ཕྱི་ནང་གཞན་གསུམ་འབྱོར་པའི་མན་ངག་གི་བསྟན་བཅོས་རིན་ཆེན་གཏེར་མཛོད། ཀ ༽

༼ཇ༽༄༅། །དཔལ་གསང་བ་འདུས་པའི་རྣམ་བཤད་རིན་པོ་ཆེའི་གཏེར་མཛོད་བདུན་པ་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་ར་ཝེ། ངོ་མཚར་མང་པོས་ཡ་མཚན་གྱུར་ཁྱོད་རྫོགས་སངས་རྒྱས་མཛད་པའི། །དགོངས་དང་དགོས་པའི་ཆེད་འགའ་གཞན་ཡོད་མིན་པར་ངེས་དེ་ནི། །བགྲང་ཡས་འགྲོ་བའི་དོན་གཅིག་ཉིད་ཕྱིར་ང་ཞེས་རྨོངས་འདི་ཡང༌། །ཁྱོད་ཉིད་གཅིག་པུས་རྗེས་གཟུང་དྲན་ཕྱིར་གུས་པས་ཕྱག་བགྱི་དོ། །དེས་གསུངས་དམ་པའི་ཆོས་ཀྱི་རྩེ་གྱུར་ཞེས། །རྒྱལ་བ་ཉིད་ཀྱིས་རྒྱུད་གཞན་དུ་བསྔགས་པ། །གསང་བ་ལས་ཀྱང་ཆེས་གསང་འདུས་པའི་མཚན། །དབང་དང་བཤད་པས་མ་ཉམས་འཛིན་མཛད་པོ། །མདོ་དང་རྒྱུད་སྡེ་ཀུན་སྦྱངས་མཁས་ཀུན་རིང་ནས་འདུན་མཛད་འགྲོ་ཀུན་ངང་གིས་ཀུན་ནས་དུལ་འགྱུར་ཀླུ་སྒྲུབ་ཆོས་སྐྱོངས་ཞབས་ཀྱི་ཟབ་མོའི་ཆོས་ཀུན་དར་མཛད་པོ། །ཉིད་ཀྱིས་གྲུབ་གྱུར་སྣང་བའི་ཡེ་ཤེས་ཀྱི་དགའ་མཆེད་པས་མཆོག་ཏུ་དགའ་མཛད་འཐོབ་པས་དགའ་བྲལ་དང་ནི་ཐམས་ཅད་སྟོང་པས་ལྷན་ཅིག་སྐྱེས་དགའི་དངོས་གང་ལ། །གྲུབ་དང་མཁས་པའི་མཛད་པ་བཟང་པོ་ཡིས་ནི་ལས་བཟང་པོ་རྣམས་སྐལ་བ་བཟང་པོར་འདིས་མཛད་འགྲན་ཟླ་གཞན་དང་མི་མཉམ་ཕྲིན་ལས་བཟང་པོ་ཅན་ཁྱོད་ནི། །ཐེག་གསུམ་འདུལ་བའི་ཆོས་ཀྱི་སྐུ་བཙུན་གཟུང་འཛིན་གཉིས་བྲལ་ལྟ་བས་གསུང་མཁས་ཉམས་ལེན་མང་པོས་ཐུགས་རྒྱུད་བཟང་ཁྱོད་ཕྱག་གི་གནས་གྱུར་ཉིད་ལ་གུས་ཕྱག་འཚལ། །དེ་ལས་རྒྱུད་པའི་དབང་དང་གཞུང་བཤད་དང༌། །གདམས་ངག་སྩོལ་མཛད་བསོད་ནམས་རྒྱལ་མཚན་དཔལ། །དཀོན་མཆོག་རྒྱལ་མཚན་རིན་ཆེན་བཀྲ་ཤིས་ཞབས། །ཡབ་སྲས་རྣམ་བཞིའི་ཞབས་ལ་ཕྱག་བྱས་ནས། །གསང་ཆེན་འདུས་པའི་སྐྱེད་དང་རྫོགས་པའི་རིམ། །རྒྱུད་པས་བཤད་དང་ཕྱིས་བྱོན་གྱིས་བཤད་པའི། །ཁྱད་པར་དབྱེ་བྱེད་རྣམ་པར་ཐར་པའི་སྒོ། །བདུན་ཕྲག་གསུམ་གྱིས་བརྗིད་གང་སྦྱར་བར་སྤྲོ། །ཞེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་ལམ་མཆོག་གསང་བ་འདུས་པའི་རིམ་པ་གཉིས་ཉམས་སུ་བླང་བའི་གནས་ལ། སྔ་རབས་དང༌། ཕྱིས་བྱོན་གྱི་སྲོལ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ། རྣམ་པར་ཐར་པའི་སྒོ་གསུམ་ཚན་ཉི་ཤུ་རྩ་གཅིག་པ་འཆད་པ་འདི་ལ། དོན་རྣམ་པ་གསུམ་སྟེ། སྤྱིར་སངས་རྒྱས་ཀྱིས་ཆོས་འཁོར་གསུམ་བསྐོར་བའི་དགོངས་པ་ཤེས་ནས་ཉམས་ལེན་གྱི་གནས་ལ་ཐག་ཆོད་དགོས་པར་བསྟན། ཆོས་ཀྱི་འཁོར་ལོའི་རིམ་པ་རེ་རེ་ལ་ཡང་ཐོག་མཐའ་བར་དུ་འཇུག་ཚུལ་གྱི་རིམ་པ་གསུམ་ཚན་གྱི་སྒོ་ནས་འཇུག་པ་ཤེས་དགོས་པར་བསྟན། བྱེ་བྲག་ཏུ་གསར་སྔགས་སྤྱི་དང་ཁྱད་པར་གསང་བ་འདུས་པའི་ངེས་དོན་གྱི་གནས་རྣམས་འཁྲུལ་མེད་དུ་ངོས་གཟུང་བའོ། །དང་པོ་ནི། རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པས། འཛམ་བུའི་གླིང་འདིར་སངས་རྒྱས་པའི་ཚུལ་བསྟན་ནས། རང་གི་ཐུགས་སུ་ཆུད་པའི་ཆོས་ངེས་པའི་དོན་མཐར་ཐུག་པ་དེ། ཇི་ལྟར་སྟོན་པའི་རིམ་ལ་དགོངས་པ་སྔོན་དུ་བཏང་སྟེ། ཐོག་མར་འདི་སྐད་ཅེས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་ཐོབ། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །གཅིག་པུ་མི་སྨྲ་ནགས་སུ་འགྲོ་བར་བྱ། །ཞེས་རང་གིས་དོན་གང་ཞིག་ཐུགས་སུ་ཆུད་ནས་སངས་རྒྱས་པའི་ཆོས་དེ་ནི། ཐོས་བསམ་གྱིས་དངོས་སུ་ཤེས་པར་མི་ནུས་པ་དང༌། བདུད་རྩི་ལྟ་བུར་ཉམས་སུ་མྱོང་བྱ་ཉིད་དུ་བསྟན་པས་ན། འོད་གསལ་བའི་རིམ་པའམ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ཚེ། ཆགས་བྲལ་གྱི་དབང་ཕྱུག་མི་མཇེད་ཀྱི་བདག་པོ་དང༌། ཆགས་ཆེན་གྱི་དབང་ཕྱུག་བརྒྱ་བྱིན་གྱིས། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བའི་རིམ་པ་གསུམ་བྱོན་ཏེ། ཐོག་མར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཆོས་ཀྱི་འཁོར་ལོ་ཉན་ཐོས་དང་ཐུན་མོང་དུ་བསྐོར་བ་དང༌། བར་དུ་འཁོར་བ་མི་སྤོང་པའི་རང་བཞིན་ཅན་གྱི་ཆོས་འཁོར་བྱང་ཆུབ་སེམས་དཔའ་དང་ཐུན་མོང་དུ་བསྐོར་བ་དང༌། ཐ་མར་ཚེ་གཅིག་ལ་སངས་རྒྱ་བའི་ཆོས་ཀྱི་འཁོར་ལོ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་ལ་བསྐོར་བར་མཛད་དོ། །འདི་ཡང༌། གདུལ་བྱ་དབང་པོ་བརྟུལ་འབྲིང་རྣོ་གསུམ་དང༌། རིམ་གྱིས་བཀྲི་དགོས་པ་དག་ལ། ཆོས་ཀྱི་ཟབ་ཤོས་དེ་དུས་