ལྷ་བུ་ཡིད་འཕྲོག་ལྟའི། །མཐིང་སྔོན་རལ་པའི་ཟུར་ཕུད་ལྟ་ན་སྡུག །མདངས་བཀྲ་འོད་ཆགས་ལྕང་ལོའི་ཚོགས་དེ་རྣམས། །དག་བྱེད་ཆབ་ཀྱིས་བཀྲུས་ཏེ་སྤུ་གྲིས་སྦྱངས། །རབ་དྲེགས་ལང་ཚོའི་དཀྱིལ་འཁོར་མ་ཉམས་པ། །ངུར་སྨྲིག་གོས་ཀྱིས་སྒྲིབ་པས་གསལ་མིན་ཞེས། །སྲེད་ལྡན་འདོད་པའི་དགའ་སྟོན་ལ་ཆགས་དག །ཡིད་འབྱུང་སྐྱོ་བའི་སྣ་གླུ་རིང་ནས་ལེན། །དེ་ཐོས་ལང་ཚོ་རྒྱས་པའི་གཞོན་ནུ་འགའ། །མཚན་དཔེ་ལ་ཆགས་རབ་ཞི་ལ་ཁྲོས་ནས། །དགའ་གདུང་འཁོན་འཛིན་སྣང་བས་ཡིད་བྲེལ་བ། །རི་དྭགས་སྨིག་རྒྱུ་རྗེས་སྙོག་རིངས་པའི་ཚུལ། །སྐྱེ་བར་བག་ཡོད་ཁྲིམས་ཀྱི་གོས་ཅན་ཁྱོད། །ནམ་ཡང་འདོད་པའི་གཡང་ལ་འབྱོན་མིན་ཞེས། །གཞན་འཕྲུལ་བདག་པོའི་བུ་མོ་ཁེངས་ལྡན་མ། །མེ་ཏོག་མདའ་ཅན་མ་དེ་སྐྱེངས་ཏེ་ཞུམ། །རང་བཞིན་གྱིས་གྲུབ་ཚངས་སྤྱོད་གསལ་བའི་ཚོན། །ཐུན་མཚམས་ལི་ཁྲིའི་མདངས་འཕྲོག་སངྒ་ཙི། །ཕན་ཚུན་མཛེས་པའི་དཔལ་བཟང་འགྲན་པའི་ཟོལ། །སྐལ་བཟང་མིག་གི་བདུད་རྩིར་ཡོངས་ལ་བསྒྲགས། །སྔོན་གནས་རྗེས་སུ་དགོངས་པའི་རང་ཉམས་ཅན། །ཁྱེད་ཐུགས་མེ་ལོང་མ་ཕྱིས་ངང་གིས་གསལ། །མ་འོངས་གཟུགས་བརྙན་ཤར་བའི་ཟློས་གར་ཆ། །བྱིས་པའི་འཁོར་ལ་མཛུབ་མོའི་བརྡ་ཡིས་བསྟན། །སྟོན་པ་སངས་རྒྱས་རང་བྱུང་བསྙེན་རྫོགས་ལྟར། །ཁྱེད་ཀྱང་རང་བྱུང་ངུར་སྨྲིག་གོས་མཆོག་འཛིན། །སླད་ནས་མཁན་སློབ་ཁྲིམས་ཀྱི་རྗེས་འགྲོ་བ། །དངོས་སུ་གླང་ཆེན་ཁྲུས་འདྲ་སྟོན་མིན་གཏམ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། གཞོན་ནུའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་གསུམ་པའོ།།  །།དེར་སྐྱོར་མོ་ལུང་གི་ཆོས་གྲྭ་དེ་ཉིད་དུ་བཞུགས་པའི་སྐབས། མཁན་ཆེན་ཆོས་རྒྱལ་དཔལ་བཟང་པོས། སྤྱན་གྱི་འབྲས་ལྟར་གཅེས་སྤྲས་སུ་གནང་ཞིང༌། དངོས་དང་བརྒྱུད་ནས། འདི་ལ་གངས་ཅན་གྱི་ལྗོངས་ཀྱི་འདུལ་བ་འཛིན་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཅིག་ཡོང་ངེས་ཤིང༌། རྣམ་སྲས་འཁོར་བཅས་ཀྱང་ལུས་དང་གྲིབ་མའི་ཚུལ་དུ་རྗེས་སུ་འབྲང་བར་འདུག་གོ་གསུང་ཞིང་བཀའ་ལས་ཀྱང༌། ངེད་རང་བྱིས་པ་ལོ་དགུ་ལོན་པའི་སྐབས། སྐྱོར་མོ་ལུང་ཚོར་ཡུན་རིང་བསྡད། དེ་དུས་ནས་གྲེ་ལྕེ་ལྷག་པར་བདེ་བ་དང༌། བརྗོད་པ་གཙང་བར་ཡོད་པས། ཁོང་ཆེ་བགྲེས་འགའ་རེ་རྣམ་སྲས་ཀྱི་དབྱངས་གྱེར་བའི་ལད་མོ་ཟློས་པས། དབྱངས་རྟ་ཚིག་སྦྱོར་དག་ཡུད་ཙམ་གྱིས་ཤེས་ཤིང༌། རང་རེ་གཏོལ་ཅི་ཡང་མེད་པའི་བྱིས་ཆུང་ཡིན། མཁན་ཆེན་ཆོས་སྐྱབས་པས་དགོངས་པས་དཔྱད་ནས་ཕྱག་རྡོར་འགྲོ་བཟང་མའི་དབང་དང༌། རྣམ་སྲས་རིགས་བརྒྱད་ཀྱི་རྗེས་གནང༌། རྡོ་རྗེ་ས་འོག་གར་མཁན་མཆོག་སོགས་ཀྱི་རྒྱུད། འགྲོ་བཟང་སྙིང་པོ་ཟངས་དཀར་ལོ་ཙཱ་བ་དང༌། རྦལ་ཏི་དགྲ་བཅོམ་པ་སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས་སོགས་ཀྱི་ཡི་གེ་མང་པོའི་ལུང་ཐོབ། དེ་དུས་རྣམ་སྲས་དཀར་པོའི་རྗེས་གནང་ཞུས་ཉིན། རང་རེའི་རྨི་ལྟས་ལ་མི་དཀར་པོ་དར་དཀར་པོའི་གོས་གྱོན་པའི་ཕུ་དུང་ནང་ནས། ངེད་ལ་མགྲོན་བུ་དཀར་པོ་མང་པོ་ཐུ་བར་སྦྱིན་བྱུང་བ་བགྲངས་པས་བརྒྱད་ཅུ་ཙམ་འདུག་ཅིང་དྲུག་ཅུ་རེ་གཅིག་གཉིས་པའི་གྲངས་ཀྱི་མགྲོན་བུ་དེ་ལ་ནག་ཐིག་དཀྱིལ་ན་ཡོད་པ་བྱུང༌། སང་དེ་སྔར་མོར་མཁན་རིན་པོ་ཆེ་ལ་ཞུས་པས། དེ་ཚེ་ཚད་ཡིན། དྲུག་ཅུ་སྐོར་ལ་ཨེ་དོག་ཟེར་བའི་ལུང་བསྟན་དུ་འདུག་གོ་གསུང་བ་བྱུང་གསུང་ངོ༌། །དེ་ལྟ་ན་མེ་མོ་ལུག་ལ་ལྷུམས་སུ་ཞུགས། ས་ཕོ་སྤྲེའུ་ལ་སྐུ་བལྟམས་ནས། ས་མོ་བྱ་ལྕགས་ཕོ་ཁྱི་རྣམས་ལ་གསང་མདའ་བང་རིམ་རང་དུ་བཞུགས། ལྕགས་མོ་ཕག་ལ་ཡུམ་གཤེགས་ཤིང༌། དེ་ལོ་ནས་ཆུ་ཕོ་བྱི་བ། ཆུ་མོ་གླང༌། ཤིང་ཕོ་སྟག་གི་བར་སྤང་ཁ་ཆོས་སྡིངས་ཁོ་ན་དང༌། ཤིང་མོ་ཡོས། མེ་ཕོ་འབྲུག་གཉིས་ལ་སྐྱོར་མོ་ལུང་གི་ཆོས་གྲྭར་འབྲི་ཀློག་གི་ཚུལ་བསྟན། དེར་མེ་མོ་སྦྲུལ་གྱི་ལོ་གསར་ལ་རོང་སྟོན་ཆེན་པོ་སྐྱོར་མོ་ལུང་དུ་ཕེབས་པ་དང༌། ཐོག་མར་མཇལ་ཞིང༌། དེ་ཉིད་ནས་ཕྱགས་ཕྱིར་འབྲངས་ཏེ། བདག་ཉིད་ཆེན་པོ་དགུང་ལོ་བཅུར་ཕེབས་པ་ཙམ་གྱི་དུས་དེར་ཤེལ་གྲོང་གི་གཙུག་ལག་ཁང་དུ། བསྟན་པ་རིན་པོ་ཆེའི་སྒོར་ལེགས་པར་འཇུག་པར་མཛད་ནས་ཤཱཀྱ་མཆོག་ལྡན་ཞེས་མཚན་དུ་བཏགས་ཤིང༌། བརྒྱུད་པ་ནས་བརྒྱུད་པར་བཅས་པས་ཞལ་གཟིགས་པའི་ལྷག་པའི་ལྷ་བཅོམ་ལྡན་འདས་མི་གཡོ་བ་དཀར་པོའི་ཤེས་རབ་བློ་འཕེལ་གྱི་རྗེས་སུ་གནང་བ་ཡང་སྩལ་ཞིང༌། ཆོས་རྗེ་དོན་ཡོད་དཔལ་བ་ལ་རོང་སྟོན་ཆེན་པོས་དངོས་ཀྱིས་བཀའ་ལུང་བྱོན་པ་ལ་ཡང༌། འདི་ངའི་གྲོགས་པོ་དམ་པ་བག་གཞོན་གྱི་སྐྱེ་བ་འཁྲུལ་མེད་ཡིན་ཞིང༌། ད་རེས་སྣེ་པ་སོགས་ཀྱིས་དགག་དགོས་གཅད་ཕྱིར་བར་མ་རབ་བྱུང་ཙམ་ལ་གཞག་པ་དེ་ཡིན། འདི་ལ་ཞལ་བཞི་པ་ལུས་དང་གྲིབ་མའི་ཚུལ་དུ་རྗེས་སུ་འབྲངས་པས། བར་ཆད་ཀྱི་གཡེང་བ་གང་ཡང་མེད་པ་ཐོས་བསམ་མཐར་ཕྱིན་པར་འགྱུར་ངེས་པས་སློབ་དཔོན་པ་ཁྱེད་ཀྱིས་ཀྱང་བསླབ་སྦྱངས་ཀྱི་གྲོགས་དན་ཡང་དག་མཛོད་ཅིག་ཅེས་གསུང་ཞིང་གཉེར་གཏད་དུ་མཛད་ནས། དེའི་དབྱར་ཆོས་སྟེངས་སུ་གསང་ཕུར་ཕེབས་ཞེས་གླེང་ངོ༌། །དེ་ནས་གནས་སྒོར་བཞུགས་པའི་ཕྲལ་གྱི་གནས་ཀྱི་སློབ་དཔོན་ནི་མཁན་ཆེན་ཉི་མའི་དྲུང་གིས་གནང༌། རྗེ་དོན་ཡོད་དཔལ་བ་ཕྱོགས་ཀྱི་གདུལ་བྱ་ཕྲན་བུ་ལ་ཕེབས་པ་སོགས་ཀྱི་སྐབས་སུ་ཡང་དབོན་ཆུང་རང༌། དྲུང་ཇོ་གདན་པའི་རྩ་རང་དུ་སྡོད་ཅིག གཞན་སྤྱོད་པ་ཆུད་ཟོས་ཡོང་གསུང་བ་ཅིག་ཡོད་ཅེས་དེ་དུས་ཀྱི་རྗེ་དོན་ཡོད་དཔལ་གྱི་གྲྭ་རྒན་མང་དཀར་བ་ཚུལ་ཁྲིམས་དཔལ་མཆོག་ཏུ་གྲགས་པའི་ཚད་སྟོན་གསང་ཕུ་རང་ན་བཟང་བར་བྱས་པ་དེ་ཉིད་གསུང་ཞེས། རྡོ་རྗེ་སློབ་དཔོན་རབ་གསལ་ཟླ་བ་མགོན་པོའི་གསུང་ལས་ཐོས་ཤིང༌། གོང་མའི་ཚུལ་ཁྲིམས་དཔལ་མཆོག་ཀྱང་རྗེ་དེ་ཉིད་ཀྱི་ཁུ་བོ་ཡིན་ནོ། །དེ་དུས་བདག་ཉིད་ཆེན་པོ་དེ་ཉིད་སྐྱེ་བའི་གནས་དུ་མར་གྲུབ་སྦྱངས་ཀྱི་ལམ་མཐོན་པོའི་གོ་འཕང་མངོན་པར་མཛད་པའི་དབང་ལས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐུགས་ལ་གསལ་བར་འཁྲུངས་ནས། རང་གི་སྐུའི་ཆ་ཤས་མ་ལུས་པ་ཕྱི་གསལ་ནང་གསལ་ཤེལ་སྣོད་དྭངས་པར་གངས་ཆུ་བཀོད་པ་ལྟར་གྱུར་པས། ཕྱག་སོགས་ཀྱི་འགྱུར་བས་སྐུ་ལུས་ཟང་ཐལ་དུ་སོང་བའི་ཐུགས་མྱོང་དང༌། རེས་འགའ་སྐུ་ལུས་རང་ཡང་ག་རེ་ཞེས་ཕྱག་གཡས་གཡོན་ཕན་ཚུན་གཅིག་གིས་གཅིག་བཙལ་བས་རེག་པ་མེད་པར་ཉི་ཟེར་ལ་མཛུབ་མོས་ཉུལ་བ་ཇི་ལྟ་བའི་ཚུལ་གྱིས་དངོས་བྲལ་དུ་དགོངས་པར་གྱུར་ཅིང༌། དུས་དེར་འོད་གསལ་ཟླ་བ་ཤར་བའི་སྣང་བས་ཉིན་མཚན་དབྱེ་བ་མེད་པར་མཚན་དུས་ཀྱང་ཉིན་མོ་ལྟར་བསླབ་སྦྱངས་ཀྱི་དཔེ་མཐའ་དག་གཟིགས་པ་ལ་སྩོལ་བ་མཛད་པར་གྱུར་པའི་སྐབས། གྲོགས་དག་གིས་ཅི་མཚན་ལ་དཔེ་གཡེངས་ནས་ཅི་བྱེད་ཟེར་སྤྱོས་པས། ངེད་རང་ལ་ནི་ཉིན་མཚན་གྱི་མཐོང་ཡུལ་ལ་ཁྱད་པར་ཅུང་ཟད་མི་སྣང་བས་འདི་ནི་འདིའོ་ཞེས། ཉིན་མོ་ལྟར་ཤ་ར་ར་བཀླགས་པས་ཐམས་ཅད་ཡ་མཚན་དུ་གྱུར་ཅིང༌། གྲྭ་རྒན་འགའ་རེས་བློས་མ་མཁྱུད་པར། འདི་འདྲ་བར་ཆད་ཡིན་པ་སྲིད། སྐུ་རིམ་དང་ཞལ་འདོན་ལ་བརྩོན་པ་བསྐྱེད་ཅེས་གྲོས་འདེབས་པའང་བྱུང་ཞེས་གྲག་གོ །དེར་ཕར་ཚད་གཉིས་ཀའི་གཞུང་གཟིགས་པ་དང༌། སློབ་དཔོན་ལས་དེ་དག་སོ་སོའི་བསླབ་སྦྱངས་ཀྱི་གནས་ཇི་སྙེད་པ་བདག་གིར་གནང་ཞིང༌། དེའི་སྐབས་ཕར་ཕྱིན་ནི་རོང་ཊཱིཀ་ཉིད་དང༌། ཚད་མ་ལ་རྗེ་དོན་ཡོད་དཔལ་བའི་ངག་སྒྲོས་རང་གི་སྟེང་ནས་གཞུང་ཆོས་ཀྱི་བར་བློ་གསར་བ་གཞན་གང་དག་གིས་ལོ་མང་པོའི་བསླབ་སྦྱངས་ཀྱི་གནས་དག་ཆོས་ཐོག་རེ་རེ་ལ་རྫོགས་པའི་ཚུལ་ཡང༌། རྗེས་སུ་སྟོན་བཞིན་པའི་ས་ཕོ་རྟ་ལོའི་སྟོན་སྟེངས་དགུང་ལོ་བཅུ་གཅིག་ཏུ་ཕེབས་པའི་ཚེ། དཔོན་སློབ་ལྷན་ཅིག་ནཱ་ལནྡྲར་བྱོན་ཞིང༌། རོང་སྟོན་སྨྲ་བའི་སེང་གེ་ཉིད་ཀྱི་སྤྱན་སྔར། རྒྱལ་ཚབ་མ་ཕམ་པའི་བཞེད་དགོངས་ཐོགས་མེད་མཆེད་ལས་བརྒྱུད། རྔོག་ལོ་ཙཱ་བ་ནས་རིམ་གྱིས་ཐམས་ཅད་མཁྱེན་པ་བུ་སྟོན་ཁ་ཆེ་ལ་ལེགས་པར་བཀའ་བབས་པ། གཡག་མ་ཕམ་ཆོས་ཀྱི་བླ་མའི་ཞལ་བུམ་ལས་དངོས་སུ་གསན་པའི་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྐོར་རྣམ་གྲངས་དཔག་མེད། གཞུང་ཕྲན་མ་ལུས་པ་དང་བཅས་པའི་ཟབ་མོའི་བདུད་རྩི་དང༌། རྗེ་བཙུན་འཇམ་པའི་དབྱངས་ལས་ཕྱོགས་ཀྱི་གླང་པོས་དངོས་སུ་གསན་ཞེས་སམ། དེ་ལས་གཞན་དུ་ན་ཐུབ་པའི་དགྲ་བཅོམ་པ་མེ་ཝཾ་གྷ་དགྲ་བཅོམ་པ་ཆོས་སྐྱོབ་ལས་དབྱིག་གཉེན་ཕྱོགས་ཀྱི་གླང་པོ་ཞེས་གང་ལས་འོངས་པ་ཚད་མ་མདོ་དང་དེའི་དགོངས་འགྲེལ། དཔལ་ལྡན་ཆོས་ཀྱི་གྲགས་པའི་སྡེ་བདུན། རྒྱ་གར་གྱི་མཁས་པ་དུ་མའི་ལེགས་བཤད། ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏས་ཁྱད་པར་དུ་སྩལ་དུ་བཏོན་པའི་ངག་རྒྱུན་མ་ཉམས་པའང༌། གཡག་མ་ཕམ་པ་ལས་དངོས་ཀྱིས་ནོད་པའི་བཤད་རྒྱུད་དྲི་མ་མེད་པ་དག་བུམ་པ་གང་འབྱོར་ནོས་ཤིང༌། གཞན་ཡང་ཐལ་རང་གི་དབུ་མའི་གཞུང་ལུགས་རབ་འབྱམས་མ་ལུས་པ་ཡང༌། དགོངས་འགྲེལ་མཁན་པོ་གང་དང་གང་གིས་བཀྲལ་བའི་གཞུང་ལུགས་རྨ་མེད་པ་རྟོག་གེའི་ངན་རྟོག་དག་གིས་ཅི་དགར་མ་སྦགས་པའི་མཐའ་བྲལ་དབུ་མའི་དབྱིངས་གང་གིས་མངོན་སུམ་དུ་གཟིགས་པའི་ཡུལ་དངོས་ཉིད་འདོམས་ཤིང་དེ་ཉིད་ཇི་ལྟ་བར་ཡང་ཐུགས་སུ་བྱོན་ནོ། །ཞེས་བྱ་བའི་གཏན་ཚིགས་ཡང་དག་པའི་ངེས་པ་ལས་ཀྱང་ཡིད་ཆེས་པར་དོན་གྱི་བྱིན་རླབས་འཕོ་བའི་ལམ་པ་སྟེ། ཚིག་སྦྱོར་ཙམ་བསླབ་སྦྱངས་སུ་ནོད་པ་ལ་ཐ་སྙད་དུ་སྒྲོག་པ་དག་གི་སྤྱོད་ཡུལ་དུ་མ་གྱུར་པའི་རྣམ་པར་དགོངས་པ་ལས་ཀྱང་ངོ༌། །དེ་ནས་གླང་ཐང་དུ་དེ་ལོའི་སྟོན་ཆག་ལ་ཕེབས་སྐབས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་སྲས་ཀྱི་ཐུ་བོ་གླང་ཐང་སྤྱན་སྔ་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་གསན་པའི་གཏོར་མའི་བཀའ་བསྒོ་དུས་ཆོས་སྐྱོང་དངོས་སུ་བཞུགས་དགོངས་པའི་ཟིལ་ཆེན་པོ་དང༌། བླ་མ་དང་ཆོས་སྐྱོང་དབྱེར་མེད་པར་གཟིགས་པའི་དད་མོས་རྒྱ་ཆེར་འཁྲུངས་ཤིང༌། དེའི་ཉིན་མན་ཤཱ་ས་ནའི་སྔགས་ཐུན་རེ་ཡང་གཏན་ནས་མ་ཆག་པ་བྱས། ཕྱིས་ས་སྐྱའི་གནས་མཇལ་ལ་བྱོན་དུས་སྒོ་རུམ་གྱི་བསེ་འབག་ནག་པོ་འཕུར་ཤེས་ལ་མཇལ་དུ་ཕེབས་སྐབས། དཀོན་གཉེར་ན་རེ། མདངས་རྨི་ལམ་དུ་མགོན་པོའི་གསུང་ལས། སང་ང་དང་སྔོན་གླང་ཐང་དུ་འཕྲད་མྱོང་བའི་དགེ་བའི་བཤེས་གཉེན་ཅིག་འཕྲད་དུ་ཡོང་བ་ཡོད་གསུང་བ་འདི་ལ་ལྟ་བར་སྣང་ཟེར་བས། ངེད་རང་གིས་གླང་ཐང་དུ་ཆོས་སྐྱོང་ཞུས་པའི་དུས་ཀྱི་སྣང་བ་དྲན་ཞིང་སྙིང་ནས་ཡིད་ཆེས་ཐོབ་ཅེས་དྲིན་ཅན་སྤྱང་ལུང་པའི་གསུང་ལས་ཐོབ་པའི་ངག་སྒྲོས་སོ། །དེའི་ཕྱི་ལོ་དབྱར་ཆོས་སྟེངས་སུ་གསང་ཕུར་ཕར་ཚད་ཀྱི་བློ་གསར་གྲྭ་སྐོར་གནང་ཞིང༌། འདི་ཐད་རྣམ་ཐར་རྗེ་དབོན་མར་དགུང་ལོ་བཅུ་གསུམ་ལ་མཛད་པར་བྱེད་ལ། རྣམ་ཐར་མ་ཏི་མ་ལས། དགུང་ལོ་བཅུ་གཉིས་ཀྱི་སྟེངས་སུ་མཛད་པ་བྱས་པ་ནི། ཕྱི་མ་ལྟར་བཅུ་གཉིས་ཀྱི་སྟེང་ཁོ་ན་ཡིན་ཏེ། བཀའ་ལས་ངེད་ཀྱི་སྔོན་གསང་ཕུར་ལོ་བཅུ་གཉིས་ལ་ཕར་ཚད་གཉིས་ཀའི་རྣམ་གཞག་བྱས་ཤིང༌། དེ་དུས་རོང་ཊཱིཀ་འདི་ནི་སྔོན་ཆད་གཞན་གྱིས་མ་རྟོགས་པའོ། །ཞེས་པའི་ཚིག་རིགས་རྣམས་ཀྱང་ཇི་ལྟ་བར་ཤར་བས། བཤད་གསར་གྱི་གྲལ་གྲོལ་རྗེས་གླིང་སྨད་ནས་མཁན་པོའི་དྲུང་གིས་ངེད་དཔོན་སློབ་གཉིས་ཀ་ལ་ཇ་བུར་གཟབས་རྒྱས་སྩལ་ནས། ངེད་ལ་དགེས་པའི་ཚུལ་གྱིས་ཞལ་ཀུར་དུ་ཁྱེད་ཤེས་རབ་ཡངས་ཤིང་ཁ་པོ་ཆེ་བ་རང་སྣང་ངོ༌། །ད་སེམས་ཅན་དཀར་པོ་ལ་སོ་ཐེབས་པ་ཞིག་དགོས་སོ་གསུང་བ་རང་རེས་དུས་དེར་མ་གོ་བར་ནང་དུ་རྗེ་དོན་ཡོད་དཔལ་བ་ལ་རྒྱུ་མཚན་ཞུས་པས། རོང་ཊཱིཀ་ཚིག་རིགས་ཤར་བ་ལ་མཉེས་པར་འདུག སེམས་ཅན་དཀར་པོ་ཆོས་དུང་བུས་ནས་གསང་ཕུའི་གདན་ས་བྱེད་པ་ལ་བློ་ནུས་གཏད་དགོས་གསུང་བར་སྣང་གསུང་ཞེས། སྔོན་གྱི་མངའ་རིས་ན་ཡོད་པ་གྲྭ་རྒན་རྣམས་ཇ་གྲལ་དུ་ཡང་ཡང་སྨྲ་བས་མཚོན་པའོ། །དེ་ལོ་རྔོག་ལོའི་གདན་ས་སངས་རྒྱས་ཆོས་སྐྱོང་བའི་དྲུང་དུ་ཕར་ཕྱིན་རོང་ཊཱིཀ་སྟེངས་ནས་གཞུང་ཆོས་དང་ལྷག་པར་ཚད་མ་རྣམ་པར་ངེས་པ་དཔྱིས་ཕྱིན་པའི་ཟབ་བཤད་ཞུས་ཤིང༌། རྣམ་ངེས་ཀྱི་བརྒྱུད་པ་ཡང་འདི་ཉིད་ལས་འདེད་པར་མཛད། གཞན་ཡང་བརྒྱད་སྟོང་པའི་ལུང༌། སྨན་བླའི་མདོ་བཞི་བརྒྱ་པ། མཁན་པོ་བོ་དྷི་ས་ཏྭའི་ཆོ་ག་འབྲིང་པོ། ཤེར་ཕྱིན་བཀའ་བབས་བཞི་སོགས་ཀྱི་ལུང་གསན་ཞིང༌། སྐབས་འདི་ཉིད་དུ་གསང་ཕུའི་སློབ་དཔོན་གྲགས་པ་བཀྲ་ཤིས་པ་ལ་ཡང་ཕར་ཕྱིན་རོང་ཊཱིཀ་གི་སྐབས་གཉིས་དང༌། ཁྱད་པར་ཆ་བསྡུས་ལ་མཛུབ་ཁྲིད་གནང་ནས་དེ་ནང་གི་བརྗོད་བྱ་ཕྱིས་བྱོན་གྱི་རང་བློས་གཞལ་ནས་འཁྱོག་པོར་ཕྱེ་བའི་དམིགས་བསལ་ཕྱེ་སྟེ་བཙལ་བས་རང་གཞན་གྱི་གྲུབ་མཐའི་ནང་སེལ་འབྱེད་པའི་སྤོབས་པ་སྒོ་ཐོག་མ་འདི་ནས་སྐྱེས་གསུང་ཞིང༌། པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་དངོས་སློབ་དྲུང་བཙུན་བཟང་པོ་བརྟན་པར་གྲགས་པ་སྤྱིར་སྔགས་མཚན་ཉིད་གཉིས་ཀྱང་གཞི་ལམ་འབྲས་གསུམ་མཚན་ཉིད་ལྷག ས་རྔོག་གཉིས་པོ་ཡང་རྔོག་ལོ་ཆེས་ཁྱད་པར་དུ་འཕགས། ཚད་མ་ཡང་རྣམ་འགྲེལ་ངེས་གཉིས་ལས། རྣམ་ངེས་ཉིད་མཆོག་ཡིན་ཞེས་གསུང་བ་ཞིག་མངའ་རིས་ན་ཡོད་པ་དེས། བདག་རྣམ་འགྲེལ་གྱི་གཞུང་འཛིན་དུས་ཁོང་གིས་དངོས་ལས་ཐོས་པའི་ཚིག་འདི་དག་མངའ་རིས་སུ་བཤད་པ་ལས་སོ། །དེ་ནས་འཕྲལ་རྡོ་གཡམ་སོགས་དང༌། ཤོག་ཡན་གང་རྙེད་ལ་ཕྱག་བྲིས་ཀྱིས། བློ་བཟང་མཁྱེན་པའི་ཉི་འོད་གསལ་ན་ཡང༌། །གྲགས་པའི་རྗེས་སུ་འཁྱོག་པའི་གྱ་གྱུ་མཁན། །བསྟན་པའི་པད་ཚལ་འབྱེད་པར་མངོན་བརྩོན་ཁྱེད། །དྲང་ངེས་འདབ་བརྒྱའི་གེ་སར་འབྱེད་ནུས་སམ། །གསུང་བ་འདི་ལྟ་བུས་མཚོན་པའི་གཞན་གཞུང་ལ་ཟུར་ཟ་བའི་ཚིགས་སུ་བཅད་པའི་རྩོམ་པ་ཡང་ཕྱག་དལ་རེས་གནང་བར་གྲགས་ཤིང༌། རྣམ་ཐར་རྡོར་རྒྱལ་མར་ཡང་ཟུར་ཙམ་འདི་ཐད་བཀོད་འདུག་གོ །དེ་ཙམ་གྱི་དུས་ན་རྔོག་ལོ་ཙཱ་བའི་བཀའ་སྲུང་དུ་གྱུར་པ། དཔལ་གསང་ནེའུ་ཐོག་གི་གཉེར་གཏད། གནོད་སྦྱིན་ཆེན་པོ་བསེའི་ཁྲབ་ཅན་དང༌། ལྷ་མོ་ནམ་མཁའི་གོས་ཅན་མས་ཀྱང་སྲུང་ཞིང་སྐྱོང་བའི་དགེ་མཚན་དང་ལྡན་པ་ཞིག་སྟེ། དེ་དུས་གསང་ཕུ་སྤྱི་དང་ལྷག་པར་གནས་སྒོ་གྲྭ་ཚང་དུ་ཚད་རིམས་ཀྱི་རྣམ་པ་ཞིག་མཆེད་ནས། རྗེ་དོན་ཡོད་དཔལ་བའི་དབོན་པོའི་ཆ་ཙམ་ཡང་ཡིན་པ། བྱང་པ་རིན་གྲུབ་ལེགས་བཟང་ཟེར་བ་དང༌། སྤོ་རབ་འཇིགས་མེད་འོད་ཟེར། བཟང་ལྡན་པ་ཤེས་རབ་དོན་ལྡན་སོགས་སློབ་གཉེར་བ་གཅེས་པ་འགའ་ཡར་གཤེགས། གྲྭ་པ་བྱིན་ལ་ཡང་བསྙུང་མི་མང་བར་བྱུང་སྐབས། པཎ་ཆེན་ཉིད་སྐུ་ཤིན་ཏུ་ན་ཚོད་ཕྲ་བ་དགུང་ལོ་བཅུ་གཉིས་ཀྱི་དུས་དེ་ཡིན་ཀྱང༌། སྙིང་རྗེས་གཞན་དབང་གི་ནད་པ་དག་གི་ཁམས་འདྲི་དང༌། སྨན་སྟེར་བའི་བདག་གཉེར་སོགས་གནང་ཡང་སྐུ་ཁམས་དུབ་པ་ཙམ་ཡང་མ་བྱུང་ཞིང༌། དེར་གསང་ཕུ་བའི་མིག་མཐོང་པ་འགའ་རེའི་ལབ་བརྗོད་ལ། དབོན་ཆུང་འདི་ལ་ཆོས་སྐྱོང་ལྕམ་སྲིང་གིས། ཉིན་རེ་ལ་སྐུ་ཁྲུས་ལན་གསུམ་གསུམ་འབུལ་བ་འདུག འགོ་ནད་སོགས་བར་ཆད་གང་གིས་ཀྱང་མི་བརྫི་ཞེས་ཀྱང་གཏམ་དུ་བཞག་ཅེས་སྔར་བརྗོད་པའི་ཚད་སྟོན་ཚུལ་ཁྲིམས་དཔལ་མཆོག་གིས་དེ་དུས་ཇི་བཞིན་རྟོགས་པའི་ངག་སྒྲོས་རབ་གསལ་ཟླ་མགོན་བརྒྱུད་པ་ལས་སོ། །དེ་ནས་སྟོན་གྲྭ་ཚང་ཀུན་འཕན་ཡུལ་དུ་ཐེགས་ཤིང༌། རྗེ་དོན་ཡོད་དཔལ་དང་དཔོན་སློབ་དྲུང་གིས། ནཱ་ལེནྡྲར་རོང་སྟོན་ཤེས་བྱ་ཀུན་རིག་མཇལ་བ་ལ་ཐེགས་པས། རྗེ་ཉིད་ཀྱིས་མཛད་པའི་འབུམ་ཊཱིཀ་གི་ལུང་རྫོགས་པའི་དེའི་ཉིན་ནས། ཞུ་བ་པོའི་གཙོ་བོ་མཁན་ཆེན་པདྨ་བཟང་པོ་དང༌། དགས་པོ་བཀྲ་ཤིས་རྣམ་རྒྱལ། ཆོས་རྗེ་དགེ་བ་རྒྱལ་མཚན་པ་གསུམ་གཙོ་བོར་བཞུགས་པའི་དགེ་བའི་བཤེས་གཉེན་འབའ་ཞིག་པའི་ཚོགས་པ་ལ། བརྒྱད་སྟོང་པ་སློབ་དཔོན་སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་དང་སྦྱར་བའི་བཤད་པ་གནང་བའི་དུས་དང་འཛོམས་ནས་རྗེ་དོན་ཡོད་དཔལ་དང་དཔོན་སློབ་གཉིས་ཀས་གསན། དེ་རྫོགས་མཚམས་ཀ་མ་ལའི་སྒོམ་རིམ་ཐོག་མཐའ་བར་གསུམ། རྗེ་ཉིད་ཀྱི་ཊཱིཀ་དང་བཅས་པའི་མཐའ་བཅད་དང༌། དབུ་མ་རིགས་པའི་ཚོགས་དྲུག བཤེས་སྤྲིངས། གཏམ་བྱ་རིན་ཆེན་ཕྲེང་བ། ཕར་ཕྱིན་ཁྲིད་ཡིག་སོགས་ཁྲིད་ཡིག་ཐོར་བུ་རོང་ཆེན་ཉིད་ཀྱིས་མཛད་པ་ཀུན་གྱི་ལུང་ཡང་དེ་དུས་རང་ཐོབ་གསུང་ཞེས་རྗེ་རོང་པའི་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཡོད་པ། ནཱ་ལེནྡྲའི་གཟིམ་ཁང་འོག་མའི་འཆད་ཉན་སློབ་དཔོན་ཕྲིན་ལས་པ་ཞུ་བ་ལ། བདག་གིས་རོང་པོའི་བཀའ་འབུམ་ཞུ་བའི་སྙན་ཞུས་ལ་ཕྱིན་པས། ཁོང་གི་སྤྱན་ལོང་ཞིང་དཔེ་ཡང་མ་རྙེད་པས་འདོད་དོན་མ་བྱུང་ལ། གཏམ་དེ་དག་དེར་ཐོས་སོ། །དེ་སྐབས་རོང་སྟོན་ཉིད་ཀྱི་ཕྱག་གིས་རྗེ་འདིའི་དབུ་ལ་བྱིལ་བྱིལ་གནང༌། བུ་ཁྱོད་ཀྱིས་ཕ་ངའི་རྣམ་ཐར་བཟང་པོ་ལེགས་པར་གསུང་ཞིག་ཅེས་མཇལ་རེས་གསུང་བའི་ཚུལ། རོང་སྟོན་གྱི་ཉེ་གནས་ནམ་མཁའ་དཔལ་ལྡན་པས་ཤེལ་རོང་ལྗངས་པ། འཕན་ཡུལ་གྱི་ཇ་ཡུལ་གཞིས་ཀ་བ་སོགས་སྦྱིན་བདག་ཡོངས་ལ་བསྐྱར་བས། སོ་སོ་ནས་དད་མོས་འཁྲུངས། རྗེ་འདི་ཉིད་ཀྱི་ཕྲིན་ལས་སྒོ་འབྱེད་པའི་རྟེན་འབྲེལ་དུ་ཡང་བྱུང་ཞེས་དྲིན་ཅན་སྤྱང་ལུང་པའི་བཀའ་ལས་ཐོས་ཤིང༌། ཟུར་ཙམ་རྣམ་ཐར་རྡོར་རྒྱལ་མར་ཡང་བྲིས་སོ། །དེར་རྗེ་ཉིད་དགུང་ལོ་བཅུ་གསུམ་བཞེས་པ་ལྕགས་པོ་སྤྲེའུའི་ལོ་གསར་ཙམ་ལ་རྗེ་རོང་སྟོན་ཆེན་པོའི་བཀས་སྔར་སྣེ་པའི་དགག་དགོས་བལྟ་ཕྱིར་བར་དགེ་ཙམ་ལ་བཞག་པ་ཡིན། ད་ནི་ཚིག་སྔ་མ་དགེ་ཚུལ་གྱི་བརྟུལ་ཞུགས་ལེགས་པར་ལོང་ཞེས་གསུངས་ནས་བཀའ་དྲིན་དུ་མཛད་ཅིང༌། མཚན་སྔར་གྱི་མཐར་དྲི་མེད་ལེགས་པའི་བློ་གྲོས་གནང་བ་ཡིན་ཞེས་དྲུང་ཡིག་ཆོས་རྒྱན་ལས་བརྒྱུད་པའི་ངག་སྒྲོས་སོ། །སྔོན་ནས་འདྲིས་པའི་གདུང་བའི་དད་པའི་ཤུགས། །དྲི་ལྡན་པད་མཚོར་བུང་བ་རྗེས་སྙོག་འདྲ། །ཆོས་དོན་སྦྲང་རྩི་ལེན་འདོད་རྐང་དྲུག་པ། །མོས་དགེའི་འདབ་གཤོག་རབ་ཏུ་གཡོ་བ་ཉིད། །གཡག་རོང་རྣམ་ཐར་སྙན་ཚིག་དབྱར་སྐྱེས་རྔ། །ཐོས་པས་ཡིད་མྱོས་གུས་པའི་གཙུག་ཕུད་ཅན། །རབ་དགའི་སྤུ་ལོང་རྒྱ་ཆེར་གཡོས་པ་ལས། །འགྱུར་མེད་དད་པའི་བྲོ་གར་ཡང་ཡང་རྩེས། །ཆར་སྡོད་བྱེའུས་འབྲུག་སྒྲ་རྗེས་ཐོས་ལྟར། །ཤཱཀྱའི་རྒྱལ་མཚན་མཚན་ཐོས་ཡིད་མགུ་ཞིང༌། །རྟག་ཏུ་ངུ་དེ་ཆོས་འཕགས་ལ་ཆགས་ཡིད། །དུས་དེར་གང་གི་ཐུགས་མཚོར་གསལ་བར་འཕོས། །ཆགས་ལྡན་ཡིད་དབང་འདྲེན་པའི་ལང་ཚོ་མ། །དུས་བཏབ་ངལ་བས་ཡིད་དབང་སྐྱོ་བ་ལྟར། །རོང་སྟོན་ཞལ་བཟང་ལ་སྲེད་དམ་པའི་སྤྱན། །ཡང་ཡང་འགྱུར་བར་མཛད་པ་རྗེས་འབྲེལ་ཚུལ། །མཁས་མང་རྒྱུ་སྐར་བྱེ་བས་མི་དཔོགས་པའི། །རོང་སྟོན་སྨྲ་བའི་ཟླ་བར་མངོན་ཕྱོགས་པ། །ཁྱོད་བློ་དད་པའི་ཀུ་མུད་གསར་པའི་ཚལ། །གདུང་ཤུགས་འདབ་བརྒྱའི་གེ་སར་རྒོད་པ་སྙམ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་ཚུལ་ཁྲིམས་རྗེས་སུ་མནོས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཞི་པའོ།།  །།དེ་ནས་ནམ་ཟླའི་དུས་ཀྱི་སྦྱིན་བདག་སོ་སོའི་སར་གནས་སྒོ་གྲྭ་ཚང་ཆོས་དབར་གར་འདེགས་པའི་གནས་དེ་དང་དེ་དག་ཏུ་སྐུ་བསྐྱོད་བཞིན་པའི་ངང་དང༌། བསླབ་སྦྱངས་ཀྱི་གནས་ལ་སྐད་ཅིག་ཙམ་ཡང་མི་གཡེལ་བའི་སྐབས་དེར་འདུལ་བ་མདོ་རྩའི་ཞོགས་འཛིན་དང༌། རྗེ་དོན་ཡོད་དཔལ་བ་ལ་ཉིན་རེ་བཞིན་དེའི་གཞུང་ཤོག་རེ་རེ་ནས་རྒྱུགས་འབུལ་མ་ཆད་པ་དང༌། རྗེས་འབྲེལ་བཤད་ཚོམ་ཀྱང་ཞུས་ལ། དོན་འདི་ལ་དགོངས་ནས་འདུལ་བའི་དཀའ་འགྲེལ་ཉི་མའི་ཤིང་རྟར། གང་འདིས་དང་པོར་གཞུང་གི་ཚིག་ལ་སྦྱངས། །ཞེས་དང༌། མཆན་དུ་རྗེ་དོན་ཡོད་དཔལ་ཞེས་འབྱུང་ཞིང༌། གང་སྔོན་ནས་ལེགས་པར་སྦྱངས་པའི་སྟོབས་ཀྱིས་རྗེ་དོན་ཡོད་པ་ལ་རང་གིས་གསན་མ་ཐག་ཚིག་དོན་ཐུགས་སུ་བྱོན་ནས། དེ་མ་ཐག་གཞན་ལ་འདོམས་པ་འཇིགས་པ་མེད་པའི་སྤོབས་པ་རྙེད་ཏེ། དགུང་ལོ་བཅུ་བཞིར་ཕེབས་པ་ལྕགས་མོ་བྱའི་ལོ་མངའ་རིས་པ་ནམ་མཁའ་སེང་གེ་ཞེས་པ་དང༌། ཤར་རྒྱ་མོ་རོང་པའི་དགེ་བའི་བཤེས་གཉེན་སྤྱན་གཅིག་པ་བགྱི་བ་གཉིས་ལ་རིགས་གཏེར་དང་མཛོད་ཀྱི་མཛུབ་ཁྲིད་ལེགས་པར་གནང་ཞིང༌། དེ་སྐབས་སྐུ་ན་ཚོད་གཞོན་པས་ཆོས་ཁྲིའི་ཁར་གྲྭ་པའི་སྒལ་པ་ལས་སྤྱན་འདྲེན། མཚན་སློབ་དཔོན་བུ་ཆུང་བར་གྲགས་ཞེས། ཆོས་གྲྭ་ཆེན་པོ་རྩེ་ཐང་གི་ལས་ཆེན་ཚུལ་ཁྲིམས་གྲགས་ལས་དངོས་སུ་ཐོས་ཚུལ་རྣམ་ཐར་རྡོར་རྒྱལ་མར་བཀོད་ཅིང༌། བཀའ་ལས་ངེད་རང་སློབ་གཉེར་གྱི་དུས་རང་ནས་སློབ་དཔོན་གྱི་དངོས་རྒྱུར་ཀུན་གྱིས་འཛིན། ཚད་མ་སོགས་ཀྱི་གཞུང་ཆོས་མ་འཁྱོར་བ་ཀུན་ཡོངས་ཀྱིས་འདྲི་བ་ཞིག་ཡོད་གསུང༌། ཞེས་གསུང་ཞིང༌། ཆུ་ཕོ་ཁྱི་དགུང་ལོ་བཅོ་ལྔའི་ངོ་གཟིགས་ཙམ་དེ་ཡི་སྐབས། སྣེའུ་རྫོང་ནས་ས་དགེའི་གྲུབ་མཐའི་ཞལ་འཛིན་ལ་བརྟེན་པའི་བཀའ་ལུང་འཛེར་བག་ཤིན་ཏུ་ཆེ་བ་བྱུང་བའི་གནང་བཀག་ལ་བརྟེན་ནས། སེ་ར་ཚོར་གུང་རུ་བ་རྒྱལ་མཚན་བཟང་པོ་ལས་དཔྱིད་ཆོས་ཤིག་ལ། དབུ་མ་ཚིག་གསལ་གྱི་གཞུང་ཆོས་རྒྱས་པ་གསན་ཞིང༌། ཁོང་གི་གསུང་ལས་དགག་བྱ་བཀག་ཤུལ་གྱི་འཛིན་སྟངས་སྦྱོར་བ་འདི་མཁས་གྲུབ་དགེ་ལེགས་པ་རང་གིས་རྩལ་བཤད་བྱས་པའི་ཁ་འཛིན་རི་བོ་དགེ་ལྡན་པའི་ཆར་གཏོགས་ཡོངས་ཀྱིས་སྒྲོག་པར་སྣང༌། རྗེ་རིན་པོ་ཆེ་དང༌། བླ་མ་རྗེ་བཙུན་རེད་མདའ་བ་གཉིས་དགག་བྱའི་ངོས་འཛིན་ཕྲ་ཞིབ་དཔྱོད་ཚུལ་བག་ཙམ་རྩིང་ཞིབ་ལས། མཉམ་གཞག་ལ་འཇོག་ཚུལ་འདྲ། ལར་རང་མདོ་སྡུད་པར། རྩ་དང་ཤིང་ལས་མེ་བྱུང་བས་ནི་དེ་ཉིད་སྲེག །ཅེས་ཤིང་དགྲ་མེ། མེ་དགྲ་ཤིང་ཡིན་ཞིང༌། ཤིང་སྲེག་པ་ལ་མེ་དགོས། མེ་སྦོར་བ་ལ་ཤིང་དགོས། ཤིང་ཟད་མཐར་མེ་འཆི། ཕན་ཚུན་མེད་ན་མི་འབྱུང་གིས། བལྟོས་ཆོས་རྟེན་འབྲེལ་ཡིན་དངོས་སུ་གསུང་ལས་ཐོས་གསུང༌། ཕྱིས་གུང་རུ་བས་མཛད་པའི་དབུ་མའི་དཔེ་ཞིག་སྤྱན་ལམ་འབྱོར་པ་ལ་ཡང་དེ་ཉིད་ཁོ་ན་བྲིས་གནང་ངོ༌། །ཞེས་པཎ་ཆེན་དངོས་ཀྱིས་སྣར་ཐང་ཀ་བཞི་པ་གྲགས་པ་ཤེས་རབ་ཚུལ་ཁྲིམས་ཕྱིས་མངའ་རིས་ཀྱི་པུ་རངས་རྒྱལ་བྱེད་ཚལ་གྱི་ཆོས་དཔོན་གནང་བ་དེ་ལ་གསུངས་པའི་ངག་རྒྱུན་དྲུང་བཙུན་བཟང་པོ་བརྟན་པ་ལས་སོ། །ཡང་ལོ་དེའི་དབྱར་ཆོས་སྟེངས་སུ། ཚལ་ཆོས་འཁོར་གླིང་དུ་ཡང་སྣེ་བའི་ཐུགས་འཛིན་ཁྲིད་ཕྱོགས་ཁོ་ནའི་དབང་གིས། གསང་མདའ་ཆོས་རྒྱལ་བར་གྲགས་པ་ཆེན་པོ་ཆོས་རྗེ་རྣམ་རྒྱལ་བའི་དྲུང་དུ། རྗེ་རིན་པོ་ཆེས་མཛད་པའི་རྩ་འཇུག་གི་ཊཱིཀ་སོ་སོའི་གཞུང་ཆོས་སྨིན་པར་གསན་པས། སྔོན་ཆོས་ཀྱི་གྲགས་པས་ཞང་པོ་གཞོན་ནུ་མང་ལེན་ལས་ཕྱོགས་གླང་གི་ངེས་ཚིག་དང༌། གཞན་སྡེའི་གསང་ཚིག་ལོངས་པ་ཇི་ལྟ་བར་ཕྱིས་བྱུང༌། དེ་ཉིད་ལ་སྦྱངས་པར་རློམས་པ་དག་གི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པའི་གསལ་བའི་ངག་རྒྱུན་མ་ལུས་ཉེ་བར་ཐུགས་སུ་ཆུད་ནས། གཞན་ལུགས་ཀྱི་དབུ་མ་ལ་ནོར་བ་བརྒྱ་དང་བརྒྱད་གྲངས་བཏབ་ཀྱི་སྐྱོན་ངོས་བཟུང་བ་ལྟ་བུ། ཕྱོགས་སྔའི་བཞེད་དོན་དགོངས་པའི་དཔེ་བཞག་དང༌། དེ་དག་ལས་མཚོན་པའི་འཇམ་དབྱངས་གསར་མའི་ཞལ་ལུང་དུ་བསྒྲུབ་པའི་གནས་ཐམས་ཅད་གནས་མ་ཡིན་པར་གཏན་ལ་འབེབས་པའི་རིགས་པའི་མཚོན་ཆ་འབར་བའི་རྣམ་གསལ་དབུ་མའི་སྟོང་ཐུན་ཆེ་ཆུང་དུ་བཀོད་པ་དག་ལས་དཔོགས་པར་ནུས་པ་ཞིག་གོ །དཔྱོད་ལྡན་འབུམ་སྡེའི་དབུས་ན་སྨྲ་མཁས་ཞེས། །གཞོན་ནུ་བློ་གསལ་སྙན་གྲགས་མེ་ཏོག་ཕྲེང༌། །རབ་བཀྲ་གསར་པའི་ཟུར་ཕུད་ལྡེམ་པ་ཅན། །ཡིད་འོང་ལྷ་བུ་དགྲ་བཅོམ་གོས་ཀྱིས་ཀླུབས། །ཆོས་སྨྲའི་མདུན་སར་ཆོས་ཀྱི་སྒོ་བརྒྱ་པ། །རང་གཞན་མ་འདྲེས་འབྱེད་པའི་གཞན་འཕྲུལ་མཁན། །རྣར་སྙན་ཀ་ལ་པིང་ཀའི་སྒྲ་དབྱངས་ནི། །ཐོས་ཚེ་མི་མགུའི་གཟུར་གནས་བློ་ལྡན་སུ། །མཁྱེན་གསལ་དྭངས་མའི་ཡིད་མཚོར་ཤེས་བྱའི་གཟུགས། །ཇི་སྙེད་འཆར་ལ་དོགས་པའི་གནས་མིན་པ། །ཀུན་གསལ་མ་འདྲེས་བཀྲ་བའི་ཚོན་རིས་གང༌། །མཁའ་ནང་འཇའ་འོད་འཁྱིལ་བས་དཔེ་ཟླ་ཅི། །དྲེགས་ལྡན་མདའ་ལྔའི་བདག་པོ་ཁྲོས་པའི་ཚིག །རྩུབ་འགྱུར་ཚལ་གྱི་རྣམ་འགྱུར་སྤོང་བྱེད་ཕྱིར། །གཞན་གཞུང་སྦྱངས་པ་ཕུལ་ཕྱིན་མཁས་པའི་ངག །ཇི་ལྟའི་གསང་ཚིག་ཐབས་མཁས་འཕྲུལ་གྱིས་བཞེས། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། སྔོན་བྱུང་གཞོན་ནུ་མང་ལེན་ལས་ཆོས་ཀྱི་གྲགས་པས་རྟོག་གེའི་ཚུལ་བཙལ་བ་ལྟར་ལས་བསྒྲགས་པའི་རབ་ཏུ་བྱེད་པ་ལྔ་པའོ།།  །།དེར་མཚལ་ཆོས་འཁོར་གླིང་རང་ན་བཞུགས་སྐབས་དེ་ཉིད་ལ། གླང་ཐང་ནས་ཁུ་བོ་ལྷག་པར་བསྙུང་བའི་སྤྱན་འདྲེན་གྱི་བྱ་མ་རྟ་ཞིག་གློ་བུར་འོངས་པའི་རྐྱེན་བྱས། དེ་མ་ཐག་རང་བསྐྱོད་པ་བདེ་བར་ཡེར་པའི་ལ་ལ་ཕེབས་ཤིང་མཇལ་དུས། དབེན་ཆུང་སླེབས་པ་ཡགས། ངེད་ཀྱང་ཁམས་ལྷག་པར་མ་བདེ་བས། འཆི་ས་དེ་བླ་མའི་དྲུང་དུ་བསྙགས་ནཱ་ལེནྡྲ་ཉིད་དུ་བྱེད་པས། སང་སྔ་བར་རྟ་ཞིག་གི་གྲབས་གྱིས་ཞེས་བཀའ་སྩལ་མཛད་པའི་ལུགས་བཞིན། ཇ་པ་དཔོན་དར་བའི་རྟ་རྐྱང་བུ་བཟང་བ་ཞིག་ལ་སྒ་བགྱིས་པའི་སྟེང་དུ་སྤྱན་དྲངས་ནས། ཞབས་འབྲིང་བ་འགའ་དང་བཅས་ནཱ་ལེནྡྲར་ཕེབས་པས། དེར་གླང་ཐང་བརྒལ་ནས་རིམ་གྱིས་ས་སྒང་ཞིག་ཏུ་ཕེབས་ཏེ། སྐུ་དུབ་པ་བསལ་ཕྱིར་ཅུང་ཞིག་ཆིབས་ཀྱི་སྟེང་ནས་ཕོག་སྟེ་སྐུ་ངལ་བསྟེན་པའི་ཞལ་གཟིགས་ཕྱོགས་ནཱ་ལེནྡྲར་ཕྱོགས་ལ་གནང་ཡོད་པའི་དུས། རོང་སྟོན་ཆེན་པོ་དབྱར་ཆོས་གསུང་བའི་ཁྲི་སྟེང་ན་བཞུགས་པའི་མཐའ་མ་འཁོར་ཡུག་གྲྭ་པས་བསྐོར་བ་གཟིགས་པའི་དེ་མ་ཐག་དབུ་ཞྭ་ཕུད་ནས་ཡན་ལག་བདུན་པ་ཞིག་གནང་སྟེ། དབེན་ཆུང་ཁྱེད་རང་སོང༌། རྗེའི་དྲུང་དུ་རྒྱུ་མཚན་ཕུལ། ད་ངའི་སྒྱུ་ལུས་ཀྱིས་མི་བགྲོད་པར་སྣང་ངོ༌། །གསུང་ནས་སྐུ་བསྲང་སྟེ་སྤྱན་ལྟ་སྟངས་ཀྱི་ངང་ལ་བཞུགས་སོ། །པཎ་ཆེན་རིན་པོ་ཆེས་མགྱོགས་པར་བསྐྱོད་དེ་ཕེབས་ནས་ཆོས་རའི་མཐའ་ནས་ཕྱག་མཛད་པར་བརྩམས་པ་ན། རོང་སྟོན་ཆེན་པོའི་གསུང་ལྷའི་རྔ་བོ་ཆེ་ལྟ་བུས། དབོན་ཆུང་ཁྱོད་ཀྱི་ཁུ་བོ་ནི་ངའི་སྙིང་གར་འཕོས་བྱུང་ངོ༌། །ཞེས་བཀའ་སྩལ་དུ་གནང་ཞེས་དེ་དུས་ཆོས་ར་ན་དངོས་སུ་བཞུགས་པའི་ནཱ་ལེནྡྲའི་སློབ་དཔོན་བརྒྱ་རྡོར་གྲགས་པ་ནམ་མཁའ་དཔལ་བཟང་པོའི་གསུང་ལས། དྲིན་ཅན་སྤྱང་ལུང་པས་ལེགས་པར་གསན་པ་བདག་ལ་བཀའ་སྩལ་མཛད་དོ། །དེར་ནཱ་ལེནྡྲ་དང༌། གླང་ཐང་གནས་སྒོ་རྣམས་སུ་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་བསྒྲུབ་པ་མཛད་རྗེས་སྐྱོར་མོ་ལུང་ཚོར་ཡང་མང་ཇ་འགྱེད་བཅས་ཀྱི་སྐུ་སྐལ་ཞུ་བ་ལ་ཞབས་གཏད་ཕེབས་ནས་འགའ་ཁང་གྲྭ་ཚང་དུ་སྔར་འབྲེལ་སྟབས་ཀྱིས་སློབ་དཔོན་ཚུལ་ཁྲིམས་པའི་དྲུང་དུ་ཐོག་མར་ཕེབས་པས། སློབ་དཔོན་པའི་གསུང་གིས། ད་རེས་ནོངས་ཀྱིས་ལེགས་ཁྲིད་གནང་མཁས་པ་ཆེན་པོ་དེ་ཞིང་རྗེས་ཀྱང༌། ཁྱེད་འདྲའི་མཁས་པའི་དངོས་རྒྱུ་འདི་འདྲ་ཚབ་ཏུ་བཞག་རྒྱུ་ཡོད། སྣེ་པའི་བྱེད་པས་སེར་ཕྱོགས་སུ་ཁྱེད་འཕྱུགས་ཟེར་བ་བློས་གཏན་མ་བཟོད། ད་ཡིན་པས་འདི་ནས་མཁན་རིན་པོ་ཆེ་པ་ཡུལ་གཉན་ཞིང༌། སྣེའུ་པ་རང་གི་ཡང་བླ་མ་ཡིན་པས་ན་འདིར་སྨྲ་བརྗོད་མི་ཡོང་བས། ད་ལྟ་ལུང་སྡེ་བཞིའི་ལུང་ཞིག་གནང་བའི་དམིགས་ཅིག་ཡོད་པ་འདི་ཉོན། འདུལ་བ་འཛིན་པ་ཤ་སྤེལ་གྱི་བཤད་རྙིང་འདི་ཡང་ནུབ་ན་ཕངས་པ་རང་ཡིན་པས། ཞེས་རང་རེ་རོང་སྟོན་ཆེན་པོ་ངེད་རང་མཇལ་རེས་བཀའ་གནང་བ་ཡིན་པས། འདུལ་བའི་སློབ་གཉེར་མཐར་ཕྱིན་ཅིག་བྱུང་ན་ནཱ་ལེནྡྲར་ཡང་དེ་ཀས་ཐུགས་ཚིམ་པ་ཡོད་གསུང་བའི་བསླབ་བྱ་ནང་སྦྱར་གནང་ཞེས་ཀྱང་སྐྱོར་མོ་ལུང་གི་སློབ་དཔོན་འགའ་ཁང་པའི་ཞབས་ཟིན་དགེ་བའི་བཤེས་གཉེན་བགྲེས་པོ་པཎ་ཆེན་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཐོབ་པ། རྗེ་དབོན་ཤཱཀྱ་རྒྱལ་མཚན་པའི་འདྲི་ཀློག་སོགས་ཀྱི་སློབ་དཔོན་ཞིག་འདུག་པ་ལས་ཐོས་སོ། །འདི་དོན་རྣམ་ཐར་གསུམ་ག་ན་སློབ་དཔོན་འདིས་ངེད་རང་གར་འགྲོ་གཏོལ་མེད་པ་ལ་རྗེ་རོང་སྟོན་གྱི་རྗེས་སུ་འབྲང་བའི་བསླབ་སྟོན་གནང་བས་བཀའ་དྲིན་ཆེའོ་ཞེས་བྲིས་པ་ཡང་འདི་ལ་དགོངས་སོ། །དེར་སྐྱོར་མོ་ལུང་གི་ཆོས་གྲྭར་མཁན་ཆེན་ཆོས་སྐྱབས་དཔལ་བཟང་པོ་ལས་ལུང་སྡེ་བཞི་སོ་ཐར་གྱི་མདོ་སོགས་གསན་ཞིང༌། ལྷག་པར་སློབ་དཔོན་འགའ་ཁང་པའི་དྲུང་དུ་འདུལ་བ་མདོ་རྩ་བཟླས་པ་ལན་གསུམ་གྱི་ཕྱག་ཁྲིད་མཐར་ཕྱིན་པར་བསྐྱངས་ཤིང༌། དོན་འདི་ལ་དགོངས་ནས་འདུལ་བའི་དཀའ་འགྲེལ་མཇུག་ཏུ་གོང་གི་འཕྲོས་ལས། སློབ་དཔོན་གསུང་གི་བདུད་རྩི་བར་དུ་མྱངས། །ཞེས་དང༌། དེ་ཐད་མཆན་ལ། སློབ་དཔོན་འགའ་ཁང་པ་བསོད་ནམས་ཚུལ་ཁྲིམས་ཞེས་འབྱུང་བ་ལས་ཤེས་སོ། །དེར་མཁན་ཆེན་ཆོས་སྐྱབས་པའི་དྲུང་སྐུ་ན་ཚོད་བགྲེས་པའི་དབང་ལས་སྤྱན་ཡང་རབ་རིབ་ཏུ་གྱུར་པ་དང༌། གཞིས་ཀ་སྣེའུ་པ་སྐྱི་ཤོད་ཀྱི་ཆེ་དགུ་ཡོངས་ཀྱི་གཙུག་ཏུ་བཀུར་བ་དང༌། སྐྱོར་མོ་ལུང་གི་ཆོས་གྲྭ་ཆེན་པོ་ཡང་ཕྱོགས་བཅུའི་མཆོད་ཞིང་ཉིད་དུ་དེ་དུས་འདུག་པ་ནས། ལུང་སྡེ་བཞིའི་ལུང་འཕྲོ་དེ་ཡང་མ་ཆག་ཙམ་ལས། འགྲོ་ཡང་ལྷག་པར་ཆུང་བས་དེའི་ཕྱི་ལོ་དགུང་ལོ་བཅུ་དྲུག་གི་སྟེངས་སུ་ཕེབས་པ་ཆུ་མོ་ཕག་ལོའི་དཔྱིད་སོས་བར་གནས་དེ་ཉིད་དུ་རྟག་པར་བཞུགས་པ་གནང་ཞིང༌། དེ་ལོ་སློབ་དཔོན་འགའ་ཁང་པའི་དྲུང་དུ་དམ་པའི་ཆོས་མངོན་པ་མཛོད་ཀྱི་བཤད་པ་མཐའ་བཅད་ཆེ་ལོང་ཙམ་དང༌། རྒྱལ་སྲས་ཐོགས་མེད་པས་མཛད་པའི་ཐེག་ཆེན་མདོ་སྡེ་རྒྱན། རྒྱུད་བླ། སྤྱོད་འཇུག་གསུམ་གྱི་རྣམ་བཤད་སོ་སོ་གཞུང་སྦྱོར་གྱི་བཤད་ལུང་རྒྱལ་སྲས་བཀའ་འབུམ་ཐོར་བུ་བ། བྱང་ཆུབ་སེམས་དཔའི་སྐྱེ་རབས་དཔའ་བོས་མཛད་པ་རྣམས་གསན། དེར་འདུལ་བ་ལུང་གི་ལུང་ཡང་ལེགས་པར་རྫོགས་རྗེས་རེ་ཙག་གི་ཇོ་མོའི་རྟེན་མཇལ་ཙམ་གནང་ནས་ཡབ་ལ་བརྒྱུད་དོ། །དེའི་དབྱར་ཆོས་རིང་ནཱ་ལེནྡྲར་བཞུགས། རོང་སྟོན་ཆེན་པོ་ཉིད་ཀྱི་ཞལ་སྔ་ནས་འདུལ་མཛོད་ཀྱི་སྤྱི་བཤད་རགས་པ་ཙམ་དང༌། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཉིད་ཀྱི་རྣམ་བཤད་སྟེང་ནས་ལྗེན་པ་དང༌། ལྷག་པར་དེ་ལོའི་དབྱར་ཆོས་དེ་ལ་དབུ་མ་རང་རྒྱུད་ཤར་གསུམ་གྱི་ཞིབ་འགྲེལ་རྒྱས་བཤད་པ་ཚབ་ནས་ཞང་ཐང་སག་པ་ལ་བརྒྱུད་པའི་དབུ་མའི་ལྟ་ཁྲིད་དེ་ཡང་གསན་གསུང་ངོ༌། །དེར་སྟོན་ཆག་ལ་གྲོ་སར་ཐེགས་ནས། སྨར་སྟོན་རྒྱ་མཚོ་རིན་ཆེན་པའི་སྤྱན་སྔར་མཛོད་ཀྱི་བཤད་པ་ཞིབ་པ་དང༌། ཁྱད་པར་མདོ་རྩ་ལ་རྒྱ་ཆེར་འགྲེལ་སྦྱར་བའི་ཐུགས་བཤད་ཚར་གཉིས་སྔོན་གྱི་བྱ་འདུལ་བ་འཛིན་པ་དང༌། རྒྱ་འདུལ། ཤ་མི་འདུལ་འཛིན། ཐག་མ་བ་དཔལ་ཆེན། མཁས་པ་མཚོ་སྣ་པ་སོགས་རྒྱ་བོད་ཀྱི་འདུལ་བ་འཛིན་པ་མ་ལུས་པའི་བཞེད་སྲོལ་མཐའ་དག་རྒྱ་ཆེར་བཀྲོལ་བའི་སྤྱི་བཤད་རླབས་པོ་ཆེ་གསན་ཞིང༌། འོད་ལྡན་དང་ཀརྨ་ཤ་ཏཾ་ཡང་གསན། གངས་ཅན་གྱི་འདུལ་བའི་གནད་མ་ལུས་པ་ལེགས་པར་དགོངས་ཤིང༌། སྔར་གྱི་འཕྲོས་ལས། གཞན་དུ་ལུགས་བརྒྱ་ལྡན་པའི་སྲོལ་ཡང་ཐོས། །ཞེས་དང༌། མཆན་ལ། དེ་སྨར་སྟོན་རྒྱ་མཚོ་རིན་ཆེན་ཞེས་འབྱུང་ཞིང༌། ལས་བརྒྱའི་ཊཱིཀ་བ་དན་དཀར་པོའི་རྔ་དབྱངས་ཀྱི་མཇུག་ན་ཡང༌། ཡོངས་ཀྱི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ། །འདུལ་མངོན་རྒྱ་མཚོ་རྒྱ་མཚོ་རིན་ཆེན་ཞབས། །བསོད་ནམས་ཆུ་གཏེར་ཚུལ་ཁྲིམས་རླབས་ཕྲེང་ཅན། །དེ་སྲས་ཐུ་བོ་དོན་ཡོད་མཁྱེན་བརྩེའི་དཔལ། །ཞེས་གང་ལས་རྒྱ་ཆེན་འདུལ་བའི་ཆོས་ཚུལ་ལེགས་པར་གསན་ཚུལ་གྱི་ཁུངས་སྟོན་པར་མཛད་དེ། དེས་ན་འདུལ་བའི་བཤད་བརྒྱུད་མ་ཆད་པའི་བསླབ་སྦྱངས་ལ་ནན་བསྐྱེད་དུ་གནང་ཞིང༌། དགུང་ལོ་བཅུ་བདུན་དུ་ཕེབས་པ་ཤིང་ཕོ་བྱི་བའི་ལོ་སླར་གསང་ནེའུ་ཐོག་གི་བཤད་གྲྭ་ཉིད་དུ་ཕེབས་ཏེ། རྗེ་དོན་ཡོད་དཔལ་ལས། མངོན་པ་ཀུན་ལས་བཏུས་པའི་བཤད་པ་གསན་ཞིང༌། དེ་སྐབས་དགོངས་རེ་བཞིན་གཞུང་ཚིག་རེ་ནས་དྲིས་ལན་གྱིས་སྙན་གཙེས་པས། རྗེ་དོན་ཡོད་དཔལ་བའི་བཀའ་ལུང་ལ། ཉིད་དེབ་འདི་འདྲའི་ཞིབ་དཔྱོད་སྔོན་ཆད་ནི་འདྲི་མི་མ་བྱུང༌། རང་རེས་རོང་སྟོན་ཆེན་པོའི་སྤྱན་སྔར་ཡང་གཞུང་ཚིག་འབྲུ་གཉེར་བཤད་པ་དེ་ཙམ་ལས་མ་ཐོས། ད་དུང་ཨ་ཕོ་རྒན་པོས་ཆུ་བོ་རིར་བཟད་པ་བློ་རྒྱམ་པའི་རྩར་ཕྱིན་ལ་སྦྱངས་ནས་བཤད་ཀྱིས་གསུང་བ་དང༌། འདུལ་བའི་དཀའ་ཕྲང་ལ་ཁོལ་དུ་ཕྱུང་བའི་ཞིབ་བཤད་ཕུལ་བས་མཉེས་ནས། ད་དུང་ཨ་ཕོ་ཡང་འདུལ་འཛིན་ཞིག་ལ་བརྡར་ཤ་རང་གཅོད་དགོས་པར་སྣང་ངོ༌། །ཞེས་བདག་ཉིད་ཆེན་པོ་གང་གི་བསླབ་སྦྱངས་ཀྱིས་ཐུགས་ཕྲོགས་ཏེ། ཐོས་པས་མི་ངོམས་པའི་སྤོབས་པ་གོང་དུ་སློབ་དཔོན་མཆོག་གིས་ཀྱང་དགོངས་པར་འགྱུར་བ་བྱུང་ཞེས་དེ་དུས་ཀྱི་རྗེ་དོན་ཡོད་དཔལ་བའི་གྲྭ་རྒན་མངའ་རིས་དབུ་ལེགས་པ་ཡོན་ཏན་གྲགས་པ་གསུངས་ཞེས། བདག་གི་གནས་ཀྱི་སློབ་དཔོན་དགེ་སློང་ཐུགས་རྗེ་དཔལ་མགོན་པའི་ངག་ལས་ལན་མང་དུ་ཐོས་པ་ལས་སོ། །དེར་ཡོངས་སུ་གྲགས་པའི་གཞུང་ལུགས་རབ་འབྱམས་ལ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་གོ་འཕང་མཆོག་བརྙེས་ཏེ། དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ཤིང་མོ་གླང་གི་ལོ་ནས་ཟུར་འཆད་ཀྱི་མིང་བཞག་གི་འཆད་ཉན་ཡར་ངོའི་ཚེས་ཀྱི་འཕེལ་བ་ལ་འགྲན་པར་བཟོད་པའི་རྣམ་དཀར་གྱི་ཕྲིན་ལས་སྤེལ་བའི་གསུང་གི་བདུད་རྩིའི་བགོ་སྐལ་ཐོག་མར་བཞེས་པ་ཡང༌། གུར་ན་རབ་འབྱམས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་པས་མཚོན་པ་དག་གཅིག་ལ། གང་སྔོན་ཆད་སུ་གང་དག་གི་རྣ་བའི་ཡུལ་དུ་མ་འོངས་པའི་ལེགས་པར་བཤད་པ་གསར་པ་དག་གཅིག་གིས་མགྲོན་དུ་མཛད་མཛད་པ་ན། གདུལ་བྱ་མ་ལུས་པའི་ཡིད་དབང་ལྷག་པར་གསོས་ཏེ་གསུང་གི་བདུད་རྩིའི་བཏུང་བས་རང་རང་གི་སྐལ་བ་ཇི་ལྟའི་དབང་པོ་ཚིམ་པ་ཉེ་བར་ཐོབ་ཅེས་ཕྱོགས་བཅུར་གྲགས་པའི་གཏམ་དག་གོ །ཕྱོགས་སུ་མ་ཆད་བདེ་བའི་དབུས་ཤིག་ན། །ཆོས་སྨྲའི་དགའ་ཚལ་ཕྱོགས་བཅུའི་མགོན་པོའི་ཁྱིམ། །སྔོན་མེད་ལེགས་བཤད་གསར་པའི་ཚོང་དཔོན་དེས། །གདུལ་བྱའི་བློ་ཡི་དབུལ་བ་མ་ལུས་བསལ། །དད་པའི་ཟོང་ཅན་བརྩོན་འགྲུས་ཁ་ལོ་པ། །ཡུད་ཀྱིས་མཁས་པའི་གྲངས་སུ་ཆུད་པར་གྱུར། །དེ་ཚེ་ཤེས་བྱའི་དཀོར་ནོར་དཔག་ཡས་ཀྱིས། །མི་ཤེས་དབུལ་བའི་མིང་ཡང་སྒྲོག་མ་གྱུར། །རིན་ཆེན་གླིང་སོན་ནོར་བུའི་བང་མཛོད་ལྟར། །བསླབ་གསུམ་རྒྱན་ཕྲེང་ནོར་བུའི་དོ་ཤལ་ལ། །ལྟ་འདོད་བློ་གསལ་མཛངས་པའི་མགུལ་པའི་ཁར། །གང་ལ་ཅི་འདོད་ལེགས་བྱས་སྩོལ་བར་མཛད། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། མཁས་པ་མཁས་པའི་གྲངས་སུ་བགྲངས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་དྲུག་པའོ།།  །།དེར་དགུང་ལོ་བཅོ་བརྒྱད་ཀྱི་དུས་དེ་ཉིད་དུ་བཀའ་ལས་གཡག་ཊཱིཀ་འདི་མཁས་པ་ཆེན་པོ་དཔལ་ལྡན་བཟང་པོ་བས་ཆེད་གཉེར་གྱི་ཕྱག་ཁྲིད་སྩལ་བ་ཡིན་པས། འདི་ལ་ད་རེས་འཆད་ཉན་ཅིག་བྱེད་བཀའ་སྩལ་གནང་ནས། མངའ་རིས་དོལ་བུ་བ་སློབ་དཔོན་ལྷ་དབང་ལས་ཆེན་བརྩོན་རིན་གཉིས་དང༌། ཁམས་པ་གཉིས་བཞི་ལ་དབུ་ཞབས་ཚང་བར་གསུངས་ཤིང༌། ཕྱིས་གསེར་མདོག་ཅན་ཉིད་དུ། རབ་སྒང་ནས་ནན་གྱིས་གསོལ་བ་བཏབ་སྟེ། ཕར་ཕྱིན་ཊཱིཀ་འཇུག་སྒོ་གསུམ་པར་གྲགས་པ་དེའི་ཐུགས་རྩོམ་གནང་ཕྲལ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པས་ལུང་གསོལ་བ་བཏབ་ནས་ཚར་གཅིག་གནང་ཞིང༌། དེར་བཀའ་སྩལ་ལ། ངེད་གསང་ཕུ་ཚོར་མགོ་མ་སློབ་གཉེར་ལ་ཡོངས་དུས། རིན་པོ་ཆེ་གཡག་པའི་ཊཱི་ཀ་ཆེ་ཆུང་གཉིས་ཀ་ལ་ལྟ་མི་འགའ་རེ་འདུག རང་རེས་ཀྱང་སློབ་དཔོན་དཔལ་ལྡན་བཟང་པོ་བ་ལ་གཡག་ཊཱིཀ་རིན་ཆེན་བསམ་འཕེལ་གྱི་ལུང་བཤད་མཛུབ་ཁྲིད་ཐོས། དེ་ནས་ངེད་ཀྱི་ཆོས་འཆད་མིང་བཞག་དེ་རང་ལོ་བཅོ་བརྒྱད་པ་ལ་བྱས། དེ་དུས་གཡག་ཊཱིཀ་མིང་ཙམ་ཡང་མི་གྲག་པ་ཙམ་དུ་སོང་ཟིན་འདུག དེར་གཡག་ཊཱིཀ་གི་འཕེལ་རྒྱས་འདྲ་ཨེ་ཡོང་བསམ་བཤད་པས། སྔར་སྨོས་པའི་མངའ་རིས་པ་གཉིས། ཁམས་པ་གཉིས་དང་བཞི་དོན་གཉེར་བྱུང༌། ཕྱིས་རང་རེས་སྨྲས་སྨྲས་པས། ད་སྒྲ་ཙམ་གྱི་ཐ་སྙད་མ་ནུབ་ཙམ་ཞིག་ད་དུང་གསང་ཕུ་རང་ན་ཡོད་ཅིང་གཞན་གྲྭ་ས་གང་ན་ཡང་མི་སྣང༌། ངེད་ཀྱི་གཡག་ཊཱིཀ་རིན་ཆེན་བང་མཛོད་གཙང་ལ་འབུལ་སྡུད་ལ་ཕྱིན་དུས་མུས་ཆེན་དཀོན་མཆོག་རྒྱལ་མཚན་ལ་ལུང་ཞུས་ཁོང་པ་ཙམ་ཐུགས་གཉེར་མཛད་སྐབས་བཟང་ལྡན་སོགས་ཡར་ཕྱོགས་སུ་དར་སོ་གཡག་ཊཱིཀ་ཚོ་ལ་ཡང་བྱུང་ཚོད་དུ་འདུག གང་ནའང་གཞུང་གསར་རེ་རྩོམ་པ་བྱས་མ་ཁད་ཨ་གསར་འདྲ་བ་ཞིག་བྱས། གཞུང་ལུགས་རྙིང་པ་ཀུན་གཏན་ནས་རང་ནུབ་འགྲོ་བ་སྣང་བས། ད་ལྟ་ལུང་བཀླགས་པའི་ཊཱི་ཀ་འདི་ཀུན་དེ་རིང་ནས་ཞལ་བསྡམས་ཁམས་ལ་བསྐུར་གཏོང་ངོ༌། །དིང་སང་ས་གང་ནའང་དར་ཊཱིཀ་དང་ས་གསུམ་མ། རོང་ཊཱིཀ་དང་གསུང་རབ་རྒྱ་མཚོ་མ་སུ་འདོན་ལ་ས་དགེར་ཐ་སྙད་ཆགས་པ་ཡིན་པས་གོ་བ་གྱིས་ཤིག གསུང་ཞེས་དེ་དུས་ཞུ་བའི་གྲལ་ལ་ཡོད་པའི་མངའ་རིས་པ་མཁས་པ་དཀོན་བཟང་ཆེན་མོ་བྱ་བའི་སྨྲ་བ་ལས་ངེས་སོ། །དེར་དགུང་ལོ་བཅོ་བརྒྱད་པའི་སྐབས་ཀྱི་སྟོན་ཆག་ལ་ཡང་གྲོ་སར་ཕེབས། སྨར་སྟོན་རྒྱ་མཚོ་རིན་ཆེན་པའི་དྲུང་དུ། སྔར་མདོ་རྩའི་ཐུགས་བཤད་ཚར་གཉིས་གསན་ཡང་ད་རེས་ཀྱང་གླེང་གཞི་དང་སྦྱར་བའི་ཞིབ་བཤད་ལྷག་པར་རྒྱས་པ་དང༌། མངོན་པ་མཛོད་རང་འགྲེལ་དང་བཅས་པའི་བཤད་སྒྲོས། ཟུལ་བུའི་འདུལ་དཀར་ཟེར་བའི་མཁས་པ་ཅིག་གི་འགྲེལ་པའི་སྟེང་ནས་གནང༌། ཕྱིས་རང་རེའི་བྱེ་བྲག་བཤད་མཚོ་རྩོམ་སྐབས་སྔར་གྱི་དཔེ་ཨེ་རྙེད་བལྟས་ཀྱང་གཏན་མ་རྙེད་ཅིང༌། གཙང་ཕྱོགས་ན་མཆིམས་ནམ་མཁའ་གྲགས་དང༌། མཆིམས་བློ་བཟང་པ་དང༌། མཆིམས་བསམ་གཏན་བཟང་པོ་དང༌། འཇམ་སྒེག་སོགས་ཀྱི་ཊཱི་ཀ་མང་བར་འདུག་གོ །ཕྱིས་ཊཱི་ཀ་ཕལ་ཆེར་ནི་གྲགས་ཊཱིཀ་ལ་གཞི་བླངས་པ་ཡིན་གསུང༌། དེ་དུས་སྨར་སྟོན་པ་ལ་ཞུ་མི་འདྲ་འདུག་པའི་ཟླ་ལ་རྒྱལ་སྲས་ཆོས་རྫོང་བའི་སྨྱུང་གནས་ཆོ་གའི་ལུང་ཡང་ཐོབ་ཅིང༌། དེ་དུས་གྲོས་པ་འོད་ཟེར་རྒྱལ་པོ་དཔལ་བ་ལ་བཀའ་གདམས་ལམ་རིམ་དགེ་བའི་བཤེས་གཉེན་སྣེ་ཟུར་བས་མཛད་པ་དང༌། དཔེ་ཆོས་རིན་སྤུངས་ཀྱང་ཞུས། སེམས་ལ་འཇགས་པོ་བྱུང༌། ཕྱིས་སྤོ་ཏོ་བའི་དཔེ་ཆོས་ཡང་ཡང་བཤད་ཀྱང་ལམ་རིམ་རང་རེས་ཐོབ་པ་དེའི་དཔེ་གཅིག་འགའ་མ་རྙེད། རྒྱ་མ་སོགས་སུ་འབད་པས་བཙལ། གྲོ་ས་རང་དུ་རྩད་བཅད་ཀྱང་མ་རྙེད་པས་ཡིད་འཕྲེང་བ་རང་ཡོད་ཅེས་ཀྱང་གསུང་ཟེར་རོ། །དེའི་དཔྱིད་སོས་ཀྱང་ནཱ་ལེནྡྲ་ཉིད་དུ་རོང་སྟོན་ཆེན་པོའི་སྤྱན་སྔར་ཞི་བྱེད་ཨུཏྤ་ལ་འདབ་དྲུག་དང༌། ཇོ་བོ་ནས་བརྒྱུད་པའི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ལས་ཚོགས། བཅོམ་རལ་གྱིས་མཛད་པའི་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་རྣམས་ཀྱི་ལུང་གསན་ནས། དཔྱིད་ཆོས་ལ་འཕྲང་ཕུར་ཕེབས། གནས་དེར་རྗེ་དོན་ཡོད་དཔལ་བ་ལ་འདུལ་བ་ཀཱ་རི་ཀ་ལྔ་བཅུ་པའི་ལུང༌། སློབ་དཔོན་ཀ་མ་ལ་ཤཱི་ལའི་འགྲེལ་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སྡོམ་པ་ཉི་ཤུ་པ། ཞི་བ་འཚོའི་འགྲེལ་པ་རྣམས་འཕྲང་བུ་ཀུན་སྤང་བསོད་ནམས་བཟང་པོ་བས་ཞུས་པའི་ཞོར་ཉན་བྱས། རང་རེས་གྲྭ་པ་འགའ་ལ་ཕྱྭ་བསྡུས་དང་རིགས་གཏེར་སྦྲགས་ནས་ཕྱོགས་སྔ་མའི་ངོས་འཛིན་དགག་བསྒྲུབ་སྤྱི་འགྲེལ་གཞུང་གཉིས་པོ་དཔྲལ་ཐུག་སྤྲད་པའི་མཐེབ་སྦྱོར་བཤད་པས་ཡིད་མགུ་བ་བྱུང་གསུང་ཞིང༌། དེ་དུས་ཉན་པའི་གསང་ཕུ་ཀ་བཅུ་པ་པད་རྒྱ་མ་ཞུ་བ་ཞིག་གིས་མངའ་རིས་ཀྱི་རྣམ་རྒྱལ་ཆོས་སྡེ་སོགས་སུ། ཚད་མ་རིགས་གཏེར་གྱི། སྡེ་བདུན་རིགས་པའི་དེ་ཉིད་འདི་ཡིན་ཞེས། །རྒན་པོའི་ལུགས་ངན་དོར་ནས་ངས་འདི་བཤད། ཟེར་བའི་འདི་ཡིན་ཚུལ་དང༌། འདིར་བཤད་ཚུལ་ཤེས་མི་ད་ལྟ་མངའ་རིས་སྐོར་གསུམ་ན་ང་རང་ཙམ་དུ་འདུག་པ། གསང་ཕུའི་སློབ་དཔོན། གཞོན་ནུའི་སྐུ་ལུས་འཆད་པ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་གཅིག་གི་བཀའ་དྲིན་ལས་ལགས་སོ། །ཟེར་བ་བྱས་པ་ཚིག་བརྗོད་ལུགས་ཚར་བ་འདྲ་བ་ཞིག་བྱུང་ནས། ཆང་ས་ཚུན་དུ་བསྒྲགས་ཤིང༌། ངེད་བྱིས་པའི་སྐབས་ཀྱང་དེའི་གཏམ་མ་ཉམས་པར་འདུག་གོ །དེར་དབྱར་ཆོས་ལ་གསང་ནེའུ་ཐོག་ཉིད་དུ་ཕེབས་ཤིང༌། རྗེ་ཉིད་དགུང་ལོ་བཅུ་དགུའི་སྟེངས་སུ་ཕེབས་པ་མེ་ཕོ་སྟག་གི་ལོ་རྗེ་དོན་ཡོད་དཔལ་བའི་གདན་ས་གནས་སྒོའི་སློབ་དཔོན་དུ་མངའ་གསོལ་ཕུལ་ནས་ཆོས་ཀྱི་ཁྲི་ལ་བཞུགས་སུ་གསོལ་ཞིང༌། རྗེ་དོན་ཡོད་དཔལ་བས་དབྱར་ཆོས་གྲོལ་མ་ཁད་རང་ཆུ་བོ་རི་དང༌། ཆུ་ཤུལ་གྱི་ཕག་གདོང་གཉིས་སུ་ཕར་བྱོན་ཚུར་བྱོན་མཛད། བཟད་པ་བློ་གྲོས་རྒྱ་མཚོ་བ་ལ་མངོན་པ་ཀུན་ལས་བཏུས་དང༌། མདོ་སྡེ་རྒྱན་གྱི་ཞིབ་བཤད་མཐིལ་ཕྱིན་གསན་པ་ལ་བཞུགས། པཎ་ཆེན་རིན་པོ་ཆེས་གནས་སྒོ་གྲྭ་ཚང་དང་ལྷན་ཅིག་སྟོན་ཆོས་ལ་ཤེལ་གྲོང་དུ་ཕེབས་ནས་འཁོར་ཚོགས་འདུས་པའི་དབུས་སུ་བླ་ན་མ་མཆིས་པའི་ཆོས་ཀྱི་བདུད་རྩི་ཡང་དག་པ། སྙན་ཞིང་ཡིད་དུ་འོང་བའི་ཚངས་པའི་དབྱངས་ཀྱིས་རྒྱ་ཆེར་སྩལ་བས་ཐ་ན་སྐྱེ་བོ་ཕལ་པ་དག་གིས་ཀྱང་སྒྲ་ཐོས་པ་ཙམ་གྱིས་དད་པའི་སྤུ་ལོང་རང་དབང་མ་མཆིས་པར་ལང་ལོང་དུ་གྱུར་ཏེ་ཕྱག་སྟོབས་པ་ཅི་དགར་སྤྲོ་བའི་ཐར་པའི་ས་བོན་ངང་གིས་བསྐྲུན་ཞིང༌། དེར་འདུས་པའི་བློ་གསལ་དོན་གཉེར་དེ་རྣམས་ཀྱང་ཆོས་ཀྱི་རྙེད་པ་མཆོག་གིས་ཡི་རངས་པར་གྱུར་ནས། སྔར་རང་རང་གིས་ཤེས་པར་རློམ་པའི་ཚིག་དོན་དེ་དག་ནི། བླ་ན་མཆིས་པ་གོང་ན་མཆིས་པའི་ཚུལ་དུ་གོ་ཞིང་རིག་སྟེ། རྐྱེན་དབང་གིས་དབྲོག་པར་མི་ནུས་པའི་དད་པའི་དཔལ་འཛིན་བཞིན་དུ། ངང་པའི་དེད་དཔོན་ངང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས། པདྨའི་མཚོ་གང་ན་བ་དེར་ཡོངས་སུ་ཆས་པ་ལྟར། སྒོ་ལ་ལ་བགྱིས་ནས་ནཱ་ལེནྡྲའི་ཆོས་གྲྭར་བདག་ཉིད་ཆེན་པོ་སློབ་མའི་ཚོགས་དང་བཅས་པས་བསྐྱོད་དེ། རོང་སྟོན་ཐམས་ཅད་མཁྱེན་པའི་ཞབས་ཀྱི་པདྨོ་ཡང་དག་པར་མཆོད་ཅིང༌། དེ་དུས་རོང་སྟོན་ཆེན་པོའི་དྲུང་ཡང་དེ་ལོ་ཆོས་རྗེ་དགས་པོ་བཀྲ་ཤིས་རྣམ་རྒྱལ་བ་གདན་སར་བཀའ་བསྒོ་གནང་ཚར་ཙམ་འདུག་གསུང་ཞིང༌། ནཱ་ལེནྡྲའི་སྤྱི་ཆོས་སོ་སོས་རང་རེ་ལ་དཔེ་མེད་པའི་བཀའ་དྲིན་གནང་སྦྱིན་སོགས་མཛད། ཁོང་ལ་ལ་དག་གིས་བརྗོད་གླེང་ལ། ད་རེས་ནཱ་ལེནྡྲའི་གདན་ས་པ་ལས། གནས་སྒོ་སློབ་དཔོན་པ་འབབ་སྒོ་ཆེ་བ་བྱུང་སོང་ཟེར་བློས་མི་འཁྱུད་པའི་རྣམ་པ་ཡང་བྱུང་ཞེས་དྲིན་ཅན་སྤྱང་ལུང་པའི་བཀའ་ལས་ཐོས་ཤིང༌། དེར་རོང་སྟོན་ཆེན་པོའི་དྲུང་གིས་ཐེག་ཆེན་རྒྱུད་བླ་ཐོགས་མེད་ཀྱི་འགྲེལ་པ་དང་སྦྱར་བའི་བཤད་པ་གནས་སྒོའི་གྲྭ་ཚང་པ་ཀུན་ལ་སྩལ། རོང་སྟོན་ཉིད་ཀྱི་ཊཱི་ཀའི་ལུང་དང༌། འབྱེད་གཉིས་དབུས་མཐའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པའི་ལུང་ཡང་དེ་དུས་གནང༌། དེ་གྲོལ་མཚམས་ཡབ་ལ་ལ་བྱས་ནས་སྐྱོར་མོ་ལུང་ཚོར་ཕྱིན་པས། རྗེ་དོན་ཡོད་དཔལ་བ་ཕེབས་ནས་ཟླ་བ་གཅིག་ཙམ་སོང་འདུག་ཅིང༌། བཀའ་ལས་རྗེ་དོན་ཡོད་དཔལ་ལ་བཟད་པ་བློ་རྒྱམ་པས་མངོན་པ་གོང་མ་དང༌། མདོ་སྡེ་རྒྱན་ལ་བཤད་པ་ཕུལ་བྱུང་གནང་བས་ཐུགས་ཚིམ་ནས། འདུལ་བའི་གཞུང་ཆོས་ཅིག་ཀྱང་ཞུས་པས། ཁོང་གི་ཞལ་ནས། ཆོས་རྗེ་སློབ་དཔོན་པའི་ཐུགས་དགོངས་ལ་འདུལ་མངོན་མིང་ཟུང་འབྲེལ་གྱིས་ཤེས་དགོངས་པར་སྣང་ཡང༌། འདུལ་བ་ལ་རང་རེ་ཅི་ལབ་ཙམ་མེད། ད་ཆ་ཕུ་དགོན་པར་བྱོན་ལ་གསན་ན་ལེགས་གསུངས། དེ་མཐུན་ལ་བློ་འདུན་བྱས་ཀྱང་ལམ་དུ་ངེད་རང་གི་སློབ་མ་ཡིན་པའི་རྒྱལ་རོང་པ་རྣམས་དང་ཕྲད་པས་སྐྱོར་མོ་ལུང་ཚོར་ལེགས་ཚུལ་དང༌། སློབ་དཔོན་པ་ལ་ཕྱག་མཇལ་གྱིས་ཟེར་དར་ཡུག་དམར་པོ་གཅིག་ཀྱང་སྦྱིན་ནས། འདིར་ལམ་འཁྱོགས་པ་ཡིན་སོགས་དཔོན་སློབ་ནང་བསྟན་གྱི་གསུང་སྒྲོས་ཀྱང་ལྷུག་པར་རང་བྱུང་གསུང་ཞིང༌། དེར་རྗེ་དོན་ཡོད་དཔལ་དང་གཉིས་ཀས་ཐུགས་རྩོལ་གནང་ནས་ཟླ་བ་གཉིས་ལ་གཞུང་ཆོས་རྫོགས་པར་མཛད། དེ་སྐབས་སྐྱོར་མགོ་རང་རེས་བྱས་པ་ཡིན་གསུང་ཡང་ཟེར་རོ། །དེར་པཎ་ཆེན་རིན་པོ་ཆེ་དགུང་ལོ་ཉི་ཤུར་ཕེབས་པ་ཡོས་ལོའི་དཔྱིད་ཆོས་ལ་གྲྭ་ཚང་ལ་ཕོགས་འབུལ་མི་སྙེ་ཐང་ཕྱོགས་སུ་བྱུང་བ་དང་བསྟུན། དེར་ཕེབས་ནས་དཔྱིད་ཆོས་གནང༌། དེ་གྲོལ་རྗེས་པཎ་ཆེན་རིན་པོ་ཆེས། སྙེ་ཐང་ཆོས་རྫོང་དུ་པཎ་ཆེན་བློ་བརྟན་བཞི་པའི་སྤྱན་སྔར་ཕེབས་ནས། སཾ་སྐྲྀ་ཏའི་སྐད་སྦྱོར་སྒྲ་སྒྱུར་བམ་པོ་གཉིས་པ་དང༌། ཐོན་མིའི་གསུམ་རྟགས་གཉིས། སྨྲ་སྒོ། དཔང་ལོའི་སྔགས་ཀློག་སོགས་དང༌། སྔགས་རྙིང་མའི་ལམ་རིམ་བཻ་རོ་ཙཱ་ནའི་བསྒོམ་ཁོག་ཏུ་གྲགས་པ། སྡོམ་གསུམ་རབ་དབྱེ་ལྷ་བཙུན་བསམ་ཡས་པའི་རྣམ་བཤད་སྟེང་ནས་བསྐྱར་ཆོས་ཞུས་ཤིང༌། དེ་གོང་རང་རེས་རྗེ་དོན་ཡོད་དཔལ་བ་ལ། སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་པའི་ཊཱི་ཀའི་སྟེང་ནས་ཚར་གཅིག་སོང་བས་དེ་དུས་སྐྱོར་བའི་འཇུག་པ་བདེ་བ་དང༌། ངེད་གསང་ཕུའི་དབྱར་ཆོས་ལ་འགྲོ་ཐུག་ཞལ་སློབ་མང་བར་གནང་བ་དག་ཆགས་ཐོགས་མེད་པར་བསྐྱར་བས། པཎ་ཆེན་བློ་བརྟན་པ་ལྷག་པར་དགེས་ནས། དུས་ཕྱིས་གྲགས་པ་ཆེ་ལོང་རང་ཞིག་ཡོང་གིན་འདུག་ཀྱང༌། གནས་སྒོ་སློབ་དཔོན་པ་ཁྱེད་གྲགས་པ་དོན་ལྡན་རང་དུ་འདུག་པས། གསང་ཕུའི་དབྱར་ཆོས་གྲོལ་འཕྲལ་འདི་ནས་ཆིབས་རྫོང་བས་ཅིས་ཀྱང་བྱོན་མཛོད། ངེད་ཀྱི་རིག་གནས་ཀྱི་ཤེས་བྱ་འདིའི་བདག་པོ་ཁྱེད་ལ་འཆོལ་བ་ཡིན། ངེད་རང་ཁ་རྒས་མིག་ཀྱང་རབ་རིབ་ཀྱིས་ཁེབས། ལག་ཀྱང་འདར་བས་ས་རིས་སོགས་འབྲི་དཀའ་བ་ཡོད་ནའང༌། སྔོན་འཇམ་དབྱངས་རལ་གྲི་བའི་དྲུང་དུ་ཀ་ལཱ་པའི་ས་རིས་གཞུང་བཅས་འདི་ཁྱིས་བདས་ཀྱང་བློ་ལ་ཐོན་པ་ཙམ་འབད་པའི་ནུས་པས། ད་ལྟ་ན་ཚོད་ཀྱིས་གཏུགས་ཀྱང་གཞུང་ལ་དཔེ་ལྟ་སོགས་གཏན་ནས་དགོས་པ་མེད་ཅིང༌། ས་རིས་མཛུབ་ཁྲིད་ངེད་རང་གི་རྩ་ན་ཡོད་པའི་སྒྲ་པ་འདིས་ཀྱང་བརྡ་སྦྱོར་ཡོང་བ་ཡོད་པས་ཁོས་ཞབས་ཏོག་སྒྲུབ་པ་ཡིན་གསུང་བའི་བཀའ་སྩལ་བཟང་པོ་འབད་མེད་གནང་ངོ༌། །དེ་ནས་ནོར་བུ་དགེ་འཕེལ་གྱི་གྲུ་ལ་བྱས་གསང་ཕུའི་དབྱར་ཆོས་ལ་ཕྱིན་ཅིང༌། དེ་དུས་ཕར་ཚད་ཀྱི་ཐལ་ཕྲེང་ལ་ནན་སྦྱོར་ཆེ་བར་བྱུང་བས། རང་རེས་ཀྱང་དེ་ལུགས་ཀྱི་བློ་སྣ་ཁྲིད་ནས་རྣམ་འགྲེལ་གྱི་གཞན་དོན་དང་ཚད་མ་གྲུབ་པ་ཙམ་དང༌། ཕར་ཕྱིན་སྐབས་ལྔ་པ་ཡན་སོང་བ་འགའ་རེས་ཡི་གེར་བཀོད་འདུག་པ་རང་རེ་རང་གི་དཔེའི་ཟླ་ལ་ཡོད། ཕྱིས་ནི་ཐལ་ངག་དབང་པོའི་རྡོ་རྗེར་མིང་བཏགས། དིང་སང་རང་རེའི་ཕར་ཕྱིན་གྱི་བརྩམས་ཆོས་ཀྱི་ནང་དུ་ཡང་བསྒྲིགས་པ་འདི་ཡིན། དེ་ནས་དབྱར་ཆོས་གྲོལ་འཕྲལ་རང་སྙེ་ཐང་ཆོས་རྫོང་རང་དུ་ཡོངས་ནས། ཀ་ལཱ་པའི་ས་རིས་དང༌། སྡེབས་སྦྱོར་རིན་ཆེན་འབྱུང་གནས། མངོན་བརྗོད་ཨ་མ་ར་ཀོ་ཥ། སྙན་ངག་མེ་ལོང་སོགས་རིག་གནས་སྣ་མ་ཆད་པའི་བསླབ་སྦྱངས་འཇུར་བ་རང་བྱས་པའི་ས་རིས་དང་སྙན་ངག་གི་རྒྱུགས་ལེན་ཀུན་དེ་སྲས་ལོ་ཙཱ་བ་བློ་གྲོས་དབང་ཕྱུག་པས་གནང་ཞིང༌། པཎ་ཆེན་བློ་བརྟན་པའི་གསུང་ལས། དགེ་བཤེས་ཀྱི་གཟེངས་དེ་རིག་གནས་རང་གིས་ཕྱེད་པ་ཡིན། ཁོང་ལ་ལའི་ཕར་ཕྱིན་གྱི་བརྒྱུད་འདེབས་བྱས་འདུག་པའི་དཔེ་འདི་ཚོར་འཁྱར་བྱུང་བ་ལ། གཉལ་ཞིག་པ་ལ། དམྱལ་སོགས་འགྲོ་བའི་སྡུག་བསྔལ་ཞིག་མཛད་པ། ཟེར་བའི་ཡི་གེའི་བརྡ་ཙམ་ལ་ཡང་གཞིག་པ་མ་ཆུག་པའི་རྩོམ་པ་རང་གཞན་ངོ་ཚ་བ་འདུག་གོ དིང་སང་སྔགས་པ་ཀུན་ཡིག་བརྒྱ་འདྲེན་ཙ་ན་མར་མེ་མུཉྫ་ཟེར་བ་ལ་ཨཱ་ལོ་ཀེ་འདི་ལ་ཨེ་ཟེར་བ་ཡིན། མ་མེ་མུཉྫ་བདག་མ་བཏང་བྱ་བ་དོན་དུ་རྡོ་རྗེ་སེམས་དཔའ་ཞེས་ཡིན། ཡོངས་ཁྱབ་བླ་མ་མཁྱེན་ཟེར་བ་འདི་ཡང༌། དོན་དུ་བླ་མ་ཞེས་ཀ་ཡིན། སརྦ་ཛྙ་བྱ་བ་ཐམས་ཅད་མཁྱེན་པ་དང་ཀུན་མཁྱེན་གང་བདེ་ཡིན་པས། ཤོང་འགྱུར་དུ་ཀུན་མཁྱེན་ཡེ་ཤེས་འབྱུང༌། གསར་འགྱུར་དུ་ཐམས་ཅད་མཁྱེན་པ་ཡེ་ཤེས་བྱ་བར་བསྒྱུར། གཉིས་ཀའི་སྐད་དོད། སརྦ་ཛྙར་མཐུན་པ་ལགས། འགའ་རེ་བདེ་མཆོག་ལ་རིན་པོ་ཆེའི་རྒྱན་མི་ཕྱེད་ཟེར་བ། བདེ་མཆོག་ལ་རཏྣ་མུ་ཀུ་ཊ་མི་ཟེར་བ་ཨེ་ཡིན་གསུང༌། འདི་རྣམས་བདག་གི་བླ་མ་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པས་པཎ་ཆེན་རིན་པོ་ཆེ་ལ་སྒྲ་གསན་དུས་བཀའ་སྩལ་དུ་གནང་བའི་གསུང་དག་མ་ཉམས་པ་ཡིན་ནོ། །དེ་ལོ་ཀ་ལཱ་པའི་མིང་ལེ་ཡན་དང༌། རིག་གནས་ཕྲན་བུ་དེ་རྣམས་རྫོགས་པར་སོང་ཞིང༌། དེ་དུས་སྙེ་ཐང་བདེ་བ་ཅན་པའི་སློབ་དཔོན་ཁམས་པ་ཅིག་ཀྱང་ལྷན་དུ་ངེད་དང་མཉམ་པོར་ཡོད་པས། སྙན་ངག་མེ་ལོང་གི་ངག་སློབ་ལ། མཆུ་ནི་དམར་ཞིང་གུག་པ་དང༌། །གཤོག་པ་ལྗང་ཞིང་ཟོར་བའི་དབྱིབས། །མགྲིན་པ་ཁ་དོག་གསུམ་གྱིས་མཚན། །ནེ་ཚོ་འདི་དག་ཚིག་འཇམ་ལྡན། །བྱ་བའི་ཚིག་དོན་རྒྱས་པར་བཤད་ནས། ད་དེ་ལ་དཔེ་བརྗོད་རེ་སང་སྣོམས་བྱོན་ཞེས་དྲུང་ནས་ལོ་ཙཱ་བའི་གསུང་བྱོན་པའི་སང་དེ་ངེད་རྣམས་ཚོགས་སྐབས། རེ་རེ་ནས་དྲིས་མལ་གནང་བའི་ཁམས་པ་སློབ་དཔོན་ཐང་ལ་ལེན་འདེབས། མཆུ་ནི་ནག་ཅིང་གུག་པ་དང༌། །གཤོག་པའང་ནག་ཅིང་ཟོར་བ་འདྲ། །རྐང་པ་གཉིས་ཀྱང་ལྕགས་ལས་བྱས། །བྱ་རོག་འདི་དག་ཚིག་རྩུབ་སྒྲོག །ཟེར་བས་དེར་ཚོགས་པ་ཀུན་བཞད་ཆ་ཆེ་ཞིང༌། པཎ་ཆེན་བློ་བརྟན་པ་ཡང༌། ཡང་ཡང་དེ་རང་སྐྱོར། དེ་རིང་ཇ་གྲལ་ལ་བཀའ་སྩལ་དུ་གསུང་དེ་གཅིག་པ་འབྱོན་པ་ཞིག་བྱུང་ཞེས་དྲུང་ཡིག་ཆོས་རྒྱན་བརྒྱུད་པའི་ངག་གོ །དེ་ནས་གྲྭ་ཚང་གི་ཆོས་དབར་བཏེག་སྒང་འཕན་ཡུལ་ལ་ཕྱིན། དེ་དུས་ནཱ་ལེནྡྲར་གཟིམ་ཁང་གྲྭ་ཚང་དང༌། རང་རེའི་ཁམས་པ་འགའ་རེ་འཐབ་རྩོད་བྱུང་ནས་སྤྱི་པས་བསྡུམས། ཆོས་རྗེ་གདན་ས་པར་ཇ་ཞུ་དང༌། གནས་སྒོ་སློབ་དཔོན་པས་བཀའ་ཆོས་འབྲེལ་ཙམ་ཞུས་གསུང་བ་བྱུང་ནས། རང་རེས་ཆོས་འབྲེལ་ཞུས་པས་ལམ་འབྲས་ཕྱག་མཆོད་ཀྱི་ལུང་ཅིག་བྱུང་བ། ངེད་རང་ཆོས་རྗེ་དགས་པོའི་ཐུགས་རྩོམ་ཆེ་རེ་ཀུན་ལ་བླ་མ་རིན་པོ་ཆེ་ལ། རྗེ་རོང་སྟོན་དང་ལྷན་ཅིག་བསྟོད་ར་ཆེ་རེ་ཡོད་པ་དེ་ལ་ཡིད་བག་ཙམ་མཇོར་བག་ཡོད་པས། ཆོས་འབྲེལ་ལ་ས་སྐྱ་པའི་ཆོས་སྤྱོད་དང༌། མཆོད་བརྗོད་ལ་དགེ་ལྡན་པའི་ཞལ་འཛིན་འདི་རང་ཚ་རེག་གྲང་རེག་ཏུ་སྣང་སྨྲས་ཚར་སོང་ཞེས། མཁན་རིན་པོ་ཆེ་ཉིད་ཀྱི་བཀའ་ལས་གསན་པ་ཐུགས་ལ་བཞག་ནས། ཕྱིས་ཆོས་རྗེ་དགས་པོའི་གསུང་རྩོམ་ཕར་ཚད་པར་དུ་བརྐོ་དུས་རོང་སྟོན་སྐྱང་བུ་ལས་གཞན་ཚིགས་བཅད་དག་དོར་ཅེས་ཀརྨ་ཕྲིན་ལས་པ་དངོས་ལས་ཡོལ་ཐེག་ཆེན་རྩེར་ཐོས་པ་ལས་ཀྱང་ངོ༌། །དེའི་ཕྱི་ལོ་པཎ་ཆེན་རིན་པོ་ཆེ་དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་ས་པོ་འབྲུག་ལོའི་དཔྱིད་མཚམས་སུ་ཡང་སྔར་བཞིན་པཎ་ཆེན་བློ་བརྟན་བཞི་པ་ཡབ་སྲས་དྲུང་དུ་བསྙེན་ནས། སྒྲའི་ས་རིས་ཀྱི་ཞབས་དང༌། པཎ་ཆེན་པ་ཉིད་ཀྱིས་དེ་ལོ་རང་མཛད་པའི། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་མངོན་བརྗོད་ཆིག་གཏེར་གྱི་འགྲེལ་པ་དེའི་ལུང་རང་རེས་ཐོག་མར་ཐོབ་པ་དེའི་ཞབས་ན། སྐྱེ་བའི་ཆུ་གཏེར་སྡུག་བསྔལ་རླབས་ཕྲེང་ཅན། །ཉེས་མང་ཆུ་སྲིན་བརྒྱ་ཡིས་གང་མཐོང་ནས། །མཁས་པ་སུ་ཞིག་ཐ་སྙད་ལྷུར་ལེན་གྱིས། །རང་གི་སེམས་ནི་ཞི་ལ་སྦྱོར་མི་བྱེད། །གསུང་བ་འདི་ཐོས་དུས་རང་རེ་ལ་ངེས་པར་འབྱུང་བའི་བློ་དཔག་པར་དཀའ་བ་ཞིག་སྐྱེས་ནས། དེར་ཁམས་འདུའི་རྣམ་པ་ཞིག་བྱུང་བའི་རྒྱུ་མཚན་དྲུང་ལོ་ཙཱ་བ་ལ་བརྒྱུད་ཕུལ་བས། པཎ་ཆེན་བློ་བརྟན་པ་དངོས་ཀྱི་བཀའ་ལུང་ལ་སྒྲ་པ་ཚེ་ཐུང་སྒྲ་པ་སྒོ་དབུལ་ཟེར་བར་གྲགས་ཤིང༌། རང་རེ་ལ་འཇམ་རལ་གྱིས་གཤིན་རྗེ་གཤེད་འདི་གནང༌། འདི་ལ་བཟླས་བརྗོད་མང་དག་སོང་བས་ཚེ་མཐར་ཕྱིན་པ་བྱུང༌། སྤྱིར་བུ་སྟོན་རིན་པོ་ཆེས་མཁན་ཆེན་ཐར་པ་ལོ་ཙཱ་བའི་དྲུང་དུ་སྒྲ་གསན་དུས་ཀྱང་རྩུབ་འགྱུར་ཆེན་པོ་བྱུང་སྐད། ཁྱོད་ལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་གཅིག་བསྐུར་དགོས་ཀྱང༌། འདི་རང་རེའི་ཡིད་དམ་དང་ལྷག་པའི་ལྷའི་གཙོ་བོ་ཡིན་པས་ལོ་རེ་ལ་ལན་རེ་ལས་མི་བྱེད་ཡོད་པ། ད་ལོའི་དེ་བྱས་ཟིན་པས་སང་ཕོད་ཡོང་ངེས་བྱེད། ད་ལན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལས་དངོས་ཀྱིས་ཐོབ་པ་ཡིན་གསུང༌། ཡེ་ཤེས་མགོན་པོའི་གཏོར་དབང་བར་ཆད་ཀུན་སེལ་གནང༌། དེར་དབྱར་ཆོས་གྲོལ་འཕྲལ་གྲྭ་པ་བྱིངས་དང་མ་བསྒྲིགས་པར་རང་རེས་སྔ་མྱུར་རང་འཕན་ཡུལ་ལ་ཕྱིན། ནཱ་ལེནྡྲར་རོང་སྟོན་ཆེན་པོའི་ཞབས་དྲུང་དུ། བདག་ད་ལོ་ཡིད་འབྱུང་ཞིག་ལ་བརྟེན་པའི་ཁམས་མ་སྙོམས་པ་དང༌། རྨི་ལྟས་ཀྱང་རྩུབ་པ་ཙམ་བྱུང་བས་ཚེ་བསྒྲུབ་ཅིག་གནང་བ་དང༌། ཐུགས་དམ་གྱི་སྐྱབས་འོག་ཏུ་འཇུག་པ་གནང་དགོས་ཞུས་པས། དེ་ཀ་བྱེད་བློ་ཙབ་ཙབ་བྱེད་མི་དགོས་གསུང༌། རྗེ་བཙུན་མ་སྒྲོལ་མ་རྣམ་པར་རྒྱལ་མའི་ཚེ་བསྒྲུབ་དེ་གནང་ནས། ད་ལྟའི་ཆོས་འཁོར་རྩིས་འདི་ན་སྤེ་ཆུང་ཞིག་ཡོད་པ་དེར་སྐུ་མཚམས་བཅད་རྒྱ་མ་ཅིག་མཛད་ནས། ཐུགས་དམ་བཟླས་བརྗོད་འགྲུས་པར་མཛད་པས་ཞག་འགའ་སོང་བ་ན། ཐོ་རངས་ཅིག་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་གཟིགས་སྣང་ལ། མདུན་གྱི་ནམ་མཁའ་ལ་སྒྲོལ་མ་གསེར་གྱི་མདོག་ཅན་ཕྱག་ཏུ་གསེར་གྱི་བུམ་པ་འཛིན་པའི་མཆུ་ལས། འཆི་མེད་ཀྱི་བདུད་རྩི་རྗེ་ཉིད་ཀྱི་ཞལ་དུ་ཐིགས་པའི་རྣམ་པ་རེ་རེ་ནས་གནང་བའི་ཚེ། ཞལ་བདུད་རྩི་ལ་གཏད་ནས་གྲངས་ཐུགས་ཀྱིས་བཏབ་པས། དྲུག་ཅུ་རེ་གཅིག་གཉིས་ལ་ཐིགས་པ་ཕྲ་བ་ཙམ་བྱུང༌། བརྒྱད་ཅུའི་བར་དུ་གསོལ་བའི་ཐུགས་ཉམས་བྱུང་རྗེས། སྔར་གྱི་བར་ཆད་རང་གྲོལ་གྱུར་ཞེས། པཎ་ཆེན་ཉིད་ལས་དྲིན་ཅན་སྤྱང་ལུང་པས་སྒྲོལ་མ་འདི་ཉིད་ཀྱི་ཚེ་བསྒྲུབ་རྒྱ་མ་དགེ་སློང་མ་མཆོག་གྲུབ་མ་སོགས་ཐུགས་རྗེས་ལྷག་པར་སྐྱོང་བའི་དད་གུས་ཅན་གྱི་རྡོ་རྗེ་སྤུན་འགའ་ལ་རྒྱ་མ་པའི་སངས་རྒྱས་དབོན་གྱིས་བྱིན་གྱིས་བརླབས་པའི་གནས་སུ་སྩལ་དུས། ཡིད་ཆེས་པའི་ལོ་རྒྱུས་ལ་གཅེས་ཆོས་ཀྱི་ཆེ་འཛིན་དུ་སྦྱར་ནས་སྩལ་ཞེས། བདག་ལ་ཡང་སྒྲོལ་མ་རྣམ་པར་རྒྱལ་མའི་ཚེ་བསྒྲུབ་འདི་བཟླས་པ་ལན་གསུམ་ཞུས་དུས། རེ་རེ་ལ་ཡང་ལོ་རྒྱུས་འདི་ཉིད་མ་ཆད་པར་བཀའ་དྲིན་དུ་མཛད་པའི་ཆ་ལས་སོ། །དེའི་སྟོན་ནཱ་ལེནྡྲར་བདག་པོ་མཐུ་སྟོབས་དབང་ཕྱུག་པ་བྱོན་ཞིང༌། རོང་སྟོན་ཆེན་པོ་དང་མཇལ་སྐབས་གུར་མགོན་དངོས་སུ་གཟིགས་ཟེར་གྲགས་པ་གཡེད་ཆེ་བ་བྱུང༌། རང་རེས་ཕྱག་མཇལ་ལས་དེ་དུས་བཀའ་འབྲེལ་ནི་མ་ཐོབ་གསུང་ཞེས་རྡོ་རིངས་ཀུན་སྤངས་རིན་པོ་ཆེའི་གསུང་སྒྲོས་སོ། །སྐྱེ་བར་གོམས་པས་ཤེས་བྱའི་གནས་ཀུན་ལ། །འདབ་ཆགས་མཁར་སྤྱོད་གསེར་མིག་ཆུར་འཕྱོ་ལྟར། །ངང་གིས་དཀའ་བ་མེད་པར་བྱང་ཆུབ་ཚུལ། །རིག་གནས་མཁྱེན་པའི་རོལ་རྩེད་བྲོ་གར་རྩེ། །སྤུ་མདོག་མིང་དུ་རིགས་གཅིག་ནཻ་ཙོའི་ཁྱུ། །སྨྲ་ཤེས་བརྗོད་པས་མཚོན་ཞིང་བཀུར་འོས་ལྟར། །རང་རང་ཆེ་འཛིན་བྱུང་རྒྱལ་མི་སྒྲོགས་ཀྱང༌། །མཁས་པར་མཚོན་པའི་སྨྲ་མཁས་ཁྱོད་ལས་སུ། །པཎ་ཆེན་མིང་བཞག་སྒྲ་མདོ་ཀློག་མི་ཕྱེད། །ཀུན་མཁྱེན་མཚན་སྒྲོག་ཐ་སྙད་གཞུང་ལ་རྨོངས། །ཐམས་ཅད་མཁྱེན་པ་ཚིག་གིས་དབུལ་གྱུར་པའི། །གངས་རིའི་ལྗོངས་ཀྱི་དཔྱོད་ལྡན་འདི་འདྲ་མཚར། །མིང་ལ་དགའ་འཛིན་རང་ཉམས་ཕལ་པའི་སྲོལ། །རང་བསྟོད་ངོ་འཇོའི་ཕྱེ་འཐོར་བླུན་པོའི་གཤིས། །བློ་གསལ་བྱེ་བས་དཔོགས་པར་མ་ནུས་ཚེ། །མཁས་པ་མཁས་པའི་གྲངས་སུ་རིང་ནས་བསྔགས། །རྒྱ་གར་ཡུལ་དབུས་དྲེགས་ལྡན་རབ་བཀྲམ་གྱིས། །གང་གི་བློ་གྲོས་གཞལ་བའི་ཡུལ་མིན་ལ། །མ་སྦྱངས་ཡུས་ཀྱིས་བརྒྱལ་བའི་བོད་ཡུལ་འདིར། །རྒྱུ་སྐར་དབུས་ན་ཟླ་འོད་བཞིན་དུ་གསལ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། རིག་པའི་གནས་ལ་སྦྱངས་ཚུལ་བསྟན་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་བདུན་པའོ།།  །།དེའི་ཕྱི་ལོ་ཤར་བ་པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉེར་གཉིས་སུ་ཕེབས་པས་ས་མོ་སྦྲུལ་གྱི་ལོ། ན་ནིང་གི་ཞལ་བཞེས་སྐུལ་བྱེད་འཕྲང་ཕུའི་དཔྱིད་ཆོས་སྟེང་ནས་འཕྲལ་གྱི་དགོས་ཆ་ཆིབས་ཀྱི་ཕྱགས་ཕྱི་སོགས་འཕྲང་ཕུ་ནས་བསྒྲུབས། འཕྲང་ཕུ་བའི་ཀུན་སྤངས་བསོད་ནམས་བཟང་པོ་བའི་དྲུང་ཡང་དབང་ཞུ་བ་ལ་ལྷན་ཅིག་ཕེབས་ནས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་བྱིན་གྱིས་བརླབས་པའི་གནས་སྙེ་ཐང་ཆོས་རྫོང་དུ། པཎ་ཆེན་བློ་བརྟན་བཞི་པའི་དྲུང་དུ་བསྙགས་ནས་གསོལ་བ་བཏབ་པས་སྔར་ཞལ་གྱིས་བཞེས་པ་ལྟར། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་ཀྱིས་བསྐོར་བའི་བརྟེན་བྱ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་མངོན་པར་དབང་བསྐུར་བ་ལེགས་པར་གསན་ཞིང༌། རིགས་ཀྱི་མེ་ཏོག་གཙོ་བོས་བཞེས་པའི་དབང་ལས། གསང་མཚན་ཡང་དཔལ་མི་བསྐྱོད་རྡོ་རྗེ་ཞེས་འདོགས་པར་མཛད་ཅིང༌། བཀའ་ལས་ཀྱང༌། རང་རེའི་སྨིན་བྱེད་ཀྱི་དབང་བསྐུར་ཐོག་མ་རང་རྡོ་རྗེ་འཇིགས་བྱེད་རྭ་ལུགས་འདི་ཡིན་ཞིང༌། བརྒྱུད་པ་འདི་ལ་རྒྱ་གར་གྱི་ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། པདྨ་བཛྲ། རྭ་ལོ་རྡོ་རྗེ་གྲགས། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། པཎ་ཆེན་འཇམ་རལ། པཎ་ཆེན་བློ་བརྟན་བཞི་པའི་བར་ཞལ་གཟིགས་རང་གི་བརྒྱུད་པར་འདུག་པས། བྱིན་རླབས་ཀྱང་གཞལ་བའི་ཡུལ་ལས་འདས་པའི་གཟི་འོད་ཡོད་ཅེས། པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པས་དབང་གསན་དུས་དངོས་སུ་བཀའ་ལས་དགོངས་པའོ། །དེ་མཚམས་རས་བྲིས་ལ་བརྟེན་པའི་བདེ་མཆོག་ལཱུ་ཧི་པའི་དབང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལས་བརྒྱུད་པ་ཡང་སྐབས་དེར་འཕྲང་ཕུ་ཀུན་སྤངས་པས་ཞུས་པའི་ཞོར་ཆོས་སུ་གསན་གསུང་ཞིང༌། དེ་མཚམས་གསང་ཕུའི་དབྱར་ཆོས་ལ་ཐེགས། དབྱར་ཆོས་གྲོལ་རྗེས། ད་ལོ་ཕར་ལམ་ལྷ་ས་ལ་བྱས་ཇོ་མཇལ་ཞིག་བྱེད་པ་ཡིན་གསུང་ནས་དཔོན་སློབ་ཀུན་ལྷ་སར་ཕེབས། དེ་དང་དུས་མཉམ་དུ་ཁམས་ནས་བག་སྟོན་ཤཱཀྱའི་ཡུམ་དེས་ཕྱོགས་ཀྱི་མགྲོན་པོ་འོངས་པ་ཡོངས་ལ་ད་ལྟ་གསང་ཕུའི་མདའ་བང་རིམ་བྱ་བར། མ་ཤཱཀྱའི་མིང་ཡོད་པ་ལ་འཁྲུངས་པའི་སྐྱེས་བུ་མཚན་གྱི་ཐོག་མར་ཤཱཀྱ་ཡོད་པའི་སྤྲུལ་པའི་སྐུ་ཞིག་འབྱོན་རྒྱུ་ཡིན་པས། གཏམ་མེད་དམ་ཞེས་རྒྱུན་དུ་འདྲི་བ་ལས། རེས་ཤིག་གནས་སྒོ་བའི་ཁམས་པ་བློ་གཞུངས་པ་བདག་ཉིད་ཆེན་པོ་ཉིད་ཀྱི་གསུང་གི་བདུད་རྩིའི་བསྒོ་སྐལ་ཐོབ་པ་དག་ཅིག་གིས་བདེན་གཏམ་དུ་བསྙད་དེ། ཁྱེད་ཉིད་ཀྱི་རེ་བའི་འབྲས་བུར་གྱུར་པ་དེ་ནི་ཇི་སྐད་སྨྲ་བ་ལྟར་གསང་མདའ་བང་རིམ་ཉིད་དུ་ཡུམ་ཤཱཀྱ་བཟང་མོ་ཞེས་བྱ་བའི་ལྷུམས་སུ་ངོ་མཚར་བའི་བརྗོད་པ་དུ་མ་དང་བཅས་ནས་བལྟམས་ཤིང་སྐུ་གཞོན་ནུ་ནས་རབ་ཏུ་བྱོན། ཐོས་པའི་བྱ་བ་མཐར་ཕྱིན། ད་ལྟ་གསང་ཕུའི་བདག་ཅག་གི་གྲྭ་ཚང་གི་སློབ་དཔོན་ཡང་མཛད་ཡོད་དོ། །ཞེས་པའི་རྫུན་མེད་པའི་གཏམ་བསྙད་པས། ཡུམ་དེ་ཉིད་སྐོམ་པས་བདུད་རྩིའི་བཏུང་བ་ཐོབ་པ་ལྟར་ཚིམ་པའི་མཆོག་རྙེད་ཅིང༌། ད་ནི་ཞལ་གྱིས་འཆེས་པ་ལྟར་བོད་ཡུལ་རྡོ་རྗེ་གདན་ཆོས་འཁོར་ལྷ་སའི་ཇོ་བོའི་དྲུང་དུ་མཇལ་ངེས། ཞེས་སེམས་ཤིང་དོན་དེ་ཉིད་ངག་ནས་སྨྲེང་བཞིན་དུ། སྔོན་དུས་ཀྱི་ཇ་བཟང་པོ་སིགས་བཅུ་གཉིས་ཙམ་གྱི་སྒལ་མ་དང༌། ཡུམ་དེ་ཉིད་སྐུ་ན་ཚོད་བགྲེས་པས་བསྐྱོད་བདེ་བའི་ཆེད་མཛོའི་ཆིབས། དྲེལ་དང་བཅས་ལྷ་སར་གཏད་ནས་བྱོན་པ་ལ། གང་གི་ཐུགས་རྗེའི་མཐུ་དང༌། སྔོན་གྱི་སྨོན་ལམ་གྱིས་ཉེ་ཞོའི་མིང་ཙམ་ཡང་མེད་པར། ཐོག་མར་སེ་རའི་ཆོས་གྲྭར་ཕེབས་ནས་ཇོ་མཇལ་ལ་བྱོན་པ་དང་བསྐོར་ལམ་དུ་མཇལ་བས། དེ་མ་ཐག་བདག་ཉིད་ཆེན་པོ་སློབ་མའི་ཚོགས། བློ་གྲོས་ཀྱི་པདྨོ་རྒྱས་ཤིང་ངུར་སྨྲིག་གི་མདངས་གསལ་བའི་དགེ་བའི་བཤེས་གཉེན་བརྒྱ་ཕྲག་ཙམ་གྱིས་མདུན་བདར་ཏེ་བྱོན་པའི་སྐུའི་དཀྱིལ་འཁོར་མཚན་དཔེས་སྤྲས་པ་གང་གི་མིག་ལམ་དུ་གྱུར་པའི་སྐད་ཅིག་དེ་ཉིད་ལས་ཐོབ་པའི་དགའ་བ་ཙམ་གྱིས་ཡིད་ཡོངས་སུ་བརྒྱན་བཞིན་དུ་གུས་པས་ཕྱག་བགྱི་བ་དང་ལྷན་ཅིག བདག་གི་བུ་སྐྱེས་བུ་ཆེན་པོ་འདི་ལྟ་བུའི་སྐུའི་སྐྱེ་བ་ཡོངས་སུ་བཟུང་ཡོང་སེམས་པ་ད་ནི་མངོན་སུམ་དུ་མཐོང་ངོ་ཞེས། གང་གི་ཡན་ལག་མཆོག་གིས་ཞབས་ཀྱི་པདྨོ་ལ་ཡོངས་སུ་བཏུད་དེ་འཁོད་ཅེས་དེར་འདུས་པའི་དགེ་འདུན་མ་ལུས་པ་རྗེས་སུ་སྒྲོག་གོ །དེ་ནུབ་དད་པ་ཅན་དེའི་མོས་དུངས་ཀྱི་ལྕགས་ཀྱུས་རབ་ཏུ་ཞི་ཞིང་དུལ་བའི་ཡོངས་རྫོགས་བསྟན་པའི་ཁུར་འཆང་བའི་གླང་པོའི་མཆོག་གང་དེ་སེ་རའི་རང་འདུག་པའི་སྐྱེད་ཚལ་དེར་སྤྱན་དྲངས་ནས། རྟ་དང་དྲེལ་དང་ཇ་སིགས་ཀྱི་ཚོགས། རྒྱ་གོས་དང་དར་ཁ་དོག་སྣ་ཚོགས་སྤུངས་པའི་དངོས་པོའི་སྙེད་པ་ཡོངས་སུ་བསྟབས་ཤིང༌། སྔོན་ཇི་སྐད་བཀའ་སྩལ་པའི་ཐུགས་དམ་ཀྱང་ཡང་དག་པར་བསྐུལ། སྔོན་གནས་སྒོ་དུ་མས་ཐུགས་རྗེའི་རང་བཞིན་ཡང་དག་པར་གསོས་བཏབ་སྟེ། ཡུམ་དེ་ཉིད་པུས་བཙུགས་ཐལ་སྦྱར་བའི་ལུས་ཀྱི་སྤྱོད་ལམ་དང་ལྷན་ཅིག་ཏུ། ཡང་ཁམས་ཕྱོགས་ལ་འབྱོན་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། དེའི་ཚེ་གང་གསོལ་བའི་ཡུས་སུ་སྨྲེང་བའི་ཡུལ་དུ་གྱུར་པའི་ཡུམ་དེ་ཉིད་ཡུལ་གཉན་ཞིང༌། ལམ་གྱི་དཀའ་སྤྱད་སོགས་དུ་མས་ཁུར་ལྕི་བའི་དབང་ལས་དགོངས་ཏེ་དེའི་བསམ་པའི་དོན་ཇི་བཞིན་དུ་བསྒྲུབ་པར་ཞལ་གྱིས་བཞེས་པས་དབུགས་ཕྱུང་སྟེ། བསགས་པ་ཅན་མ་དེའི་སླད་ནས་ཀྱང་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་སྤེལ་བའི་ཆེད་དུ། གུས་པས་བསྟབས་པའི་འབུལ་བ་དག་ཀྱང་བདག་གི་བ་ཉིད་དུ་བཞེས་པས། ཡིད་མགུ་བ་བླ་ན་མེད་པའི་བཀའ་དྲིན་སྩོལ་བར་མཛད་པས་ཚིམ་པ་ཐོབ་སྟེ། དེ་མ་ཐག་ཏུ་དགའ་བའི་གཏམ་སྙན་པར་སྒྲོགས་པ་ལ་རིངས་པའི་ཚུལ་གྱིས་ཁམས་ཡུལ་ལ་བཞུད་ཅིང༌། བཀའ་ལས་དེ་གོང་རང་རེ་ཁལ་མ་བོང་བུ་རྐྱང་དཀར་བ་དང༌། བྱིན་པའི་རྟ་ལས་མེད་པའི་དབུལ་བ་བསལ་ནས། དེ་ཕྱིན་རྟ་དང་དྲེལ་ཁལ་རེ་ཁོར་མོར་བྱུང་གསུང་ཞེས་གྲག་གོ །འདི་སྐབས་རྣམ་ཐར་རྗེ་དབོན་མར་སེ་རར་ཞག་བདུན་ཙམ་ཞེས་དང༌། རྣམ་ཐར་མ་ཏི་མར་ཞག་གསུམ་སྦྲེལ་ཞེས་དང༌། རྣམ་ཐར་རྡོར་རྒྱལ་མར་ལྷ་སར་མཇལ་བ་ཙམ་ལས་མ་སྨོས་ལ། དོན་དུ་ཆོས་དབར་གྱི་སྟབས་ཡུན་རིང་ནི་མ་བཞུགས་པར་མངོན་ནོ། །དེར་སྟོན་ཆག་ལ་ཡང་ཞལ་གྱིས་བཞེས་པའི་དགོངས་པ་དེ་ཉིད་ལ་དགོངས་རྩེ་གཏད་ནས་ཁམས་ཕྱོགས་སུ་གཞན་ཕན་སྔགས་གཙོ་ཆེ་ཞིང༌། དེའང་ཡུམ་བཞུགས་པའི་ཕྱོགས་དེར་ཀརྨ་པའི་ཆོས་བརྒྱུད་ལྷག་པར་དར་བ་ཡོད་པས། དེའི་ཆེད་དུ་མཚུར་ཕུར། མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་བའི་དྲུང་དུ་གཏད་ཕེབས་པས། ཁོང་པ་ལྷ་བསྙེན་ཁག་ཆེ་བ་ཞིག་གི་སྐུ་མཚམས་སྒང་དང་ཐུག་ཚུལ་ཕུལ་བས། ཁྱེད་ལྟ་བུའི་བསྟན་འཛིན་སྐྱེས་བུ་ལ་ཆོས་འབུལ་བ་དང་སྤྲོ་ཡང༌། རྒན་པོ་འཆི་ལྟས་ཞིག་གིས་གཙེས་པས་ཚེ་བསྙེན་ཞིག་ལ་ཡོད་ནའང༌། ལྟས་ལེགས་པ་མ་བྱུང་བས་འགུམ་པ་ལ་ཕྱོགས་འདུག་པ་མཚམས་བསེངས་པའི་བརྗོད་འདོགས་སྲིད་པས། ད་འདི་ནས་ཀྱི་བརྡའ་སྦྱོར་ཡི་གེ་འདི་དང་བཅས་གནས་ནང་དུ་སློབ་དཔོན་གྲགས་པ་འོད་ཟེར་བའི་དྲུང་དུ་བྱོན་ན་འཐད་ཅེས་པའི་བསླབ་སྟོན་ལྟར་ཕྱིན། དེར་ནག་རྒྱ་ཕག་གསུམ་དང་མཁའ་འགྲོ་རྒྱ་མཚོ་སོགས་ཀརྨ་པའི་ལུགས་ཀྱི་དབང་ལུང་མང་བ་དང༌། ནང་བརྟག་རྒྱུད་གསུམ་སོགས་བཤད་ཚོམ་ཀྱང་མང་དག་ཐོབ། གར་ཐིག་དབྱངས་སོགས་ཀྱི་ཕྱག་བཞེས་ཀྱང་ཡང་དག་པར་སྩལ་ནས། ཕར་ལམ་ནམ་མཁའ་ཁྱུང་རྫོངས་ལ་བྱས་ཀམ་དགོན་དུ་ཕྱིན་དེར་ཐེག་ཆེན་ཆོས་རྗེའི་བུ་ཆེན་བློ་གྲོས་ཆོས་སྐྱོང་བའི་སྤྱན་སྔར་འཇིགས་བྱེད་རྭ་ལུགས་སྐོར་གྱི་དབང་རྒྱུད་མན་ངག གུར་བརྟག་སཾ་གསུམ་གྱི་བཤད་པ་ཐེག་ཆེན་ཆོས་རྒྱལ་ལས་བརྒྱུད་པ་དང༌། ལཱུ་ནག་དྲིལ་གསུམ་གྱི་དབང་ཡང་ཐེག་ཆེན་པ་ཉིད་ལས་བརྒྱུད་པ། གཞན་ཡང་ཐེག་ཆེན་པའི་ལུགས་ཀྱི་གཤེད་དམར་སོགས་དབང་བསྐུར་མང་རབ་དང༌། གུར་གར། དཔལ་ལྡན་བླ་མ་དམ་པའི་དངོས་སློབ་ཤེས་རབ་སྣང་བའི་ཕྱག་བཞེས། རྗེ་ཀམ་དགོན་པས་ཤེས་རབ་སྣང་བ་ཉིད་ལས་ནོད་པ་ལྟར་སྩལ། དེར་གུར་གར་ལ་སཾ་སྐྲྀ་ཏའི་སྐད་མང་དུ་དགོས་པ་དང༌། སྐབས་འགར་དུར་ཁྲོད་ཀྱི་གར་སོགས་ལ་པྲ་ཀྲྀ་ཏའི་སྐད་དགོས་པ་རྣམས་སོ་སོར་ཕྱེ་བས་དགེས་ནས་པཎྜི་ཏ་ཞེས་ཡང་ཡང་གསུངས་པས། ངེད་རང་ལ་པཎ་ཆེན་གྱི་གདགས་པ་ཐོག་མ་དེ་ནས་བྱུང་གསུང་ཞིང༌། སླར་ནཱ་ལེནྡྲར་རོང་སྟོན་ཆེན་པོའི་ཞབས་དྲུང་དུ་ཕྱག་སྟོབ་པ་སོགས་མཛད། དེ་དུས་ཡུམ་ལ་གནང་བའི་འཕོ་བའི་ལུང་དེ་ཐོབ་ཅིང༌། དེར་གསང་ཕུའི་དགུན་ཆོས་ལ་ཕྱིན་པས། མཚུར་ཕུ་འཇམ་དབྱངས་གུ་ཤྲཱི་བའི་གཤེགས་རྫོང་གི་མང་སྐོལ་བ་སླེབས་བྱུང་བས་སྔར་རང་རེ་ལ་གནང་བའི་ཕྱག་དམ་དེ་བསྟན་པས། དེར་འདུས་ཀུན་གྱིས་མངོན་མཁྱེན་ཡོད་པར་གོ་བ་བྱུང་ཞེས་དྲུང་ཆེན་སངས་རྒྱས་སེང་གེ་བ་ལས་བརྒྱུད་པའི་གསུང་སྒྲོས་ལས་སོ། །དགུན་ཆོས་གྲོལ་རྗེས་གསང་ཕུ་བྲག་ནག་ཏུ་བྲག་ནག་པ་རིན་ཆེན་རྒྱལ་མཚན་པར་གྲགས་པ། བྲག་ནག་པ་ཆོས་རྗེ་ངག་གི་དབང་ཕྱུག་པའི་ཕྱག་ཚར་ངོར་ཆེན་ཀུན་དགའ་བཟང་པོ་བ་དབུས་གོང་མས་གདན་དྲངས་དུས། ཐོག་མར་ཕྱག་ལེན་གྱི་དཔང་པོར་བྱོན་པ་ལ་ཕྱིས་དད་པ་ཐོབ་ནས་ཡོ་གའི་དབང་མང་དུ་ནོས། ལམ་འབྲས་ཀྱང་གསན། འཆག་མེད་ཀྱི་རྒྱུན་ཡང་མ་ཆག་པར་གནང་བ་དེའི་དྲུང་དུ་བྱོན། དཔལ་མཆོག་རྩེ་མོ། ཁམས་གསུམ་རྣམ་རྒྱལ་རྣམས་ཀྱི་དབང་དང༌། ཁྱད་པར་དཔལ་ལྡན་བླ་མའི་ཕྱག་བཞེས་ལྟར་གྱི་རྡོར་དབྱིངས་ཀྱི་བྲིས་ཐིག་གར་དབྱངས་སོགས་ལ་ཉིན་མཚན་གོར་མ་ཆག་པར་སྦྱངས། དེ་དུས་སུམ་པ་ལོ་ཙཱ་བའི་བོང་སྟོར་མར་གྲགས་པའི་དབྱངས་ཀྱི་ཨོཾ་ཞེས་པའི་ངང་ལ་བྲག་ནག་གི་གཙུག་ལག་ཁང་ལ་སྐོར་བ་ལན་རེ་ཐོངས་པ་བྱུང་ཞིང༌། དེའི་ཕྱི་ལོ་ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེས་ཀྱང་བྲག་ནག་ཏུ་ཡོ་གའི་ཕྱག་ལེན་བཞེས་པ་ལ་ཕེབས། དབྱངས་སྐབས་ལོ་ཆེན་དྲུང་གིས་མགུར་ལ་གསལ་ངོམ་གནང་བས། བྲག་ནག་པ་རིན་ཆེན་རྒྱལ་མཚན་པའི་གསུང་གིས། དྲུང་ནས་ཀྱི་མགུར་དབྱངས་སྣ་འདྲེན་པའི་བཞུན་པོ་ནི་ཡིན། གཞན་ན་ནིང་གནས་སྒོ་སློབ་དཔོན་པའི་ཆར་ཡང་མི་བསྒྲུན་གསུང་ཞིང༌། རྗེ་ལོ་ཆེན་བསོད་ནམས་རྒྱ་མཚོའི་དབོན་པོ་གངས་ཁྲོད་པ་བྱ་བའི་ངག་ལས་ཡར་རྒྱབ་ཏུ་གསལ་བར་ཐོས་པ་ལས་སོ། །དེར་གསང་ཕུ་བྲག་ནག་པ་ལ་རྡོ་རྗེ་འབྱུང་བའི་ལུང་བཤད་དང༌། ཁྱད་པར་ཁམས་སུ་དགོས་པ་ཉིད་ལ་བརྡར་བཞག་པའི་ཀུན་རིག་གཞན་ཕན་འོད་ཟེར་ཆེན་མོའི་ཕྱག་རྒྱ་དབྱངས་སོགས་ཕྱག་བཞེས་ཞིབ་དཔྱོད་ཁོལ་དུ་གནང༌། ཕྱིས་མངའ་རིས་སུ་ཕེབས་སྐབས། མངའ་རིས་ཀུན་རིག་དར་བས། དེར་བཀའ་ལས། རྡོར་སེམས་མའི་དབྱངས་དེ་འདི་འདྲ་ཞིག་ཡོང་གསུང་སྩལ་བའི་རྒྱུན་ད་ལྟ་ཡང་མ་ཉམས་པར་སྣང་ངོ༌། །འཇམ་དབྱངས་རབ་ཞི་འཁྲུངས་པའི་དུས་དེར་ཁྱོད། །ལེགས་བྱས་མེ་ཏོག་གསར་པའི་ཟུར་ཕུད་ལྡེམ། །མཐིང་སྔོན་རལ་པའི་མུཉྫ་ཅོད་པཎ་ཅན། །གསུང་རབ་ཡོངས་ཀྱི་གླེགས་བམ་འཛིན་པ་བསྐྲུན། །གསེར་མདོག་ངུར་སྨྲིག་དུལ་བའི་རྒྱན་ཕྲེང་ནི། །མ་བྱིན་པར་ཡང་རང་གིས་རབ་བཞེས་ནས། །མཚན་དཔེའི་གཟི་ལྡན་མཁྱེན་ཡངས་རལ་གྲི་ཡིས། །མི་ཤེས་གཡུལ་ལས་ངང་གིས་རྒྱལ་བར་མཛད། །དེ་ལྟའི་རྒྱུ་ཡིས་འཇམ་མགོན་གཞོན་ནུ་གང༌། །རབ་ཁྲོས་འཇམ་དཔལ་འཇིགས་མཛད་ཧེ་རུ་ཀ །རང་བཞིན་དབྱིངས་ནས་མ་གཡོས་ཐུགས་རྗེའི་གར། །འབད་མེད་སྐུལ་བའི་དཔའ་བོ་སྲིད་འདིར་སྤྲུལ། །ཚངས་དབྱངས་ང་རོ་སྲིད་རྩེའི་མཐར་སོན་ཞིང༌། །མཚམས་གར་བསྐྱོད་པའི་ལྡེམ་བག་ཡིད་འཕྲོག་པ། །དེ་ལྟའི་རྡོ་རྗེ་སློབ་དཔོན་གངས་ཅན་འདིར། །འཇིགས་མེད་འབྱུང་གནས་དལ་གྱིས་བྱོན་མིན་ནམ། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། སྔགས་གཞུང་རྒྱ་མཚོའི་གནས་ལ་སྦྱངས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བརྒྱད་པའོ།།  །།དེ་ནས་དགུང་ལོ་ཉེར་གསུམ་གྱི་སྟེངས་སུ་ཕེབས་པ་ལྕགས་ཕོ་རྟའི་ལོའི་དཔྱིད་མཚམས་ལ་ཡང་ཀམ་དགོན་ཉིད་དུ་བྱོན་ནས། རྗེ་བློ་གྲོས་ཆོས་སྐྱོང་སྤྱན་སྔར་གཏུགས་ཏེ། གུར་སཾ་གཉིས། ཀྱེ་རྡོར་བཀའ་བབས་བཞི། འདུས་པ་འཇམ་རྡོར། སྒྲོལ་མ་བླ་མེད། གཤེད་དམར་བཅུ་གསུམ་མ། དགྲ་གདོང་འཁོར་ཆེན་དུས་འཁོར་ས་བཟང་ལུགས་སོགས་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་འབའ་ཞིག་ལས་བརྒྱུད་པའི་རྣལ་འབྱོར་བླ་མེད་ཀྱི་ཟུར་བཀའ་ཉི་ཤུ་ཙམ་དང༌། ཀུན་རིག་གཞན་ཕན་སྙིང་པོའི་དབང༌། སྔ་ཕྱིར་འཇིགས་བྱེད་རྭ་ལུགས་ཀྱི་དབང༌། མན་ངག རྒྱུད་བཤད་བཟླས་པ་ལན་དྲུག་གསན་གསུང༌། དེའི་དབྱར་ཆོས་ལ་ནཱ་ལེནྡྲར་ཕེབས། རོང་སྟོན་ཆེན་པོ་ལ་སྤྱི་ཆོས་བྱང་ཆུབ་སེམས་འགྲེལ་གྱི་བཤད་པ་དང༌། ཕར་ཚད་དབུ་མ་འདུལ་མངོན་མཐའ་དག་གི་གཏོང་ཆོས་ལ་ལའི་མགོ ལ་ལའི་སྐེད། ལ་ལའི་མཇུག མདོར་ན་གཞུང་ལེན་སོ་སོའི་འཕྲོ་གང་གནང་ཀུན་མ་ལུས་པར་གསན་ཞིང༌། དེའི་དབྱར་ཆོས་གྲོལ་རྗེས་གྲྭ་ཚང་ཆོས་འཁོར་རྩེར། སྤེའུ་ལ་སློབ་དཔོན་བཞུགས་ས་དང༌། ཁྱམ་ལ་གྲྭ་པའི་ཤག་སོ་སོ་ཡོལ་སྐོར་མཛད་ནས་བཞུགས་སྐབས། ཆོས་སྡིངས་ནས་སྤྱང་ལུང་རིན་པོ་ཆེས་གྲྭ་ཚང་ལ་ཟླ་ཕོགས་གཅིག་གནང་ནས་སྤྱང་ལུང་དུ་ཕེབས། དེ་དུས་སྤྱང་ལུང་རིན་པོ་ཆེས་དགུང་ལོ་བདུན་ཅུ་དོན་ལྔ་བཞེས་པའི་སྟེངས་སུ་མཇལ། འདི་པཎ་ཆེན་རིན་པོ་ཆེ་དང་མཇལ་བའི་སྔ་མ་ཡིན། དེ་དུས་རིན་པོ་ཆེ་པ་ཟུར་བཞུགས་གནང༌། སྤྱང་ལུང་ཕོ་བྲང་གི་གདན་སར་ཆོས་རྗེ་གཞོན་ནུ་དཀོན་མཆོག་པ་བཞུགས་པ་ལ་ཡང་བསླབ་ཕྱག་མཛད། ཕྱིས་གསེར་མདོག་ཅན་དུ་ཕེབས། གཞིས་ཀ་རིན་སྤུང་སོགས་ཀྱི་བླ་མར་གྱུར་ནས་ཀྱང་སྤྱང་ལུང་དུ་ཡང་ཡང་ཕེབས་སྐབས་ཀྱང༌། བླ་མ་བཀའ་དྲིན་ཅན་དེའི་གདན་ས་ཡིན་གསུང་ཕྱག་གི་བཀུར་སྟི་མ་ཉམས་པ་གནང་སྐད་དོ། །དེ་དུས་སྤྱང་ལུང་རིན་པོ་ཆེ་ལ་བཀའ་ཆོས་ཀྱི་ཐོག་མ་རང༌། རྒྱལ་བ་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་གཅིག་གསན་ཞིང༌། བཀའ་ལས། རང་རེ་ཚེ་མཐར་ཕྱིན་པ་འདི། སྤྱང་ལུང་རིན་པོ་ཆེ་པ་ལ་བཀའ་འབྲེལ་ཐོག་མ་ཚེ་དཔག་མེད་ཀྱི་དབང་ཐོབ་པའི་རྟེན་འབྲེལ་ཡིན་ཞེས་དང༌། ངེད་ཀྱི་ཚེ་དཔག་མེད་འདི་རྗེ་བཙུན་གོང་མ་ལྔ་པོ་ནས་བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། དེ་ལ་སྤྱང་ལུང་རིན་པོ་ཆེ་པས་གསན། མི་བར་ཁྱི་མ་ཞུགས་པའི་བརྒྱུད་པ་ཡིན་གསུང་པ་དང༌། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བས་དགུང་ལོ་བཅུ་དགུ་བཞེས་པའི་སྟེངས་སུ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཚེ་དབང་ཀྱཻ་རྡོར། མགོན་པོ་ལྕམ་དྲལ་གསན་ཟེར་བ་འདུག་གོ་ཞེས་ཀྱང་ཡང་ཡང་དུ་གསུང་ངོ༌། །དེར་བྱང་སེམས་བདེ་མོ་ཐང་པས་ཞུ་བ་པོ་མཛད་ནས་བློ་སྦྱོང་རིགས་མི་འདྲ་བ་དྲུག་ཅུ་ཙམ་དང༌། ཁྲོ་ཕུ་བའི་ཆོས་སྐོར་རྒྱས་པ། སྙིང་པོ་དོན་གསུམ། རེད་མདའ་བའི་དབུ་མ་ལྟ་ཁྲིད་རྣམས་ཐོབ། བློ་སྦྱོང་རྣམས་སྤྱང་ལུང་རིན་པོ་ཆེས་བྱང་སེམས་རྭ་སྒྲེང་བར་གྲགས་པ། མཚན་དངོས་ཤཱཀྱ་བསོད་ནམས་ཟེར་བ་རྒྱལ་སྲས་ཆོས་རྫོང་པའི་དངོས་སློབ་དེ་ལ་གསན་པར་འདུག