དགེ་འདུན་ཉི་ཤུའི་མཐའ་རྣམ་པར་དཔྱད་པའི་ཐལ་འགྱུར་ངག་གི་དབང་པོའི་མཛེས་རྒྱན།

༼པ༽༄༅། །དགེ་འདུན་ཉི་ཤུའི་མཐའ་རྣམ་པར་དཔྱད་པའི་ཐལ་འགྱུར་ངག་གི་དབང་པོའི་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།།

དགེ་འདུན་ཉི་ཤུའི་མཐའ་རྣམ་པར་དཔྱད་པའི་ཐལ་འགྱུར་གྱི་ཕྲེང་བ་ངག་གི་དབང་པོའི་མཛེས་རྒྱན་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་དང་མི་དགེའི་དགྲ་ཐབས་བཤམས་མཁས་པ། །དགེ་ལེགས་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཞིང༌། །དགེ་ཚོགས་དཔག་མེད་ཀུན་ནས་བསྐྲུན་པའི་ཞིང༌། །དགེ་འདུན་ཉི་ཤུ་དད་པའི་གཙུག་ན་རྒྱལ། །ཆོས་མངོན་གཞུང་གི་དེ་ཉིད་མི་ཤེས་ཀྱང༌། །རྨོངས་པས་བཀུར་བའི་ཆེར་རློམ་བརྒྱ་ཕྲག་གིས། །ཚིག་གི་ཟེག་ཕྲེང་བསྡུས་པའི་ང་རྒྱལ་གྱིས། །འཛེམ་མེད་སྨྲ་ལའང་ཤིན་ཏུ་དད་བྱེད་ན། །རྒྱ་ཆེན་གཞུང་ལ་སྦྱངས་པ་མི་དམན་ཞིང༌། །དེ་དོན་རིགས་པས་འབྱེད་པའི་མཐུ་བསྒྲུབ་པས། །དྲི་མེད་ལུང་གི་གློག་སྟོང་གིས་འཁྱུད་པ། །རྣམ་གཞག་རིགས་པའི་འབྲུག་སྟོང་སྒྲོགས་ལ་ཉོན། །མཚོན་བྱེད་དཔེའི་དགེ་འདུན་གྱི་རྣམ་གཞག་ལ། གང་ལ་གནས་པ་འབྲས་བུའི་རྣམ་གཞག་དང༌། གང་གནས་པ་གང་ཟག་གི་རྣམ་གཞག་གཉིས། དང་པོ་ལ་དགེ་སྦྱོང་གི་ཚུལ་དང༌། དེའི་འབྲས་བུ་གཉིས། དང་པོ་ལ། དགེ་སྦྱོང་གི་ཚུལ་ཡིན་ན། ཟག་མེད་བར་ཆད་མེད་ལམ་ཡིན་པས་ཁྱབ། ཅེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཆོས་ཅན། དེར་ཐལ། དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱིས་ཐོབ་པའི་བྲལ་བ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། ཁྱོད་ལ་བརྟེན་ནས་ཁམས་གསུམ་ཀ་ལ་འདོད་ཆགས་དང་བྲལ་བ་དེ་དགྲ་བཅོམ་པའི་འབྲས་བུ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། དེ་ཡོད་པའི་ཕྱིར་ཏེ། ཤེས་རབ་རྐྱང་པའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། འཇིག་རྟེན་པའི་བསམ་གཏན་དང་པོའི་ཉེར་བསྡོགས་དེ་ཁྱོད་ཡིན་པའི་ཕྱིར། ཡང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། ཟག་མེད་བར་ཆད་མེད་ལམ་གྱི་བྲལ་བ་ཡིན་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། དེ་ཡིན་ན། རང་གི་ངོས་སྐལ་གྱི་སྤང་བྱའི་ས་བོན་སྤངས་པས་ཁྱབ་པར་ཐལ། དམ་བཅའ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཡིན་ན། རང་གི་ངོས་སྐལ་གྱི་སྤང་བྱ་སླར་མི་ལྡོག་པའི་ཚུལ་གྱིས་སྤངས་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དགེ་སྦྱོང་ཚུལ་གྱི་འབྲས་གནས་ཡིན་ན། དེ་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་དོན། དེ་མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་རང་གི་ངོས་སྐལ་གྱི་སྤང་བྱ་འབྱུང་སྲིད་པའི་ཕྱིར་ཏེ། ཁྱོད་དགྲ་བཅོམ་པ་གང་ཞིག ཁྱོད་ཀྱི་རྒྱུད་ལ་འདོད་ཉོན་འབྱུང་སྲིད་པའི་ཕྱིར་ཏེ། ཁྱོད་རྒྱུན་ཞུགས་སུ་འགྱུར་སྲིད་པའི་ཕྱིར་རོ། །མདོ་སྡེ་པ་ན་རེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་དེ། ཐར་པ་ལ་ཡིད་རྟེན་དུ་རུང་བའི་ཕྱིར། དེས་ན་མཐོང་ཆོས་ལ་བདེར་གནས་ཀྱི་ཏིང་ངེ་འཛིན་ལས་ཉམས་པ་ལ་དགོངས་པ་ཡིན་ནོ། །ཞེས་ཟེར། འོ་ན་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདོད་པའི་ཉོན་མོངས་འབྱུང་སྲིད་པར་ཐལ། ཁྱོད་བསམ་གཏན་པོའི་དངོས་གཞིའི་སེམས་ལས་ཉམས་སྲིད་པའི་ཕྱིར་ཏེ། མཐོང་ཆོས་ལ་བདེར་གནས་ཀྱི་ཏིང་ངེ་འཛིན་ལས་ཉམས་པ་སྲིད་པའི་ཕྱིར། འདོད་ན། སྔར་ལྟར་རོ། །ཁོ་ན་རེ། འོ་ན་ཐར་པ་ལ་ཡིད་རྟེན་དུ་མི་རུང་བར་ཐལ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ཡོད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་གང་ཟག་ཡིན་ན། ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་སོར་ཆུད་པས་ཁྱབ་པའི་ཕྱིར་ཏེ། མཛོད་ལས། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་གསུངས་པའི་ཕྱིར་རོ། །ཡང་རྩ་ཁྱབ་དེ་ལ། ལམ་ཟག་བཅས་ཀྱིས་ཐོབ་པའི་ཕྱིར་འོང་གི་འབྲས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། ལམ་ཟག་བཅས་ཀྱི་བྲལ་བ་ཡིན་པའི་ཕྱིར་ཏེ། ལམ་ཟག་བཅས་ཀྱིས་ཐོབ་པའི་འབྲས་བུ་ཡིན་པའི་ཕྱིར། དེ་དེར་ཐལ། འབྲས་བུ་བར་པ་གཉིས་ལ། ལམ་ཟག་བཅས་ཀྱིས་ཐོབ་པ་དང༌། ཟག་མེད་ཀྱིས་ཐོབ་པ་གཉིས་གཉིས་ཡོད་པའི་ཕྱིར་ཏེ། མཛོད་ལས། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་གསུངས་པའི་ཕྱིར། ཡང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། རྣམ་གྲོལ་ལམ་དང༌། སོ་སོར་བརྟགས་འགོག་གང་རུང་མི་དགོས་ཟེར་ན། དགེ་སྦྱོང་ཚུལ་གྱི་བདག་འབྲས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུ་མཐུན་གྱི་འབྲས་བུ་དང་བྲལ་པའི་འབྲས་བུ་གང་རུང་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། གཞན་ཡང༌། སྤང་བྱ་རིམ་གྱིས་པའི་སྲིད་ཉོན་དགུ་པ་སྤོང་བར་བྱེད་པའི་ཟག་མེད་བར་ཆད་མེད་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། རྣམ་གྲོལ་ལམ་མ་ཡིན་པ་གང་ཞིག སོ་སོར་བརྟགས་འགོག་མ་ཡིན་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། ཁྱོད་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པར་ཐལ། ཁྱོད་རྒྱུ་ལྔ་ཚང་བའི་གནས་སྐབས་ཀྱི་རྟོགས་པ་ཡིན་པའི་ཕྱིར། ཁྱབ་པར་ཐལ། རྒྱུ་ལྔ་ཚང་བའི་དགེ་སྦྱོང་གི་རྟོགས་པ་དེ་ལ་བཞིར་གྲངས་ངེས་པའི་རྒྱུ་མཚན་གྱིས། མཛོད་ལས། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་བཞིར་གསུངས་པ་དེ་འཐད་པའི་ཕྱིར་ཏེ། མཛོད་ལས། འབྲས་བུ་བཞི་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ། རྒྱུན་ཞུགས་ཀྱི་འབྲས་བུ་སོགས་བཞིར་གྲངས་ངེས་ཤེ་ན། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་ཤེས་ཆོས་ཅན། གང་རུང་དེར་ཐལ། དེའི་ཕྱིར་ཏེ། འབྲས་བུ་བརྒྱད་ཅུ་རྩ་དགུ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། མཛོད་ལས། དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་གསུངས་པའི་ཕྱིར། རྟགས་མ་གྲུབ་ན། དེ་དེར་ཐལ། སྒོམ་སྤངས་བརྒྱད་ཅུ་རྩ་གཅིག་སྤངས་པའི་བྲལ་བ་གྱ་གཅིག་དང༌། མཐོང་སྤངས་བརྒྱད་སྤངས་པའི་བྲལ་བ་བརྒྱད་ལ། འབྲས་བུ་བརྒྱད་ཅུ་རྩ་དགུར་འཇོག་པ་དེ་འཐད་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་མ་ཡིན་པར་ཐལ། བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྡུག་བསྔལ་ཆོས་ཤེས་ལ་གནས་པའི་ཉན་ཐོས་དེ་འབྲས་གནས་ཡིན་པར་ཐལ། དེའི་མཐོང་ལམ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཕྱིར་ཞེ་ན། ཁྱབ་སྟེ། མཛོད་ལས། གང་ཞིག་གང་ལ། ཞེས་སོགས་གསུངས་པའི་ཕྱིར། ཞེ་ན། འོ་ན་ཤེས་བྱ་ཆོས་ཅན། འབྲས་གནས་བཞི་པོ་གང་རུང་ཡིན་ན། བཅུ་དྲུག་པའི་རྟོགས་པ་ཐོབ་དགོས་པ་དང་སྤྱིར་དགེ་སྦྱོང་ཚུལ་གྱིས་འབྲས་གནས་ཡིན་ན། དེ་ཡིན་དགོས་པ་གཉིས་པོ་མི་མཚུངས་པ་ཡིན་པར་ཐལ། དགེ་སྦྱོང་ཚུལ་གྱི་འབྲས་གནས་ལ་བཞིར་ཕྱེ་བ་དེ། བཅུ་དྲུག་པའི་རྟོགས་པ་ཐོབ་པའི་དབང་དུ་བྱས་པའི་ཕྱིར་ཏེ། མཛོད་ལས། འབྲས་བུ་བཞི་རྣམ་བཞག་པ་ནི། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་ཆོས་ཅན། འབྲས་གནས་མ་ཡིན་པར་ཐལ། འབྲས་བུ་ལ་ཞུགས་པ་ཡིན་པའི་ཕྱིར། ཞེ་ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་གཅིག་ན་རེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། སྤངས་བྱ་ལ། མཐོང་སྤངས་དང་བསྒོམ་སྤངས་གཉིས་སུ་གྲངས་ངེས་ལ། མཐོང་སྤང་སྤངས་པ་ལས། རྒྱུན་ཞུགས་ཀྱི་འབྲས་བུ་དང༌། སྒོམ་སྤངས་ལ་འདོད་པའི་སྒོམ་སྤངས་དང་ཁམས་གོང་མའི་སྒོམ་སྤངས་གཉིས་ལས། དང་པོ་ལ་ཕལ་ཆེར་སྤངས་པ་ལས། ཕྱིར་འོང་གི་འབྲས་བུ་མ་ལུས་པར་སྤངས་པ་ལས། ཕྱིར་མི་འོང་གི་འབྲས་བུ་བཞག ཁམས་གོང་མའི་སྒོམ་སྤང་སྤངས་པ་ལས་དགྲ་བཅོམ་པའི་འབྲས་བུ་བཞག་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། སྤང་བྱ་ལ་མཐོང་སྤངས་དང༌། སྒོམ་སྤངས་གཉིས་སུ་གྲངས་ངེས་པ་མི་འཐད་པར་ཐལ། སྙོམས་འཇུག་གི་སྒྲིབ་པ་དེ་སྤང་བྱ་གང་ཞིག དེ་གཉིས་གང་ཡང་མ་ཡིན་པའི་ཕྱིར། མཐོང་སྤངས་ཡིན་ན། སྙོམས་འཇུག་གི་སྒྲིབ་པ་ཆོས་ཅན། རྒྱུན་ཞུགས་ཀྱིས་ཁྱོད་སྤངས་པར་ཐལ། དེའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན། རྒྱུན་ཞུགས་ཆོས་ཅན། དེ་མ་སྤངས་པར་ཐལ། ཁྱོད་ཀྱིས་བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར་ཏེ། རྒྱུན་ཞུགས་ཡིན་པའི་ཕྱིར། སྒོམ་སྤངས་ཡིན་ན། དེ་ཆོས་ཅན། ཉན་ཐོས་དགྲ་བཅོམ་པས་སྤངས་པར་ཐལ། སྒོམ་སྤངས་ཡིན་པའི་ཕྱིར། ཁྱབ་རྟགས་ཁས་བླངས་སོ། །འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ཡིན་པར་ཐལ། ཉན་ཐོས་དགྲ་བཅོམ་པ་གང་ཞིག སྙོམས་འཇུག་གི་སྒྲིབ་པ་སྤངས་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཡིན་ན། མཐོང་སྤངས་མ་ལུས་པར་སྤངས་དགོས་པར་ཐལ། དེ་སྤངས་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་བཞག་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཉན་ཐོས་ཀྱི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཐོང་སྤངས་ཤེས་སྒྲིབ་སྤངས་པར་ཐལ། འདོད་པའི་ཕྱིར་ཏེ། འདོད་ན། མ་ཡིན་པར་ཐལ། ཉན་ཐོས་ཡིན་པའི་ཕྱིར། ཅི་སྟེ། རྒྱུན་ཞུགས་འབྲས་གནས་ཡིན་ན། མཐོང་སྤངས་སུ་གྱུར་པའི་ཉོན་སྒྲིབ་མ་ལུས་པར་སྤངས་པས་ཁྱབ་ཅེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མཐོང་སྤངས་སུ་གྱུར་པའི་ཉོན་མོངས་ཀྱི་དབང་གིས་འཁོར་བར་སྐྱེ་བ་ལེན་པའི་ཕྱིར་ཏེ། མཐོང་སྤངས་སུ་གྱུར་པའི་མ་རིག་པའི་དབང་གིས་སྐྱེ་བ་ལེན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱིས་སྲིད་པ་ལེན་པ་གང་ཞིག དེ་ལེན་པ་དེ་སྔོན་སོ་སོ་སྐྱེ་བོའི་དུས་སུ་མ་རིག་པས་ལས་བསགས་པ་ལ་རག་ལས་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་ཀྱིས་མཐོང་སྤངས་སུ་གྱུར་པའི་ཉོན་མོངས་མ་ལུས་པར་མ་སྤངས་པར་ཐལ། ཐེག་ཆེན་གྱི་མཐོང་སྤངས་སུ་གྱུར་པའི་དེ་མ་སྤངས་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པར་མ་སྤངས་པའི་ཕྱིར་ཏེ། ཐེག་ཆེན་གྱི་བསྒོམ་སྤངས་སུ་གྱུར་པའི་ཉོན་མོངས་མ་ལུས་པར་མ་སྤངས་པའི་ཕྱིར། གཞན་ཡང་ཕྱིར་འོང་འབྲས་གནས་ཡིན་ན། འདོད་པའི་བསྒོམ་སྤངས་ཕལ་ཆེར་སྤངས་པས་ཁྱབ་པར་ཐལ། དེ་སྤངས་པ་ལས་ཕྱིར་འོང་གི་འབྲས་བུ་བཞག་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་ཕྱིར་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཤེས་སྒྲིབ་ཕལ་ཆེར་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཉན་ཐོས་ཡིན་པའི་ཕྱིར། གཞན་ཡང༌། ཞིབ་ཆ་མ་འཐོན་པ་རྣམས་ལ་འདི་བཞིན་ཅི་སྟེ། དེ་ཡིན་ན། འདོད་པའི་ཉོན་མོངས་ཕལ་ཆེར་སྤངས་པས་ཁྱབ་ཅེ་ན། ཕྱིར་འོང་ཆགས་བྲལ་སྔོན་སོང་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འཇིག་རྟེན་ལས་འདས་པའི་སྒོམ་སྤངས་སུ་གྱུར་པའི་འདོད་ཉོན་དྲུག་པ་མ་སྤངས་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་བསྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་ཕྱིར་ཏེ། ཆོས་ཅན་རྟགས་འགོད་གཞན་ཡང༌། ཤེས་བྱ་ཆོས་ཅན། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་འབྲས་གནས་ཡིན་ན། ཕྱིར་འོང་འབྲས་གནས་ཡིན་དགོས་པར་ཐལ། སྤངས་བྱ་ལ་དེ་དང་དེར་གྲངས་ངེས་མེད་པའི་ཕྱིར། འདོད་ན་འདོད་ཉོན་དྲུག་པ་སྤངས་པའི་ཅིག་ཅར་བའི་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། ཕྱིར་འོང་འབྲས་གནས་ཡིན་ན། འདོད་པའི་བསྒོམ་སྤངས་མ་ལུས་པར་སྤངས་པས་ཁྱབ་པར་ཐལ། དེ་སྤངས་པ་ལས་དེ་བཞག་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འདོད་པའི་བསྒོམ་སྤངས་ཤེས་སྒྲིབ་སྤངས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཉན་ཐོས་ཡིན་པའི་ཕྱིར། ཁོ་ན་རེ། ཕྱིར་མི་འོང་འབྲས་གནས་ཡིན་ན། འདོད་པའི་ཉོན་མོངས་མ་ལུས་པར་སྤངས་པས་ཁྱབ་ཅེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེར་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་འདོད་པའི་ཉོན་མོངས་འབྱུང་སྲིད་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་པོ་དེ་སེམས་བརྟེན་ནས་ཐོབ་དྲིས་པས། རྒྱུན་ཞུགས་ཕྱིར་འོང་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་གསུམ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་ནས་ཐོབ་སྟེ། སེམས་རྟེན་ཁྱད་པར་ཅན་ཞིག་དགོས་པ་གང་ཞིག བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར། འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་གི་འབྲས་བུ་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ཐོབ་སྟེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་ཆགས་པ་དང་བྲལ་ཟིན་པའི་ཕྱིར། དགྲ་བཅོམ་པའི་འབྲས་བུ་ནི། ཟག་མེད་ས་དགུ་ལ་བརྟེན་ནས་ཐོབ། ཅེས་ཟེར། ཤེས་བྱ་ཆོས་ཅན། རྒྱུན་ཞུགས་ཀྱི་འབྲས་བུ་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་ནས་ཐོབ་དགོས་པ་མ་ཡིན་པར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་དེ་ཐོབ་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སྤངས་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ཕྱིར་འོང་གི་འབྲས་བུ་གསར་དུ་ཐོབ་པའི་སེམས་རྟེན་དེ་ཡིན་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་མི་དགོས་པར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། བསམ་གཏན་གྱི་དངོས་གཞི་ཟག་མེད་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་འདོད་པའི་ཉོན་མོངས་དྲུག་པ་སྤངས་པའི་ཕྱིར་འོང་གི་འབྲས་བུ་ཐོབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་ཟག་མེད་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་འདོད་པའི་བསྒོམ་སྤངས་དྲུག་པ་སྤོང་བ་ཡོད་པའི་ཕྱིར་ཏེ། དེ་ལ་བརྟེན་ནས་དེའི་ས་བོན་སྤོང་བ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་ཐོབ་པ་ཡང་ཡིན། འདོད་ཉོན་དྲུག་པའི་ས་བོན་མ་སྤངས་པ་ཡང་ཡིན་པའི་རྒྱུན་ཞུགས་ཡོད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། འདོད་ཉོན་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡིན་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་དགོས་པར་ཐལ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་བརྟེན་ནས་ཐོབ་དགོས་པའི་ཕྱིར། འདོད་ན། དེ་མི་དགོས་ལ། བསམ་གཏན་གྱི་དངོས་གཞིའི་སེམས་ཐོབ་པའི་གང་ཟག་འདོད་ཉོན་དགུ་པ་སྤོང་བ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། དེ་འདྲ་བའི་གང་ཟག་གིས་འདོད་པའི་ཉོན་ཡིད་སྤོངས་བ་ཡོད་པའི་ཕྱིར་རོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། ཐོད་རྒལ་བའི་ཕྱིར་མི་འོང་གི་འབྲས་བུ་ཡིན་ན། བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་སྐྱེ་བ་ཡིན་པས་མ་ཁྱབ་པར་ཐལ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་དེ་དངོས་སུ་སྐྱེ་བ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་ཆགས་བྲལ་བྱས་ཤིང་བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པའི་གང་ཟག་གྱི་རྒྱུད་ལ་ལམ་རྗེས་ཤེས་ཀྱི་རྟོགས་པ་སྐྱེ་བ་ཡོད་པའི་ཕྱིར། དེ་གསལ་བར་ཐལ། ཤེས་རབ་རྐྱང་པའི་ཆ་ལས་རྣམ་པར་མ་གྲོལ་བའི་ཕྱིར་མི་འོང་ཡོད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། དགྲ་བཅོམ་པའི་འབྲས་བུ་གསར་དུ་སྐྱེ་བའི་སེམས་རྟེན་དེ་ལ་ཟག་མེད་ས་དགུར་གྲངས་ངེས་པ་མ་ཡིན་པར་ཐལ། སྲིད་རྩེའི་སེམས་ལ་བརྟེན་ནས་དེ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་དེ་ལ་བརྟེན་ནས་དེ་ཐོབ་པ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སྲིད་རྩེའི་སྙོམས་འཇུག་དེ་ཟག་མེད་ལམ་གྱི་དངོས་རྟེན་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འཇིག་རྟེན་ལས་འདས་པའི་སྙོམས་འཇུག་ཡིན་པའི་ཕྱིར་རོ། །འབྲས་བུ་བཞི་པོ་ལམ་གང་གིས་ཐོབ་དྲིས་པས། འབྲས་བུ་ཐོག་མཐའ་གཉིས་པོ་དེ་ལམ་ཟག་མེད་ཁོ་ནས་ཐོབ་སྟེ། མཐོང་སྤངས་སྤོངས་བའི་གཉེན་པོ་དང༌། སྲིད་རྩེའི་སྒོམ་སྤངས་སྤོང་བའི་གཉེན་པོས་ཐོབ་པའི་ཕྱིར། འབྲས་བུ་བར་པ་གཉིས་ལམ་ཟག་མེད་དང༌། ཟག་བཅས་གཉིས་ཀས་ཐོབ་སྟེ། ཆགས་བྲལ་སྔོན་སོང་རྣམས་ལམ་ཟག་བཅས་ཀྱིས་ཐོབ། རིམ་གྱིས་པ་རྣམས་ལམ་ཟག་མེད་ཁོ་ནས་ཐོབ་པའི་ཕྱིར་ཞེ་ན། མཐོང་སྤངས་སྤོངས་བའི་གཉེན་པོ་ཡིན་ན། ལམ་ཟག་མེད་ཡིན་དགོས་པར་ཐལ། སྔ་མ་ལ་ཁྱབ་པ་གསལ་བའི་ཕྱིར། འདོད་ན་མི་དགོས་པར་ཐལ། མཐོང་སྤངས་སྤོང་བར་བྱེད་པའི་ལམ་ཟག་བཅས་གསལ་བའི་ཕྱིར་ཏེ། སྲིད་རྩེ་མ་གཏོགས་པའི་མཐོང་སྤངས་རྣམས་འཇིག་རྟེན་པའི་ལམ་གྱིས་སྤོངས་པ་གསལ་བའི་ཕྱིར་ཏེ། མཛོད་ལས། སྲིད་རྩེ་ལས་སྐྱེ་བཟོད་པ་ཡི། །གཞོམ་བྱ། ལྷན་སྐྱེས་མཐོང་དང་སྒོམ་གསུམ་གྱི། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། རྒྱུན་ཞུགས་ཀྱི་འབྲས་བུ་ལམ་ཟག་བཅས་ལ་བརྟེན་ནས་སྐྱེ་བ་གསལ་བར་ཐལ། སྒོམ་ལམ་ཟག་བཅས་ལས་རྒྱུན་ཞུགས་ཀྱི་འབྲས་བུ་དངོས་སུ་སྐྱེ་བ་གསལ་བའི་ཕྱིར་ཏེ། སྒོམ་ལམ་ཟག་བཅས་ལས་རིགས་གནས་རིགས་སྐྱེའི་རྒྱུན་ཞུགས་ཀྱི་འབྲས་བུ་དངོས་སུ་སྐྱེ་བ་གསལ་བའི་ཕྱིར་ཏེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་གསུམ་པའི་བཞི་པ་སྤངས་ཤིང་ལྔ་པ་མ་སྤངས་པའི་འབྲས་གནས་བཞུགས་པའི་ཕྱིར། ཁྱབ་པ་འདི་དམ་བཅའ་ཕྱི་མའི་ཁྱབ་པ་ལ་སྒྲིག་གོ །གཞན་ཡང་ཤེས་བྱ་ཆོས་ཅན། ཕྱིར་འོང་ཆགས་བྲལ་སྔོན་སོང་དེ་ལམ་ཟག་བཅས་ཀྱིས་ཐོབ་པར་ཐལ། དམ་བཅའ་ཕྱི་མ་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། དེ་ལམ་ཟག་མེད་ཁོ་ནས་ཐོབ་པའི་ཕྱིར་ཏེ། ལམ་མ་ཐོབ་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། འབྲས་བུ་བར་པ་གཉིས་ལམ་ཟག་བཅས་ཀྱི་ཐོབ་པ་མེད་པར་ཐལ། དེ་གང་རུང་ཡིན་ན། ལམ་ཟག་མེད་ཀྱིས་ཐོབ་དགོས་པའི་ཕྱིར། གཉིས་ལ་ཅེས་བརྗོད་པ་གང་གནས་པ་གང་ཟག་གི་རྣམ་གཞག་ལ། སྤྱིར་དཔྱད་པ་དང༌། སོ་སོར་དཔྱད་པ་གཉིས། དང་པོ་ལ། ཆགས་བྲལ་སྔོན་སོང་ལ་དཔྱད་པ་དང༌། ཅིག་ཅར་བ་ལ་དཔྱད་པ་གཉིས། དང་པོ་ལ་ཁ་ཅིག་ན་རེ། འབྲས་བུ་དང་པོ་ལ་ཆགས་བྲལ་སྔོན་སོང་མེད་དེ། མཐོང་ལམ་གྱི་སྔ་རོལ་དུ་མཐོང་སྤངས་དང༌། སྲིད་རྩེའི་སྒོམ་སྤངས་ལ་ཆགས་པ་དང་བྲལ་བ་མི་སྲིད་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་གཞི་མཐུན་གསལ་བའི་ཕྱིར་ཏེ། རྒྱུན་ཞུགས་དང་འདོད་ཉོན་ལྔ་པ་ལ་ཆགས་བྲལ་སྔོན་སོང་གི་གཞི་མཐུན་གསལ་བའི་ཕྱིར་ཏེ། དེ་དང་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་ལ་ཆགས་པ་དང་བྲལ་ཞིང༌། རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། འདོད་ཉོན་ལྔ་པ་ལ་ཆགས་པ་དང་མ་བྲལ་བའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་གཞི་མཐུན་གསལ་བའི་ཕྱིར། འདིའི་སྐབས་སུ་ཁ་ཅིག་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། རང་གི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པའི་རྒྱུན་ཞུགས་ཡོད་པའི་ཕྱིར་ཏེ། དེའི་རིགས་ནས་རིགས་སྐྱེ་ཡོད་པའི་ཕྱིར། དེར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་བཞི་པ་ལ་ཆགས་པ་དང་བྲལ་ཞིང༌། ལྔ་པ་ལ་མ་བྲལ་བའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་ཉན་ཐོས་དེ་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཡིན་པའི་ཕྱིར། ཟེར་ན། མི་རིགས་ཏེ། འོ་ན་དེ་འདྲའི་ཉན་ཐོས་དེ་ཆོས་ཅན། ཁྱོད་ཀྱི་འདོད་ཉོན་བཞི་པ་སྤངས་པའི་སྤངས་པ་དེ་སླར་ལྡོག་སྲིད་པར་ཐལ། ཁྱོད་ཀྱི་འདོད་ཉོན་བཞི་པ་སྤངས་པའི་སྤངས་པ་དེ་ལ་ལམ་ཟག་བཅས་ཀྱིས་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་འདོད་ན། ཁྱོད་འདོད་པར་རིགས་མཐུན་ཀྱི་སྐྱེ་བ་གཉིས་སམ་གསུམ་ལས་མང་བ་ལེན་སྲིད་པར་ཐལ། ཁྱོད་རྒྱུན་ཞུགས་འབྲས་གནས་གང་ཞིག ཁྱོད་ཀྱི་རྒྱུད་ལ་འདོད་ཉོན་བཞི་པ་དང་གསུམ་པ་དང་གཉིས་པ་སོགས་འབྱུང་སྲིད་པའི་ཕྱིར། འདོད་ན་དེ་ཆོས་ཅན། ཁྱོད་རྒྱུན་ཞུགས་རིགས་གནས་རིགས་སྐྱེ་མ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། རྒྱུན་ཞུགས་རིགས་གནས་རིགས་སྐྱེ་ཡིན་ན། རང་གི་ངོས་སྐལ་གྱི་སྤང་བྱའི་གཉེན་པོ་ཟག་མེད་ཐོབ་པས་ཁྱབ་པར་ཐལ། དེ་འདྲའི་ཉན་ཐོས་དེ་རྒྱུན་ཞུགས་རིགས་གནས་རིགས་སྐྱེ་ཡིན་པའི་ཕྱིར། འདོད་ན་རྒྱུན་ཞུགས་རིགས་གནས་རིགས་སྐྱེ་ཡིན་ན། རྟོགས་པའི་ཁྱད་པར་སོགས་ཁྱད་པར་གསུམ་ལྡན་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། གཞན་ཡང་རྩ་བའི་དམ་བཅའ་ལ། དགྲ་བཅོམ་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། དགྲ་བཅོམ་དང་ཆགས་བྲལ་སྔོན་སོང་གི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། དགྲ་བཅོམ་ཡང་ཡིན། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡང་ཡིན་པའི་གཞི་མཐུན་གསལ་བའི་ཕྱིར། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་དགྲ་བཅོམ་ཡོད་པའི་ཕྱིར། སྔ་མ་ལ་ཁྱབ་པ་གསལ་བར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡིན་ན། ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། དེ་ལ་ཁོ་ན་རེ། དགྲ་བཅོམ་ཆགས་བྲལ་སྔོན་སོང་མེད་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་སྲིད་རྩེའི་སྒོམ་སྤངས་སྤངས་པ་མེད་པའི་ཕྱིར་ཞེ་ན་འོ་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་མེད་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྤངས་པ་མེད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་འཁོར་བཅས་ཀྱི་ཉོན་མོངས་པ་བཞི་པོ་དེ། འདོད་པའི་ཉོན་མོངས་ཡིན་པའི་ཕྱིར། ཡང་ཁོ་ན་རེ། དགྲ་བཅོམ་ཆགས་བྲལ་སྔོན་སོང་མེད་པར་ཐལ། ཆགས་བྲལ་སྔོན་སོང་ཡིན་ན། རང་གི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། ཞེ་ན། འོ་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐ་མའི་ཆ་མཐུན་ལྔ་ལ་ཆགས་བྲལ་སྔོན་སོང་ཡིན་པར་ཐལ། རང་གི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་སོང་ཡིན་པ་གང་ཞིག ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་གསལ་བར་ཐལ། ཐ་མའི་ཆ་མཐུན་ལྔ་པོ་དེ་ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ཡིན་པའི་ཕྱིར་ཏེ། མངོན་པ་ཀུན་ལས་ཏུས་ལས། ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། ཁམ་ཐ་མ་དང༌། འགྲོ་བ་ཐ་མའི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མཐོང་ལམ་གྱི་སྔ་རོལ་དུ་ཐེ་ཚོམ་དང་བརྟུལ་ཞུགས་མཆོག་འཛིན་སྤངས་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཐེ་ཚོམ་དང་བརྟུལ་ཞུགས་མཆོག་འཛིན་གཉིས་ཆོས་ཅན། ཁྱོད་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་མི་སྲིད་པར་ཐལ། ཁྱོད་མཐོང་སྤངས་པ་དེར་ཐལ། ཀུན་སྦྱོར་གསུམ་མཐོང་སྤངས་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཡང༌། གཡག་ཊཱིཀ་ལས། ཆགས་བྲལ་སྔོན་དུ་སོང་བའི་དགྲ་བཅོམ་ཡིན་ན། དགྲ་བཅོམ་ཆགས་བྲལ་སྔོན་སོང་ཡིན་པས་མ་ཁྱབ་སྟེ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་ཐོབ་པའི་དགྲ་བཅོམ་འབྲས་གནས་དེ་སྔ་མ་གང་ཞིག