བརྒྱུད་ཐག་ཤིན་ཏུ་ཉེ། རྒྱལ་སྲས་བཀའ་འབུམ་ནང་ན་ཡོད་པའི་བཀའ་ཤོག་གནང་བའི་ཤཱཀྱ་བསོད་ནམས་དེ་ཀ་ཡིན་ཞེས། བདག་གི་བླ་མ་རྗེ་བཙུན་ཀུན་དགའ་མཆོག་གྲུབ་པས་བློ་སྦྱོང་མ་ལུས་པ་གསན་དུས་པཎ་ཆེན་རིན་པོ་ཆེས་བཀའ་ལུང་བྱོན་པའི་གསུང་སྒྲོས་མ་ཉམས་པ་ཡིན། དེ་མཚམས་མཁར་རྩེ་བས་ཀྱང་ཟླ་ཕོགས་བཟང་བ་ཞིག་ཕུལ་རིང་ལ། ཕྱིས་གླིང་སྨད་གདན་ས་པར་གྲགས་པའི་ཆོས་རྗེ་ཤེས་རབ་དཔལ་ལྡན་པས་ཞུ་བ་པོ་མཛད་ནས། དུས་ཀྱི་འཁོར་ལོའི་མཆོག་དབང་སྔོན་དུ་འགྲོ་བའི་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་གནང་བའི་སྔོན་འགྲོའི་སྐབས། བསྡུས་རྒྱུད་བཟུང་ཞིང་ས་རིས་ཀྱང་དུས་དེར་སྤྱང་ལུང་རིན་པོ་ཆེ་ཉིད་ཀྱིས་བསྩལ། དེར་དུས་ཞབས་སྙན་བརྒྱུད། ཡེ་ཤེས་སྤྱན་བསྒྲུབ། སྦས་པ་མིག་འབྱེད། ཤ་ཝ་རའི་རྡོ་རྗེའི་གཞུང་ཆུང༌། གྲུབ་ཆེན་ཡུ་མོའི་གསལ་སྒྲོན་རྣམ་བཞི། རྡོ་རྗེ་གཞུང་ཆུང་གི་འགྲེལ་པ་ཐོག་མཐའ་བར་དགེ་རྣམས་ཀུན་སྤང་ཀུན་ཏུ་བཟང་པོས་མཛད་པ་དང༌། བུ་སྟོན་ཆོས་རྗེ་བླ་མ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་བ་རྣམས་ཀྱི་ཁྲིད་ཡིག་སོ་སོ་ངོ་སྤྲོད་རྣམས་དང་བཅས་པ་ཐོབ་ཅིང༌། ངེད་རང་ལ་སྒོས་སུ་ཤ་ཝ་རས་སྨར་སྟོན་ཤཱཀྱ་ལ་དངོས་སུ་གནང་བ། དེས་གྲུབ་ཆེན་བསོད་ནམས་སེང་གེ་པ་ལ། དེས་སྤྱང་ལུང་རིན་པོ་ཆེ་ཉིད་ལ་གནང་བའི་དུས་ཞབས་སྙན་བརྒྱུད་ཀྱི། རབ་ཀྱིས་དང་པོར་རྒྱུད་ལས་རྟོགས། །ཞེས་པའི་དོན། ཟབ་ཁྲིད་ཉེ་བརྒྱུད་ཀྱི་གདམས་པ་ཡང་གཅིག་བརྒྱུད་དུ་སྩལ་ཞེས་དྲིན་ཅན་སྤྱང་ལུང་པ་རིན་པོ་ཆེས་པཎ་ཆེན་ཉིད་ལ་སྦྱོར་དྲུག་གསན་དུས་བཀའ་གནང་བའོ། །དེ་མཚམས་ནཱ་ལེནྡྲར་ཕེབས། རོང་སྟོན་ཆེན་པོའི་དྲུང་དུ་གྲུབ་པའི་རྒྱལ་མོའི་ཚེ་སྒྲུབ་ཞག་བདུན་མའི་ཁྲིད་གསན། འདི་ནི་རོང་སྟོན་ཆེན་པོ་ལ་ཆོས་གསན་པའི་རྗེས་མཐའ་ཡིན་གསུང་ཞིང༌། དེ་སྐབས་དངོས་ཀྱི་བཀའ་ལུང་ལ། ང་ནི་ཁམས་པ་ཕོབ་ཕོབ་འདི་འདྲ་བྱས་སྡོད་མི་ཁོམ། བྱམས་མགོན་དྲུང་དུ་ལྷ་བུ་དཀར་སིང་ངེ་བ་ཅིག་བྱེད་པ་ཡིན་གསུང་ཞེས་ཀྱང་དྲུང་ཡིག་ཆོས་རྒྱན་ལས་བརྒྱུད་པའི་ངག་སྒྲོས་སྨན་ཁབ་མཁན་ཆེན་ལས་ཐོས་སོ། །དེར་དགུན་སྟོད་ཀམ་དགོན་དུ་ཆོས་རྗེ་བློ་གྲོས་ཆོས་སྐྱོང་བ་ལས་སྦྱོང་རྒྱུད། གཞན་ཕན་སྐོར་གསུམ་གྱི་བཤད་པ་གསན་ནས་གྲོལ་མཚམས་ཟླ་བ་བཅུ་གཉིས་པའི་ཡར་ངོའི་གྲལ་ཚེས་བཅུ་བཞིའི་ཐོ་རངས་རོང་སྟོན་ཆེན་པོ་དགའ་ལྡན་ལ་ཐེགས། སྤྱི་འགྲོར་ཞག་འགའ་གསང་ཀྱང་པཎ་ཆེན་རིན་པོ་ཆེ་ལ་བཅོ་ལྔའི་ཉི་ཤར་ལ་བང་ཆེན་བྱུང་ནས། ནཱ་ལེནྡྲར་ཕེབས། དེར་ཆོས་རྗེ་དོན་ཡོད་དཔལ་ཀྱང་དེ་ཀ་ན་བཞུགས་འདུག་ཅིང༌། ངེད་གཙང་ཕྱོགས་ལ་འགྲོ་བའི་རྒྱུ་མཚན་ཕུལ་བས། ཟླ་འཕྲོ་འདི་ཁར་སྡོད་མང་ཇ་འུར་ཆིལ་བ་ཡོང་གསུང་ནས་བསྡད་པ་འདི་ལ་དགོངས་པར་སྣང་གསུང༌། དེར་པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་པ་གནས་ཡུལ་ནས་ལོག་ཆུ་མོ་ལུག་གི་ལོ་ཤར་བ་ཀུན་མཁྱེན་རོང་སྟོན་ཆེན་པོའི་དགུང་ཞག་རྣམས་རྫོགས་རྗེས་རང༌། རྗེ་དོན་ཡོད་དཔལ་བ་དཔོན་སློབ་རགས་བསྡུས་ཅིག་གཙང་ལ་ངོར་ཚོར་བཀའ་ཆོས་གསན་པ་ལ་ཐེགས། དེར་གང་གི་སྒོ་ནས་ཀྱང་ཡིད་སྐྱོ་བ་རང་གི་བཤད་ཉན་གྱི་སྣང་བ་ཡང་ནུབ་པ་འདྲའི་སྐབས་དེར། གླང་ཐང་ནས་སྤྱན་སྔ་ཡོན་ཏན་རྒྱལ་མཚན་པའི་བཀའ་ལུང་ལས། ངེད་ཆོས་སྡིངས་རིན་པོ་ཆེ་པ་ལ་ལམ་འབྲས་ཅིག་ཞུར་འགྲོ་བ་ཡིན། སྐུ་ཆས་སོགས་གང་དགོས་ཕྱག་ཕྱི་བསྒྲུབ་ཅིང༌། ད་རེས་ཅིས་ཀྱང་བྱོན་གསུང་བའི་བསྐུལ་འདེབས་གནང་བས་ཡིད་དྲངས་ནས་ཕྱིན། དེའི་དཔྱིད་ནས་སྟོན་སྟོན་པར་ཆོས་སྡིངས་རང་དུ་བསྡད། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ནས་བརྒྱུད་པའི་ལམ་འབྲས་ཆ་ལག་ཡོངས་རྫོགས་མ་ལུས་པར་ཐོབ། གཞུང་བཤད་མན་ངག་གི་གཏེར་མཛོད་ཀྱི་དཔེ་རྒྱུགས་སྤྱང་ལུང་རིན་པོ་ཆེ་ཉིད་ལ་འཕྲག་གནོན་ཕུལ་རྗེས། གནས་སྒོ་ནས་དགེ་རྒན་སེང་གེ་རྒྱལ་མཚན་སོགས་ཀྱིས་གྲོས་དོན་བྱས། གཙང་ཕྱོགས་ལ་དུས་མཆོད་འབུལ་བསྡུད་ལ་ཕྱིན་པས། ཡར་ལམ་རྗེ་དོན་ཡོད་དཔལ་བ། དཔལ་ནམ་སྒ་གདོང་ན། ཀུན་མཁྱེན་ཆོས་སྐྱབས་དཔལ་བཟང་བའི་དྲུང་ན་ཁོང་རང་གིས་མཛད་པའི་སྡོམ་གསུམ་ཊཱི་ཀ་ཆེ་ཆུང་གི་བཤད་པ་རྫོགས་པའི་ཆོས་རྗེ་གཞོན་ནུ་སེང་གེ་བའི་ཊཱི་ཀ་དེའི་ལུང་གི་དབུ་ཚུགས་ཙམ་ལ་སླེབས། དེར་ངལ་བསོ་དང་རྗེ་དོན་ཡོད་དཔལ་བའི་དྲུང་དུ་བཀའ་གྲོས་ཞུ་ཆེད་སོགས་ལ་བསྡད། ཁོང་དཔོན་སློབ་རྣམས་དང་ལྷན་ཅིག་ངེད་ཤར་ནས་ཡོངས་པ་རྣམས་ཀྱིས་ལུང་འཕྲོ་རྫོགས་པར་ཞུས་ཤིང༌། འཇམ་དབྱངས་རིན་རྒྱལ་བ་ནས་བརྒྱུད་པའི་འཇམ་དཔལ་སྨྲ་སེང་རྗེ་བཙུན་དམ་པ་རྒྱ་གར་བའི་ཁྱད་ཆོས་དེའི་རྗེས་གནང་སྒྲུབ་སྐོར་ཡང་ཞུས། དེར་རྗེའི་བསླབ་སྟོན་ཡང་ཞུ་ཡིག་དང་བཅས་ངོར་དགོན་གསར་དུ་ཕྱིན། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་མཇལ། དེ་དུས་རྡོ་རྗེ་འཆང་དགུང་ལོ་བདུན་ཅུ་པའི་སྟེངས་སུ་ཡིན་ཞིང༌། དུས་ཆོས་ཀྱི་ལམ་འབྲས་ལ་ཞུགས། གཞན་ཟུར་བཀའ་གསང་འདུས་མི་བསྐྱོད་པ། བདག་མེད་ལྷ་མོ་བཅོ་ལྔ། བདེ་མཆོག་ལཱུ་ཧི་པ་རྣམས་ཀྱི་དབང༌། ས་སྐྱ་པའི་མཆོག་སྒྲུབ་པའི་དམར་མོ་སྐོར་གསུམ། ཐུན་མོང་སྒྲུབ་པའི་དམར་པོ་སྐོར་གསུམ། ལམ་ཟབ་བིར་སྲུང་སོགས་ལམ་འབྲས་ཀྱི་ཆ་ལག་ཐོར་ཙམ་ཐོབ་རྗེས་ལོ་གསར་པ། པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པ་ཆུ་ཕོ་སྤྲེའུའི་ལོ། མཁན་པོ་ངོར་ཆེན་ཀུན་དགའ་བཟང་པོ་དང༌། ལས་ཀྱི་སློབ་དཔོན་ཁྭ་ཆར་བྱང་ཆུབ་སེམས་དཔའ་བསོད་ནམས་རྒྱལ་མཚན་པ་དང༌། གསང་སྡེ་སྟོན་པ་ལ་སློབ་དཔོན་མུས་ཆེན་དཀོན་མཆོག་རྒྱལ་མཚན་པ་དང༌། དུས་སྒོ་བ་འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོ་གྲགས་པ་དཔལ་དང༌། གྲོགས་དན་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ་དང༌། ཁ་སྐོང་གི་དགེ་འདུན་སེམས་དཔའ་ཆེན་པོ་ལེགས་པའི་ཤེས་རབ། མངའ་རིས་པ་དཀོན་མཆོག་འོད་ཟེར། བླ་མ་ནམ་མཁའ་དཔལ་བཟང་པ། དོལ་བུ་རྒྱལ་བ་འཕེལ་རྣམས་ཀྱིས་མཛད་ནས། ངོར་དགོན་གསར་བླ་མའི་གདན་ས་དེ་ཉིད་དུ་བསྙེན་པར་རྫོགས་ཤིང༌། དེ་དུས་བསྒྲུབ་བྱ་རོགས་གཉིས་འདུག་པ་དགེ་བསྙེན་དགེ་ཚུལ་ནས་སྐྱོར་གྱིན་སྣང༌། ངེད་ཀྱི་རྗེ་རོང་སྟོན་དྲུང་དུ་སེམས་ཚིམ་པར་ཐོབ་པས་མ་བསྐྱར་བར་བསྡད་པས། ཆོས་རྗེ་ཀུན་དགའ་དབང་ཕྱུག་པས་རྗེའི་དགོངས་པ་བླངས་པའི། འདིའི་ཕྱག་ལེན་ཡང་ཡིན་ཞིང༌། བསྐྱར་བ་འཐད་གསུང་བའི་བཀའ་ལུང་བྱུང་བ་ལ། རང་རེས་རབ་བྱུང་དགེ་ཚུལ་རྗེ་རོང་སྟོན་དྲུང་དུ་ཐོབ། ཐོབ་ས་བཟང་པོ་ཡིན་པའི་ཡུས་ཡོད་པས་མི་སྐྱོར་ཞུས་རྗེས། ཆོས་རྗེ་ཀུན་དགའ་བའི་དྲུང་གིས། དེ་དུས་སྐུ་ན་ཕྲ་བ་ཚུན་ངེས་འབྱུང་གི་བསམ་པ་སོགས་གསལ་མ་ཐེབས་པ་ཡང་སྲིད་པས་ཅིས་ཀྱང་ད་རེས་སྐྱོར་བ་ལེགས་ཞེས་བཀའ་ནན་བྱུང་ཡང༌། ངེས་འབྱུང་གི་བསམ་པ་སོགས་ཚད་མ་རྒྱུད་ལ་སྐྱེས་པའི་ངེས་ཤེས་བརྟན་པོའི་ཡིད་ཆེས་ཡོད་པས་གཏན་མི་སྐྱོར་བྱས་ནས་མགོ་ཁྲེགས་པོ་བྱས། དེར་བསྙེན་རྫོགས་ལས་མ་བསྒྲུབས་ཞེས་དང༌། ཕྱིས་བཀའ་ལས། རང་རེས་ཚིག་སྔ་མ་འདི་རྣམས་རོང་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔར་ཐོབ་པ་ཡིན་པས་གསུང་དཔའ་བོའི་གཙིགས་གཙིགས་མཛད་ཅིང༌། ཡང་བཀའ་ལས་ད་ལྟ་འདི་ན་རོང་སྟོན་ཆེན་པོ་ནས་བརྒྱུད་པའི་དགེ་ཚུལ་དང་རྩད་གཅོད་མི་རང་མི་འདུག་ཀྱང༌། ཁམས་ཚོ་ན་རྗེ་རོང་ཆེན་པའི་ཞལ་སློབ་བགྲེས་པོ་འགའ་རེ་བཞུགས་པ་ཁོང་གིས་གསན་ན་དགེས་ཡོང་བ་ཡིན་ཡང༌། གསུང་ངོ་ཞེས་ཡོངས་སུ་གྲགས་སོ། །སྐབས་འདིར་རྣམ་ཐར་རྡོར་རྒྱལ་མར་དགུང་ལོ་ཉི་ཤུ་རྩ་ལྔའི་སྟེངས་སུ། ཆོས་ལུང་ཚོགས་པའི་མཁན་བརྒྱུད་ལས་བསྙེན་པར་རྫོགས་ཞེས་འབྱུང་བ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། འདིར་ཁ་ཆེ་པཎ་ཆེན་ནས་རྡོ་རྗེ་དཔལ། འོད་ཟེར་དཔལ། བསོད་ནམས་དཔལ། བཀྲ་ཤིས་ཚུལ་ཁྲིམས་ཞེས་ཚོགས་བྱེ་རྫིང་པའི་མཁན་རིམ་སྨོས་ནས། བཀྲས་ཚུལ་བ་ལ་ཤར་པ་ཡེ་ཤེས་རྒྱལ་མཚན་བ། དེས་རྗེ་ངོར་པ། དེའི་དྲུང་དུ་བསྙེན་པར་རྫོགས་པས་སོ། །ཡང་སྔ་མོའི་གསུང་སྒྲོས་འགའ་རེར་ངེད་རང་བསྙེན་པར་རྫོགས་པ་དེ་ལོ་ཉེར་དྲུག་ཡིན་ཀྱང༌། འདིར་ཚིག་གི་སྡེབས་སྦྱོར་ངོར་ཉེར་ལྔ་ཞེས་སྨོས་གསུང་བར་གྲགས་ཀྱང་དོན་ལ་མི་གནས་ཏེ། པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉེར་དྲུག་གི་སྐབས། ཆུ་མོ་བྱའི་ལོ་བསྙེན་རྫོགས་ཞུ་བའི་ཡུལ་མཁན་པོར་གྱུར་པ་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་དང༌། གྲིབ་ཚོད་པ་རྗེ་ཀུན་དབང་པ་གཉིས་གློ་བོ་བྲག་དཀར་ན་བཞུགས། དུས་སྒོ་བ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་གློ་བོ་རྣམ་རྒྱལ་ཆོས་སྡེའི་མཁན་པོ་དང༌། ལས་སློབ་ཁྭ་ཆར་བྱང་ཆུབ་སེམས་དཔའ་མངའ་རིས་གུང་ཐང་གི་ནམ་གླིང་གི་མཁན་པོ་གནང༌། ལས་ཀྱི་ཁ་སྐོངས་སེམས་དཔའ་ཆེན་པོ་ལེགས་པའི་ཤེས་རབ་པ་པུ་རངས་རྒྱལ་བྱེད་ཚལ་གྱི་ཆོས་དཔོན་དུ་བསྐོས། མངའ་རིས་པ་དཀོན་མཆོག་འོད་ཟེར་བ་དང༌། བླ་མ་རྒྱལ་བ་འཕེལ། ནམ་མཁའ་དཔལ་བཟང་བ་གསུམ་ཀ་ཡང་རང་རང་གི་མངའ་རིས་ཀྱི་ཡུལ་སོ་སོར་བྱོན། ངོར་དགོན་པར་གསང་སྟོན་རྗེ་མུས་ཆེན་གཅིག་པོ་ལས་མི་བཞུགས་པ་དང༌། དགུང་ལོ་ཉེར་དྲུག་ལ་དབུས་ཉིད་ལས་གཙང་ཕྱོགས་ལ་གཏན་མ་ཕེབས་པས་མཚོན་པར་བྱོས་ཤིག ཡང་རྣམ་ཐར་རྗེ་དབོན་མར་དེ་རེས་དགུང་ལོ་ཉེར་ལྔའི་དུས་འདིར་བསྙེན་རྫོགས་མ་བཞེས་པས། སླད་ནས་ལོ་གསུམ་སོང་བའི་དུས་སླར་བསྙེན་རྫོགས་ཞུ་བ་ལ་འབྱོན་ཞེས་པ་བྲིས་ཡོད་ཀྱང༌། འདི་ནི་ཕྱི་མ་ས་སྐྱར་གྲྭ་སྐོར་མཛད་པའི་དུས་ཡིན་ཅིང༌། དེ་ལྟ་ན་དགུང་ལོ་ཉེར་བརྒྱད་སྟེངས་སུ་བསྙེན་རྫོགས་བཞེས་པ་སོགས་ཐལ་ཆེས་སོ། །དེར་བསྙེན་པར་རྫོགས་པའི་རྗེས་ཐོགས་ཉིད་དུ་ལམ་འབྲས་ཀྱང་གྲོལ་ཞིང༌། སླར་ཉུང་བསྡུས་ཀྱི་གདུལ་བྱ་འོས་སུ་གྱུར་པ་དག་ལ་རྡོ་རྗེ་རྣལ་འབྱོར་མའི་རྩ་དབུ་མའི་ཁྲིད་གསུང་བ་ཡང་གསན། འདི་སྐབས་རང་རེའི་མཚན་ཉིད་པ་འདི་ཆོས་རྒྱུས་ཆུང་བས་ངེད་ལ་ཟླ་བོ་རྣམ་པས། ད་འབུལ་སྡུད་འཕྱིས། དབུ་མ་རྩ་བའི་གཞུང་ནི་ཤེས། ཁྲིད་ཀྱིས་ཅི་བྱ་ཟེར། གདགས་པ་མ་ཆགས་པའི་སྐྱོར་ཟློས། དྲུང་བཙུན་ཤེས་རབ་དཔལ་འབྱོར་བས་རྩ་དབུ་མའི་ཁྲིད་གསན་དུས་གསན་པའི་སྒྲོས་སོ། །འདི་སྐབས་སློབ་དཔོན་ཁྭ་ཆར་བྱང་ཆུབ་སེམས་དཔའ་ལ་སྦྱོང་དཀྱིལ་བཅུ་གཉིས། གུར་སཾ། ཀྱེ་རྡོར་བཀའ་བབས་ཕྱི་མ། རྡོ་རྗེ་འཇིགས་བྱེད་རྭ་ལུགས་རོ་ལངས་བརྒྱུད་སྐོར་གྱི་དབང་ཁྲིད། རྒྱུད་བཤད། རྭ་པོད་ཡོངས་སུ་རྫོགས་པའི་ལུང༌། ལྷག་པར་ས་དགེ་སོ་སོའི་འཇིགས་བྱེད་ཀྱི་དགག་སྒྲུབ་མཐའ་གཅོད་ཞིབ་མོ་རང་དང༌། སྒྲོལ་མ་བླ་མེད། འཁོར་ཆེན། གསང་འདུས་མི་བསྐྱོད་པའི་དབང་བཀའ་རྙིང་མ། འཇམ་རྡོར་ལོ་ཆེན་རིན་བཟང་ནས་བརྒྱུད་པའི་སྟོད་ལུགས་ཀྱི་དབང་རྣམས་ཞུས། གསང་སྟོན་མུས་ཆེན་དྲུང་དུ་གཤེད་དམར་ལྷ་ལྔའི་དབང༌། སྤྲོས་མེད་ཁྲིད་སྐོར། དྲིལ་བུ་ལུས་དཀྱིལ། དྲིལ་བུ་རིམ་ལྔ། བདེ་མཆོག་དཀར་པོའི་བྱིན་རླབས་ཁྲིད་བཅས། དེ་དག་སོ་སོའི་ཡིག་ལུང༌། འགོས་ཀྱི་གསང་འདུས་སྟོང་ཐུན། རང་རེས་ཆེད་གཉེར་གསོལ་བ་བཏབ་ནས་གཡག་ཊཱིཀ་རིན་ཆེན་བང་མཛོད་ཀྱི་ལུང་ཡང་ཐོབ་གསུང༌། དེར་བཀའ་ཆོས་དེ་རྣམས་གྲོལ་རྗེས། རྗེ་རྡོ་རྗེ་འཆང་གིས། སྲད། སེང་གེ་རྩེ། དཔལ་ལྡན་ས་སྐྱའི་བར་དུ། བླ་མ་སྡེ་དཔོན་སོ་སོ་ལ་འབུལ་སྡུད་ཀྱི་བཀའ་ཤོག་འཐེམས་པ་སྩལ་ཞིང༌། ད་དྲུང་ནས་སློབ་དཔོན་པ་རྣམས་སྔོན་ལ་བྱོན། ངེད་ཀྱང་གློ་བོ་ནས་འབོད་མི་འདུག་པས། རྗེས་ལ་སླེབས་ཡོང་བས་ངེད་གང་འདུག་ཏུ་བྱོན་མཛོད། ཅེས་པའི་བཀའ་ལུང་བཞིན་སྔོན་ལ་ཕྱིན། དེ་རྗེས་ཕྱག་དམ་ལ་རྟེན་འབུལ་སྡུད་ཀྱང་དཔེ་བྲལ་བྱུང་ཞིང༌། ཟླ་གཅིག་ཙམ་སོང་དུས་ཆུ་འདུས་ཚོར། རྗེ་དཔོན་སློབ་རྣམས་ཕེབས་ཟེར་བ་ཐོས་ནས། ཞབས་དྲུང་དུ་བསྙགས། དེར་ཟླ་བ་ཕྱེད་ཙམ་གདན་ཆགས་ཤིང༌། དེ་རིང་ཚོགས་ལ་ཞེན་པ་བཞི་བྲལ་གྱི་ཁྲིད་གསུང་བ། ངེད་ཤར་ཕྱོགས་ནས་ཡོངས་པའི་དཔོན་སློབ་ཀུན་གྱིས་ཞུས་ཤིང༌། དེར་རྗེའི་ཕྱགས་ཕྱིར་བྱོན་འདུག་པས། ཁྭ་ཆར་བྱང་ཆུབ་སེམས་དཔའི་དྲུང་དུ། གཟུངས་ཆེན་གྲྭ་ལྔ་དང༌། གཙུག་ཏོར་གདུགས་དཀར་ཅན། ལྷ་མངས་གཉིས་ཀའི་དབང་དང༌། ལྷ་མོ་འོད་ཟེར་ཅན་ལྷ་ལྔའི་དབང༌། འཇམ་དབྱངས་ཤེས་རབ་རྒྱ་མཚོའི་དྲུང་དུ་སེང་གེ་སྒྲ་རྗེ་བཙུན་བསོད་ནམས་རྩེ་མོའི་ཡིག་ཆའི་སྟེང་ནས་རྗེས་གནང༌། གདོན་དགྲོལ་དཀར་ཤཱཀ དམར་ཆོས་རྒྱལ། གདུང་བརྒྱུད་རིན་རྒྱལ་རྣམས་ཀྱིས་མཛད་པའི་ལུང་ཡང༌། ཆུ་འདུས་པའི་སྡེ་པ་ཞལ་ངོའི་ཟླ་ལ་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་གནང་ནས་ཐོབ། དེར་རྡོ་རྗེ་འཆང་གིས་འབུལ་སྡུད་ལ་ཕན་པའི་དངོས་པོའི་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་དག་དང༌། ཁྭ་ཆར་བྱང་ཆུབ་སེམས་དཔའ། འཇམ་དབྱངས་ཤེས་རབ་རྒྱ་མཚོ་བ་གཉིས་ཀྱིས་ཀྱང་རྗེ་རོང་ཆེན་པའི་དགོངས་རྫོགས་ལ་དམིགས་པའི་དེར་འབུལ་བ་བྱུང་བ་ཀུན་སྩལ། སེམས་དཔའ་ཆེན་པོ་ལེགས་པའི་ཤེས་རབ་དྲུང་ལ། དེ་དུས་གནང་རྒྱུ་ཆེར་མི་སྣང་ཡང༌། མངའ་རིས་ཕྱོགས་ནས་དགེ་བསྐུལ་དང་བཅས་བགྱིད་ཅེས་བརྩེ་བའི་ཐུགས་དུངས་ཡང་དག་སྣང༌། དེ་རྗེས་དཔོན་སློབ་ཡོངས་ཀྱིས་ཐུགས་བརྩེ་བ་ལྷུང་བ་དེའི་མཐུས། སྤྱིར་སྡེ་པ་ཆུ་འདུས་པས་གནང་སྦྱིན་དཔག་མེད་དང༌། ལྷག་པར་ཆུ་འདུས་མཁས་བཙུན་པའི་དྲུང་གིས་སྣམ་བེམ་སྐྱེར་ཁ་སྣམ་བུ་གང་ཞིག་ལ་དེ་བས་ལེགས་པ་རང་རེས་གྱོན་མ་མྱོང་གསུང་བའི་ན་བཟའ་དཔེ་བྲལ། དེས་གཙོས་པའི་འབུལ་བ་གནང་སྦྱིན་ཡང་དག་སྩལ་ཞིང༌། དེ་ལྟའི་ན་བཟའ་དེ་ནི་ཕྱིས་གསེར་མདོག་ཅན་གྱི་ཆོས་འཁོར་ཆེན་མོ་མཛད་དུས་ཀྱང་སྐུ་ལ་གསོལ་ཞིང༌། དེ་རྗེས་གློ་བོ་ཆོས་རྗེ་བློ་གྲོས་རྒྱལ་མཚན་པ་ལ་མངའ་རིས་ལ་ཕེབས་དུས་སྩལ་ནས། དིང་སང་བདག་པའི་མཆོད་ཞིང་དུ་མངའ་རིས་ན་བཞུགས་སོ། །དེར་རྡོ་རྗེ་འཆང་གི་བཀའ་ལུང་ལ། ད་རེས་གསང་ཕུའི་དུས་མཆོད་གཏོང་བ་སོགས་ལ་བྱོན། གློ་བོ་ནས་ཀྱང་དུས་མཆོད་རང་གི་སྟེངས་སུ་མི་འབྱོར་པ་འདུག་ཀྱང༌། དགུན་ཆོས་སྟེངས་སུ་མང་ཇ་འགྱེད་བཅས་ཀྱི་བསྐུལ་འདེབས་བྱེད། ངེད་མངའ་རིས་སུ་ལོ་ངོ་གསུམ་ཙམ་ལས་མི་ཐོགས་པས་སླར་ངོར་ཚོར་སླེབས་པ་གསན་སྐབས་བྱོན། ཆོས་འཕྲོ་སོགས་ཡོང་བ་བགྱིད་སོགས་ཀྱི་བསླབ་སྟོན་དང༌། མར་ཕྱོགས་ཀྱི་སྡེ་པ་སོ་སོར་ཡང་འབུལ་སྡུད་ལ་ཕན་པའི་བཀའ་ཤོག་ལམ་ཡིག་སྩལ་ཞེས། འདི་དག་ཆུ་འདུས་པ་དབང་ཕྱུག་གི་ངག་ལས་དངོས་ཀྱིས་ཐོས་སོ། །གསང་སྔགས་རབ་འབྱམས་སློབ་མཁས་གོང་མའི་མདུན། །ཇི་བཞིན་མཁས་པར་བསླབས་ཁྱོད་ཁེངས་མིན་ལ། །རང་བློ་ཡིག་ངོར་དྲངས་པའི་མཁས་འདོད་ཅན། །སྨྲ་བརྗོད་མཁན་དེ་གླུ་མཁན་གཞོགས་འཕྱའི་ཚུལ། །རོང་སྟོན་བསྟན་པའི་ཉི་མ་ནུབ་ཀྱི་སྤོར། །མཛད་པའི་རྗེས་མཐར་ཡོངས་སུ་ནུབ་ནས་སླར། །ཁྱོད་སྐུ་དགེ་མཚན་བྱེ་བའི་འོད་དཀྲིས་ཅན། །ལེགས་སྨོན་ཤར་གྱི་རི་རྩེར་ལྷང་ངེར་གསལ། །རིག་འཛིན་འཆི་མེད་མཆོག་བརྙེས་གྲུབ་པའི་རྗེ། །དྲང་སྲོང་བགྲེས་པོའི་སྤྱན་སྔར་རྒན་པོའི་ངག །ཕྱིས་འབྱུང་བྱིས་པའི་བླ་བརྗོད་མ་འདྲེས་པའི། །སྔོན་རབས་ཆོས་ཀྱི་རོ་བཅུད་ཚིམ་པར་བཞེས། །ཚུལ་གནས་དྲི་བསུང་འཕྲོ་བའི་མཁན་པོ་མཆོག །ཞི་དུལ་སྦྱངས་པའི་གནས་བརྟན་དམ་པའི་དྲུང༌། །ཇི་སྐད་བཤད་པའི་ལས་གྲྭ་དཔེ་བྲལ་ལས། །གང་ཁྱོད་བསྙེན་པར་རྫོགས་ཞེས་གཏམ་དུ་གླེང༌། །འདུལ་བ་རྒྱ་མཚོའི་ཕ་རོལ་མཐར་ཕྱིན་ཞིང༌། །གནང་བཀག་ཁྲིམས་བརྒྱའི་ངེས་གནས་ནོར་བུའི་མཛོད། །འདུལ་འཛིན་འབུམ་སྡེའི་དེད་དཔོན་ཟླ་བྲལ་ཁྱོད། །གསོལ་བཞིའི་ལས་ཀྱི་སྒྱུ་ཐབས་ལེན་འདི་མཚར། །རང་བཞིན་ཁྲིམས་ཀྱི་ལུས་གཙང་དྲི་མ་མེད། །བག་ཡོད་ཤེས་བཞིན་གོས་མཆོག་འཛིན་པ་ཅན། །མཁན་སློབ་ལས་ཀྱི་ཆོ་གའི་མིག་འཕྲུལ་ལ། །ཅི་ནས་བརྟན་འདི་དམ་ཆོས་སྒྱུ་མའི་གར། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། བསྙེན་པར་རྫོགས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་དགུ་པའོ།།  །།དེར་འབུལ་སྡུད་ཀྱི་དངོས་གནས་རྣམས་ཞུ་ཕྱིར་མར་ལམ་རྗེ་དོན་ཡོད་དཔལ་བ་དཔོན་སློབ་རྣམས། སྤན་ཁྱུང་ཚང་ན་བཞུགས་པའི་དྲུང་དུ་བྱོན་པས་དགེས་དགེས་དཔག་མེད་དང༌། ན་ནིང་སྐྱོར་མོ་ལུང་ཚོར་བསྡད་དུས་སློབ་དཔོན་འགའ་ཁང་པའི་གསུང་གིས། མཁན་ཆེན་ཆོས་སྐྱབས་པས་རྣམ་སྲས་ལུས་དང་གྲིབ་མ་བཞིན་དུ་འབྲང་གསུང༌། གནས་སྒོ་སློབ་དཔོན་པ་ལ་ཐུགས་མཐོང་ཆེ་ཟེར་དུས། འཆམས་སྐུ་གོག་པོ་དཀོན་གཉེར་གྱིས་དྲུང་པའི་ཉམས་ཅིག་ལས་མ་བྱུང༌། ད་འ་རྫི་རྫི་བ་འདུག་གོ །ངེད་ཀྱིས་ཀུན་མཁྱེན་སྒ་གདོང་པ་ལ་ཚེ་དབང་དང༌། བཀྲ་ཤིས་ཚེ་རིང་མའི་དབང་གསོལ་བ་བཏབ་ནས་ཞལ་གྱིས་བཞེས་ཡོད་པས་མིང་དེའི་དོན་ཁྱེད་ལ་ལྡན་དགོས་པ་ཨ་ཕོ་རྒན་པོ་དང་ལྷན་ཅིག་ཞུ་བ་ལགས་སོ་གསུང༌། ངེད་ལ་སྐྱེལ་ཐུང་གི་ཚུལ་དུ་རིན་ཆེན་གླིང་བར་ཕེབས། རྗེའི་དྲུང་དང་མཆོད་ཡོན་ཐུགས་སྣང་དག་པར་འདུག་ཅིང༌། དད་མོས་ལྷག་པར་ཆེ་བ་གནང་བས། ངེད་དཔོན་སློབ་གསར་རྙིང་ཡོས། ནང་པའི་ནང་དེར་གནས་ཚང་བྱས། དེའི་ཡ་ཚད་ཀྱི་ཇོ་མོ་དགོན་ཆུང་ཆུད་དེར། ཀུན་མཁྱེན་སྒ་གདོང་པ་བཞུགས་པ་གནང་བའི་སར་ངེད་དཔོན་སློབ་དང༌། རིན་ཆེན་གླིང་ནང་པ་རྣམ་པས་ཕྱིན། མ་ཕམ་གཡག་པ་ལས་ཆོས་རྗེ་གཞོན་ནུ་སེང་གེ་བས་གསན། དེ་ལ་ཀུན་མཁྱེན་སྒ་གདོང་པ་རང་གིས་གསན་པའི་ཚེ་དཔག་མེད་གྲུབ་པའི་རྒྱལ་མོའི་ཚེ་དབང་དང༌། བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་བྱུང་ཞིང༌། དེའི་སྐབས་ནམ་ཟླ་དཔྱིད་སོས་ཀྱང་གངས་ཐུལ་ཙམ་བབས་པས་ཀུན་མཁྱེན་སྒ་གདོང་པའི་གསུང་གིས། ཁྱེད་དཔོན་སློབ་ལ་ཚེ་རིང་མ་འགོ་བར་སྣང་གསུང་ཞིང༌། དེ་དུས་ཀུན་མཁྱེན་སྒ་གདོང་པ་སྐུ་ཆས་ཇོ་གདན་ཆོས་ལུང་པའི་ལུགས་ཀྱི་ཕྲག་དབྱུང་མ། དེའི་ཕྱི་ལ་སྣམ་སྟོང་དུར་ཁ་དར་ལྗང་གིས་མཐར་ཆག་བྱས་པ་ཞིག་དང༌། དབུ་ཞྭ་པཎ་ཞྭ་དམར་པོ་སྣ་རིངས་ཅིག་གསོལ་འདུག་པས། ངེད་དེར་འདུས་ཀྱི་སློབ་དཔོན་ཡོ་འགའ་རེ་སྐུ་ཆས་ཀྱི་རྣམ་པའི་ཚུལ་འགའ་རེ་གཏོར་མ་ཚེ་རིང་མའི་གངས་གཏོར་ཡིན་ཟེར་བའི་རི་འདྲ་བ་ལ་མར་གྱིས་བྱིལ་བྱིལ་བྱས་པ་འདུག་པ་ལ། འགའ་རེ་རོལ་མོའི་ཆས་རྡུང་བའི་རྣམ་འགྱུར་སོགས་རྒྱུ་མཚན་མ་ངེས་པ་སོ་སོ་ནས་རྒད་ཆ་ཆེ་བ་རེ་བྱུང་བ་ཅིའི་རྟེན་འབྲེལ་ཡིན་ནི་མ་ངེས་གསུང་ཞེས་རྣལ་འབྱོར་དབུ་ལེགས་གྲུབ་ཆེན་པའི་གསུང་སྒྲོས་ལ་སོགས་བརྒྱུད་པའོ། །དེར་གསང་ཕུ་ཚོ་འདི་ལ་རང་མོས་འབྲེལ་ཆེ་ཞེས། བུ་སྟོན་ཐམས་ཅད་མཁྱེན་པའི་ཐུགས་དམ་ཟབ་ཁྱད་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ནས་བརྒྱུད་པའི་འཇམ་དབྱངས་གང་བློ་མའི་བསྟོད་བསྒྲུབ་འོད་ཟེར་དགུ་ཕྲུགས་མ་དེ་ཡང༌། ངེད་ཤར་ནས་འོངས་པའི་དཔོན་སློབ་རྣམས་ལ་སྩལ། དེ་ནས་མར་ལམ་གཞིས་ཀ་རིན་སྤུངས་ནས། ངུར་སྨྲིག་གི་རྗེ་བཙུན་སྒྲོལ་མ་དང་མཇལ། དཔལ་སྡེ་ལ་བྱས་ནས་མར་ལམ་ཉེས་སྐྱོན་གཏན་མེད་པར་གསང་ཕུར་ཕྱིན་ཞིང༌། དབྱར་ཆོས་ཀྱི་དུས་མཆོད་སྟེངས་སུ་ཇ་ཕོགས། སྐམ་འགྱེད་སོགས་སྔོན་མེད་ཀྱི་སྲོལ་རྒྱ་ཆེར་གཏོད་པའི་དུས་མཆོད་བཟང་དཔེ་ལ་འཁྱེར་བ་རང་རེའི་བསམ་པ་སྙིང་ནས་ཚིམ་པ་བྱུང་ཞིང༌། སྤྱིར་གསང་ཕུའི་སློབ་དཔོན་ཚོ་ལ་དུས་མཆོད་མ་ཐོངས་བར་ཕྲིན་ལས་ཆེར་མི་ཡོང་ཞིང༌། དུས་མཆོད་ལེགས་པ་རེ་ཐོངས་རྗེས་འབད་མེད་ལྷུན་གྲུབ་ཡོང་བ་ཞིག་ཡོད་པ་ལྟར། རང་རེ་ལ་ཡང་དུས་མཆོད་དེ་ཐོངས་ཕྱིན། གྲྭ་པ་རྣམས་ལའང་ན་ཚ་ཤི་ཆད་དཀོན་པ་དང༌། ཁ་ཏོན་སློབ་གཉེར་འཕེལ་ངེས་བྱུང་བས། འཕྲང་པོ་ཉི་མ་ཕུག སྐྱོར་མོ་ལུང༌། གུང་ཐང༌། མཁར་རྩེ། ནཱ་ལེནྡྲ། གླང་ཐང༌། ཆོས་སྡིངས། རྒྱ་མ་སོགས་ངེས་མེད་དུ་འཕོ་སྐྱས་ལ་བརྟན་པའི་འཆད་ཉན་སྙིང་ནོན་པ་རང་བྱུང་ཞེས་འཕྲོས་སོ། །དེར་དུས་མཆོད་དེ་ཐོངས་རྗེས་ནཱ་ལེནྡྲར་ཕེབས་པས་དེ་དུས་རྗེ་རོང་ཆེན་གྱི་ནང་རྟེན་ཐུབ་དབང་དང༌། དངུལ་གདུང་གི་རབ་གནས་ལ་བདག་པོ་མཐུ་སྟོབས་དབང་ཕྱུག་ཞྭ་ལུ་བ་བསོད་ནམས་རྒྱལ་བ་སྤྱན་དྲངས་འདུག་པའི་རབ་གནས་གྲོལ་རྗེས་ངེད་ཚོས་སླེབས། དེར་ཁོང་དག་གི་སྐྱོར་ཟློས་ལ་མར་ལམ་རྫོང་དཀར་དུ་ཀུན་མཁྱེན་སངས་རྒྱས་འཕེལ་བས་སྤྱན་དྲངས། དེར་རོང་ཕྱོགས་ན་བྲག་ཁྱུང་མགོ་སྡིག་པ་འདྲ་བ། སྐྱེད་ཚལ་གྱི་ཆོས་གྲྭ་ལ་ས་དགྲ་ཆེ་བ་ཞིག་ཡོད་པ་ལ། གཏོར་མ་གཏད་ནས་འཕངས་པའི་དེ་མ་ཐག་བྲག་རལ་ནས་བྱུང་ཟེར་བ་དང༌། ཞག་ལྔ་དྲུག་ཅིག་གི་གོང་ཙམ་དུ་ནཱ་ལེནྡྲ་རང་དུ་ཐོག་བྱུང་བ་སྡིགས་མཛུབ་ཀྱིས་བསྐོར། ཤིང་སྡོང་གདགས་གཞི་ཅན་ཞིག་ཡོད་པ་ལ་བརྒྱབ་པ་དངོས་གསལ་དུ་ཕེབས་པས་དད་མོས་ཀྱིས་སེམས་དྲངས་ནས་ཀྱེ་རྡོར་རྒྱུ་དབང༌། གུར་ལྷ་བརྒྱད། ཁྱད་པར་ཞལ་བཞི་པའི་བསྙེན་བསྒྲུབ་ལས་གསུམ། སྦགས་ཆོག་བྲམ་ཟེའི་རིག་གཏད་དང་ལྔའི་རྗེས་གནང་བསྒྲུབ་སྐོར་རྣམས་ཞུས་ཤིང༌། དེའི་དགུན་ཀླུ་གོང་ཕྱོགས་སུ་དེའི་རྒྱལ་པོས་གནོད་འཚེ་ཆེར་བྱུང་བ། ནཱ་ལེནྡྲ་ནས་ཆོས་རྗེ་དགས་པོ་བའི་སྐུ་ཆོས་ཀྱིས་བཅིངས་པ་ལ་སྟྭ་གྲི་བསྣུན་པས། ཤིང་སྡོང་ལ་ཁྲག་ཤོར་ཞིང༌། དམ་ལ་དངོས་སུ་ཐོགས། དེའི་སྙན་པས་དབུས་གོང་མའི་ཐུགས་ལ་རྒྱ་འདྲའི་ཚང་བཅས་ལོ་མང་པོ་སོང༌། དབུས་ཕྱོགས་ཀྱི་བླ་མ་ནུས་ཆེ་ཆེ་མོ་མང་པོས་བཏུལ་ཀྱང་གཏན་གླགས་མ་ཕྱེ་བ་ལ། ཆོས་རྗེ་པ་ནཱ་ལེནྡྲ་ནས་སྤྱན་དྲངས་ཞག་བཅུར་བསྟེན། དེ་དང་ཆོས་འབེལ་གཏམ་གནང་སྐད་ཅིང༌། མཐར་ཁོ་ཉིད་རྒྱ་གར་དུ་པཎྜི་ཏ་བུདྡྷ་བྷ་དྲ་བྱ་བར་སྐྱེ་བ་བཟུང་རྒོལ་བ་སོགས་གསལ་པོར་ཞུས། ཞབས་སྤྱི་བོར་ནོད་ནས་ཕྱིར་ཐོན། གོང་མ་ཆེན་མོ་སྐུ་ཁམས་སོར་ཆུད་རྗེས་འབུལ་བ་ཞབས་འདེགས་བསམ་གྱིས་མི་ཁྱབ་པ་དང་བཅས་བྱོན་པའི་ཚུར་ལམ། ངེད་གསང་ཕུའི་དགུན་ཆོས་ལ་འགྲོ་བ་དང་རམ་སྒང་དུ་མཇལ་བས་ཡིད་སྤྲོ་བ་བྱུང་ནས། རྗེ་རང་གི་ཐུགས་དམ་ཕྱག་ན་རྡོ་རྗེ་འབྱུང་པོ་ཀུན་འདུལ་གྱི་རྗེས་གནང་ཞིག་ཞུ་ཞེས་ཞུ་བ་གནང་བས། ཆོས་རྗེ་དགས་པོའི་གསུང་གིས། དེ་ཀ་བྱེད་བྱིན་རླབས་ཀྱི་རྒྱུན་བརྟན་པར་ཡོད་གསུང་དགེས་བཞིན་དུ་སྩལ། དེ་ཕྱིན་ཆད་བསྒོམ་བཟླས་མ་ཆག་པར་བྱས་ཤིང༌། ཧཱུྃ་བཛྲ་ཕཊ་འདིས་ཆོ་ཕྱེ་བ་ཞིག་ཡིན་གསུང་ནས། དྲིན་ཅན་སྤྱང་ལུང་པའི་བཀའ་འབྲེལ་གསན་པའི་ཐོག་མ་རང་ཡིན་པས་དེ་ལྟར་གསུང་ཞེས་བདག་ཅག་ལ་བཀའ་སྩལ་ཏོ། །དེའི་ལོ་དགུན་ཆོས་སྟེངས་སུ་མངའ་རིས་གློ་བོ་ནས། ནང་ཆེན་དཔལ་དྲུང་བཙན་ཞེས་པས་མགོ་བྱས་པའི་གསང་ཕུར་མང་ཇ་བསྐོལ་བ་ལ་གནང་བ་ཀུན་གྱིས་ལམ་བདེ་བ་ཁོ་ནས་ལེགས་པར་བརྟོལ་ཏེ། དེར་མང་ཇ་ཞག་སྦྲེལ་མང་པོ་དང༌། ཛ་ཏི། རས་སྔོ་དམར་སོ་བ་འགའ་བྱི་སོགས་སྟོད་རྫས་ཀྱིས་ཚོགས་ལ་སྤྱི་འགྱེད་བཟང་པོ། མཁན་སློབ་རྣམས་ལ་དགོངས་ཇ་བུ་རམ་སྟེངས་སུ་ཤེལ་ཀ་ར། རྒྱལ་མོ་ཀ་ར། བྱེ་མ་ཀ་ར། རྒུན་འབྲུམ་སོགས་ཤིང་འབྲས་རྣམ་གྲངས་མང་པོ། རྒྱ་གར་ནས་འོངས་པའི་དགེ་སློང་གིས་བསྟེན་རུང་ཁ་ན་མ་ཐོ་བ་མེད་པའི་བསྙེན་བཀུར་བློ་འདས། ཟངས། གསེར། བྱི་རུ། སྤོས་ཤེལ། མུ་ཏིག་སོགས་ཀྱི་འབུལ་བ་གྱ་ནོམ་པ་སྔོན་ཆད་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པའི་ཟབ་རྒྱས་དཔག་མེད་བྱུང༌། དེར་ལོ་རྒྱུས་མཁན་པོ་འདུས་པའི་དབུས་སུ་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་གནང་ནས། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དག་ལས་བརྩམས་ཏེ། སྙན་ངག་གི་ཚིགས་སུ་བཅད་པ་སྤེལ་ལེགས་ངང་པའི་སྒྲ་དང༌། བུང་བའི་དབྱངས་ལྟར་རྗེས་སུ་སྒྲོག་པར་མཛད་པས་དེར་འདུས་པ་ཀུན་དང༌། ཁྱད་པར་མངའ་རིས་པའི་མོས་དགེ་ཅན་དེ་དག་གིས། སྔོན་ཆད་རྣ་བའི་རྒྱན་ཆར་མ་བླངས་པའི་ལེགས་བཤད་ཨུཏྤ་ལའི་ཕྲེང་བ་གསར་པ་དག་གིས་ཡིད་དབང་ལྷག་པར་ཕྲོགས། སྙིང་ནས་དད་པའི་སྤུ་ལང་ལོང་དུ་རྒྱ་ཆེར་གཡོས་པར་གྱུར་ཏེ་རང་རང་གི་རྒྱན་དུ་བཏགས་པའི་སྤོས་ཤེལ་གྱི་ཞགས་པ་ཡིད་དུ་འོང་ཞིང་རིན་གཞལ་དཀའ་བ་དག་ཀྱང་རྡོས་ཕངས་པ་མེད་པར་ཆམ་ཆོམ་དུ་བརྡུངས་ནས་སྤོས་དུད་སྦྱངས་ཏེ་དད་པའི་མིག་ཆུའི་ཡོན་ཆབ་ཀྱིས་བཞིན་རས་ཀྱི་མེ་ཏོག་བརྒྱན་པར་བྱས་ནས་འདུས་པའི་ཚོགས་དེ་དག་ལ་གུས་པར་བསྟབས་སོ། །དེར་ཡོང་པའི་དགེ་བའི་ལས་ཅན་དེ་དག་སླར་རང་ཡུལ་དུ་ལམ་གྱི་འཇིགས་པ་གང་གིས་ཀྱང་མ་རེག་པར་སོན་པར་གྱུར་ཚེ། དངོས་ནས་ཀྱི་ཚུལ་དེ་དག་རྒྱ་ཆེར་སྒྲོག་ཅིང༌། ལྷག་པར་སྙན་ངག་གི་ཚིག་འབྲུ་གསར་པའི་ཡི་གེ་དག གློ་བོ་སྡེ་པ་ཚངས་ཆེན་བཀྲ་ཤིས་མགོན་པོའི་སྤྱན་ལམ་དུ་ཕེབས་པས་དགེས་པ་རབ་དང་མཆོག་གི་རྩེར་བྱོན་ཞེས་གྲགས་ཤིང༌། དེ་དུས་ཀྱི་སྙན་ངག་གི་ཚིག་སྡེབས་ལེགས་སུ་བསྒྲིགས་པའི་ཆ་ཙམ་ཞིག་བརྗོད་ན། འཛམ་བུའི་སྒྲ་ཡིས་མཚོན་པ་ཡི། །ཞིང་འདི་མཛེས་པའི་རྒྱན་དྲུག་དང༌། །སྤྱོད་པའི་བརྟུལ་ཞུགས་གྲུབ་པ་ཡིས། །འཕགས་ཡུལ་བདུད་རྩིའི་ལམ་ཆེན་གཏོད། །ཅེས་རྒྱ་གར་དུ་དམ་པའི་ཆོས་རྒྱས་ཤིང་དར་ཚུལ། རྨོངས་པའི་ཁང་བུར་ཡུན་རིང་དུ། །མི་ཤེས་ནད་ཀྱིས་གཟིར་བ་ཡི། །གངས་ཁྲོད་མུན་པའི་སྨག་རུམ་འདིར། །ལོ་པཎ་ཆོས་ཀྱི་ཉི་མས་བསྐྱངས། །ཞེས་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་ཚུལ། སྨོན་ལམ་གྲུབ་པའི་རྒྱལ་སྲས་ནི། །པདྨོ་ཅན་དང་འཇམ་དབྱངས་དང༌། །ཀུན་གྱི་ཡབ་གྱུར་ཀུན་བཟང་གིས། །འགྲོ་འདིའི་བདེ་སྐྱིད་ཡུན་རིང་བཟུང༌། །ཞེས་ཆོས་རྒྱལ་མེས་དཔོན་རྣམས་གསུམ་གྱི་སྐུ་རིང་ལ་བསྟན་པ་སྔ་དར་གྱི་བྱུང་ཚུལ། མདའ་ལྔ་ལྡན་པའི་སྙིང་སྟོབས་ཀྱིས། །འབྱུང་པོའི་དཔུང་ཚོགས་ཀུན་བསྡུས་ནས། །དུས་མཐར་རྒྱལ་ངན་གླང་ཆེན་གྱིས། །རྨོངས་པའི་དུག་གིས་ཉེར་གཙེས་མོད། །ཅེས་གླང་དར་གྱིས་བསྟན་པ་བསྣུབས་ཚུལ། དེ་ཚེ་དེར་ཡང་དགེ་བློ་ཅན། །སེམས་དཔའ་སྙིང་སྟོབས་ཆེན་པོས་ནི། །མཐུ་སྟོབས་ཡེ་ཤེས་སྣང་བ་ཡིས། །མུན་པའི་ཀློང་ཆེན་སྐད་ཅིག་བསལ། །ཞེས་ལྷ་ལུང་དཔལ་གྱི་རྡོ་རྗེས་གླང་དར་སྒྲལ་ཚུལ། ཐུབ་པའི་བླ་མ་འཇམ་པའི་དབྱངས། །སྙིགས་མ་ལྔ་ལ་བརྩེར་དགོངས་ནས། །ཉི་མའི་གཉེན་གྱི་གདུང་འཛིན་པའི། །ཡེ་ཤེས་འོད་ཅེས་བྱ་བ་འཁྲུངས། །ལྟ་ངན་བོན་གྱི་གཞུང་ལུགས་དང༌། །སྦྱོར་སྒྲོལ་ཆོས་སུ་སྒྲོག་པའི་ངག །སྐལ་དམན་མུ་སྟེགས་གཞོགས་འཕྱ་བའི། །སྤྱོད་པའི་ལམ་ངན་དེངས་པར་མཛད། །ཅེས་བསྟན་པ་ཕྱི་དར་གྱི་དབུ་བརྩམས་ཚུལ། དེ་ནས་མངའ་རིས་ཀུནྡའི་གཉེན། །ལོ་ཆེན་སྒྲིབ་བྲལ་ཟླ་བ་དང༌། །བྱང་ཕྱོགས་པད་ཚལ་བྱེད་པའི་ལྷ། །བློ་ལྡན་སྨྲ་བའི་ཉི་མ་བལྟམས། །ཞེས་ལོ་ཆེན་རིན་བཟང་དང༌། རྔོག་བློ་ལྡན་ཤེས་རབ་བྱོན་ཚུལ། དུས་དེར་འཆད་རྩོད་རྩོམ་པ་དང༌། །ཐུབ་བསྟན་རིན་ཆེན་འཛིན་པའི་ཕུལ། །འཇིགས་རྟེན་མིག་གྱུར་ལོ་ཙཱ་བས། །ཁ་བ་ཅན་ལྗོངས་ཡོངས་སུ་ཁྱབ། །ཅེས་འབྲོག འགོས། མར་པ་ལོ་ཙཱ་སོགས་པ་བསྟན་འཛིན་གྱི་སྐྱེས་བུ་དཔག་མེད་བྱོན་ཚུལ། དུས་འདིར་ངེས་པར་མིའི་དབང་པོ། །ཚངས་པ་བཞིན་དུ་དགེ་བ་དང༌། །དཔལ་དང་འབྱོར་པ་ཕུན་སུམ་ཚོགས། །བཀྲ་ཤིས་དཔལ་གྱི་མགོན་པོ་དེས། །ཞེས་སྦྱིན་བདག་གི་ངེས་གནས་ཀྱི་ཚུལ། ས་སྟེངས་འདི་ན་འགྲན་མེད་ཅིང༌། །སྐྱ་རེངས་བུ་ལྟར་གྲགས་པའི་ཏོག །སྲིད་རྩེའི་བར་དུ་བསྒྲེང་མཁས་པའི། །བསྟན་པའི་རིང་ལུགས་ཉེ་བར་བཟུང༌། །ཞེས་ས་སྐྱ་པའི་བསྟན་པའི་སྦྱིན་གནས་མཆོག་ཏུ་བཞུགས་ཚུལ། དཔལ་ལྡན་ས་སྐྱའི་རིག་འཛིན་དབང༌། །ཀུན་དགའི་ཆོས་ཀྱི་འཁོར་ལོ་བསྒྱུར། །བླ་ན་མེད་པའི་དོན་སྩོལ་བ། །འདོད་དགུའི་དཔག་བསམ་བཟང་པོ་རྙེད། །ཅེས་ཁྱད་པར་དེ་དུས་རྡོ་རྗེ་འཆང་སྤྱན་དྲངས་པའི་སྐབས་མཚོན་ཚུལ་རྣམས་ཚིག་ཉུང་ཞིང་དོན་མང་བ། སྡེབས་ལེགས་པའི་ལེགས་པར་བཤད་པས་ཐུགས་མཆོག་ཏུ་དགེས་ཏེ། ད་ནི་འདི་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་འདི། ས་འདིར་སྤྱན་ཅི་ནས་འདྲོངས་པར་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་རྒྱུན། རྒྱ་ཆེན་པོ་དར་ཞིང་རྒྱས་པའི་བྱ་བ་བསྒྲུབ་པ་ཉིད་ལ་ནན་ཏན་དུ་བགྱིད་དོ། །ཞེས་ཐུགས་ཀྱི་ཡུལ་དུ་དགོངས་ནས་ཡང་ནས་ཡང་དུ་གསུང་བྱོན་པ་ཡིན། ཞེས་དེ་དུས་ཀྱི་ཞབས་འབྲིང་དག་གཅིག་གི་ངག་ནས་གླེང་ངོ༌། །དེར་གསང་ཕུའི་དགུན་ཆོས་གྲོལ་ནས། འཕྲང་ཕུའི་དཔྱིད་ཆོས་མ་ཚུགས་བར་དུ་གྲྭ་ཐང་དུ་ཕེབས་ནས། ཆོས་རྗེ་དགེ་བ་རྒྱལ་མཚན་པའི་དྲུང་དུ་ཚད་མ་རིགས་པའི་གཏེར་རང་འགྲེལ་དང་བཅས་པ་འུ་ཡུག་པའི་རིགས་མཛོད་དང་སྦྱར་བའི་ཟབ་བཤད་ཉིད་ལེགས་པར་གསན་ཞིང༌། དེར་ཆོས་རྗེ་ཤེས་རབ་ཟླ་བ་སོགས་ཀྱིས་ཞུས་པའི་ཟླ་ལ། རྡོ་རྗེ་འཇིགས་བྱེད་ཀྱི་དབང༌། རྣལ་འབྱོར་བཞིའི་ཁྲིད་ཀྱང་གསན་ནོ། །དེ་མཚམས་འཕྲང་ཕུར་དཔྱིད་ཆོས་ལ་ཕེབས། དེ་གྲོལ་རྗེས་འཕྲང་ཕུ་ན་ཐ་སྙད་ཀྱིས་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་ཨ་ནེར་མཚོན་པའི་འཕྲང་ཕུ་བའི་ཡུམ་བགྲེས་མོ་ཞིག་བཞུགས་པ་དེས་བསླབ་བྱ་མཛད་པ་ནི། དྲུང་ནས་ཁྱེད་ལ་སྐུ་ཚེ་རིང་བ་གཅིག་པུས་ཆོག་པར་སྣང་བས། ཚེ་བསྒྲུབ་རང་ལ་འབུངས་མཛོད་ཅིག སྐུ་ཚེ་རིང་ན་དེ་བར་ལ་ང་ལྟའི་འགྲན་ཚོལ་རང་མཉམ་ཡོ་རྫོགས་ནས། འགྲན་ཟླ་ཀུན་བྲལ་གྱི་བསྟན་པའི་བྱ་བ་རླབས་ཅན་རང་འབད་མེད་དུ་མཛད་རྒྱུ་ཡོད་པས། རང་རེ་བོད་འདྲ་བའི་གདམས་ངག་འདི་ཀུན་ལ་ཟུངས་ཤིག་རང་མི་སྣང༌། ན་ནིང་ཤེད་འདི་ན་མར་ལ། པཎྜི་ཏ་ཤཱ་རིའི་པུ་ཏྲོ་བྱ་བ་དགུང་ལོ་བརྒྱ་ཙམ་ལོན་ངེས་ཡིན་ཟེར། འཕྲལ་ནི་དགུང་ལོ་ལྔ་བཅུ་ང་བགྲང་ཙམ་འགྲོ་བའི་ཚོད་ཅིག་འདུག ཁོང་ཀུན་ལ་འཆི་མེད་གྲུབ་པ་བྱ་བའི་གདམས་པ་བཞུགས་ཟེར་ནའང༌། དེ་ཀུན་ནི་ཁམས་ལ་བྱས་རྒྱ་ནག་རྒྱལ་པོས་སྤྱན་དྲངས་སོང་ཟེར། ད་ལྟ་ཡང་བསམ་ཡས་ན་རྒྱ་གར་གྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་ཟེར་བའི་མཁས་པ་ལས་ཀྱང་གྲུབ་པ་གཙོ་ཆེ་བ་ཞིག་བཞུགས་ཡོད་པར་འདུག་ཅིང༌། པཎྜི་ཏ་དེ་རང་རེའི་ཀུན་མཁྱེན་རོང་པོས་ངའི་ལོ་བདུན་གྱི་གོང་དེ་ལ། དྲང་སྲོང་སྲིན་པོ་རིའི་བདེ་མཆོག་ཕོ་བྲང་དུ། མི་གཡོ་བླ་མེད་སོགས་ཀྱི་དབང་གསན་པའི་བླ་མ་ཡང་ཡིན་པས། པཎྜི་ཏ་དེའི་དྲུང་དུ་བྱོན་ལ། ཁོང་ལ་རྒྱ་གར་གྱི་སློབ་དཔོན་ངག་གི་དབང་ཕྱུག་དངོས་ཀྱིས་གནང་བའི་སྒྲོལ་དཀར་གྱི་ཚེ་སྒྲུབ་བཞུགས་ཟེར་བས་དེ་ཞུས་མཛོད། རྒྱ་གར་བ་བྱ་བ་རྟེན་འབྲེལ་བརྟག་དཔྱད་ཆེ་ཞིང༌། གསེར་ལ་གཙིགས་སུ་ཆེ་བས་འདི་དག་ཕུལ་ཟེར་སྔོན་གྱི་བཀྲ་ཤིས་ཁ་ཐགས། སྒོ་ཚད་མ་གསར་པ་དྲི་མ་མེད་པ་གཅིག་དང༌། གསེར་ཞོ་གསུམ་བྱིན། ལམ་གྱི་རྟ་དང་ཆས་སོགས་ཀྱང་བསྐུར་ནས། ཆུ་བྱང་ལ་བྱས་ཕྱིན་པས། པཎ་ཆེན་ནགས་རིན་བསམ་ཡས་ཀྱི་བྱང་ཆུབ་ཆེན་པོའི་དྲུང་ན་བཞུགས་པ་དང་མཇལ། དེར་ལོ་ཙཱ་བ་མངའ་རིས་པ་ཡིན་ཟེར་བའི་མཉྫུ་བ་ཟེར་བ་ཞིག་འདུག་པ་ལ་ཞུ་བ་བསྐུར་བས། མཇལ་ཁ་དེ་འཕྲལ་རང་ལ་བྱུང༌། ཁོང་གིས་བསྐུར་བའི་བཀྲ་ཤིས་ཁ་ཐགས་བཟང་པོ་དེ་ཕྱག་མཇལ་ལ་ཕུལ་བས། འཛུམ་མཛད་ནས་མ་ཧཱ་ཙིན་གྱི་པ་ཊོ་ལ་གསུང་ཕྱག་ཏུ་བཞེས་སོ། །དེ་ལོ་ཙཱ་བ་དེས་རྒྱ་ནག་གི་དར་དཀར་པོ་ཡིན་གསུང་ཟེར་བསྒྱུར་བྱུང༌། དེ་འཕྲལ་ཆོས་འབྲེལ་ཐོག་མ་གྱིས་གསུང༌། རྣམ་འཇོམས་དང་མཚན་བརྗོད་རྒྱ་སྐད་དུ་ལུང་སྩལ། དེའི་སང་ཉི་ཤར་ལ་བྱང་ཆུབ་ཆེན་པོའི་དྲུང་དུ། སྐུ་ཚལ་བའི་སྐུ་ངོ་རྣམས་བསྙེན་གནས་ཞུ་བ་ལ་བྱོན་གསུང༌། ཁོང་དག་ལ་བསྙེན་གནས་ཀྱི་བསླབ་སྟོན་སྩལ་རྗེས། ངེད་ལ་ལོ་ཙཱ་བ་དེ་བརྒྱུད་ནས་ཁྱེད་རྟེན་གང་ཡིན་གསུང༌། དགེ་སློང་ཡིན་ཞུས་པས། འོ་ནང་པར་གཞན་ལ་སྟེར་དགོས། ང་ཡང་སྡེ་པ་ཐམས་ཅད་ཡོད་སྨྲ་ཀ་ཡིན་གསུང༌། བརྒྱུད་པ་གསུངས་པའི་ཀླུ་སྒྲུབ་ཡན་ཡོངས་གྲགས་འདི་ཀར་འདུག དེར་སཾ་སྐྲྀ་ཏའི་སྐད་དུ་ལུང་སྩལ། དེར་ལོ་ཙཱ་བ་མཉྫུ་བ་ལ། རང་གི་འདོད་ཀྱི་སྒྲོལ་དཀར་ཚེ་བསྒྲུབ་དེ་ཞུས་པས། ཁོ་ན་རེ། པཎྜི་ཏ་ངག་གི་དབང་ཕྱུག་དང་དུས་ཀྱང་མི་མཚུངས། དངོས་སུ་གསན་པའི་རྒྱུ་མེད། སྔར་མི་མ་ཚོར་ཞུས་པས་ཆོག་ཟེར་ཞུས་བྱུང་བས། ཞལ་འཛུམ་མཛད་ངེད་རང་ལ་བོད་དུ་འདི་དགོས་ཟེར་བ་ཁོ་གཅིག་པུ་ལས་མ་བྱུང་ནའང༌། བར་དུ་ལོ་ཙཱ་ནི་བྱེད་དུ་མི་བཏུབ། ཁོས་ནི་ངའི་སྐད་མི་གོའམ་གསུང་ཕེབས་པའི་བཀའ་ལུང་བྱུང་བས། དེར་ངེད་ཀྱིས་ཁ་རྩང་གནང་བའི་རྒྱ་སྐད་རྣམས་ལེགས་པར་གོ །སཾ་སྐྲྀ་ཏའི་སྐད་ཅུང་ཟད་ཤེས་ཞུས་པས། པཎ་ཆེན་ནགས་རིན་དགེས་ནས་དྲུང་དུ་བོས། རྒྱ་གར་གྱི་སྐད་དུ་འདྲི་མལ་གནང་བའི་ལན་འདེབས་རིམ་པར་ཕུལ་བས། སད་ཏ་སད་ཏ་གསུང་ཞིང༌། དེར་གསེར་ཞོ་གསུམ་པོ་ཕུལ་ནས་ཚེ་བསྒྲུབ་ཁྱད་པར་ཅན་དེ་ཡང་ཞུས། དགེས་པའི་སྒོ་ནས་སྩལ་ཞིང༌། ཕྱག་དཔེ་ཀ་ལཱ་པའི་སྒྲ་མདོའི་པོ་ཏི་ཞིག་ཀྱང་གནང་བ་ཡང་ད་ལྟའི་བར་ཡང་ལག་ན་ཡོད་དོ། །ཕྱིས་གོས་སྐུ་གཡེད་ཅན་འགྲུབ་པ་དང༌། ཚེ་ལ་བར་ཆད་མེད་པ་པཎྜི་ཏ་དེ་ལ་བཀྲ་ཤིས་ཁ་ཐགས་ཕུལ་བ་དང༌། ཚེ་བསྒྲུབ་ངོ་མཚར་ཅན་ཐོབ་པའི་རྟེན་འབྲེལ་དུ་འདུག་གསུང་ཞེས་ལེགས་པར་རྟོགས་སོ། །འདི་ཐད་ཟུར་ཙམ་རྣམ་ཐར་རྡོར་རྒྱལ་མ་ན་བྲིས་སྣང་ངོ༌། །མཁྱེན་ཡང་བློ་གྲོས་རབ་རྒྱས་སྤྲིན་གྱི་རྔ། །སྙན་པར་བསྒྲགས་པས་རྨ་བྱ་གཞོན་ནུའི་ཡིད། །དགའ་བའི་མདོངས་མཐའ་རྒྱས་པ་ངོམས་བྱེད་ཅིང༌། །ཡི་རངས་གར་གྱི་ཟློས་གར་ཅི་ཡང་བསྒྱུར། །དཔྱོད་ལྡན་ཡོངས་ཀྱི་ཚད་མའི་དཔང་གྱུར་ཏེ། །འཇིགས་མེད་སྨྲ་བའི་དབང་པོར་མཚན་གསོལ་བ། །གང་ལ་རྩད་ཅིང་དྲིས་པའི་དོན་འདི་རྣམས། །ཡིད་ལ་རེ་བའི་འབྲས་སྩོལ་ཨ་ཤྭ་ཐ། །ཚུལ་གནས་མང་ཐོས་ཞི་དུལ་བག་ཡོད་ཚུལ། །མཐོང་བས་རབ་མགུ་གུས་པའི་སྤུ་ལོང་དག །འབད་མེད་གཡོ་བའི་རང་བཞིན་ལས་འོངས་པའི། །ཟང་ཟིང་ཡོན་གྱི་སྦྱིན་གནས་མཆོག་ཏུ་བཀུར། །དཀོན་ནོར་དཔག་ཡས་འདུས་པའི་དགེ་འདུན་ལ། །དྭང་བའི་ཤུགས་ཀྱིས་བསྟབས་ནས་དགེ་ཚོགས་དག །མཐའ་ཡས་འགྲོ་ལ་སྦྱིན་མཛད་ཁྱོད་ཀྱི་ཐུགས། །རབ་ཏུ་དགེས་པས་ཚིམ་སྟེ་དལ་བར་བཞུགས། །ཆོས་སྦྱིན་བསམ་ཡས་ལྷར་བཅས་འགྲོ་བའི་ཡིད། །ཡོངས་དྲངས་ཟང་ཟིང་མི་འཇིགས་བྱམས་པས་བསྐྱངས། །ཕན་དང་བདེ་བའི་དཔལ་ལ་འགོད་པའི་གཉེན། །ལུས་ཅན་ཡོངས་ཀྱི་མ་འདྲིས་མཛའ་བཤེས་མཆོག །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། གསང་ཕུར་དགེ་ཚོགས་རྒྱ་ཆེར་སྤེལ་བའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་པའོ།།  །།དེར་པཎ་ཆེན་རིན་པོ་ཆེ་དགུང་ལོ་རྩ་བདུན་དུ་ཕེབས་པ་ཤིང་ཕོ་ཁྱི་ལོའི་དབྱར་ཆོས་སྟེངས་སུ་ཐུགས་རྩོམ་ཆེ་བ་རྣམས་ཀྱི་ཐོག་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་འགྲེལ་བཞེད་ཚུལ་རྒྱ་མཚོའི་རླབས་ཀྱི་ཕྲེང་བའི་ཐུགས་རྩོམ་ཡང་གནང་ཞིང༌། དེ་གོང་དུ་ཡང་ལུས་དང་ཡན་ལག་རྒྱས་པར་བཤད་པ་ལུང་དོན་རྒྱ་མཚོ། སྦྱོར་ཊཱིཀ་གནད་ཀྱི་སྒྲོན་མེ་སོགས་རོང་ཊཱིཀ་ཉིད་ཀྱི་དགོངས་ལེན་ཇི་ལྟ་བའི་བསྟན་བཅོས་ཕྲན་བུ་བ་དག་གིས་ཀྱང་གདུལ་བྱའི་ཞེ་འདོད་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཛད་ལ། གཞན་ཡང་མཚོན་བྱེད་དཔེའི་དགེ་འདུན་གྱི་ཟུར་འདེབས་ངག་གི་དབང་པོའི་མཛེས་རྒྱན། བསམ་གཟུགས་ཀྱི་ཟུར་འདེབས་ངག་གི་དབང་པོའི་དོ་ཤལ། རྟེན་འབྲེལ་གྱི་ཟུར་འདེབས་སྲིད་ཞིའི་གནས་ཚུལ་འཆར་བྱེད་རྣམས་ཀྱང་རྣམ་བཤད་ཚིག་དོན་རབ་གསལ་ཉིད་དང་རྗེས་འབྲེལ་ཡིན་ནོ། །དགུང་ལོ་ཉེར་བདུན་གྱི་སྐབས་ཀྱི་སྟོན་ཆག་ལ་ཡང་གྲྭ་ཚང་ཆོས་སྡིངས་སུ་ཟླ་བ་ཉིས་སྦྲེལ་ཙམ་གྱི་ཕོགས་འབུལ་མི་བྱུང་ནས་ཕེབས། དེ་དུས་སྤྱང་ལུང་རིན་པོ་ཆེའི་དྲུང་ན་བྱང་སེམས་བདེ་མོ་ཐང་པ་དཔོན་སློབ་འགའ་ལ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་གྲུབ་ཐོབ་ཚེམ་བུ་བ་ནས་བརྒྱུད་པ་དེ་གནང་བའི་དབུ་ཚུགས་ཙམ་ལ་སླེབས་ནས་ངེད་གྲྭ་ཚང་པ་ཀུན་གྱིས་ཞུས། དེ་གྲོལ་རྗེས་རི་བོ་དགེ་ལྡན་པའི་དགེ་བཤེས། ཕྱིས་དཀར་བརྒྱུད་དུ་ཕྱོགས་པ་ཤ་ར་རབ་འབྱམས་པ་སངས་རྒྱས་སེང་གེ་བས་ཞུ་བའི་གཙོ་བྱས་ནས། འབྲི་སྟག འབྲུག་པ་སྟོད་སྨད། ཀརྨ་ཞྭ་དམར་ནག་གཉིས་ཀའི་བརྒྱུད་པ་ཚང་བའི་ནཱ་རོ་ཆོས་དྲུག་དང༌། ཕྱག་རྒྱ་ཆེན་པོ་སྤྱན་སྔ་བསོད་ནམས་རྒྱལ་མཚན་པས་མཛད་པའི་ཁྲིད་ཡིག་མ་རིག་མུན་སེལ་དུ་གྲགས་པ་དེའི་སྟེང་ནས་ལྷན་ཅིག་སྐྱེས་སྦྱོར། ཡང་དགོན་པའི་རི་ཆོས་སྐོར་གསུམ་གྱི་ལུང་སོགས་དང༌། ཡང་དེ་གྲོལ་རྗེས་རང་ཆོས་རྗེ་ཤེར་འབྱུང་བློ་གྲོས་སྦས་པ་ཞུ་བའི་རི་བོ་དགེ་ལྡན་པའི་གྲུབ་ཐོབ་ཆེན་པོ་རང་དུ་གྲགས་པ་དེས་ཞུས་ནས། ནཻ་གུའི་ཁྲིད་ཚར་གཅིག་ཀྱང་ཐོབ་ཅིང༌། སྔ་ཕྱིར་ནཻ་གུ་ལན་བཞི་ཞུས་ཞེས་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་སློབ་མ་མངའ་རིས་སུ་བྱོན་པའི་བསྒྲུབ་པའི་བརྒྱུད་འཛིན་གཅིག་པུ་བ། ཁོག་ལུང་རབ་འབྱམས་པ་ནམ་མཁའ་རབ་གསལ་བའི་ཞལ་ནས་བརྒྱུད་པའི་གསུང་སྒྲོས་སོ། །དེར་སྤྱང་ལུང་རིན་པོ་ཆེའི་དྲུང་དུ་བཀའ་ཆོས་གསན་རྗེས། གླང་ཐང་སྤྱན་སྔ་ཀུན་རྡོར་བ་སྐུ་མཆེད་ཀྱིས་སྤྱན་འདྲེན་རྐང་བཙུགས་བྱུང་ནས། གླང་རི་འོད་ལྡན་དུ་ཕེབས་པས་བཀའ་ལུང་ལ་གཙང་ཕྱོགས་ནས་མགྲོན་པོ་ཡོང་བའི་སྐད་ཆ་ལ། ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་མངའ་རིས་གློ་བོ་འཁོར་ནས་ངོར་ཚོར་ཕེབས་ཡོད་འདུག་པས་སྔོན་ཞལ་བཞེས་བཟང་པོ་ཡོད་པའི་དོན་ལ་རྐང་གཏད་གཙང་ཕྱོགས་ལ་འབྱོན་པར་རིགས་གསུང༌། དེར་རྗེ་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ཞུ་ཡིག རྟེན་གོས་བེམ་ལུ་ཧཾ་རི་མོ་མེ་ཏོག་ཟླུམ་འཇིངས་མ་གཅིག་དང༌། གནང་སྦྱིན་ཆོས་ཞུ་བའི་ཆས་ལ་ཕན་པའི་ཇ་གོས་དར་དཔག་མེད་སྩལ་ནས། དགུན་གྲང་བའི་སྒང་རང་ཡིན་ནའང་བློས་ལོངས་པ་བྱས། ཚལ་པ་རིན་རྒྱལ་བ་དང་ཁྲ་ཕུ་བ་སངས་རྒྱས་བཟང་པོས་གཙོ་མཛད་པའི་གྲྭ་པ་སློབ་གཉེར་བ་མཐར་ཕྱིན་ལུང་རིགས་བརྡ་སྦྱངས་པ་རང་དྲག་བསྡུས་དང་བཅས་གཙང་ཕྱོགས་སུ་ཕེབས་ཤིང༌། དེ་ཡང་ཐོག་མར་རྗེ་དོན་ཡོད་དཔལ་བ་དཔོན་སློབ་རྣམས་པན་ཁྱུང་ཚང་ན་བཞུགས་པའི་དྲུང་དུ་ཐེགས། དེར་ཡབ་སྲས་ཞལ་མཇལ་མ་ཐག་དགེས་དགེས་མཐའ་ཡས་རང་གནང་ཞིང༌། ཞག་འགའ་རེའི་གོང་དུ་ངོར་ཚོར་ཕེབས། རྡོ་རྗེ་འཆང་དང་མཇལ་བའི་གསུང་སྒྲོས་དང༌། ད་རྡོ་རྗེ་འཆང་ཡང་སྤྱན་ཀྱང་རབ་རིབ་ཏུ་སོང༌། སྐུ་ན་ཚོད་མཐར་ཕྱིན་པའི་སྟབས་བཀའ་ཆོས་ཞུ་བའི་སྐབས་རང་ན་འདུག ཉི་མ་གངས་ཐོགས་ཏུ་ཕེབས་ཟེར་བའི་དཔེར་གདའོ་གསུང༌། དེར་པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ལ་རྗེ་རྡོ་རྗེ་འཆང་དགུང་ལོ་བདུན་ཅུ་དོན་བཞིར་ཕེབས་པ་ཡིན་ཀྱང༌། སྤྱང་ལུང་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་གྱ་བཞི་བཞེས་པ་ཡང༌། སྤྱན་གསལ། སྙན་སང༌། ལྗགས་བདེ། སྐུ་ལུས་བསྐྱོད་པ་ཡང༌། བཀའ་ཆོས་ཉིན་རང་སྩོལ་ཡང་དུབ་པ་མི་མངའ་བ་འདུག་པ་སྙམ་པ་བྱུང་ཡང་དེའི་ཕྱི་ལོ་རང་རྗེ་རྡོ་རྗེ་འཆང་ཞིང་ཁམས་བརྗེ་བ་གནང་སོང་ཞིང༌། རང་རེའི་རྗེ་དོན་ཡོད་དཔལ་བའི་བཀའ་ལུང་འདི་ཀུན་མ་འོངས་མངོན་མཁྱེན་རང་དུ་ཡོད། ཅེས་པཎ་ཆེན་དངོས་ལ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་པས་གསན་པའི་གསུང་སྒྲོས་སོ། །དེར་དགུན་ཆོས་ཀྱི་བརྡོད་འཐག་སོགས་ལ་ཞག་འགའ་ཆགས་པས། ངོར་ཚོར་སླེབས་དུས་སྣང་གསུམ་གྱི་དག་པའི་སྣང་བ་དེ་ནོན་ཙམ་བྱུང་ཞིང༌། དེར་སེམས་བསྐྱེད་སྔགས་ལམ་མན་དང༌། སྔར་མ་ཐོབ་པའི་ལམ་འབྲས་ཀྱི་ཆ་ལག་རྣམས་དང༌། སྒྲུབ་ཐབས་བརྒྱ་རྩ་རྣམས་བྱུང༌། དེར་རང་རེའི་གྲོགས་རྣམས་པས་གྲོས་འདེབས་ད་རེས་གཙང་ལ་ཕེབས་པ་ལ་དཔལ་ལྡན་ས་སྐྱར་གྲྭ་སྐོར་གཅིག་གནང་བ་ལེགས་ཟེར་བྱུང་བ་ལ། རང་རེས་དེ་འདྲའི་ཤེས་འདོད་ཀྱང་མེད། གསང་ཕུའི་ལས་འཛིན་འདིའི་སྟབས་དང༌། ད་རེས་ཆོས་ཞུ་བ་ལ་རང་རྐང་གཏད་པའི་གཡེང་བར་འགྱུར་བས་མི་བྱེད་བྱས་ཐག་བཅད་པས། ཁོང་ཚོས་རྗེ་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ཚུལ་ཕུལ་ནས། དེར་བཀའ་ལུང་ལ། སྤྱིར་ས་སྐྱ་པའི་དགེ་བཤེས་སུ་འཇོག་པ་ལ་གདན་ས་ཆེན་པོར་བསྟན་པའི་རྣམ་གཞག་རེ་ངེས་པར་གནང་བ་སྲོལ་དུ་འདུག་ཅིང༌། ཁྱེད་ལྟ་བུའི་མཁྱེན་རབ་ཡོད་པས་གྲྭ་སྐོར་ཅིག་གནང་ན་མ་འོངས་པའི་མིག་ལྟོས་ལ་ཡང་ཕན་པས་ཅིས་ཀྱང་མཛོད། ཅེས་བཀས་བསྐུལ་ཚུལ་རྣམ་ཐར་རྗེ་དབོན་མ་ཏི་མ་ལས་འབྱུང་ཞིང༌། འདི་སྐབས་དེ་གཉིས་ཀ་དང་གཞན་དག་གི་སྙུན་ན་མི་བཞུགས་པའི་ཁྱད་པར་བའི་བརྗོད་པ་དག་ཅིག་རྣམ་ཐར་རྡོར་རྒྱལ་མར་བྲིས་པ་ནི། གོང་གི་བཀའ་དང་རྗེས་འབྲེལ། སྔོན་དེར་གྲྭ་སྐོར་ཅིག་གི་བཞེད་པ་ཡོད་ཀྱང༌། སྔགས་ཕྱོགས་ལ་འདུན་པས་མདོའི་སློབ་གཉེར་ཙམ་མ་འགྲུབ་པས་མ་བྱུང༌། ད་དེའི་ཚབ་ཏུ་དམིགས་ནས་ཁྱོད་ཀྱིས་མཛོད་ཅེས། རྗེ་རྡོ་རྗེ་འཆང་ཉིད་ཀྱི་ན་བཟའ་ངུར་སྨྲིག་ཚོན་ལྡན་གྱི་དབུ་ཞྭ་ནས་ཞབས་ལྷྭམ་ཡན་གྱི་གནང་སྦྱིན་གནང་བས་དེར་པཎ་ཆེན་རིན་པོ་ཆེས། བཀའ་བཞིན་གྲྭ་སྐོར་བསྒྲུབ་པར་ཞུ། བླ་མའི་ན་བཟའ་འ་རེས་གར་ལོངས་སྤྱོད་སྤོབས་ཞེས་བཞུགས་སར་བླ་རེ་གནང་བ་གསན་ནས། ཡང་སྔར་ལྟ་བུའི་ངུར་སྨྲིག་ཚོན་ལྡན་གསར་པ་ཆ་གཅིག་གནང་ནས། སྔར་དེ་ངེད་ཀྱིས་གྱོན་པས་ཁྱེད་མི་བསྣོམས་ན་འདི་བཞེས་མཛོད་ཅེས་བཀའ་ལུང་གནང་ཞེས་འབྱུང་ངོ༌། །དེར་བཀའ་ལུང་ལ། གྲྭ་པ་རྣམས་པན་རང་དུ་སློབ་དཔོན་པའི་རྩར་བཏང་ན་ཁོང་རང་རྣམ་པ་ཡང་དཔེ་ཆ་འདྲ་གཏོང་བའི་ཁྱད་འདྲ་ཡང་ཡོང་བས་དེ་ལུགས་དང༌། འདི་ནས་རང་ཡང་དེ་རིང་སྐུ་མཚམས་ཀྱི་མུ་ནས་ཕྱག་དཔེ་གཟིགས་པ་ལ་ནན་ཏན་མཛོད། ཕྱག་དཔེ་གང་དགོས་དགེ་སློང་པའི་ལག་ནས་བཞེས་པས་ཁྱབ་གསུང་བ་ལ། གྲྭ་པ་རྣམས་བཀའ་བཞིན་པན་ཁྱུང་ཚང་རང་དུ་རྫོང་ཞིང༌། དཔེ་ཆ་ལྟ་མི་དགོས་པ་ཡོད་ལགས་ཤིང༌། ད་རེས་ཆོས་ཞུ་རང་ལ་བསྙགས་པ་ཡིན་པས། བཀའ་ཆོས་གང་རྒྱས་རང་གི་སྐུ་དྲིན་དགོས་ཞུ་བ་གནང་ཡང༌། རྡོ་རྗེ་འཆང་གི་བཀའ་ལུང་ལ་ས་སྐྱའི་གྲྭ་སྐོར་འདི་བླ་མ་གོང་མའི་བྱིན་རླབས་ཀྱི་ཟིལ་དང་བྱས་དཀའ་བ་རང་ཞིག་ཡོད་པས། ཕྱག་དཔེ་གཟིགས་པའི་སྐུ་མཚམས་དམ་པ་རང་མཛོད། གསུང་ཆོས་མ་གསན་པ་འདྲ་ཡོད་ན་བརྡ་འབུལ་གསུང༌། དེར་དཔེ་ནི་ལྟ་དགོས་པ་མེད་པས་དབེན་པོ་བྱུང་བ་ནས་ཡི་དམ་གྱི་ལྷ་ཞིག་གི་གྲངས་བསྙེན་ཞིག་བྱས་ཞེས་རྣམ་ཐར་རྗེ་དབོན་མར་འབྱུང་ངོ༌། །དེར་གྲྭ་སྐོར་ལ་འབྱོན་པའི་དུས་སུ་བར་ནས། རྗེ་རྡོ་རྗེ་འཆང་གི་གདན་སའི་ལས་ཆེན་ཡོན་ཏན་རྒྱ་མཚོ་བས་གཙོ་མཛད་ལ། གསང་ཕུ་ནས་བྱོན་པའི་སློབ་དཔོན་པ་དཔོན་སློབ་འདི་དག་ངེད་ཀྱི་སྐུལ་མ་བྱས། བསྟན་པའི་རྒྱུན་ལ་བསམ་ནས་བརྫངས་པ་ཡིན་པས་ཁོང་པ་ལ་གྲངས་ཆེན་རྣམས་ཀྱི་སྟེང་དུ་ཡང༌། ཁོང་རང་གི་ཐུགས་བཞེད་ལྟར་གྱི་མདོ་སྔགས་རིག་གནས་ཀྱིས་བརྒྱན་པའི་པོད་གྲངས་ལྔ་བཅུ་ལ་གྲྭ་སྐོར་བྱས་མཆོག་པ་སོགས་ཕུལ་དུ་གང་ཆེའི་བཀུར་སྟི་ཡང་དག་རང་དགོས་ཞེས་པའི་བཀའ་ཤོག་ནན་ཏན་རང་གནང་ནས་ཕེབས། དེར་པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉེར་བརྒྱད་ཀྱི་སྟེང་དུ་སོན་པ་ཤིང་མོ་ཕག་ལོའི་ཟླ་བ་ལྔ་པའི་ངོ་དཀར་ཙམ་ཡིན་གསུང་ཞིང༌། སྔར་ངོར་དུ་གྲྭ་པ་ཁམས་པའི་དགེར་རྒན་ཞིག་གིས་མཁན་ཆེན་གཡག་པས་མཛད་པའི་རྟགས་རིགས་ཞིག་གི་ཕྱེད་ཕུལ་བའི་ནུབ་མནལ་ལམ་ན། པུ་ཏྲ་ཡིན་སྙམ་པའི་ཨ་ཙ་ར་དུང་ལོང་ཅན་ཞིག་ན་རེ། འདི་གཡག་པའི་ཕྱག་དཔེ་ཕྱག་རིས་མ་དངོས་ཡིན། འདིའི་ཕྱེད་པོ་ཡང་ཁྱེད་ལ་གཏོང་ངོ་ཟེར་བ་ཞིག་བྱུང་བའི་མནལ་ལམ་དེའི་ཆེད་དུ་སང་གནས་མཇལ་ལ་དགའ་ལྡན་བླ་བྲང་དུ་ཕེབས་དགོངས་པའི་ནུབ། བླ་བྲང་དེའི་དཀོན་གཉེར་གྱི་རྨི་ལམ་དུ། མཁན་ཆེན་གཡག་པ་ཡིན་ཟེར་བའི་དགེ་བཤེས་བོངས་རིང་ཅིག་བྱུང་ནས་ང་རང་གི་དཔེ་ཆ་ལྟ་བ་ལ་ཡོང་གསུང་བའི་སྒང་ལ་གཉིད་སད། དེའི་སང་པཎ་ཆེན་རིན་པོ་ཆེ་དཔོན་སློབ་རྣམ་པས་ཕེབས་པས། དཀོན་གཉེར་དེས་མདང་གི་རྨི་ལམ་ཞུས་ཤིང༌། ཁྱེད་རང་མཁན་ཆེན་གཡག་པ་དངོས་སུ་གདའ་བས་ཕྱག་དཔེ་གང་དགོས་སྣོམས་མཛོད། ཅེས་དད་པའི་མཆི་མ་བྱུང་སྟེ་ཞབས་ལ་ཕྱག་བྱས། དེར་པཎ་ཆེན་རིན་པོ་ཆེས་ཕྲ་ཕུ་བ་ལ། ཕྱག་དཔེ་པོ་ཏི་གཅིག་ལ་ཕྱག་མཛུབ་གཏད་ནས་དེ་ལོང་གསུང་བའི་དབུ་རང་ནས་སྔར་གྱི་རྟགས་རིགས་ཀྱི་ཕྱེད་ཁ་དེ་འདུག་པས། དཔོན་སློབ་དེར་ཚོགས་པ་ཀུན་ཐུགས་ཡ་མཚན་དུ་གྱུར་ཅིང༌། དེར་མཁན་ཆེན་གཡག་པའི་སྐུའི་སྐྱེ་བར་གདན་སའི་ཆེ་བཙུན་ཡོངས་ཀྱིས་དགོངས་ནས། ཞབས་ཏོག་དང་གསོལ་བྱ་ཞུ་བ་རང་གིས་ཉིན་མཚན་འདའ་བར་གྱུར་ཏོ། །འདི་སྐབས་རྣམ་ཐར་རྡོར་རྒྱལ་མར། དེར་གྲྭ་སྐོར་དུས་ཐུག་ཅིང༌། ཕྱག་དཔེ་གཟིགས་སྐབས་གཏན་ནས་མ་བྱུང་བས། ཕྲ་ཕུ་བའི་དྲུང་གིས་ཡང་ཡང་བསྐུལ་རྗེས་ཁོང་ཡིད་མ་ཆེས་པར། ཉིན་གཅིག་ཞོགས་པས་བཞེངས་ནས་ཕྱག་དཔེ་ཞལ་བཞེས་གནང་བའི་གཞུང་མ་ལུས་པའི་གཞུང་སྐྱུར་དབུ་ཞབས་བར་གསུམ་ནས་ཕུལ་བས། གང་ལ་ཡང་བཤད་པ་འཕྲོས་དོན་ཐགས་ཐོགས་མེད་པར་དེ་རིང་བཟུང་བ་འདྲ་བ་རེ་གནང་བས། ཁྱེད་ངེད་ཚོའི་རྩར་དཔེ་ལྟ་བ་སྐད་དེ་རྫུན་ཐབས་རེད། ཡེ་ནས་རང་བྱུང་གི་ཐམས་ཅད་མཁྱེན་པར་འདུག་པས་ཅི་དགའ་དགའ་མཛོད། ཅེས་ཞུ་ཞིང་སེམས་རྣལ་དུ་འཁོད་ཅེས་འབྱུང་ངོ༌། །དེར་བཞི་ཐོག་པ་བདག་ཆེན་ཀུན་དགའ་དབང་ཕྱུག་ལེགས་པའི་འབྱུང་གནས་པའི་དྲུང་དུ། བཀའ་འབྲེལ་འཇམ་དབྱངས་ཨ་ར་པ་ཙ་ན་དཀར་པོ་ལྷ་ལྔའི་དབང་སྤྱོད་པའི་རྒྱུད་ལས་ཇི་ལྟར་བཤད་པའི་ཕྱག་བཞེས་ཀྱིས་བརྒྱན་པ། ལྷ་དེ་ཉིད་དང་རྗེས་འབྲེལ་དཔའ་བོ་ཆིག་གྲུབ་ཀྱི་རྒྱུད། ས་སྐྱ་པ་རང་བཞེད་དུ་བཀྲལ་བའི་རྒྱུད་ཀྱི་བཤད་ལུང་ཡང་འཐེམས་པ་རང་ཞིག་གསན་པས། ཕྱིས་བྱམས་ཆེན་དང་ལམ་འབྲས་བརྒྱུད་པའི་རྟེན་རྫོངས་སྐབས། གནོད་སྦྱིན་འཁོར་ལོའི་ནང་བཞུགས་ལ། དྲུང་ཡིག་ཆོས་རྒྱན་པ་དང༌། ཆོས་རྗེ་བྲག་དམར་བ་ཀུན་དགའ་ཚེ་འཕེལ་དྲུང་ཞལ་མ་འཆམ་པར། བུ་སྟོན། ས་བཟང་མ་ཏི། ཤར་བ་སོགས་ཐ་དད་ཀྱི་ཡིག་ཆ་མང་པོ་དང༌། ཇོ་ནང་མཁན་པོ་བྱང་ཆུབ་སེང་གེ་བས་ཆོས་རྗེ་དཔལ་ལྡན་བླ་མའི་བཀའ་བཀོད་ཀྱི་དཔེ་རིས་སོགས་མང་པོ་བསགས་སྐབས། པཎ་ཆེན་རིན་པོ་ཆེའི་བཀའ་སྩལ་ལ། འདི་དག་ངེད་རང་ལོ་ཉེར་བརྒྱད་དུས། ས་སྐྱར་གྲྭ་སྐོར་གྱི་རྣམ་གཞག་བྱེད་དུས། བདག་ཆེན་གཞི་ཐོག་པའི་དྲུང་དུ་ཕྱག་ཁྲིད་ཞུས་པས་འདི་ལྟར་གསུང་ཞེས་ཐག་ཆོད་གནང་བ་དང༌། རྗེ་རྡོ་རྗེ་འཆང་གི་ཕྱག་ལེན་ཟིན་བྲིས་སུ་བཀོད་པ་དག་ཞུས་དག་བྱས་པ་ལྟར་འདུག་ཅེས་དེ་དུས་རྟེན་རྫོངས་ཀྱི་ཕྱག་གཡོག་བགྱིད་པ་པོ། དོལ་བུ་ནམ་སྟོང་པ་བླ་མ་བཀྲ་ཤིས་ཀྱི་ངག་ལས་དྲུང་པ་བ་ལུང་པས་གསན་པའི་འཕྲོས་སོ། །དེ་དུས་རྒྱུན་གྱི་ཕྱག་སྲོལ་དབྱར་ཉི་ལོག་འཕྲལ་དུས་སྦྱོར་གཟའ་སྐར་དགེ་བ་ལ་གྲྭ་སྐོར་གྱི་མཛད་པ་བསྟན་པའི་མིག་རྐྱེན་ལ་ཕན་པ་སྩལ་ཞིང༌། ས་སྐྱ་རང་དུ་གྲགས་པའི་ཕར་ཚད། འདུལ་མངོན། སྡོམ་རིགས། མངོན་པ་མཛོད། ཚད་མ་མདོ། ཚད་མ་རྣམ་ངེས། རྩ་འཇུག་གཞི་གསུམ། བྱམས་ཆོས་ཕྱི་མ་བཞི། སྤྱོད་འཇུག སོ་སོར་ཐར་པའི་མདོ་རྣམས་ཀྱི་སྟེང་དུ་ཡུམ་རྒྱས་འབྲིང་བསྡུས་གསུམ། ཐེག་བསྡུས། དབྱིག་གཉེན་གྱི་སུམ་ཅུ་པ། ཉི་ཤུ་པ། ཕུང་པོ་ལྔའི་རབ་བྱེད། ས་སྐྱ་པའི་ཐུགས་ཞེན་ལས་ངོར་ནས་ཆེད་ཀྱིས་བཀའ་སྩལ་པའི་ཐུབ་པ་དགོངས་གསལ། མཁས་པ་འཇུག་པའི་སྒོ། སྒྲ་ཉེར་མཁོ་བསྡུས་པ། གསོ་བ་རིག་པའི་བསྟན་བཅོས། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ། མངོན་བརྗོད་ཚིག་གཏེར། སྙན་ངག་མཁས་པའི་ཁ་རྒྱན། ཟློས་གར་རབ་དགའི་འཇུག་པ། ལེགས་བཤད་རིན་པོ་ཆེའི་གཏེར་རྣམས་ས་སྐྱ་པཎྜི་ཏས་མཛད་པ་ལ་ཆེད་དུ་བརྗོད་པའི་ཚུལ་དུ་གཞུང་དབུ་ཞབས་ཚང་མ་བཤད་པ་དང༌། དེའི་རྒྱབ་འགྲེལ་མཚོན་པར། སྒྲ་མདོ་ཀ་ལཱ་པ། སྙན་ངག་མེ་ལོང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས། མངོན་བརྗོད་ཨ་མ་ར་ཀོ་ཥ། ཀླུ་ཀུན་ཏུ་དགའ་བའི་ཟློས་གར། སྨན་དཔྱད་ཡན་ལག་བརྒྱད་པ། ཐོན་མི་སམྦྷོ་ཊའི་སུམ་རྟགས། སྨྲྀ་ཏི་ཛྙཱ་ནའི་སྨྲ་སྒོ། རྗེ་བཙུན་རྩེ་མོའི་བྱིས་འཇུག་རྣམས་དང༌། སྐུའི་ཕྱག་ཚད་དུས་འཁོར་དང་སྡོམ་འབྱུང་ནས་བསྟན་ཚུལ། ནང་རིག་གི་མཚོན་བྱེད་རྒྱུད་ལ་འཇུག་པའི་སྒོ་སྟེ། རྒྱུད་སྡེ་སྤྱི་རྣམ་དང༌། ཆོས་ལ་འཇུག་པའི་སྒོས་མཐའ་བརྟེན་ནས་ཚོགས་སུ་ཆོས་ཁྲི་ཁར་མཐའ་དཔྱད་རྒྱས་ཤིང་སྨིན་པ་སྤྱི་འགྲོར་སྩལ་ཞིང༌། སླར་གཞི་ཐོག་ཉིད་དུ་ས་སྐྱའི་ཆེ་དགུ་འབའ་ཞིག་གི་ནང་ཆེན་གྲལ་དབུས་སུ་ཀྱེ་རྡོར་རྒྱུད་གསུམ། སེམས་འགྲེལ་སྐོར་གསུམ། འཇམ་དཔལ་མཚན་བརྗོད་དང༌། འཇམ་དཔལ་ཞལ་ལུང༌། སྒྲུབ་ཐབས་མདོ་བྱས། མདོ་སྡེ་རྣམ་གཞག་རིམ་པ། སྤྱོད་བསྡུས་སྒྲོན་མེ་སོགས་ཀྱི་སྔགས་གཞུང༌། དེ་དག་གི་བཤད་ཚོམ་དང༌། མཐར་རབ་ཏུ་གནས་པའི་རྒྱུད་ཀྱི་བཤད་པ་རྒྱས་པའི་བར་གནང་ཞིང༌། དེར་དཔལ་ལྡན་ས་སྐྱའི་གནས་དང༌། གོང་མ་ལྔ་ལ་མཚན་སྤེལ་བའི་མཆོད་བརྗོད་གནང་ནས་སྒོ་གོང་དུ་སྦྱར་བས་འདི་ལྟ་བུའི་སྙན་ངག་སུ་ཞིག་གིས་བྲིས་ཞེས་གླེང་བ་ན། དེའི་ཕྱི་ཉིན། དེ་སྐད་སྨྲ་བ་ང་ཡིན་སོགས་ང་བརྒྱད་མ་སྦྱར་བྱང་དུ་བཀོད་དོ། །ཕྱགས་ཕྱི་ཚལ་པ་རིན་རྒྱལ་ཕྲ་ཕུ་བ་སངས་རྒྱས་བཟང་པོ་ལ་སོགས་པ་རྣམས་ཀྱིས་སྤྱི་འགྲོའི་གྲྭ་སྐོར་ཡང་དག་དང༌། ཁྱད་པར་རིགས་པའི་སྒོ་ནས་གྲགས་པས་ས་སྟེངས་མ་ལུས་པ་ཁྱབ་པར་བྱས་སོ། །ཚུལ་འདི་དག་རྣམ་ཐར་གསུམ་གར་དུ་མི་འབྱུང་མདོ་ཀྱང༌། དེའི་དུས་ཀྱི་གཞུང་ལས་པར་གྱུར་པ་ས་སྐྱ་པ་ལས་ཆེན་ཡོན་ཏན་རྒྱ་མཚོ་བ་དངོས་ལས། གཏིང་སྐྱེས་རབ་འབྱམས་པ་སྡེ་བདུན་དབང་ཕྱུག་རྒྱལ་མཚན་པས་གསན་པའི་ངག་རྒྱུན་འཕེལ་བ་ལས་རྙེད་པ་དག་གོ །དེར་འདུས་པའི་མཁས་རྨོངས་ནས་བྱིས་པའི་བར་རང་དབང་མ་མཆིས་པའི་དད་པའི་སྤུ་ལོང་གཡོས་ཤིང༌། རྒྱང་རིང་པོ་ནས་ཀྱང་སྐུའི་རྒྱལ་མཚན་མཐོང་བའི་མདོ་ལ་ཕྱག་འཚལ་བ་དང༌། ངག་ནས་ཆེད་དུ་བརྗོད་པའི་ང་རོས་སྐྱབས་སུ་མཆི། ཞེས་ཐལ་མོ་སྦྱོར་བར་བྱེད་པའི་མོས་དགེའི་ས་བོན་རྒྱ་ཆེར་བསྐྲུན་ནས། སླར་ཨེ་ཝཾ་ཆོས་ལྡན་བླ་མའི་བཞུགས་གནས་ངོར་དགོན་གསར་དུ་ཕེབས་ཤིང༌། དེ་རྗེས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དགེས་པ་མཆོག་ཏུ་འཁྲུངས་ཏེ་བཞུགས་གདན་གྱི་བཀུར་སྟི་སོགས་ཀྱང་བློ་འདས་ཀྱི་དབུ་འདོན་སྩལ་བས། ཕྱིས་ངོར་ཚོར་རྒྱལ་ཚབ་ཀུན་དབང་པའི་དུས་ཕེབས་སྐབས་ཀན་ཙའི་སྟེངས་དུ་ཕེབས་ཤིང༌། རྗེ་བླ་མས་སྩལ་བའི་གདན་ཁུར་ཡིན་ནོ་གསུང༌། སྔར་གྱི་བཞུགས་གདན་མཐོ་ལ་སྤུས་གཙང་བའི་བཀུར་སྟི་མ་ཉམས་པར་མཛད་པའི་ཚུལ། ངོར་ཟུར་འཆང་བ་སློབ་དཔོན་བསོད་ནམས་སངས་རྒྱས་པའི་དབོན་པོའི་ཁ་སྒོ་ནས་ཐོས་སོ། །དེར་རྗེ་རྡོ་རྗེ་འཆང་ཆེན་གྱིས་གྲྭ་སྐོར་གྱི་ལེགས་ཇའི་སྟེངས་སུ། སྔོན་ས་སྐྱ་པཎྜི་ཏ་ལ་ཁ་ཆེ་པཎ་ཆེན་གྱིས་གནང་བ་ཡིན་གསུང་བའི་སྟོན་པའི་རྒྱ་སྐུ་ལི་མ། འགྲོ་མགོན་འཕགས་པ་རིན་པོ་ཆེའི་སྣམ་སྦྱར་དེ་ཉིད་ཀྱི་སྐུ་ལ་རྒྱུན་བཞེས་ལོ་ཉི་ཤུ་རྩ་ལྔ་གནང༌། དེའི་རིང་གི་རབ་གནས་དབང་བསྐུར་བསྙེན་རྫོགས་སོགས་ཀྱི་བྱིན་རླབས་ཅན། ཧོར་གོས་ལུ་ཧཾ་སྐུ་དྲེག་དང་བཅས་པ་ཚུལ་ཁྲིམས་ཀྱི་དྲིས་ཕྱོགས་བཅུར་ཁྱབ་པ་དེ་དང༌། དབུས་གོང་མ་གྲགས་པ་འབྱུང་གནས་པས་ཕུལ་བའི་གསོལ་ལྷུང་རྣམས་སྩལ་ཞིང༌། འདི་དག་བྱམས་པའི་ནང་བཞུགས་ཉིད་ལ་ཡོད་ངེས་དཀར་ཆག་གིས་མཚོན་པར་ནུས་ལ། གཞན་རྗེ་ཉིད་ལྟ་ཞོག་ཕྱག་གཡོག་གི་གྲྭ་སྐོར་གནང་བའི་ཚལ་པ་རིན་རྒྱལ་ཕྲ་ཕུ་སངས་རྒྱས་བཟང་པོ་བ་སོགས་ལའང༌། གོས་ལུ་ཧཾ་སྲབ་མོའི་ཆོས་གོས་སོགས་གནང་སྦྱིན་ཡང་དག་གི་བཀའ་དྲིན་མཛད། ཕྱིས་དེ་དུས་བཞུགས་གྲལ་ལ་བདག་ཆེན་ཆུ་མིག་པའི་དྲུང་དང༌། ཤར་པ་བདག་ཆེན་ཡེ་ཤེས་དབང་ཕྱུག་པར་གྲགས་པའི་སྐུ་ན་གཞོན་ནུ་རྡོ་རྗེ་འཆང་ཆེན་པོས་བཀུར་སྟི་ས་སྐྱ་བདག་ཆེན་པ་ལས་ཀྱང་ཆེ་ཆེ་ཙམ་གནང་བ་ཞིག་གྲལ་གྱི་དབུ་ལ་བཞུགས་འདུག་ཅིང༌། ཕྱིས་རྗེ་རྡོ་རྗེ་འཆང་ཞིང་བརྗེས་ནས་ལོ་སྐོར་གཅིག་སོང་བའི་ཕྱི་ལོ། རང་རེས་རྗེ་དོན་ཡོད་དཔལ་བ་མཇལ་བ་ལ་རྐང་གཏད་ཡོང་དུས། ཆུ་མིག་ཚོར་ཆོས་ཞུ་བ་ལ་ཡུན་རིང་བསྡད་སྐབས། བདག་ཆེན་རིན་པོ་ཆེས་སྔོན་གྱི་དེའི་སྐྱོར་ཟློས་གནང༌། ངེད་ཀྱིས་རྗེ་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་མི་ལོ་སུམ་ཅུ་སོ་གྲངས་གཅིག་འབྲལ་མེད་བསྟེན་ཀྱང༌། ཁྱེད་ལ་དགེས་དགེས་དེ་ལྟ་བུ་དང༌། ཁྱེད་རྣམས་ལ་ཡང་དེ་དུས་གནང་བའི་གནང་སྦྱིན་དཔེ་བྲལ་དེ་འདྲ་སུ་ལ་ཡང་གནང་བ་མི་དྲན་པ་ལགས་ཞེས་ཐུགས་ཧ་ལས་ལས་མཛད་ནས་གསུང་ཞེས། རྡོ་རིང་རིན་པོ་ཆེ་དངོས་ལས་ཐོས་སོ། །དེར་རྗེ་རྡོ་རྗེ་འཆང་གིས་བདེ་མཆོག