ཕྱི་མ་མ་ཡིན་པའི་ཕྱིར། སྔ་མ་མ་གྲུབ་ན། དེ་ཆོས་ཅན། ཆགས་བྲལ་སྔོན་དུ་སོང་བའི་དགྲ་བཅོམ་ཡིན་པར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་དགྲ་བཅོམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། དགྲ་བཅོམ་ཆགས་བྲལ་སྔོན་སོང་མ་ཡིན་པར་ཐལ། མཐོང་ལམ་གྱི་སྔོན་དུ་སྲིད་རྩེའི་སྒོམ་སྤངས་མ་སྤང་པའི་ཕྱིར། དེས་ན་ཆགས་བྲལ་སྔོན་དུ་སོང་བའི་དགྲ་བཅོམ་དང་རྒྱུན་ཞུགས་ཡོད་ལ། རྒྱུན་ཞུགས་ཆགས་བྲལ་སྔོན་སོང་དང༌། དགྲ་བཅོམ་ཆགས་བྲལ་སྔོན་སོང་མེད་གསུང་ངོ༌། །འདི་ཡང་རེ་ཤིག་བརྟག་པར་བྱ་སྟེ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་དགྲ་བཅོམ་ཆོས་ཅན། ཆགས་བྲལ་སྔོན་སོང་ཡིན་པར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགྲ་བཅོམ་འབྲས་གནས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། འབྲས་བུ་ཐོག་མཐའ་གཉིས་ལ་ཆགས་བྲལ་སྔོན་སོང་མེད་པར་ཁས་བླངས་པའི་ཕྱིར། རྒྱུན་ཞུགས་ལ་ཡང་སྦྱར་རོ། །དགྲ་བཅོམ་ཆགས་བྲལ་སྔོན་སོང་ཡིན་ན། དགྲ་བཅོམ་གྱི་སྤང་བྱ་ལ་ཆགས་བྲལ་སྔོན་སོང་ཡིན་དགོས་པར་ཐལ། དགྲ་བཅོམ་ཆགས་བྲལ་སྔོན་སོང་མེད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཡིན་ན། ཕྱིར་མི་འོང་གི་སྤང་བྱ་མཐའ་དག་ལ་ཆགས་བྲལ་སྔོན་སོང་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཐ་མའི་ཆ་མཐུན་ལྔ་ལ་ཆགས་བྲལ་སྔོན་སོང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔར་ལྟར་རོ། །གཞན་ཡང་དེ་ཆོས་ཅན། འཇིག་རྟེན་ལས་འདས་པའི་སྒོམ་སྤངས་ལ་ཆགས་བྲལ་སྔོན་སོང་ཡིན་པར་ཐལ། ཕྱིར་མི་འོང་གི་སྤང་བྱ་མཐའ་དག་ལ་ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། རྣམ་དག་ལས། ཆགས་བྲལ་སྔོན་སོང་ཡིན་ན། འབྲས་བུ་ཐོད་རྒལ་བ་ཡིན་པས་ཁྱབ་ལ། ཐོད་རྒལ་བ་ནི་དེར་མ་ངེས་ལ། ཅིག་ཅར་བའི་དགྲ་བཅོམ་པ་བཞིན་ནོ། །ཞེས་གསུངས། རྗེས་འབྲང་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕྱིར་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། འབྲས་བུ་ཐོད་རྒལ་བ་ཡིན་པར་ཐལ། ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རང་གི་ཐོབ་བྱའི་འབྲས་བུ་རྣམས་ཀྱི་དང་པོ་སྔོན་སོང་ནས་བྱས་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་ཆོས་ཅན། དེར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་མངོན་དུ་བྱས་པའི་ཕྱིར་འོང་ཡིན་པའི་ཕྱིར་ཞེས་པ་ལས་གཞན་འོས་མེད་པའི་ཕྱིར། ཕྱིར་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་ཕྱིར་མི་འོང་ཆོས་ཅན། འབྲས་བུ་ཐོད་རྒལ་བ་ཡིན་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་མངོན་དུ་བྱས་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འབྲས་བུ་རིམ་གྱིས་པ་ཡིན་པའི་ཕྱིར། ཡང་རྣམ་བཤད་དག་ལས། ཕྱིར་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་ཕྱིར་མི་འོང་གི་འབྲས་བུ་དེ་འབྲས་བུ་རིམ་གྱིས་པ་ཡིན་ཏེ། འབྲས་བུ་བར་པ་རིམ་ཅན་དུ་ཐོབ་ཅིང༌། དེ་གཉིས་ཀྱི་བར་ན་གཞན་རྒལ་བར་བྱར་མེད་པའི་ཕྱིར་དང༌། འབྲས་བུ་རིམ་གྱིས་པ་ལ་འབྲས་བུ་བཞི་ཀ་རིམ་གྱིས་ཐོབ་དགོས་པ་མ་ཡིན་པའི་ཕྱིར། ཞེས་བཞེད་པ་ལ་ཁ་ཅིག་ན་རེ། སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་པ་ཆོས་ཅན། འབྲས་བུ་རིམ་གྱིས་པ་ཡིན་པར་ཐལ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཅིག་ཅར་བའི་དགྲ་བཅོམ་པའི་འབྲས་བུ་གཉིས་རིམ་ཅན་དུ་ཐོབ་པ་གང་ཞིག དེ་གཉིས་ཀྱི་བར་ན་གཞན་རྒལ་བར་བྱར་མེད་པའི་ཕྱིར། གསུམ་ཆར་རོ་ཟེར་ན། གསུམ་སྒྲིག་མཚམས་ལ། ཤེས་བྱ་ཆོས་ཅན། ཕྱིར་འོང་དང་ཕྱིར་མི་འོང་གི་བར་ན་འབྲས་བུ་གཞན་ཡོད་པར་ཐལ། ཅིག་ཅར་བའི་རྒྱུན་ཞུགས་དང་དགྲ་བཅོམ་པའི་བར་ན་འབྲས་བུ་གཞན་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན་སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་པ་ཆོས་ཅན། འབྲས་བུ་རིམ་གྱིས་པ་ཡིན་པར་ཐལ། རང་གི་འབྲས་བུ་མཐའ་དག་རིམ་ཅན་དུ་བྱས་པའི་འབྲས་གནས་ཡིན་པའི་ཕྱིར། རྟགས་འདོད་ན། ཆོས་ཅན། མ་ཡིན་པར་ཐལ། ཕྱིར་འོང་དང་ཕྱིར་མི་འོང་གཉིས་མངོན་དུ་མ་བྱས་པར་དགྲ་བཅོམ་མངོན་དུ་བྱས་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་སྤང་བྱ་རིམ་གྱིས་པ་ཡིན་པར་ཐལ། འབྲས་བུ་རིམ་གྱིས་པ་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ཅིག་ཅར་བའི་རྒྱུན་ཞུགས་དང་ཅིག་ཅར་བའི་དགྲ་བཅོམ་གཉིས་ཀྱི་བར་ན་འབྲས་བུ་གཞན་ཡོད་པར་ཐལ། སྤང་བྱ་ཅིག་ཅར་བའི་ཕྱིར་མི་འོང་འབྲས་གནས་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། འདོད་ཉོན་དྲུག་པ་སྤངས་ཤིང༌། དགུ་པ་མ་སྤངས་པའི་སྤང་བྱ་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཡོད་པའི་ཕྱིར་ཏེ། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་ཅིག་ཅར་བའི་འབྲས་གནས་ཡོད་པའི་ཕྱིར། རྒྱས་པར་འོག་ནས་འཆད་དོ། །གཉིས་པ་སྤང་བྱ་ཅིག་ཅར་བ་ལ་དོགས་པ་དཔྱད་པ་ལ། འབྲས་བུ་བར་པ་གཉིས་ལ་ཅིག་ཅར་བ་ཡོད་མེད་དཔྱད་པ་དང༌། ཆགས་བྲལ་སྔོན་སོང་ཡོད་མེད་དཔྱད་པ་གཉིས། དང་པོ་ལ་མངོན་སྨྲ་བ་མཐའ་དག་ན་རེ། འབྲས་བུ་བར་པ་གཉིས་ལ་ཅིག་ཅར་བ་མེད་ཅེས་ཟེར། ཤེས་བྱ་ཆོས་ཅན། སྤང་བྱ་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཡོད་པར་ཐལ། འདོད་ཉོན་དྲུག་པ་སྤང་ཤིང་དགུ་པ་མ་སྤངས་པའི་ཅིག་ཅར་བའི་འབྲས་གནས་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤང་བའི་འབྲས་གནས་ཡིན་པའི་ཕྱིར། ཁོ་ན་རེ། དེ་འདྲའི་འབྲས་གནས་ཆོས་ཅན། ཕྱིར་འོང་འབྲས་གནས་མ་ཡིན་པར་ཐལ། ཁྱོད་ཀྱིས་ཁམས་གོང་མའི་ཉོན་མོངས་དྲུག་པ་མ་སྤངས་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ཕྱིར་འོང་འབྲས་གནས་ཡིན་ན། ཁམས་གོང་མའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་དགོས་པའི་ཕྱིར་ཟེར། འོ་ན། དེ་འདྲ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཡིན་པར་ཐལ། ཁམས་གོང་མའི་ཉོན་མོངས་དྲུག་པ་མ་སྤངས་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། རྒྱུན་ཞུགས་ཡིན་ན། ཁམས་གོང་མའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་དགོས་པའི་ཕྱིར། མ་གྲུབ་ན། སྔ་མ་ཡང་མ་གྲུབ་ཅེས་བྱའོ། །ཁོ་ན་རེ། ཕྱིར་འོང་ཡིན་ན། ཁམས་ཀྱི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་དགོས་པར་ཐལ། ཕྱིར་འོང་ཡིན་ན། འདོད་པ་ལ་འདོད་ཆགས་དང་མ་བྲལ་དགོས་པའི་ཕྱིར་ཟེར་ན། འོ་ན་འདིར་ཡང་དེར་ཐལ། དེའི་ཕྱིར། མ་གྲུབ་ན། སྔ་མ་ཡང་མ་གྲུབ་བོ། །ཁོ་ན་རེ། དེར་ཐལ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་སློབ་པའི་འབྲས་གནས་ཡིན་ན། ཕྱིར་མི་འོང་འབྲས་གནས་ཡིན་དགོས་པའི་ཕྱིར་ཟེར་ན། འོ་ན་འདིར་ཡང་དེ་འདྲ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་པོར། དེས་ན་སྤང་བྱ་ཅིག་ཅར་བའི་ཕྱིར་འོང་ནི་ངེས་པར་འདོད་དགོས་སོ། །དེ་ལ་ཁོ་ན་རེ། དེ་འདྲའི་འབྲས་གནས་ཆོས་ཅན། འདོད་པར་ལན་གཅིག་ཕྱིར་འོང་ཡིན་པར་ཐལ། ཕྱིར་འོང་འབྲས་གནས་ཡིན་པའི་ཕྱིར། འདོད་ན། འདོད་ཁམས་སུ་སྐྱེ་བ་ལན་ཅིག་ལེན་པར་ཐལ། འདོད་པའི་ཕྱིར། ཟེར་ན། ཕྱིར་འོང་མཐོང་ཆོས་བཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། ཚེ་དེ་དེ་ཉིད་ལ་མ་སྤངས་མངོན་དུ་བྱེད་ངེས་པའི་ཕྱིར་འོང་འབྲས་གནས་ཡོད་པའི་ཕྱིར། དེ་ལ་ཁོ་ན་རེ། སྤང་བྱ་ཅིག་ཅར་བའི་ལན་ཅིག་ཕྱིར་འོང་མེད་པར་ཐལ། མངོན་པ་ཀུན་ལས་བཏུས་ལས། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་གཉིས་ལས་གཏགས་དགོས་སོ། །ཞེས་གསུངས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། སྤང་བྱ་ཅིག་ཅར་བ་ཡིན་ན། རྒྱུན་ཞུགས་ཡིན་དགོས་པར་ཐལ། རྒྱུན་ཞུགས་དེ་སྤང་བྱ་ཅིག་ཅར་བ་དང༌། སྤང་བྱ་རིམ་གྱིས་པ་གཉིས་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང༌། དེར་ཐལ། མངོན་པ་ཀུན་ལས་བཏུས་ལས། འདི་ནི་རྒྱུན་དུ་ཞུགས་པའི་གང་ཟག་གོ །ཞེས་གསུངས་པ་ལ། རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་ཅིག་ཅར་ངེས་པར་འབྱིན་པའོ། །རིམ་གྱིས་པ་ནི་ཇི་སྐད་བཤད་པ་ལྟར་ཡིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ཞེས་སོགས་བཤད་པའི་ཕྱིར། ཡང་ཅིག་ཅར་བའི་དགྲ་བཅོམ་ཡང་མེད་པར་ཐལ། ཅིག་ཅར་བ་ཡིན་ན། ཁམས་གསུམ་གྱི་ཉོན་མོངས་སྤངས་པ་མ་ཡིན་དགོས་པའི་ཕྱིར། ཁས་བླངས་ཤིང་དེར་ཐལ། དེ་ཡིན་ན། དེ་ཅིག་ཅར་དུ་སྤོང་དགོས་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། འཇིག་རྟེན་ལས་འདས་པའི་ལམ་གྱིས། ཁམས་གསུམ་ན་སྤྱད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ་ཞེས་གསུངས་པའི་ཕྱིར། རེ་ཤིག་སྤང་བྱ་ཅིག་ཅར་བའི་ཕྱིར་མི་འོང་ཡོད་པར་སྒྲུབ་ན། ཤེས་བྱ་ཆོས་ཅན། དེ་ཡོད་པར་ཐལ། འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་ཞིང་སྲིད་རྩེ་ལ་ཆགས་པ་དང་མ་བྲལ་བའི་སྤང་བྱ་ཅིག་ཅར་བ་ཡོད་པའི་ཕྱིར་ཏེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་ཆགས་པ་དང་བྲལ་ཤིང༌། མཐོང་ལམ་ཐོབ་རྗེས་སུ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྒོམ་སྤངས་རྣམས་ཅིག་ཅར་དུ་སྤོང་བ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་སྒོམ་སྤངས་རྣམས་ཅིག་ཅར་དུ་སྤོང་བ་ལ་བརྩོན་བཞིན་པའི་གང་ཟག་ཡིན་ན། འཇིག་རྟེན་པའི་སྒོམ་ལམ་གྱི་སྤང་བྱར་གྱུར་པའི་འདོད་ཉོན་ཆགས་བྲལ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། དེ་མ་ཡིན་ན། མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་སྒོམ་ལམ་རྒྱུད་ལ་སྐྱེ་མི་དགོས་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། ཕྱིར་མི་འོང་འབྲས་གནས་ཡིན་ན། བསམ་གཏན་གྱི་སེམས་ཐོབ་དགོས་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་ཆགས་པ་དང་བྲལ་བ་ཡང་ཡིན། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་འདོད་པའི་ཉོན་མོངས་ལ་ཆགས་བྲལ་བྱེད་པའི་ཕྱིར་མི་འོང་འབྲས་གནས་ཀྱང་ཡིན་པའི་གཞི་མཐུན་མི་སྲིད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཕྱིར་མི་འོང་ཡིན་ན། ལུས་མངོན་བྱེད་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། སྔོན་པ་ཀུན་ལས་བཏུས་ལས། ལུས་ཀྱིས་མངོན་སུམ་བྱེད་པ་གང་ཞེ་ན། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། དེ་འདྲའི་གང་ཟག་དེ་ཆོས་ཅན། ཁྱོད་ཕྱིར་མི་འོང་འབྲས་གནས་མ་ཡིན་པར་ཐལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་པ་ཁམས་ཀྱི་ཉོན་མོངས་ལ་ཆགས་བྲལ་མ་བྱས་པའི་ཕྱིར་ཅེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་བཅུ་དྲུག་པའི་རྟོག་པ་ཐོབ་མ་ཐག་པ་དེ་ཆོས་ཅན། ཁྱོད་ཕྱིར་མི་འོང་འབྲས་གནས་མ་ཡིན་པར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་མ་སྤང་པ་གང་ཞིག མཐོང་ལམ་ཐོབ་ནས་ཀྱང་མ་སྤངས་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་ཕྱིར་ཏེ། བཅུ་དྲུག་པའི་རྟོག་པ་ལ་གནས་པའི་ཕྱིར། འདི་གོང་མའི་སྐབས་སུ་བསྟན་དགོས་སོ། །འདིར་ཅིག་ཅར་བའི་ཆགས་བྲལ་སྔོན་སོང་ཡང་གྲུབ་བོ། །ཡང་སྐབས་འདིར་སྤང་བྱ་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཡོད་ལ། དེ་སྤང་བྱ་ཅིག་ཅར་བ་མ་ཡིན་ནོ། །ཞེས་བརྗོད་ན་ཅི་འགོག ཁོ་ན་རེ། སྤང་བྱ་ཅིག་ཅར་བ་ཡིན་པར་ཐལ། དེ་འདྲའི་སྤང་བྱ་ཅིག་ཅར་བ་ཡོད་པའི་ཕྱིར། ཟེར་ན། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཆོས་ཅན། ཅིག་ཅར་བ་ཡིན་པར་ཐལ། ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཆོས་ཅན། དགྲ་བཅོམ་ཡིན་པར་ཐལ། དགྲ་བཅོམ་ཞུགས་པ་ཡིན་པའི་ཕྱིར། ཞེས་སོགས་མཐའ་ཡས་སོ། །སྐབས་འདིར་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་མེད་ཟེར། དེ་འདྲའི་རྒྱུན་ཞུགས་ཆོས་ཅན། ཁྱོད་ཀྱི་ཞུགས་པ་ཡོད་པར་ཐལ། ཁྱོད་འབྲས་གནས་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཡོད་པར་ཐལ། ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་བདེན་པ་མངོན་པར་རྟོགས་པར་བྱེད་མཁན་དེ་ཡིན་ན། ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཡིན་དགོས་པའི་ཕྱིར། དེས་ན་སྐབས་དེར་དེ་འདྲའི་ཞུགས་པ་ཡོད་ལ། དེ་ཅིག་ཅར་བ་མིན་ཞེས་ཁས་བླངས་པར་བྱའོ། །གཉིས་པ་ཆགས་བྲལ་སྔོན་སོང་ལ་དཔྱད་པ་ལ། མངོན་པ་སྨྲ་བ་ཐམས་ཅད་མགྲིན་གཅིག་ཏུ། ཅིག་ཅར་བ་ལ་ཆགས་བྲལ་སྔོན་སོང་མེད་དེ། ཅིག་ཅར་བ་ཡིན་ན། རྒྱུན་ཞུགས་དང་དགྲ་བཅོམ་གང་རུང་ཡིན་དགོས་པའི་ཕྱིར། ཟེར་ན་ཤེས་བྱ་ཆོས་ཅན། ཆགས་བྲལ་སྔོན་སོང་གི་ཅིག་ཅར་བ་ཡོད་པར་ཐལ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་གི་ཅིག་ཅར་བ་ཡོད་པའི་ཕྱིར། དེར་ཐལ། འཇིག་རྟེན་པའི་འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་གི་ཅིག་ཅར་བ་ཡོད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་ཡིན་ན། འཇིག་རྟེན་པའི་འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། དེར་ཐལ། ཕྱིར་འོང་ཆགས་བྲལ་སྔོན་སོང་ཡིན་ན། དེ་ལ་ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་ཡང་ཡིན། ཅིག་ཅར་བ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། འཇིག་རྟེན་པའི་འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་སོང་ཡིན་ན། འཇིག་རྟེན་ལས་འདས་པའི་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་བས་མ་ཁྱབ་པའི་ཕྱིར། ཡང་ཤེས་བྱ་ཆོས་ཅན། ཅིག་ཅར་བའི་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཅིག་ཅར་བ་ཡོད་པའི་ཕྱིར། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡང་ཡིན། ཅིག་ཅར་བ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡང་ཡིན། ཕྱིར་མི་འོང་ཡང་ཡིན་པའི་གཞི་མཐུན་ཡིན་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། རྩ་བར་རྟགས་མ་གྲུབ་ན། དེར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡང་ཡིན། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་འདོད་ཉོན་དགུ་པ་སྤོང་བ་ལ་བརྩོན་པའི་ཅིག་ཅར་བ་ཡང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར། འོ་ན་སྐབས་འདིར་ཆགས་བྲལ་སྔོན་སོང་གཉིས་པོ་དེ་འབྲས་བུ་བཞིའི་ནང་ནས་གང་དུ་ཁས་ལེན་ཞེ་ན། སྤང་བྱ་ཅིག་ཅར་བ་ལ་འབྲས་བུ་བར་པ་གཉིས་ཡོད་པའི་སྒྲུབ་བྱེད་ལྟར་ན་དེ་དང་དེར་ཁས་བླངས་པས་ཆོག་ལ་དེ་ཡིན་ན། རྒྱུན་ཞུགས་འབྲས་གནས་སུ་ཁས་བླངས་ཀྱང་འགལ་བ་མེད་ལ། དེ་ལྟར་བྱེད་ནའང་འདི་ལྟར་འགྱུར་ཏེ། རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་ཡོད་པའི་ཕྱིར། དེ་ལྟར་སྒྲུབ་བོ། །དེས་ན་འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་དགུ་པ་ལ་ཆགས་བྲལ་སྔོན་དུ་མ་སོང་བའི་གཉེན་པོ་ཡིན་ན། སྤྱིར་ཆགས་བྲལ་སྔོན་སོང་ཡིན་པས་མ་ཁྱབ་པ་ལ་སོགས་པ་ཤེས་པར་བྱའོ། །རྒྱ་ཆེན་གཞུང་གི་གོང་འོག་མི་ཤེས་པར། །ཁོལ་འདོད་ལུང་ཙམ་ཐོབ་པའི་མངོན་རློམ་གྱིས། །ཆོས་མངོན་རྒྱ་མཚོའི་རྣམ་གཞག་སྨྲ་བ་རྫུན། །བདེན་ན་འདི་འདྲའི་རྣམ་འགྱུར་མེད་པ་ཅི། །གཉིས་པ་སོ་སོའི་རྣམ་གཞག་ལ་བཞི། དང་པོ་རྒྱུན་ཞུགས་ཀྱི་སྐོར་ལ་ཞུགས་པ་དང༌། འབྲས་གནས་གཉིས། དང་པོའི་མཚན་ཉིད་ལ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་དེ། རྒྱུན་ཞུགས་ཞུགས་པའི་མཚན་ཉིད་ཡིན་ཟེར་ན། རྒྱུན་ཞུགས་ཞུགས་པ་དབང་རྟུལ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་རྒྱུན་ཞུགས་འབྲས་གནས་ཀྱི་རྒྱུ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་མེད་ན་དེ་མེད་དགོས་པར་ཐལ། ཁྱོད་དེའི་རྒྱུ་ཡིན་པའི་ཕྱིར། ཡང་རང་གི་ཐོབ་བྱའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཟེར་ན། རྒྱུན་ཞུགས་འབྲས་གནས་དབང་རྟུལ་དབང་སྦྱོར་པོ་འཕོ་བའི་ལམ་ལ་བརྩོན་པ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར་ཏེ། རང་གི་ཐོབ་བྱའི་འབྲས་བུ་དབང་རྣོན་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། ཡང་ཁོ་ན་རེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཟེར་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་མཐོང་སྤངས་སྤོང་བ་ལ་བརྩོན་བཞིན་པ་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། ཁྱོད་མཐོང་སྤངས་སྤོང་བ་ལ་བརྩོན་བཞིན་པའི་ཉན་ཐོས་ཡིན་པའི་ཕྱིར། ཁ་ཅིག་སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག འདོད་པའི་སྒོམ་སྤངས་དྲུག་པ་མ་སྤངས་པ་ཟེར་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང་རྒྱུན་ཞུགས་ཞུགས་པ་གཉིས་ཀ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་གཉིས་ཀ་དེ་མ་ཡིན་པར་ཐལ། ཕྱིར་འོང་ཞུགས་པ་དེ་དེ་མ་ཡིན་པའི་ཕྱིར། རྩ་བར་རྟགས་གཉིས་ཀ་དེ་དེར་ཐལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་ཞུགས་པ་དེ་ཡིན། བར་པ་མ་གྲུབ་ན། དེ་གཉིས་ཀས་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པར་ཐལ། དེ་འབྲས་གནས་མ་ཡིན་པའི་ཕྱིར། རྟགས་གསུམ་པ་མ་གྲུབ་ན། དེ་གཉིས་ཀས་དེ་མ་སྤངས་པར་ཐལ། རྒྱུན་ཞུགས་ཞུགས་པས་དེ་མ་སྤང་པའི་ཕྱིར། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པའི་མཚན་ཉིད། རྒྱུན་ཞུགས་ཞུགས་པ་གང་ཞིག ཁམས་གསུམ་གྱི་སྒོམ་སྤངས་ཅིག་ཅར་དུ་སྤོང་བ་ཞེ་ན། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཆོས་ཅན། ཁམས་གསུམ་གྱི་སྒོམ་སྤངས་ཅིག་ཅར་དུ་སྤོང་བ་མ་ཡིན་པར་ཐལ། ཁྱོད་ཀྱིས་འདོད་ཉོན་ཆེན་པོ་དང་ཆུང་ངུ་གསར་དུ་མི་སྤོང་བའི་ཕྱིར་ཏེ། ཁྱོད་ཀྱིས་འདོད་པའི་སྒོམ་སྤངས་ཆུང་ངུ་སྤངས་པའི་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པའི་ཕྱིར། གོང་དུ་འདོད་ན། དེ་ཡིན་པར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་ཁམས་གསུམ་གྱི་སྤངས་བྱ་དགུ་པ་དགུ་ཅིག་ཅར་དུ་སྤོང་བའི་ཉན་ཐོས་ཟེར་ན། མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་འདོད་ཉོན་དྲུག་པ་ལ་ཆགས་བྲལ་བྱས། མཐོང་ལམ་ཐོབ་རྗེས་སུ་འཇིག་རྟེན་ལས་འདས་པའི་ཁམས་གསུམ་གྱི་ཉོན་མོངས་དགུ་པ་ཐམས་ཅད་ཅིག་ཅར་དུ་སྤོང་བར་འགྱུར་བའི་སྦྱོར་ལམ་རྟེན་གཅིག་པའི་རྟོགས་པ་ལ་གནས་པའི་ཉན་ཐོས་ཆོས་ཅན། རྒྱུན་ཞུགས་ཞུགས་པ་ཡིན་པར་ཐལ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། འཇིག་རྟེན་པའི་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་ཟིན་པའི་ཕྱིར། ཁྱབ་སྟེ་མདོ་ལས་འབྲས་བུ་དང་པོ་ལ་ཞུགས་པའོ་ཞེས་གསུངས་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། རྟགས་སྔར་སྒྲུབ་ཟིན་ནོ། །སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད། རྒྱུན་ཞུགས་ཞུགས་པ་གང་ཞིག ཁམས་གསུམ་གྱི་ཉོན་མོངས་པ་དགུ་པ་རྣམས་རིམ་ཅན་དུ་སྤོང་བར་འགྱུར་བ་ཟེར་ན། དེ་ལྔ་སྤང་བྱ་རིམ་གྱིས་པའི་དབང་པོ་སྦྱང་ནས་སྤང་བྱ་ཅིག་ཅར་བའི་ཉན་ཐོས་སུ་འགྱུར་བའི་ཉན་ཐོས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་ཅིག་ཅར་དུ་སྤོང་བའི་ཕྱིར་ཏེ། ཅིག་ཅར་བར་འགྱུར་ངེས་པའི་ཕྱིར། རྩ་བའི་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། ཉན་ཐོས་སྦྱོར་ལམ་པ་དབང་རྟུལ་དབང་པོ་སྦྱོང་ནས་དབང་རྣོན་དུ་དབང་པོ་འཕོ་བ་ཡོད་པའི་ཕྱིར། འདིར་ཁ་ཅིག་ན་རེ། དབང་རྟུལ་ཡིན་ན། དད་པའི་རྗེས་འབྲངས་ཡིན་དགོས། དབང་རྣོན་ཡིན་ན། ཆོས་ཀྱི་རྗེས་འབྲངས་ཡིན་དགོས། ཟེར་ན་རྒྱུ་འབྲས་གནས་དང་དད་པས་མོས་པ་ཆོས་ཅན། དེར་ཐལ། དབང་རྟུལ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། དད་པའི་རྗེས་འབྲངས་ཡིན་ན། དད་པ་ཙམ་གྱི་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་ཁྱབ་པའི་ཕྱིར། ཡང་འབྲས་གནས་མཐོང་བས་ཐོབ་པ་ཆོས་ཅན། ཆོས་ཀྱི་རྗེས་འབྲང་ཡིན་པར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བཅུ་དྲུག་པ་རྟོགས་པ་ཐོབ་པའི་ཕྱིར། ཁྱབ་པར་ཐལ། ཆོས་ཀྱི་རྗེས་འབྲང་ཡིན་ན། ཤེས་རབ་ཀྱི་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བས་ཁྱབ་པའི་ཕྱིར། གཉིས་པ་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། དར་ཊཱིཀ་མཛད་པ་ན་རེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་ཟེར་ན། འདོད་ཉོན་ལྔ་པ་སྤངས་པའི་རྣམ་སྒྲོལ་ལམ་ལ་གནས་པའི་ཉན་ཐོས་སུ་གྱུར་པའི་རྒྱུན་ཞུགས་ཆོས་ཅན། མཚན་ཉིད་དེའི་ཕྱིར། འདོད་ན། བཅུ་དྲུག་པའི་རྟོགས་པ་ལ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཀྱི་ཕྱིར། མཚན་ཉིད་ཀྱི་ཟུར་དུ་ཉན་ཐོས་ཞེས་སྦྱོར་ན། བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་རང་ལ་ཆོས་ཅན། ཉན་ཐོས་ཡིན་པར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རང་འདུལ་ཡིན་པའི་ཕྱིར། རྩ་བའི་དེར་ཐལ། བཅུ་དྲུག་པའི་རྟོགས་པ་ལ་གནས་པའི་དམན་པའི་གང་ཟག་ཡིན་པའི་ཕྱིར་རོ། །མི་ཤེས་བློ་བྱེད་པ་ལ་ལ་ན་རེ། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དགུ་པ་མ་སྤངས་པའི་གང་ཟག་ཀྱང་ཡིན། ཁྱོད་དང་ངོ་བོ་གཅིག་པའམ་ཁྱོད་ཀྱི་ནང་ཚན་དུ་གྱུར་པ་འདོད་ཉོན་དྲུག་པ་སྤངས་པའི་སྤང་བྱ་རིམ་གྱིས་པ་ཡན་ལག་པའི་གཞུང་བཞིན་མེད་ཟེར་ན། ཚིག་ལྟར་ན་དེ་འདྲ་ཆོས་ཅན། ཁྱོད་དེའི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་གང་ཟག་མ་ཡིན་པའི་ཕྱིར་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར། གཞན་ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། རྟགས་ཕྱི་མ་དེར་ཐལ། ཁྱོད་ཡིན་ན། འདོད་ཉོན་དྲུག་པ་མ་སྤངས་དགོས་པའི་ཕྱིར་ཏེ། ཁྱོད་ཡིན་ན། འཇིག་རྟེན་ལས་འདས་པའི་འདོད་ཉོན་དྲུག་པ་མ་སྤང་དགོས་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་སྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་ཕྱིར་ཡང་སྤང་བྱ་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དེར་ཐལ། སྤང་བྱ་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཡིན་པའི་ཕྱིར། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། སྒྲུབ་ཟིན་ཁ་ཅིག་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ལ་གནས་པ་དེ་དེའི་མཚན་ཉིད་ཟེར་ན། རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། འཇིག་ལྟ་མ་སྤང་པའི་ཕྱིར་ཏེ། འཇིག་ལྟ་ལྷན་སྐྱེས་མ་སྤང་བའི་ཕྱིར། ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། རྒྱུན་ཞུགས་འབྲས་གནས་གང་ཞིག ཁམས་གསུམ་གྱི་ཉོན་མོངས་པ་དགུ་པ་རྣམས་ཅིག་ཅར་དུ་སྤོང་བ་ཟེར་ན། རིམ་གྱིས་པའི་རྒྱུན་ཞུགས་དབང་རྟུལ་ཅིག་ཅར་བའི་རྒྱུན་ཞུགས་སུ་དབང་པོ་འཕོ་ངེས་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། དེར་ཐལ། ཀུན་ལས་བཏུས་ལས། རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང༌། ཅིག་ཅར་ངེས་པར་འབྱིན་པའོ། །ཞེས་གསུངས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་ཅིག་ཅར་བ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཡིན་པར་ཐལ། ཅིག་ཅར་བའི་རྒྱུན་ཞུགས་ཡིན་པའི་ཕྱིར། ཁྱབ་པ་དངོས་མ་གྲུབ་ན། དེར་ཐལ། ཉོན་མོངས་རྒྱུད་ལ་ལྡན་པའི་ཅིག་ཅར་བའི་འབྲས་གནས་ཡིན་པའི་ཕྱིར། འདོད་ན་ཆོས་ཅན། མ་ཡིན་པར་ཐལ། འདོད་ཉོན་དྲུག་པ་སྤངས་པའི་ཕྱིར། ཁོ་ན་རེ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཡིན་ན། རྒྱུན་ཞུགས་འབྲས་གནས་ཡིན་མི་དགོས་ན། རིམ་གྱིས་པའི་རྒྱུན་ཞུགས་ཡིན་ན། རྒྱུན་ཞུགས་ཡིན་མི་དགོས་པར་ཐལ། ཟེར་ན། འོ་ན། ཤེས་བྱ་ཆོས་ཅན། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཡིན་ན། དེ་ཡིན་མི་དགོས་པར་ཐལ། ཅིག་ཅར་བའི་དེ་ཡིན་ན། དེ་ཡིན་མི་དགོས་པའི་ཕྱིར་མ་གྲུབ་ན། ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་ཡོད་པར་སྒྲུབ་ཟིན། ཤེས་བྱ་ཆོས་ཅན། སྤང་བྱ་རིམ་གྱིས་པའི་ཆགས་བྲལ་སྔོན་སོང་ཡིན་ན། ཆགས་བྲལ་སྔོན་སོང་ཡིན་མི་དགོས་པར་ཐལ། ཅིག་ཅར་བའི་དེ་ཡིན་ན། དེ་ཡིན་མི་དགོས་པའི་ཕྱིར། རྟགས་མ་གྲུབ་ན། འདོད་ཉོན་དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཅིག་ཅར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཅིག་ཅར་བ་དང་ཆགས་བྲལ་སྔོན་སོང་གི་གཞུང་བཞིན་ཡིན་པའི་ཕྱིར། འདོད་ན། རང་གི་ངོས་སྐལ་གྱི་སྤངས་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་སོང་མ་ཡིན་པར་ཐལ། འདོད་ན། མ་ཡིན་པར་ཐལ། རྒྱུན་ཞུགས་དང་དགྲ་བཅོམ་གང་རུང་ཡིན་པའི་ཕྱིར། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་དེ་གང་ཞིག་ཁམས་གསུམ་གྱི་ཉོན་མོངས་དགུ་པ་རྣམས་རིམ་ཅན་དུ་སྤོང་བ་ཟེར་ན། འདོད་པ་ལ་ཆགས་བྲལ་སྔོན་སོང་གི་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ལ་མཚན་ཉིད་དེའི་ཕྱིར་ཏེ། འཇིག་རྟེན་པའི་ལམ་གྱི་འདོད་ཉོན་དགུ་པ་སྤངས་རྗེས་སུ་སྲིད་རྩེའི་ཉོན་མོངས་དགུ་པ་སྤང་བའི་ཕྱིར་ཏེ། རྒྱུན་ཞུགས་འབྲས་གནས་ཙམ་པོའི་མཚན་ཉིད་རྒྱུན་ཞུགས་འབྲས་གནས་གང་ཞིག འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་མི་བརྩོན་པ་དང༌། གཅིག་ཤོས་ལ་བརྩོན་པ་ཟེར་ན། དགྲ་བཅོམ་ལས་ཉམས་པའི་རྒྱུན་ཞུགས་ད་ལྟ་འདོད་ཉོན་དང་པོ་ཙམ་ཡན་ལག་མི་བརྩོན་པ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཙམ་པོ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་ཅན་དང་ཅིག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། ཚེ་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་སུམ་དུ་བྱེད་ངེས་རྒྱུན་ཞུགས་ཡིན་པའི་ཕྱིར། དེ་དེར་ཐལ། དགྲ་བཅོམ་ལས་ཉམས་པའི་རྒྱུན་ཞུགས་ཡིན་ན། ཚེ་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་སོར་ཆུད་པས་ཁྱབ་པའི་ཕྱིར་ཏེ། མཛོད་ལས། འབྲས་ལས་ཉམས་པ་འཆི་བ་མེད། །ཞེས་གསུངས། ཡན་ལག་འདོད་ཉོན་གཉིས་པ་སྤོང་བ་ལ་བརྩོན་པའི་རྒྱུན་ཞུགས་འདོད་པར་སྐྱེ་བ་བླངས་རྗེས་སུ་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པ་དེ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། འབྲས་བུ་ཕྱི་མ་མྱུར་དུ་མངོན་དུ་མི་བྱེད་པའི་ཕྱིར། རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད་འདོད་པའི་སྒོམ་སྤངས་རྟེན་མ་སྤང་པའི་འབྲས་གནས་གང་ཞིག འདོད་པར་སྐྱེ་སྲིད་ལན་བདུན་ལེན་པར་ངེས་པ་ཟེར་ན། མྱོང་བར་མ་ངེས་པའི་སྲིད་པ་ལན་བདུན་པ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། འདོད་ན། མ་ཡིན་པར་ཐལ། མྱོང་བར་མ་ངེས་པའི་སྲིད་པ་ལན་བདུན་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། སྲིད་པ་ལན་བདུན་པ་ཡིན་ན། མྱོང་བར་མ་ངེས་པའི་སྲིད་པ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། སྲིད་པ་ལན་བདུན་པ་ཡིན་པའི་ཕྱིར་ཏེ། སྲིད་པ་ལན་བདུན་ཁས་བླངས་མ་ཟིན་པའི་སྔ་རོལ་དུ་མྱང་འདས་སྔོན་དུ་བྱེད་པ་ཡིན་པའི་གཞུང་བཞིན་ཡོད་པའི་ཕྱིར། མཛོད་འགྲེལ་ལས་གོང་དུ་འཕོ་བ་བར་སྐབས་སུ་གང་མྱང་ངན་ལས་འདའ་བར་ལྟ་བར་རུང་སྟེ། རྒྱུན་དུ་ཞུགས་པ་མཆོག་དུ་ཐོགས་ན་སྲིད་པ་ལན་བདུན་པ་བཞིན་ནོ། །ཞེས་གསུངས། གོང་གི་མཚན་ཉིད་དེ། མྱོང་བར་ངེས་པའི་སྲིད་པ་ལན་བདུན་པའི་མཚན་ཉིད་ཟེར་ན། མ་མྱོང་བར་ངེས་པ་སྲིད་པ་ལན་བདུན་པའི་རང་བཞིན་འདོད་པར་སྐྱེ་སྲིད་ལན་བདུན་བླང་ཟིན་ཅིང་བདུན་ལེན་པར་ངེས་པ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཚེ་ཡོངས་སུ་གྱུར་པའི་ཕྱྭ་པ་ཡིན་པའི་ཕྱིར་ཏེ། ཕྱྭ་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་རྒྱུད་མར་བླངས་པའི་ཉན་ཐོས་ཡིན་པའི་ཕྱིར། རྩ་བར་རྟགས་མ་གྲུབ་ན། དེ་ཡོད་པའི་ཕྱིར། མ་གྲུབ་ན་དེར་ཐལ། མྱོང་བར་ངེས་པའི་སྲིད་པ་ལན་བདུན་པ་ཡིན་ན། སྐྱེ་སྲིད་བཅུ་གཉིས་ལེན་དགོས་པའི་ཕྱིར། ཡང་སྲིད་པ་ལན་བདུན་པའི་མཚན་ཉིད། འདོད་པའི་སྒོམ་སྤངས་རྟེན་མ་སྤངས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པར་སྐྱེ་སྲིད་བདུན་པ་ལེན་པའི་རིགས་བཞིན་ཟེར་ན། སྔ་མ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཚེ་ཡོངས་སུ་གྱུར་པའི་འཕྱ་པ་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། མདོ་ལས། འཕྱ་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་ནི་གནས་མིན་ཞིང་གོ་སྐབས་མེད་དོ་ཞེས་གསུངས། དེ་ལའང་ཁྱབ་པ་ཡོད་པར་ཐལ། སྲིད་པ་ལན་བདུན་པ་ཡིན་ན། རིགས་མཐུན་གྱི་སྲིད་པ་ལན་བདུན་པ་ཡིན་དགོས་པའི་ཕྱིར། རྩ་བར་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེས་འདོད་པའི་སྒོམ་སྤངས་རྟེན་མ་སྤང་པར་ཐལ། སྲིད་པ་ལན་བདུན་པ་ཡིན་ན། སྤང་བྱ་ལྷག་མ་སྤོང་བ་དང༌། འབྲས་བུ་ལྷག་མ་མངོན་དུ་བྱེད་པའི་སྲིད་པ་ཐ་མ་ཁོ་ན་ལ་བྱེད་དགོས་པའི་ཕྱིར། སྔ་མ་མྱོང་བར་ངེས་པའི་སྲིད་པ་ལན་བདུན་པའི་མཚན་ཉིད་གང་ཞིག སྔར་དང་འདྲ་བ་ལ་འདོད་པར་སྐྱེ་སྲིད་བཅུ་གཉིས་ལེན་ངེས་ཟེར་ན། མྱོང་བར་ངེས་པའི་སྲིད་པ་ལན་བདུན་པ་འདོད་པར་སྐྱེ་སྲིད་ལན་བདུན་བླང་ཟིན་པ་དེ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། སྲིད་པ་ལེན་བདུན་པ་ཡིན་པའི་ཕྱིར། འདོད་ན། སྔར་ལྡོར་མ་གྲུབ་ན། དེ་ཆོས་ཅན། རིགས་གནས་རིགས་སྐྱེ་ཡིན་པར་ཐལ། དེའམ་སྲིད་པ་ལེན་བདུན་པ་གང་རུང་གང་ཞིག ཕྱི་མ་མིར། སྔ་མ་དེར་ཐལ། འདོད་པར་སྐྱེ་སྲིད་དུ་མ་ལེན་པའི་རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། རིགས་གནས་རིགས་སྐྱེ་ཡིན་པ་འདོད་ན། དེ་ཆོས་ཅན། དེ་མ་ཡིན་པར་ཐལ། འདོད་ཉོན་གསུམ་པ་མ་སྤངས་པའི་ཕྱིར། གོང་གི་རྟགས་སྔར་ཟུར་སྒྲུབ་ཟིན། རྒྱུན་ཞུགས་རིགས་གནས་རིགས་སྐྱེའི་མཚན་ཉིད། འདོད་ཉོན་གསུམ་པ་མ་སྤངས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་ལེན་པར་ངེས་པ་ཟེར་ན། འདོད་ཉོན་གསུམ་པ་སྤངས་པའི་རྒྱུན་ཞུགས་འབྲས་གནས་འདོད་པར་རྒྱུན་ཞུགས་ཀྱི་རྟེན་ལ་སྐྱེ་སྲིད་གཅིག་བླངས། ཕྱིར་འོང་གི་རྟེན་ལ་ཅིག་བླངས་ནས། དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་ངེས་པ་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་སྐྱེ་སྲིད་ལེན་པ་མ་ཡིན་པའི་ཕྱིར། རྩ་བའི་དེར་ཐལ། འདོད་ཉོན་གསུམ་པ་སྤངས་པ་གང་ཞིག་འདོད་པར་སྐྱེ་སྲིད་ལེན་ངེས་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། འདོད་པར་རྒྱུན་ཞུགས་ཀྱི་རྟེན་པ་གཅིག ཕྱིར་མི་འོང་གི་རྟེན་ལ་གཅིག་སྟེ་གཉིས་ལེན་པར་ངེས་པའི་ཕྱིར། གཞན་ཡང༌། འདོད་ཉོན་གསུམ་པ་མ་སྤངས་ཤིང༌། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་ལྔ་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་རྒྱུན་ཞུགས་ཆོས་ཅན། འདོད་ཉོན་གསུམ་པ་སྤངས་པར་ཐལ། རིགས་གནས་རིགས་སྐྱེ་ཡིན་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་རྟེན་ལ་འདོད་པར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་རིགས་ཅན་གང་ཞིག སྲིད་པ་ལན་བདུན་པ་མ་ཡིན་པའི་ཕྱིར། གཉིས་པ་ཕྱིར་འོང་གི་སྐོར་ལ་གཉིས། དང་པོ་ཕྱིར་འོང་ཞུགས་པའི་མཚན་ཉིད། ཕལ་ཆེར་ལ་འདོགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་བརྩོན་པའི་ཉན་ཐོས་ཟེར་ན། ཉན་ཐོས་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར་ཏེ། དེའི་ཕྱིར། ཆོས་ཅན་གྱི་ཕྱིར་ཏེ། ཡིན་པར་ཐལ། སྦྱོར་ལམ་རྟེན་གཅིག་པའི་རྟོགས་པ་མ་ཐོབ་པའི་ཕྱིར། ཡང་སྦྱོར་ལམ་རྟེན་གཅིག་པའི་རྟོགས་པ་ཐོབ་ཅིང་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཁྱོད་ཀྱི་ནང་ཚན་དུ་གྱུར་པའི་རྒྱུན་དུ་ཞུགས་པ་དང་རྒྱུན་ཞུགས་འབྲས་གནས་རྩམ་པོ་མེད་པ་ཟེར་ན། ཉམས་པའི་ཆོས་ཅན་གྱི་ཕྱིར་འོང་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། རྟགས་སྔ་མ་གཉིས་དེར་ཐལ། ཕྱིར་འོང་འབྲས་གནས་ཡིན་པའི་ཕྱིར་བར་པ་དེར་ཐལ། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་གང་ཞིག ཉན་ཐོས་ཡིན་པའི་ཕྱིར། སྔ་མ་དེར་ཐལ། འདོད་ཉོན་དྲུག་པ་སྤང་བའི་སྤང་པ་མངོན་དུ་བྱེད་པ་ལ་བརྩོན་པའི་ཕྱིར་འོང་ཡིན་པའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། ཕྱིར་འོང་འབྲས་གནས་ཡིན་པའི་ཕྱིར། འདིར་ཐོད་རྒལ་གྱི་ཕྱིར་འོང་ཞུགས་པའི་མཚན་ཉིད་ཕྱིར་འོང་ཞུགས་པ་གང་ཞིག བཅུ་དྲུག་པའི་རྟོགས་པ་མ་ཐོབ་པ་ཟེར་ན། འདོད་ཉོན་ལྔ་པ་མཐོང་ལམ་གྱི་སྔ་རོལ་དུ་སྤང་ཞིང༌། སྡུག་བསྔལ་མཆོད་དཔྱོད་ལ་གནས་པའི་ཉན་ཐོས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཁྱོད་ཕྱིར་འོང་ཞུགས་པ་གང་ཞིག ཁྱོད་ཀྱི་ཐོབ་པའི་ཕྱིར་འོང་འབྲས་གནས་དེ་ཡིན་ན། ཐོད་རྒལ་བ་ཡིན་པས་ཁྱབ་པའི་ཕྱིར། རིམ་གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། ཕྱིར་འོང་ཞུགས་པ་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ། ཕྱིར་འོང་ཚེ་བར་ཆད་གཅིག་པ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཉོན་མོངས་བར་ལ་འདོགས་དང་མ་བྲལ་བའི་ཕྱིར། ཁམས་གོང་གི་ཉོན་མོངས་ཅུང་ཟད་ཀྱང་མ་སྤང་པའི་ཕྱིར། གཉིས་པ་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་འབྲས་གནས་ཟེར་ན། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་སྤང་བྱ་ཅིག་ཅར་བ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྒྱུན་ཞུགས་ཡིན་པའི་ཕྱིར། རྟགས་གཞན་ངོར་གྲུབ་བོ། །སྤང་བྱ་ཅིག་ཅར་བ་ཡིན་པ་གང་ཞིག་རྣོན་ན། ཕྱིར་འོང་འབྲས་གནས་དང་ཕྱིར་མི་འོང་འབྲས་གནས་གཉིས་ཀ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཐོད་རྒལ་བའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག རྒྱུན་ཞུགས་འཐོབ་མ་མྱོང་བ་ཟེར་ན། འདོད་ཉོན་ལྔ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་རྒྱུན་ཞུགས་འབྲས་གནས་ཀྱི་ཐོབ་པའི་ཕྱིར་འོང་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། དེའི་ཕྱིར་ཏེ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་ཡིན་པའི་ཕྱིར། རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་མ་མྱོང་བ་ཟེར་ན། སྔ་མ་དོན་མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འབྲས་བུ་རིམ་གྱིས་པ་མ་ཡིན་པའི་ཕྱིར་ཏེ། འབྲས་བུ་ཐོད་རྒལ་བ་ཡིན་ཏེ། ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད། ཕྱིར་འོང་འབྲས་གནས་གང་ཞིག འདོད་པར་སྐྱེ་སྲིད་ཅིག་ལེན་པར་ངེས་པ་ཟེར་ན། འདོད་པར་སྐྱེ་སྲིད་ཅིག་ངེས་པར་ལེན་པའི་ཕྱིར་འོང་འདོད་ཉོན་བདུན་པ་མ་སྤང་པ་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་བྱ་བའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདོད་ཉོན་བདུན་པ་མ་སྤངས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། ཉེས་བྱ་བདུན་དང་བརྒྱད་ཟད་པ་ཚེ་གཅིག་བར་ཆད་གཅིག་པ་དང་ཞེས་གསུངས། ཡང་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པར་སྐྱེ་སྲིད་ཅིག་ཁོ་ན་ལེན་པ་ཟེར་ན། འདོད་པར་སྐྱེ་སྲིད་གཉིས་ངེས་པར་ལེན་པའི་ཕྱིར་འོང་རིགས་གནས་རིགས་སྐྱེ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདོད་པར་སྐྱེ་སྲིད་གཉིས་ལེན་པའི་ཕྱིར། རྩ་བར་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། འདོད་ཉོན་བདུན་པ་སྤངས་ཤིང་བརྒྱད་པ་མ་སྤངས་པའི་ཚེ་གཅིག་བར་ཆད་གཅིག་པ་ཡོད་པའི་ཕྱིར། ཕྱིར་མི་འོང་གི་སྐོར་ལ། ཕྱིར་མི་འོང་ཞུགས་པའི་མཚན་ཉིད་ཐ་མའི་ཆུན་ལྔ་སྤངས་པ་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཞེས་དར་ཊཱིཀ་མཛད་པ་ཟེར། འདོད་ཉོན་དགུ་པ་སྤོང་བ་ལ་བརྩོན་པའི་སྤང་བྱ་ཅིག་ཅར་བ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགྲ་བཅོམ་ཞུགས་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། འདོད་པའི་ཉོན་མོངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པའི་ཕྱིར་ཏེ། འདོད་ཉོན་དགུ་པ་སྤོང་བ་ལ་བརྩོན་བཞིན་པའི་ཉན་ཐོས་ཡིན་པའི་ཕྱིར། ཡང་ཁ་ཅིག་དེའི་མཚན་ཉིད་སྦྱོར་ལམ་རྟེན་ཅིག་པའི་རྟོགས་པ་ཐོབ་ཅིང༌། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་གང་ཞིག ཁྱོད་དང་ངོ་བོ་གཅིག་པའམ་ཁྱོད་ཀྱི་ནང་ཚན་དུ་གྱུར་པའི་རྒྱུན་ཞུགས་ཞུགས་པ་དང༌། རྒྱུན་ཞུགས་འབྲས་གནས་དང༌། ཕྱིར་འོང་འབྲས་གནས་ཙམ་པོ་གསུམ་མེད་པའི་གཞུང་བཞིན་སྨྲ་བ་ལ། དེ་འདྲའི་གཞུང་བཞིན་ཆོས་ཅན། ཁྱོད་དེའི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་གང་ཟག་མ་ཡིན་པའི་ཕྱིར། མེད་པ་ཞེས་མཐར་སྦྱར་བ་དང༌། གཞུང་བཞིན་མཐར་སྦྱར་བ་ཐམས་ཅད་ལ་འདི་བཞིན་འཕེན་ནོ། །ཡང་མངོན་པ་འོག་མ་དང་བསྟུན་ན། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་ཕྱིར་མི་འོང་འབྲས་གནས་སུ་གྱུར་པ་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགྲ་བཅོམ་འབྲས་གནས་ཡིན་པའི་ཕྱིར། གོང་དུ་མ་གྲུབ་ན། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཡིན་པར་ཐལ། ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པའི་སྦྱོར་བ་ལ་བརྩོན་པ་ཡིན་པའི་ཕྱིར། ཐོད་རྒལ་བའི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད་པ་ཕྱིར་མི་འོང་ཞུགས་པ་གང་ཞིག བཅུ་དྲུག་པའི་རྟོགས་པ་མ་ཐོབ་པ་ཟེར་ན། ཐོད་རྒལ་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཆོས་ཅན། བཅུ་དྲུག་པའི་རྟོགས་པ་མ་ཐོབ་པར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེས་ཐོབ་པའི་ཕྱིར་མི་འོང་འབྲས་གནས་དེ་ཐོད་རྒལ་བ་ཡིན་པའི་ཕྱིར། མ་གྲུབ་ན་དེ་ཆོས་ཅན། དེར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་མངོན་དུ་བྱས་པའི་ཕྱིར་མི་འོང་གི་འབྲས་བུ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན། ཕྱིར་འོང་ཆགས་བྲལ་སྔོན་སོང་དེ་ཐོད་རྒལ་བ་ཡིན་པའི་སྒྲུབ་བྱེད་ཅི་འགོད་འདྲིའོ། །ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། ཐ་མའི་ཆུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་གནས་ཟེར་ན། ཅིག་ཅར་བའི་དགྲ་བཅོམ་ཐོབ་མ་ཐག་པ་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། འདོད་ཉོན་དགུ་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར་ཏེ། དེ་སྤང་པའི་རྣམ་གྲོལ་བའི་ལམ་ལ་གནས་པ་ཡིན་པའི་ཕྱིར། གཞན་ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། ཐ་མའི་ཆུན་ལྔ་སྤངས་པར་ཐལ། ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར། འདོད་ན་དེ་མ་སྤངས་པར་ཐལ། ཁྱོད་ཀྱི་མཐོང་ལམ་གྱི་སྔ་རོལ་དུ་མ་སྤངས་པ་གང་ཞིག མཐོང་ལམ་ཐོབ་ནས་མ་སྤངས་པའི་ཕྱིར། ཕྱི་མ་དེར་ཐལ། བཅུ་དྲུག་པའི་རྟོག་པ་ལ་གནས་བཞིན་པ་ཡིན་པའི་ཕྱིར། ཆོས་ཅན་ལ་ཞིབ་ཆ་སྦྱར་རོ་སྔ་མ་སྒྲུབ་ཟིན། ཡང་དེའི་མཚན་ཉིད། འདོད་ཉོན་དགུ་པ་སྤང་པའི་སློབ་པའི་འབྲས་གནས་ཟེར་ན། མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་འདོད་ཉོན་དགུ་པ་ལ་ཆགས་བྲལ་མཐོང་ལམ་གྱི་རྗེས་སུ་འཇིག་རྟེན་ལས་འདས་པའི་འདོད་ཉོན་དགུ་པ་སྤོང་བ་བརྩོན་བཞིན་པ་སྤང་བྱ་ཅིག་ཅར་བ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར་ཏེ། འཇིག་རྟེན་པའི་འདོད་ཉོན་དགུ་པ་སྤང་པའི་སློབ་པ་འབྲས་གནས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཡིན་ན། འདོད་ཉོན་དགུ་པ་སྤང་པའི་སློབ་པ་ལ་འབྲས་གནས་ཡིན་དགོས་པའི་ཕྱིར། རྩ་བར་ཆོས་ཅན། ཕྱིར་མི་འོང་འབྲས་གནས་མ་ཡིན་པའི་ཕྱིར་ཏེ། སྤང་བྱ་ཅིག་ཅར་བ་ཡིན་པའི་ཕྱིར་འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། ཕྱིར་མི་འོང་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་མཐོང་ལམ་གྱི་སྔ་རོལ་དུ་སྤང་པ་ཟེར་ན། ཤེས་བྱ་ཆོས་ཅན། དེ་དེའི་མཚན་ཉིད་དུ་མ་ཡིན་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པ་མི་སྲིད་པའི་ཕྱིར་ཏེ། དེའི་སྔ་རོལ་དུ་འཇིག་རྟེན་ལས་འདས་པའི་འདོད་ཉོན་དགུ་པ་སྤངས་པ་མི་སྲིད་པའི་ཕྱིར་ཏེ། དེའི་སྔ་རོལ་དུ་འཇིག་རྟེན་ལས་འདས་པའི་སྒོམ་སྐྱེས་པ་མི་སྲིད་པའི་ཕྱིར། ཅི་སྟེ། འཇིག་རྟེན་པའི་སྒོམ་སྤངས་ཞིབ་ཆ་སྦྱོར་ན། ཕྱིར་འོང་ཆགས་བྲལ་སྔོན་སོང་གི་ཐོབ་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། རྟགས་སྒྲུབ་ཟིན་ནོ། །འདོད་ན་ཁྱོད་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཡིན་པར་ཐལ། འཇིག་རྟེན་པའི་སྒོམ་སྤངས་སུ་གྱུར་པའི་འདོད་ཉོན་དགུ་པ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པའི་ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར། སྐབས་འདིར་ཆགས་བྲལ་སྔོན་སོང་གི་མཚན་ཉིད་དྲིས་པས། རང་གི་སྤང་བྱའི་གཙོ་བོ་ལ་མཐོང་ལམ་གྱི་སྔ་རོལ་དུ་ཆགས་པ་དང་བྲལ་བའི་འབྲས་གནས་ཟེར་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐ་མའི་ཆུན་ལྔ་ལ་མཐོང་ལམ་གྱི་སྔ་རོལ་དུ་ཆགས་པ་བྲལ་བ་ཡིན་པར་ཐལ། འདོད་པའི་ཕྱིར་ཁྱབ་པ་ཡོད་པར་ཐལ། ཐ་མའི་ཆུན་ལྔ་པོ་དེ་ཕྱིར་མི་འོང་གི་སྤང་བྱའི་གཙོ་ཡིན་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། ཅིའི་ཕྱིར་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་སྤངས་པས་ཕྱིར་མི་འོང་ཞེས་བྱ་ཞེ་ན། འགྲོ་བ་ཐ་མའི་རྒྱུ་ཡིན་པ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས། རྩ་བར་ཆོས་ཅན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། མཐོང་ལམ་གྱི་སྔ་རོལ་དུ་མཐོང་ལམ་སྤངས་པར་ཐལ། དེའི་སྔ་རོལ་དུ་ཀུན་སྦྱོར་སྒྲ་སྤངས་པའི་ཕྱིར་ཏེ། དེའི་སྔ་རོལ་དུ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཕྱིར། རྩ་བར་ཆོས་ཅན། མཐོང་ལམ་ཆོས་ཅན། ཁྱོད་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་མི་སྲིད་པར་ཐལ། ཁྱོད་མཐོང་སྤངས་ཁོ་ན་ཡིན་པའི་ཕྱིར། ཕྱིར་འོང་ཆགས་བྲལ་སྔོན་སོང་གི་མཚན་ཉིད་ཅེ་ན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་ཤིང༌། འདོད་ཉོན་དགུ་པ་མ་སྤངས་པའི་འབྲས་གནས་ཟེར་ན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་ཤིང་སྡུག་བསྔལ་ཆོས་ཀྱི་རྟོགས་པ་ལ་གནས་པའི་ཉན་ཐོས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། སྔ་མ་སླ་ཤིང༌། ཕྱི་མ་འབྲས་གནས་ཡིན་པར་ཐལ། འབྲས་བུ་བརྒྱད་བཅུ་རྩ་དགུ་པོ་གང་རུང་ལ་གནས་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་གྱི་ཕྱིར། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་མཚན་ཉིད་ཅེ་ན། འདོད་ཉོན་དགུ་པ་ལ་མཐོང་ལམ་གྱི་སྔ་རོལ་དུ་ཆགས་བྲལ་བའི་འབྲས་གནས་ཟེར་ན། འདོད་ཉོན་དགུ་པ་ལ་མཐོང་ལམ་གྱི་སྔ་རོལ་དུ་ཆགས་པ་དང་བྲལ་ཞིང་སྡུག་བསྔལ་ཆོས་ལ་གནས་པའི་ཉན་ཐོས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན་དེར་ཐལ། འདོད་ཉོན་དགུ་པ་ལ་དེའི་སྔ་རོལ་དུ་ཆགས་པ་དང་བྲལ་བ་གང་ཞིག སློབ་པའི་འབྲས་གནས་ཡིན་པའི་ཕྱིར། སྔ་མ་དེར་ཐལ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་ཞུགས་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། འདོད་པའི་ཁམས་ཀྱི་སྡུག་བསྔལ་མཐོང་སྤངས་པའི་འབྲས་བུ་ལ་གནས་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་གྱི་ཕྱིར། ཡང་ཕྱིར་མི་འོང་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་དེའི་སྔ་རོལ་དུ་སྤངས་པ་དེ་དེའི་མཚན་ཉིད་ཟེར་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདོད་ཉོན་དགུ་པ་མཐོང་ལམ་གྱི་སྔ་རོལ་དུ་སྤང་བ་མི་སྲིད་པའི་ཕྱིར་ཏེ། འཇིག་རྟེན་ལས་འདས་པའི་སྒོམ་དེའི་སྔ་རོལ་དུ་རྒྱུད་ལ་སྐྱེས་པ་མི་སྲིད་པའི་ཕྱིར། འདིར་ཁ་ཅིག་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་མི་སྲིད་དེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པ་མི་སྲིད་པའི་ཕྱིར་ཏེ། མཐོང་ལམ་གྱི་སྔོན་རོལ་དུ་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྤང་པ་མི་སྲིད་པར་ཟེར་ན། འོ་ན་ཤེས་བྱ་ཆོས་ཅན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་མི་སྲིད་པར་ཐལ། འདོད་ཉོན་དགུ་པ་མ་ལུས་པར་སྤང་པའི་སློབ་མ་མི་སྲིད་པའི་ཕྱིར། རྟགས་ཁས་བླངས་ཤིང་དེར་ཐལ། སློབ་མ་ན་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་མ་ལུས་པར་སྤང་པ་མེད་པའི་ཕྱིར། དེ་མ་ལུས་པར་སྤང་པའི་གང་ཟག་ཡིན་ན། དགྲ་བཅོམ་ཡིན་དགོས་པའི་ཕྱིར། འདིར་ཁ་ཅིག་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པ་མི་སྲིད་དེ། དེའི་ས་བོན་སྤངས་པ་མི་སྲིད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། སྤང་བྱ་དེ་སྤང་ན། སྤང་བྱ་དེའི་ས་བོན་སྤང་དགོས་པའི་ཕྱིར། དེས་ན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་དེས་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་ལ་ཆགས་པ་དང་བྲལ་བ་ཙམ་ཡིན་ནོ་ཟེར་ན། འོ་ན་ཤེས་བྱ་ཆོས་ཅན། མཐོང་ལམ་གྱི་སྔ་རོལ་དུ་དེ་ལ་ཆགས་པ་དང་བྲལ་བ་ཡང་མི་སྲིད་པར་ཐལ། དེའི་ས་བོན་ལ་ཆགས་པ་དང་བྲལ་བ་མི་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་དེར་ཐལ། སྤང་བྱ་དེ་ལ་ཆགས་པ་དང་བྲལ་ན། སྤང་བྱ་དེའི་ས་བོན་ལ་ཆགས་པ་དང་བྲལ་དགོས་པའི་ཕྱིར། རྣལ་མའི་ལན་འདི་ཡིན་ཏེ། འདོད་ཉོན་དགུ་པ་སྤང་ན་དེའི་ས་བོན་སྤང་མི་དགོས་པར་ཐལ། དེའི་ས་བོན་དེ་མིར་མ་གྲུབ་ན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་མ་ལུས་པའི་ས་བོན་ལ་ཆགས་པ་དང་བྲལ་བ་ཡོད་པར་ཐལ། དེའི་སྔ་རོལ་དུ་དེ་ལ་ཆགས་པ་དང་བྲལ་བ་ཡོད་པ་གང་ཞིག དེའི་ས་བོན་དེ་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། སྤངས་བྱ་དེ་ལ་ཆགས་པ་དང་བྲལ་ན། སྤང་བྱ་དེ་སྤང་པས་ཁྱབ་པར་ཐལ། འདོད་ཆགས་དང་བྲལ་བ་དང་སྤང་པ་གཉིས་པོ་དེ་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། རྣམ་པ་ཇི་ལྟ་བུ་ཞེ་ན། མ་ལུས་པར་སྤངས་པ་དང༌། ངེས་པར་སྤངས་པ་དང༌། འདོད་ཆགས་དང་བྲལ་བ་ཞེས་གསུངས་པའི་ཕྱིར། ཕྱིར་མི་འོང་མཐོང་ཆོས་བཞིའི་མཚན་ཉིད། ཕྱིར་མི་འོང་གང་ཞིག བདེན་པ་མཐོང་བའི་ཚེ། དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པའི་ཕྱིར་མི་འོང་ཡོད་པར་ཐལ། ཚེ་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པར་ངེས་པའི་ཕྱིར་མི་འོང་གཟིགས་པའི་རྟེན་ཅན་དེ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་ཀྱི་རྟེན་ཅན་ཡིན་པར་ཁྱབ་པ་ཡོད་པར་ཐལ། མཐོང་སྤངས་ཡིན་ན། འདོད་པའི་རྟེན་ཅན་ཡིན་དགོས་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། ཚེ་དེ་ཉིད་ལ་དགྲ་བཅོམ་ཀྱི་འབྲས་བུ་མངོན་དུ་བྱེད་ངེས་པའི་ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ཚེ་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་ངེས་ཀྱི་གང་ཟག་ཡིན་ན། མཐོང་ཆོས་བཞི་ཡིན་དགོས་པའི་ཕྱིར་ཏེ། མཛོད་ལས། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་དང༌། འགྲེལ་པ་རྒྱལ་སྲས་མ་ལས། མཐོང་བའི་ཆོས་ལ་མྱ་ངན་ལས་འདའ་བ་ཞེས་པ། ཚེ་འདི་ཉིད་ལས་མྱང་འདས་མངོན་དུ་བྱེད་པ་ཞེས་པའི་ཐ་ཚིག་གོ་ཞེས་གསུངས་ཅི་སྟེ། མཐོང་ཆོས་ཞེས་པ་བདེན་པ་མཐོང་བའི་ཚེ་དེའི་ཕྱིར་ལ་བྱེད་ན་མཐོང་ཆོས་ལ་མྱོང་གྱུར་གི་ལས་ཡིན་ན། བདེན་པ་མཐོང་བའི་ཚེ་དེ་ཉིད་ལ་མྱོང་འགྱུར་གྱི་ལས་ཡིན་དགོས་པར་ཐལ། ཁ་ཅིག་མཐོང་ཆོས་བཞི་ཡིན་ན། ཕྱིར་མི་འོང་ཡིན་པས་ཁྱབ་ཅེ་ན། ཚེ་དེ་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་ངེས་པའི་སྤང་བྱ་ཅིག་ཅར་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཚེ་དེ་ཉིད་ལ་དགྲ་བཅོམ་ཀྱི་འབྲས་བུ་མངོན་དུ་བྱེད་པར་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁྱོད་རང་གི་ལུགས་ལའང་གྲུབ་བོ། །ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད་ལ། མངོན་པ་འོག་མ་ལྟར་ན། ཕྱིར་མི་འོང་འབྲས་གནས་གང་ཞིག འགོག་པ་སྙོམས་འཇུག་ཐོབ་པ་ལ་མ་བཏང་བ་ཟེར་ན། འགོག་པ་ལ་སྙོམས་པར་འཇུག་ཁ་མའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་མ་ཐོབ་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། མྱང་འདས་དང་འདྲ་བའི་འགོག་པ་ལུས་ཀྱི་མངོན་དུ་བྱེད་པར་ནུས་པའི་ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར། ཁྱབ་པ་མེད་ན་འོ་ན་ལུས་མངོན་བྱེད་ཡིན་ན། ལུས་ཀྱི་མངོན་སུམ་དུ་བྱས་པས་ཁྱབ་པར་ཐལ། འགོག་པ་ལུས་མངོན་བྱེད་ཡིན་ན། འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་ཟིན་པས་ཁྱབ་པའི་ཕྱིར། འདོད་ན། གཟུགས་སུ་ཉེར་འགྲོ་ཡིན་ན། གཟུགས་སུ་སོང་ཟིན་པས་ཁྱབ་པར་ཐལ། གོང་འོག་གི་དམིགས་གསལ་མེད་པར་དེ་དེའི་མཚན་ཉིད་དུ་ཁས་བླངས་ན། བསམ་གཏན་བཞི་པའི་སྙོམས་འཇུག་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ཀྱི་སྲིད་རྩེའི་སེམས་མ་ཐོབ་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། ཀུན་ལས་བཏུས་ལས། ལུས་ཀྱི་མངོན་སུམ་དུ་བྱེད་པ་གང་ཞེ་ན། གང་སློབ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ །ཞེས་གསུངས། འདིར་ལུས་མངོན་བྱེད་ཡིན་ན། ཕྱིར་མི་འོང་འབྲས་གནས་ཁྱབ་མ་ཁྱབ་དཔྱད་པ་ལ། ཁ་ཅིག་ན་རེ། མ་ཁྱབ་ཏེ། འདི་ལྟར་གཉིས་ཀའི་ཆ་ལས། རྣམ་གྲོལ་གྱི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། འགོག་པའི་སྙོམས་འཇུག་ཐོབ་ལ་མ་བཏང་བའི་གང་ཟག་ཡིན་པའི་ཕྱིར། ཁ་ཅིག་ན་རེ། ཁྱབ་བྱེད་ལུས་མངོན་བྱེད་ཡིན་ན། འགོག་པའི་སྙོམས་འཇུག་ཐོབ་པས་ཁྱབ། དགྲ་པ་མ་ཡིན་པར་དགོས་པའི་ཕྱིར། ཟེར་ན། དང་པོ་མི་ནུས་ཏེ། འདི་ལྟར། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པ་ཆོས་ཅན། ལུས་མངོན་བྱེད་མ་ཡིན་པར་ཐལ། སློབ་པ་མིར་ཁྱབ་སྟེ། ཀུན་ལས་བཏུས་ལས། ལུས་ཀྱི་མངོན་སུམ་དུ་བྱེད་པ་གང་ཞེ་ན། གང་ཞེས་སོགས་གསུངས་པའི་ཕྱིར། ལུགས་གཉིས་པ་མི་འཐད་དེ། དེ་ལྟར་ཁྱབ་པའི་སྒྲུབ་བྱེད་མངོན་པ་གོང་འོག་གང་གི་ལུགས་ཡིན། གོང་མའི་ལུགས་ཡིན་ན། ཕྱིར་མི་འོང་ཡིན་ན། འགོག་པའི་སྙོམས་འཇུག་ཐོབ་དགོས་པ་མ་ཡིན་པར་ཐལ། དེ་ཡིན་ན། དེ་མ་ཐོབ་དགོས་པའི་ཕྱིར་ཏེ། ཕྱི་མི་འོང་ཡིན་ན། སྲིད་རྩེ་ལ་འདོད་ཆགས་དང་མ་བྲལ་དགོས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། འགོག་པའི་སྙོམས་འཇུག་ཡིན་ན། སྲིད་རྩེ་ལ་འདོད་ཆགས་དང་བྲལ་དགོས་པའི་ཕྱིར་ཏེ། ཀུན་ལས་བཏུས་ལས། འགོག་པའི་སྙོམས་འཇུག་འཆད་པའི་སྐབས་སུ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ། ཞེས་གསུངས་འོག་མའི་ལུགས་ཡིན་ན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། སློབ་པ་མ་ཡིན་པར་ཐལ། ལུས་མངོན་བྱེད་ཡིན་པའི་ཕྱིར། མྱང་འདས་དང་འགོག་པ་ལུས་ཀྱི་མངོན་སུམ་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར། ཡང་དེའི་མཚན་ཉིད། ཕྱིར་མི་འོང་འབྲས་གནས་གང་ཞིག མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་རུང་རྒྱུད་ལ་ལྡན་པའི་གང་ཟག་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་རྒྱུད་ལ་ལྡན་བཞིན་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བསམ་གཏན་གྱི་དངོས་གཞིའི་སེམས་མ་ཐོབ་པའི་ཕྱིར། རྩ་བའི་དེར་ཐལ། བསམ་གཏན་དང་པོའི་སྙོམས་འཇུག་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་འབྲས་གནས་ཡིན་པའི་ཕྱིར་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་རྒྱུད་ལ་ལྡན་པའི་ཉན་ཐོས་ཡིན་པའི་ཕྱིར། ཁྱབ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་ན། བསམ་གཏན་དང་པོའི་སྙོམས་འཇུག་གི་ཉེར་བསྡོགས་ཡིན་དགོས་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་འདོད་པའི་སས་བསྡུས་སུ་འདོད་པ་ནི་རང་གི་དེ་ཉིད་སྟོན་པར་ཟད་དོ། །ཚེ་ཡོངས་གྱུར་གྱི་འཕགས་པའི་མཚན་ཉིད། འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་རྒྱུད་མར་བླངས་ཟིན་པའི་གང་ཟག་ཟེར་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པས་ཐོབ་པའི་དགྲ་བཅོམ་འབྲས་གནས་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་འདོད་ཚེ་ཡོངས་གྱུར་གྱི་འཕགས་པར་ཐལ། འདོད་པ་གང་ཞིག་ཁྱོད་དེ་ཡིན་ན། དེ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་ཡིན་པར་ཐལ། ཁྱོད་ཀྱི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ཟིན་པའི་ཕྱིར། ཡང་འདིར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཡིན་ན། ཕྱིར་མི་འོང་ཡིན་པས་ཁྱབ་པའི་ཕྱིར་ཟེར་ན། རྒྱུན་ཞུགས་རྗེས་སུ་འདོད་པར་སྐྱེ་སྲིད་བདུན་བླངས་ཟིན་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ཚེ་ཡོངས་གྱུར་གྱི་འཕགས་པ་ཡིན་པའི་ཕྱིར་ཏེ། ཆོས་ཅན་ཅིག་ཡིན་པའི་ཕྱིར། འདིར་འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཁམས་གོང་མར་སྐྱེ་བ་མ་སྲིད་ཅེ་ན། དེ་དག་གི་འདི་སྐད་ཅེས་བྱ་སྟེ། ཤེས་བྱ་ཆོས་ཅན། དེ་སྲིད་པར་ཐལ། འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཁམས་གོང་མར་སྐྱེ་བ་ལེན་པ་ཡོད་པའི་ཕྱིར། ཉན་ཐོས་ཞེས་པའི་ཞིབ་ཆ་སྦྱོར་ཡང་དེ་ཉིད་ཁམས་གོང་མར་འགྲོ་བ་ཡོད་པར་ཐལ། དེ་འདྲའི་ཉན་ཐོས་ཐེག་ཆེན་ལམ་དུ་འཇུག་པ་ཡོད་པའི་ཕྱིར། ཡང་འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ཆོས་ཅན། ཁྱོད་ཁམས་གོང་དུ་འགྲོ་བ་ཡོད་པར་ཐལ། ཁྱོད་ཀྱི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ནས་རྫུ་འཕྲུལ་གྱི་སྟོབས་ཀྱི་ཁམས་གོང་དུ་འགྲོ་བ་ཡོད་པའི་ཕྱིར། གཟུགས་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད་ཕྱིར་མི་འོང་འབྲས་གནས་གང་ཞིག འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཚང་རིགས་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཅན་གྱི་ཕྱིར། རྩ་བར་ཆོས་ཅན། མ་ཡིན་པར་ཐལ། འདོད་པའི་རྟེན་ཅན་མ་ཡིན་པའི་ཕྱིར། ཡང་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་གང་ཞིག གཟུགས་ཁམས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཕྱིར་མི་འོང་བར་དོར་འདའ་བ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་ཁམས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། རྟགས་ཐམས་ཅད་ཀྱི་སློང་བར་གྲུབ་བོ། །ཁ་ཅིག་ན་རེ། གང་ཞིག་སྔར་གྱི་སྟེང་དུ། གཟུགས་ཀྱི་རྟེན་ལ་མངོན་དུ་བྱེད་པ་ཟེར་ན། བར་དོར་འདའ་བ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། གཟུགས་ཁམས་ཀྱི་བར་དེ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཁམས་ཀྱི་བར་དོར་སྐྱེས་ན། གཟུགས་སུ་སྐྱེས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཁམས་ཀྱི་བར་དོར་སྐྱེས་འདའ་ཡིན་ན། གཟུགས་ཁམས་སུ་སྐྱེ་འདའ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན་ཕྱིར་མི་འོང་བར་འདའ་བ་ཆོས་ཅན་ཕྱིར་མི་འོང་གཟུགས་སུ་སྐྱེ་འདའ་ཡིན་པར་ཐལ། ཕྱིར་མི་འོང་གཟུགས་ཀྱི་བར་དོར་སྐྱེ་འདའ་ཡིན་པའི་ཕྱིར། འདོད་ན། བརྡ་ཆད་ལས་འགལ་ལོ། །གཞན་ཡང་ཚངས་རིས་ཀྱི་བར་དོ་ཚངས་རིས་ཡིན་པར་ཐལ། གཟུགས་ཁམས་ཀྱི་བར་དོ་གཟུགས་ཁམས་ཡིན་པའི་ཕྱིར། འདོད་ན་ཚངས་རིས་ཀྱི་བར་དོར་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་དེ་ཚངས་རིས་སུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པར་ཐལ། འདོད་པའི་ཕྱིར། བར་དོར་འདའ་མཚན་ཉིད། འདོད་པའི་རྟེན་གྱི་ཕྱིར་མི་འོང་འབྲས་གནས་གང་ཞིག གཟུགས་ཁམས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། འདོད་པའི་ཁམས་ཀྱི་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདོད་པའི་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། རྩ་བའི་དེར་ཐལ། འདོད་པའི་བར་དོར་འདའ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། ཅི་སྟེ། སྔ་མ་དེ་གཟུགས་སུ་ཉེར་འགྲོའི་བར་དོར་འདའ་བའི་མཚན་ཉིད་ཟེར་ན་ཚངས་རིས་ཀྱི་སྲིད་དུ་སྐྱེས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་སུ་སྐྱེ་བའི་ཀུན་སྦྱོར་དང་ལྡན་པའི་ཕྱིར་ཏེ། དེའི་སྐྱེ་སྲིད་མངོན་དུ་བྱེད་པའི་ཉན་ཐོས། རྩ་བར་གང་རུང་མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། དེར་ཐལ། ཕྱིར་མི་འོང་འཕར་བའི་ཆ་ཤས་སུ་གྱུར་པའི་དེ་འདྲ་ཡོད་པའི་ཕྱིར། འོག་མིན་གྱི་མཐར་ཐུག་འགྲོ་ཡིན་ན། འོག་མིན་གྱི་སྐྱེ་སྲིད་དུ་སྐྱེ་བས་མ་ཁྱབ་པའི་ཕྱིར་ཏེ། འོག་མིན་གྱི་སྐྱེ་སྲིད་དང་སྔོན་དུས་ཀྱི་སྲིད་པ་གང་རུང་ཡིན་པས་མ་ཁྱབ་པའི་ཕྱིར། ཕྱིར་མི་འོང་བར་དོར་འདའ་བ་ཡིན་ན། གཟུགས་སུ་ཉེར་འགྲོ་ཡིན་པས་ཁྱབ་ཅེ་ན། འོག་མིན་གྱི་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཚངས་རིས་ཀྱི་རྟེན་ཅན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འདོད་པ་རྟེན་མ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན་དེར་ཐལ། ཕྱིར་མི་འོང་འོག་མིན་གྱི་བར་དོར་འདའ་བ་ཡིན་པའི་ཕྱིར་ཏེ། འོག་མིན་དུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང་མངོན་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་འོག་མིན་གྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། དེ་བཞིན་དུ་ཕྱིར་མི་འོང་སྐྱེ་འདའ་བ་ཡིན་ན། ཁམས་གོང་མར་ཉེར་འགྲོ་ཡིན་པས་ཁྱབ་ཅེ་ན། འོག་མིན་གྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་མི་འོང་ཚངས་རིས་ཀྱི་རྟེན་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁམས་གོང་དུ་སྐྱེས་ཟིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། འོག་དུ་སྐྱེ་འདའ་བ་ཡིན་པའི་ཕྱིར། སྒྲུབ་ཚུལ་སྔ་མ་ལྟར་རོ། །ཡང་དེ་འདྲ་སྐྱེ་འདའ་མ་ཡིན་ན། གང་ཡིན་ཆོས་ཅན། འཕར་བ་ཡིན་ནོ་ཞེ་ན་དེ་ཆོས་ཅན། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པར་ཐལ། དེའི་ཕྱིར། དེ་བཞིན་དུ་གོང་འཕོ་ཡིན་ན། ཁམས་གོང་མར་ཉེར་འགྲོ་ཡིན་པས་མ་ཁྱབ་ཅེ་ན་གཟུགས་ཀྱི་གནས་ཐམས་ཅད་དུ་སྐྱེ་བ་ལེན་པར་འགྱུར་བའི་ཚངས་རིས་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་དང་ལྡན་པའི་ཕྱིར་མི་འོང་གང་ཞིག མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ཁོ་ན་རེ། དེ་དག་ཡིན་ན། གཟུགས་སུ་ཉེར་འགྲོ་ཡིན་དགོས་པར་ཐལ། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། གཟུགས་སུ་ཉེར་དགུར་བཤད་དོ། །ཞེས་གསུངས་ཞེ་ན། འོ་ན་དེ་དག་ཡིན་ན། གཟུགས་སུ་ཉེར་འགྲོ་ཡིན་པས་མ་ཁྱབ་པར་ཐལ། མངོན་པ་ཀུན་ལས་བཏུས་ལས། དེ་དག་གཟུགས་སུ་ཉེར་འགྲོའི་དབྱེ་བར་མ་བཤད་པའི་ཕྱིར་ཏེ། ཚངས་རིས་སུ་སྐྱེས་ཟིན་པའི་ཕྱིར་མི་འོང་དེ་འཕར་བ་དང༌། ཆེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བ་སོགས་སུ་ཁས་བླངས་པར་ནི་མི་བྱའོ་ཞེས་གསུངས། གཞན་ཡང་གཟུགས་ཁམས་ཀྱི་བར་དོའི་རྟེན་ཅན་གྱི་དགྲ་བཅོམ་པ་འདིས། ལྷན་སྐྱེས་ཀྱི་མྱང་འདས་མངོན་དུ་བྱས་མ་བྱས་དྲིས་པས་བྱས་ཟེར་ན། ཁྱོད་ཀྱི་ཕུང་པོ་དང་བཅས་པའི་མྱང་འདས་མངོན་དུ་བྱས་པར་ཐལ། དེའི་ཕྱིར་འདོད་ན་དེ་མ་བྱས་པར་ཐལ། བར་དོའི་གང་ཟག་ཡིན་ན། ཕུང་པོ་དང་བཅས་པ་མ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན། ཡིད་ཀྱི་ལུས་ནི་ཡིན་དགོས་པའི་ཕྱིར་ཏེ། དེ་ལ་ཁོ་ན་རེ། དབང་པོ་ཀུན་ཚང་ཞེས་བཤད་པ་ཡིན་ནོ་ཞེས་ན་སྐྱོན་མེད་དེ། དེའི་དབང་པོ་གཟུགས་ཅན་པ་མ་ཡིན་པའི་ཕྱིར། ཅི་སྟེ་དེ་ཡིན་ན་ནི་དེ་ཆོས་ཅན་སྡུག་བསྔལ་དུ་གྲུབ་པར་ཐལ། དེའི་ཕྱིར་འདོད་ན། ཐོག་བཅས་སུ་ཐལ། དེའི་ཕྱིར། འདོད་ན། སྐྱེ་མེད་ཅེས་པ་དང་འགལ་ལོ་ཁོ་ན་རེ། དེ་ཆོས་ཅན། གཟུགས་ཅན་ཡིན་པར་ཐལ། ལུས་ཅན་ཡིན་པའི་ཕྱིར། རྣམ་གྲོལ་ལས་ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། ཞེས་གསུངས་ཞེ་ན། གཟུགས་མེད་ཀྱི་སེམས་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡིད་ཀྱི་རང་བཞིན་གྱི་ལུས་ཅན་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ལྷག་བཅས་ཀྱི་མྱང་འདས་མངོན་དུ་མ་བྱས་པར་ལྷག་མེད་ཀྱི་མྱང་འདས་མངོན་དུ་བྱས་པ་ཡོད་པར་ཐལ། གཟུགས་ཁམས་ཀྱི་བར་དོའི་རྟེན་ཅན་གྱི་དགྲ་བཅོམ་པ་དེས། ལྷག་བཅས་མངོན་དུ་མ་བྱས་པ་ཡིན་པའི་ཕྱིར། གཉིས་པ་ཕྱིར་མི་འོང་སྐྱེ་འདའ་བའི་མཚན་ཉིད། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཕྱིར་མི་འོང་གཟུགས་ཁམས་སུ་སྐྱེ་འདའ་བ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་སུ་ཉིང་མཚམས་སྦྱར་བའི་སྐད་ཅིག་མ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ཁམས་གསུམ་གང་རུང་གི་ཡན་ལག་གི་སྐྱེ་སྲིད་ཡིན་ན། དེར་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་མ་དེ་ཡིན་དགོས་པའི་ཕྱིར། དེར་ཐལ། ཁམས་གསུམ་གང་རུང་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་མ་དེ་ཉིད་ལ་སྐྱེ་སྲིད་དང༌། དེ་ཕན་ཆད་འཆི་བའི་སྐད་ཅིག་མ་ཚུན་ཆད་ལ་སྔོན་དུས་ཀྱི་སྲིད་པ་དང༌། འཆི་བའི་སྐད་ཅིག་མ་དེ་ལ་འཆི་སྲིད་དང༌། ཤི་ནས་སྐྱེ་སྲིད་མ་གྲུབ་པའི་བར་ལ་བར་སྲིད་དུ་འཇོག་པ་དེ་སྲིད་པ་བཞིའི་རྣམ་གཞག་འཐད་ལྡན་ཡིན་པའི་ཕྱིར། ཡང་དེའི་མཚན་ཉིད། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་གང་ཞིག གཟུགས་ཁམས་ཀྱི་སྐྱེ་སྲིད་བླང་རྗེས་སུ་གཟུགས་ཁམས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། གཟུགས་ཁམས་ཀྱི་སྔོན་དུས་ཀྱི་སྲིད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་སྐྱེ་འདའ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཅན་གཅིག་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། སྔོན་དུས་སྲིད་པ་ཡིན་ན། སྐྱེ་སྲིད་མ་ཡིན་དགོས་པའི་ཕྱིར། གཞན་ཡང༌། གཟུགས་ཁམས་སུ་སྐྱེ་སྲིད་གསུམ་བླང་ནས་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་གྱི་ཕྱིར་མི་འོང་གོང་འཕོ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། གཟུགས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། སྐྱེས་འདའ་བ་ཡིན་ན། སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་ཡིན་དགོས་པའི་ཕྱིར། སྐྱེས་མ་ཐག་འདའ་བའི་མཚན་ཉིད། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་སྐྱེས་མ་ཐག་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཕྱིར་མི་འོང་བར་དོར་འདའ་བའི་ནང་ཚན་དུ་གྱུར་པའི་ཕྱིར་མི་འོང་མྱུར་བར་འདའ་བ་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར་གཟུགས་ཀྱི་བར་དོར་སྐྱེས་མ་ཐག་པ་དེ་མངོན་དུ་བྱེད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། གཟུགས་ཁམས་ཀྱི་བར་དོར་སྐྱེས་ན། དེར་སྐྱེས་པས་ཁྱབ་པའི་ཕྱིར། ཡང་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཀྱི་སྐྱེ་སྲིད་ཀྱི་ཚེ་སྟོད་ལ་སྐྱེ་སྲིད་དུ་སྐྱེས་མ་ཐག་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཕྱིར་མི་འོང་གཟུགས་སུ་སྐྱེས་མ་ཐག་འདའ་བའི་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར་མ་གྲུབ་ན། དེར་ཐལ། གཟུགས་སུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་མ་དེ་ཉིད་མངོན་དུ་བྱེད་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། འདོད་ན་དེ་ལ་ཁམས་གོང་གི་ཉོན་མོངས་ལྷག་མ་སྤོང་ནུས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྤང་བྱ་ཅིག་ཅར་བ་ཡིན་པར་ཐལ། ཁམས་གོང་གི་ཉོན་མོངས་དགུ་པ་ཐམས་ཅད་ཅིག་ཅར་དུ་སྤོང་ནུས་པའི་འབྲས་གནས་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། གཟུགས་ཁམས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་ཉོན་མོངས་སྤོང་ནུས་པ་གཅིག་མི་སྲིད་པར་ཐལ། སྐྱེ་སྲིད་ཡིན་ན། ཉོན་མོངས་ཅན་ཡིན་དགོས་པའི་ཕྱིར་ཏེ། མཛོད་ལས་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་གསུངས། འདིར་ཕྱིར་མི་འོང་འདའ་བ་ཡིན་ན། གཟུགས་སུ་ཉེར་འགྲོ་ཡིན་ན། གཟུགས་སུ་སྐྱེ་བ་མི་ལེན་པ་གཟུགས་མེད་ནམ་མཁའི་སྔོན་དུས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བ་ཡིན་པའི་ཕྱིར་ཏེ། ཆོས་ཅན་གྱི་ཕྱིར་འདོད་ན་སླའོ། །དེ་བཞིན་དུ་གོང་འཕོ་ལ་ཡང་སྦྱོར་ཕྱིར་མི་འོང་གཟུགས་གོང་འཕོའི་མཚན་ཉིད། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཟེར་བ་ལས་འོས་མེད་པས། འདོད་པའི་རྟེན་ཅན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་བྱས། དང་པོ་ནི་རོ་མྱངས་པས་གོང་མ་གསུམ་ལས་ཉམས། དངོས་པོ་བཞིའི་སེམས་ལས་མ་ཉམས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། མ་ཡིན་པའི་ཕྱིར། དེར་ཐལ། དེའི་ཕྱིར། འདོད་ན། གཟུགས་ཁམས་སུ་སྐྱེ་བ་གཉིས་པ་ཕན་ཆད་འཕེན་བྱེད་ཀྱི་ལས་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཅན། བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་དང་ལྡན་པར་ཐལ། འདོད་པ་གང་ཞིག ཕྱིར་མི་འོང་འཕར་བ་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། བསམ་གཏན་བཞི་པའི་སེམས་དང་མི་ལྡན་པའི་ཕྱིར། བསམ་གཏན་གོང་མ་གསུམ་གྱི་སེམས་ལས་ཉམས་པའི་ཕྱིར། ཕྱིར་མི་འོང་འོག་མིན་མཐར་ཐུག་འགྲོའི་མཚན་ཉིད། ཕྱིར་འོང་གོང་འཕོ་གང་ཞིག མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། གཟུགས་ཁམས་ཀྱི་སྐྱེ་སྲིད་གཅིག་མངོན་དུ་བྱས་རྗེས་སུ་འོག་མིན་གྱི་བར་དོའི་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། རྟགས་དང་པོ་དེར་ཐལ། ཁམས་གོང་མར་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་ལྡན་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། འོག་མིན་གྱི་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། འོག་མིན་གྱི་བར་དོ་དེ་འོག་མིན་གྱི་སྐྱེ་བ་ཡིན་པའི་ཕྱིར། རྩ་བར་ཆོས་ཅན། མ་ཡིན་པར་ཐལ། འོག་མིན་གྱི་སྐྱེ་སྲིད་དུ་སྐྱེས་ནས་མྱང་འདས་མངོན་དུ་མི་བྱེད་པའི་ཕྱིར། སྐབས་འདིར་གོང་འཕོ་ཡིན་ན། ཕྱིར་མི་འོང་ཡིན་པས་མ་ཁྱབ་ཏེ། འདི་ལྟར་ཕྱིར་མི་འོང་གོང་འཕོའི་དངོས་རྒྱུར་གྱུར་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁམས་གོང་དུ་མྱོང་བར་འདོད་པའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། དེ་བཞིན་དུ་བར་དོར་འདའ་བ་དང་སྐྱེས་འདའ་སོགས་ལ་སྦྱར་བར་བྱའོ། །གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། གཟུགས་ཁམས་གནས་རིགས་བཅུ་བདུན་ལ་ཐེབས་ཅིག་བྱས་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཟེར་ན། འོག་མིན་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་སྐྱེ་འདའ་བ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་ཅན་གྱི་ཕྱིར། མ་གྲུབ་ན། ཆོས་ཅན་མ་གྲུབ་པར་ཐལ། མཛོད་ལས། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་སྐྱེ་འདའ་བ་དེ་ལ། སྐྱེ་གནས་ཀྱི་སྒོ་ནས་བཅུ་དྲུག་དུ་བཤད་པ་དེ་འཐད་པའི་ཕྱིར། འདི་ལ་རྟེན་པ་འོག་མིན་དང་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ཡིན་ན། འོག་མིན་མཐར་ཐུག་འགྲོ་དང་སྲིད་རྩེའི་མཐར་ཐུག་ཡིན་པས་མ་ཁྱབ་པ་ཤེས་པར་བྱའོ། །ཕྱིར་མི་འོང་གོང་འཕོ་གང་ཞིག ཚངས་རིས་ནས་ཤི་འཕོས་ནས་ཤིན་ཏུ་མཐོང་མན་ཆད་གང་དུ་ཡང་མི་སྐྱེ་བར་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པར་འགྱུར་བ་དེ་དེའི་མཚན་ཉིད་ཟེར་ན། ཚངས་རིས་སུ་སྐྱེ་བ་གཉིས་ལེན་ཞིང་གཞན་གང་དུ་ཡང་མི་ལེན་པར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཆོས་བྱ་བའི་ཕྱིར་འདོད་ན། མ་ཡིན་པར་ཐལ། གཟུགས་སུ་སྐྱེ་བ་གཉིས་ལེན་པའི་ཕྱིར་རིག་པ་འདི་ནི་ཕྱེད་ཕར་དང༌། ཕྱེད་གནས་ཐམས་ཅད་དུ་འཆི་འཕོ་བ་ཐམས་ཅད་ལའང་སྦྱོར། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གནས་ཐམས་ཅད་དུ་ཉེར་འགྲོའི་མཚན་ཉིད་དྲིས་པ་གང་ཞིག ཚངས་རིས་འོག་མིན་གྱི་བར་དུ་རིམ་གྱིས་སྐྱེས་ནས་མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། ཚངས་རིས་གནས་འབྲས་བུ་ཕྱེ་བར་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་འབྲས་བུ་ཆེ་བའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། བསམ་གཏན་བཞིར་རིམ་གྱིས་སྐྱེས་ནས་བསམ་གཏན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། འོག་མིན་འགྲོ་ཡིན་ན། འོག་མིན་དུ་སྐྱེ་བ་ལེན་མི་དགོས་པར་ཐལ། འོག་མིན་མཐར་ཐུག་འགྲོ་ཡིན་ན། འོག་མིན་དུ་སྐྱེ་བ་ལེན་མི་དགོས་པའི་ཕྱིར་གསལ་བ་ཁས་བླང༌། དེར་ཐལ། འོག་མིན་ཕན་ཆད་དུ་མི་འགྲོ་བའི་གཟུགས་སུ་ཉེར་འགྲོ་ཡིན་ན། འོག་མིན་དུ་སྐྱེ་བ་ལེན་མི་དགོས་པའི་ཕྱིར། དེ་བཞིན་དུ་སྲིད་རྩེའི་མཐར་ཐུག་ལའང་ཤེས་པར་བྱའོ། །ཕྱིར་མི་འོང་འཕར་བའི་མཚན་ཉིད་དྲིས་པས། འདོད་པའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་བྱས། བསམ་གཏན་དང་པོའི་རོ་མྱང་འདས་པས་གོང་མ་གསུམ་ལས་ཉམས་ཚངས་རིས་ཀྱི་རྟེན་ལ་སྤེལ་སྒོམ་སོར་ཆུད་པར་བྱས་ནས། སྐྱེ་བ་ཕྱི་མ་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཟེར་ན། ཕྱིར་མི་འོང་འཕར་བ་ཆོས་ཅན། འདོད་པའི་རྟེན་ལ་བསམ་གཏན་སྤེལ་སྒོམ་བྱས་པའི་དབང་གི་འོག་མིན་དུ་སྐྱེ་བ་ལེན་པར་ཐལ། དེ་ཡིན་པའི་ཚང་རིས་ཀྱི་རྟེན་ལ་དེ་བྱས་པའི་དབང་གི་དེར་སྐྱེ་བ་གང་རུང་གང་ཞིག ཕྱི་མ་མ་ཡིན་པའི་ཕྱིར་འདོད་ན། དེ་ཆོས་ཅན། ཁྱོད་འོག་མིན་དུ་སྐྱེ་བ་ལེན་པ་དེ། ཚངས་རིས་ཀྱི་རྟེན་ལ་སྤེལ་སྒོམ་བྱས་པ་ལ་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྟེན་ལ་སྤེལ་སྒོམ་བྱས་པ་ལ་དགོས་པ་མེད་པར་ཐལ། རྩ་བར་རྟགས་དང་པོ་མ་གྲུབ་ན། སླ་ཤིང་དེར་ཐལ། ཁྱོད་གཟུགས་སུ་ཉེར་འགྲོའི་འཕར་བ་ཡིན་པའི་ཕྱིར་ཁྱབ་པ་ཁས་བླངས་མ་གྲུབ་ན། དེ་ཆོས་ཅན། འདོད་པའི་རྟེན་ལ་སྤེལ་སྒོམ་བྱས་པ་ལ་དགོས་པ་མེད་པར་ཐལ། ཚངས་རིས་ཀྱི་རྟེན་ལ་སྤེལ་སྒོམ་བྱས་པའི་དབང་གི་དེར་སྐྱེ་བ་ལེན་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། འདོད་པའི་རྟེན་ལ་འོག་མིན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡོད་པར་ཐལ། དེའམ་ཚངས་རིས་ཀྱི་རྟེན་ལ་དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡོད་པ་གང་ཞིག ཕྱི་མ་མ་ཡིན་པའི་ཕྱིར། འདོད་ན་དེའི་དབང་གི་འོག་མིན་དུ་སྐྱེ་བར་ཐལ། འདོད་པའི་ཕྱིར། འདོད་ན། ཁས་བླངས་ཤིང་མ་ཡིན་པར་ཐལ། འདོད་པའི་རྟེན་ལ་དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡོད་པ་དེ་འདོད་པའི་རྟེན་དེ་ཉིད་ལ་ཉམས་པའི་ཕྱིར་ཏེ། རྟེན་དེ་ལ་གོང་མ་གསུམ་གྱི་སེམས་ལས་ཉམས་པའི་ཕྱིར། རྩ་བར་རྟགས་དང་པོ་ཁས་བླངས་ཤིང་དེར་ཐལ། འཕར་བ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་འདོད་པའི་རྟེན་ལ་འོག་མིན་དུ་ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་དང་ལྡན་པ་མ་ཡིན་པར་ཐལ། ཁྱོད་ཕྱི་མ་ཚངས་རིས་སུ་སྐྱེས་ནས་དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་སོག་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། ཁྱོད་འོག་མིན་འགྲོ་ཡིན་པའི་ཕྱིར། ཁ་ཅིག་འདོད་པའི་རྟེན་ལ་སྤེལ་སྒོམ་བྱས་ནས་སྐྱེ་བ་ཕྱི་མ་ཚངས་རིས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེ་འཕར་བ་ཡིན་ཟེར་ན། དེ་ཆོས་ཅན། འཕར་བ་མ་ཡིན་པར་ཐལ། གོང་འཕོ་ཡིན་པའི་ཕྱིར་ཏེ། སྐྱེ་འདའ་བ་ཡིན་པའི་ཕྱིར་ཏེ། སྐྱེ་བ་ཕྱི་མ་གཟུགས་ཁམས་སུ་སྲིད་པ་གཅིག་ཁོ་ན་ཁས་བླངས་ནས་མྱང་འདས་མངོན་དུ་བྱེད་པ་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཡིན་པའི་ཕྱིར། ཕྱེད་འཕར་གྱི་མཚན་ཉིད་དྲིས་པས། འདོད་པའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་བྱས་བསམ་གཏན་དང་པོའི་རོ་མྱང་བས་གོང་མ་གསུམ་པས་ཉམས་ཚངས་རིས་སུ་སྐྱེས་རྟེན་དེ་ལ་སྤེལ་སྒོམ་སོར་ཆུད་པར་བྱས་ནས་བར་གྱི་གནས་ཐམས་ཅད་བོར་སྟེ། གནས་གཙང་མའི་འོག་མ་གསུམ་པོ་གང་རུང་སྐྱེས་ནས་དེའི་སྐྱེ་བ་ཕྱི་མ་འོག་མིན་དུ་མྱང་འདས་མངོན་དུ་བྱེད་པ་དེ་དེའི་གོ་རྒྱུ་ཡིན་ཟེར། ཕྱེད་དུ་འཕར་བ་ཆོས་ཅན། ཚངས་རིས་ཀྱི་རྟེན་ལ་སྤེལ་ལྔ་པ་སོར་ཆུད་པར་བྱས་པ་ཡིན་པར་ཐལ། དེའི་རྟེན་ལ་སྔར་གྱི་སྤེལ་སྒོམ་སོར་ཆུད་པར་བྱས་པ་ཡིན་པའི་ཕྱིར། འདོད་ན། ཆོས་ཅན། ཚངས་རིས་ཀྱི་སྐྱེ་བ་ཕྱི་མ་དེ་ཉིད་འོག་མིན་དུ་སྐྱེ་བ་ལེན་པ་ཡིན་པར་ཐལ། འདོད་པ་གང་ཞིག་རྟེན་དེ་ལ་དེ་ལས་ཉམས་པ་མི་སྲིད་པའི་ཕྱིར། འདོད་ན། གསླང་ལོ་ཡང་གནས་ཐམས་ཅད་དུ་འཆི་འཕོ་བའི་མཚན་ཉིད་དྲིས་པས་སྤེལ་སྒོམ་སྔར་ལྟར་བྱས་ནས་ཚངས་རིས་ཀྱི་རྟེན་ལ་སྤེལ་སྒོམ་སོར་ཆུད་པར་བྱས་ནས་གཟུགས་ཁམས་ཀྱི་གནས་ཐམས་ཅད་དུ་རིམ་གྱིས་བགྲོད་ནས་མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཅིག་ཡིན་ཟེར་ན། གནས་ཐམས་ཅད་དུ་འཆི་འཕོ་བ་ཆོས་ཅན། ཚངས་རིས་ཀྱི་རྟེན་ལ་བསམ་གཏན་བཞི་པའི་དངོས་གཞི་སེམས་སོར་ཆུད་པར་བྱས་པར་ཐལ། དེའི་རྟེན་ལ་སྔར་གྱི་སྤེལ་སྒོམ་སོར་ཆུད་པར་བྱས་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཚངས་རིས་ནས་ཤི་འཕོས་ནས་བསམ་གཏན་བཞི་པར་སྐྱེ་བ་ལེན་པར་ཐལ། འདོད་པ་གང་ཞིག་དེ་ལས་ཉམས་པ་མི་སྲིད་པའི་ཕྱིར། འདོད་ན་ཆོས་ཅན། གནས་ཐམས་ཅད་དུ་འཆི་འཕོ་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། གཞན་ཡང་གནས་ཐམས་ཅད་དུ་འཆི་འཕོ་བ་ཆོས་ཅན། ཁྱོད་ཀྱི་ཚངས་རིས་ཀྱི་རྟེན་ལ་སྔར་གྱི་སྤེལ་སྒོམ་སོར་ཆུད་པར་བྱས་པ་མ་ཡིན་པར་ཐལ། བསམ་གཏན་གཉིས་པ་ཡན་གྱི་སྤེལ་སྒོམ་མི་བྱེད་པའི་ཕྱིར། རྟེན་དེ་ལ་བསམ་གཏན་གཉིས་པ་ཡན་ཆད་དུ་སྐྱེ་བའི་ལས་ནུས་པ་མཐུ་ཅན་དུ་མི་བྱེད་པའི་ཕྱིར། སྐྱེ་བ་ཕྱི་མ་བསམ་གཏན་བཞི་པ་ཡན་ཆད་དུ་མི་སྐྱེ་བའི་ཕྱིར། གཞན་ཡང་འཕགས་རྒྱུད་ལ་རོ་མྱང་མཚུངས་ལྡན་གྱི་སྙོམས་འཇུག་ཡོད་པར་ཐལ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེས་བསམ་གཏན་དང་པོའི་རོ་མྱང་པས་བསམ་གཏན་གོང་མ་གསུམ་ལས་ཉམས་པ་ཡོད་པའི་ཕྱིར། གཞན་ཡང་ཁ་ཅིག་མངོན་པ་གོང་མའི་ལུགས་ལ་འཕར་ཕྱེད་འཕར་གྱི་རྣམ་གཞག་བྱེད་ཟེར་བ་ནི་མ་ཡིན་ཏེ། གོང་མའི་ལུགས་ལ། འོག་མིན་གྱི་མཐར་ཐུག་འགྲོ་ཡིན་ན། གཟུགས་ཁམས་ཀྱི་གནས་ཐམས་ཅད་དུ་སྐྱེ་བ་ལེན་པས་ཁྱབ་པའི་ཕྱིར། དེར་ཐལ། གོང་དུ་འཕོ་བ་གང་ཞེ་ན། གཟུགས་ཀྱི་ཁམས་སུ་གནས་སར་སྐྱེ་ཞིང་འོག་མིན་གྱི་བར་དུ་ཞུགས་ནས་དེར་ལམ་མངོན་དུ་བྱས་ཏེ་སྡུག་བསྔལ་གྱི་མ་ཐོབ་པའོ་ཞེས་གསུངས། སྐབས་འདིར་གནས་ཐམས་ཅད་དུ་སྐྱེ་བ་ལེན་པའི་རྒྱུ་དྲིས་པས་ཕྱིར་མི་འོང་དེས་འདོད་པའི་རྟེན་བསམ་གཏན་སྤེལ་སྒོམ་བྱས་པའི་དབང་གི་གནས་གཙང་དུ་སྐྱེ་བ་ལེན་པ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། ཕྱིར་མི་འོང་གི་རྟེན་ལ་གནས་གཙང་དུ་སྐྱེ་བ་འཕེན་བྱེད་ལ་སོགས་པ་ཡོད་པར་ཐལ། དེའི་ཕྱིར། འདོད་ན། འཕགས་པའི་རྟེན་ལ་ཡང་སྲིད་འཕེན་བྱེད་ཀྱི་ལས་སོག་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རྟེན་འབྲེལ་མདོ་འགྲེལ་ལས། བདེན་པ་མཐོང་བ་ལ་འཕེན་བྱེད་ཞེས་པའི་ལུང་དང་འགལ་ལོ། །དེ་ལ་ཁ་ཅིག་ནི་སྔར་འབྲས་བུ་ཆེར་སྐྱེས་བ་འཕེན་བྱེད་ཀྱི་ལས་བསག་པ་དེ་སྤེལ་སྒོམ་གྱི་དབང་གི་གནས་གཙང་གི་རྒྱུར་སྒྱུར་བ་ལ་སོགས་ལ་ལྟོས་པས་སྐྱོན་དེ་མེད་དོ་ཟེར་ན། ཤེས་བྱ་ཆོས་ཅན། ཁམས་གོང་མར་འཕེན་བྱེད་ཀྱི་ལས་གཞན་དུ་གཡོ་སྲིད་པར་ཐལ། འབྲས་བུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་གནས་གཙང་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་སུ་བསྒྱུར་བ་ཡོད་པའི་ཕྱིར། འདོད་ན། མི་སྲིད་པར་ཐལ། དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་ཡིན་ན། མི་གཡོ་ལས་ཡིན་དགོས་པའི་ཕྱིར། གཞན་ཡང༌། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དེའི་རྒྱུད་ཀྱི་བསམ་གཏན་གྱི་སྤེལ་སྒོམ་ཆོས་ཅན། གནས་གཙང་མའི་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པར་ཐལ། དེར་སྐྱེ་བའི་རྒྱུ་གང་ཞིག