རྣལ་འབྱོར་མའི་སྐོར་གྱི་དབང་བྱིན་རླབས། ཆོས་སྐྱོང་སོགས་དབང་ཁང་དུ་ཆིག་བརྒྱུད་དུ་གནང་ནས། འདི་དག་ལ་ཐུགས་དམ་གྱི་སྙིང་པོ་མཛོད་ཅིག་ཅེས་དང༌། ས་སྐྱ་པཎྜི་ཏས་བསྒྱུར་བའི་རྡོ་རྗེ་སྙིང་པོ་རྒྱན། གསང་བ་ནོར་བུ་སོགས་རྒྱུད་གསུམ་དང༌། ལྷག་པར་གསང་འདུས་རིམ་ལྔའི་ཁྲིད་དང༌། ཁ་ཆེ་པཎ་ཆེན་དང་ས་པཎ་གཉིས་ཀྱིས་ལོ་པཎ་གནང་བའི། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱི་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་རས་བྲིས་ལ་བརྟེན་པ་ཟུང་འཇུག་གསལ་བར་གྲགས་པ་དེའི་ལུང་ཡང་སྩལ་ནས། གསང་འདུས་འདི་ལ་རང་གཞན་ཤན་འབྱེད་པའི་བཤད་པ་དང༌། ཡི་གེ་ཡང་དག་རྩོམ་ཞེས་ཀྱང་བཀའ་བསྒོ་བ་ཐུགས་ལ་བཞག ཕྱིས་གསེར་མདོག་ཅན་ཐེབས་རྗེས། གསང་འདུས་རྣམ་བཤད་རྣམ་པར་ཐར་པའི་སྒོ་བརྒྱ་པའི་ཐུགས་རྩོམ་དང༌། པར་ཡང་བསྒྲུབས་ནས། ངོར་གྱི་རྗེ་རྡོ་རྗེ་འཆང་གི་གཟིམས་མལ་སྐུ་འདྲའི་དྲུང་དུ་འབུལ་མི་གནང༌། དེ་དུས་ངོར་གདན་སར་ཆོས་རྗེ་འདྲེན་མཆོག་བཞུགས་པའི་དུས་ཡིན་པས། དཔེའི་ཕྱི་འདྲིལ་ཁ་ཐགས་དཀར་པོ་དྲི་མ་མེད་པ་ཞིག་ལ་ཕྱག་རྟགས་འབྱར་བ་དེའི་རྒྱ་ཡང་མ་ཉམས་པར་ཆོས་རྗེ་རིན་པོ་ཆེ་ཉིད་ཀྱི་ཕྱག་གིས་རྗེ་རྡོ་རྗེ་འཆང་ཆེན་པོའི་སྐུ་འདྲའི་ཕྱག་ཆོས་འཆད་གནང་བའི་བར་དུ་ཕུལ་ནས། བདག་ལོ་བཅུ་གསུམ་པ་ལ་ངོར་དུ་ཕྱིན་དུས་ཀྱང་མིག་གིས་རིག་ཅིང༌། ཆོས་རྗེ་ལྷ་མཆོག་པའི་སྐུ་རིང་ལ་ཡང་དེ་ཀར་ཡོད་ཀྱང༌། དིང་སང་ནི་དགག་སྒྲུབ་བྱེད་པའི་དཔེ་ལྟ་ལ་སོང་ཟེར་གར་ཡང་མ་དམིགས་ལགས་སོ། །དེ་རྗེས་རྡོ་རྗེ་འཆང་གི་བཀའ་ལུང་ལ། ཆོས་བདག་པོའི་དཔེར་འདུག་ཅིང༌། རང་རེའི་མིག་གིས་མི་ཆོད་པར་འདུག་པས། བདག་པོ་ཆུ་མིག་པའི་དྲུང་དུ་ས་སྐྱ་བཀའ་འབུམ་གྱི་ལུང་ཞུ་དང༌། ཆོས་སྐྱོང་གི་སྐོར་རྣམས་ཞུས་མཛོད། རང་རེས་དངོས་ཀྱི་བཀྲི་ཐབས་བགྱིད་གསུང་ནས། དེའི་ལོའི་དབྱར་སྨད་ཆུ་མིག་ཏུ་ས་སྐྱ་པ་ཆེན་པོའི་བཀའ་འབུམ་དང༌། ཆོས་སྐྱོང་ལྕམ་དྲལ་གྱི་རྗེས་གནང་སྒྲུབ་སྐོར་རྫོགས་པར་བྱུང་རྗེས་སྟོན་ཆག་ལ་ཡང་ངོར་དུ་ཕྱིན། བསྙེན་རྫོགས་པ་མང་པོའི་ལས་སློབ་གྱིས་གསུང་བ་བཞིན་བསྒྲུབས། བཀའ་ཆོས་སླར་ཡང་རྩ་དབུ་མའི་ཁྲིད་ཅིག་བྱུང་ཞིང༌། གཞན་ཡང་ལམ་ཟབ་ཕྱི་ནང་དང་བྱས་པའི་འདོད་ཆོས་འགའ་རེ་ཐོབ། དེར་ཞབས་ལ་ཕྱག་བགྱིས། རང་རེ་མཚན་ཉིད་པ་སྐམ་པོ་མིག་ཏུ་སྒོག་སྐྱ་བཅུག་ན་མིན་པ་མཆི་མ་མི་འཆོར་རིགས་ཡིན་ཀྱང༌། བླ་མ་དེའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཁྱད་པར་ཅན་ལ་དྭང་བའི་དད་པ་སྙིང་ཁོང་ནས་སྐྱེས་པའི་མཐུས་མིག་ཆུ་འཛགས་པའི་རྒྱུན་མི་ཆོད་བཞིན་དུ་འོངས་ཞེས་པཎ་ཆེན་དངོས་ལས་རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱིས་གསན་པའི་གསུང་སྒྲོས་སོ། །དེར་ཞྭ་ལུའི་རྟེན་མཇལ་ལ་བསྙགས་ནས་ལྕགས་བརྒྱུད་ཡོངས། དེ་དུས་ཞྭ་ལུ་མཁན་པོར་གཙང་སྟོན་ཆོས་གྲུབ་དཔལ་བཟང་བར་གྲགས་པ་དེ་ཚོ་བཞུགས་ཀྱི་འདུག་ཀྱང༌། རང་རེ་བླ་མས་དྲེགས་པའི་མཇལ་མཇལ་ཀྱང་མ་བྱས་ཞྭ་ལུ་རི་ཕུག་ན་སྒྲ་པ་ཆེན་པོ་གནས་བརྟན་ལེགས་རྒྱལ་བ་ཚོ་བཞུགས་འདུག་པས་རང་རེ་ལ་གཞི་ལེན་གཟབ་རྒྱས་སྩལ། སྔར་ས་སྐྱར་བརྩམས་པའི་དཔལ་ལྡན་ས་སྐྱའི་གནས་དང་གང་ཟག་ལ་སྒྲ་ལས་དྲངས་པའི་བསྟོད་པ་ངག་གི་དབང་པོའི་དགའ་སྟོན་དེ་ཕྱག་ཏུ་བྱུང་འདུག་པས་ཐུགས་ལ་བྱང་བར་བཞུགས་འདུག དེ་ལ་འདིའི་ནང་ན་གཽ་སྒྲ་དོན་དགུ་ལ་འཇུག་པའི་བ་ལང་ལ་གླང་ཆེན་དཀར་པོས་བཏེག་པའི་ཁྲི་སྟེང་དུ་ཟེར་བ་འདི་ལ་གླང་པོའི་སྐད་དོད་ཧསྟི་ཡིན་དུས། གཽ་བ་ལང་ལ་འགྲིག དོན་དུ་ཡང་འཇམ་དབྱངས་ཀྱི་རིགས་རྣམས་སེང་ཁྲི་འབའ་ཞིག་རང་བཤད་པས། གླང་པོར་མི་ཡོང་བས་ངེད་ལ་ཐེ་ཚོམ་བག་ཙམ་བྱུང༌། གཞན་འདི་འདྲ་སུས་ཤེས་གསུང༌། དེར་དེ་མ་ཐག་སྔར་དཔྱད་པ་མ་ཞུགས་ནའང༌། རིག་གནས་ལ་སྦྱངས་པའི་མཐར་བྱོན་པའི་བཀའ་ལུང་ཇི་ལྟ་བར་འདུག་པས། བ་མཆོག་དཀར་མོས་བརྒྱན་པའི་མཚོ་དབུས་སུ། །ཞེས་སྦྱར་ན་ཅི་མཆིས་ཞུས་པའི་མོད་ལ། ཁོང་ཤིན་ཏུ་སྐུ་བགྲེས་པའི་དབང་ལས་ཕྱག་འདར་བར་འདུག་པ་དེ་འདར་སི་ལི་ལི་ཐུགས་ཀར་སྦྱོར་བ་མཛད་ནས། འོ་ངོ་མཚར་ཆེ་ངེད་ཀྱིས་ནི་ཁ་རྩང་འདི་རྟོགས་མན་བསམ་མནོ་ཁོར་མོར་བཏང་ཀྱང་མ་དྲན་ལགས་སོ། །ཁྱེད་ཀྱི་མཚན་ལ་པཎྜི་ཏ་བློ་གྲོས་མི་ཟད་པ་ཞུ་བ་ཡིན་ནོ། །ངེད་རྒན་པོའང་ཚེའི་དུས་བྱས་ནས་ཁྱེད་ལྟ་བུའི་ལུས་ཤིག་ཐོབ་པའི་ཡིད་སྨོན་ཅི་ནས་བགྱིད། བ་ལང་གི་དངོས་མིང་གཽ་བ་ཡིན་ཞིང༌། བ་མཆོག་འདོད་འཇོའི་བར་བསྒྲགས་པ་ལ་ཞུ། མཚོ་དབུས་བྱས་པས་ཚིག་འདི་རང་གིས། འདབ་བརྒྱའི་ལྟེ་བར་འོད་སྟོང་གིས་འབར་ལི་ཁྲིའི་ལུས་ཅན་ངྷཱི་ཡིག་ནི། སོགས་ཀྱི་ཚིག་གི་འདྲེན་དང་ལུས་འབྲེལ་བར་སྣང་གསུང་ཞེས། བདག་གིས་བླ་མ་མཁས་པའི་མཁས་པ་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པས་པཎ་ཆེན་དངོས་ལ་གསན་ཚུལ་ཇི་ལྟ་བར་ཐོས་པ་དང༌། ཞྭ་ལུ་ལོ་ཆེན་པས་ཁོང་གི་དབོན་པོ་ལོ་ཙཱ་བ་པདྨ་དཀར་པོ་ལ་གསུངས་པ་བདག་ལ་བཤད་པ་གཉིས་ཞུས་དག་པར་སྣང་ངོ༌། །དེ་ནས་མར་ལམ་ཇ་བཟང་ན་ཀུན་མཁྱེན་དོན་ཡོད་དཔལ་དབེན་པ་བརྟེན་བཞུགས་པ་གནང༌། གྲྭ་པ་དག་ནི་སྟོན་གྱི་བསོད་སྙོམས་ལ་སོང་ནས་མི་འདུག དེར་ངེད་རྣམས་ལ་དགེས་པའི་བཀའ་ལུང་དཔག་མེད་བྱོན་ཞིང༌། ལྷག་པར་རང་རེ་ལ་ད་ཁྱེད་ས་པཎ་ལས་མཁས་སྨྲས་ན་ནི། མི་འདི་རྣམས་ཀྱིས་རྒན་པོ་བློ་མ་ཚད་ཁོང་རང་གི་སློབ་མའི་ཆེ་བརྗོད་བྱས་ཟེར་འོང༌། མིན་ན་ནི་ཁྱེད་ཀྱིས་ད་ལོ་ས་སྐྱར་བཤད་པ་དེ་དག་ས་སྐྱ་པཎ་ཆེན་གྱིས་གསུང་མ་མྱོང་ཨང༌། ཞེས་ཐུགས་མཚར་མཚར་མང་པོའི་གཟེངས་བསྟོད་དང༌། ཁྱེད་ངས་ལོ་བཅུ་གཅིག་འགྲོ་བ་ཞིག་ནས་བསྐྱངས་པ་ཡིན། ད་ཨ་ཕོ་རྒན་པོའི་གདན་ས་འདི་ལ་ཕྱི་ཐག་བསྲིངས་ནས་འབྱོན་ལོས་དགོས་སོགས་གནད་ལ་ཕབ་པའི་བཀའ་སྩལ་ཡང་མང་དུ་གནང༌། རང་རེས་སྔར་མཚན་ཉིད་ཀྱི་བཀའ་ཆོས་ཟབ་རྒྱས་ལས། སྔགས་དང་རྗེས་འབྲེལ་གང་ཡང་ཞུ་མ་མྱོང་བས། ད་རེས་དབང་བཀའ་བྱིན་རླབས་དགོངས་པས་དཔྱད་པ་ཞུས་པས། འོ་ན་འན་བུ་རང་གི་ཕ་སྔགས་པ་རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་ཀུན་གྲུབ་དེ་ངེད་རང་བཙས་ཕྲལ་ལ་ལྷ་མཆོག་འདིར་མཐོང་བ་ལགས་ཤིང༌། ཕ་ཆོས་ཀྱང་ལགས་པས་འདི་བགྱི་གསུང་རྟ་མགྲིན་ལྕགས་རལ་ཅན་བྱང་སེམས་ཟླ་བ་རྒྱལ་མཚན་ནས་བརྒྱུད་པ་འདིའི་རྗེས་གནང་སྒྲུབ་སྐོར་དགེས་པའི་ངང་ནས་སྩལ་ཞིང༌། དེར་ཚལ་པ་རིན་རྒྱལ་བ་ལ་ཕོ་བ་ན་བའི་ནད་རོ་ཞིག་འདུག་པ་ལ་ཕན་བྱེད། སངས་རྒྱས་མཁའ་འགྲོ་མ་དཀར་མོའི་བྱིན་རླབས་དང༌། རྡོ་ཟ་བའི་མན་ངག་ཞུ་ཡིན་འདུག་པ་ཡང་ལྷན་དུ་ཞུས། དེར་ལམ་ལ་ཞུགས་ནས་ཡོང་པས་སྟག་གྲུ་ཁར་གླང་ཐང་ནས་སྤྱན་སྔ་སྐུ་གཞུན་པ་བློ་གྲོས་པའི་དྲུང་མུས་སུ་སྤྱན་སྔ་ཀུན་རྡོར་བ་འབྱོན་པའི་སྙན་ཞུས་དང༌། དེ་ལོ་ངོར་ཚོར་དགུན་ཆོས་ཀྱི་ལམ་འབྲས་གསན་པ་ལ་བྱང་ལམ་ལ་བྱས་སྟག་པ་རུ་བ་བརྒྱུད་ཕེབས་པ་དང་མཇལ། གནས་ཚུལ་རྣམས་ཕུལ་བས་མཉེས་མཉེས་དཔའ་སྦོའི་དགེས་དགེས་མཐའ་མེད་གནང་ཞིང༌། ངེད་རྣམས་ལ་ཡང་རོང་ཆུང་གི་ལམ་གཡང་ས་ཅན་དེ་འདྲ་ལ་འབྱོན་དུ་ག་ལ་རུང་བས། ངེད་སྐྱེལ་མིའི་འབྲོག་ཕ་བ་དེ་རྣམས་ལ་བཅོལ་དམ་བྱེད་པས་བྱང་ལམ་ལ་བྱོན་གསུང་ནས་བཀའ་བཞིན་ཕྱིན། སྒལ་དང་ནམ་ཟླ་བཟང་བ་རང་གི་དུས་ཡིན་པས་སྐྱིད་པར་དགོན་གསར་དུ་སླེབས། དེ་ན་རྡོ་རྗེ་འཆང་གི་དངོས་སློབ་རུ་ཕ་བཀའ་བཞི་པར་གྲགས་པ་དེ་བཞུགས་འདུག་པ་དང་མཇལ་དུས་འཁོར་གྱི་དཀའ་འཕྲང་མ་བདེ་བ་འདྲའི་དྲི་བ་ཕུལ་བས་ཡིད་ཆེས་པའི་ལན་འདེབས་སྩལ། ཕྱིས་དུས་འཁོར་ཞུ་བ་ལ་ཡོད་པའི་སྙན་གསན་བཏབ་ནས་གླང་ཐང་དུ་ཡོང༌། སྤྱན་སྔ་རིན་པོ་ཆེ་ཀུན་དགའ་རྡོ་རྗེའི་དྲུང་དང་མཇལ། ཡར་ཕྱོགས་ཀྱི་སྐད་ཆ་ཕུལ་བས་ཁོང་པ་ཡང་ཐུགས་བསྐུལ་བ་ལྟར་སོང་ནས་དེ་ལོ་ཀ་དེ་འཕྲལ་ངོར་ལ་ཆིབས་ཁ་བསྒྱུར། དགུན་བཞུགས་དང་དུས་མཆོད་ཀྱི་ལམ་འབྲས་གསན་རྗེས་སྐུ་མཆེད་གཉིས་ཀ་མུས་སུ་ཆོས་ཞུ་བ་ལ་ཐེགས་སྐད་དོ། །འཕགས་ཡུལ་པཎ་ཆེན་གསུང་གི་ངེས་གསང་ནི། །ལེགས་སྦྱར་སྐད་ལས་འཆི་མེད་བདུད་རྩི་བླངས། །ཞབས་བསྟེན་དྲེགས་ལྡན་ལོ་ཙཱས་མ་མྱོང་བའི། །ངོ་མཚར་གདམས་པའི་ཁུ་བཅུད་ཁྱོད་ཀྱིས་བཞེས། །རིག་འཛིན་གྲུབ་བརྙེས་སྤྱན་སྔར་གྲུབ་ཐོབ་གསུང༌། །མཐའ་ཡས་གཏིང་མཐའ་བྲལ་བའི་ཟབ་ཆེའི་ཆོས། །ཁྲིད་ཚུལ་དུ་མའི་ཟབ་ཁྲིད་དཔག་མེད་ཀྱིས། །ངེས་གནས་གསལ་བའི་རྟོགས་པས་ཕྱུག་པར་མཛད། །རིགས་མཐོ་མཁྱེན་བརྩེའི་སྤྱན་མངའ་མཆེད་ཀྱིས་གསུང༌། །རྣར་སྙན་རྔ་སྒྲས་ལེགས་པར་བསྐུལ་བྱས་ནས། །རྡོ་རྗེ་འཆང་དབང་མི་ཡི་ཚུལ་འཛིན་པ། །ཀུན་དགའི་མཚན་མཆོག་བཟང་པོའི་ཞབས་པད་བསྟེན། །གསང་ཆེན་གདམས་པའི་ཆོས་རྒྱུན་ཏིང་འཛིན་གང༌། །གང་ཡང་ས་བཅུའི་སྲས་ལ་རྒྱལ་བས་བཞིན། །བཞིན་བཟང་དད་ལྡན་འདུས་པའི་ཆོས་གྲྭར་ཡང༌། །ཡང་དག་ཐུགས་ཀྱི་བཞེད་མཚོ་རྒྱ་ཆེར་གང༌། །མཁས་པར་སྒྲོག་པའི་རྒྱུ་མཚན་ལེགས་བྱས་གཏམ། །ཐ་གྲུ་ཡངས་པའི་ཕ་མཐར་རྗེས་འགྲོ་བ། །སྔོན་མེད་ཡོངས་རྫོགས་བསྟན་པའི་གྲངས་ངེས་ཚིག །གཞུང་ལུགས་རབ་འབྱམས་ཚངས་པའི་དབྱངས་ཀྱིས་བསྙད། །དེའི་ཚེ་ལྷ་བཅས་འཇིག་རྟེན་མ་ལུས་པས། །མཐུན་པར་རྗེས་སུ་བསྔགས་པའི་བསྟོད་ཚིག་དག །ཡི་གེར་འཕོས་ནས་ས་ལ་རབ་བརྟན་གྱི། །གླང་ཆེན་ཁུར་དུ་ལོངས་པའི་ཆོས་ཕུང་སྤེལ། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། གདན་ས་ཆེན་པོར་གཞུང་ལུགས་རབ་འབྱམས་ཀྱི་ངག་རྗེས་སུ་སྒྲོགས་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་གཅིག་པའོ།།  །།དེར་པཎ་ཆེན་རིན་པོ་ཆེ་ཉིད་དགུང་ལོ་ཉེར་དགུར་ཕེབས་པ་མེ་ཕོ་བྱི་བའི་དཔྱིད་སོས་ལ་ཡར་རྒྱབ་ཕྱོགས་སུ་ཕེབས་ནས། གྲྭ་བྱམས་པ་གླིང་དུ་ཆོས་རྗེ་ཡར་དབོན་པ་བསོད་ནམས་རྣམ་རྒྱལ་བའི་དྲུང་དུ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་དང༌། བྱང་སའི་ཚུལ་ཁྲིམས་ལེའུའི་ལུང་གསན་དུས། དེ་ན་ནཱ་ལེནྡྲ་པའི་གཟིམ་ཁང་འོག་པའི་གྲྭ་ཚང་ཡང་ཡོད་པས་ཁོང་ཚོས་འཇིག་རྟེན་མཐུན་འཇུག་ཏུ་གདགས་གཞི་བྱས་ཤིང༌། དེར་རྣམ་སྣང་མངོན་བྱང་གི་དབང་རྡུལ་ཚོན་མ་ཞིག་ཀྱང་གསན། འདིའི་སྐབས་ཆུ་དབང་གི་དུས་བཛྲ་ཨ་བྷི་ཥིཉྩ་ཞེས་གསུང་བའི་དུས། བུམ་ཆུ་མ་ལུས་པ་ལུད་ནས་པཎ་ཆེན་རིན་པོ་ཆེའི་དབུའི་གཙུག་ནས་གཟུང་སྒྱུ་ལུས་ཐམས་ཅད་ཡོངས་སུ་གང་བ་དེར་དབང་གྲལ་ལ་ཡོད་པའི་རྒྱ་སྟོན་ལྕགས་རི་སོགས་ཡོངས་ཀྱི་གཟིགས་ལམ་དུ་ཕེབས་ཤིང༌། པཎ་ཆེན་ཉིད་ཀྱི་བཀའ་ལས་ཀྱང༌། རང་རེ་དེ་དུས་མཚན་ཉིད་པའི་བརྐམ་ཆགས་མ་སངས་པས་བུམ་ཆུས་ཆོས་གོས་སྲབ་ཆེན་ངུར་སྨྲིག་ཅིག་ཡོད་པ་དེ་བངས་པའི་བློ་གཡའ་བྱུང་ཡང༌། ཆུའི་རང་མཚན་ཆུ་རྡུལ་ཙམ་ཡང་མི་སྣང་བས་མཚར་བ་བྱུང་ཞེས་གསུང་ངོ༌། །དེར་གསང་ཕུའི་གཡར་ཆོས་གྲོལ་རྗེས་ཆོས་དབར་ཚལ་གྱི་ཆོས་འཁོར་གླིང་ན་བཞུགས་དུས། གཙང་ནས་རྗེ་དོན་ཡོད་དཔལ་གྱི་ཕྱག་དམ་ཕེབས་པའི་ནང་ན་ཟླ་བ་བཞི་པའི་ཉེར་ལྔ་ལ་རྡོ་རྗེ་འཆང་དག་པའི་ཞིང་དུ་ཕེབས་ཚུལ་གནང་བ་གཟིགས་མ་ཐག་དད་པའི་སྤྱན་ཡངས་པོའི་ནམ་མཁའ་མོས་གུས་ཀྱི་ཆུ་འཛིན་སྟུག་པོ་འཁྲིགས་ནས། བྱིན་རླབས་བདུད་རྩིའི་དྲག་ཆར་འབེབས་བཞིན་དུ་ཐོས་མཆོད་ལ། ཐ་ན་ཞལ་བུ་ཚུན་ཡང་སྦྱིན་གཏོང་གནང་ཞིང༌། རྒྱལ་བ་གཉིས་པ་ཆོས་ཀྱི་རྗེ། །རྗེ་ཉིད་ངོ་མཚར་འོག་མིན་དུ། །དུ་མའི་མགོན་དུ་གཤེགས་གྱུར་ཚེ། །ཚེ་འདི་དོན་མེད་བྱས་སྙམ་མོད། །སོགས་ཀྱི་གདུང་དབྱངས་གནང་བའི་ཞུ་ཡིག་ངོར་དགོན་པར་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་པའི་སྤྱན་སྔར་འབུལ་བ་ཡང་མཛད་དོ། །དེ་མཚམས་སྤྱང་ལུང་རིན་པོ་ཆེའི་དྲུང་དུ་ཕེབས་པས་ཡར་ལུང་ནས་ལྷུན་སྡེ་རབ་འབྱམས་པ་དཔོན་སློབ་རྣམས་སྤྱང་ལུང་དུ་ཁྲིད་ཞུ་བ་ལ་ཕེབས་པ་དང་དུས་འཛོམ་ཞིང༌། ཁོང་དཔོན་སློབ་རྣམ་པས་ཚོགས་འཁོར་རྒྱ་ཆེར་བཤམས། གསོལ་བ་བཏབ་ནས་ནཻ་གུའི་ཁྲིད་ཕྱག་ཆེན་གའུ་མ་སོགས་ཤངས་པའི་གསེར་ཆོས་བཞིའི་ཁྲིད་མ་ལུས་པ་དབང་དང་རྗེས་འབྲེལ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དཀར་དམར་མཐིང་ཁ་སོགས་ཤངས་ཆོས་ཡོངས་སུ་རྫོགས་པར་ཐོབ། དེ་དུས་ད་ལྟའི་གྲུབ་ཐོབ་དབུས་སྨྱོན་པ་འདི་ལྷུན་སྡེ་པའི་མཛོ་རྫི་ལ་འདུག་ཅིང༌། དེ་ལོ་སྤྱང་ལུང་རིན་པོ་ཆེ་དགུང་ལོ་གྱ་ལྔ་པའི་སྟེངས་ཡིན་པས། དེ་བར་གྱི་རྣམ་ཐར་དེ་ཡང་ཆེན་པོ་དཔལ་རྒྱ་མ་པས་བསྐུལ་ནས་དུས་དེ་ཀར་སྦྱར་བ་ཡིན་སོགས་དྲིན་ཅན་སྤྱང་ལུང་རིན་པོ་ཆེ་ལས་ཐོས་སོ། །དེ་མཚམས་པཎ་ཆེན་རིན་པོ་ཆེ་དགུང་ལོ་སུམ་ཅུར་ཕེབས་པ་མེ་མོ་གླང་གི་ལོའི་དབྱར་ཆོས་གྲོལ་རྗེས་གླང་ཐང་ཚོར་ཕེབས་དུས། སྤྱན་སྔ་སྐུ་མཆེད་དྲུང་གིས་བཀའ་སྩལ་ལ་སྔར་གླང་རི་ཐང་འདི་བཀའ་གདམས་པའི་གྲྭ་ས་གྲགས་ཐོབ་ཡིན་འདུག་ཅིང༌། ཕྱིས་སྔགས་ལ་འགྱུར་ཕྱིན་ས་སྐྱ་པའི་ལུགས་གཙོ་ཆེ་བར་དར་འདུག་པ་ལ། སྤྱན་སྔ་གོང་མ་རྣམ་པ་ཐེག་ཆེན་ཆོས་རྗེ་པའི་ཕྱག་ལེན་ཉིད་སྐྱོང་བ་གནང༌། དེའི་རྒྱུན་ལྟར་ན་དིང་སང་ཐེག་ཆེན་ཆོས་རྒྱལ་བའི་དངོས་སློབ་ལ་ཆོས་སྡིངས་རིན་པོ་ཆེ་ལས་ལྷག་པའི་མཁས་གྲུབ་མི་རྙེད་ཅིང༌། རང་རེ་དང་རྟ་ཆགས་རྐྱང་འགུག་གི་ས་ན་བཞུགས་པ་འདི་ཡིན་ཀྱང༌། སྔོན་རྗེ་རོང་སྟོན་ཆེན་པོའི་བཀའ་ལུང་ལ། ངེད་ཀྱི་ས་སྐྱར་ཐེག་ཆེན་པའི་དྲུང་དུ་ལམ་འབྲས་ཞུ་བ་ལ་ཕྱིན་དུས། ས་སྐྱའི་ཤཱཀ་བཟང་བླ་བྲང་ནས་བཟད་པ་ཀུན་དགའ་བཟང་པོ་བ་བཞུགས་འདུག་པའི་རྩར་ཇ་མགྲོན་ལ་ཕྱིན། སྔགས་ཆོས་ཀྱི་གླེང་སློང་བྱུང་བས་བླ་མའི་དྲུང་དུ་ཉན་ཆོས་ཞུས་པ་ལས་ལྷག་པའི་བློ་བསྐྱེད་ཤ་སྟག་བྱུང༌། དིང་སང་སྔགས་ཀྱི་ཚུལ་ལ་རྡོ་རྗེ་འཆང་མངོན་སུམ་དུ་བཞུགས་སྣང་བས་འདིར་སྔགས་སློབ་ཟེར་མི་ཀུན་ཀྱང་ངོར་ཚོར་བརྫངས་ཤིང༌། ལྷ་འབྲི་སྟོན་པ་ཤེས་རབ་འོད་ཟེར་བ་ནི་སྔགས་ལ་ཡང་བཀའ་རབ་འབྱམས་སུ་སྨྲ་བ་ཞིག་བྱུང་སྣང་ངོ༌། །ཁྱེར་རང་རྣམ་པའང་སྔགས་སློབ་ན་དེར་སྙོགས་ཞེས་པའི་བཀའ་ལུང་ལ་ཚད་མ་བྱས་སྔ་རྟིང་དུ་ངོར་ཚོར་ཕྱིན་ས་སྐྱ་པའི་ཡབ་ཆོས་རྒྱུད་གསུམ་མན་ངག་དང་བཅས་པའི་དབང་བཀའ་མཐིལ་ཕྱིན་ཐོབ་ནའང་དབང་རབ་འབྱམས་དང་རྒྱུད་འབུམ་གྱི་ལུང་སོགས་ཀྱི་བཞེད་ཆེ་བར་ཡོད་པས། ཆོས་རྗེ་རྡོ་རྗེ་འཆང་ལ་རྒྱུ་མཚན་ཕུལ་དུས། སློབ་དཔོན་ཤེས་རབ་རྒྱ་མཚོ་བ་རང་དྲག་གསུང་ཟུར་སློབ་ལ་བརྟེན་སྐབས། མངའ་རིས་གློ་བོའི་རྣམ་རྒྱལ་ཆོས་སྡེའི་ཆོས་དཔོན་ལ་སྤྱན་དྲངས། དེ་རྗེས་མུས་ཚོར་བརྟགས་ཀྱང༌། རྗེ་མུས་པ་ཐུགས་ནང་རང་ལ་གཞོལ་བས་འཆད་ཉན་སོགས་འཁོབས་ཆུང་ཞིང༌། མུས་ཕྱོགས་ལུང་ལག་དོག་པས་འཕྲལ་ཆས་སོགས་ཀྱི་མཐུན་རྐྱེན་འགྲིགས་པ་ལའང་དཀའ་ཚེགས་ལྷག་པར་ཆེ་བ་སྣང་བས། ཁོང་དེ་ཡབ་སྲས་གཉིས་ཀའི་ཞལ་སློབ་དུ་འདུག་པ་དང༌། ཁ་རྩང་ནས་གྲུབ་མཐའི་དགག་སྒྲུབ་སོགས་ཀྱི་རྩ་བ་ལ་བརྟེན། གོང་དཀར་བའི་ཆོས་མཛད་པ་སོགས་ཀྱིས་ཀྱང་སྡང་སྨྲས་ཆེར་བྱེད་ཅིང་ཡོད་སྣང་བའི་དབུ་འདོན་དུ་ཡང་སྣང་བས། སློབ་དཔོན་གུང་རུ་བ་ཤེར་བཟང་པ་ཤེལ་གྲོང་ནས་བོས། སྔར་མ་ཐོབ་པའི་དབང་རྣམས་ཞུས་ན་བསམ་པ་ཅི་ལེགས་ཀྱི་བཀའ་གྲོས་གནང་དུས། པཎ་ཆེན་རིན་པོ་ཆེས། གུང་རུ་བར་ད་རེས་ཙམ་གྱི་བླ་མའི་འོས་ཅི་ཡིན། གོང་དཀར་ཚོར་ཡང་གྲུབ་མཐའ་ལ་བརྟེན་མཐུན་རྒྱུ་མི་འདུག འཕྲལ་ཁམས་པའི་གྱོང་བཙོངས་པས་ཡོན་མཆོད་སྣ་ཆང་ལ་སོང་བར་སྣང་ཞིང༌། ཕུགས་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོའི་ཕྲིན་ལས་ལ་ཡང་གནོད་ངེས་སུ་སྣང་ལགས། ད་འདི་ལྟར་གསན་པ་རྒྱ་ཆེ་རང་ཞིག་གི་དགོངས་བཞེད་ཡོད་ན། རྗེ་རྡོ་རྗེ་འཆང་ཆེན་པོའི་ངོར་དགོན་པ་འདེགས་དུས་ཀྱི་གྲྭ་རྙིང༌། རུ་པ་ཀ་བཞི་པ་ཞུ་བའི་སྐུ་བཙན་ཞིང་མདོ་སྔགས་ཀྱི་གསན་སྦྱོང་མཐར་ཕྱིན་རང་ཞིག་ད་ལྟ་རུ་དགོན་སར་རང་ན་བཞུགས་སྣང་བས་རང་རེས་ཀྱང་མར་ལམ་མཇལ། སྔགས་སྤྱི་དང༌། ཁྱད་པར་དུས་ཀྱི་འཁོར་ལོ་ལ་དུས་དིང་སང་འགྲན་ཟླ་ཀུན་བྲལ་དུ་འདུག་པས་དེ་ཀུན་ཀྱང་སྤྱན་དྲངས་ན་འོས་ཞུས་པས། དེར་སྤྱན་སྔ་སྐུ་མཆེད་དྲུང་གི་གསུང་གིས་དེ་འདྲ་སྔར་མ་ངེས། འོ་ན་དེ་རིང་ཉི་མ་མེ་བཞིའི་ཁྲི་ལ་བཞུགས་པའི་འགྲུབ་སྦྱོར་བཟང་པོ་ཡང་ཡོད་པས་ད་ལྟ་རང་ཞུ་ཡིག་བྲིས་ནས་རྫོངས་གསུང༌། དེའི་ཉིན་རང་དགེ་རྒན་སེང་གེ་རྒྱལ་མཚན་གྱིས་གཙོས་པའི་ཆིབས་སྒ་ལ་སོགས་ཡང་དག་དང་བཅས་རྫོང་བ་གནང༌། དེར་ངེད་རང་གིས་རག་མ་ལ་ཁར་ཆིབས་བསུ་ལ་ཕྱིན་པས་མཇལ་དུས། ངེད་ན་ནིང་ཁྱེད་དང་མཇལ་བ་དེ་ཕྱིན་ནི་ཁྱེད་རང་སེམས་པ་ཞིག་བྱུང་གསུང་ཞིང༌། དེར་སྤྱན་སྔ་སྐུ་མཆེད་དྲུང་གིས་གཙོ་མཛད་ངེད་དང་བཅས་པའི་དབང་ཆ་གཅིག་ལ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་མངོན་དཀྱིལ་སྟེང་ནས་དུས་འཁོར་གྱི་དབང་ངོར་དགོན་སར་བཏབ་ལོ་རང་རྗེ་རྡོ་རྗེ་འཆང་གིས་གནང་བའི་ཕྱག་ལེན་ཇི་ལྟར་དབང་གི་སྒོ་འབྱེད་ཐོག་མར་སྩལ། །འདི་སྐབས་རྗེ་རྡོ་རྗེ་འཆང་གི་གསུང་སྒྲོས། སྔོན་འཇམ་དབྱངས་གྲགས་པས་བྱང་ཤམྦྷ་ལར་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ཆོས་རྒྱལ་ཟླ་བ་བཟང་པོས་བཞེངས་པའི་བློས་བསླངས་དྲུང་དུ་དབང་བསྐུར་སྒྲུབ་བྱེད་དུ་བཞག དིང་སང་དུས་འཁོར་བ་ཀུན། དབང་གི་བརྟེན་བྱའི་དཀྱིལ་འཁོར་བློས་བསླངས་དང༌། དབང་མི་གྲངས་མེད་བྱེད་པ་ཞིག་འདུག་ཀྱང༌། ས་སྐྱ་པཎྜི་ཏས། འཕགས་པ་རྣམས་ཀྱི་གང་ཟག་རབ། །སྤྲུལ་པ་ཡི་ནི་དཀྱིལ་འཁོར་དུ། །དབང་བསྐུར་མཛད་ཅེས་གསུངས་པ་ནི། །སྔོན་གྱི་ཆོ་ག་འཕགས་པའི་ཡིན། །ཞེས་གསུངས་པ་ལྟར་སྔོན་ཆོག་ཡན་ངེས་པས། འདིར་རྒྱུད་འགྲེལ་ཉིད་ལས། དབང་བསྐུར་བ་བདུན་པོ་འདི་དག་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཅུག་ནས་སྦྱིན། ཞེས་གསུངས་པས་གྲུབ་བོ་སོགས་ཀྱི་གསུང་སྒྲོས་ཕྱག་བཞེས་གཅིག་པུས་སྤྱན་སྔ་རིན་པོ་ཆེ་སྐུ་མཆེད་ཐུགས་ཚིམ་ནས། རང་རེ་ལ་ཡང་གྲོས་སྟོན་དེ་ལེགས་ཤེས་དགེས་པ་ཡང་དག་ཐུགས་ལ་བཏགས། དེར་ཚོགས་པ་སྤྱི་ལ་བུ་ལུགས་ཀྱི་དུས་འཁོར་རྒྱས་པའི་དབང་བསྐུར་གནང་ཞིང༌། སླར་དྲག་བསྡུས་ལ་རྡོ་རྗེ་སློབ་དཔོན་བདག་པོའི་དབང་བསྐུར་ཡང་སྩལ་རྗེས། བསྡུས་རྒྱུད་ཤོང་འགྱུར་བུ་སྟོན་དང༌། ཇོ་ནང་ཕྱོགས་ལས་པའི་མཆན་བུ་གཉིས་སྦྱར་སྟེངས་ནས་བཤད་པ་མཐིལ་ཕྱིན་གནང་བའི་སྐྱོར་མགོ་རང་རེས་བྱས་ཤིང༌། རི་རབ་ཀྱི་འཆགས་བཀོད། གཽ་ལ་འཁོར་ཚུལ་སོགས་དཔེ་རིས་ཀྱིས་གཏན་ལ་ཕབ། རྗེ་དུས་ཞབས་པ་རང་གི་ཕྱག་དཔེ་དངོས་ངེད་ལ་གནང་བ་འདི་ཡིན། ཞེས་ཕྱིས་གསེར་མདོག་ཅན་ཚོར་དུས་འཁོར་གསུང་དུས་ཀྱང་སྟོན་པ་གནང་ཞེས་གྲགས་སོ། །དེར་སེམས་འགྲེལ་ཕྱི་མ་དབང་མདོར་བསྟན་སོགས་ཕྲན་བུ་དུ་མ་དང༌། ཤངས་པ་ཀུན་མཁྱེན་ལས་གསན་པའི་དུས་འཁོར་ལས་བཤད་པའི་འཁོར་ལོ་སྒྱུར་བ་དྲུག སྡོམ་པ་ཆེ་ཆུང༌། འཇམ་དཔལ་སྒྱུ་དྲྭ་རིགས་གསུམ་རྣམས་ཀྱི་དབང་བཀའ་ཡང་བཤད་བཀའ་དང་མུ་སྦྲེལ་དུ་སྩལ་ཞིང༌། ཡང་མཁའ་འགྲོ་རྒྱ་མཚོ་ས་བཟང་འཕགས་པའི་ཡིག་ཆའི་སྟེང་དང༌། སངས་རྒྱས་མཉམ་སྦྱོར་བག་སྟོན་པའི་ཡི་གེ་དང༌། གསང་འདུས་གཉིས་མེད་རྣམ་རྒྱལ་ལོ་ཙཱ་བ་མཆོག་ལྡན་པའི་ཡི་གེའི་སྟེངས་ནས་དཀྱིལ་འཁོར་རྡུལ་ཚོན་མ་མཛད། དབང་ཆ་རེ་རེ་གནང༌། དེར་རང་རེས་སྔར་རང་ལོ་ཉེར་བཞི་པའི་སྟེངས་དུ་ཆོས་སྡིངས་རིན་པོ་ཆེའི་སྤྱན་སྔར་བསྡུས་རྒྱུད་གཟུང་སྐབས་ས་རིས་ཀྱང་རྗེའི་ཞལ་ནས་དང༌། ས་རིས་ཁྲིད་ཕྱོགས་མཛུབ་ཁྲིད་གཟིམས་དཔོན་གཞོན་ནུ་སེང་གེ་ཕྱིས་ཞོ་ལུང་མཚོ་ཁའི་གདན་ས་བྱས་པ་དེ་ཀུན་གྱིས་བྱས་ཁོང་དུ་ཆུད་པས། དུས་དེར་རྗེ་དུས་ཞབས་པས་གསུངས་ཙམ་ལ་བློ་ཡུལ་དུ་ཚུད་ནའང༌། གཞན་དེ་དུས་གསན་མི་རྣམས་སྔར་དུས་འཁོར་ལ་སྦྱངས་པ་ཆེར་མ་གནང་བས། དཀའ་ཚེགས་ཆེ་བ་རང་འདུག་པས། དགུན་དེ་ཡང་དུས་འཁོར་རང་གི་ས་རིས་སོགས་སྐྱོར་བ་མཛད་ནས་གཞི་སློབ་གནང༌། རང་རེས་ནི་གསང་ཕུའི་དགུན་ཆོས་ཀྱི་འཕྲལ་དེ་ལ་ཡོང་ཤིང་དགུན་ཆོས་གྲོལ་འཕྲལ་གྲྭ་ཚང་པའི་འཕྲལ་གྱི་དཔེ་ཆའི་གྲོགས་དན་ལ་ཕྲ་ཕུ་བ་བཞག