དེར་སྐྱེ་བའི་འཕེན་བྱེད་ཀྱི་རྒྱུ་མ་ཡིན་པའི་ཕྱིར། འདོད་ན། ཟས་ཀྱི་ལས་ཡིན་པར་ཐལ། ཁམས་གསུམ་གང་རུང་དུ་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཚངས་རིས་ཀྱི་རྟེན་ལ་བསམ་གཏན་སྤེལ་སྒོམ་སོར་ཆུད་པར་བྱས་པའི་ཕྱིར་མི་འོང་འབྲས་གནས་གནས་ཐམས་ཅད་དུ་འཆི་འཕོ་བའི་རང་བཞིན་དེ་ཆོས་ཅན་འབྲས་བུ་ཆེ་བར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་གནས་གཙང་གི་རྒྱུར་བསྒྱུར་ཟིན་པར་ཐལ། ཁྱོད་ཀྱི་བསམ་གཏན་གྱི་སྤེལ་སྒོམ་བྱས་པའི་ཕྱིར། ཁྱབ་པ་ཁས་བླང་འདོད་ན། འབྲས་བུ་ཆེ་བར་མི་སྐྱེ་བར་ཐལ། ཡང་སྤེལ་སྒོམ་གྱི་དབང་གི་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་འགའ་ཞིག་གནས་གཙང་དུ་བསྒྱུར་ལ། འགའ་ཞིག་གནས་གཙང་གི་རྒྱུར་མི་བསྒྱུར་རོ་ཞེ་ན། དེ་ལྟ་ནའང་དེ་འདྲ་ཆོས་ཅན། སྐྱེ་བ་ཕྱི་མ་དེ་ཉིད་དུ་གནས་གཙང་དུ་སྐྱེ་བ་ལེན་པར་ཐལ། དེར་སྐྱེ་བ་ལེན་པའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་གང་ཟག་ཡིན་པའི་ཕྱིར། སྲིད་རྩེའི་མཐར་ཐུག་པའི་ཕྱིར་མི་འོང་གི་མཚན་ཉིད། ཕྱིར་མི་འོང་གོང་འཕོ་གང་ཞིག སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ཟེར་ན། གཟུགས་ཁམས་སུ་སྐྱེ་བ་མི་ལེན་པར་ཐལ། གཟུགས་མེད་ཁམས་སུ་སྐྱེ་བ་གཉིས་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། གཟུགས་སུ་ཉེར་འགྲོ་ཡིན་པར་ཐལ་ལོ། །རྩ་བའི་སྔ་མ་དེར་ཐལ། གཟུགས་མེད་ཉེར་འགྲོའི་གོང་འཕོ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། ཡང་གཟུགས་སུ་ཉེར་འགྲོ་གང་ཞིག ཞེས་སྦྱོར་ན། རེ་ཤིག་འདི་སྐད་བྱ་སྟེ། གཟུགས་མེད་ཉེར་འགྲོའི་སྲིད་རྩེར་འགྲོ་ཆོས་ཅན། དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། དེ་འདྲ་མ་གྲུབ་བོ་ཞེ་ན། ཤེས་བྱ་ཆོས་ཅན། གཟུགས་ཉེར་འགྲོའི་འོག་མིན་འགྲོ་མ་གྲུབ་པར་ཐལ། དེ་འདྲ་མ་གྲུབ་པའི་ཕྱིར་རོ། །ཕྱིར་མི་འོང་གཟུགས་མེད་ཉེར་འགྲོའི་མཚན་ཉིད། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་མེད་དུ་སྐྱེ་བ་ཁས་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པར་འགྱུར་བ་ཟེར་ན། གཟུགས་ལ་འདོད་ཆགས་དང་མ་བྲལ་ཤིང་འཆི་ཁར་གཟུགས་ལ་འདོད་ཆགས་དང་ཟིན་ནས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའི་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར་ཏེ། འདོད་ན། མ་ཡིན་པར་ཐལ། གཟུགས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར། རྩ་བར་དེར་ཐལ། ཁམས་གོང་དུ་ཉེར་འགྲོ་གང་ཞིག གཟུགས་སུ་ཉེར་འགྲོ་མ་ཡིན་པའི་ཕྱིར། སྔ་མ་དེར་ཐལ། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་འགྱུར་བའི་འདོད་ཁམས་པ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བར་དོར་འདའ་ལ་སོགས་གང་ཡིན་འདྲིའོ། །འདིར་སྐབས་སུ་འདི་དཔྱད་དེ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་ཀྱི་བར་དོར་སྐྱེས་ནས་བར་དོའི་རྟེན་ལ་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱས་ནས་གཟུགས་མེད་དུ་སྐྱེ་བར་འགྱུར་བ་ཡོད་དམ་མེད། དེ་འདྲ་ཡོད་གཟུགས་སུ་ཉེར་འགྲོ་དང༌། གཟུགས་མེད་ཉེར་འགྲོ་གང་ཡིན། བར་དོ་འདའ་བ་སྐྱེས་འདའ་བ། གོང་འཕོ་རྣམས་ལས་གང་ཡིན་ཅི་སྟེ། གོང་འཕོ་སྲིད་རྩེའི་མཐར་ཐུག་འགྲོ་ཡིན་ནམ། ཟེར་ན། དེ་འདྲ་དེ་དེ་མ་ཡིན་པར་ཐལ། དེས་གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་མི་ལེན་པའི་ཕྱིར་ཁྱབ་པ་ཡོད་པར་ཐལ། གཟུགས་ཁམས་སུ་ཉེར་འགྲོའི་གོང་འཕོ་ཡིན་ན། གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལན་ཡིན་དགོས་པའི་ཕྱིར་ཏེ། ཅི་སྟེ། གཟུགས་མེད་ཉེར་འགྲོ་ཡིན་ནོ་དེ་དེ་མ་ཡིན་པར་ཐལ། དེས་གཟུགས་ཁམས་སུ་སྐྱེ་བ་ལེན་པའི་ཕྱིར། དེའི་བར་དོར་སྐྱེ་བ་ལེན་པའི་ཕྱིར། ཅི་སྟེ། དེ་འདྲ་མི་སྲིད་དོ་ཞེ་ན། མི་སྲིད་པའི་རྒྱུ་མཚན་ཅི་ཡིན། གཟུགས་ཁམས་ཀྱི་བར་དོའི་རྟེན་ལ་གཟུགས་ལ་ཆགས་བྲལ་བྱས་པ་མེད་པ་ཡིན་ནམ། འོན་ཏེ་གཟུགས་ལ་ཆགས་བྲལ་བྱས་ན། གཟུགས་མེད་པ་ལ་ཆགས་བྲལ་བྱས་དགོས་པ་ཡིན། དང་པོ་ལྟར་ན་མཚན་ཉིད་དེ། བར་དོར་འདའ་བ་གྲུབ་པའི་ཕྱིར། གཉིས་པའང་མཚན་ཉིད་དེ། འོ་ན་ཕྱིར་མི་འོང་ཉེར་འགྲོ་མཐའ་དག་ཆོས་ཅན། གཟུགས་མེད་ལ་ཆགས་བྲལ་བྱས་པར་ཐལ། གཟུགས་མེད་ལ་ཆགས་བྲལ་བྱས་པའི་ཕྱིར་གསུམ་པོར་རྫས་སྤྱི་མ་དང༌། ཉིས་འགོའམ་ཆོས་ཅན་དུ་སྨྲ་བ་ལ་ནི་སྙིང་པོ་མེད་དོ། །དགྲ་བཅོམ་ཞུགས་པའི་མཚན་ཉིད། དགྲ་བཅོམ་པའི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འབྲས་གནས་གང་ཞིག ཁྱོད་དང་ངོ་བོ་གཅིག་པའམ་ཁྱོད་ཀྱི་ནང་ཚན་དུ་གྱུར་པའི་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཀྱང་མེད་དེ། ཕྱིར་འོང་ཡང་མེད་ཕྱིར་མི་འོང་ཡང་མེད་པ་ཟེར་ན། དགྲ་བཅོམ་པ་རྟོགས་པའི་སྐལ་བ་ཅན་མི་གཡོ་བའི་ཆོས་ཅན་དུ་དབང་པོ་སྦྱོང་བ་ལ་བརྩོན་བཞིན་པ་དེ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དགྲ་བཅོམ་འབྲས་གནས་ཡིན་པའི་ཕྱིར། རྩ་བའི་སྔ་མ་དེར་ཐལ། མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཉན་ཐོས་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། དགྲ་བཅོམ་ཞུགས་པ་གང་ཞིག ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཡིན་པའོ་ཟེར་ན། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་རྟོགས་པའི་སྐལ་བ་ཅན། རིམ་གྱིས་པའི་མི་གཡོ་བའི་ཆོས་ཅན་དུ་དབང་པོ་འཕོ་བའི་སྦྱོར་བ་ལ་བརྩོན་བཞིན་པ་ཆོས་ཅན། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཡིན་པར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན་དེར་ཐལ། རིམ་གྱིས་པའི་མི་གཡོ་བའི་ཆོས་ཅན་དུ་ཞུགས་པ་ཡིན་པའི་ཕྱིར། ཁོ་ན་རེ། འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་མ་ཡིན་པར་ཐལ། འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་མ་ཡིན་པའི་ཕྱིར་ཟེར་ན། འོ་ན་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཆོས་ཅན་རིམ་གྱིས་པའི་ཞུགས་པ་མིན་པར་ཐལ། དེའི་འབྲས་གནས་ཡིན་པའི་ཕྱིར། ཁྱབ་ཁས། མ་གྲུབ་ན། དེ་ཆོས་ཅན། སྤང་བྱ་རིམ་གྱིས་པའི་འབྲས་གནས་སུ་ཐལ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། རྩ་བར་ཆོས་ཅན། དེ་ཡིན་པར་ཐལ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པ་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་པར་ཐལ། དེའི་འབྲས་གནས་ཡིན་ན། རིམ་གྱིས་པའི་འབྲས་གནས་ཡིན་དགོས་པའི་ཕྱིར། འདིར་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ཡིན་ན། དགྲ་བཅོམ་ཡིན་པས་ཁྱབ་ཟེར། སྲིད་ཉོན་བརྒྱད་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་ཉམས་པའི་ཆོས་ཅན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྲིད་ཉོན་བརྒྱད་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་མི་འོང་ཡིན་པའི་ཕྱིར། རྩ་བར་ཆོས་ཅན། མ་ཡིན་པར་ཐལ། ཁྱོད་དང་དགྲ་བཅོམ་འབྲས་གནས་གཉིས་ཀྱི་བར་དུ་ཁྱོད་དང་རང་རིགས་མི་མཐུན་པའི་འབྲས་གནས་རྫས་ཅན་གྱི་ཆོད་པའི་ཕྱིར་ཏེ། ཁྱོད་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པར་ངེས་པའི་འབྲས་གནས་ཡིན་པའི་ཕྱིར། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་ན། དགྲ་བཅོམ་ཞུགས་པ་ཡིན་པས་ཁྱབ་ཟེར། སྤང་བྱ་ཅིག་ཅར་བའི་འབྲས་གནས་ཁྱད་པར་ཅན་ཁམས་གསུམ་གྱི་ཉོན་མོངས་དང་པོ་དགུ་སྤོང་བ་ལ་བརྩོན་བཞིན་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཁམས་གསུམ་གྱི་ཉོན་མོངས་སྤོང་བ་ལ་བརྩོན་བཞིན་པའི་རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། རྩ་བར་ཆོས་ཅན་སྲིད་ཉོན་བརྒྱད་པ་སྤངས་པར་ཐལ། དེའི་ཕྱིན་ཁྱབ་པ་ཡོད་པར་ཐལ། ཀུན་ལས་བཏུས་ལས། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་སྲིད་པ་རྩེ་མོའི་ཉོན་མོངས་པ་རྣམས་ཀྱི་རྣམ་པ་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་གསུངས། ཁོ་ན་རེ། ཁྱབ་ཏེ། རིམ་གྱིས་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཟེར་ན། འོ་ན་ཤེས་བྱ་ཆོས་ཅན། ཕྱིར་འོང་འབྲས་གནས་ཡིན་ན། ཁམས་གོང་གི་ཉོན་མོངས་པ་དྲུག་པ་མ་སྤངས་དགོས་པ་མ་ཡིན་པར་ཐལ། དེ་ལྟར་དགོས་པ་དེ་རིམ་གྱིས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་པའི་ཕྱིར། མ་གྲུབ་ན་སྔ་མའང་མ་གྲུབ་པར་མཚུངས་སོ། །རྩ་བར་ཆོས་ཅན་ཅིག་ཅར་བའི་ཕྱིར་འོང་འབྲས་གནས་ཡོད་པར་ཐལ། དེའི་ཕྱིར། དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པའི་འབྲས་གནས་ཟེར། ཁམས་གསུམ་གྱི་སྒོམ་སྤངས་མ་ལུས་པར་སྤངས་ཤིང་ཟད་ཤེས་མངོན་དུ་མ་བྱས་པའི་ཉན་ཐོས་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཟད་པ་ཤེས་པའི་ཡེ་ཤེས་མངོན་དུ་མ་བྱས་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། མཛོད་ལས། དེ་ཟད་ཐོག་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས། རྩ་བར་མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། ཡང་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་དེ་དེའི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒོམ་སྤངས་སུ་གྱུར་པའི་ཤེས་སྒྲིབ་མ་སྤངས་པའི་ཕྱིར། དགྲ་བཅོམ་འབྲས་གནས་ཡིན་ན། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་པས་ཁྱབ་ཟེར་ན། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མི་གཡོ་བའི་ཆོས་ཅན་ལས་གཞན་པའི་དགྲ་བཅོམ་པ་སྔ་མ་རྣམས་ཀྱི་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ཕྱིར་ཏེ། མཛོད་ལས། གལ་ཏེ་མི་སྐྱེ་བའི་ཆོས་ལས། །མི་སྐྱེ་བའི་བློ་གྲོས་གལ་ཏེ་མིན། །ཟད་དང་ཤེས་རྩ། ཞེས་གསུངས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པའི་མཚན་ཉིད། དགྲ་བཅོམ་འབྲས་གནས་གང་ཞིག འགོག་པའི་སྙོམས་འཇུག་ཐོབ་པ་ཟེར་ན། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་ལ་གནས་བཞིན་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྣམ་པར་མཐར་པ་བརྒྱད་པོ་གང་རུང་ལ་རྟེན་པ་གང་ཞིག དགྲ་བཅོམ་འབྲས་གནས་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། ཀུན་ལས་བཏུས་ལས། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་གང་ཞེ་ན། གང་ཟག་པ་ཟད་པ་དང༌། རྣམ་པར་མཐར་པ་བརྒྱད་ལ་རྟེན་པའང་ཡིན་པའི་གང་ཟག་གོ །ཞེས་གསུངས། ཤེས་རབ་རྐྱང་པ་ཆ་ལས་རྣམ་གྲོལ་བའི་ཆ་འབྲས་གནས་ཀྱི་མཚན་ཉིད། དགྲ་བཅོམ་འབྲས་གནས་གང་ཞིག ཤེས་རབ་ཀྱི་སྟོབས་ཀྱི་ཉོན་སྒྲིབ་ཙམ་ལས་གྲོལ་བ་ཟེར་ན། ཤེས་བྱ་ཆོས་ཅན། སྙོམས་འཇུག་གི་སྒྲིབ་པ་ཅུང་ཟད་ཀྱང་མ་སྤང་དགོས་པར་ཐལ། དེ་ཡིན་ན། མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཡང་མ་ཡིན་པར་ཐལ། དེ་ཡིན་ན། འདོད་པའི་ཁམས་ཀྱི་སྒོམ་སྤངས་མ་ལུས་པར་སྤངས་པས་ཁྱབ། བསམ་གཏན་གསུམ་པ་ཡན་ཆད་ཀྱི་སྒོམ་སྤངས་པའི་རྣམ་སྒྲོལ་ལམ་ཡིན་ན། བསམ་གཏན་དང་གཟུགས་མེད་གང་རུང་གི་དངོས་གཞིའི་ངོ་བོར་སྐྱེས་པས་ཁྱབ་པའི་ཕྱིར། ཕྱི་མ་དེར་ཐལ། མཛོད་ལས། ས་གསུམ་ལས་རྒྱལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མིན་འཕགས། །ཞེས་གསུངས། ཉམས་པའི་ཆོས་ཅན་སོགས་དྲུག་གི་རྣམ་གཞག་ལ། མཛོད་ཀྱི་ལུགས་ལ། ཁ་ཅིག་ན་རེ། ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ཡིན་ན། ངེས་པར་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པས་ཁྱབ་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་ཁྱབ་པར་ཐལ། དེ་དེ་ལས་ཉམས་སྲིད་པའི་ཕྱིར་ཏེ། དེ་རང་གི་རིག་ལས་ཉམས་པའི་ཆོས་ཅན་དུ་འགྱུར་སྲིད་པ་གང་ཞིག དེ་དགྲ་བཅོམ་གྱི་འབྲས་བུ་ལས་ཉམས་སྲིད་པའི་ཕྱིར། དང་པོ་དེར་ཐལ། མཛོད་ལས། བཞི་ནི་རིགས་ལས། ཞེས་གསུངས། དགྲ་བཅོམ་བར་པ་བཞི་པོ་གང་རུང་ཡིན་ན། རང་གི་རིགས་ལས་ཉམས་པས་ཁྱབ་ཟེར་ན། དང་པོ་དེའི་རང་བཞིན་དུ་ངེས་པའི་རྟོགས་པའི་སྐལ་བ་ཅན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་ལས། ཁམས་གོང་མའི་རྟེན་ལ་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བ་གཉིས་ཡོད་ཀྱི། གཞན་རྣམས་མེད་དེ། མཛོད་ལས། དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་རྟེན། །ཞེས་གསུངས། ཞེས་ཟེར་ཏེ། འོ་ན་ཤེས་བྱ་ཆོས་ཅན། དགྲ་བཅོམ་པ་ཉམས་པའི་ཆོས་ཅན་ཡིན་ན། ཡོངས་སུ་ཉམས་པ་དང་རྟོགས་པའི་སྐལ་པ་ཅན་ཡིན་ན། དབང་པོ་འཕོ་ངེས་ཡིན་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། མཛོད་འགྲེལ་ལས། འདོད་ན། མི་ཟ་བར་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་ཅན་གྱི་བར་དུའང་རྟོགས་པར་འགྱུར་བ་མ་ཡིན་གྱི་དེའི་རིགས་ལ་སྲིད་པར་ཐལ། དེ་སྐད་ཅེས་བྱའོ། །དེ་ལྟར་བྱས་ན། ཁམས་གསུམ་ཅར་ན་དགྲ་བཅོམ་པ་དྲུག་ཀ་མདོར་རུང་ངོ༌། །ཞེས་གསུངས། ཡང་སྐབས་འདིར་མངོན་པ་གོང་མའི་གྲུབ། འཇིག་རྟེན་པར་རློམ་པ་ཁ་ཅིག་ཐར་པ་ལ་ཡིད་རྟེན་དུ་མིན་རུང་བར་ཐལ། དགྲ་བཅོམ་པའི་འབྲས་ལས་ཉམས་པ་ཡོད་པའི་ཕྱིར་ཞེས་དགག་པ་བརྗོད་ནས། ཁོ་རང་གི་ལུགས་ལ། དགྲ་བཅོམ་པ་རྣམས་ལ་མཐོང་ཆོས་ལ་བདེར་གནས་ལས་ཉམས་པ་སྲིད་ཀྱི། དགྲ་བཅོམ་འབྲས་བུ་ལས་ཉམས་པ་མི་སྲིད་ཟེར་ན། འོ་ན་ཁྱེད་ཀྱི་ལུགས་ལ་ཐར་པ་ལ་ཡིད་རྟེན་དུ་མི་རུང་བར་ཐལ། ཕྱིར་འོང་མི་འོང་འབྲས་བུ་ལས་ཉམས་པ་སྲིད་པའི་ཕྱིར་ཏེ། ལམ་ཟས་ཀྱི་ཐོབ་པའི་ཕྱིར་འོང་དང་ཕྱིར་མི་འོང་ལས་ཉམས་པ་སྲིད་པར་དེ་ཡང་མ་གྲུབ་ན། གོང་མའི་གྲུབ་པ་མ་ཡིན་པར་ཟད་དོ། །རྣལ་མའི་ལན་སྔར་བརྗོད་ཟིན་ནོ། །གཞན་ཡང་ཁྱོད་ཀྱི་ལུགས་ལ་བསམ་གཏན་དང་གཟུགས་མེད་ཀྱི་སེམས་ལས་ཉམས་པ་ཡོད་པར་ཐལ། དེ་ལ་མཐོང་ཆོས་ལ་བདེན་པར་གནས་ཀྱི་ཏིང་ངེ་འཛིན་ལས་ཉམས་པ་ཡོད་པའི་ཕྱིར། དེའང་འདོད་ན། དགྲ་བཅོམ་པ་ལ་ཁམས་གསུམ་གང་རུང་གི་ཉོན་མོངས་མངོན་གྱུར་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐར་པ་ལ་ཡིད་རྟེན་དུ་མི་རུང་བར་ཐལ་ལོ། །རང་སངས་རྒྱས་ཀྱི་མཚན་ཉིད། ཐེག་པ་འབྲིང་གི་གང་ཟག་རང་རྒྱལ་སྒོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། མཚན་ཉིད་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མི་སློབ་ལམ་པ་མ་ཡིན་པའི་ཕྱིར། རྩ་བར་རྟགས་དེར་ཐལ། རང་རྒྱལ་གྱི་ཐེག་པ་མ་ཡིན་པའི་ཕྱིར་ཏེ། ཆོས་ཅན་དང་བ་ཡིན་པའི་ཕྱིར། འདིར་རང་རྒྱལ་ལ། འབྲས་བུ་ཞི་བའི་རྣམ་གཞག་དཔྱད་པ་ལ་ཁ་ཅིག རང་རྒྱལ་ལ་འབྲས་བུ་བཞི་ཀ་ཡོད་དེ། མཐོང་ཙམ་སྤང་པའི་རང་རྒྱལ་དང༌། འདོད་ཉོན་དྲུག་པ་ཙམ་སྤང་པའི་རང་རྒྱལ་དང༌། འདོད་ཉོན་དགུ་པ་སྤངས་ཤིང་སྲིད་རྩེའི་སྒོམ་སྤངས་མ་སྤངས་པའི་རང་རྒྱལ། སྲིད་རྩེའི་སྒོམ་སྤངས་མ་ལུས་པར་སྤངས་པའི་རང་རྒྱལ་སོགས་ཡོད་པའི་ཕྱིར། ཟེར་ན། འོ་ན་དེ་དག་རང་རྒྱལ་ཡིན་ནམ་མིན། མིན་ན། དེའི་རྣམ་གཞག་ལོགས་སུ་བྱས་པ་དང་འགལ། ཡིན་ན། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་སློབ་འབྲས་གསུམ་གྱི་རྣམ་གཞག་ལས་ལོགས་སུ་རང་རྒྱལ་གྱི་སློབ་འབྲས་གསུམ་གྱི་རྣམ་གཞག་བྱེད་པ་མ་ཡིན་པར་ཐལ། སློབ་འབྲས་གསུམ་པོ་གང་རུང་གི་རྟོགས་པ་ལ་གནས་པའི་རང་རྒྱལ་མི་སྲིད་པ་གང་ཞིག གང་རུང་གི་ལ་གནས་རང་སངས་རྒྱས་ཀྱི་རང་བཞིན་ཡིན་ན། ཉན་ཐོས་ཡིན་དགོས་པའི་ཕྱིར། རྟགས་འབུད་དོ། །རེ་ཤིག་འདི་ལྟར་ཡང་བྱས་ཏེ། བསེ་རུ་ལྟ་བུའི་རང་རྒྱལ་ལ། ཕྱིར་འོང་དང་ཕྱིར་མི་འོང་གི་རྣམ་གཞག་མ་ཡིན་པར་ཐལ། རང་རྒྱལ་ཡིན་ན། སྤང་བྱ་ཅིག་ཅར་བ་ཡིན་དགོས་པའི་ཕྱིར་ཏེ། རང་རྒྱལ་ཡིན་ན། སྒོམ་གྱི་རྟོག་པ་སྟན་ཐོག་གཅིག་ལ་ཐོབ་པས་ཁྱབ་པའི་ཕྱིར་རྟགས་འབུད་དོ། །གོང་འོག་གཞུང་གི་དེ་ཉིད་མི་ཤེས་ཀྱང༌། །རྟོག་གེས་རྟགས་པའི་ཚིག་སྦྱོར་འབའ་ཞིག་གི །ཉི་ཤུའི་དགག་བསྒྲུབ་བྱེད་པ་མང་མོད་ཀྱི། །དོན་མེད་བྱ་བས་བློ་གྲོས་ངལ་བར་ཟད། །ལ་ལ་རྙེད་བསྐུར་གཉིས་ཀྱི་གཞུང་ལུགས་ཀྱི། །ཚིག་འཕྲང་མ་ངེས་པའི་དོ་ཤལ་འཛིན་མོད་ཀྱང༌། །བརྡ་དོན་སྤྲོད་པའི་བློ་ཡི་མཐུ་མེད་པས། །ཤེས་བྱའི་གནས་ལ་ལྐུགས་པ་མིག་ཅན་འདྲ། །བརྒྱ་ཆེན་གཞུང་ལ་སྦྱངས་པ་མི་དམན་ཞིང༌། །དེ་དོན་རིག་པས་སྤྱོད་པའི་རྣམ་དཔྱོད་ཅན། །བློ་གསལ་དབང་པོ་ཤཱཀྱའི་མཆོག་ལྡན་དཔལ། །ལེགས་པའི་བློ་ཡི་དྭང་བས་ལེགས་བསྐྲུན་པའི། །ཐལ་འགྱུར་ངག་གི་དབང་པོ་མཛེས་བརྒྱན་འདི། །ཐལ་ངག་སྨྲ་བའི་ཕྱིར་རྒོལ་དྲག་པའི་དཔུང༌། །ཐལ་བ་བཞིན་དུ་ཕྱེ་མར་མཐག་མཁས་ཤིང༌། །ཐལ་མོའི་རྣམ་འགྱུར་སྟོང་ཕྲག་གཡོ་བར་ངེས། །འདི་ཙམ་ཁོ་ན་ཤེས་པས་ཀྱང༌། །བླུན་པོས་མཁས་པར་བཅོལ་བ་ཡི། །བློན་པོ་མེད་ཀྱང་ཞུགས་གནས་ཀྱི། །རྣམ་གཞག་སྨྲ་བའི་དབང་པོར་འགྱུར། །ཞེས་པ་འདི་ནི། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ། ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དབྱུག་གི་ལོ་ས་ཀས་གཉིས་པ་དཀར་ཕྱོགས་ལ། དཔལ་བྱ་ཡུལ་ཐུབ་ཆེན་མངོན་པར་དགའ་བའི་ཆོས་གྲྭར་སྦྱར་བའོ།།  །།མངྒ་ལཾ།།  ༄༅། །ན་མཿསྦ་ཛྙ་ཡ། མཚོན་བྱེད་དཔེའི་དགེ་འདུན་གྱི་ཟུར་འདེབས། མངོན་པ་འོག་མ་དང་མཐུན་པར་བཤད་པ་རིག་པའི་དབྱངས་ཀྱི་ང་རོ་ཞེས་བྱ་བ། འཕྲིན་ལས་ཤེལ་གྱི་ཁྱམས་ཆེན་ཉམས་དགའ་བར། །སྙེངས་བྲལ་སེང་གེའི་ཁྲི་ལ་རྗིད་ཆགས་ཞིང༌། །ལུགས་དེ་མཚོན་བརྒྱའི་རི་མོ་འགོད་མཁས་པའི། །ཐུབ་དབང་ཆོས་ཀྱི་རྗེ་ལ་ཕྱག་བྱས་ནས། །མཁྱེན་རབ་མེ་ཏོག་རྒྱས་པའི་སྐྱེད་ཚལ་ན། །རྟག་ཏུ་ལེགས་པར་བྱེད་པའི་རྔ་དབྱངས་ཀྱིས། །བློ་གསལ་སྐྱེ་བོའི་རྒུད་པ་སེལ་བརྩོན་པ། །ཀུན་མཁྱེན་གཉིས་པ་ནོར་གྱི་རྩ་ལག་གི །གཞུང་ལུགས་མཐོང་བའི་དོན་གང་རིགས་པ་ཡིས། །རྣམ་དག་དཔྱད་ནས་ཀུན་ལ་མ་གྲངས་པའི། །གསང་ཚིག་འགའི་རི་མོར་དགྱིད་པ་ལ། །མཁྱེན་ལྡན་ཐུགས་རྗེའི་ལྷ་དོན་དགེ་བར་མཛོད། །ཞུགས་གནས་ཀྱི་རྣམ་གཞག་སྨྲ་བ་ལ་མཁས་པར་གྲགས་པའི་བཤེས་གཉེན་ཕལ་ཆེ་བ་དག་ན་རེ། མངོན་པ་འོག་མའི་ལུགས་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིར་གྲངས་ངེས་ཏེ། འབྲས་བུ་བཞི་རྣམ་གཞག་པ་ནི། ཞེས་གསུངས་པས་སོ་ཞེས་གསུང༌། མངོན་པ་གོང་མའི་ལུགས་ལ་དེ་ལྟར་བཤད་ན་རུང་ཙམ་ཡིན་མོད། མངོན་པ་འོག་མ་དང་མི་མཐུན་ཏེ། འདི་ལྟར། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཟོད་ཤེས་པ་དང་དགུ་དང༌། འདོད་པའི་དུཿཁ་མཐོང་སྤངས་སྤངས་པའི་སོ་སོར་ཉམས་འགོག་སོགས། འགོག་དེ་དང་པོ་བདུན་པོ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ཅིང༌། འབྲས་བུ་བཞི་པོ་གང་རུང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་གཉིས་ལ། སོ་སོར་བརྒྱད་བཅུ་རྩ་དགུ་རེ་རེར་ཕྱེ་ནས་གསུངས་པའི་ཕྱིར་ཏེ། དེ་དག་བརྒྱད་བཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་གསུངས་པའི་ཕྱིར་ཏེ། རྟགས་གཉིས་པ་མ་གྲུབ་ན། དེ་དག་ཆོས་ཅན། རྒྱུ་ལྔ་ཚང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པར་ཐལ། འབྲས་བུ་བཞི་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་བཞི་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་འདི་སྙམ་དུ་བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། བཞི་པོ་གང་རུང་ཡིན་པས་ཁྱབ་པར་ཁོ་ཆོས་ཅན་ཞེ་ན། དེ་ཡང་མི་འཐད་དེ། བཅུ་དྲུག་པའི་རྟོགས་པ་རྗེས་སུ་འདོད་ཉོན་དང་པོ་ནས་ལྔ་པའི་བར་གང་རུང་སྤངས་པའི་རྣམ་གྲོལ་ལམ་དང༌། སོ་སོར་རྟགས་འགོག་རྣམས་དང༌། ཕྱིར་འོང་གི་འབྲས་བུ་ཐོབ་རྗེས་སུ་འདོད་ཉོན་བདུན་བརྒྱད་སྤངས་པའི་འགོག་ལམ་དང༌། རིམ་གྱིས་པའི་ཕྱིར་མི་འོང་གིས་བསམ་གཏན་དང་པོ་ནས་སྲིད་རྩེའི་ཉོན་མོངས་བརྒྱད་པའི་བར་གང་རུང་སྤངས་པ་འགོག་ལམ་དེ་དག་ཐམས་ཅད་བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་ཡིན་ལ། བཞི་པོ་གང་རུང་ཡིན་པའི་ཕྱིར། ཅི་སྟེ། དེ་དག་རིམ་པ་བཞིན་དུ། རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཕྱིར་འོང་གི་དང༌། ཕྱིར་མི་འོང་གི་འབྲས་བུ་ཡིན་ནོ་ཞེས་ཟེར་ན། འོ་ན་བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་འདོད་ཉོན་དང་པོ་སྤངས་པའི་ཉན་ཐོས་ཀྱི་རྣམ་གྲོལ་ལམ་ཆོས་ཅན། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་རྣམ་ཕྱེ་བའི་རྣམ་གྲོལ་ལམ་ཡིན་པར་ཐལ། རྒྱུད་ཀྱི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བཅུ་དྲུག་པའི་རྗེས་སུ་རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤངས་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། དེ་ཆགས་བྲལ་སྔོན་སོང་ལ་རྣམ་གྲོལ་ལམ་དེ་གཉིས་ཀྱི་གཞི་མཐུན་སྲིད་པ་ཙམ་ཡིན་ཀྱང༌། འབྲས་བུ་རིམ་གྱིས་ས་ལ་མི་སྲིད་པའི་ཕྱིར་ཏེ། ལམ་དེ་གཉིས་ཀྱི་བར་དུ་མཐོང་ལམ་གྱི་ཁྱད་པར་ལམ་དང༌། ངོས་སྐལ་གྱི་སྒོམ་སྤངས་སྤོང་བའི་སྦྱོར་བའི་ལམ་དང༌། བདག་མེད་ཀྱིས་ཆོད་པའི་ཕྱིར་རོ། །ཡང་དོན་དེ། ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་བར་ཆད་མེད་ལམ་ལ་གནས་བཞིན་པའི་ཉན་ཐོས་དེ། རྒྱུན་ཞུགས་ཞུགས་པ་ཡིན་པར་ཐལ། ཁྱོད་རྒྱུན་ཞུགས་ཀྱི་འབྲས་བུ་རྣམ་གྲོལ་གྱི་ལམ་ཡིན་པའི་ཕྱིར། ཁྱབ་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་རྣམ་གྲོལ་ལམ་དེ་ཡིན་ན། མཐོང་སྤངས་ཀུན་སྦྱོར་གསུམ་ལས་དངོས་སུ་གྲོལ་ཙམ་གྱི་ལམ་དེ་ཡིན་དགོས་པའི་ཕྱིར། མཛོད་འགྲེལ་ལས། རྣམ་པར་གྲོལ་བའི་ལམ་ཏེ། དེས་སྤང་བར་བྱ་བའི་སྒྲིབ་པ་ལས་ངེས་པར་གྲོལ་བ། དང་པོ་ཉིད་དུ་སྐྱེ་བ་གང་ཡིན་པའོ་ཞེས་དང༌། དེའི་འགྲེལ་པར་དོན་གསལ་ལས། དང་པོ་ཉིད་དུ་ཞེས་བྱ་བའི་ཁྱད་པར་སྨོས་པ་ཡིན་ཏེ། སྐད་ཅིག་མ་གསུམ་པ་ལ་སོགས་པ་དེ་དང་རིགས་མཐུན་པའི་ལམ་ཡིན་ཏེ། ཁྱད་པར་གྱི་ལམ་ཡིན་པར་འདོད་དོ་ཞེས་གསུངས་པས། ཡང་དེ་ཆོས་ཅན། ཁྱོད་ལ་གནས་བཞིན་པའི་ཉན་ཐོས་དེ་རྒྱུན་ཞུགས་ཞུགས་འབྲས་གནས་ཙམ་པོ་ཡིན་པར་ཐལ། རྒྱུན་ཞུགས་འབྲས་བུར་གྱུར་པའི་རྣམ་གྲོལ་ལམ་དེ་ཡིན་པའི་ཕྱིར། ཁྱབ་ཏེ། རང་རང་གི་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམ་གྲོལ་གྱི་ལམ་དེ་ལ་ལྟོས་པའི་ཁྱད་པར་གྱི་ལམ་སྔོན་དུ་བྱས་པའི་ཉན་ཐོས་ཡིན་ན། འབྲས་གནས་ཁྱད་པར་ཅན་ཡིན་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི་ཞེས་གསུངས་པའི་ཤུགས་ལ་དེ་ལྟར་དུ་ཐོབ་པའི་ཕྱིར། ཅི་སྟེ། དེ་སྐད་དུ་གསུངས་པ་དེ་ནི། མཐོང་སྤངས་སྤངས་པའི་ཁྱད་པར་གྱི་ལམ་ལ་དགོངས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། གཞུང་དེ་ཆགས་བྲལ་སྔོན་དུ་སོང་ནས་བཅུ་དྲུག་པའི་རྟོགས་པ་ལ་གནས་ཙམ་དེ། འབྲས་གནས་ཁྱད་པར་ཅན་མ་ཡིན་པའི་ཤེས་བྱེད་སྟོན་པའི་གཞུང་གི་སྐབས་ཡིན་པའི་ཕྱིར་ཏེ། ཡང་དེའི་རྗེས་སུ་སྤངས་པའི་སོ་སོར་རྟགས་འགོག་དོན་ཆོས་ཅན། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་སོ་སོར་རྟགས་འགོག་ཡིན་པར་ཐལ། ཁྱོད་རྒྱུན་ཞུགས་ཀྱི་འབྲས་བུ་འདུས་མ་བྱས་ཡིན་པའི་ཕྱིར་ཏེ། འདོད་ན། མ་ཡིན་པར་ཐལ། ཁྱོད་རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤངས་སྤངས་པའི་སོ་སོར་གཞན་ཡང་རྟགས་འགོག་གང་ཞིག