རང་རེས་ཆོས་ཞུ་བ་ལ་གླང་ཐང་དུ་བསྙགས་པས། དེར་རྗེ་སྤྱན་སྔ་རྣམ་པའི་དུས་འཁོར་གྱི་ཐུགས་བཞེད་རྫོགས་མཚམས་དཔོན་སློབ་སོ་སོ་ནས་སྐུ་ངལ་བརྟེན་པའི་སྐུ་མཚམས་སང་འགྲོལ་གནངས་འགྲོལ་ལ་སླེབས། དེ་མཚམས་ཐོག་མར་གསང་འདུས་མི་བསྐྱོད་པའི་དབང་བཀའ་རྙིང་མ་ཁའུ་བ་རྡོ་རྗེ་བདུད་འཇོམས་ཀྱི་ཡིག་ཆའི་སྟེང་ནས། གསང་འདུས་ལུས་དཀྱིལ་བོ་དོང་དགེ་སློང་པ་ནམ་མཁའ་དཔལ་བའི་ཡིག་སྟེངས། འཇམ་རྡོར་སྟོད་ལུགས་བུའི་མངོན་དཀྱིལ་འཇམ་དཔལ་ཡིད་འཕྲོག་དང༌། དེ་སྟེངས་ནས་འདོན་པ་བསྒྱུར་བའི་ཇོ་བོ་རྗེའི་ལུགས་ཀྱི་གསང་འདུས་སྤྱན་རས་གཟིགས་དང༌། འཇིགས་བྱེད་ཞེ་དགུ་མ་ཆོས་རྒྱལ་འཕགས་པའི་མངོན་རྟོགས་དང༌། གདུང་བརྒྱུད་རིན་རྒྱལ་བའི་དཀྱིལ་ཆོག་སྟེངས་ནས་དང༌། གཤེད་དམར་བཅུ་གསུམ་མ་འཕགས་པའི་མངོན་རྟོགས་དང་དཀྱིལ་ཆོག་རྗེ་རྡོ་རྗེ་འཆང་གི་གཤེད་དམར་ལྷ་ལྔའི་ནང་ནས་འདོར་ལེན་མཛད་པ། ཚེ་དཔག་མེད་གྲུབ་རྒྱལ་མ་ལྷ་མང་ས་གན་པའི་ཡིག་སྟེངས་ནས་དང༌། ཕྱག་རྡོར་འཁོར་ཆེན་དམར་གྱི་མངོན་དཀྱིལ་དང༌། ཕྱག་རྡོར་གཏུམ་ཆུང་ཁྱུང་ཉེར་གཅིག་མ་ཤངས་པ་དར་ཚུལ་གྱི་མངོན་དཀྱིལ་དང༌། ཀུ་རུ་ཀུལླེ་ལྷ་ལྔ་མ་དང༌། སྤྱན་རས་གཟིགས་ལྷ་མངས་མཁན་ཆེན་གྲགས་ཚུལ་བའི་ཡི་གེ་དང༌། རྣམ་འཇོམས་མ་ཎི་བཛྲ་ལྷ་བཅུ་དགུ་མ་རྣམ་འཇོམས་བིར་ལུགས་ཀྱི་དབང་གན་པ་རིན་རྒྱལ་དང༌། བདེ་མཆོག་མཻ་ཏྲི་བཅུ་གསུམ་མ་གྲུབ་ཐོབ་གླིང་གི་ཡི་གེ་ནས་དང༌། སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་མ་གདུང་བརྒྱུད་རིན་ཆེན་རྒྱལ་མཚན་པའི་མངོན་དཀྱིལ་དང༌། ཡི་གེ་དེ་སྟེངས་ནས་འདོར་ལེན་བྱས་པའི་སངས་རྒྱས་ཐོད་པ་ལྷ་དགུ་མའི་དབང༌། མཧཱ་མཱ་ཡ་ལྷ་ལྔ་འཕགས་པ་རིན་པོ་ཆེའི་མངོན་དཀྱིལ་སྟེང་ནས་དང༌། རྡོ་རྗེ་གདན་བཞི་ལྷ་མངས་ས་བཟངས་པའི་ཡི་གེའི་སྟེང་དང༌། བདེ་མཆོག་སྡོམ་འབྱུང་མངོན་དཀྱིལ་དུ་སྟོན་པའི་ཡི་གེ་དང༌། བདེ་མཆོག་སྦྱངས་པའི་ཡོན་ཏན་ལྷ་བཅུ་གསུམ་མ་མར་ངོའི་ཡི་གེ་དང༌། བདེ་མཆོག་དྲིལ་བུ་ལྷ་ལྔ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་བའི་ཡི་གེ་དང༌། བདེ་མཆོག་ནག་པོ་པ་འཕགས་པའི་མངོན་དཀྱིལ་སྟེང་ནས་དང༌། ཀྱེ་རྡོ་རྗེ་མཚོན་ཆ་ཅན་རྡོ་རྗེ་འཆང་གི་མངོན་རྟོགས་སྟེང་ནས་དང༌། བདག་མེད་ལྷ་མོ་ཉེར་གསུམ་མ་གུང་པ་བཀྲ་ཤིས་བཟང་པོའི་ཡི་གེའི་སྟེང་ནས་དང༌། གཞན་ཡང་ཀྱཻ་རྡོར་བཀའ་བབས་བཞི་བདག་མེད་ལྷ་མོ་བཅོ་ལྔ། སྒྲོལ་མ་བླ་མེད་བཅུ་བདུན་མ། སྒྲོལ་མའི་ནང་ལུས་དཀྱིལ། རྣམ་དག་གཙུག་ནོར་ནས་བཤད་པའི་སྒྲོལ་མ་ཉེར་གཅིག་གི་དབང་མི་གཡོ་བླ་མེད་ལྷ་དགུ་མ་ལོ་ཙཱ་བ་གྲགས་རྒྱལ་གྱི་ཡིག་སྟེངས་ནས་དང༌། གུར་སྒྲོལ་ལྷ་བཅུ་མ་བདེ་བ་ཅན་པ་ཡེ་ཤེས་མགོན་གྱི་ཡི་གེའི་སྟེང་དང༌། མཆོག་གི་སྒྲོལ་མ་དམར་མོའི་དབང་བློ་ཆེན་སངས་རྒྱས་སྲས་ཀྱི་ཡི་གེའི་སྟེང་དང༌། གཞན་ཡང་རྔོག་པའི་དཀྱིལ་འཁོར་བདུན་དུ་གྲགས་པ་ཀྱེ་རྡོར་ཡབ་བཀའ་ཡུམ་བཀའ་གཉིས། རྡོ་རྗེ་གུར། གདན་བཞི་ཡབ་བཀའ་ཡུམ་བཀའ་གཉིས། མ་ཧཱ་མཱ་ཡ། འཇམ་དཔལ་གསང་ལྡན་ཏེ་དཀྱིལ་འཁོར་བདུན་གྱི་དབང་དང༌། སྤྱན་རས་གཟིགས་པདྨ་དྲྭ་བ་བུ་སྟོན་གྱི་ཡི་གེའི་སྟེང་ནས་དང༌། ཕག་མོ་གཞུང་དྲུག་ཏུ་གྲགས་པ་ཞལ་གཉིས་མ་ཆེ་ཆུང༌། དབུ་བཅད་མ་ཆེ་ཆུང༌། དོན་གྲུབ་མ་ཆེ་ཆུང་རྣམས་ཀྱི་བྱིན་རླབས་གསན་ཞིང༌། དབང་འདི་ཡིག་ཆ་འདིའི་སྟེང་ནས་གསན་ཚུལ། དེ་དུས་གླང་ཐང་སྤྱན་སྔ་སྐུ་མཆེད་གཉིས་ཀྱི་དབང་དེབ་གནང་བའི་ཡི་གེ་དངོས་མིག་གིས་མཐོང་བའི་འཁྲུལ་མེད་ལས་ཡིན་ཞིང༌། དབུས་གོང་མ་དག་གིས་བླ་མ་རྣམས་ལ་དབང་གསན་དུས་འདི་ལྟར་མཛད་པ་བྱུང་བའི་སྤྱན་ལྟོས་ལྟར་ཡིན་པར་མངོན་ནོ། །དེ་ལྟར་དབང་རབ་འབྱམས་ཀྱི་གསན་པ་གྲུབ་རྗེས། སྟོན་ཆག་ལ་ཆོས་སྡིངས་སུ་ཕེབས། ས་ཕོ་སྟག་ལོ་དགུང་ལོ་སོ་གཅིག་བཞེས་པའི་དུས་དེར་སྤྱང་ལུང་རིན་པོ་ཆེ་པ་ལ། རྩ་རྒྱུད་བརྟག་གཉིས་ཤར་རབ་འབྱམས་པས་ཞུས་ནས་གསན་ཞིང༌། དག་ལྗོན་སྐོར་གསུམ་ལ་སྐྱོར་ཆོས་བྱས་ཤེས། སྤྱང་ལུང་དགོན་པ་ན་གཏམ་དུ་བཞག་སྣང་ངོ༌། །འདིའི་ཕྱི་ལོ་ས་མོ་ཡོས་ལོ་དགུང་ལོ་སོ་གཉིས་ཀྱི་སྟེང་དུ་གླང་ཐང་དུ། དུས་ཞབས་པ་ཆེན་པོ་རིན་ཆེན་བཀྲ་ཤིས་པའི་སྤྱན་སྔར་རྡོ་རྗེ་སློབ་དཔོན་གྱི་ལས་མ་ལུས་པ་གཅིག་ཏུ་སྡོམས་པའི་དབང་བསྐུར་རྡོ་རྗེ་འཕྲེང་བ་དང༌། ཀྲྀ་ཡ་ས་མུ་ཉྩ་རྗེས་འབྲེལ་གྱི་དབང་བསྐུར་བཞི་བཅུ་ཞེ་ལྔ་ལུང་གིས་བརྒྱན་པ་ཡང་གསན། དེར་གླང་ཐང་སྤྱན་སྔ་མཆེད་ཀྱིས་རྗེ་དུས་ཞབས་པ་ལ་འབུལ་བ་བློས་དཔག་པར་མི་དཔོགས་པའི་རྙེད་པའི་ཡོན་ཡང་དག་པ་ཕུལ་ཏེ། སླར་རུའི་དགོན་པའི་བར་དུ་ཕྱགས་བྱི་འཐེམས་པར་གནང་བ་ཡིན་སྐད་དོ། །དབང་ལུང་གདམས་པའི་ཆུ་བོ་སྟོང་ཕྲག་བརྒྱ། །ཁྱོད་བློའི་མ་དྲོས་ཐུགས་མཚོར་ལེགས་བབས་མོད། །ཁེངས་པའི་རླབས་ཀྱིས་མི་བསྐྱོད་རབ་ཞིའི་ཀློང༌། །གཏིང་མཐའ་མེད་པའི་ཆོས་ཀྱི་རྒྱ་མཚོ་ཉིད། །གསང་བདག་ཕྱག་ན་བཛྲ་འཛིན་པའི་རྗེ། །རྡོ་རྗེ་སློབ་དཔོན་མཆོག་དེས་དགེས་པའི་འཛུམ། །ཡར་ངོའི་ཟླ་ལྟར་སྣང་བའི་ངང་ཉིད་ལས། །མི་ཟད་དབང་གི་ཆར་རྒྱུན་བསིལ་བར་ཕབ། །ཀུན་རྟོག་སྤྲིན་ཚོགས་ཕྱོགས་བཅུར་འཐོར་བ་ཡི། །སྟོང་གསལ་ནམ་མཁའི་རང་བཞིན་གཡའ་དག་པ། །རང་རིག་ཡེ་ཤེས་འབར་བའི་འཇའ་འོད་ཀྱི། །ཡ་མཚན་དབང་གི་ཡེ་ཤེས་ཨེ་མ་ཧོ། །ཡོངས་གྲུབ་གདོད་མའི་ལྷ་ཁྱོད་བཅོས་མིན་ཀྱང༌། །གཞན་དབང་ཆོ་གའི་ལྷན་སྐྱེས་བརྡ་སྤྲོད་པ། །ཀུན་བརྟགས་བུམ་ཆུའི་ཁྲུས་ཀྱི་ཟོལ་སྦྱོར་ཅན། །མཚན་ཉིད་གསུམ་གྱི་ཚུལ་དུ་དབང་ཆོག་བཞེས། །འདུས་བྱས་དཀྱིལ་འཁོར་བརྟགས་པའི་རྙོག་མ་ནི། །རྣམ་ཡང་ཆོས་སྤྱན་དག་པས་གཟིགས་མིན་ལ། །དེར་འདུས་ཡོངས་ཀྱིས་མ་མཐོང་ཆོས་ཉིད་ཀྱི། །འོད་གསལ་ཚོན་རིས་བཀྲ་བ་ཁྱོད་ཀྱིས་གཟིགས། །བཟོ་སྦྱར་ལས་སྣང་སྒྱུ་མའི་ཅོད་པཎ་དེས། །རིགས་ལྔའི་དབུ་རྒྱན་བཅིངས་རློམ་མིག་འཁྲུལ་མཁན། །ལྟར་སྣང་བྱིས་པའི་དབང་མིའི་ཡིད་འདྲེན་པའི། །ཁྲོམ་ཚོགས་འདུས་པའི་དབུས་དེར་ཁྱོད་ཀྱང་བཞུགས། །སྒྱུ་མ་མཁན་པོ་སྒྱུ་མའི་འཆར་སྒོ་ལ། །བཅིངས་གྲོལ་མཚན་མ་མེད་པར་གནས་པ་ལྟར། །ཐ་སྙད་དབང་གིས་རྫས་ཀྱི་རོལ་རྩེད་ཀྱང༌། །བྱིས་པའི་མིག་ཁྲིད་རྒན་པོས་རྩེ་ལྟར་དགོངས། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། དབང་བསྐུར་རབ་འབྱམས་རྗེས་སུ་ནོད་པའི་སྐབས་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་གཉིས་པའོ།།  །།དེར་གསང་ཕུའི་དབྱར་དགུན་གྱི་དུས་ཆོས་ལ་བྱ་དུས་བཏབ་པ་ལྟར་གཡོ་བ་མེད་ངོས་ལྕགས་ཕོ་འབྲུག ལྕགས་མོ་སྦྲུལ། ཆུ་ཕོ་རྟ། ཆུ་མོ་ལུག ཤིང་ཕོ་སྤྲེའུ་སྟེ་དེ་ཉིད་ཀྱི་དགུང་ལོ་སོ་བདུན་དུ་སོན་པའི་བར་གྱི་ལོ་ལྔ་པོ་འདི་དག་ལ་ཆོས་དབར་འཕྲད་པོ་དགའ་ལྡན་གླིང༌། ཡང་དབེན་ཉི་མ་ཕུག ཤེལ་གྲོང་སྐྱོར་མོ་ལུང༌། ཚལ་ཆོས་འཁོར་གླིང༌། རྒྱ་མ་གླང་རི་ཐང༌། ནཱ་ལེནྡྲ། རྒྱལ་ལྷ་ཁང༌། གྲོས། ཆ་རི། ཆོས་འཁོར་རྩེ་རྣམས་སུ། འཕྲང་པོ་སེང་གེ་སྒང་པ། ཚལ་ཁུང༌། གླང་བུ་གྲོང༌། ཤེལ་གྲོང༌། ཡ་ཆོས་པ། རྒྱ་མ་མཁར་རྩེའི་ཞལ་ངོ་ཐ་དད་དང༌། བྱང་སེམས་མངོན་དགའ་མ། གྲོག་མཁར་བ། མདུན་གྲོད་པ། གླང་ཐང་ཆོས་སྡིངས་གཟིམ་ཁང་སོགས་སྦྱིན་བདག་སོ་སོའི་སྤྱན་གང་དྲངས་པར་ཁོར་མོར་ཕེབས་ཤིང༌། འཆད་ཉན་ལ་ཉིན་གཅིག་ཀྱང་རེས་འཇོག་མེད་པའི་ཆོས་སྦྱིན་ཡང་དག་སྩོལ་ཞིང༌། གླང་ཐང་དུ་ཆོས་དབར་ཕེབས་རེས་སྤྱན་སྔ་ཀུན་རྡོར་བའི་གསུང་གིས་དྲུང་ནས་གནས་སྒོ་བའི་འཆད་ཉན་འདི་སྟབས། རྗེ་དུས་ཞབས་པ་ལ་ཁྱེད་ཆོས་དབར་ལ་ཐེགས་རིང་རྒྱུད་འབུམ་གྱི་ལུང་སོགས་དང༌། བྱ་སྤྱོད་ཀྱི་དཀྱིལ་འཁོར་ཕྲ་མོ་འདི་རྣམས་ཀྱི་དབང་ཞུས་ཤིང༌། དཀྱིལ་འཁོར་ཆེ་བ་རྣམས་ནི་རང་རེ་ལྷན་ཅིག་ཏུ་གཅིག་ཀྱང་མ་ཆད་པར་གསན་པ་དེ་ཡིན། །གཞན་འདི་རྣམས་ཀྱང་ཁྱེད་ལ་འཕྲོད་པར་གྱིས་ཞེས་རྗེ་བླ་མ་དུས་ཞབས་ཆེན་པོའི་བཀའ་ལུང་ནན་ཅན་ཡོད་པས་འབུལ་དགོས་གསུངས་ནས། རྒྱུད་འབུམ་པོ་ཏི་བཅུ་བདུན་གྱི་ལུང༌། སྒྲུབ་ཐབས་རྒྱ་མཚོ། ཚེ་དཔག་མེད་ལྷ་དགུ། མི་འཁྲུགས་པ་ལྷ་དགུ། ཨ་ར་པ་ཙ་ན་ལྷ་ལྔ། གཟའ་ཡུམ། རྨ་བྱ་ཆེན་མོ། རིགས་གསུམ་སྤྱིའི་དབང་དང་བདུན། ནག་པོ་གཞུང་དྲུག་གི་ལུང་རྣམས་སྤྱན་སྔ་ཉིད་ཀྱི་ཐུགས་ཀྱིས་ཆེད་གཉེར་ལྟ་བུ་མཛད་ནས་བཀའ་དྲིན་དུ་མཛད། ཤིང་མོ་བྱ་ལོ་དབྱར་ཆོས་གྲོལ་རྗེས་སྣེའུ་རྫོང་དུ་གྲྭ་ཚང་པའི་ཞུ་དོན་འགའ་ལ་ཞབས་གཏང་ཕེབས་པས། ས་དགེའི་ཀུན་སློང་སྟབས་ཞུ་སྒོ་ལྷག་པར་ལྕི་བའི་ངང་ནས་གནས་ཚང་དུ་སྒུགས་སྡོད་ལ་བཞུགས་ཡོད་དུས། རྒྱ་གར་གྱི་པཎྜི་ཏ་ལོ་ཀོཏྟ་ར་སྣེ་པས་སྤྱན་འདྲེན་ཞུས་ནས་སྣེའུ་རྫོང་ན་བཞུགས་པའི་དུས་ཡིན་པས་པཎྜི་ཏ་ལ་སྟག་ལུང་ནས། སྟག་ལུང་ངག་དབང་གྲགས་པས་རྒྱ་གར་གྱི་ཡི་གེར་ཞུ་ཡིག་བཀོད་ནས་ཕུལ་བས། པཎྜི་ཏས་ལྷོགས་ཀྱང་དེ་བོད་སྐད་དུ་བསྒྱུར་མ་མཁྱེན་པར། སྣེ་པ་ལ་འདི་སྒྱུར་མི་ཚོལ། ངེད་སྟག་ལུང་ལ་ལན་བསྐུར་དགོས་གསུངས་ནས། སྣེའུ་བས་འབྲས་སེར། དགེ་ལྡན། དགའ་སྐྱོར། ཟུལ་བུ་སོགས་སྡེ་དགོན་ཡོར་ཡི་གེ་བསྐུར་ནས། ཤེས་མི་ཨེ་ཡོད་བང་ཆེན་རིམ་པར་བརྫངས་པས། ཡི་གེ་ཕྱེད་མི་གཅིག་ཀྱང་མ་བྱུང་ནས། དེར་བློ་གསལ་བ་འདྲས་སྙེ་ཐང་ཆོས་རྫོང་ཆོར་པཎ་ཆེན་བློ་བརྟན་པ་ཡབ་སྲས་བཞུགས་དུས་སྒྲ་དར་བས་ད་ལྟ་ཡང་ཤེས་མི་ཨེ་སྲིད། གཞན་དབུས་གཞུང་ཐལ་བའི་འདི་ན་མེད། གྲྭ་ཕྱོགས་སུ་མི་གནང་དགེས་ཨེ་ཡིན་ཞུ་མི་བྱུང་བས། དེར་སྙེ་ཐང་ཕྱོགས་སུ་བང་ཆེན་བརྫངས་པས་ད་ལྟ་འདི་ཕྱོགས་ན་པཎ་ཆེན་ཡབ་སྲས་དེ་རྣམས་གཤེགས་རྗེས་རིག་གནས་ཀྱི་འཆད་ཉན་སྟོངས་ནས་མེད། སྔར་འདིར་བྱོན་པའི་གནས་སྒོའི་སློབ་དཔོན་ཆོས་ལེགས་པར་དགོངས་པ་ནི་དིང་སང་གྲྭ་ཚང་གི་ཞུ་དོན་ལ་གཞིས་ཀ་དེ་རང་ན་བཞུགས་ཡོད་པ་ཁོང་གིས་རྒྱུ་མཚན་འབུལ་ཐུབ་ངེས་ཡིན་ཞུ་བ་བྱུང་བས། དེར་ཚོད་བགམ་པའི་ཕྱིར་པཎྜི་ཏས་བཀྲ་ཤིས་ཀྱི་ཚིགས་བཅད་གཅིག་མཛད་ནས། འདི་དེ་རིང་འདིར་དགོས་པ་བྱུང་བས་ཁྱེད་ཀྱིས་བསྒྱུར་ཨེ་ཐུབ་གསུང༌། གླང་ཕུ་ནང་པའི་ངོ་མཁྱེན་གཅིག་པཎ་ཆེན་རིན་པོ་ཆེའི་དྲུང་དུ་བཏང་བས། དེ་མ་ཐག་དེ་རང་ལ་མཆན་བུ་གནང་སྐད་གཉིས་བསྒྱུར་ནས་ཕུལ་བ་དེ་པཎྜི་ཏ་ལ་གཟིགས་ཕུལ་བས། མ་ཧཱ་ལོ་ཙཱ་བ་ཨ་ཙེ་འདིར་ད་ལྟ་བོས། མིན་ན་ང་ཁོང་གར་ཡོད་སར་སྐྱོལ་གསུང་བྱུང་བས། དེ་མ་ཐག་སྤྱན་དྲངས་དེར་སྣེ་པའི་བཞུགས་གྲལ་དབུས་སུ་པཎྜི་ཏས་སྟག་ལུང་ནས་བྱུང་བའི་ཕྱག་དམ་རྒྱ་སྐད་མ་དེ་གནང་བྱུང་བ་ཐོག་མར་ལེགས་སྦྱར་གྱི་སྐད་དུ་ཚར་གཅིག་ཐགས་ཐོགས་མེད་པར་བསྒྲགས་པས་པཎྜི་ཏ་མཉེས་བྱུང༌། དེ་མཚམས་བོད་སྐད་དུ་བསྒྱུར་ནས། པཎྜི་ཏ་ཁྱེད་ཀྱི་ཡུལ་གང་ཡིན། རིགས་ཅི། སྡེ་པ་བཞི་པོ་གང་ཡིན། རྟེན་དགེ་ཚུལ་དགེ་སློང་གང་ཡིན། མཁན་སློབ་ཀྱི་མིང་གང༌། མདོ་སྔགས་གང་ལ་མཁས། བོད་ལ་བྱོན་ནས་ལོ་ཇི་ཙམ་སོང༌། ད་ལྟ་ཁམས་སྙོམས་སམ། འདི་དག་གི་ལོན་ཆ་གསལ་བ་ཅིག་བསྐུར་ཟེར་བར་འདུག་ཞུས་པས། དེར་ཚོགས་པ་ཀུན་ཧ་ལས་ཤིང༌། ཡང་དེ་མཚམས་པཎྜི་ཏས་སྟག་ལུང་དུ་ཞུ་ཡིག་མཛད་པའི་རྒྱ་ཡིག་པཎྜི་ཏས་ཕྱག་གིས་གནང་བའི་འགྲོལ་ལེགས་པར་གནང་ནས། ངེད་ཀྱི་ཡུལ་རྒྱ་གར་ཤར་ཕྱོགས་སངྒྷ་རཏྣ། ཕ་མ་བྲམ་ཟེའི་རིགས། སྡེ་པ་བཞིའི་མང་པོས་བཀུར་བ་ཡིན། མཁན་པོ་ཐམས་ཅད་མཁྱེན་པའི་བཤེས་གཉེན། སློབ་དཔོན་སྨྲ་བའི་སེང་གེ གསང་སྟོན་འཇིགས་མེད་དགའ་བ། ང་རང་མིང་འཇིག་རྟེན་འགྲོ་བའི་མཆོག་ཟེར། ཡོན་ཏན་དབུ་ཚད་ལ་སྦྱངས། ཆོས་ཀྱི་གྲགས་པའི་རྣམ་འགྲེལ་གྱི་ལྷ་ཤཱཀ་གི་འགྲེལ་པ་བློ་ལ་ཡོད། གཞན་རྒྱན་ཆོས་མཆོག་ཛ་མཱ་རིའི་འགྲེལ་པ་ཡང་ཤེས། ཚད་མའི་སྐོར་གྱི་དཔེ་མང་པོའི་རྒྱ་དཔེ་ཡང་ཁུར་ཡོད་ཅིང༌། སྤྱོད་འཇུག་གི་རང་འགྲེལ་ཞི་བ་ལྷ་རང་གིས་མཛད་པ་ཡང་ཡོད། སྔགས་ཀྱི་བདེ་མཆོག་དང་རྣལ་འབྱོར་མའི་སྐོར་ཤེས། ཐུགས་དམ་ཕག་མོ་ཞལ་གཉིས་མ་ལ་བྱེད་པ་ཡིན། ལམ་ཁ་ཆེ་ན་མར། ཡུལ་གུ་གེ་དང་གློ་བོ་བརྒྱུད་ནས་འོངས། བླ་མ་ཀརྨ་པའི་ཡི་གེ་བྱུང་བས་དཀོང་པོ་ལ་འགྲོ། ལོ་བརྒྱ་དང་ཉི་ཤུ་ལོན། བོད་ས་གྲང་ཟས་རྩུབ་པས་སྦྱོངས་པོ་བྱུང་ཟེར་བར་བསྒྱུར་ནས་བཀླགས་ཤིང༌། སྟག་ལུང་དུ་ཡང་ཞུ་ཡིག་དེ་བཞིན་ཕུལ་བས། སྣེ་པ་རང་གིས་གཙོ་བྱས་པའི་དྲག་ཞན་ཀུན་ཞལ་མཐུན་པར་རང་རེ་བོད་མུན་པའི་གླིང་དུ་གྲགས་པ་དོན་ལ་གནས་སྣང༌། སློབ་དཔོན་པ་འདི་ཀུན་འདི་འདྲའི་པཎྜི་ཏ་ཆེན་པོ་ཡིན་པའི་འདུ་ཤེས་མ་ཤར་ཟེར། དེ་ཕྱིན་ཆད་པཎྜི་ཏ་བགྲེས་པོ་དེའི་ཐུགས་རྗེས། རང་རེ་ལ་ཡང་སྣེ་པས། དགྲ་མཐོང་ལྟ་བུ་དེ་གཏན་ནས་མ་གནང་བ་ཡིན་གསུང་ངོ༌། །དེ་དུས་ཀྱི་པཎྜི་ཏ་ལོ་ཀོཏྟ་རའི་ཕྱག་བྲིས་ཝརྡྷུ། པཎ་ཆེན་རིན་པོ་ཆེའི་མཚན་གྱི་ཞུ་ཡིག་སྟག་ལུང་ངག་དབང་གྲགས་པ་ལ་ཕུལ་བ་དངོས། བདག་གིས་སྟག་ལུང་དུ་མིག་གིས་མཐོང་བ་ལྟར་བྲིས་པ་ལས་སོ། །འདི་ཐད་རྣམ་ཐར་གཉིས་སུ་མི་འབྱུང་ཞིང༌། རྣམ་ཐར་རྡོར་རྒྱལ་མར། པཎྜི་ཏ་ལོ་ཀོཏྟ་ར་བྱ་ཡུལ་ནས་བྱོན་པ། པཎ་ཆེན་ནགས་རིན་དང་གྲྭ་ཐང་དུ་མཇལ་བས། གསང་ཕུ་ན་སྒྲ་ཤེས་པའི་སློབ་དཔོན་ཞིག་འདུག་གསུང་བ་སོགས་བྲིས་པ་ནི་ཐུགས་མཉམ་པར་མ་གཞག་པ་ཡིན་ཏེ། པཎ་ཆེན་ནགས་རིན་གྱིས་བོད་དུ་ལན་སྔ་མ་བྱོན་དུས་མེ་ཕོ་རྟ་ལོ་ཡིན་ཞིང༌། འདི་སྐབས་རྩེ་ཆེན་དུ་གྲུབ་ཆེན་ཀུན་དགའ་བློ་གྲོས་པའི་དྲུང་དུ་སྦྱོར་དྲུག་གསན་དུས། བཞུགས་གནས་ཀྱི་ས་ཁྱོན་རྣམས་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དུ་པཎ་ཆེན་ནགས་རིན་གྱིས་གཟིགས་ཞེས་ཆོས་རྗེ་གྲུབ་ཆེན་གྱི་རྣམ་ཐར་དུ་ཡང་འབྱུང་ཞིང༌། དགེ་བའི་བཤེས་གཉེན་དཔྱད་པ་ཆེ་བ་རྣམས་པཎ་ཆེན་ནགས་རིན་པས་སྦྱོར་དྲུག་རང་རེའི་རྗེ་གྲུབ་ཆེན་ལ་གསན། ཐུགས་དམ་ཡང་མངོན་གྱུར་འཁྲུངས་པ་ཡིན་ངེས་ཀྱང༌། ཕྱིས་དེའི་ཚུལ་གསང༌། རྣམ་ཐར་དུ་བཀའ་ཆོས་གསན་པ་ཙམ་ཡང་མ་བྲིས་པར་བལ་ཡུལ་དུ་ཤ་ཝ་ར་ལ་གསན་པ་སོགས་མཛེས་བསྒྲིགས་པ་ལ་ཐུགས་སུ་མི་འབབ་པའི་རྣམ་པ་སྟོན་པ་མང་དུ་ཡང་འབྱུང་ཞིང༌། གཟུ་བོའི་བློས་བརྟགས་ན་དོན་ལ་ཡང་གནས་སོ། །དེ་དུས་པཎ་ཆེན་རིན་པོ་ཆེ་མ་འཁྲུངས་གོང་གི་ལོ་གཉིས་ཙམ་གྱི་སྐབས་ཡིན། ལན་བར་མ་པཎ་ཆེན་ནགས་རིན་ཕེབས་དུས། ཆེ་ས་གོང་མ་གྲགས་པ་འབྱུང་གནས་དང༌། ཀུན་མཁྱེན་རོང་པོ་ཆེན་པོས་བཀའ་ཆོས་གསན་ཞིང༌། འདི་སྐབས་ཀྱང་པཎ་ཆེན་རིན་པོ་ཆེ་དང་མ་མཇལ། ཕྱིས་པཎ་ཆེན་རིན་པོ་ཆེ་དགུང་ལོ་ཉེར་དྲུག་ཏུ་ཕེབས་དུས་པཎ་ཆེན་ལན་རྗེས་མ་གོང་མ་ཀུན་དགའ་ལེགས་པ་མཆེད་ཀྱིས་སྤྱན་དྲངས་དུས་བསམ་ཡས་སུ་མཇལ་ནས། ཚེ་སྒྲུབ་ཁྱད་འཕགས་སོགས་གསན། དེ་ནས་ལོ་སྐོར་གཅིག་སོང་བའི་བྱ་ལོ་ལ་པཎྜི་ཏ་ལ་ལོ་ཀོཏྟ་ར་བྱོན་པ་ཡིན་པས་སོ། །དེར་སྣེའུ་ནས་སྟོན་ཆག་ལ་ཆོས་སྡིངས་སུ་ཕེབས། གླིང་སྨད་གདན་ས་ཤེས་རབ་དཔལ་ལྡན་པས་ཞུས་པའི་ཟླ་ལ་དེ་ལོ་ཡང་ནཻ་གུའི་ཁྲིད་ཆོས་སྨིན་པ་ཅིག་གསན་གསུང་ཞིང༌། དེ་མཚམས་ཁོང་རྣམ་པ་ལ་སྤྲོས་མེད་ཀྱི་ཁྲིད་གནང་རྒྱུར་འདུག་ཀྱང༌། རང་རེས་གསང་ཕུའི་དགུན་ཆོས་ལ་བསྙགས་ཡོང་པས་མ་ཐོབ་གསུང་ངོ༌། །དེའི་ལོའི་དགུན་ཆོས་སྟེངས་སུ་ཆེན་པོའི་མངའ་གསོལ་ཡང་བཞེས། གསང་ནེའུ་ཐོག་གི་འདུས་པའི་དགེ་འདུན་ས་དགེ་གཉིས་ཚོགས་ཀྱི་བསྟོད་བཀུར་བསྔགས་གསུམ་གྱི་ཡུལ་མཆོག་ཏུ་བཀུར་ཞིང༌། དེ་དུས་གསང་ཕུ་བའི་མཚར་གཏམ་ལ། རང་རེ་མཚན་ཉིད་ཀྱི་ཐ་སྙད་དུ་གྲུབ་པའི་ཚུལ་འདི་གླིང་སྟོད་ན་དབུ་ཚད་ཀྱི་ཡུལ་ལ་འདྲིས་པའི་གཉལ་པས་དམ་བཅའ་བཞག གླིང་སྨད་ནས། རིགས་པའི་བརྡ་སྦྱངས་པའི་ཆེན་པོ་པས་བགྲོས་གླེང་བཏང་དུས། དགེ་བའི་བཤེས་གཉེན་ནང་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའི་ལུང་རིགས་ཡང་དག་གཅིག་གི ལྟད་མོ་ཆེན་པོ་འདུག གཞན་རང་རང་གི་ཤེས་འདོད་སྒྲུབ་པའི་ཁྲབ་ཁྲབ་དེར་ཟད་ཅེས་ཞེ་ནས་སྒྲོག་པ་བྱུང་ངོ༌། །ཞེས་དེ་དུས་གསང་ཕུར་ཡོད་པའི་སློབ་དཔོན་སྲས་མཆོག་སོགས་ཀྱི་ངག་ལས་སོ། །དེའི་ཕྱི་ལོ་མེ་ཕོ་ཁྱི་ལོ་དབྱར་བཞུགས་གླང་ཐང་ན་བཞུགས་ཡོད་སྐབས། ཆོས་སྡིངས་རིན་པོ་ཆེའི་སྐུ་རིམ་ལ་འཕན་ཡུལ་གྱི་སེར་ཚོགས་བསགས་པའི་དབང་ལས། ངེད་ཆོས་ཀྱང་ཕྱིན། གྲལ་དབུ་ལ་བདག་ཆེན་བློ་གྲོས་རྒྱལ་མཚན་པ་ནཱ་ལེནྡྲར་ནས་སྤྱན་དྲངས་སོང་ཞིང༌། ངེད་ཀྱིས་ཀྱང་ཐོག་མ་རང་དེ་ཉིད་དུ་མཇལ། ཚོགས་གྲོལ་རྗེས། སྤྱང་ལུང་རིན་པོ་ཆེ་པའི་དྲུང་དུ་མཇལ་བ་ལ་ཕྱིན་དུས། བཀའ་ལུང་ལ་ན་ནིང་ཞིག་རང་རེའི་དེ་རིང་འདྲ་བའི་རིམ་གྲོའི་དབུ་ལ་བདག་པོ་རྒྱ་གར་བ་སྤྱན་དྲངས། དེ་དུས་རྨི་ལམ་དུ་ཆོས་སྐྱོང་གི་རྣམ་འཕྲུལ་ཆེ་བ་འགའ་བྱུང༌། མདངས་ནུབ་ནི་རྣམ་པར་རྒྱལ་མའི་མཆོད་རྟེན་མདངས་གསལ་ལྟ་བས་ཆོག་མི་ཤེས་པ་འོད་ཟེར་ལྔ་ལྡན་ཅིག་བྱུང་བས། བདག་ཆེན་སྐུ་མཆེད་གཉིས་པོ་སྤངས་རྟོགས་གཅུང་པོ་མཐོ་ངེས་སུ་སྣང་གསུང་བས། དད་མོས་སྐྱེས་ནས་ནཱ་ལེནྡྲར་བཀའ་འབྲེལ་ཞུ་བ་ལ་ཕྱིན་པས། ཚེས་བརྒྱད་ཀ་བཅུ་པ་སོགས་ལ་ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས་གནང་བའི་མཆོད་བཤོམས་གྲུབ་འཕྲལ་སླེབས་ནས། ཚུལ་ཕུལ་བས་དགེས་བཞིན་གསུངས་ཞིང༌། བཀའ་ཆོས་ཀྱི་འབྲེལ་པ་གཞན་ནི་ཡེ་མི་གསན། ཕྱིས་ཡང་ཡང་རྡོ་རྗེ་ཕུར་པ་ས་སྐྱ་པའི་ལུགས་ཀྱི་དབང་ཞིག་གི་གསོལ་བཏབ་མཛད་ཅིང་གནང་བ་ཞལ་གྱིས་བཞེས་ཀྱང་གསན་པ་ཞིག་མ་བྱུང་ལ། བདག་ཆེན་བློ་གྲོས་རྒྱལ་མཚན་པའི་བསྟོད་པའི་མཇུག་ན། གང་ལས་ཕྱག་རྒྱ་ཆེན་པོ་མཆོག་གི་ཆོས་ཀྱི་བདུད་རྩི་ནོད་པ་སོགས་བཀུར་ཡུལ་ལྷག་པར་བའི་ཆེ་བསྟོད་ཟུར་ཅན་ཀྱང་གནང་འདུག་གོ །དེར་དགུང་ལོ་བཞི་བཅུར་ཕེབས་པའི་མེ་མོ་ཕག་གི་ལོ་གསང་ཕུར་བཞུགས་སྐབས་དབུ་མའི་རྣམ་ཐར་ངེས་པ་ཆེ་ཆུང་འདི་ནང་གི་རང་གཞན་ཤན་འབྱེད་པའི་ལུང་རིགས་དག་ལ་དགོངས་པའི་འཇུག་པ་ཡང་ཤར་བའི་དུས་གཅིག ཐོ་རངས་ཀྱི་ཆར་གྱུར་པ་ན། རྗེ་ཉིད་ཀྱི་མདུན་གྱིས་ནམ་མཁར་འཇམ་དབྱངས་དམར་སེར་ལི་ཁྲིའི་མདོག་ཅན་ལྟ་བས་ཆོག་མི་ཤེས་པ་ཅིག་གཟིགས་བྱུང་བ་ལ། བཅོམ་ལྡན་འདས་གཏུམ་པོ་དཀར་པོའི་བསྐྱེད་རིམ་གསལ་བཏབ་ནས། སྔགས་ཕྲེང་སྐོར་ཙམ་སོང་རྗེས། མཐར་གྱིས་དེ་ཀརྨ་པའི་ཆ་བྱད་ཅན་ཞིག་ཏུ་འགྱུར་བྱུང་རྗེས། སླར་ཡང་ཏིང་ངེ་འཛིན་དེ་དྲག་ཏུ་གནང་བས། གཞན་གཞུང་ཁས་ལེན་གྱི་ཕྱོགས་སྔ་མའི་དགེ་བའི་བཤེས་གཉེན་གྱི་གཟུགས་འཆང་བའི་ངུར་སྨྲིག་གོས་ཅན་ཞི་ཞིང་དུལ་བ་ཞིག་གི་རྣམ་པར་བསྟན་ནས། མཐར་ཇེ་དམའ་ཇེ་དམར་གྱུར་ནས་གསང་ཕུའི་ཕ་བོང་རུས་སྦལ་དུ་ཐ་སྙད་བཞག་པ་དེའི་འོག་ཏུ་ནུབ་པ་གཟིགས་སྐད་དོ། །དེར་ཆེན་པོའི་གནས་ནས་རིམ་གྱིས་མཁན་པོའི་གོ་འཕང་དུ་བྱོན་པའི་ཚུལ་ཡང་དགོངས་ཤིང༌། སྤྱིར་གསང་ཕུ་ཚོ་ལུང་རིགས་ཀྱི་གཡེང་ཆེ་ཞིང༌། མཁས་པ་ཡོངས་ཀྱིས་ཕུད་དུ་འཛིན་པ་དང༌། གྲུབ་མཐའི་སྒོ་ཡང་རང་གཞན་མ་ལུས་པའི་གནད་ཕན་ཚུན་ནས་ལེགས་པར་གོ་ཞིང༌། འཐད་མི་འཐད། དག་མ་དག ཡིན་མིན་སོགས་དབྱེ་འབྱེད་ཤེས་ཀྱང༌། འཕྲལ་ཁས་ལེན་རང་ངོའི་གང་བབ་ཙམ་རིགས་ངོར་སྐྱོང་བ་ལས་གཞུང་ཚུགས་པའི་སྨྲ་བ་པོ་སུ་ཡང་མེད་ཅིང༌། རྣམ་པ་དག་སྣང་དང་འབྲེལ་བའི་སྒོ་ནས་རང་གཞུང་བརྟུལ་ཕོད་པ་ཡང་འཛིན་རྔོ་མི་ཐོགས་པའི་ཡམ་ཡམ་དེ་རང་གིས། འཆད་ཉན་པ་རྣམས་སྐུ་ཚེ་མཐར་ཕྱིན་པའི་གནས་འཛིན་པ་ཞིག་ལ་ཡང་ཐུགས་ནེམ་ནུར་དུ་གྱུར་པ་ཅུང་ཞིག་འཁྲུངས་པའི་དབང་ལས། གནས་སྒོའི་སྐུ་ཚབ་ཏུ་ཞལ་སློབ་རིགས་པ་སྨྲ་བ་རྣམས་ཀྱི་ཐོག་མར་བྱོན་པ་ཁྲ་ཕུ་བ་སངས་རྒྱས་བཟང་པོ་བ་ལ་བཀའི་ཅོད་པཎ་དབུར་བཅིངས་ཤིང༌། སློབ་མའི་ཚོགས་ཀྱང་གཏད་ནས་པཎ་ཆེན་རིན་པོ་ཆེ་ཉིད་དཔོན་སློབ་ཉུང་བསྡུས་རང་ཞིག དེའི་དགུན་རྒྱ་མ་སངས་རྒྱས་དབོན་གྱི་གནས་གང་ན་བ་དེར་ཕེབས། དེའི་གནས་ན་བཞུགས་པའི་འཕགས་པ་བཅུ་གཅིག་ཞལ་གྱི་དྲུང་དུ་སྨོན་ལམ་ཆོ་འཕྲུལ་རིང་གནང་བས། མེ་ཏོག་ཧ་ལའི་སྡོང་པོ་སྐམ་པོ་དབྱར་དུས་ཕུལ་བ་ཞིག་འདུག་པ་ལ་ཡང་མེ་ཏོག་གསར་དུ་ཁ་བྱེ་བ་སོགས་ངོ་མཚར་དཔག་ཏུ་མེད་པའི་ཆོ་འཕྲུལ་བྱུང་བ་ནི། ཕྱིས་སྔོན་རབས་རྒན་པོའི་བཞེད་གཞུང་མ་ལུས་པ་ལ་བསླབ་སྦྱངས་ཉན་བཤད་སོགས་གང་ཡང་མེད་པར་བགྲེས་པ་དེ་སླར་འཆད་ཉན་གྱི་མེ་རོ་གསོས། སྔོན་མེད་ལེགས་པར་བཤད་པའི་མེ་ཏོག་ངོ་མཚར་ཡ་མཚན་པ་དག་ཅིག་བསྐྲུན་པར་མཛད་པའི་སྔ་ལྟས་རྟེན་འབྱུང་ཡང་དག་པའོ། །ཞེས་རྗེས་སུ་རྟོགས་སོ། །མཁས་པའི་སྤྱན་སྔར་ཡིད་དབང་འདྲེན་བྱེད་ནི། །ལང་ཚོས་མ་ལགས་རིགས་གཟུགས་འབྱོར་པས་མིན། །ཡོན་ཏན་རྒྱན་ཕྲེང་གསལ་བའི་གཟི་འོད་དེ། །གང་ལ་མངའ་བ་དཔྱོད་ལྡན་ཤེས་པར་བྱོས། །སྐྱེ་བར་སྦྱངས་པས་ཤེས་བྱའི་གནས་ཀུན་ལ། །འབད་པ་ཆུང་ངུས་མཁྱེན་རྟོགས་ཆེར་འཁྲུངས་པ། །རང་ནོར་བཅོལ་པོ་ལེན་དཔེ་ཇི་ལྟའི་ཚུལ། །ཡུད་ཀྱིས་མཁས་པའི་འགྲན་བྲལ་གོ་འཕང་བརྙེས། །ཤུལ་རིངས་འཕགས་པའི་ཡུལ་བྱོན་པཎྜི་ཏ། །རང་ཚིག་གཟུགས་ཀྱིས་ཚིམ་ཚེ་བརྗོད་བྲལ་བས། །ལྐུགས་པའི་རྨི་ལམ་ཇི་ལྟའི་ངང་ཉིད་དུ། །ཞག་མངས་ངལ་བའི་ཁུར་གྱིས་གནོན་བཞིན་བཞུགས། །དེ་ཚེ་ཕྱོགས་བཅུར་བསྔགས་པའི་བྱ་མ་རྟ། །ཕྲིན་ཡིག་མགུལ་ཐོགས་འདབ་ཆགས་བུ་ཚོལ་ལྟར། །ས་མཐའ་ཡོངས་སུ་ཉུལ་ཡང་མུན་པའི་རུམ། །གངས་ཁྲོད་རང་གི་དེ་ཉིད་གསལ་བར་བྱས། །ཆེར་ཁྲོས་སྦྲུལ་གདུག་གནས་པའི་ཁང་ལོགས་སུ། །ནོར་བུ་རབ་དྭངས་འོད་སྣང་གསལ་མིན་ལྟར། །སྐད་གཉིས་སྨྲ་མཁས་དེ་ནི་མདུན་བཞག་ནས། །གླང་རྫི་ཡོངས་ལ་ཤེས་སམ་བརྡ་སྦྱོར་དྲིས། །སླད་ནས་མཛངས་གྲུང་ལྡན་པའི་ཁ་ལོ་པས། །སྙན་ལྗེབས་ཤིང་རྟས་དྲངས་པའི་བཀྲ་ཤིས་ཚིག །ལེགས་བསྒྱུར་ངོ་མཚར་དད་པའི་ཤར་རིའི་རྩེར། །སྨྲ་མཁས་ཉིན་བྱེད་གཞོན་ནུ་གསལ་བར་ཤར། །པཎྜི་ཏ་དེའི་ཡིད་ཀྱི་པདྨོའི་ཚལ། །རབ་རྒྱས་ཕྱུར་མཐོང་ཆེ་དགུའི་བུང་བའི་ཚོགས། །བདག་ཉིད་ཆེ་དེའི་ཞབས་རྟེན་གདིང་བའི་གོས། །ལེན་པར་བརྩོན་ལ་གཤོག་རྩེ་གཡོ་བ་འདྲ། །བསླབ་སྦྱངས་ཡོན་ཏན་རྩི་སྨན་མཆོག་དེ་ཡིས། །སྡུག་སེམས་སྡང་བའི་ཟུག་རྔུའི་ཚོགས་བཀྲུས་ནས། །ཡིད་ངོར་མཛེས་པའི་མིག་ཟུར་དཀྱུས་རིང་དག །སྙིང་ནས་ཆགས་པས་ཡུན་དུ་བལྟ་བར་བྱས། །བདུད་དཔུང་ལས་རྒྱལ་རྒྱལ་བའི་སྲས་ཁྱོད་ནི། །མི་འཇིགས་གདོང་ལྔ་ལྔ་རྩེན་ཁྲིར་འཁོད་དེ། །ཕྱོགས་བཅུར་རབ་གྲགས་གྲགས་པའི་རྔ་ཆེན་དག །འབད་པ་མེད་བཞིན་བཞིན་བཟང་ཡོངས་ཀྱིས་བསྐུལ། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། ངོ་མཚར་གྱི་དུམ་བུ་འགའ་ཞིག་ལས་བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་གསུམ་པའོ།།  །།དེར་ཆོ་འཕྲུལ་གྱི་སྨོན་ལམ་གྲོལ་རྗེས་མལ་གྲོའི་ནང་དུ་ཕེབས་ནས། སྔོན་གསང་ཕུར་བཞུགས་དུས་གནས་ཀྱི་སློབ་དཔོན་མཆོག་ཏུ་གྱུར་པའི་མཁན་ཆེན་ཉི་མ་རྒྱལ་མཚན་པའི་དྲུང་དུ་སྐྱིད་སྡུག་ལམ་ཁྱེར་དང༌། ཁྲོ་ཕུ་བའི་བདེ་མཆོག་དཀར་པོ་ཁ་ཆེ་པཎ་ཆེན་ལུགས་དེ་གསན་རྗེས། དཔྱིད་སོས་ཀྱང་རྒྱ་མ་རིན་ཆེན་སྒང་ཉིད་ན་བཞུགས་དུས། རྒྱལ་རྩེ་ནས་རྣམ་ཐར་རྡོར་རྒྱལ་མར་ཆོས་ཀྱི་རྒྱལ་པོ་རབ་བརྟན་ཀུན་བཟང་འཕགས་པ་དང༌། རྣམ་ཐར་རྗེ་དབོན་མར་སོག་པོ་འཕགས་པས། དཔལ་འཁོར་བདེ་ཆེན་གྱི་ཆོས་དཔོན་དུ་སྤྱན་འདྲེན་ཕྱིར་འཕགས་པ་ཐུགས་རྗེ་ཆེན་པོ་དོན་ཡོད་ཞགས་པའི་ལི་མ་ཁྱད་འཕགས་དང༌། གདུགས་དཀར་པོའི་ཞུ་ཡིག་རྟེན་བཅས་བྱོན་པ་ལ་དཀོན་མཆོག་གི་སྤྱན་སྔར་ལེགས་སྨོན་གྱི་བརྟག་པ་མཛད་པས་མ་ཆོད་པར། ཐབས་མཁས་ཀྱི་འཕྲུལ་གྱིས་བཏང་སྙོམས་སུ་བསྒྱུར་བའི་ཞུ་འཕྲིན་སྤེལ་ལེགས་ཀྱི་སྙན་ངག་ཕུལ་ལོ། །དེ་ནས་ཆོས་སྡིངས་རིན་པོ་ཆེའི་སྤྱན་སྔར་ཕྱག་འབུལ་ལ་ཕེབས། འབྲུག་པ་རྒྱལ་དབང་ཆོས་རྗེ་ཡང་ནཻ་གུའི་ཁྲིད་གསན་པ་ལ་ཕེབས་གནང་བས་རང་རེས་ཀྱང་ཞུས། དེར་སྔར་ལྟར་འཆད་ཉན་གྱི་སྦྲེལ་བཀོད་མེད་པས། ཡིད་ལ་ངེས་འབྱུང་སོགས་ཀྱི་འཁུལ་ཆེ་ངོས། སྒྱུ་མ་རྨི་ལམ་གྱི་གོ་མྱོང་ལྷུག་པ་རང་ཞིག་སྐྱེས། སྔ་ཕྱིར་ནཻ་གུའི་ཁྲིད་བཟླས་པ་ལན་བཞི་ཐོབ། དབང་བྱིན་རླབས་རྗེས་འབྲེལ་ནི། ལྷུན་སྡེ་རབ་འབྱམས་པས་ཞུ་དུས་དེ་རང་ཡིན། གཞན་གསུམ་ཀ་ཁྲིད་རྐྱང་རེ་རང་བྱུང་ཞེས་དྲིན་ཅན་སྤྱང་ལུང་པའི་གསུང་སྒྲོས་སོ། །དེའི་དབྱར་སྨད་ནས་དཔྱིད་སོས་བར་འོད་གསལ་རྩེར་སྐུ་མཚམས་དམ་པ་རང་གནང་ནས་ཀྱེ་རྡོ་རྗེའི་གཞི་བསྙེན་མཛད་ཅིང༌། ཟླ་བ་དགུ་ལ་ཁ་གསོའི་སྦྱིན་སྲེག་བར་མཐར་ཕྱིན། བཀའ་ལས་ཀྱང་རང་རེ་ལྕེ་མི་བདེ་བ་རང་མེད་ཅིང༌། ཡིད་ལྷག་པར་འཇུར་བས། ཨཥྚ་གྲངས་བཏབ་བཀོད་པས་འབུམ་ཕྲག་བཞི་ཟླ་བ་དྲུག་ལ་འགྲོ་ཙམ་བྱུང་ཞིང༌། སླར་ཡང་ཟླ་བ་ཕྱེད་དང་གཉིས་ཀྱང་ནན་སྦྱོར་གྱིས་བགྲངས་དེང་སང་ནི་དུས་མྱུར་རང་ལ་གྲངས་བསྙེན་རེ་སོང་བ་སྐད་ཀྱིན་འདུག་ནའང༌། དེ་ཀུན་གྱིས་མ་རེ་མ་རེ་ཀ་རེ་ཀ་རེ་བྱས་པ་ཀ་ལོས་ཡིན། འདི་འདྲ་ལ་བྱིན་རླབས་གང་ལ་ཡོང༌། སྔགས་དག་དགོས་ཞེས་དྲུང་བཙུན་ཤེས་རབ་དཔལ་འབྱོར་བ་ལ་དངོས་སུ་གསུངས་པས། བདག་ལོ་བཅོ་བརྒྱད་ལོན་དུས་ཀྱཻ་རྡོ་རྗེའི་གཞི་བསྙེན་བྱེད་དུས་ཁོང་པས་ནན་གྱིས་བོས་ནས་བཀའ་སྩལ་དུ་གནང་བ་ཡིན་ནོ། །མང་དཀར་བ་ཟླ་བ་མགོན་པོའི་སྙན་ན། ངོར་དུ་གྲྭ་སྐོར་གྱི་སྐབས། རྗེ་རྡོ་རྗེ་འཆང་ཆེན་གྱིས་དཔེ་ལྟ་གྱིས་ཤེས་བསྐུལ་དུས། གཞི་བསྙེན་མཛད་གསུང་བ་ཅིག་བཞུགས་འདུག་ཀྱང་མ་དག་པ་ཡིན་ཏེ། དེ་དུས་ཡུན་ཟླ་བ་གསུམ་ལས་མ་སོང་བ་དང༌། ཡང་པཎ་ཆེན་རིན་པོ་ཆེ་ཉིད་ཀྱི་བཀའ་ལས། ངེད་རང་གིས་བླ་མེད་ཀྱི་དབང་ཐོབ་པ་དང༌། བསྙེན་པ་བྱས་པའི་ཐོག་མ་དེ་གཉིས་ཀ་འཇིགས་བྱེད་འདི་ཡིན། བྱིན་རླབས་ཀྱི་ཟིལ་ཆེས་ཆེ་བ་ཅིག་རང་ཡོད་ཅེས་བདག་གི་བླ་མ་པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས་པ་ལ་དངོས་སུ་བཀའ་ལུང་གནང་འདུག་པས། དེ་དུས་ཀྱི་ལྷ་བསྙེན་དེ་ཡང་འཇིགས་བྱེད་ཉིད་དུ་མངོན་ནོ། །ཡང་བཀའ་ལས་རང་རེའི་གསང་ཕུའི་ཆེན་པོའི་ཁུར་དེ་བཞག་འཕྲལ། འོད་གསལ་རྩེར་ཀྱེ་རྡོ་རྗེའི་བསྙེན་བསྒྲུབ་ཟླ་བ་དགུ་པ་ཅིག་མཚམས་བཅད་ཆ་དམ་པ་རང་བྱས། དེ་དུས་སྡིག་པ་འདྲ་དག་པའི་རྟགས་ཡིན་ཡོད། ཐོ་རང་འོད་གསལ་གྱི་འཆར་སྒོ་ཡ་མ་ཆ་འགའ་རེ་བྱུང༌། འོད་གསལ་རྩེ་མོ་མིང་དོན་ལྡན་ཡིན། ཞེས་གླང་ཐང་དུ་ནཻ་གུ་གསུང་བའི་སྐབས་ཅིག་གསུང་ཞེས། ནཻ་གུ་ཉན་པའི་མངའ་རིས་པའི་གྲྭ་རྒན་འགའ་རེས་ཟེར་བ་ཐོས་ཤིང༌། ཡང་ཁོག་ལུང་རབ་འབྱམས་པ་ནམ་མཁའ་རབ་གསལ་བའི་གསུང་ལས། པཎ་ཆེན་རིན་པོ་ཆེས་འཕན་ཡུལ་གྱི་ནཱ་ལེནྡྲའི་འཁྲིས་ཀྱི་འོད་གསལ་རྩེར་འོད་གསལ་གྱི་ངང་ནས་སངས་རྒྱས་ཀྱི་ཞིང་ཁམས་གཟིགས་ལུགས་དེ་འདྲ་སྔོན་གྱི་གྲུབ་ཐོབ་གོང་མ་གང་ནའང་མེད་གསུང་ངོམ་ངོམ་མཛད་པས་ཀྱང་མཚོན་ནོ། །དེར་དགུང་ལོ་བཞི་བཅུ་ཞེ་གཅིག་ཏུ་ཕེབས་པ་ས་ཕོ་བྱི་བའི་ལོ། དབུ་མ་འཇུག་པའི་ཊཱི་ཀ་ངེས་དོན་གནད་ཀྱི་ལྡེ་མིག་འདིའི་ཐུགས་རྩོམ་གནང་འཕྲལ། དབྱར་དེ་ཡང་སྐུ་མཚམས་བཅད་ཆ་མ་ཞིག་གི་དགོངས་པ་ཡོད་པ་ལ། གཙང་ཕྱོགས་ནས་སྐད་ཆ་འཕར་མ་ལ། རྗེ་དོན་ཡོད་དཔལ་བའི་དྲུང་ཚོ། གཞི་སྡེ་མཁྱེན་རབ་པས་གསང་ཐབས་ཀྱིས་བྱང་ལམ་ལ་སྤྱན་འདྲེན་པ་འདུག་ཟེར་བ་གསན་འཕྲལ། དེ་ལྟར་ན་ཕྱག་འབུལ་ཞིག་ལ་མ་ཕྱིན་ན་ག་ལ་ཡོང་དགོངས། པཎ་ཆེན་ཉིད་ལ་ཆིབས་ཙམ་ལས་གཞན་སྒལ་མ་མ་གནང་བར་མྱུར་སྤྱོད་དུ་ཕེབས་པས། རྗེ་དོན་ཡོད་དཔལ་བ་དཔོན་སློབ་རྣམས་ཉུག་རྒྱལ་ཁང་ན་ཆོས་དབར་ལ་བཞུགས་པའི་སྟེངས་སུ་ཕེབས། དེར་རྗེ་དོན་ཡོད་དཔལ་བའི་དྲུང་གིས། ཕྱག་ལེན་སོགས་དཔེ་མེད་ཀྱི་བཀུར་སྟི་གནང་ཞིང༌། དེར་འདུས་གྲྭ་པ་བུ་སློབ་ཀུན་གྱིས། སྔ་སོར་སྲས་མཆོག་པས་གསང་ཕུ་ཚུལ་དུ་སྙན་གསན་ཕུལ་བའི་དོན་འབྲས། རྗེ་དོན་ཡོད་དཔལ་བའི་གདན་ས་གནང་དགོས་ཟེར་ནན་བསྐྱེད་ཀྱི་ཞུ་བ་ཕུལ་བས། པཎ་ཆེན་རིན་པོ་ཆེའི་བཀའ་ལས། ཐོག་མར་གཞི་བྱེད་ཡོ་བགྲོས་ནས་རྗེ་དོན་ཡོད་དཔལ་བ་གུ་གེར་མི་ཕེབས་པའི་ཞུ་བ་གྱིས་གསུང་ནས་མཛད་པས། དྲུང་ཆེན་པོ་བ་གསུང་ན་ཨ་ཕོ་རྒད་པོ་སྡོད་ལགས་གསུང༌། ཞལ་གྱིས་བཞེས་ཞིང༌། དོན་དུ་རྗེ་དོན་ཡོད་དཔལ་གཞིས་ཀ་བའི་ཏི་ཤྲཱི་སོང་བས་སྤྱན་འདྲེན་ཡང་མ་སྤོབས་པར་གུ་གེ་བའི་མི་རྣམས་ལོག་དགོས་པ་བྱུང་ཞིང༌། དེ་ལོ་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོ་བདེ་བར་གཤེགས་ནས་ལོ་སྐོར་གཅིག་སོང་བའི་དུས་ཡིན་པས་བླ་མའི་རྗེས་དྲན་ལ་ངོར་དགོན་སར་དུ་ཕེབས། དེ་དུས་གདན་སར་རྒྱལ་ཚབ་ཀུན་དགའ་དབང་ཕྱུག་པ་བཞུགས་པས། ཀན་ཙའི་སྟེང་ནས་བསུ་བ་སོགས་ཆེ་བཀུར་དཔག་མེད་སྩལ། དེར་ཀྱེ་རྡོར་ཌོཾ་བྷི་ལུགས་དང༌། མཚོ་སྐྱེས་ལུགས་ཀྱི་དབང་གནང་ཚར་བའི། ནག་པོ་ལུགས་ཀྱི་སྟ་གོན་དང་འགྲིག་ནས་ཞུ་བ་གནང་ཞིང༌། སྐུ་གསུང་ཐུགས་སྙིང་པོ་ཀྱེ་རྡོ་རྗེ་དང་བཞིའི་དབང་གསན་ཞིང༌། ཁྱད་པར་སྔར་རྡོ་རྗེ་འཆང་ཉིད་ལ་གསན་ལྷག་གི་རྗེ་རྡོ་རྗེ་འཆང་གི་བཀའ་འབུམ་ཕྱེད་ཙམ་གྱི་ལུང་ཡང་གསན། དེ་རྗེས་ཆུ་མིག་ཏུ་ཆེ་ས་བདག་ཆེན་པའི་དྲུང་དུ་ཕེབས། སྔར་གྱི་ས་སྐྱ་བཀའ་འབུམ་གྱི་ལུང་ལྷག་ཡོངས་སུ་རྫོགས་པ། པུ་ཏྲ་མིང་སྲིང་གི་རྗེས་གནང༌། དཀར་བདུད་ལྕམ་དྲལ། དུར་ཁྲོད་བདག་པོའི་རྗེས་གནང༌། དེ་དག་གི་སྒྲུབ་སྐོར་ཡོངས་སུ་རྫོགས་པར་གསན། བཀའ་ལས་སློབ་དཔོན་དོན་ཡོད་དཔལ་བའི་གྲྭ་ཚང་འདི་གཡག་རོང་གི་ངག་སྒྲོས་ཐུན་མོང་མ་ཡིན་པ་སྐྱོང་བའི་བཤད་གྲྭ་ཡིན་པས་འདིའི་མགོ་འདོན་བསྟན་པའི་རྒྱུན་ལ་དགོངས་ནས་ཁྱེད་ཀྱིས་མཛོད། རང་རེའི་བུ་ཚབ་ཀྱང་ཁྱེད་ལ་འཆོལ། ཆུ་མིག་གཞིས་ཀ་འདི་ཡང་ཆོས་གཞིས་ལ་སྦྱོར་སོགས་བཀའ་ལུང་ཟློག་དཀའ་བ་རང་གནང་བས་ཁས་ལེན་འབུལ་དགོས་བྱུང་གསུང་ཞིང༌། དེ་ནས་མར་ལམ་དགོན་པ་ཤར་དུ་ཞག་འགའ་བསྡད་ནས། མཚན་བརྗོད་ཊཱི་ཀ་དང༌། འཇམ་དབྱངས་རིགས་དྲུག་གི་བསྟོད་པ་དེ་ཡང་བརྩམས། དེ་དུས་དགེ་རྒན་བསོད་རྒྱལ་བ་ཡོང་ནས་ངེད་ལ་ཚོགས་སུ་འདོན་རྒྱུའི་རྗེའི་སྐུ་བསྟོད་ཅིག་དགོས་ཟེར་བས་རྒྱལ་བའི་གསུང་རབ་མ་འདི་བརྩམས་པ་ཡིན་ཡང་གསུང་ངོ༌། །དེའི་སྟོན་ཀ་དབུས་ལ་ཕེབས་ནས་ལམ་མི་འཆག་ལ་སྤྱང་ལུང་རིན་པོ་ཆེའི་དྲུང་དུ་ཕྱག་འབུལ་ལ་ཕེབས་པས། དེར་སྤྱང་ལུང་རིན་པོ་ཆེ་བའི་ཞལ་ནས། ཁྱེད་ཀྱི་གྲགས་པས་ནི་སྔར་རྣ་བ་འོན་འགྲོ་བ་ཙམ་བྱུང༌། ད་ནི་མངོན་པར་རྟོགས་པའི་ཡོན་ཏན་ཆེན་པོ་ཞིག་ཀྱང་ཐུགས་ལ་འཁྲུངས་སྣང་ངོ༌། །ཁྱེད་ཀྱིས་ཕྱག་བྱས་དུས་ཀྱང་ངེད་ལ་ཟིལ་ཆེན་པོ་ཞིག་ཡོད་སྣང་གསུང་བ་ཡོངས་ཁྱབ་ཏུ་གྲགས་སོ། །དེའི་དཔྱིད་ཆོས་འཁོར་རྩེར་བཞུགས་ནས་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱི་ཀ་སྐལ་བཟང་འཇུག་ངོགས་ཀྱི་ཐུགས་རྩོམ་གནང་བའི་དབུ་བཙུགས་ཙམ་ལ་མངའ་རིས་གློ་བོ་ནས་ཆོས་རྒྱལ་བཀྲ་ཤིས་མགོན་པོས་སྤྱན་འདྲེན་གྱི་སྙན་གསན་འདེབས་བྱེད་རིན་པོ་ཆེའི་རྟེན་དང་བཅས་པའི་ཞུ་ཡིག་ཞིབ་རྒྱས་ཕུལ་བས། ད་ཁྱེད་རྣམས་ས་ཐག་རིང་ནས་འོངས་པ་ལ། ཇོ་བོ་ཤཱཀྱ་མུ་ནེ་གསུང་བྱོན་ཅིག་ཡོད་པ་ལ་མཇལ་ཀ་ཞུ་ཞིང་ངེད་ཀྱང་འགྲོ་སྡོད་ཀྱི་ལུང་བསྟན་ཞུ་ཕྱིར་ཆོས་སྡིངས་སུ་འགྲོ་གསུང་ཕེབས། དེར་རིན་པོ་ཆེ་དེ་རྣམས་མཎྜལ་དུ་མཛད་ནས་སྤྱང་ལུང་རིན་པོ་ཆེའི་དྲུང་དུ་ཕུལ། རྒྱུ་མཚན་ལུང་བསྟན་ཞུས་པས། རེ་ཞིག་ཐུགས་མཉམ་པར་བཞག་ནས། དེར་སྐུ་སྟོད་སེང་མཛད་ནས། དྲུང་ཆེན་པོ་བ་སེམས་ཅན་གྱི་འགྲོ་དོན་ཆེར་ཡོད་སྣང་བས། འབྲུག་ལོ་ལ་བྱོན་པ་ལེགས་གསུང་བ་ཇི་ལྟ་བའི་ཞུ་ཡིག་ལན་ཡང་མངའ་རིས་ལ་གནང་སྐད་དོ། །བློ་གསལ་བྱེ་བ་སྟོང་གི་དབང་གྱུར་ཏེ། །སྒྲུབ་དང་སུན་འབྱིན་གནས་ཀྱི་ཚད་མའི་ཡུལ། །ལེགས་སྦྱངས་མཁས་པས་སོར་བཅུས་བཀུར་བའི་གནས། །ཆེན་པོའི་གོ་འཕང་དེ་ཡང་ཁྱེད་ཀྱིས་སྤངས། །ཆོས་བརྒྱད་མཛེས་སྣང་རི་དྭགས་སྨིག་རྒྱུའི་དཔེ། །མཁས་རློམ་ཕལ་གྱི་སྙིང་གིས་མི་འཕོང་ཀྱང༌། །སྣང་སྲིད་སྒྱུ་མ་རྨི་ལམ་ཡུལ་སྣང་བཞིན། །ལེགས་དགོངས་ཁྱེད་ཀྱིས་སྲང་མདོའི་རྩྭ་ལྟར་དོར། །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་གསང་བའི་ཆོས། །ཡང་དང་ཡང་དུ་སྙན་ནས་ཐུགས་སུ་སིམ། །འོད་གསལ་དྭངས་ཤེལ་གསལ་བའི་མེ་ལོང་དེར། །མཐའ་ཡས་ཤེས་བྱའི་ཡུལ་ཀུན་རྗེན་པར་ཤར། །ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །ཞིང་རྡུལ་ཇི་སྙེད་མ་འདྲེས་གཟིགས་མོའི་ཆ། །ཡེ་ཤེས་མིག་གཅིག་དྲི་མེད་མངའ་བ་ཅན། །ཁྱེད་ཀྱི་རྣམ་ཐར་གསང་བ་བརྗོད་ལས་འདས། །དགེས་མཛད་ཏིང་འཛིན་གསལ་བའི་དཀྱིལ་འཁོར་དུ། །མཚན་སྐྱོབ་སྔགས་ཀྱི་ནཱ་ད་གླུར་ལེན་ཞིང༌། །ལྷ་དང་ཡེ་ཤེས་སྣང་བའི་རོལ་མོ་པ། །གསང་སྔགས་འཛིན་པ་ཡོངས་ལའང་འདི་མ་གྲགས། །རྣམ་རྟོག་བཟླས་བརྗོད་གྲངས་ཀྱིས་ཆོག་ཆོད་མཁན། །ཀུན་བརྟགས་འཁྲུལ་པའི་རྨི་ལམ་རོ་མྱང་བའི། །བྱིས་པའི་རྡོ་རྗེ་འཛིན་པ་ལས་འདས་ཁྱོད། །ས་ལ་རྡོ་རྗེ་སེམས་དཔར་རབ་གྲགས་ལགས། །ཞེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས། རྟོགས་པའི་རང་བབ་མངོན་སུམ་དུ་གྱུར་པའི་སྐབས་ལས། བསྒྲགས་པའི་རབ་ཏུ་བྱེད་པ་བཅུ་བཞི་པའོ།།  །།རྣམ་ཐར་རྡོར་རྒྱལ་མར་ས་གླང་ལ་གསེར་མདོག་ཅན་བཏབ་ཅེས་འབྱུང་ཡང༌། རྣམ་ཐར་གཞན་གཉིས་སུ་མི་སྣང་ཞིང༌། ངོ་བོ་སྔར་བརྗོད་པ་ལྟར་བྱི་ལོའི་སྟོན་དགོན་པ་ཤར་དུ་བཞུགས་ས་ཙམ་མཛད། དེར་རྒྱ་རྒན་ནང་པས་གདན་འདྲེན་ཞུས། དེ་དུས་རྒྱ་རྒན་དཔོན་བགྲེས་པ་རང་རས་འབོལ་རིང་བ་ཅིག་གི་སྣ་ལ་བསྡད་འདུག་པས་ལྡང་བ་ཙམ་གྱི་བཞེངས་བཀུར་བྱས་ཞེས་གསུང་ཞིང༌། ལྕགས་ཕོ་སྟག་ལོ་དགུང་ལོ་ཞེ་གསུམ་སྟེང་དེར་བསྡད་དབུ་བཙུགས་པའི་རྩ་ཤེའི་ཊཱི་ཀ་གྲུབ་རྗེས། གསེར་མདོག་ཅན་དུ་དགུང་ལོ་ཞེ་བཞིའི་ངོ་ལ་རྟ་པའི་ཆོ་འཕྲུལ་གྱི་ཡར་ཚེས་ལ་ཕེབས་ཤིང༌། སྔོན་གནས་དེར་རྒྱལ་བ་གཡུང་སྟོན་པས། རྟ་དྲེ་ཁ་དོག་དཀར་བ་རེ་དང༌། དངུལ་བྲེ་ཆེན་གཅིག་བཅལ་ནས་ཉོས་པ་ཡིན་ཏེ། ད་ལྟའི་ཕུག་མོ་ཆེར་གྲགས་པའི་གང་ཕུག་དེར་ཡང་ཕུར་གྱི་བསྒྲུབ་ཆེན་གནང་བས་ལྷག་པའི་ལྷ་དེ་དག་གི་ཞལ་གཟིགས་ཤིང༌། དམ་ཆོས་རྫོགས་པ་ཆེན་པོའི་ལྟ་སྒོམ་ཡང་མངོན་དུ་གྱུར་པས། རིན་བཅལ་བ་ཟི་བར་དགོངས་ནས་ཟི་ལུང་དུ་མིང་བཞག་ཅེས་གཡུང་སྟོན་པའི་རྣམ་ཐར་ནང་དུ་འབྱུང་བ་བཞིན་གནས་ལ་མིང་དེ་ལྟར་དུ་ཡོངས་སུ་གྲགས་པས། རྗེ་དོན་ཡོད་དཔལ་བའི་སྐུ་རིང་ལ་མིང་དེ་ཀ་སྒྲོག་ཅིང༌། པཎ་ཆེན་རིན་པོ་ཆེས་ཞབས་བཀོད་ཕྱིན་གསེར་མདོག་ཅན་ཞེས་དགོན་པའི་མིང་ཡང་གསར་འདོགས་མཛད་ནས་དེར་སྨོན་ལམ་སོགས་ཆོས་སྒྲིགས་ཀྱི་དབུ་ཚུགས་ཙམ་གནང་རྗེས་དཔྱིད་ཆོས་ཤངས་ཀྱི་སྲེག་ཤིང་ན། ས་སྐྱ་པཎྜི་ཏའི་ཆོས་ཁྲི་ཡོད་པའི་སྟེངས་ནས་སྩལ་བས་རྟེན་འབྲེལ་ལྷག་པར་ལེགས་པ་གཙང་ཕྱོགས་སུ་དཔལ་ལྡན་ས་སྐྱ་པའི་འཆད་ཉན་དོན་དང་ལྡན་པ་ཞིག་ཚུགས་ངེས་སྙམ་དུ་དགོངས་ཞེས་གསུང་སྒྲོས་ལས་འབྱུང་ཞིང༌། དེའི་དབྱར་གནས་ལ་སླར་གསེར་མདོག་ཅན་དུ་ཕེབས་ནས་གཞི་གསུམ་ཆོ་གའི་ཕྱག་བཞེས་ལེགས་པར་སྲོལ་གཏོད། དེ་གོང་རྗེ་དོན་ཡོད་དཔལ་བའི་དུས་ཀྱང་དེ་འདྲའི་ཐ་སྙད་ཡེ་མེད་པས། དཀར་པོ་བྲག་པའི་རྒན་ཞུགས་ཞིག་དང་ལྷན་ཅིག་དྲུང་ནས་ཆོས་ཀྱི་བཟང་པོ་སོགས་ཀྱིས་ཀྱང་སྤྱི་བཤགས་སོགས་ལ་རྗེས་ཟློས་གསུང་བ་དྲན་ཞེས་སློབ་དཔོན་སྲས་མཆོག་པ་གསུང་ཞིང༌། དེའི་ཕྱི་ལོ་ཆུ་ཕོ་འབྲུག་ལོ་དགུང་ལོ་ཞེ་ལྔར་ཕེབས་པའི་སྣོན་གྱི་ཟླ་བ་ལ་གསེར་མདོག་ཅན་ནས་བཏེག་སྟེ། དེའང་རིགས་རུས་ཡོན་ཏན་དུ་མས་མངོན་པར་མཐོ་བའི་རྗེ་བཙུན་ངག་དབང་ཆོས་ཀྱི་རྒྱལ་པོ་དང༌། ཤར་མི་ཉག་གི་པཎྜི་ཏ་ཆོས་གྲགས་དཔལ་བཟང་པོས་གཙོ་མཛད་པའི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་གཅིག་གཞན་སློབ་གཉེར་བ་ཤ་སྟག་ཉིས་བརྒྱ་སྟེ་སློབ་དཔོན་སུམ་བརྒྱ་ཙམ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ལས་བརྒྱུད་ནས་རིམ་གྱི་དམ་པ་རྒྱ་གར་གྱི་གྲུབ་གནས་དིང་རི་གླང་འཁོར་ལ་མཛད་དེ། བསྟན་པའི་སྦྱིན་གནས་མཆོག་ཏུ་གྱུར་པ་དེའི་ཡུལ་ལྗོངས་ག་ལ་བ་དེར་བསྐྱོད་བདེ་བར་གཤེགས་པར་མཛད་དོ། །དེར་གློ་བོ་ནས་ཀྱང་བསུ་བའི་བཀོད་པ་ཁྱད་པར་ཅན་དག་གིས་ཀྱང་རིམ་གྱིས་སྤྱན་འདྲེན་པ་གནང་སྐབས་འབྲོག་ལམ་གྱི་རི་ཁྲོད་ཅིག་ན། རི་གཅིག་མ་དཔལ་ལྡན་གཞོན་ནུར་གྲགས་པའི་ནཻ་གུའི་གྲུབ་ཐོབ་ཆེན་པོ་ཅིག་བཞུགས་པའི་ཁོང་གི་སྒྲུབ་གནས་དེ་དང་ཉེ་བར་པཎ་ཆེན་རིན་པོ་ཆེ་འཁོར་བཅས་ཕེབས་པའི་ནུབ་མོ་མནལ་གྱི་འོད་གསལ་གྱི་ངང་ལས། ཕྱོགས་དེར་རྗེ་བཙུན་འཇམ་དབྱངས་བྱང་ཆུབ་སེམས་དཔའི་འཁོར་དང་བཅས་པ་བཞུགས་པའི་སྣང་བ་བྱུང་ནས་སང་ཆེད་ཀྱིས་མཇལ་བ་ལ་བྱོན་ཏེ། བདག་ལ་ཆོས་འབྲེལ་དུ་འཇམ་དབྱངས་ཀྱི་བསྟོད་པ་ཞིག་སྩོལ་ཞེས་ཞུས་ནས། གང་བློ་མའི་ལུང་མཛད་ཅེས་གྲགས་ཤིང༌། ཡང་གློ་བོར་རང་གི་ལུང་ནང་དུ་ཕེབས་པའི་ཉིན། དེའི་ཤར་ལུང་ན་བཞུགས་པའི་རྟོགས་ལྡན་དཔལ་ལྡན་ལེགས་པ་ཞུ་བ་ཞིག་ལ་མནལ་ལམ་དུ། རྗེ་བཙུན་འཇམ་དབྱངས་སྨྲ་བའི་སེང་གེ སེང་གེ་སྔོན་པོ་ལ་ཆིབས་པ་ཞིག་དང་མཇལ། ཁོང་གི་བྱིན་རླབས་ཅིག་ཞུ་ཞུས་པས། ཞལ་ནས་ཡི་གེ་དྷཱིཿཡིག་གཅིག་གནང་བ་མིད་པས་ལུས་སེམས་བདེ་བའི་ངང་ནས་མནལ་སད་དེ། དེའི་དོན་ལ་བསམ་པས་དེ་རིང་ཤར་ཕྱོགས་ནས་འབྱོན་ཟེར་བའི་བླ་མ་དེ་ནི་མཁས་པར་མ་ཟད་རྗེ་བཙུན་འཇམ་དཔའི་དབྱངས་དངོས་གཅིག་ཡོད་པར་འདུག་པས་ད་ལྟ་རང་མཚམས་ནས་ཧར་འདོན་བྱས་འགྲོ་སྙམ་བཞེངས་ནས་བྱོན་པས་སྙིང་རྗེ་ཁང་བུར་མཇལ་ནས་བདག་ལ་དངོས་གྲུབ་ཅིག་ཞུ་ཞུས་པས། པཎ་ཆེན་རིན་པོ་ཆེ་ཆིབས་པ་སྔོན་པོ་ཞིག་ཆིབས་ནས་ཞལ་འདོན་གནང་བའི། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། གསུང་བའི་ཚིག་མཚམས་དེར་ཧག་ཐུ་གསུང་ལྗགས་ལུད་ཅིག་སྩལ་བ་ཁོང་ཉིད་ཀྱི་གཟིགས་ལམ་དུ་ཡི་གེ་དྷཱིཿགུར་ཀུམ་གྱི་མདོག་ཅན་དུ་གྱུར་བ་ཞིག་ཏུ་གཟིགས་ཤིང༌། དེ་མ་ཐག་ད་ཞལ་དུ་མིད་པས་རོ་དཔེས་མི་མཚོན་པ་ཞིག་བྱུང་གསུང༌། ཕྱིས་མི་ཕྱེད་པའི་དད་པས་མཚན་ནས་བརྗོད་པའམ། གཞན་གྱིས་མཚན་བརྗོད་པ་གསན་ནའང་སྤྱན་ཆབ་གཡོ་བ་ཞིག་བྱུང་ཞིང༌། ཁོང་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་མཐར་ཕྱིན་ཡིན་པས། འདྲེ་འདུལ་ལ་ཡང་ཡང་གཤེགས་དུས་ཀྱང་ལྷ་འདྲེ་གང་བབས་ཀུན་གྱིས་སྐྱབས་སུ་མཆིའོ། །ཁྱེད་རང་ཕྱིར་མི་ལྡོག་པའི་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལགས་སོ། །ཞུ་བ་ཡང་བྱུང་ངོ༌། །དེར་གློ་བོའི་ཐུབ་ཆེན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་དུ་ཐོག་མར་ཕེབས། དེ་མཚམས་རྣམ་རྒྱལ་ཆོས་སྡེར་སྤྱན་དྲངས་ཤིང༌། བྱེས་པའི་དཔོན་སློབ་ཀུན་དང༌། གཞི་པ་སློབ་གཉེར་དོན་འདུན་ལྔ་བརྒྱ་ཙམ་ཞིག་ཀྱང་འདུས་ནས། དེར་དཔོན་སློབ་སློབ་གཉེར་བ་ཤ་སྟག་དེ་རྣམས་ལ་ཆོས་རྒྱལ་བཀྲ་ཤིས་མགོན་པས་གཞན་སྨོས་ཀྱང་ཅི། ཐ་ན་འཚོ་བྱེད་ཚུན་ཡང་ཆེད་སྐོས་སྦྱར་ཏེ་གང་གིས་ཀྱང་གཡེང་བ་མེད་པའི་སོ་སོ་ནས་སློབ་གཉེར་འབའ་ཞིག་གིས་ཉིན་མཚན་དུས་འདའ་བར་གྱུར་ཅིང༌། དེར་སྔ་ཕྱིའི་གཏོང་ཆོས་དུས་གཉིས་སུ་མཛད་པའི་རེ་རེ་ལ་ཡང་ཕར་ཚད་རྣམ་རྒྱལ་ཆོས་སྡེའི་སྒྲིགས་ཡིག་ཆོས་རྗེ་རྡོ་རྗེ་འཆང་གི་ཕྱག་རྟགས་འབྱར་བའི་སྟེངས་ནས་མཛད་པའི་དབང་ལས། རོང་ཊཱིཀ་རང་གི་སྟེང་ནས་མངོན་པ་མཛོད་ཀྱང་རོང་ཊཱིཀ་དང༌། རིགས་གཏེར་གཡག་མི་ཕམ་ཆོས་ཀྱི་བླ་མས་མཛད་པའི་སྦྱོར་ཊཱིཀ་གི་སྟེངས་དང༌། སྡོམ་གསུམ་རྗེ་རྡོ་རྗེ་འཆང་གི་གཅུང་པོ་གཞོན་ནུ་སེང་གེ་བའི་ཊཱི་ཀའི་སྟེང་ནས་གནང་དགོས་པ་ལྟར་མཛད་ཅིང༌། སྐབས་འདི་མངོན་པ་ཀུན་ལས་བཏུས་ལ་བཟད་པ་བློ་རྒྱམ་པའི་ཊཱི་ཀ་དང༌། མདོ་རྩ་རྗེ་བཙུན་རེད་མདའ་པའི་ཊཱི་ཀའི་སྟེངས་ནས་གསུངས་ཞེས་དེ་དུས་གཞུང་ཆོས་གསན་པ་ཡོངས་ཀྱིས་གསུངས་ཤིང༌། གཞན་ཞལ་ནས་སྤྱི་དོན། ཐལ་རང༌། ཐ་མ་ཐུན་མོང་ཟིན་ཐུན་ནས་བསྡུས་སྦྱོར་བར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་སྩལ་ཞིང༌། དེར་ཕྱིས་ཀྱི་འཆད་ཉན་པའི་ངོ་བོ་དྲུང་ནས་ལྷ་བཙུན་པ་བཀྲ་ཤིས་ལྷུན་པོ་ཚོར་ཐུགས་གཉེར་གྱི་མགོ་བག་ཙམ་གནང་བ་ཞིག དྲུང་ནས་ཉང་རམ་པའང་རིགས་འབྲིང་ཙམ་སྔོན་སོང༌། དྲུང་ནས་སངས་བློ་བས་གྲྭ་ཚང་ཆེན་མོར་ལུང་འབྲིང་ཙམ་མཛད་པ། དྲུང་ནས་གྲགས་བཟང་པ་ཡང་སྣར་ཐང་ཚོར་བསྡུས་ར་དང་བསྒྲིགས་པས་ཀས་ཙམ་རེ་ཡོད་ཅེས་གྲག་གོ །གཞན་བློ་གསར་ནས་བཀའ་བཅུ་རབ་འབྱམས་པར་ཐུགས་བསྐྱེད་དེ་དུས་ལས་ཆེ་བ་མི་དྲན་གསུང་ཞིང༌། ནམ་ཟླ་རེ་ལ་སྒྲིགས་གོང་དུ་འཕར་བའི་ཚུལ་འཛིན་པ་ཤ་སྟག་བྱུང༌། དེའི་ལོ་གསར་པ་ཆུ་མོ་སྦྲུལ་གྱི་ལོའི་དཔྱིད་སོས་དེར་གློ་བོ་སྨོན་ཐང་གི་དཔལ་འབྱོར་ལ་སྤྱན་ཟུར་མ་བདེ་བའི་དབང་ལས་ལྷོ་བྱང་གི་ཁྲི་དམག་ལྷགས་ཤིང༌། དེར་པཎ་ཆེན་རིན་པོ་ཆེ་ཉིད་སྤྱི་མཆོད་དུ་གྲགས་པས་བར་ཞུགས་གནང་བའི་ལེགས་སྤེལ་ཅི་ཡང་གནང་ཡང༌། གཞན་ཕྱོགས་ནས་གསན་སྒོ་ཆེར་མེད་པར་གྱུར་པའི་སྐབས། ཆོས་རྒྱལ་བཀྲ་ཤིས་མགོན་པས། གློ་བོ་ནང་གི་སྔགས་བན་མཐུ་བོ་ཆེར་རློམ་པ་ཡོངས་ལ་གཏོར་ཟློག་སོགས་སྐུ་རིམ་ཆེར་གནང་ཀྱང་དམིགས་འགྲོ་ཙམ་ཡང་མ་བྱུང་བར་དམག་དཔུང་རྣམས་གློ་བོ་རང་གི་ཉིན་ལམ་ཙམ་དུ་སླེབས་པས་ཐུགས་སྐྲག་ནས། རྣམ་རྒྱལ་ཆོས་སྡེར་སྡེ་པ་རང་ཡང་ཕེབས། པཎ་ཆེན་རིན་པོ་ཆེ་ལ་ཡུས་སུ་གསོལ་ཏེ། ཐུགས་དམ་གཏོར་མ་ཅིག་གནང་དགོས་ཞུས་པས། ད་དེ་རང་བྱེད་པའི་དུས་ལ་བབ་འདུག་པས་དེ་ལྟར་བགྱིའོ་གསུང༌། དེར་སྡེ་པ་དཔོན་སློབ་རྣམས་ཀྱི་དགོངས་པ་ལ་དྲག་གཏོར་ལྟ་བུའི་འཇིགས་འཇིགས་ཤིག་ཡོངས་དགོངས་པའི་ངང་ནས་རྒྱུན་གྱི་ཐུགས་དམ་གཏོར་ཆུང་དེ་རང་གཟིམས་ཁང་གི་སྟེང་གི་དམག་དཔུང་ཡོང་ལམ་ཕྱོགས་སུ་བཞག་པའི་སྐད་ཅིག་དེ་ལ། དེར་འཚོགས་ཡོངས་ལ་གསལ་པའི་བྱ་རོག་ཆེར་ཁྲོས་པ་ཞིག་གིས་སྐད་ཀྱི་ང་རོ་དྲག་པོ་དང་བཅས་གཏོར་མ་མཆུས་ཁྱེར་ནས་དམག་ཕྱོགས་ལ་མདའ་ལྟར་སོང་བས་ཀུན་འཇིགས་ཤིང་ཡ་ང་བའི་ངང་ནས། ད་ནི་བཀའ་སྲུང་རང་གིས་ཕྲིན་ལས་བསྒྲུབ་ཅེས་ཡིད་རྣལ་དུ་འཁོད་པར་གྱུར་ཅིང༌། དེ་ནུབ་མཚོ་རྔུབས་ཟེར་བའི་གློ་བོའི་ལུང་སྲུབས་ཅིག་ན་བྱང་སེམས་དཀོན་རྒྱལ་བར་གྲགས་པའི་ནཻ་གུའི་གྲུབ་ཐོབ་ཆེན་པོ་ཞིག་བཞུགས་པའི་མནལ་ལམ་དུ། རྣམ་རྒྱལ་ནས་དཔལ་མགོན་ཞལ་བཞི་པའི་དམག་དཔུང་བློས་མི་འཁྱུད་པའི་གོ་མཚོན་ཅན་ས་ཡ་ཁྲག་ཁྲི་གང་ཐོན་ནས་དགྲ་ཕྱོགས་སུ་སོང་བའི་མཚན་མ་འོད་གསལ་ལ་དགོངས་ནས་སྔ་བར་ཀུན་ལ་བཀའ་གནང་ཞིང༌། ལྷོ་བྱང་གི་དམག་མི་ཀུན་ཀྱང་དེ་ནུབ་རང་ལ། རང་འུར་ལ་གར་སོང་ཆ་མེད་དུ་ལངས་ནས། ཤུལ་ན་དངོས་སྤྱད་ཇི་སྙེད་ལུས་པ་དག་ལ་ལམ་འགྲོན་པ་དག་གིས་ཧབ་ཐོབ་ཏུ་བྱས་སོ། །དཔལ་མགོན་ཞལ་བཞི་པའི་བདག་པོར་གྲགས་ནས། གློ་བོ་ནང་གི་དགོན་ཆེ་ཆུང་གི་བླ་མ་སློབ་དཔོན་མང་པོས་རྗེས་གནང་རྩེ་གཅིག་ཏུ་གསོལ་བ་བཏབ་པས། གཞན་ལ་ཐུགས་དམ་བརྟག་པ་མ་ཆུད་པར། བསམ་རྩེ་ཀུན་སྤངས་པར་གྲགས་པའི་ཆོས་སྐྱོང་གི་གྲུབ་ཐོབ་ཏུ་བྱེད་པ་ཅིག་ལ་གནང་བས། དེར་གློ་བོའི་ས་ཕྱོགས་མ་ལུས་པ་ཤ་ཆེན་བསྲེགས་པའི་དུད་པས་གང་བའི་ཆོ་འཕྲུལ་དངོས་སུ་བསྐུལ་ལོ། །འདིའི་ལོ་རྒྱུས་དག་རྣམ་ཐར་གཉིས་སུ་མ་ཆུད་ཀྱང༌། རྣམ་ཐར་རྗེ་དབོན་མར་ཟུར་ཙམ་འབྱུང་ངོ༌། །དེར་ཤིང་ཕོ་རྟ་ལོའི་དཔྱིད་ཆོས་ལ་ཀུན་མཁྱེན་རོང་པོའི་རྣམ་ཐར་དང༌། དབྱར་གནས་སྟེངས་སུ་གཞི་གསུམ་གྱི་ཆོ་ག་བདུད་རྩིའི་རོལ་མཚོ་ཡང་རྩོམ་པ་གནང་ཞིང༌། དེ་ལོ་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་རིགས་པའི་སྣང་བའི་ཐུགས་རྩོམ་ཡང་གྲུབ་རྗེས། སྟོན་དུས་ཆོས་རྒྱལ་བཀྲ་ཤིས་མགོན་པས་འཕགས་པ་བརྒྱད་སྟོང་པའི་བཤད་ལུང་གསན་དུས་མེ་ཏོག་གི་ཆར་ཆེན་པོ་བབས་པ་ལ། བཀའ་ལས་རང་རེའི་ནུས་པ་མིན་རྒྱལ་བའི་བཀའ་དྲི་མ་མེད་པ་ལ་བསྟན་པ་ལ་དགའ་བའི་ལྷའི་ཚོགས་ཀྱིས་མཆོད་པ་ཡིན་ཞེས། ཁེངས་བསྐྱུང་ཡང་གནང་ཞིང༌། དེར་ལུང་སྩལ་བའི་བརྒྱད་སྟོང་པ་ཕྲེང་བ་ཅན་ཨར་བྱང་ཆུབ་ཡེ་ཤེས་ཀྱི་ཐུགས་དམ་ཡིན་ཞེས་ཀྱང་ཐོས་སོ། །སླར་ཡང་པཎ་ཆེན་ནགས་རིན་ལས་གསན་པའི་སྒྲོལ་དཀར་ཚེ་བསྒྲུབ་ཆིག་བརྒྱུད་ཀྱང་སྩལ་ཞེས་ཐོས་སོ། །དེ་སྐབས་སྔགས་གཏན་མི་གསུང་བའི་ཚོད་ཙམ་ཡིན་ཞིང༌། སྐྱེ་བོ་བྱིན་ལ་ཁྲོམ་ཆོས་དབུ་མ་ལུགས་ཀྱི་སེམས་བསྐྱེད་ལན་མང་དུ་སྩལ། སྡེ་པ་ཨ་སེང་པས་ཉ་སྟོང་ཚེས་བརྒྱད་གསུམ་ཀ་ལ་བསྙེན་གནས་ཡན་ལག་བརྒྱད་པ་མ་ཆག་པར་ཞུས་དུས། པཎ་ཆེན་ནགས་རིན་གྱི་ཕྱག་བཞེས་ལྟར་སྩལ་བས་སྡོམ་པ་རྒྱ་གར་མའི་ཐ་སྙད་བྱུང་ཞིང༌། དེར་དགེ་ཚུལ་དགེ་སློང་ཁ་ཡར་བསྒྲུབ་པ་གནང་བའི་ལས་སློབ་ཐམས་ཅད་མི་ཉག་ཆོས་གྲགས་པས་གནང་ཟེར་ཞིང༌། བྲག་སྟེངས་བླ་མ་བྱང་ཆུབ་དཔལ་བ་ཞུ་བས་པཎ་ཆེན་རིན་པོ་ཆེ་ལ། བདག་ལ་སྣམ་སྦྱར་ལེགས་པ་ཞིག་ཡོད་པ་གྱོན་དགོས་པར་མཆིས་པ་བསྙེན་རྫོགས་ཞུས་པས་མཚར་ཏོ་གསུང༌། སྤྱན་ཆབ་གཡོས་གཡོས་བཞད་ཅེས་ཀྱང་སྒྲོག་གོ །དེ་སྐབས་གློ་བོ་ན་གསོལ་ཇ་རི་ཤིང་དུ་གྲགས་པ་དང༌། རྐྱང་ཟིར་གྲགས་པའི་གང་བཟང་གཉིས་ཡོད་པ་གང་བཟང་ལ་མ་འཆམ་པར། ཇ་དེ་གཉིས་སྐོལ་ཚད་རེ་ཞུ་མི་བས་ངེད་མ་འཆམ་པས། པཎ་ཆེན་རིན་པོ་ཆེས་བཀའ་གནང་ཞིག་ཐུགས་ལ་འདོགས་པར་ཞུ་ཞུས་པས། ལྕགས་ཐབ་ཆུ་འཛིན་སྔོན་པོའི་སྤྲིན་རུམ་ན། །ཙནྡན་མེ་ལྕེ་དམར་པོ་གློག་ལྟར་འཁྱུག །འུར་དིང་འབྲུག་གི་བུ་མོ་ངར་སྒྲ་འབྱིན། །གན་གར་འཁོར་ཡུག་ཡངས་པའི་གནས་མཆོག་འདིར། །རི་ཤིང་བདུད་རྩིའི་ཆར་རྒྱུན་ལེགས་ཕབ་པའི། །དང་པོའི་ཕུད་དེ་ཏཱ་ར་ཉིད་ལ་འབུལ། །དེ་ནས་རང་གི་མགྲིན་པའི་ལམ་དུ་མྱངས། །ད་ལྟའི་དུས་ན་ལེགས་བཤད་ཀུན་འཕེལ་ཞིང༌། །ན་ཆུང་རྐྱང་ཟིའི་བུ་མོ་སྐྱེངས་ཏེ་ཐལ། །ཞེས་གསུང་ཞེས་གཏམ་དུ་སྒྲོག་གོ །འདི་དུས་དྲུང་ཆེན་སངས་རྒྱས་སེང་གེ་བ་གནས་སྒོའི་ཁམས་པ་གནས་སྐོར་བ་འགའ་དང་བཅས་གངས་རི་མཚོ་གསུམ་སྐོར་ནས་ཕྱིར་འོངས་པ་དང་མར་ལམ་རྣམ་རྒྱལ་ཆོས་སྡེར་མཇལ། དེ་ཕྱིན་འཕགས་པ་ཀུན་དགའ་བོ་བཞིན་བླ་མ་མཆོག་དེའི་རིམ་གྲོ་བར་བཞུགས་སོ། །དེར་པཎ་ཆེན་རིན་པོ་ཆེ་ཉིད་ཀྱིས་ཚད་མའི་མཐའ་གཅོད་ཆེན་མོའི་ཐུགས་རྩོམ་གནང་ཞིང༌། སྦྱིན་པའི་བདག་པོ་ལ་བཀའ་བསྒོས་ནས། ཕར་ཚད་སོགས་གཞུང་ཆེན་རྣམས་པར་དུ་བསྒྲུབས་པའི་པར་ཕུད་ལ། འཇམ་དཔལ་མཚན་བརྗོད་རྒྱ་པར་མ་དང་འགྲན་བཟོད་དེ་བརྐོས་ཤིང༌། པར་བྱང་རྣམས་ཀྱང་པཎ་ཆེན་རིན་པོ་ཆེའི་ཐུགས་རྩོམ་དུ་གནང་ལ། པར་གྲུབ་ཕྲལ་གཞུང་རྣམས་ཀྱི་ལུང་དང་ལྷན་ཅིག་པར་བྱང་གི་ལུང་ཡང་སྩལ་བས། མངའ་རིས་ན་ལུང་རྒྱུན་བཞུགས་ལ་བཀའ་འབུམ་ན་མཚུངས་སྣང་ངོ༌། །དེར་བདག་མེད་རྟོགས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། རྨ་བྱ་བྱང་བརྩོན་གྱིས་མཛད་པའི་དབུ་མའི་སྟོང་ཐུན་གཟིགས་པའི་མོད་ལ་སྔོན་གྱི་གནས་རྗེས་སུ་དགོངས་ཤིང༌། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཀར་པོའི་ཞལ་འཛུམ་ལྷག་པར་གསལ་བར་གཟིགས་པས། དེ་ཕྱིན་འཇམ་དཔལ་དགེས་པའི་བཤེས་གཉེན་ཞེས་མཚན་ཟུར་ལ་འདོགས་པ་གནང་ཞིང༌། སྔོན་རྣམ་རྒྱལ་ཆོས་སྡེར་བཞུགས་པའི་མཁན་ཁང་དེ་ཉིད་ན། ཀུན་མཁྱེན་རོང་པོའི་བསྟོད་ཚིག་འཁོར་ལོའི་རེ་མིག་མའི། ཁྱོད་ཀྱིས་རབ་འབྱམས་མདོ་ལུང་ལེགས་སྦྱངས་གནང་བཀག་ཇི་བཞིན་མཁྱེན་སོགས་བྲིས་པ་དང༌། ཆོས་ཀྱི་ཁྲི་ཡང་མ་ཉམས་པར་བཞུགས། དེར་འགྲོ་བ་མི་སྨོས་ཅི། མི་མ་ཡིན་པའི་འགྲོ་བའི་ཚོགས་དུ་མ་དག་ཀྱང་ཡོངས་སུ་སྨིན་ཞིང་སེམས་རྣམ་པར་གྲོལ་བའི་ལམ་ལ་བཀོད་དོ། །རྣམ་རྒྱལ་རང་གི་རྫོང་བཙན་དུ་གྲགས་པའི་མི་སྲུན་པ་རང་ཞིག་ཀྱང་དེ་ཕྱིན་རབ་ཏུ་ཞི་བའི་དཔལ་འཛིན་པ་དང༌། གློ་བོའི་ལུང་ལག་བསམ་རྫོང་བྱ་བ་ན། ཕ་ཇོ་བོར་གྲགས་པའི་ཡུལ་འདྲེ་མི་དངོས་སུ་ཁྱེར་ནས་ཟ་བ་ཞིག་ཡོད་པ་ཡང་དེའི་དུས་མན་སེམས་ཅན་ལ་གནོད་འཚེ་གཏན་ནས་མི་བྱེད་པ་དང༌། གཞན་ཆེ་བཙན་དུ་གྲགས་པའི་གླིང་བཞི་ཀུན་ཁྱབ་དེ་ཉིད་ཇོ་བོ་ཞལ་ཁྲོད་བྱ་བ་ན། མུས་ཆེན་དཀོན་མཆོག་རྒྱལ་མཚན་པའི་དངོས་སློབ་ལམ་འབྲས་པའི་གྲུབ་ཆེན་ནམ་བཟར་བྱ་བ་ཞིག་བཞུགས་པའི་དྲུང་དུ་ནུབ་རེ་བཞིན་གཏོར་མ་ལེན་དུ་དངོས་སུ་ཡོད་པ་ལ། དེ་སྐབས་དུས་བཟང་ཀུན་ལ་མ་བྱུང་བས། ཁོང་གིས་ཁྱེད་དུས་བཟང་ལ་གར་འགྲོ་ཡིན་ཡོད་སྨྲས་པས། དེང་སང་རྣམ་རྒྱལ་ཆོས་སྡེ་ན་སྟོན་པ་བཅོམ་ལྡན་འདས་འཁོར་འཕགས་པའི་གནས་བརྟན་བཅུ་དྲུག་དང་བཅས་པ་བཞུགས་པ་ལ་ཕྱག་དང་མཆོད་པ་འབུལ་དུ་ཕྱིན་ཟེར་བས་མཚོན་པའོ། །དེའི་ཕྱི་ལོ་ཤིང་མོ་ལུག་ལོ་ཤར་འཕྲལ་དགུང་ལོ་ཞེ་བརྒྱད་པ་ལ་ཚད་མའི་མཐའ་གཅོད་ཆུང་བའི་ཐུགས་རྩོམ་གནང་ཞིང༌། དེ་མཐར་ཕྱིན་མཚམས་ཙམ་དབུས་ནས་རྒྱ་མ་མཁར་རྩེ་བའི་སྐུ་ངོ་སྤྱི་དང༌། ལྷག་པར་སྤྱན་སྔ་བློ་གྲོས་པ་མཆེད་ཀྱིས་དོ་དམ་ཡང་དག་གནང་ནས་ཤར་ཕྱོགས་སུ་སྤྱན་འདྲེན་ནན་བསྐྱེད་དང༌། ཆོས་འཁོར་རྩེའི་ཐུས་བཙུན་སོགས་བསྟན་པའི་རྒྱུན་གྱི་བཀའ་སྒྲོས་ལྡེབས་ཆེ་བའི་སྙན་སྒྲོན། གོས་མཚལ་ཁ་གསེར་མའི་སྣམ་སྦྱར་ཡ་མཚན་རྨད་བྱུང་སོགས་ན་བཟའ་རྣམ་གྲངས་དུ་མ། ཇ་གོས་དར་གྱི་འབུལ་བ་དཔག་མེད་དག་དང༌། སྤྱང་ལུང་རིན་པོ་ཆེས་ཀྱང་བཀའ་ཤོག རྒྱུན་བཞེས་ཀྱི་གསོལ་དཀར་དང་བཅས་པའི་གནང་སྦྱིན་ཕེབས། འགྲུལ་དེ་སྐོར་ལ་འབྲས་ཡུལ་སྐྱེད་ཚལ་ནས་ཀྱང་གློ་བོ་ཕྱོགས་ལ་འབུལ་སྡུད་པའི་མི་སྣ་དྲག་པ་ཞིག་ཀྱང་བྱུང་བས། དེར་ཡོན་མཆོད་ཀུན་གྲལ་ལ་བཞུགས་སྐབས། པཎ་ཆེན་རིན་པོ་ཆེས། ད་ལྟ་ཀུན་མཁྱེན་བྱམས་ཆེན་རབ་འབྱམས་པ་བཤད་ཉན་གཙོ་བོ་གང་ལ་གནང་གསུངས་པས། དེ་དུས་གློ་བོ་ས་སྐྱ་པ་རང་གི་མོས་ཞེན་པ་ཡིན་དུས་དེ་ལ་དམིགས་ནས་སྡོམ་རིགས་གཉིས་དང༌། ལྷག་པར་སྡོམ་གསུམ་རང་ལ་གནང་ཞུས་པས། འོ་ན་སྡོམ་གསུམ་གྱི་འདི་སྐབས་ཅི་གསུང་ཞེས་དབུ་ཞབས་ནས་དྲི་མལ་མང་དུ་གནང་བས་ལགས་ལགས་ལས་ཚིག་གཅིག་ཞུ་རྒྱུ་མ་བྱུང་བས་རྐྱེན་བྱས། ཆོས་རྒྱལ་བཀྲ་ཤིས་མགོན་པས་ཆེད་ཀྱིས་གསོལ་བ་བཏབ་སྟེ། སྡོམ་གསུམ་ལ་དྲི་བ་བརྒྱ་རྩ་ཞིག་གནང་བའི་སྒོ་དབྱེ་མཛད་པས། དེ་ལྟར་ན་གསུང་ཐོག་མར་སྨན་བླའི་མདོ་བརྒྱད་བརྒྱ་པ་དང༌། དེ་རྗེས་སྡོམ་གསུམ་གྱི་དྲི་བ་བརྒྱ་རྩ་བརྒྱད། རིགས་གཏེར་ལ་ཡང་མཚོན་ཙམ་གྱི་དྲི་མལ་རྣམས་མཛད་ནས། སྡོམ་གསུམ་གྱི་དྲི་ཡུལ་ཐོག་མར་དུས་དེང་སང་གི་བསྟན་པའི་མེས་པོ་ཡིན་པས་གསུང༌། ཀུན་མཁྱེན་སངས་རྒྱས་འཕེལ་བའི་སྤྱན་སྔར་འབུལ་སྡུད་པ་དེ་རྣམས་རང་ལ་ཕུལ་ཞིང༌། གཞན་བྱང་ཚོར་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་པའི་དྲུང་སོགས་ཡོངས་སུ་ཁྱབ་པར་མཛད་ཅེས་གཏམ་དུ་གླེང་ངོ༌། །མངའ་རིས་ཀུནྡ་བཞེད་པའི་དཔལ་གང་ནི། །ཉ་གང་ཟླ་ལྟར་མཁྱེན་དགོངས་ཡོངས་རྫོགས་པ། །བཀྲ་ཤིས་ཤིང་རྟས་དྲངས་པའི་རྒྱུ་སྐར་མགོན། །སྨོན་ལམ་དག་པའི་མཁར་དབྱིངས་དབུས་དེར་ཤར། །མཁྱེན་ཡང་བྱ་ལམ་ཁྱོན་དེར་ཤེས་བྱའི་ཡུལ། །མ་ལུས་ཐོགས་མེད་ཡོངས་སུ་གསལ་བ་ན། །ཀུན་ཁྱབ་གྲགས་པའི་རྔ་ཆེན་ཕྱོགས་བཅུའི་མགྲོན། །མ་བོས་ངང་གིས་བལྟ་ཕྱིར་འོངས་པ་སྙམ། །འཇིག་རྟེན་མེས་པོས་མ་བྱས་སྲིད་འདི་ན། །གང་ཡང་མི་མངོན་སྒྲོག་ཚེ་འདི་ལྟའི་ཚུལ། །རྒྱལ་བ་མཆོག་གི་མཛད་པ་སྒྱུ་མའི་འཕྲུལ། །ངོ་མཚར་འདི་འདྲ་ཚངས་པའི་ཡུལ་ལས་འདས། །ཚོགས་གཉིས་ཤིང་རྟའི་འཁོར་ལོས་ཉེར་དྲངས་པས། །ཡོངས་རྫོགས་བསྟན་པའི་བདག་པོ་སློབ་མའི་ཚོགས། །སངས་རྒྱས་སྲས་བཅས་རྒྱལ་པོའི་ཁབ་ཏུ་བཞིན། །ཡ་མཚན་འདི་ནི་སྙིགས་མའི་དུས་ལས་བརྒལ། །ལྷར་བཅས་འགྲོ་བའི་བསོད་ནམས་ཞིང་གྱུར་པ། །འདུལ་བ་མདོ་སྡེ་མངོན་པ་འཛིན་པའི་རྗེ། །ཆོས་སྨྲའི་སྐྱེ་བོ་མཆོག་ཁྱེད་རྙེད་བཀུར་གྱིས། །རབ་བསྔགས་ཁྲི་ལ་ཁེངས་པ་མེད་པར་བཞུགས། །གང་གི་རྗེས་སློབ་དགྲ་བཅོམ་འཕགས་པའི་འཁོར། །ཞི་ཞིང་རབ་ཞི་ངུར་སྨྲིག་གོས་ཅན་གྱི། །ཚུལ་གནས་མང་ཐོས་མཐར་སོན་སྤོང་བ་པས། །མངའ་རིས་ཡུལ་ལྗོངས་དགེ་བའི་ཕན་བདེ་སྩལ། །ཅེས་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱི་རྣམ་པར་ཐར་པ་ཞིབ་མོ་རྣམ་པར་འབྱེད་པ་ལས་མངའ་རིས་ཀྱི་ཡུལ་འཁོར་དུ་ཆོས་སྒྲ་སྒྲགས་པའི་སྐབས་ལས་རྗེས་སུ་བསྒྲགས་པའི་རབ་ཏུ་བྱེད་པ་བཅོ་ལྔ་པའོ།།  །།དེར་སྡོམ་གསུམ་གྱི་དྲི་བ་ཐོག་མ་རང་དེ། གློ་བོའི་ལུང་ལག་ཉི་ཕུག་དགོན་པ་ན་མཁན་པོ་སེང་གེ་བཟང་པོར་གྲགས་པ་བཟོད་པ་སྐྱ་གཤོག་པའི་དངོས་སློབ་ཅིག་བཞུགས་པ་དེ་ལ་ཕུལ་བས།                     རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*