མཐོང་སྤངས་སྤངས་པའི་སོ་སོར་རྟགས་འགོག་དང་བསྲེས་པས་མ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་ཏེ། རྟོགས་པ་བསྲེ་བའི་གནས་སྐབས་དེ་ལ་བཞིར་གྲངས་ངེས་པའི་ཕྱིར་ཏེ། འབྲས་བུ་བཞི་པོ་གང་རུང་དེ་ཐོབ་པའི་གནས་སྐབས་ཁོ་ནར་སྤངས་སྡོམ་ཐོངས་རེ་འབྱུང་བར་བཤད་པའི་ཕྱིར། གཞན་ཡང༌། བཅུ་དྲུག་པའི་རྗེས་སུ་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དང་པོ་སྤངས་པའི་སོ་སོར་རྟགས་འགོག་ཆོས་ཅན། ཁྱོད་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཡིན་པར་ཐལ། ཁྱོད་ལམ་ཟག་བཅས་ཀྱིས་ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་ཡིན་པའི་ཕྱིར་དང༌། ཁྱོད་འདོད་པའི་ཉོན་མོངས་ཀྱི་ཉམས་པར་བྱེད་སྲིད་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། ཁྱོད་རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ཏེ། རྒྱུན་ཞུགས་འབྲས་གནས་ཀྱི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། རྒྱུན་ཞུགས་འབྲས་གནས་ཀྱིས་འཇིག་རྟེན་པ་ལམ་གྱིས་འདོད་ཉོན་དང་པོ་ནས་ལྔ་པའི་བར་སྤངས་པའི་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཉམས་པ་སྲིད་པར་ཐལ་བ་དང༌། འཇིག་རྟེན་པའི་ལམ་གྱིས་དངོས་སུ་ཐོབ་པའི་རྒྱུན་ཞུགས་ཀྱི་འབྲས་བུ་སྲིད་པར་ཐལ་བ་དང༌། དེ་འདྲའི་དུས་ཀྱི་འདོད་ཉོན་དང་པོ་སྤོང་བ་ལ་བརྩོན་བཞིན་པའི་ཉན་ཐོས་དེ། རྒྱུན་ཞུགས་ཞུགས་པར་ཐལ་ལོ། །ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་སོ་སོར་རྟགས་འགོག་ཆོས་ཅན། ཕྱིར་འོང་གི་འབྲས་བུར་ཐལ། དེའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། འདོད་ཉོན་དྲུག་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་འབྲས་སུ་ཐལ། ཕྱིར་འོང་གི་འབྲས་བུ་འདུས་མ་བྱས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་བྲལ་རྒྱུར་གྱུར་པའི་བར་ཆད་མེད་ལམ་ཡིན་ན། མཐོང་ལམ་བར་ཆད་མེད་ལམ་ཡིན་དགོས་པའི་ཕྱིར། ཡང་རྒྱུན་ཞུགས་འབྲས་གནས་ཀྱི་རྒྱུད་ཀྱི་སྡུག་ཀུན་མཐོང་སྤངས་ཙམ་སོ་སོར་རྟགས་འགོག་ཆོས་ཅན། རྒྱུན་ཞུགས་ཀྱི་འབྲས་བུར་ཐལ། དེའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལམ་རྗེས་ཟོད་ཀྱིས་སྟོན། ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། གཞན་ཡང༌། འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་འབྲས་བུ་རིམ་གྱིས་པའི་རྒྱུད་ཀྱི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་སོ་སོར་རྟགས་འགོག་ཀྱང་ཡིན། འདོད་ཉོན་དྲུག་པ་སྤངས་པའི་སོ་སོར་རྟགས་འགོག་མ་ཡིན་པ་ཡང་གཞི་མཐུན་པ་དེ་ཆོས་ཅན། ཕྱིར་འོང་གི་འབྲས་བུར་ཐལ། དེའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། འདོད་ཉོན་དྲུག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་མ་ཡིན་པའི་ཕྱིར། ཆོས་ཅན་མ་གྲུབ་བོ་ཞེ་ན། གྲུབ་པར་ཐལ། དེའི་རྒྱུད་ཀྱི་མཐོང་སྤངས་པའི་སོ་སོར་རྟགས་འགོག་ལས་ཉམས་པ་མི་སྲིད་དེ། ས་འཕོས་པ་ཙམ་གྱི་མི་གཏོང་དེའི་རྒྱུད་ཀྱི་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འདོད་ཉོན་དྲུག་པ་སྤངས་པའི་སོ་སོར་རྟགས་འགོག་དེ། འདོད་པའི་ཉོན་མོངས་པ་སྲིད་ཅིང༌། ས་འཕོས་པ་ཙམ་གྱིས་གཏོང་བར་ངེས་པའི་ཕྱིར། རྟགས་གཉིས་པ་གྲུབ་པར་ཐལ། སྔ་མའི་རྟགས་འགོག་གི་ཐོབ་པ་ཟག་མེད་ཡིན་ལ། ཕྱི་མའི་རྟགས་འགོག་གི་ཐོབ་པ་ཟག་བཅས་ཡིན་པའི་ཕྱིར། ཡང་འཇིག་རྟེན་པའི་ལམ་ཁོ་ནས། འདོད་ཉོན་དགུ་པ་སྤངས་པའི་རྟགས་འགོག་དང༌། མཐོང་སྤངས་ཀུན་སྦྱོར་གསུམ་དང་གཉིས་ཀ་སྤངས་བའི་རྟགས་འགོག་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་གི་རྒྱུད་ཀྱི་ཀུན་སྦྱོར་གསུམ་སྤངས་པའི་སོ་སོར་རྟགས་འགོག་དེ་ཆོས་ཅན། ཕྱིར་མི་འོང་གི་འབྲས་བུར་ཐལ། དེའི་རྒྱུད་ཀྱི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། འདོད་ཉོན་དགུ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་སོ་སོར་རྟགས་འགོག་ཡིན་པར་ཐལ། ཁྱོད་ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་རྟགས་འགོག་ཡིན་པར་ཐལ། འདོད་པ་གང་ཞིག དེ་ཡིན་ན། ཁྱོད་དེ་ཡིན་དགོས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། དེ་འདྲའི་ཕྱིར་མི་འོང་གི་རྒྱུད་ལ་ཕྱིར་མི་འོང་གི་འབྲས་བུ་མེད་པར་ཐལ། དེ་འདྲའི་འབྲས་བུ་འདུས་བྱས་ཡང་མེད། འདུས་མ་བྱས་ཀྱང་མེད་པའི་ཕྱིར། དང་པོ་མེད་དེ། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མེད་པའི་ཕྱིར། གཉིས་པ་མེད་དེ། དེ་འདྲའི་དུས་ཀྱི་འདོད་ཉོན་དགུ་པ་སྤངས་པའི་སོ་སོར་རྟགས་འགོག་དེ་ནི་ལམ་ཟག་བཅས་ཁོ་ནས་ཐོབ་པའི་རྟགས་འགོག་ཡིན་པས། དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང༌། དེ་འདྲའི་དུས་ཀྱི་མཐོང་སྤངས་སྤངས་པའི་སོ་སོར་རྟགས་འགོག་དེ་ནི། ཕྱིར་མི་འོང་གི་འབྲས་བུ་མ་ཡིན་པའི་ཕྱིར། ཞེ་ན་སྐྱོན་མེད་དེ། དེ་འདྲའི་དུས་ཀྱི་སྤངས་པ་གཉིས་ཀ་སྡོམ་པའི་ཐོབ་པ་ཟག་མེད་གཅིག་རྙེད་པ་དེ། ཕྱིར་མི་འོང་གི་འབྲས་བུར་གཞག་དགོས་པའི་ཕྱིར། ཇི་སྐད་དུ། དོན་གསལ་ལས། སྤངས་པ་གཉིས་པོ་དེའི་ཐོབ་པ། ལན་གཅིག་ཕྱིར་འོང་གི་འབྲས་བུར་བསྡུས་པའམ། ཕྱིར་མི་འོང་གི་འབྲས་བུར་བསྡུས་པ་ཅིག་རྙེད་དོ། །དེ་ལྟ་བས་ན། མཐོང་བའི་ལམ་གྱི་འབྲས་བུ་སྤངས་པ་དང་ལྡན་པའི་ལན་གཅིག་ཕྱིར་འོང་གི་འབྲས་བུའམ། ཕྱིར་མི་འོང་གི་འབྲས་བུ་འདུས་མི་བྱས་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལ་འགའ་ཞིག་འདི་སྙམ་དུ། རྒྱུད་རིགས་ནས་རིགས་སྐྱེའི་རྒྱུད་ཀྱི་འདོད་ཉོན་གསུམ་པ་སྤངས་པའི་རྣམ་གྲོལ་ལམ་དང༌། སོ་སོར་རྟགས་འགོག་དེ་རིགས་ནས་རིགས་སྐྱེའི་རྒྱུད་ཀྱི་འབྲས་བུ་བཞག་དགོས་ཏེ། དེ་རྒྱུད་ཀྱི་འབྲས་བུ་ལོག་བཞག་དུ་མེད་ན། རིགས་ནས་རིགས་སྐྱེའི་རྒྱུད་དེ། འབྲས་གནས་ལོག་པར་འཇོག་པར་བྱེད་པའི་བྱེད་ཆོས་གཅིག་མི་རྙེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རིགས་ནས་རིགས་སྐྱེས་དང༌། སྲིད་པ་ལན་བདུན་པ་དང༌། ཚེ་གཅིག་བར་ཆད་གཅིག་པ་དང༌། འོག་མིན་འགྲོ་དང༌། བར་དོར་འདའ་བ་དང༌། སྐྱེ་འདའ་བ་སོགས་ལ་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཁྱད་ཙམ་ལས་དེ་དང་དེར་བཞག་པ་ཡིན་གྱི། འབྲས་བུའི་ཁྱད་པར་ལོག་པ་མ་བཤད་པའི་ཕྱིར་དང༌། འབྲས་བུ་རིམ་གྱིས་པའི་འདོད་ཉོན་གསུམ་པ་སྤངས་པའི་རྣམ་གྲོལ་ལམ་དང༌། བདུན་པ་སྤངས་པའི་རྣམ་གྲོལ་ལམ་དང༌། བསམ་གཏན་དང་པོའི་ཉོན་མོངས་དང་པོ་སྤངས་པའི་རྣམ་གྲོལ་ལམ་སོགས་གང་རུང་ཡིན་ན། འབྲས་བུ་བཞི་པོ་གང་རུང་ཡིན་པར་འགལ་དགོས་པའི་ཕྱིར་ཏེ། གཞན་དུ་ན། རྒྱུད་ཀྱི་འབྲས་བུ་འཇིག་རྟེན་པའི་ལམ་གྱིས་དངོས་སུ་ཐོབ་པ་གཅིག་སྲིད་པར་ཐལ་བ་དང༌། ཕྱིར་མི་འོང་གི་འབྲས་བུ་ཁམས་གོང་གི་རྟེན་ལ་གསར་དུ་ཐོབ་པ་གཅིག་སྲིད་པར་ཐལ་བ་དང༌། ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་དངོས་གཞིའི་སེམས་དེ་ལ་རྟེན་པ་ཅིག་སྲིད་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཕྱིར་འོང་ཞུགས་པ་སྲིད་པར་ཐལ་བ་དང༌། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཕྱིར་མི་འོང་ཞུགས་པ་སྲིད་པར་ཐལ་བ་དང༌། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དགྲ་བཅོམ་ཞུགས་པ་སྲིད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེ་དག་ལ་རིམ་པ་བཞིན་དུ་འདོད་པར་མི་ནུས་ཏེ། འབྲས་བུ་ཐོག་མཐའ་མ་གཉིས་དགུས་ཐོབ་ཅེས་འབྲས་བུ་ཐོག་མཐའ་གཉིས་ཟག་མེད་ཀྱི་དབང་པོ་ཁོ་ནས་ཐོབ་དགོས་པར་བཤད་པའི་ཕྱིར་དང༌། འདོད་པར་གསུམ་ཐོབ་ཅེས་པའི་འགྲེལ་པར་ཁམས་གོང་མའི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་གསར་ཐོབ་མེད་པར་བཤད་པའི་ཕྱིར་དང༌། སློབ་པ་དྲུག་ལ་གང་གི་ཕྱིར་ཞེས་པའི་འགྲེལ་པར་ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་ལ་རྟེན་པ་མེད་པར་བཤད་པའི་ཕྱིར་དང༌། འབྲས་བུ་ཐོབ་འབྲས་བུའི་ཁྱད་པར་གྱི་ཞེས་པའི་གཞུང་གི་ཕུགས་བསྟན་ལ། འབྲས་གནས་ཕྱི་མའི་ཞུགས་པ་ཡིན་ན། འཐུས་སྔ་མ་ཐོབ་ཕྱིར་དུ་མི་བརྩོན་དགོས་པར་བཤད་པའི་ཕྱིར། གཞན་ཡང༌། རིམ་གྱིས་པའི་ཕྱིར་འོང་གི་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་བདུན་བརྒྱད་སྤངས་པའི་འགོག་ལམ་གཉིས་ཆོས་ཅན། ཞུགས་པས་བསྡུས་པའི་ལམ་བཏང་བར་ཐལ། རྒྱུ་ལྔ་ཚང་བའི་དགེ་སློང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་ཏེ། འབྲས་སྔོན་ལམ་བཏང་བ་དང༌། ཞེས་ཞུགས་ལམ་བཏང་བ་དེ། རྒྱུ་ལྔའི་ཡ་གྱལ་དུ་འགྲང་པའི་ཕྱིར། རྩ་བར་འདོད་ན། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེ་ཕྱིར་མི་འོང་ཞུགས་པ་མིན་པར་ཐལ་ལོ། །ཅིས་སྟེ། ལུང་དེའི་དོན། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན། དེའི་ཞུགས་ལམ་བཏང་དགོས་པའི་དོན་ཡིན་གྱི། རྒྱུ་ལྔ་ཐར་བའི་འབྲས་བུ་ཡིན་ན། སྤྱིར་ཞུགས་ལམ་བཏང་དགོས་པ་མིན་ཞེ་ན། འོ་ན་རྒྱུན་ཞུགས་འབྲས་གནས་ཀྱིས། འདོད་ཉོན་དང་པོ་ལྟ་བུ་གཅིག་སྤངས་པའི་རྣམ་གྲོལ་ལམ་ཐོབ་པའི་ཚེ་ན། རྒྱུ་ལྔ་མ་ཚང་བར་ཐལ། དེའི་ཞུགས་ལམ་བཏང་བའི་ཁྱད་པར་དེ་མ་ཚང་བའི་ཕྱིར་ཏེ། དེས་དེ་འདྲའི་རྣམ་གྲོལ་ལམ་ཐོབ་པ་དང༌། རྒྱུན་ཞུགས་པའི་ལམ་བཏང་པ་གཉིས་དུས་གཅིག་ཏུ་མ་ཐོབ་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་རྣམ་གྲོལ་ལམ་རྒྱུ་ལྔ་ཚང་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་པའི་ཕྱིར་འགལ་ལོ། །དེར་མ་ཟད། འདོད་ཉོན་དེར་སྤོང་བ་ལ་བརྩོན་བཞིན་པའི་རྒྱུན་ཞུགས་ཀྱི་རྒྱུད་ཀྱི་མཐོང་སྤངས་པའི་སོ་སོར་བརྒྱ་འགོག་དོན་དེ། རྒྱུན་ཞུགས་ཀྱི་ཞུགས་ལམ་བཏང་བར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་པའི་ཕྱིར། རྟགས་པ་ཁས་བླངས། འདོད་ན། ཁས་བླང་ཤིང༌། རང་རྒྱུད་ལྡན་གྱི་གང་ཟག་དེ་རྒྱུན་ཞུགས་པ་མིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པ་ཡིན་པའི་ཕྱིར་འགལ་ལོ། །དེ་ལ་ཁྱབ་པ་མེད་ན། རྒྱུན་ཞུགས་པ་ཡིན་པ་གཅིག་མི་སྲིད་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་གཅིག་ཐོབ་ཕྱིར་དུ་བརྩོན་པས། དེའི་གོ་མི་ཆོད་པ་གང་ཞིག རྒྱུན་ཞུགས་ཀྱི་འབྲས་བུ་ཐམས་ཅད་ཐོབ་ཕྱིར་དུ་བརྩོན་པ་མི་སྲིད་པའི་ཕྱིར། གཞན་ཡང༌། འབྲས་བུ་རིམ་པའི་ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་བདུན་བརྒྱད་སྤངས་པའི་སོ་སོར་བརྒྱ་འགོག་དེ་ཆོས་ཅན། ཁྱོད་དང་འདོད་ཉོན་དྲུག་པ་སྤངས་པའི་སོ་སོར་རྟགས་འགོག་གཉིས་བསྲེས་པའི་ཐོབ་པ་ཟག་མེད་གཅིག་རྙེད་པར་ཐལ། ཁྱོད་ཕྱིར་འོང་གི་འབྲས་བུ་འདུས་བྱས་དེ་ཡིན་པའི་ཕྱིར། ཁྱབ་ཏེ། གཞན་ཐོབ་པ་དང་ཟད་སྡོམས་དང༌། །ཞེས། སྔར་སྤང་བྱ་འཇིག་རྟེན་སྤངས་པ་ཐམས་ཅད་ཀྱི་ཐོས་པ་ཟག་མེད་གཅིག་རྙེད་པ་དེ། རྒྱུ་ལྔའི་ཡ་གྱལ་དུ་འགྲངས་པའི་རྟོགས། རྩ་བར་འདོད་མི་ནུས་ཏེ། འདོད་ཉོན་དགུ་པ་མ་སྤངས་བར་དུ། སྤངས་པ་དེ་གཉིས་བསྲེས་ཐོབ་པ་ཟག་མེད་གཅིག་རྙེད་པར་མི་ནུས་པའི་ཕྱིར་ཏེ། རྒྱུ་ལྔ་ཚང་བའི་གཞན་སྐབས་ནས་དེ་ལ་བཞིར་ངེས་པའི་ཕྱིར། གཞན་ཡང༌། གཟུགས་མེད་དངོས་གཞིའི་སེམས་ལ་རྟེན་ནས་བསམ་གཏན་བཞི་པའི་ཉོན་མོངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་ཕྱིར་མི་འོང་གི་འབྲས་བུ་མིན་པར་ཐལ། གཟུགས་མེད་དངོས་གཞིའི་སེམས་ལ་རྟེན་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཡང་དེ་འདྲའི་རྟགས་འགོག་ཆོས་ཅན། ཁྱོད་ཀྱང་དེ་མིན་པར་ཐལ། ཁྱོད་ཀྱི་ཐོབ་པ་གཟུགས་མེད་དངོས་གཞིའི་སེམས་ཀྱིས་བསྡུས་པའི་ཕྱིར། ཁྱབ་སྟེ། འཕེལ་བ་འབྲས་བུ་ཁྱད་པར་ཅན་ཞེས་པའི་འགྲེལ་པར། ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་པས་བསྡུས་པ་ནི་མེད་དོ། །ཞེས་དང༌། དེའི་འགྲེལ་འཆད་དོན་གསལ་ལས། མདོ་སྡེ་ཞེས་བྱ་བ་ནི། མེད་ལས་མཐའ་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར་མི་འོང་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་དང༌། དེ་ན་ཡང་མཐོང་བའི་ལམ་མེད་པའི་ཕྱིར་ཏེ། དེ་མེད་པ་ནི་འདོད་པའི་ཁམས་ལ་མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གཞན་ཡང༌། དེ་འདྲའི་དུས་ཀྱི་རྣམ་གྲོལ་ལམ་དོན་དེ། ཁྱོད་འདོད་ཉོན་དགུ་པ་སྤངས་རྣམ་གྲོལ་ལམ་ཡིན་པར་ཐལ། ཕྱིར་མི་འོང་གི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར། རྟགས་པས། འདོད་མི་ནུས་ཏེ། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ངོ་བོར་སྐྱེ་དགོས། ཁྱོད་གཟུགས་མེད་དངོས་གཞིའི་སེམས་ཀྱི་ངོ་བོར་སྐྱེས་པའི་ཕྱིར། ཁྱབ་ཏེ། འཕགས་པས་དེ་དག་ས་བོར་བས་གཏོང་ངོ་ཞེས་གསུངས་པའི་ཕྱིར། ད་ནི་འདི་དཔྱད་པར་བྱ་ཏེ། ཕལ་ཆེ་བ་གཅིག་ན་རེ། ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་རྣམ་གྲོལ་ལམ་ཡིན་ན། མཐོང་སྤངས་པའི་རྣམ་གྲོལ་ལམ་ཡིན་པས་ཁྱབ་པ་དང༌། ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་རྣམ་གྲོལ་ལམ་ཡིན་ན། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་པས་ཁྱབ་པ་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་ཡིན་ན། མཐོང་སྤངས་དང༌། འདོད་ཉོན་དྲུག་པ་གཉིས་ཀ་སྤངས་པའི་རྣམ་གྲོལ་ལམ་ཡིན་པས་ཁྱབ་པ་དང༌། ཡང་དེ་དག་གི་རྒྱུད་ཀྱི་སོ་སོར་རྟགས་འགོག་ཡིན་ན། རིམ་པ་བཞིན་དུ་སྤང་བྱ་དེར་དེ་སྤངས་པའི་སོ་སོར་རྟགས་འགོག་ཡིན་པས་ཁྱབ་པ་ཡིན་ནོ་ཞེས་ཟེར་རོ། །འདི་དག་དགག་པ་ལ་གཉིས་ཏེ། སུན་འབྱིན་དངོས་དང༌། རང་ལ་ཉེས་པ་མེད་པ་བསྟན་པའོ། །འོ་ན། འབྲས་རིམ་གནས་ཀྱིས་ཕྱིར་འོང་འབྲས་གནས་ཀྱི་རྒྱུད་དམ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་རྣམ་གྲོལ་ལམ་ལྡན་པར་ཐལ། དམ་བཅའ་ལྔ་མིན་པའི་ཕྱིར། འདོད་ན། མི་ལྡན་པར་ཐལ། བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་ཕྱིར་འོང་གི་འབྲས་བུ་སྔོན་དུ་བྱས་པའི་ཚེ། མཐོང་སྤངས་པའི་རྣམ་གྲོལ་ལམ་གྱི་ལམ། དེ་སྤངས་པའི་སོ་སོར་རྟགས་འགོག་གི་ཐོབ་པ་ཟག་མེད་གཉིས་ཀ་གཏོང་བའི་ཕྱིར། དེར་ཐལ། ཇི་སྐད་དུ། འཕགས་པ་འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། ཞེས་དགེ་སློང་ཚུལ་གྱི་འཐུས་པ་པོ་གང་རུང་ཐོབ་པའི་ཚེ། སྔར་ཡོད་ཀྱི་ལམ་ཟག་མེད་གཏོང་བར་བཤད་པའི་ཕྱིར། གཞན་ཡང༌། རིམ་པའི་ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་ལམ་ཟག་བཅས་ཀྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་མཐོང་སྤངས་པའི་རྣམ་གྲོལ་ལམ་མིན་པར་ཐལ། ཁྱོད་ཟག་མེད་བར་ཆད་མེད་ལམ་གྱི་ཐོབ་འབྲས་མིན་པའི་ཕྱིར་དང༌། ཁྱོད་འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར་དང༌། ཁྱོད་དང་མཐོང་སྤངས་པའི་རྣམ་གྲོལ་ལམ་གཉིས་ཀྱི་བར་དུ་སྦྱོར་བའི་མུ་དང་བར་དེ་དང༌། ཁྱད་པར་གྱི་ལམ་དུ་མས་ཆོད་པའི་ཕྱིར། ཡང་དམ་བཅའ་གཉིས་པ་ལ། ལམ་ཟག་བཅས་ཀྱིས་འདོད་ཉོན་དྲུག་པ་སྤངས་རྗེས་སུ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་བསམ་གཏན་བཞི་པའི་དངོས་གཞི་སྙོམས་འཇུག་ཟག་མེད་མ་རྟེན་པའི་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། ཕྱིར་མི་འོང་བའི་རྒྱུད་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། འདོད་མི་ནུས་སྟེ། ཁྱོད་ཉིད་དེ་བཏང་བའི་ཕྱིར། དེར་ཐལ། དེའི་དུས་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་དེ་བསམ་གཏན་དང་པོ་ནི་སས་བསྡུས་གང་ཞིག་ཁྱོད་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་གི་ངོ་བོར་སྐྱེས་པའི་ཕྱིར། ཁྱབ་ཏེ། བསམ་གཏན་གཏོང་བ་འགོག་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་གསུངས་པའི་ཕྱིར། དམ་བཅའ་གསུམ་པ་ལ། ཆ་ལ་སྔོན་དུ་སོང་བའི་ཕྱིར་མི་འོང་འབྲས་གནས་ཀྱི་རྟོགས་པ་དུ་སོང་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་བསམ་གཏན་པའི་དངོས་གཞིའི་སྙོམས་འཇུག་གི་ངོ་བོར་སྐྱེས་པའི་རྣམ་གྲོལ་ལམ་དང༌། སོ་སོར་རྟགས་འགོག་ཆོས་ཅན། རིམ་པ་བཞིན་དུ། མཐོང་སྤངས་དང་འདོད་ཉོན་དྲུག་པ་གཉིས་ཀ་སྤངས་པའི། རྣམ་གྲོལ་ལམ་ཡིན་པར་ཐལ། སོ་སོར་རྟགས་འགོག་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་དང་སོ་སོར་རྟགས་འགོག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་དེ་གཉིས་བཏང་བའི་ཕྱིར། རྣམ་གྲོལ་ལམ་གཏོང་ཚུལ་ནི་སྔ་མ་དང་འདྲ་ལ། ཁྱོད་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་སོ་སོར་རྟགས་འགོག་བཏང་བར་ཐལ། ཁྱོད་ཀྱིས་རྟགས་འགོག་དེའི་ཐོབ་པ་བཏང་བའི་ཕྱིར། དེར་ཐལ། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་དེ་སྤངས་པའི་རྟགས་འགོག་གི་ཐོབ་པ་ཡིན་ན། བསམ་གཏན་དང་པོའི་སས་བསྡུས་ཀྱི་ཟག་བཅས་ཡིན་པས་ཁྱབ་པའི་ཕྱིར། ཁྱོད་བསམ་གཏན་བཞིའི་སྙོམས་འཇུག་ཟག་མེད་ཀྱིས་ཐོབ་པའི་སོ་སོར་རྟགས་འགོག་ཡིན་པའི་ཕྱིར། ཁྱབ་ཏེ། ཐོབ་པ་ཟག་བཅས་ས་འཕོས་པས་གཏོང་བའི་ཕྱིར། རྟགས་སྔ་མ་གྲུབ་ཏེ། དེར་གཏོང་རྣམས་ཀྱི་རང་ཁམས་སུ། །མ་གཏོང་རྣམས་ཀྱི་རྣམ་པ་བཞི། །ཞེས་གསུངས་པའི་ཕྱིར། ཡང་དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་ཡིན་ན། སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་པས་ཁྱབ་པའང་འདིས་ཁས་ལེན་གྱིས། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་སྲིད་ཉོན་དགུ་པ་སྤངས་པའི་དགྲ་བཅོམ་དབང་རྟུལ་བསམ་གཏན་བཞི་པའི་དངོས་གཞི་ཟག་མེད་ལ་རྟེན་ནས། དབང་རྣོན་དུ་དབང་པོ་འཕོས་པའི་རྣམ་གྲོལ་ལམ་དགུ་པ་དོན་དེ། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཇི་སྐད་དུ། འཕགས་པ། འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། གཏོང་ངོ་ཞེས་གསུངས་པའི་ཕྱིར། གཞན་ཡང༌། དགྲ་བཅོམ་པའི་རྒྱུད་ལ། མཐོང་སྤངས་པའི་ཡོངས་ཤེས་ལྡན་པར་ཐལ། དགྲ་བཅོམ་པའི་རྒྱུད་ཀྱི་འགོག་བདེན་ཡིན་ཐམས་ཅད་མཐོང་སྤངས་འགོག་བདེན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཡོངས་ཤེས་ཀྱིས་ལྡན་ཚུལ་འཆད་པའི་སྐབས་སུ་དགྲ་བཅོམ་པ་ཡོངས་ཤེས་དགུའི་ནང་ནས་གཅིག་ཁོ་ན་དང་ལྡན་པར་བཤད་པ་དང་འགལ། གཞན་ཡང་ཕྱིར་མི་འོང་འབྲས་གནས་དེ་མཐོང་སྤངས་པའི་ཡོངས་ཤེས་དྲུག་དང་ལྡན་པར་ཐལ། དེའི་རྒྱུད་ཀྱི་འགོག་བདེན་ཡིན་ན། མཐོང་སྤངས་པའི་འགོག་བདེན་ཡིན་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། ཡོངས་ཤེས་ཀྱི་གཏོང་ཚུལ་འཆད་པའི་སྐབས་སུ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་སྔོན་དུ་བྱས་པའི་ཚེ། མཐོང་སྤངས་པའི་ཡོངས་ཤེས་དྲུག་པོ་དེ་བཏང་ནས་མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་གཅིག་པོ་དེ་ཐོབ་པར་བཤད་པའི་ཕྱིར། ཡང་ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་སོ་སོར་རྟགས་འགོག་དེ་ཡང་མཐོང་སྤངས་པའི་སོ་སོར་རྟགས་འགོག་དུ་མི་འཐད་དེ། མཐོང་སྤངས་མི་ནུས་པར་སྤངས་པའི་སོ་སོར་རྟགས་འགོག་ཡིན་ན། ཡོངས་ཤེས་ཡིན་དགོས་པ་ལས། དེ་ཡོངས་ཤེས་པའི་ཕྱིར། རྟགས་མ་གྲུབ་ན། ཡོངས་ཤེས་དགུའི་ཉམས་པ་དང༌། འདོད་ཉོན་དྲུག་པ་སྤངས་པ་དང༌། གང་རུང་ལ་ཆགས་བྲལ་བྱས་པ་དུས་མཉམ་པར་ཐལ། དེ་འདྲའི་འགོག་བདེན་དེ། རང་གི་ངོས་སྐལ་གྱི་སྤང་བྱ་སྒོམ་སྤངས་སྤངས་པའི་ཡོངས་ཤེས་ཡིན་པའི་ཕྱིར། དེ་ལ་དཔྱད་པ་དང་ལྡན་ཁ་ཅིག་འདི་སྙམ་དུ་དོགས་པར་འགྱུར་ཏེ། རིམ་གྱིས་པའི་རྒྱུན་ཞུགས་ཀྱིས་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཚེ། མཐོང་སྤངས་པའི་སོ་སོར་རྟགས་འགོག་དྲག་པོ་བཏང་ངམ་མ་བཏང༌། དང་པོ་ལྟར་ན། རིམ་གྱིས་སེམས་ཕྱིར་འོང་གི་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཚེ། དྲུག་པོ་གཏོང་བར་བཤད་པ་དང༌། ཕྱིར་འོང་འབྲས་གནས་དེ་ཡོངས་ཤེས་དྲུག་ལྡན་དུ་གཞུང་ལས་བཤད་པ་དང་འགལ། མི་གཏོང་ན། དེའི་ཚེ་དེ་བཏང་བར་ཐལ་ལོ། །དེའི་ཚེ་ན་མཐོང་སྤངས་པའི་ཡོངས་ཤེས་དྲུག་པོ་དེའི་ཐོབ་པ་ཟག་མེད་དེ་གཏོང་བའི་ཕྱིར། ཇི་སྐད་དུ། འཕགས་པ་འབྲས་བུ་ཐོབ་པས་གཏོང༌། །ཞེས་གསུངས་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། ཆོས་གཅིག་གི་ཐོབ་པ་བཏང་ན། དེའི་ཐོབ་བྱའི་ཆོས་དེ་ཡང་བཏང་དགོས་པའི་ཕྱིར། ཞེ་ན། འདིའི་ལན་ལ། མགོ་སྒྲེའི་ལན་དང༌། རྣལ་མའི་ལན་དང༌། རང་ལ་མཚུངས་པ་སྤངས་པའོ། །དང་པོ་ནི། ཆགས་བྲལ་སྔོན་དུ་མ་སོང་བའི་མཐོང་ལམ་པའི་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ། མཐོང་སྤངས་པའི་ཡོངས་ཤེས་དང་པོ་ལྔ་བཏང་ངམ་མ་བཏང༌། དང་པོ་ལྟར་ན། དེ་འདྲའི་དུས་ཀྱི་རྒྱུན་ཞུགས་འབྲས་གནས་དེ། ཡོངས་ཤེས་དྲུག་ལྔ་དུ་གཞུང་ལས་བཤད་པ་དང་འགལ། གཉིས་པ་ལྟར་ན། དེའི་ཚེ་དེ་བཏང་བར་ཐལ། དེའི་ཚེ་ན་ཡོངས་ཤེས་དང་པོ་ལྔའི་ཐོབ་པ་ཟག་མེད་དེ་བཏང་བའི་ཕྱིར། སྔོན་ལམ་བཏང་བ་དང་ཞེས་པ་དང༌། འཕགས་པ་འབྲས་བུ་ཐོབ་པས་གཏོང་ཞེས་གསུངས་པ་དང་འགལ་ལོ། །གཉིས་པ་རྣལ་མའི་ལན་ཡིན། ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་ཏེ། མཐོང་སྤངས་པའི་ཡོངས་སུ་ཤེས་དྲུག་གི་ཐོབ་པ། རྒྱུན་ཞུགས་ཀྱི་འབྲས་བུ་ས་བསྡུས་པ་གཅིག་པོ་དེ་བཏང་ནས། ཕྱིར་འོང་གི་འབྲས་བུའི་ངོ་བོར་གྱུར་པའི་ཐོབ་པ་ཟག་མེད་གཅིག་རྙེད་པའི་ཕྱིར། དེའི་དུས་ཀྱི་ཐོབ་པ་དེའང་འདོད་ཉོན་དྲུག་པ་སྤངས་པའི་སོ་སོར་རྟགས་འགོག་དང༌། མཐོང་སྤངས་པའི་སོ་སོར་རྟགས་འགོག་གཉིས་ཀ་བསྡོམས་པའི་ཐོབ་པ་ཟག་མེད་གཅིག་རྙེད་པ་ཡིན། དེ་ཕྱིར་འོང་གི་འབྲས་བུ་ཡིན་ཀྱང༌། ཕྱིར་འོང་གི་རྒྱུད་ཀྱི་མཐོང་སྤངས་པའི་སོ་སོར་རྟགས་འགོག་དེ། ཕྱིར་འོང་གི་འབྲས་བུ་གཞན་དུ་བྱེད་དེ། འདོད་ཉོན་དྲུག་པ་སྤོང་བའི་བར་ཆད་མེད་ཀྱི་སྟོབས་ཐོབ་པ་མིན་པའི་ཕྱིར། དེ་བཞིན་དུ་རྒྱུན་ཞུགས་པས་བཅུ་དྲུག་པའི་རྟོགས་པ་སྔོན་དུ་བྱས་པའི་ཚེ། མཐོང་ལམ་ཀྱི་ངོ་བོར་གསུང་པའི་ཐོབ་པ་དང་པོ་ལྔ་པོ་དེ་བཏང་བ་ཡིན་ཀྱང༌། ཡོངས་ཤེས་དྲུག་གི་ཐོབ་པ་ཟག་མེད་སྒོམ་གྱི་ངོ་བོར་གྱུར་པ་གཅིག་རྙེད་ལ། དེ་ཉིད་རྒྱུན་ཞུགས་ཀྱི་འབྲས་བུ་འདུས་བྱས་ཀྱང་ཡིན་ཅིང༌། དུས་དེར་ཐོབ་པ་གཅིག་ཡིན་ཀྱང༌། ཐོབ་བྱའི་ཆོས་སོ་སོར་རྟགས་འགོག་ནི་དྲུག་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། སྒོམ་ལ་གནས་པ་དྲུག་གམ་ནི། །ཞེས་པ་དང༌། ཟད་སྡོམས་དང༌། ཞེས་འབྲས་བུ་བཞི་པོ་གང་རུང་ཐོབ་པའི་ཚེ་སོ་སོར་རྟགས་འགོག་ཐམས་ཅད་ཀྱི་ཐོབ་པ་གཅིག་རྙེད་པར་བཤད་པའི་ཕྱིར། དེའི་ཚེ་ཐོབ་པ་གཅིག་ཡིན་ཀྱང་རྟགས་འགོག་རྣམས་གཅིག་ཏུ་འགྱུར་པ་ནི་མིན་ཏེ། ཇི་སྐད་དུ། བྲལ་བའོ་སྡེ་སོ་སོ་ཡིན། །ཞེས་གསུངས་པའི་ཕྱིར། ཆོས་གཅིག་གི་ཐོབ་པ་ཡང་དང་ཡང་དུ་རྙེད་པ་ཡང་ཡིན་ཏེ། ཇི་སྐད་དུ། གཉེན་པོ་སྐྱེས་དང་འབྲས་ཐོབ་དང༌། །དབང་པོ་རྣམ་པར་འཕེན་རྣམས་སུ། །ཞེས་འབྱུང་བས་སོ། །གསུམ་པ་རང་ལ་མཚུངས་པ་སྤངས་པ་ལ་གཉིས་ཏེ། དབང་པོ་འཕོས་པ་ལ་མཚུངས་པ་སྤངས་པ་དང༌། འབྲས་བུ་ཐོབ་པ་ལ་མཚུངས་པ་སྤངས་པའོ། །དང་པོ་ནི། དགྲ་བཅོམ་དབང་པོ་འཕོས་པའི་ཚེ་སྲིད་ཉོན་སྤངས་པའི་རྣམ་གྲོལ་ལམ་ལྡན་པར་ཐལ། དེ་འདྲའི་ཚེ་དབང་པོ་རྒྱུ་འཕྲུལ་གྱིས་བསྡུས་པའི་རྣམ་གྲོལ་ལམ་བཏང་ནས་དབང་པོ་རྣོན་གྱིས་བསྡུས་པའི་རྣམ་གྲོལ་ལམ་རྙེད་ཀྱི་ཐོབ་པ་རྙེད་པའི་ཕྱིར་འདོད་འགོག་པའི་ཕྱིར། དེ་འདོད་ན། དེའི་ཚེ་དགྲ་བཅོམ་དབང་རྣོན་གྱི་རྒྱུད་ལ་དེ་སྲིད་རྩེའི་ཉོན་མོངས་སྤངས་པའི་རྣམ་གྲོལ་ལམ་ཡོད་པར་ཐལ་ལོ། །དེ་ཡང་འདོད་ན། དགྲ་བཅོམ་དབང་རྟུལ་དབང་པོ་འཕོས་པའི་རྣམ་གྲོལ་ལམ་དགུ་པ་དེ་སྲིད་རྩེའི་ཉོན་མོངས་སྤངས་པའི་རྣམ་གྲོལ་ལམ་དུ་ཐལ་ལོ། །དེས་ན། གང་ཟག་དེའི་རྒྱུད་ཆོས་དེ་ལྡན་པ་ཙམ་གྱིས་དེའི་རྒྱུད་ལ་ཆོས་དེ་ཡོད་མི་དགོས་ཏེ། དགོས་ཏེ། ཉན་ཐོས་མཐོང་ལམ་པའི་རྒྱུད་ལ་སྦྱོར་ལམ་ཡོད་པར་ཐལ་བ་དང༌། གཟུགས་མེད་ན་ཟག་མེད་ཀྱི་སྡོམ་པ་ཡོད་པར་ཐལ་བ་དང༌། འགོག་པ་ལ་མཉམ་པར་གཞག་བཞིན་པའི་རྒྱུད་ལ་ཡིད་ཀྱི་དབང་པོ་དང་བཏང་སྙོམས་ཀྱི་དབང་པོ་ཡོད་པར་ཐལ། དེ་དག་ལ་དེ་དག་ལྡན་པའི་ཕྱིར། རྟགས་དང་པོ་གྲུབ་ཏེ། ས་མ་འཕོས་པར་དགེ་སློང་ཚུལ་གྱི་འབྲས་བུ་ཐོབ་ཙམ་གྱིས་སྦྱོར་ལམ་གྱི་ཐོབ་པ་མི་གཏོང་བའི་ཕྱིར་ཏེ། སྦྱོར་ལམ་ནི་ཟག་བཅས་ཡིན་པའི་ཕྱིར། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་དེ་ཐོབ་དང༌། །ས་འཕོས་ནས་ནི་རྣམ་ཉམས་འགྱུར། །ཞེས་སོ་སོ་སྐྱེ་བོ་གཏོང་བ་ལ་འཕགས་ལམ། ཐོབ་པ་དང་ས་འཕོས་པ་གཉིས་ཚོགས་དགོས་པར་བཤད་པའི་ཕྱིར། འོན་ཀྱང་མཐོང་སྒོམ་གཉིས་ལ་ནི་མི་མཚུངས་ཏེ། སྒོམ་ལམ་པའི་རྒྱུད་ལ་མཐོང་ལམ་གྱི་ལྡན་པ་དང༌། མི་སློབ་ལམ་པའི་རྒྱུད་ལ་སྒོམ་ལམ་གྱི་ཐོབ་པ་བཏང་ནས་མེད་པས་སོ། །དེའི་རྒྱུ་མཚན་ཡང༌། འཕགས་པ་འབྲས་བུ་ཐོབ་པས་གཏོང་བར་བཤད་པས་སོ། །རྟགས་གཉིས་པ་གྲུབ་ཏེ། ཇི་སྐད་དུ། ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོང་གཟུགས་མེད་ནའང༌། །ཞེས་གསུངས་པས་སོ། །རྟགས་གསུམ་པའང་གྲུབ་ཏེ། སྲོག་ཡིད་བཏང་སྙོམས་གསུམ་པོ་ངོས་ལྡན་དུ་བཤད་པའི་ཕྱིར། གཉིས་པ་འབྲས་བུ་ལ་མཚུངས་པ་སྤང་བ་ནི། འོ་ན་ཅི་སྟེ། ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཚེ་ནའང༌། མཐོང་སྤངས་པའི་རྟགས་འགོག་གི་ཐོབ་པ་གསར་རྙེད་རེ་ཡོད་པར་མཚུངས་སོ་ཞེ་ན། རྟོག་གེ་རིགས་པ་ལ་མཚུངས་པ་སྲིད་དུ་ཆུག་ཀྱང༌། གཞུང་ཉིད་ལས་མི་མཚུངས་པར་བཤད་པ་ཡིན་ཏེ། ཕྱིར་མི་འོང་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཚེ། མཐོང་སྤངས་པའི་ཡོངས་དྲུག་གི་ཐོབ་པ་གཏོང་ཅིང་མི་རྙེད་པར་བཤད་པའི་ཕྱིར་དང༌། ཕྱིར་འོང་གི་ཚེ་རྒྱུན་ཞུགས་ཀྱིས་བསྡུས་པའི་ཡོངས་ཤེས་དྲུག་གི་ཐོབ་པ་བཏང་ནས། ཕྱིར་འོང་གིས་བསྡུས་པའི་ཡོངས་ཤེས་ཀྱི་ཐོབ་པ་རྙེད་པར་གཞུང་ཉིད་ལ་བཤད་པའི་ཕྱིར། ཡང་གནས་འདི་ལ་ཁ་ཅིག་འདི་སྙམ་དུ། ཕྱིར་མི་འོང་གི་ཚེ་མཐོང་སྤངས་པའི་ཡོངས་ཤེས་དྲུག་གི་ཐོབ་པ་སོ་སོ་བ་དེ་བཏང་བ་ཡིན་གྱི་སྤྱིར་མཐོང་སྤངས་པའི་ཡོངས་ཤེས་ཀྱི་ཐོབ་པ་བཏང་བ་མིན་ནོ་ཞེ་ན། དེ་ཡང་མི་འཐད་དེ་དགེ་སློང་ཚུལ་གྱི་འབྲས་བུ་བཞི་པོ་གང་རུང་རེ་རེ་ཐོབ་པ་ན། སྔར་སྤང་བྱ་ཇི་སྙེད་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་ཟག་མེད་གཅིག་ཁོ་ན་རྙེད་བཤད་པའི་ཕྱིར་ཏེ། ཇི་སྐད་དུ་ཟད་སྡོམས་དང་ཞེས་པ་རྩམ་འགྲེལ་ལས་ཤེས་སོ། །དེ་ལྟར་ན། ཕྱིར་མི་འོང་གི་ཚེ་ཡོངས་ཤེས་དྲུག་གི་ཐོབ་པ་གཅིག་གོ་དེ་བཏང་ནས། མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་ཀྱི་ཐོབ་པ་གཅིག་རྙེད་པར་བཤད་པ་ཡིན་ནོ། །ཞར་ལ་དཔྱད་དགོས་པའི་དོགས་པ་འདི་ལྟ་བུ་ཞིག་ཀྱང་ཡོད་དེ། ཇི་སྐད་དུ་ཟད་སྡོམས་དང་ཞེས་དང༌། བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་པས་འཁྲུལ་གཞི་བྱས་ནས། ཕལ་ཆེ་བ་དག འབྲས་བུ་བཞི་པོ་གང་རུང་མངོན་དུ་བྱས་པའི་ཚེ། སྤངས་པའི་རྣམ་གྲོལ་ལམ་སྡོམས་ཤིག་གཅིག་དུ་བསྲེས་པ་ཡིན་པས། གོ་རིམ་བཞིན་དུ་ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་འདོད་ཉོན་དྲུག་པ་དང༌། དགུ་པ་དང༌། སྲིད་ཉོན་དགུ་པ་སྤངས་པའི་སྤངས་པ་གང་ཡིན་པ་དེ་དག མཐོང་སྤངས་པའི་སྤངས་པ་ཡིན་པ་སོགས་ཁས་ལེན་པར་བྱེད་དོ། །འདི་མི་འཐད་པ་ནི། འདི་ལྟར། ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་མཐོང་སྤངས་སྒོམ་ལམ་བར་ཆད་མེད་ལམ་གྱི་ཐོབ་པར་ཐལ་བ་དང༌། ལམ་ཟག་བཅས་ཀྱི་ཐོབ་སྲིད་པར་ཐལ་བ་དང༌། ཕྱིར་འོང་གི་འབྲས་བུ་ཡིན་པར་ཐལ། ཕྱིར་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། རིམ་པ་བཞིན་དུ་འདོར་མི་ནུས་ཏེ། མཐོང་ལམ་བར་ཆད་མེད་ལམ་ཁོ་ནའི་ཐོབ་འབྲས་ཡིན་པའི་ཕྱིར་དང༌། མཐོང་སྤངས་པའི་སྤངས་པ་ཡིན་པའི་ཕྱིར་དང༌། འདོད་ཉོན་དྲུག་པ་ཙམ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སློང་ཚུལ་གྱི་འབྲས་བུ་མིན་པའི་ཕྱིར། འདིས་མཚོན་ནས། ཕྱིར་མི་འོང་ཉམས་པའི་ཆོས་ཅན་གྱི་རྒྱུད་ཀྱི་མཐོང་སྤངས་པའི་འགོག་བདེན་དེ། ཕྱིར་མི་འོང་འབྲས་བུ་ཡིན་ན། དེ་འབྲས་བུ་ལས་ཉམས་པ་སྲིད་པར་ཐལ། མཐོང་སྤངས་པའི་འགོག་བདེན་ལམ་ཟག་བཅས་ཀྱིས་ཐོབ་པ་སྲིད་པར་ཐལ་སོགས་ཀྱི་ཉེས་འབྱུང་ངོ༌། །ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་སྤངས་པ་དེ། ཕྱིར་མི་འོང་གི་འབྲས་བུ་ཡིན་ནའང༌། དེ་འདྲ་དེ་འདོད་ཉོན་དྲུག་པ་སྤོང་བའི་བར་ཆད་མེད་ལམ་གྱིས་ཐོབ་པར་ཐལ་བ་དང༌། འདོད་ཉོན་དྲུག་པ་སྤོང་བའི་བར་ཆད་མེད་ལམ་དེ། ཕྱིར་མི་འོང་གི་ཞུགས་ཡིན་པར་ཐལ་བའི་ཉེས་པ་འབྱུང་ངོ༌། །དེར་མ་ཟད་ཕྱིར་མི་འོང་འབྲས་བུ་མངོན་དུ་བྱས་པའི་ཚེ། ཟག་མེད་བར་ཆད་མེད་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་དེ་བཏང་བ་མིན་པར་ཐལ་བ་དང༌། དགྲ་བཅོམ་མངོན་དུ་བྱས་པའི་ཚེ། མཐོང་སྤངས་པའི་འགོག་བདེན་དེ་བཏང་བ་ཡིན་པར་ཐལ་བ་དང༌། འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་དེ་བཏང་བ་མིན་པར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཕྱིར་མི་འོང་མངོན་དུ་བྱས་པའི་ཚེ་འདོད་ཉོན་དྲུག་པ་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་མེད་དེ་བཏང་བའི་ཕྱིར་དང༌། དེ་བཞིན་ཐོབ་པ་ཟག་བཅས་ཀྱང་མེད་པའི་ཕྱིར་དང༌། དགྲ་བཅོམ་པའི་ཚེ་འདོད་ཉོན་དགུ་པ་སྤངས་པའི་ཐོབ་པ་ཟག་མེད་དེ་བཏང་བའི་ཕྱིར་ཏེ། དེ་གཉིས་རིམ་པ་བཞིན། ཕྱིར་འོང་དང༌། ཕྱིར་མི་འོང་གི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ནི། ཇི་སྐད་དུ། འཕགས་པ་འབྲས་བུ་ཐོབ་པས་གཏོང་བར་བཤད་པ་དང༌། རྟགས་ནི། ཇི་སྐད་དུ་སློབ་དང་མི་སློབ་མིན་གྱི་གསུམ་ཞེས་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་འགོག་བདེན་གྱི་ཐོབ་པ་དེ། རྣམ་གྲོལ་ལམ་ཡིན་པར་བཤད་པའི་ཕྱིར། ཞེས་བརྗོད་ན། མཛོད་ཀྱི་ལུང་དོན་ལ་སློ་ཁ་ཕྱེད་ཕྱོགས་ཕྱེད་མ་ཕྱོགས་པ་དང་གིས་ལན་ཇི་ལྟར་འདོན་དྲི་དགོས་སོ། །ཁོ་བོ་ཅག་ལ་དེ་སྐད་དུ་འདྲི་བའི་རྣམ་པར་དཔྱོད་པ་དང་ལྡན་པ་འགའ་ཞིག་འབྱུང་བའི་ཕྱིར་ན། ཇི་སྐད་དུ་འདོན་པར་བྱེད་དེ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་ཚེ། མཐོང་སྤངས་དང་འདོད་ཉོན་མ་ལུས་པར་སྤངས་པའི་འགོག་བདེན་གྱི་ཐོབ་པ་ཟག་མེད་ཕྱིར་མི་འོང་འབྲས་བུ་གནས་བསྡུས་པ་དེ་བཏང་ནས། མཐོང་དང་སྒོམ་སྤངས་མ་ནུས་པར་སྤངས་པའི་འགོག་བདེན་ཐོབ་པ་དགྲ་བཅོམ་པའི་འབྲས་བུ་གནས་བསྡུས་པ་གཅིག་རྙེད་པ་ཡིན་ནོ། །དེས་གཞན་ལའང་འགྲེ་ཞིང༌། དེ་ཡང་ཕྱིར་མི་འོང་གིས་དགྲ་བཅོམ་པ་མངོན་དུ་བྱས་པའི་ཚེ། འདོད་ཉོན་སྤངས་པའི་སྤངས་པ་དེ་ལ་བཏང་ཡང༌། སྤངས་པ་དེའི་ཐོབ་པ་དེ་བཏང་བ་ཡིན་ལ། དེའི་རྒྱུ་མཚན་ཡང་དེ་འདྲའི་ཐོབ་པ་དེ། ཕྱིར་མི་འོང་གི་འབྲས་བུ་འདུས་བྱས་ཡིན་པ་ལ་ཐུག་ཅིང༌། དེ་བཏང་ཡང་དགྲ་བཅོམ་པས་འདོད་ཉོན་སྤངས་པ་དང༌། སྲིད་ཉོན་སྤངས་པའི་སྤངས་པ་གཉིས་ཀའི་ཐོབ་པ་དགྲ་བཅོམ་པའི་འབྲས་བུ་གནས་པ་གཅིག་རྙེད་པས། དགྲ་བཅོམ་པའི་ཚེ་འདོད་ཉོན་སྤངས་པའི་སྤངས་པ་སོགས་སྤངས་པ་སྔ་མ་རྣམས་བཏང་བ་མིན་ནོ། །ཇི་སྐད་དུ། ལན་གཅིག་ཏུ་ཟད་དེ་དག་གི །བྲམ་པའི་ཐོབ་པ་ཡང་དང་ཡང༌། །ཞེས་གསུངས་པའོ། །དེ་བཞིན་དུ་རྒྱུན་ཞུགས་ཀྱི་ཕྱིར་འོང་གི་འབྲས་བུ་བྱས་པའི་ཚེ། མཐོང་སྤངས་པའི་འགོག་བདེན་གྱི་ཐོབ་པ་རྒྱུན་ཞུགས་ཀྱིས་བསྡུས་པ་དེ་བཏང་བ་ཡིན་ཡང༌། དེ་དང་འདོད་ཉོན་དྲུག་པ་སྤངས་པའི་སྤངས་གཉིས་ཀའི་ཐོབ་པ་ཕྱིར་འོང་གི་འབྲས་བུ་གནས་བསྡུས་པ་གཅིག་རྙེད་པའི་རྒྱུ་མཚན་གྱིས། དེ་འདྲའི་སྤངས་པ་བཏང་བ་མིན་ལ། དེར་དགེ་སློང་ཚུལ་གྱི་འབྲས་བུ་འཇོག་པའི་ཚེ། འདོད་ཉོན་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུ་ཞེས་བརྗོད་ཀྱི་མཐོང་སྤངས་པས་རབ་ཏུ་ཕྱེ་བའི་འབྲས་བུར་མི་བརྗོད་ལ། འོན་ཀྱང་ཡོངས་ཤེས་སུ་འཇོག་པའི་ཚེ་དེ་འདྲ་དེ་ལ་མཐོང་སྤངས་པའི་ཡོངས་ཤེས་སུ་བརྗོད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་ཡོངས་ཤེས་ཀྱི་འདྲ་ཆད་མེད་དོ། །གཉིས་པ་རང་ལ་ཉེས་པ་སྤང་བ་ལ། ཅི་སྟེ་འོ་ན། ཕྱིར་མི་འོང་དང་དགྲ་བཅོམ་པས་མཐོང་མ་སྤངས་པར་ཐལ་བ་དང༌། དེའི་རྒྱུད་ལ་མཐོང་ཉོན་མོངས་ཡོད་པར་ཐལ། དེ་དག་གི་རྒྱུད་ལ་དེ་སྤངས་པའི་འགོག་བདེན་དང་མི་ལྡན་པའི་ཕྱིར་ཅེ་ན། སྣལ་མའི་ལན་བཤད་ཟིན་ལ། མགོ་སྒྲེལ་བའི་ལན་ནི། དགྲ་བཅོམ་དབང་རྟུལ་དབང་པོ་འཕོས་མ་ཐག་པའི་རྒྱུད་ལ། སྲིད་རྩེའི་ཉོན་མོངས་ཡོད་པར་ཐལ་བ་དང༌། དེས་སྲིད་རྩེའི་ཉོན་མོངས་མ་སྤངས་པར་ཐལ། དེའི་རྒྱུད་ལ་དེ་སྤངས་པའི་འགོག་བདེན་དང་མི་དྲན་པའི་ཕྱིར། མ་གྲུབ་ཏེ། དབང་པོ་རྣོན་གྱིས་བསྡུས་པའི་འགོག་བདེན་གྱི་ཐོབ་པ་དང་ལྡན་ནོ་སྙམ་ན་སྔ་མ་ལའང་མཚུངས་སོ། །གཞན་ཡང་བསམ་གཏན་དངོས་གཞིའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་ལ་མ་ཉམས་པའི་སོ་སོ་སྐྱེ་བོ་བསམ་གཏན་གཉིས་པར་སྐྱེས་པ་དེ་ཆོས་ཅན། འདོད་པའི་ཉོན་མོངས་ལ་སྤངས་པར་ཐལ་བ་དང༌། དེའི་ཉོན་མོངས་རང་རྒྱུད་ལ་ལྡན་པར་ཐལ། དེ་དང་བྲལ་པའི་བྲལ་ཐོབ་རང་རྒྱུད་ལ་མི་དྲན་པའི་ཟག་པ་ཡིན་པའི་ཕྱིར། རྟགས་གྲུབ་ཏེ། བསམ་གཏན་རྟོགས་པའི་དགེ་བ་ནི། ས་འཕོས་ཉམས་པ་དག་གིས་གཏོང་བར་བཤད་པའི་ཕྱིར་ཏེ། འདི་ནི་ཇི་སྐད་དུ། ཁ་ཅིག་འཇིག་རྟེན་འདས་ཀྱི་ཀྱང༌། །གང་ལ་ཉོན་མོངས་མི་དྲན་ཕྱིར། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་ལམ་དང༌། །གོང་དུ་སྐྱེས་པ་བཞིན་མི་དྲན། །ཞེས་པའི་གཞུང་དོན་ཡིན་ལ། ཆོས་དེའི་ཐོབ་པ་བཏང་ནས་ཀྱང་ཆོས་བཏང་མི་དགོས་པ་གཅིག་བཤད་དོ། །ཡོང་ཁོ་ན་རེ། ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཐོང་སྤངས་པའི་འགོག་བདེན་གྱི་མ་ཐོབ་པ་རང་རྒྱུད་ལ་སྐྱེས་པར་ཐལ། དེ་སྤངས་པའི་འགོག་བདེན་གྱི་ཐོབ་པ་བཏང་བའི་ཕྱིར། རྟགས་གྲུབ་པར་ཁས་བླངས་ཏེ། དེ་འདྲའི་འགོག་བདེན་གྱི་ཐོབ་པ་དེ་རྒྱུན་ཞུགས་ཀྱི་འབྲས་བུར་ཁས་བླངས་པས་སོ་སྙམ་ན། སྣལ་མའི་ལན་བཤད་ཟིན་ལ་མཚུངས་པ་ནི། དགྲ་བཅོམ་པ་དང་ཕྱིར་མི་འོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མཐོང་མ་སྤངས་པར་ཐལ་ལོ། །རྟགས་གྲུབ་པའི་ཚུལ་ནི། ཕྱིར་མི་འོང་གི་རྒྱུད་ལ་ཡོངས་ཤེས་ཇི་ལྟར་མང་ཡང༌། འདོད་གཟུགས་ཀྱི་ཉོན་མོངས་སྤངས་པའི་ཡོངས་ཤེས་གཉིས་ཁོ་ན་དང་ལྡན་པར་བཤད་པ་དང༌། དགྲ་བཅོམ་པའི་རྒྱུད་ལ་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་གཅིག་དུ་ལས་མི་དྲན་པར་བཤད་པས་སོ། །འདིའི་སྐབས་སུ་ཐོབ་བྱའི་ཆོས་དེ་རང་རྒྱུད་ལ་ཡོད་ཀྱང༌། དེའི་ཐོབ་པ་རང་རྒྱུད་ལ་མེད་པ་གཅིག་བཤད་སྣང་བས་དཔྱོད་པ་གཏོང་དགོས་སོ། །དེ་ལ་ལན་འདི་སྐད་དུ་ཟེར་དགོས་པར་འགྱུར་ཏེ། དགྲ་བཅོམ་པའི་རྒྱུད་ལ་མཐོང་སྤངས་པའི་ཡོངས་ཤེས་གཅིག་ཡོད་ཀྱང༌། དེ་ཟག་པ་ཀུན་ཟག་མེད་ཡོངས་ཤེས་ཀྱི་ནང་དུ་འདུས་པས་མཐོང་སྤངས་པའི་ཡོངས་ཤེས་ཀྱི་མིང་མི་འཛིན་པ་ཡིན་ནོ་ཅེ་ན། དགྲ་བཅོམ་པ་ཉམས་པ་ཆོས་ཅན་དེ། ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་ལས་ཉམས་པའི་ཚེ། མཐོང་སྤངས་པའི་ཡོངས་ཤེས་ལས་ཀྱང་ཉམས་པར་ཐལ། འདོད་ན། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་ཚེ་ཡོངས་ཤེས་གཅིག་ལས་ཉམས་ནས་དྲུག་ཐོབ་པར་བཤད་པ་དང་འགལ་ལོ། །ཕྱིར་མི་འོང་གི་ཡོངས་ཤེས་གཉིས་སམ་གཅིག་ལས་གཉིས་སམ་པའི་ཚེ་མཐོང་སྤངས་པའི་ཡོངས་ཤེས་ལས་ཉམས་པར་འགྱུར་ལ། འདོད་ན། དེའི་ཚེ་མཐོང་སྤངས་པའི་ཡོངས་ཤེས་དྲུག་ཐོབ་པར་བཤད་པ་དང་འགལ་ལོ། །འོ་ན་ཁྱེད་རང་གི་ལུགས་ལ་ཇི་ལྟར་ཡིན་ཅེ་ན། ཕྱིར་མི་འོང་མངོན་དུ་བྱས་པའི་ཚེ་མཐོང་ཁོ་ན་སྤངས་པའི་ཡོངས་ཤེས་ཀྱི་ཐོབ་པ་གཅིག་པོ་དེ་བཏང་ནས། མཐོང་དང་འདོད་ཉོན་གཉིས་ཀ་སྤངས་པའི་ཐོབ་གཅིག་རྙེད་པ་ཡིན་ལ། དགྲ་བཅོམ་པའི་ཚེ་དེ་གཉིས་ཁོ་ནའི་ཐོབ་པ་གཅིག་པོ་དེ་བཏང་ནས་སྤང་བྱ་ཇི་སྙེད་སྤངས་པ་ཐམས་ཅད་ཀྱི་ཐོབ་པ་གཅིག་པོ་དེ་རྙེད་པ་ཡིན་ཅིང༌། དགྲ་བཅོམ་སོགས་ལས་ཉམས་པའི་ཚེ་གང་ལས་ཉམས་པ་དེའི་ཆའི་ཐོབ་པ་དེ་བཏང་ནས་སྤངས་པ་མ་ཉམས་རྣམས་ཀྱི་ཐོབ་པ་གཅིག་པོ་དེ་རྙེད་པ་ཡིན་ནོ། །འདིར་ཡོངས་ཤེས་སྡོམས་པའི་གཉིས་ཀ་ཡོད་ལ། སྤངས་པ་སྡོམས་པའི་བརྡ་ཆད་མ་བཞག་པའི་ཁྱད་པར་ཕྱེད་དགོས་སོ། །དེའི་ཕྱིར། ཕྱིར་མི་འོང་གི་རྒྱུད་ལ་མཐོང་སྤངས་པའི་སྤངས་པ་དྲུག་པོ་སོ་སོ་བ་ཡོད་ཀྱང༌། འདོད་ཉོན་དྲུག་པ་སྤངས་པ་དང་ཐོབ་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཡོངས་ཤེས་གཅིག་ཏུ་འཇོག་པ་ཡིན་ནོ། །དོན་འདི་ནི་སྔོན་གྱི་རྣམ་བཤད་མཛད་པ་རྣམས་ཀྱིས་ཇི་བཞིན་བཤད་པ་མི་སྣང་ངོ༌། །ད་ནི་ཆགས་བྲལ་སྔོན་སོང་གི་འབྲས་བུ་ལ་དཔྱད་པར་བྱས་ཏེ། འདི་ལ་དངོས་དང༌། དེས་གཞན་ཡང་མངོན་པར་བསྟན་པའོ། །དང་པོ་ལ། དཔྱད་པ་བཞི་བཀོད་པ་དང༌། རང་ལན་གདབ་པའོ། །དང་པོ་ནི། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུའི་འཛིན་གང་ཡིན་ཅི་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་རྟགས་འགོག་དེའམ། འོན་སྟེ་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་རྒྱུད་ཀྱི་མཐོང་སྤངས་པའི་རྟགས་འགོག་གམ། ཡང་ན་དེའི་རྒྱུད་ཀྱི་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དེའམ། དེའི་རྒྱུད་ཀྱི་མཐོང་སྤངས་པའི་རྣལ་འབྱོར་གྱི་ལམ་དེ་ཕྱིར་མི་འོང་གི་འབྲས་བུ་ཡིན་ཞེས་དྲི་བར་བྱའོ། །དིང་སང་ཕལ་ཆེ་བ་བཞི་ཀ་དེར་སྨྲ་བ་ཡིན་པས་རེ་རེ་ནས་རྟགས་པར་བྱས་སྟེ། དང་པོ་ལྟར་ན། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་འབྲས་གནས་ཙམ་པོའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་སྤངས་པ་དེ་ཆོས་ཅན། ཁྱོད་ཕྱིར་མི་འོང་གི་འབྲས་བུ་ཡིན་པར་ཐལ། ཁྱོད་མཐོང་མ་སྐྱེས་གོང་དུ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་སྤངས་པ་ཡིན་པའི་ཕྱིར། ཁྱབ་ཏེ་འདོད་ལ་ཆགས་བྲལ་སྔོན་སོང་གི་རྟགས་འགོག་གི་ཐོབ་པ་ནི་བསམ་གཏན་དང་པོར་གཏོང་དགོས་སམ། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན་ཟག་མེད་ཡིན་དགོས་པའི་ཕྱིར། ཡང་དེ་ཆོས་ཅན། ལམ་ལ་རྗེས་ཤེས་ཀྱི་སྟོབས་ཀྱིས་ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུར་ཐལ། ཕྱིར་མི་འོང་གི་འབྲས་བུ་ཡིན་པའི་ཕྱིར། དེ་འདོད་ན་ལམ་ཟག་མེད་ཀྱིས་ཐོབ་པའི་འགོག་པར་ཐལ། འགོག་པ་གང་ཞིག འདོད་པའི་ཕྱིར། འདོད་ན། ལམ་ཟག་བཅས་ཀྱིས་ཐོབ་པའི་འགོག་པ་མིན་པར་ཐལ་ལོ། །གཉིས་པ་ལྟར་ན། དེ་འདྲའི་ཕྱིར་མི་འོང་དེས་མཐོང་ལམ་གྱི་སྔ་རོལ་དུ་མཐོང་སྤངས་པར་ཐལ། དེ་འདྲའི་རྒྱུད་ལ་མཐོང་སྤངས་པའི་འགོག་པ་ཡོད་པར་ཐལ། དེ་འདྲའི་རྒྱུད་ཀྱི་མཐོང་སྤངས་པའི་འགོག་པ་དེ་མཐའ་མའི་ཆ་མཐུན་ལྔ་སྤངས་པའི་འགོག་པར་ཐལ། དེ་འདྲའི་རྒྱུད་ཀྱི་མཐོང་སྤངས་འགོག་བདེན་དེ་ཆགས་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུ་ཡིན་པའི་ཕྱིར། གཉིས་པ་ལ་འདོད་ན། དེ་འདྲ་དེ་ཡོངས་ཤེས་དྲུག་ལྡན་དུ་འགྱུར་ལ། དེ་ཡང་འདོད་ན། རྩ་འགྲེལ་གཉིས་ཀ་ལས་ཆགས་སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་ཙམ་པོ་དེས་ཡོངས་ཤེས་དང་པོ་ལྔ་བཏང་ནས་མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་གཅིག་པོ་རྙེད་པར་བཤད་པ་དང་འགལ། གསུམ་པ་ལ་འདོད་ན་ཐལ། ལུང་རིགས་དེ་ཉིད་ཀྱིས་ཁ་དོག་གོ །འོ་ན་ཁྱེད་རང་གི་ལུགས་ལ་དེའི་རྒྱུད་ལ་མཐོང་སྤངས་པའི་ཡོངས་ཤེས་ལྡན་པར་འདོད་དམ་ཅེ་ན། དེའི་དོན་ཡོད་ཀྱང༌། དོན་དེས་མཐོང་སྤངས་པའི་འགོག་བདེན་གྱི་མིང་མི་འཛིན་པའི་རྒྱུ་མཚན་གྱིས། དེ་དུས་ཀྱི་མཐོང་སྤངས་པའི་འགོག་པ་དེ་ཕྱིར་མི་འོང་གི་འབྲས་བུར་བཞག་དུ་མི་རུང་བ་ཡིན་ཏེ། འགྲེལ་བཤད་དོན་གསལ་ལས། སྔོན་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཞིག་བཅུ་དྲུག་པའི་ཚེ་བཟོད་པ་བརྒྱད་པས་ཐོབ་པའི་ཡོངས་ཤེས་ཡོད་མོད་ཀྱི་ཐ་མའི་ཆ་མཐུན་སྤངས་པའི་ནང་དུ་བསྡུས་པས་དེའི་མིང་མི་འཛིན་པའི་ཕྱིར་མེད་པའི་ངོ་བོ་དང་འདྲ་བར་བཞག་གོ་ཞེས་བཤད་པ་ཡིན་ནོ། །ཡང་དེའི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པའི་སྤངས་པ་དེ། ཆགས་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུར་འདོད་ནའང༌། དེས་མཐོང་ལམ་གྱི་སྔ་རོལ་དུ་ཐ་མའི་ཆ་མཐུན་ལྔ་སྤངས་པར་ཐལ་བ་ཁྱོད་ཀྱིས་ཟློག་དུ་མེད་པ་ཡིན་ཏེ། དེ་ཡང་ཁྱེད་ཅག་གིས་ཆགས་སྔོན་སོང་ཡིན་ན། ངོས་སྐལ་གྱི་སྤངས་བྱའི་གཙོ་བོ་མཐོང་ལམ་གྱི་སྔར་སྤངས་དགོས་པར་འདོད་པས་སོ། །གསུམ་པ་ལྟར་ནའང༌། དེ་མི་འཐད་དེ། ཆགས་སྔོན་སོང་གིས་འདོད་ལ་ཆགས་བྱས་པའི་རྣམ་གྲོལ་གྱི་ལམ་ཡིན་ན། ཕྱིར་མི་འོང་ཞུགས་པས་བསྡུས་པའི་ལམ་ཡིན་དགོས་པའི་ཕྱིར་དང༌། དེ་ཡིན་ན་བཅུ་དྲུག་པའི་ཚེ་བཏང་དགོས་པའི་ཕྱིར་དང༌། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན་དེ་སྤོང་བའི་བར་ཆད་མེད་ལམ་གྱི་དངོས་འབྲས་ཡིན་དགོས་པའི་ཕྱིར་འགྲེལ་པ་ཉིད་བཤད་པའི་ཕྱིར་དང༌། སྤང་བྱ་གཅིག་སྤངས་པའི་ཁྱད་པར་གྱི་ལམ་གྱི་འཇུག་དུ་དེའི་རྣམ་གྲོལ་ལམ་འབྱུང་མི་སྲིད་དགོས་པའི་ཕྱིར་སྟེ། ཇི་སྐད་དུ། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཞེས་པའི་འགྲེལ་པ་གསལ་བས་སོ། །རྟགས་དང་པོ་ནི་རེ་ཤིག་ཡིན་པ་ལ་ཞིབ་མོར་འོག་ནས་དཔྱོད། གཞན་ཡང་ཡོད་ལྟར་ན་ཕྱིར་མི་འོང་ཙམ་པོའི་རྒྱུད་ཀྱི་བཅུ་དྲུག་པའི་རྟོགས་པ་དེ་འདོད་པའི་སྒོམ་སྤངས་པའི་རྣམ་གྲོལ་ལམ་དུ་ཁས་ལེན་དགོས་པར་འགྱུར་ལ། དེ་ཡང་ཁྱོད་ཀྱིས་མ་འདོད་པས་ཁས་བླངས་ནང་འགལ་བས་ཀྱང་གནོད་དོ། །ཡང་ཞིབ་མོར་བསམས་ན། མཐོང་ལམ་གྱི་སྔར་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆམ་བྱས་རྗེས་སུ་བསམ་གཏན་དངོས་བཞི་ལ་རྟེན་ནས་བཅུ་དྲུག་པའི་རྟོགས་པ་མངོན་དུ་བྱས་པའི་ཕྱིར་མི་འོང་འབྲས་གནས་ཙམ་པོ་དེའི་རྒྱུད་ལ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡོད་པར་ཁྱོད་ཀྱིས་ཁས་ལེན་དགོས་ལ། དེ་འདོད་མི་ནུས་ཏེ། དེ་འདྲའི་དུས་ཀྱི་རྣམ་གྲོལ་ལམ་དང་རྟགས་འགོག་གི་ཐོབ་པ་དེ། ས་འཕོས་པའི་གཏོང་དགོས་པའི་ཕྱིར་ཏེ། དེ་འདྲའི་རྣམ་གྲོལ་ལམ་དང་འགོག་གི་ཐོབ་པ་ཟག་བཅས་ཡིན་པའི་ཕྱིར། བཞི་པ་ལྟར་ནའང་སྔར་བརྟག་པ་གཉིས་པའི་ཉེས་པ་ཐམས་ཅད་འཇུག་ཅིང༌། སྤངས་པ་བསྲེས་པའི་གཞུང་བཞིན་ཁས་བླངས་ནས་འབྲས་བུར་འཇོག་པ་ནི་སྔར་བཀག་ཟིན་ནོ། །གཉིས་པ་རང་ལན་གཏོན་པ་ནི། འོ་ན་ཁྱེད་ཉིད་ལུགས་ལ་ཆགས་བྲལ་སྔོན་དུ་གོ་བའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུའི་མཚན་འཛིན་འཟུང་རྒྱུ་མེད་པར་འགྱུར་རོ་ཅེ་ན། འདི་ལྟར་སྔར་འདོད་ལ་འདུན་དང་རྣམ་འཚེ་གཉིས་ལ་ཆགས་བྲལ་བྱས་རྗེས་སུ་མཐོང་ཀུན་སྦྱོར་གསུམ་སྤངས་ཤིང༌། བཅུ་དྲུག་པའི་རྟོགས་པ་མངོན་དུ་བྱས་པའི་ཚེ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པའི་འགོག་བདེན་དང༌། དེའི་ཐོབ་པ་བཅུ་དྲུག་པའི་ངོ་བོར་སྐྱེས་པ་བཞིན་དུ་ཕྱིར་མི་འོང་གི་འབྲས་བུ་འདུས་བྱས་དང༌། འདུས་བྱས་སུ་བཞག་པ་ཡིན་ཏེ། དེའི་ཚེ་ལྔ་པོ་སྤངས་པའི་ཐོབ་པ་གཅིག་པོ་ཁོ་ན་རྙེད་པའི་ཕྱིར། འོ་ན་དེའི་རྒྱུད་ཀྱི་འདོད་པ་ལ་འདུན་པ་དང་རྣམ་འཚེ་སྤངས་པའི་འགོག་པ་གཉིས་པོ་ཇི་ལྟར་ཡང་ཕྱིར་མི་འོང་གི་འབྲས་བུར་མི་རུང་སྟེ། ལམ་ཟག་བཅས་ཁོ་ནས་ཐོབ་པའི་ཕྱིར་ཅེ་ན། དེ་ལྟ་མོད་ཀྱི་དེའི་རྒྱུད་ཀྱི་དེ་གཉིས་ཆོས་ཅན། ཁྱོད་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞག་པ་ཡིན་ཏེ། ཁྱོད་དང་མཐོང་སྤངས་པའི་སྤངས་པ་གཉིས་བསྲེས་པའི་ཐོབ་པ་ཟག་མེད་གཅིག་ཡོད་པའི་ཕྱིར། ཁྱོད་ལམ་ཟག་བཅས་ཁོ་ནས་ཐོབ་པ་ཡིན་ཀྱང་སྤངས་པ་བཟློག་པར་མི་འགྱུར་ཏེ། ལམ་གཉིས་ཀྱི་བརྟན་པོར་བྱས་པའི་ཕྱིར། སྤངས་པ་འདི་མཐོང་ལམ་གྱི་སྔ་རོལ་ནས་ཡོད་ཀྱང་ཇི་སྲིད་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པ་དེ་སྲིད་དུ་མཐོང་ཀུན་སྦྱོར་གསུམ་སྤངས་པའི་སྤངས་པ་དང་བསྲེས་པའི་ཐོབ་ཟག་མེད་མ་རྙེད་པས། དེའི་ཚེ་ཁོ་ན་བདག་དགེ་སྦྱོང་ཚུལ་གྱི་འབྲས་བུར་བཞག་པ་ཡིན་ནོ། །དེ་ལྟ་ནའང་དེའི་མཐོང་ཀུན་སྦྱོར་གསུམ་ཞིག་སྤངས་པའི་ཆར་གྱུར་པའི་འགོག་བདེན་དེ་འབྲས་བུ་བཞི་པོ་གང་ཡང་མིན་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཕུང་པོ་གསུམ་པར་བཞག་དགོས་པར་སྨྲའོ། །དེ་ན་དེ་ཕྱིར་མི་འོང་གི་འབྲས་བུར་འགྱུར་ཏེ་རྒྱུ་ལྔ་ཚང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་ཡིན། འབྲས་བུ་གསུམ་པོ་གང་ཡང་མིན་ཅེ་ན། དེ་ཡང་དེས་མ་ཁྱབ་ཏེ། འདི་ལྟར་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པའི་རྒྱུད་ཀྱི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་འགོག་བདེན་གྱིས་མ་ངེས་སོ། །དེ་ལྟ་མིན་ན། འབྲས་བུ་གོང་མ་གསུམ་ལས་ཉམས་པའི་རྒྱུན་ཞུགས་ཀྱི་རྒྱུད་ལ་འབྲས་བུ་གོང་མ་གསུམ་ལྡན་པར་འགྱུར་རོ། །འོ་ན་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་ངོས་འཛིན་དེ་ལྟ་ན། མཐོང་ལམ་གྱི་སྔ་རོལ་དུ་ཐ་མའི་ཆ་མཐུན་ལྔ་སྤངས་པའི་ཉེས་པས་ཁྱེད་ཉིད་ལའང་མི་འཇུག་ཞེ་ན། ཁོ་བོ་ནི། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་གང་རུང་ཡིན་ན། དེ་དང་དེའི་ངོས་སྐལ་གྱི་སྤང་བྱ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པའི་ཁྱབ་པར་མི་འདོད་པར་འོག་ནས་འཆད་ལ། ཁྱོད་ཅག་ནི་དེ་ལ་དེས་ཁྱབ་པར་འདོད་པས་མི་མཚུངས་སོ། །གཉིས་པ་དེས་རིམ་གྱྀས་སའང་མངོན་པར་བསྟན་པ་ནི། ལམ་ཟག་བཅས་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་ཕྱིར་མི་འོང་འབྲས་གནས་ཙམ་པོའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་སྤངས་ཆ་དེའམ་དེའི་རྣམ་གྲོལ་ལམ་མམ། དེའི་རྒྱུད་ཀྱི་མཐོང་སྤངས་པའི་སྤངས་སའམ་དེ་འདྲའི་རྣམ་གྲོལ་ལམ་དེ། ཕྱིར་མི་འོང་གི་འབྲས་བུ་ཡིན་ཞེས་རྟགས་ན། སྔར་བཤད་པའི་ཉེས་པ་རྣམས་ཇི་ལྟ་བ་བཞིན་འཇུག་ལ། རང་ལན་ནི་དེའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ནི་ཟག་བཅས་ཁོ་ན་ཡིན་པས་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་ལ། དེའི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པའི་སོ་སོར་རྟགས་འགོག་ཙམ་ཞིག་གོ །དེ་འདྲའི་རྟགས་འགོག་དེ། ལམ་གཉིས་ཐོབ་པ་ཡིན་ཀྱང་དེ་གཉིས་ཀ་སྡོམ་པའི་ཐོབ་པ་ཟག་མེད་དེ་ཕྱིར་མི་འོང་གི་འབྲས་བུས་འདུས་བྱས་སུ་བཞག་དགོས་པ་ཡིན་ནོ། །དེ་ལས་ཀྱང་ཕྱེ་ན། དེའི་ཚེ་འདོད་པའི་སྒོམ་སྤངས་ཉོན་མོངས་དགུ་པ་སྤངས་པའི་རྟགས་འགོག་གི་ཐོབ་པ་ནི། ཟག་བཅས་ཡིན་པས་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་ལ། སྤངས་པ་དེའི་རང་ལྡོག་ནས་ལམ་ཟག་བཅས་ཁོ་ནས་ཐོབ་པ་ཡིན་ཀྱང༌། དགེ་སྦྱོང་ཚུལ་གྱི་འབྲས་བུར་བཞག་དགོས་ཏེ། ཁོ་དང་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པ་གཉིས་ཀའི་ཐོབ་པ་ཟག་མེད་ཐུན་མོང་བ་གཅིག་རྙེད་ལ་མ་བཏང་བར་དེ། ཁོ་ལམ་བཅས་ཁོ་ནས་ཐོབ་པའི་སྤངས་པ་ཡིན་ཀྱང་སོ་སོ་སྐྱེ་བོ་ལྟར་སྤངས་པ་ཉམས་བཞིན་པའི་རང་ཉིད་ནས་འཆི་བར་མི་འགྱུར་ཏེ། ཆགས་བྲལ་ཐོབ་པ་ཟག་མེད་སྤངས་པ་འཛིན་པར་ཏེ། དེ་དག་ནི། ཇི་སྐད་དུ། བལྟོས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་དང༌། འཇིག་རྟེན་པའི་ཆགས་བྲལ་བའི། འཕགས་ལ་བྲལ་བ་ཐོབ་རྣམ་གཉིས། །ཞེས་པའི་གཞུང་གི་དོན་ནོ། །དེའི་ཕྱིར་ལམ་ཟག་བཅས་ཀྱི་སྤངས་པ་དེ་འབྲས་བུ་རྟགས་པ་བ་དང༌། དེའི་ཐོབ་པ་ཟག་མེད་དེ་འབྲས་བུ་མཚན་ཉིད་ཁོ་ན་བ་ཡིན་ནོ། །སྐབས་འདིར་ཞར་ལ་འདི་ཤེས་དགོས་ཏེ། མཐོང་ལམ་གྱི་ཐོབ་པ་མཐོང་ལམ་ཡིན་པ་དང༌། སྒོམ་ལམ་པ་དང་མི་སློབ་ཀྱིའང་དེ་དང་དེ་ཡིན་པ་དང༌། མཐོང་ལམ་པ་དང་སྒོམ་ལམ་པ་དང་མི་སློབ་པའི་རྒྱུད་ཀྱི་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་རྟགས་འགོག་གི་ཐོབ་པའང་རིམ་པ་བཞིན་དུ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་ཡིན་པའང༌། སློབ་དང་མི་སློབ་མིན་གྱི་གསུམ། །ཞེས་དང༌། སྦྱོར་ལམ་གྱི་ཐོབ་པ་སྦྱོར་ལམ་མིན་པའི་དམིགས་གསལ་གསུངས་པ་ལས་ཐོན་ནོ། །ཡང་འདི་དཔྱད་པར་བྱ་སྟེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་པ་གང་རུང་མུ་མེད་ལ་ལན་གྲངས་པའི་གང་ཟག་ཡིན་ན། དེ་དང་དེའི་འབྲས་གནས་ཡིན་དགོས་པ་ལ་དཔྱད། དེ་དང་དེའི་འབྲས་གནས་ཡིན་ན། དེ་དང་དེའི་འབྲས་བུས་རང་རྒྱུད་ལ་ཡོད་པས་ཁྱབ་པར་ཁས་ལེན་དཔྱོད་པའོ། །དང་པོ་ནི། ཟག་བཅས་ཀྱི་ལམ་གྱི་འདོད་ཉོན་དྲུག་དགུ་སྤངས་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུར་རྒྱུད་ལ་ལྡན་པའི་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཆོས་ཅན་དེ་འདྲ་གྲུབ་པ་ཡིན། ལམ་ཟག་བཅས་ཀྱི་འདོད་ཉོན་དྲུག་དགུ་སྤངས་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གང་རུང་གི་ངོ་བོར་གྱུར་པའི་རྣམ་གྲོལ་ལམ་དང་སོ་སོར་རྟགས་འགོག་གི་ཐོབ་པ་དེ་ས་མ་འཕོས་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཕྱི་མ་ཕྱི་མ་ཐོབ་ཙམ་གྱིས་གཏོང་བ་ནི་མིན་པའི་ཕྱིར། ཅི་ཏེ་ལམ་ཟག་བཅས་ཀྱིས་ཐོབ་པའི་འགོག་ལམ་གཉིས་པོ་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་འཇོག་ཅེ་ན། འབྲས་བུ་བར་པ་གཉིས་པོ་ལམ་ཟག་བཅས་ཀྱིས་ཐོབ་པ་ཡོད་དོ་ཞེས་པ་དང་འགལ་ལོ། །འདོད་ན་འདི་ལན་རང་གི་ལན་ནི་རྣམ་པར་བསམས་ནས་འདེབས་དགོས་སོ། །གཉིས་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཅན་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་ཕྱིར་འོང་བསམ་གཏན་གཉིས་པའི་རྟེན་ཅན་དེ་ཆོས་ཅན། ཕྱིར་འོང་འབྲས་བུ་རང་རྒྱུད་ལ་ཡོད་པར་ཐལ། ཕྱིར་མི་འོང་ཡིན་པའི་ཕྱིར། འདོད་ན། མེད་པར་ཐལ། ཁྱོད་ཉིད་རྒྱུད་ལ་དེའི་འབྲས་བུ་འདུས་བྱས་འདུས་མྱང་འདས་གཉིས་གང་རུང་མེད་པའི་ཕྱིར། ཁྱོད་ཉིད་རྒྱུད་ལ་དང་པོ་མེད་པར་ཐལ། ཁྱོད་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དང་དེའི་ཐོབ་པ་བཏང་བའི་ཕྱིར། གཉིས་པའང་མེད་པར་ཐལ། ཁྱོད་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་རྟགས་འགོག་གི་ཐོབ་པ་བཏང་བའི་ཕྱིར། རྟགས་གཉིས་ཀ་གྲུབ་པ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་བཅས་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དང༌། རྟགས་འགོག་གི་ཐོབ་པ་དེ་བསམ་གཏན་དང་པོར་གཏོགས་པའི་དགེ་བ་གང་ཞིག དེ་འདྲ་དེ་བསམ་གཏན་གཉིས་པར་སྐྱེས་ཤིང་ས་འཕོས་པའི་གང་ཟག་དེས་བཏང་དགོས་པའི་ཕྱིར། རྟགས་དང་པོ་ནི། ཇི་སྐད་དུ། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་པས་འགྲུབ་ལ། རྟགས་གཉིས་པ་ནི། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་པས་གྲུབ་བོ། །ཁོ་ན་རེ། འཇིག་རྟེན་པའི་ཆགས་བྲལ་བའི་འཕགས་པ་བྲལ་བའི་ཐོབ་རྣམ་གཉིས། ཅེས་བཤད་པས་རྟགས་འགོག་གི་ཐོབ་པ་ཟག་མེད་གཅིག་ཡོད་པའི་ཕྱིར། ངག་དེའི་ཕྱིར་འདི་ཞུགས་ལམ་ཡིན་ཏེ། ཟག་བཅས་ཡིན་པའི་ཕྱིར་དང༌། དེ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་ཅིང༌། དེ་ས་འཕོས་པས་ཀྱང་མི་གཏོང་བ་ཡིན་ནོ་ཅེ་ན། དེ་ལྟ་ན་ཡང༌། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་བསམ་གཏན་གཉིས་པར་དེས་རྩ་ཁྱབ་ལ་མ་ངེས་ཤིང༌། འདོད་ན་དེ་བཞིན་རྒྱུད་ལ་ཕྱིར་མི་འོང་གི་འབྲས་བུ་མེད་པར་ཐལ། དེའི་རྒྱུད་ལ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡང་མེད། དེ་སྤངས་འགོག་བདེན་ཡང་ཡོད་པའི་ཕྱིར། རྟགས་དང་པོ་གྲུབ་པར་ཐལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་རྒྱུད་ཀྱི་འདོད་པ་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་ཡིན་ན་བསམ་གཏན་དང་པོར་རྟོགས་པས་ཁྱབ་པའི་ཕྱིར། དེའི་ཕྱིར་འདི་ཞུགས་ལམ་མིན་ཏེ། ཟག་བཅས་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་ཏེ། དེའི་རྒྱུད་ལ་དེ་སྤངས་པའི་འགོག་བདེན་གྱི་ཐོབ་པ་མེད་པའི་ཕྱིར། དེར་ཐལ། ཆགས་བྲལ་སྔོན་སོང་གི་འདོད་པ་ལ་ཆགས་བྲལ་བྱས་པའི་འགོག་བདེན་གྱི་ཐོབ་པ་ཡིན་ན་ཟག་བཅས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་ཆགས་བྲལ་བྱས་པའི་རྟགས་འགོག་གི་ཐོབ་པ་ཟག་མེད་མི་སྲིད་པའི་ཕྱིར། དེར་ཐལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་འགོག་བདེན་གྱི་ཐོབ་པ་ཡིན་ན་ཟག་བཅས་ཡིན་དགོས་པའི་ཕྱིར། དེར་ཐལ། དེར་རྟོགས་རྣམས་རང་མཁས་པ། །མ་གཏོང་རྣམས་ཀྱི་རྣམ་པ་བ། །ཞེས་གསུངས་སོ། །དོན་འདི་ལ་རང་གི་ལན་ནི། ལམ་ཟག་བཅས་ཁོ་ནས་ཐོབ་པའི་འགོག་པ་ཡིན་ཡང༌། ཇི་སྲིད་འཕགས་ལམ་མངོན་དུ་བྱས་ཏེ། ཐོབ་པ་ཟག་མེད་མ་རྙེད་པ་དེ་སྲིད་དུ་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་བཞག་ལ། དེ་རྙེད་ནས་ས་འཕོས་ཀྱང་ཐོབ་པ་ཟག་མེད་མི་གཏོང་བ་ཡིན་ནོ་ཞེས་བཤད་དགོས། གང་གི་རྣམ་དཔྱོད་བྱིན་ཟའི་དཔུང་གིས་ནི། །འགྲན་འདོད་བུད་ཤིང་མ་ལུས་བསྲེགས་པ་བས། །མི་ཤེས་མུན་པ་མང་པོ་ཟོས་པ་འདི། །ཨེ་མ་འདི་ན་མཆོག་ཏུ་ངོ་འཚར་རོ། །ད་ནི་སེམས་རྟེན་ལ་དཔྱད་པར་བྱས་ཏེ། ཕལ་ཆེ་བ་དག རྒྱུན་ཞུགས་དང་ཕྱིར་འོང་དང་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གསུམ་བསམ་གཏན་དང་པོ་ནི་ཉེར་བསྡོགས་ཁོ་ན་ལ་རྟེན་པར་འདོད་དོ། །འོ་ན་རྒྱུན་ཞུགས་ཀྱི་འབྲས་བུའི་སེམས་རྟེན་དུ་གྱུར་པའི་ཞི་གནས་དེ་ཡིན་ན། འདོད་པ་ལ་ཆགས་བྲལ་བྱེད་བཞིན་པའི་ལམ་ཡིན་དགོས་པར་ཐལ། དེ་ཡིན་ན་བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་དགོས་པའི་ཕྱིར། འདོད་ན། རྒྱུན་ཞུགས་འབྲས་གནས་ཁྱབ་ན་ཡིན་དགོས་པར་ཐལ། སྔ་མ་ཁྱབ་ཡོད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་ཡིད་བྱེད་བདུན་དུ་གྲངས་ངེས་པའི་ཕྱིར། ཡང་ན་རྒྱུན་ཞུགས་འབྲས་གནས་ཡིན་ན། བསམ་གཏན་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་ཏུ་རིག་པ་ཡིད་བྱེད་རང་རྒྱུད་ལ་སྐྱེས་པས་ཁྱབ་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་ཉོན་དགོས་པའི་ཕྱིར། འདོད་ན། དེ་ཡིན་ན་འདོད་པའི་སྒོམ་སྤངས་ཉོན་མོངས་སུན་འབྱིན་པའི་གཉེན་པོ་རང་རྒྱུད་ལ་སྐྱེས་པས་ཁྱབ་པར་ཐལ། འདོད་ན། དེ་ཡིན་ན་རྒྱུན་ཞུགས་འབྲས་གནས་ཁྱབ་ན་ཡིན་པས་ཁྱབ་པར་ཐལ། འདི་ལ་རང་གི་ལན་ནི་ཉེར་བསྡོགས་ཟག་མེད་ལ་ཡིད་བྱེད་བདུན་གྱིས་མ་ཁྱབ་པ་ཡིན་ནོ། །ཡང་ལམ་ཟག་བཅས་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་ཕྱིར་འོང་གི་འབྲས་བུའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་ཡོད་པར་ཐལ། དེའི་རྟེན་དུ་གྱུར་པའི་དེ་འདྲའི་ཉེར་བསྡོགས་དེ་ཡིན་ན། ཞི་རགས་ཀྱི་རྣམ་པ་ཅན་ཡིན་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། དགེ་སྦྱོང་ཚུལ་གྱི་འབྲས་བུའི་སེམས་རྟེན་ཡིན་ན། ཞི་རགས་ཀྱི་རྣམ་པ་ཅན་ཡིན་པར་འགལ་བའི་ཕྱིར་དང༌། འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་དང༌། ཕྱིར་འོང་གི་འབྲས་བུའི་གཞུང་བཞིན་ཡོད་པར་ཐལ་བའི་ཕྱིར་རོ། །དེ་ལ་འདོད་མི་ནུས་ཏེ། དེ་འདྲའི་རྣམ་གྲོལ་ལམ་ཡིན་ན་ཟག་བཅས་ཡིན་དགོས་པའི་ཕྱིར་རོ། །ལམ་ཟག་བཅས་ཀྱིས་ཐོབ་པའི་འབྲས་བུ་གཉིས་ཀྱི་སེམས་རྟེན་ཁས་ལེན་པ་ནི་དཔྱད་པའི་གནས་ཞིག་ཡིན་ནོ། །ཡང་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་བསམ་གཏན་དང་པོའི་ཉེར་བསྡོགས་ཁོ་ན་ལ་རྟེན་པར་འདོད་པ་དང༌། ཕྱིར་མི་འོང་འབྲས་གནས་ཀྱིས་གཟུགས་མེད་ཀྱི་སེམས་ལ་རྟེན་ནས་གཟུགས་དང་གཟུགས་མེད་ལ་ཆགས་བྲལ་བྱས་པའི་རྣམ་གྲོལ་ལམ་དང༌། འགོག་བདེན་གཉིས་ཕྱིར་མི་འོང་གི་འབྲས་བུར་འདོད་པ་ཡང་འགལ་བ་ཡིན་ནོ། །ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དེ་བསམ་གཏན་ས་དྲུག་པོ་གང་རུང་ལ་རྟེན་པ་ཡིན་ནོ་ཅེ་ན། བསམ་གཏན་ས་དྲུག་གང་རུང་ལ་རྟེན་རྒྱུའི་ཕྱིར་མི་འོང་འབྲས་བུ་དེ་གང་ཡིན་ཞེས་རྟགས་ན་ཁྱོད་ཀྱིས་བློ་ངོར་འཇིག་པ་ཡིན་ཏེ། འདི་ལྟར་འབྲས་བུ་འདུས་མ་བྱས་ལ་སེམས་རྟེན་མི་འཇོག་ལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དེ། བསམ་གཏན་དྲུག་གང་རུང་ལ་རྟེན་པ་ཡིན་ཀྱང་སྔར་བཤད་པའི་རིགས་པས་ཕྱིར་མི་འོང་གི་འབྲས་བུར་མི་རིགས་ཤིང༌། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་གནས་ཙམ་པོའི་རྒྱུད་ཀྱི་ཐ་མའི་ཆུན་ལྔ་སྤངས་པའི་རྣམ་གྲོལ་ལམ་དེ། ས་དྲུག་གང་རུང་ལ་རྟེན་པ་ཡིན་ཀྱང༌། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུར་མི་རིགས་པའི་ཕྱིར་ཏེ། ལྔ་པོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་མིན་པའི་ཕྱིར། ད་ནི་ལམ་གང་ལ་རྟེན་དཔྱད་པར་བྱ་སྟེ། རིན་ཆེན་བློ་བཟང་གྲགས་པའི་ཞལ་སྔ་ནས། འབྲས་བུ་ཐོག་མཐའ་གཉིས་དང༌། ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་ལམ་ཟག་མེད་ཁོ་ནས་ཐོབ་པ་ཡིན་ལ། རིམ་གྱིས་པའི་འབྲས་བུ་བར་པ་གཉིས་པོ་ལ་ལམ་ཟག་བཅས་དང་ཟག་མེད་ཀྱིས་གཉིས་གཉིས་ཡོད་དོ་ཞེས་གསུངས་ཏེ། འདི་བརྟག་པར་བྱ་བ་ལ། གནོད་བྱེད་ཡོད་པར་བསྟན། སྔོན་སོང་གི་འབྲས་བུ་ཟག་མེད་ཁོ་ནས་ཐོབ་པ་ལ་སྒྲུབ་བྱེད་མེད་པར་བསྟན། དང་པོ་ལ། ཁས་བླངས་ནང་འགལ་བར་བསྟན། ལུང་རིགས་དང་འགལ་བར་བསྟན་པའོ། །དང་པོ་ནི། འབྲས་བུ་དང་པོ་ལམ་ཟག་མེད་ཁོ་ནས་ཐོབ་པར་འདོད་པ་དང༌། བྱིས་པའི་སྔར་འདོད་ཉོན་གསུམ་ལྔ་མན་ཆད་སྤངས་པའི་རྒྱུན་ཞུགས་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་གསུམ་པ་སྤངས་པའི་འགོག་པ་དང་རྣམ་གྲོལ་ལམ་རྒྱུན་ཞུགས་རིགས་རིགས་སྐྱེས་འབྲས་བུར་འདོད་པ་འགལ། ཡང་དེ་དང་བཅུ་དྲུག་པའི་རྗེས་སུ་ལམ་ཟག་བཅས་ཀྱིས་འདོད་ཉོན་དང་པོ་ནས་ལྔ་པའི་བར་སྤངས་པའི་འགོག་ལམ་རྒྱུན་ཞུགས་ཀྱི་འདོད་པ་ནང་འགལ། མཐོང་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་འགོག་ལམ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་བུར་འདོད་པ་དང༌། དེའི་འབྲས་བུ་ལམ་རྗེས་བཟོད་ཁོ་ནས་ཐོབ་པར་འདོད་པ་ནང་འགལ། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དེ་ལམ་ཟག་མེད་ཁོ་ནས་ཐོབ་དགོས་པ་མིན་པར་ཐལ། དེ་ཡིན་ན། དེ་ཁོ་ནས་ཐོབ་དགོས་པར་འགལ་བའི་ཕྱིར། རྟགས་འབུད། དེའི་རྒྱུ་མཚན་ཡང༌། དེ་སྔོན་སོང་གི་ཕྱིར་མི་འོང་གི་རྒྱུད་ཀྱི། མཐོང་སྤངས་པ་འགོག་ལམ་གཉིས་པོ་དེ། ལམ་ཟག་མེད་ཁོ་ནས་ཐོབ་པ་ཡིན་ཀྱང༌། དེ་ཕྱིར་མི་འོང་གི་འབྲས་བུར་མི་རུང༌། དེའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་འགོག་ལམ་གཉིས་པོ་དེ་ལམ་ཟག་མེད་ཁོ་ནས་ཐོབ་པ་དང༌། ཕྱིར་མི་འོང་གི་འབྲས་བུ་གཉིས་ཀར་ཡང་མི་རུང༌། དེའི་རྒྱུད་ཀྱི་ཐ་མའི་ཆ་མཐུན་ལྔ་སྤངས་པའི་འགོག་ལམ་གཉིས་པོ་ནི་ཕྱིར་མི་འོང་གི་འབྲས་བུ་ཡང་ཡིན་ལ། ལམ་ཟག་བཅས་དང་ཟག་མེད་གཉིས་ཀྱང་དགོས་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་འདོད་པ་ལས་འདུན་པ་དང་རྣམ་འཚེ་གཉིས་སྤངས་པའི་འགོག་པ་དང༌། དེའི་ཐོབ་པ་ལམ་བདེན་ཡིན་པར་འགྱུར་བ་གཉིས་ནི་ལམ་ཟག་བཅས་ཀྱི་ཐོབ་པ་ཡིན་ལ། དེའི་རྒྱུད་ཀྱི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་འགོག་ལམ་གཉིས་པོ་དེ་ལམ་ཟག་མེད་ཀྱིས་ཐོབ་པའི་ཕྱིར། གཉིས་པ་སྒྲུབ་བྱེད་མེད་པར་བསྟན་པ་ནི། སྔོན་སོང་གཉིས་དངོས་སུ་ཐོབ་བྱེད་ལམ་རྗེས་བཟོད་ཁོ་ན་ཡིན་ཞེས་གསུངས་པའང་དཔྱད་ན་འཇིག་པར་སྣང་སྟེ། འདི་ལྟར་ཆགས་བྲལ་སྔོན་སོང་གི་འབྲས་བུར་བཞག་རྒྱུའི་གཙོ་བོ་དེའི་རྒྱུད་ཀྱི་འདོད་པའི་སྒོམ་སྤངས་ཉོན་མོངས་སྤངས་པའི་འགོག་པ་དེ་ཉིད་ཡིན་ལ། དེ་ལམ་རྗེས་སོགས་ཁོ་ནས་ཐོབ་པར་འགལ་བའི་ཕྱིར་ཏེ། མཐོང་ལམ་བར་ཆད་མེད་ལམ་གྱིས་སྒོམ་སྤངས་སྤང་བར་འགལ་བའི་ཕྱིར་རོ། །འོ་ན་རང་འགྲེལ་ལས། ཆགས་བྲལ་སྔོན་སོང་དབང་པོ་དགུས་ཐོབ་པར་བཤད་པ་མིན་ནམ་ཅེ་ན། དེ་ནི་སྒྲུབ་བྱེད་དུ་མ་ངེས་ཏེ། ཟག་མེད་ཀྱི་དབང་པོས་ཐོབ་ན་ཟག་བཅས་ཀྱི་ལམ་གྱིས་མི་ཐོབ་མི་དགོས་པའི་ཕྱིར་རོ། །དེས་ན་ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་ལམ་ཟག་མེད་ཁོ་ནས་ཐོབ་ཞེས་ཟེར་བ་ནི་མ་རྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་སྣང་ཡང་རྟགས་ན་སྙིང་པོ་མི་སྣང་ངོ༌། །ཡང་ཁ་ཅིག་རིམ་གྱིས་འབྲས་བུ་བར་པ་གཉིས་ལམ་ཟག་མེད་ཁོ་ནས་ཐོབ་པ་དང༌། ཆགས་བྲལ་སྔོན་སོང་ལམ་ཟག་བཅས་ཁོ་ནས་ཐོབ་པར་སྨྲ་བ་ནི་མཛོད་འགྲེལ་དང་འགལ་བར་རྟོགས་སླའོ། །ཡང་བྱེ་བྲག་དུ་སྨྲ་བའི་ལུགས་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ལམ་ཟག་བཅས་ཀྱིས་ཐོབ་པ་གཅིག་ཁས་ལེན་དགོས་ཏེ། ཇི་སྐད་དུ་སྲིད་རྩེ་ལས་སྐྱེས་བཟོད་པ་ཡི། །བཞོམ་བྱ་མཐོང་བས་སྤངས་བྱ་ཉིད། །ལྷན་ཅིག་སྐྱེས་མཐོང་སྒོམ་གཉིས་ཀྱིས། །ཞེས་འབྱུང་བས་སོ། །ད་ནི་ཆགས་བྲལ་སྔོན་སོང་ལ་དཔྱད་པར་བྱ་སྟེ། བྱེ་བྲག་དུ་རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་ཡོད་མེད་དཔྱད་པའོ། །འདི་ལ་ཕལ་ཆེ་བ་དག་ན་རེ། ཆགས་བྲལ་སྔོན་སོང་ཡིན་ན་རང་གི་ངོས་སྐལ་གྱི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤང་པ་གཅིག་དགོས་སོ་ཞེས་ཟེར་རོ། །འོ་ན་ཕྱིར་མི་འོང་ཆགས་བྲལ་སྔོན་སོང་མི་སྲིད་པར་ཐལ། ཐ་མའི་ཆ་མཐུན་ལྔ་དེའི་སྔར་སྤངས་པ་མི་སྲིད་པའི་ཕྱིར་ཏེ། ཀུན་སྦྱོར་གསུམ་པོ་དེར་སྤངས་པ་མི་སྲིད་པའི་ཕྱིར་ཏེ། དེའི་སྔར་སྲིད་རྩེའི་སས་བསྡུས་ཀྱི་དེ་གསུམ་སྤངས་པ་མི་སྲིད་པའི་ཕྱིར་ཏེ། ཇི་སྐད་དུ། འཇིག་རྟེན་འདས་ཀྱི་སྲིད་རྩེ་ལ། །ཆགས་བྲལ་གཞག་ལ་རྣམ་པ་གཉིས། །ཞེས་བཤད་པའི་ཕྱིར། ཅི་སྟེ། འདོད་ཉོན་དགུ་པ་དེ་དེའི་སྤང་བྱའི་གཙོ་བོ་འཇོག་ཅེ་ན། དེ་ལྟ་ན། མཐོང་ལམ་གྱི་སྔར་འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་དེ། སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུར་ཐལ་བར་འགྱུར་རོ། །ཕྱིར་འོང་ཆགས་བྲལ་སྔོན་མི་སྲིད་པར་ཐལ། དེའི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔར་སྤངས་པ་མི་སྲིད་པའི་ཕྱིར། མཐོང་སྤངས་ཀུན་སྦྱོར་གསུམ་དང་འདོད་ཉོན་དྲུག་པ་གཉིས་ཀ་དེའི་སྤང་བྱ་གཙོ་བོ་གང་ཞིག དེ་མཐོང་ལམ་གྱི་སྔར་སྤངས་པ་མི་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་དང་པོ་གྲུབ་ཏེ། ཕྱིར་འོང་གི་རྒྱུད་ཀྱི་དེ་གཉིས་ཀ་སྤངས་པའི་འགོག་བདེན་དེ། ཕྱིར་འོང་གི་འབྲས་བུར་བཞག་པ་ཡིན་ལ། དེའི་རྒྱུད་ཀྱི་དེ་གཉིས་རེ་རེ་སྤངས་པའི་འགོག་ལམ་དེར་མི་འཇོག་པའི་ཕྱིར། གཞན་ཡང༌། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གིས་ཐོབ་པའི་དགྲ་བཅོམ་ཆོས་ཅན། རྩ་བའི་དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་པ་ལ་ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། རྩ་བར་འདོད་ན། དགྲ་བཅོམ་མིན་པར་ཐལ་ལོ། །རང་གི་ལན་ནི། འདོད་པའི་ཕལ་ཆེར་དང་འདོད་པའི་ཉོན་མོངས་མ་ལུས་པ་ལ་ཆགས་བྲལ་སྔོན་དུ་སོང་བ་ཞེས་བྱ་ཡི་ཕྱིར་འོང་དང་ཕྱིར་མི་འོང་གི་སྤང་བྱའི་གཙོ་བོ་ལ་ཆགས་བྲལ་སྔོན་དུ་སོང་ན་ཞེས་མི་བྱའོ། །གཉིས་པ་ནི། རིན་ཆེན་བློ་བཟང་གྲགས་པའི་ཞལ་སྔ་ནས། མཛོད་འགྲེལ་ལས། སྔོན་རྣམ་པ་གསུམ་མམ་བཞི་སྤངས་པའང་བདུན་ནམ་བརྒྱད་སྤངས་པའི་འབྲས་བུ་ཐོབ་པ་ནི་ཇི་སྲིད་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མིན་ནོ་ཞེས་གསུང་པའི་ཤུགས་ལ། རིགས་ནས་རིགས་སྐྱེ་དང་བར་ཆད་གཅིག་པ་གཉིས་ལ་ཆགས་བྲལ་སྔོན་སོང་ཁས་ལེན་ཞེས་གསུང༌། འདི་ནི་འཐད་པ་མིན་ཏེ། ལུང་དང་རིགས་པ་དང་ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། མཛོད་འགྲེལ་ལས། དེ་གཉིས་ལ་རྟོགས་པའི་ཁྱད་པར་སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་གཅིག་དགོས་པར་བཤད་པའི་ཕྱིར། འོ་ན་དོན་གསལ་ལས། རིགས་སྐྱེ་ལ་ཆགས་བྲལ་སྔོན་སོང་གཅིག་མ་བཤད་དམ་ཅེ་ན། དེའི་དགོངས་པ་གཞན་དུ་རྩལ་དགོས་ཏེ། གལ་ཏེ་ན། བཅུ་དྲུག་པ་ལ་གནས་ཙམ་གྱི་རིགས་ནས་རིགས་སྐྱེ་དང་བར་ཆད་གཅིག་པ་འདོད་དགོས་པར་འགྱུར་ལ། དེ་ལྟ་ན། དྲངས་མ་ཐག་པའི་རང་འགྲེལ་ལས་ཏེ། དེ་གཉིས་ལ་འབྲས་བུ་ཕྱི་མའི་ཞུགས་པས་ཁྱབ་པར་བཤད་པ་དང་འགལ་ལོ། །གཉིས་པ་རིགས་པ་དང་འགལ་བ་ནི། ཆགས་བྲལ་སྔོན་སོང་གི་རིགས་ནས་རིགས་སྐྱེ་དེའི་རྒྱུད་ལ་ཆགས་བྲལ་སྔོན་དུ་སོང་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་གཅིག་ཡོད་དམ་མེད། མེད་ན། དེར་འགལ་ལ། ཡོད་ན་དེ་འདྲ་དེ་རྒྱུན་ཞུགས་ཀྱི་འབྲས་བུའམ། དེ་མིན་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་གཅིག་ཡིན་ཏེ། དང་པོ་ནི། མི་སྲིད་ལ་གཉིས་པ་ལྟར་ན། ཁྱེད་འདོད་པའི་རིགས་སྐྱེའི་རྒྱུན་ཞུགས་ཆགས་བྲལ་སྔོན་སོང་དེ་ཆོས་ཅན། ཆགས་བྲལ་སྔོན་དུ་མ་སོང་བའི་རྒྱུན་ཞུགས་ཡིན་པར་ཐལ། དེ་སྔོན་མ་སོང་བའི་རྒྱུན་ཞུགས་ཀྱི་འབྲས་གནས་ཀྱི་འབྲས་བུ་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར། གཞན་ཡང་སྔོན་འདོད་པའི་སྒོམ་སྤངས་གསུམ་སྤངས་པ་ཟག་མེད་ཀྱི་དབང་པོ་ཐོབ་པ། འདོད་པར་སྐྱེ་བ་གཉིས་ལེན་པ་ཙམ་གྱིས་རིགས་ནས་རིགས་སྐྱེ་བར་བཞག་ནུས་ན། འདོད་ཉོན་གསུམ་པ་ལ་ཆགས་བྲལ་སྔོན་དུ་སོང་ཞིང་མཐོང་ལམ་བཅོ་ལྔ་གང་རུང་ལ་གནས་པའང་དེར་ཐལ་བར་འགྱུར་རོ། །དེའི་སྟེང་དུ་བཅུ་དྲུག་པའི་རྟོགས་པ་ཐོབ་པ་གཅིག་དགོས་ན། དེ་འདྲའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་དེའང་དེར་ཐལ་བར་འགྱུར་རོ། །གསུམ་པ་ཁས་བླངས་ནང་འགལ་བ་ནི། རིགས་ནས་རིགས་སྐྱེ་ལ་རྟོགས་པའི་ཁྱད་པར་སྤངས་པ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་གཅིག་དགོས་པར་བཤད་པ་དང་འགལ་ལོ། །ཡང་ཕལ་ཆེ་བ་དག འགོག་པའི་སྙོམས་འཇུག་ཐོབ་ལ་མ་བཏང་བ་དེ། ལུས་མངོན་བྱེད་ཀྱི་དོན་དུ་འདོད་པ་འདི་ལྟར་བརྟག་དགོས་ཏེ། འགོག་པའི་སྙོམས་འཇུག་ཐོབ་ལ་མ་བཏང་བའི་ཕྱིར་མི་འོང་གཟུགས་མེད་ཀྱི་རྟེན་ཅན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་གཟུགས་མེད་ཀྱི་རྟེན་ལ་འགོག་སྙོམས་ཡོད་པར་ཐལ་ལོ། །ཆོས་ཅན་གྲུབ་པར་ཐལ། འགོག་སྙོམས་ལས་མ་ཉམས་བཞིན་དུ་སྲིད་རྩེ་དང་སྐྱེས་པའི་ཕྱིར་མི་འོང་གཅིག་ཡོད། དེ་འདྲ་དེས་འགོག་སྙོམས་མ་བཏང་བའི་ཕྱིར་ཏེ། དེ་གཏོང་རྒྱུ་གང་ཡང་བྱུང་བའི་ཕྱིར་ཏེ། ཇི་སྐད་དུ། དགེ་བའོ་གཉིས་སུ་མྱོང་འགྱུར་དང༌། །མ་ངེས་འཕགས་པའི་སྦྱོར་བས་ཐོབ། །དེ་གནས་དོན་དུ་སྲིད་དགེ་སྐྱེས། །ཞེས་བཤད་པའི་ཕྱིར། ཡང་འཕགས་པའི་སྐབས་སུ། སྤེལ་སྒོམ་ལས་ཉམས་པའི་དོན་ལ། ཁ་ཅིག བསམ་གཏན་བ་པ་ལ་སོགས་པའི་སྙོམས་འཇུག་ཟག་བཅས་ལས་ཉམས་པ་ཡིན་གྱི་ཟག་མེད་ལས་ཉམས་པ་མི་སྲིད་དོ་ཞེས་ཟེར་རོ། །འཕགས་པ་སོགས་ཀྱི་རྣམ་གཞག་མཛོད་ལ་གཞན་གང་དུ་ཡང་གསལ་བར་མ་གསུང་ཞིང༌། དེའི་རྣམ་གཞག་མཛོད་རྩ་འགྲེལ་ཇི་ལྟ་བཞིན་དུ་ཁས་བླངས་ནས་ཟག་མེད་ལས་ཉམས་པ་མི་སྲིད་དོ་ཞེས་ཟེར་བ་ནི། འཕགས་པ་འབྲས་བུ་ཐོབ་སྦྱངས་ཉམས་པས་བཏང་ཞེས་བཤད་པ་དང༌། དགྲ་བཅོམ་ལས་ཉམས་པར་བཤད་པ་སོགས་ཀྱིས་གནོད་ལ། ཡང་མདོ་སྡེ་པས་ཟག་མེད་ཀྱི་དབང་པོ་ལས་ཉམས་པ་མི་སྲིད་འདོད་དོ། །ཞེས་མཛོད་འགྲེལ་ལས་བཤད་པ་དེ་ཁས་ལེན་པའི་དབང་དུ་བྱེད་ན་ནི། དེའི་དོན་མཐོང་སྒོམ་མི་སློབ་ལམ་གསུམ་ལས་ཉམས་པ་མི་སྲིད་པར་འདོད་པའི་དོན་ཡིན་གྱི་འཕགས་རྒྱུད་ལ་ཡོད་པའི་ཟག་མེད་ཀྱི་ངོ་བོར་གྱུར་པའི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་ལས་ཉམས་པ་མི་སྲིད་འདོད་པ་ནི་མིན་ཏེ། དེ་ལྟ་ན། མདོ་སྡེ་པས་དགྲ་བཅོམ་པ་མཐོང་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལས་ཉམས་པ་སྲིད་པར་བཤད་པ་དང་ཇི་ལྟར་མི་འགལ་བའི་ཚུལ་སྟོན་དགོས་ཏེ། ཟག་མེད་པ་དགུ་པོ་གང་རུང་ལས་མ་ཉམས་པར་མཐོང་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལས་ཉམས་པར་འདོད་པ་ཆེས་བཞད་གད་ཀྱི་གནས་སོ། །དེས་ན་འདི་ལྟར་འཆད་དགོས་ཏེ། འཕགས་རྒྱུད་ཀྱི་ཟག་མེད་ཀྱི་དབང་པོ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་པོ་བཞི་གང་རུང་ལས་མ་ཉམས་ན་ས་འོག་མའི་ཉོན་མོངས་སྐྱེས་པ་ཙམ་གྱིས་མི་ཉམས་ལ། ཟག་མེད་དེའི་བརྟེན་དུ་གང་རུང་བའི་བསམ་གཏན་གྱི་སྙོམས་འཇུག་ལས་ནི་ས་འོག་མའི་ཉོན་མོངས་སྐྱེས་པ་ཙམ་གྱིས་ཉམས་དགོས་ལ། དེ་ལས་ཉམས་པ་ན། དེ་ལ་བརྟེན་པའི་ཟག་མེད་ཀྱི་དབང་པོ་དེ་ཡང་ས་འཕོ་དགོས་པ་ཡིན་ལ། བཏང་བ་དང་ཉམས་པ་ཞེས་ནི་མི་བྱ་སྟེ། བྱེ་བྲག་སྨྲ་བ་ལྟར་ན། ས་འཕོས་པས་ཟག་མེད་གཏོང་བ་མིན་པའི་ཕྱིར་དང༌། མདོ་སྡེ་པ་ལྟར་ན་ཟག་མེད་ཀྱི་དབང་པོ་རང་གི་ངོ་བོ་ལ་ཉམས་པ་མི་སྲིད་པའི་ཕྱིར། དེ་ལྟ་མིན་པར་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ལས་མ་ཉམས་བཞིན་དུ་བསམ་གཏན་དང་པོར་ཉོན་མོངས་པའི་དབང་གིས་སྐྱེ་བར་འདོད་པ་ནི། ཆོས་མངོན་པའི་ཆ་ཤས་ཀྱི་ཆ་ཤས་ཙམ་ཡང་སྣ་ལམ་དུ་མ་གྲགས་པར་ཟད་དོ། །འདིར་གང་དག བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ཕྱིར་མི་འོང་འཕགས་པའི་བསམ་གཏན་གྱི་སྙོམས་འཇུག་ཟག་མེད་ལས་ཉམས་པར་འདོད་དོ་ཞེས་ཟེར་བ་ནི་དེའི་རང་ལུགས་ཀྱི་ཟག་མེད་ཀྱི་གཏོང་རྒྱུ་མི་ཤེས་པ་ཁོ་ནར་ཟག་མེད། ཇི་སྲིད་ཕྱིར་མི་འོང་གི་འབྲས་བུ་ལས་མ་ཉམས་པ་དེ་སྲིད་དུ་དེའི་རྒྱུད་ཀྱི་ཟག་མེད་ཀྱི་དབང་པོ་ཉམས་པར་མི་འདོད་པའི་ཕྱིར། དེས་ན་དེའི་ལུགས་ལ་ཕྱིར་མི་འོང་འཕགས་པ་དེ་བསམ་གཏན་བཞི་པའི་སྙོམས་འཇུག་ཟག་མེད་ལས་ཉམས་པ་དང་བཏང་བ་མིན་ཀྱང་དེའི་རྒྱུད་ལ་དེ་དག་རང་བཞིན་ཁས་མི་ལེན་ཏེ། བསམ་གཏན་དང་པོའི་སས་བསྡུས་ཀྱི་སྲེད་པ་མངོན་དུ་གང་རུང་བའི་ཕྱིར། དེ་འདྲ་དེ་ལྡན་པར་ནི་ཁས་ལེན་དགོས་ཏེ། དེའི་ཐོབ་པ་ལན་གཅིག་རྙེད་ནས་མ་བཏང་བའི་ཕྱིར། དེ་ལ་འདི་སྙམ་དུ་དོགས་པར་འགྱུར་རོ། །བསམ་གཏན་བཞི་པའི་སྙོམས་འཇུག་ཟག་མེད་ལས་མ་ཉམས་ན་བསམ་གཏན་བཞི་པའི་སྙོམས་འཇུག་བཞི་ལྡན་དགོས་སོ་སྙམ་ན། གཟུགས་མེད་ཁམས་ཀྱི་ཉན་ཐོས་སྒོམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བསམ་གཏན་བཞི་པའི་སྙོམས་འཇུག་དང་ལྡན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་བསམ་གཏན་བཞི་པའི་སྙོམས་འཇུག་ཟག་མེད་དང་ལྡན་པའི་ཕྱིར། འདོད་ན་བསམ་གཏན་གྱི་སྡོམ་པ་དང་ལྡན་པར་ཐལ། འདོད་ན། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་དག་གིས་གཏོང༌། །ཞེས་པ་དང༌། འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་ཡོད་ཅེས་པ་དང་འགལ། །རྩ་བར་རྟགས་གྲུབ་ཏེ། དེ་ཐོབ་ཅིང་དེའི་གཏོང་རྒྱུ་མ་བྱུང་བའི་ཕྱིར། འགོག་པ་ལ་མཉམ་པར་གཞག་བཞིན་པའི་ཕྱིར་མི་འོང་གི་རྒྱུད་ལ་བསམ་གཏན་གྱི་སྡོམ་པ་ད་ལྟར་བ་དང་ལྡན་པར་ཐལ། དེས་དེ་ཐོབ་ལ་མ་བཏང་བའི་ཕྱིར། གཞན་ཡང་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གང་རུང་དུ་སྐྱེས་པའི་ཉན་ཐོས་འཕགས་པའི་རྒྱུད་ལ་བསམ་གཏན་དང་པོའི་སྙོམས་འཇུག་ལྡན་པར་ཐལ། དེའི་རྒྱུད་ལ་དེ་འདྲའི་སྙོམས་འཇུག་ཟག་མེད་ལྡན་པའི་ཕྱིར། འདོད་མི་ནུས་པའི་ཕྱིར། འཕགས་པ་དེ་དག་ས་བོར་བས། གཏོང་ངོ་ཞེས་གསུང་བའི་ཕྱིར། ཡང་དེ་དང་ལྡན་ན་དེ་ཡོད་པས་ཁྱབ་པར་འདོད་པ་ལ་ནི་སྔར་བཤད་པ་ལྟར། བསེ་རུ་ལྟ་བུའི་རང་ལ་དགྲ་བཅོམ་པའི་རྒྱུད་ལ་སྦྱོར་ལམ་ཡོད་བར་ཐལ་བ་དང༌། གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ་བར་འགྱུར་རོ། །ཅི་ཏེ་བསམ་གཏན་བཞི་པའི་སྙོམས་འཇུག་ཟག་མེད་དེ་ཡིན་ན། བསམ་གཏན་བཞི་སྙོམས་འཇུག་ཡིན་མི་དགོས་པར་ཐལ། དེ་དང་ལྡན་ན་བསམ་གཏན་བཞི་སྙོམས་འཇུག་དང་ལྡན་མི་དགོས་པའི་ཕྱིར་ཅེ་ན། སོ་སོ་སྐྱེ་བོ་ཡིན་ན། ལམ་བདེན་གྱི་མཐོང་ལམ་པ་ཡིན་མི་དགོས། དེ་དང་ལྡན་ན་ལམ་བདེན་གྱི་མ་ཐོབ་པ་རང་ལྡན་མི་དགོས་པའི་ཕྱིར། མ་གྲུབ་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ལམ་བདེན་དང་མི་སྲིད་པར་ཐལ། དེའི་མ་ཐོབ་པ་རང་རྒྱུད་ལ་ལྡན་པའི་གང་ཟག་པའི་ཕྱིར། སྦྱོར་ལམ་ཡིན་ན་སློབ་ལམ་ཡིན་པས་མ་ཁྱབ་པར་ཐལ། སྦྱོར་ལམ་དང་ལྡན་སློབ་ལམ་དང་ལྡན་པས་མ་ཁྱབ་པའི་ཕྱིར། ཡང་འདི་སྤྱད་པར་བྱ་སྟེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ནས་སོགས་ཡིན་ན། ཕྱིར་འོང་ཞུགས་པ་སོགས་ཡིན་པས་ཁྱབ་པ་ཁས་ལེན་པར་སྣང་ངོ༌། །འོ་ན་འདོད་ཉོན་དང་པོ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་མིན་པར་ཐལ། ཁྱད་པར་གྱི་ལམ་ལ་གནས་བཞིན་པ་མ་ཡིན་པའི་ཕྱིར། དེར་ཐལ། རྣམ་གྲོལ་གྱི་ལམ་ལ་གནས་བཞིན་པ་ཡིན་པའི་ཕྱིར། ཁྱབ་པ་ནི་སྔར་དྲངས་པའི་འགྲེལ་པའི་ལུང་གིས་གྲུབ་བོ། །རྩ་བའི་རྟགས་གྲུབ་ཏེ། རྒྱུན་ཞུགས་འབྲས་བུ་ལ་བལྟོས་པའི་ཁྱད་པར་གྱི་ལམ་ལ་གནས་བཞིན་པ་ཡིན་པའི་ཕྱིར། མདོར་ན་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དུ་འཇོག་པ་ལ། འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་བརྩོན་པ་མི་དགོས་པར། རྒྱུན་ཞུགས་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་ལ་གནས་པ་ཙམ་གྱིས་ཆོག་ལ། ཕྱིར་འོང་ཞུགས་པར་འཇོག་པ་ལ། ཕྱིར་མི་འོང་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པ་ཞིག་དགོས་པར་འགྲེལ་པ་ལས་བཤད་དོ། །འདིས་གཞན་ཡང་རིགས་པར་བྱའོ། །མང་དུ་ཐོས་པའི་རྣ་བ་རབ་ཡངས་ཤིང༌། །དཔལ་ལྡན་རིགས་པའི་མཆེ་བ་དཀར་པོ་ཅན། །གསུང་རབས་ཤེས་པའི་ཆང་གིས་རབ་མྱོས་ནས། །སྙོམས་ལས་བདེ་བའི་མལ་དུ་གཉིད་ལོག་ཚེ། །གཞུང་བཞིན་དཔྱོད་པའི་བློའི་མཐུ་མེད་པར། །མང་པོའི་དབུས་སུ་གཞན་གྱི་ཟེར་སྒྲོས་ཙམ། །ཡི་གེར་འགོད་པའི་རྩོལ་བ་བརྒྱ་ཕྲག་གིས། །རང་གིས་རང་ཉིད་ཆེན་པོར་ཆོས་རྣམས་ལ། །ཅུང་ཟད་ཁྲེལ་བའི་རྐྱེན་གྱིས་གཉིད་ཟད་ནས། །དཔྱོད་མེད་ཁེངས་པ་ལྡན་རྣམས་རྨོངས་པ་དང༌། །དཔྱོད་ལྡན་གཟུ་བོ་མང་ཞིག་བགྱེས་པ་དང༌། །མངོན་པའི་གྲུབ་མཐའ་དར་ཞིང་རྒྱས་བྱའི་ཕྱིར། །ལེགས་བཤད་གཏམ་གྱིས་སྦྱོར་བ་འདི་བྱས་སོ། །རྟོག་གེ་ཕྱིའི་མཚོ་ཆེན་དེར་ཞུགས་ཀྱང༌། །ཆོས་མངོན་ནང་གི་རྒྱ་མཚོ་མ་མཐོང་ན། །ལེགས་བཤད་གཏམ་འདིས་ཕག་པར་མི་འཚལ་བས། །གཅུང་པོའི་གཞུང་ལ་ཐོས་པ་བགྱིད་འཚལ་ལོ། །དེ་ནས་ཆོས་མངོན་ནགས་ཀྱི་སྨན་ལྗོངས་སུ། །རྣམ་དག་རིགས་པའི་དབྱངས་ཀྱི་ང་རོ་ཡིས། །བློ་གསལ་རི་དྭགས་མང་པོ་སྐྱོང་བ་དང༌། །དཔལ་ལྡན་བསོད་ནམས་ལྗོན་པ་རབ་རྒྱས་ཤོག །ཡོན་ཏན་ཡལ་ཁའི་ཁྱོན་ཡངས་རྒྱས་པའི་རྩེར། །རྣམ་དཀར་གྲགས་པའི་མེ་ཏོག་སྙིམ་པ་ནི། །ལེགས་བཤད་འབྲས་བུའི་ཚོགས་ཀྱིས་ཡོངས་གང་ནས། །མཁས་འདོད་མང་པོའི་རེ་བ་སྐོང་བར་ཤོག །ཞེས་པ་འདི་ནི་ཡུལ་དབུས་ཀྱི་དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་སྦྱར་བ་ཡིན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*