གསུམ་པར་སྟོན་དགོས་པ་ལ་དགོངས་ནས། ཇི་སྐད་དུ། སྔགས་ཀྱི་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པར་ཟད་ཀྱི། ཤཱཀྱའི་དབང་པོས། སྔགས་ཀྱི་ཐེག་པ་དུས་ཐ་མ་ཁོ་ནར་གསུངས་པའི་འཆད་བྱེད་ནི་མ་ཡིན་ནོ། །རིམ་པ་གསུམ་པོ་དེ་དག་གི་ལྟ་སྒོམ་ལ་དེ་ལྟར་སློབ་པའི་ཚུལ་ཡང༌། ཐོག་མཐའ་གཉིས་སུ་ནི། ལྟ་སྒོམ་ཇི་སྙེད་པ་ཉམས་ལེན་གྱི་ཚུལ་དུ་གཙོ་བོར་སློབ་དགོས་པར་བསྟན་པ་ཡིན་ཏེ། དེ་དག་ཏུ་ནི་མྱ་ངན་ལས་འདས་པ་ལ། དུས་མྱུར་བ་ཁོ་ནར་མངོན་དུ་ཕྱོགས་པས་བསྟན་པའི་ཕྱིར། ཆོས་ཀྱི་འཁོར་ལོ་བར་པའི་ཚེ་ནི། ཆོས་ཀྱི་བདག་མེད་པའི་ལྟ་བ་ལ། ཐོས་པ་དང༌། བསམ་པའི་ཚུལ་གྱིས་སློབ་དགོས་པར་བསྟན་པ་ཡིན་ཏེ། འདིར་ནི། ཐེག་པ་ཐུན་མོང་གི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས། སྟོང་པ་ཉིད་ལ་འདྲེས་པར་བྱས་པའི་དུས་ཡིན་གྱི། མངོན་དུ་བྱ་བའི་དུས་མ་ཡིན་པར་འཆད་པའི་ཕྱིར་དང༌། དེ་ལ་ཡུན་རིང་དུ་མཉམ་པར་བཞག་ན། དེ་ལས་སློང་དགོས་པར་བཤད་པའི་ཕྱིར། དེ་ཡང༌། གྲངས་མེད་གསུམ་གྱི་སྤྱོད་པ་མ་རྫོགས་པ་དེ་སྲིད་ལ་དགོངས་པ་ཡིན་གྱི། སྟོང་པ་ཉིད་ལ་ཅུང་ཟད་ཙམ་ཡང་མཉམ་པར་མི་འཇོག་པ་ནི་མ་ཡིན་ཏེ། ས་བཅུའི་མཉམ་གཞག་ཏུ་ཤེས་སྒྲིབ་ཕྱོགས་རེ་བའི་གཉེན་པོ་བསྒོམ་དགོས་པའི་ཕྱིར། འོ་ན་ཅི། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་དག་ལ། སྟོང་པ་ཉིད་ཆེད་དུ་གཉེར་ནས་བསྒོམ་མི་སྒོམ་དང༌། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་སྤོང་མི་སྤོང་གི་ཁྱད་པར་ཡོད་པ་ཅི་ཞེ་ན། སངས་རྒྱས་ཀྱི་དངོས་པོ་དོན་དུ་གཉེར་མི་གཉེར་ལས་རབ་ཏུ་བྱེ་བ་མ་ཡིན་གྱི། བྱང་སེམས་དེ་དག་བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། བསྐལ་པ་གྲངས་མེད་གསུམ་གྱི་ཡུན་འགོར་མི་འགོར་གྱི་ཁྱད་པར་ལས་དང༌། བྱང་སེམས་དང་པོ་འཁོར་བར་འགྲུབ་བྱེད་ཀྱི་སྲེད་པ་དེ་བྱང་སེམས་ཕྱི་མས་དང་དུ་བླངས་པ་ན། འཁོར་བ་སྤོང་བྱེད་ཀྱི་ཐབས་སུ་འགྱུར་བ་ལ་དགོངས་སོ། །ལུང་དག་ལས་ཀྱང༌། བྱང་སེམས་དང་པོ་ལ་གཞོན་ནུའི་ས་པ་དང༌། ཕྱི་མ་ལ་བྱང་ཆུབ་སེམས་དཔའི་འདོད་ཆེན་པ་ཞེས་བཤད་དོ། །གལ་ཏེ། བདེན་པ་བཞིའི་ཆོས་འཁོར་གྱི་ཚེ། ལྟ་བ་གང་ཟག་གི་བདག་མེད་པ་དང༌། སྤྱོད་པ་ཐུན་མོང་གི་འདུལ་བ་དང༌། སྒོམ་པ་བྱང་ཕྱོགས་སོ་བདུན་ལ་སློབ་པའི་ཚུལ། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། སྤྱོད་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སློབ་པ་ལ་ནི། ཁྱད་པར་མང་པོ་དག་ཡོད་པར་འཆད་མི་ནུས་ལ། ལྟ་སྒོམ་ལ་ནི། ཉན་ཐོས་སྡེ་པའི་འདོད་པས། བྱང་ཆུབ་སེམས་དཔའ་ངེས་གནས་ཀྱི་མིང་ཅན་ནས་བཟུང་སྟེ། ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་པ་གྲངས་མེད་གསུམ་གྱིས་ཚོགས་རྫོགས་པར་བྱས་ནས། དྲོད་ནས་བཟུང་སྟེ། སངས་རྒྱས་ཀྱི་བར་ན། སྟན་ཐོག་གཅིག་ལ་ལྟ་སྒོམ་གཉིས་ཀ་མངོན་དུ་བྱེད་པར་འདོད་དོ། །ཐེག་ཆེན་ལས་ནི། གང་ཟག་གི་བདག་མེད་ཤེས་ནས། མངོན་དུ་བྱ་བ་མ་ཡིན་པའི་བཤད་པ་དག་ཡོད་མོད། ཉན་ཐོས་རྒྱུན་དུ་ཞུགས་པ་ནས། དགྲ་བཅོམ་པའི་བར་གྱི་སྤངས་པ་ཇི་སྙེད་པ། བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ནས་སམ། སངས་རྒྱས་ཀྱི་སར་རྫོགས་པ་ཉིད་དུ་འདོད་པའི་གྲུབ་མཐའ་སོ་སོ་བ་དེའི་ཚེ། ཆོས་ཀྱི་བདག་མེད་པའི་ལྟ་བ་རྐྱང་པའི་ཆ་ནས་སམ། རྟོགས་རིགས་གསུམ་པོ་སོ་སོའི་ལྡོག་ཆ་ནས། སྤངས་པ་དེ་རྫོགས་པར་བྱས་པ་ཡིན་ཞེས། རྣམ་པར་བརྟགས་པའི་ཚེ་ན། བོད་ཕྱི་མ་དག་ནི་ལུགས་གཉིས་པ་ལྟར་འདོད་ལ། ཁོ་བོ་ཅག་གི་གོང་མ་ནི་སྔ་མ་ལྟར་བཞེད་དོ། །ཆོས་འཁོར་བར་པའི་སྐབས་སུ། ཉན་རང་གཞིར་བྱས་ཀྱི་ལྟ་བའི་ཁྱད་པར་དང༌། བྱང་སེམས་གཞིར་བྱས་ཀྱི་ལྟ་བའི་ཁྱད་པར་ལ་བརྟག་དགོས་པ་གཉིས་ལས། དང་པོ་ལ། བྱམས་པའི་ཆོས་ཀྱི་དགོངས་པས། ཉན་རང་ལ་ཆོས་ཀྱི་བདག་མེད་པའི་ལྟ་བ་རང་དོན་དུ་གོམས་པར་བྱེད་པ་མེད་ཀྱང༌། གཞན་དོན་དུ་ཐོས་བསམ་གྱིས་ཤེས་པ་ནི། ཡོད་པར་འཆད་དགོས་པ་དང༌། བདག་མེད་དང་པོ་གཉིས་དང༌། དེ་སྟོན་པའི་མིང་ཚིག་གི་ཚོགས་ལ་ཡང༌། ཤེར་ཕྱིན་གྱི་མིང་གིས་བསྟན་པར་བཞེད་དོ། །སློབ་དཔོན་ཟླ་བ་གྲགས་པ་ནི། ཉན་རང་གི་འཕགས་པས། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་དགོས་པའི་ཤེས་བྱེད་ནི། གང་ཟག་གི་གདགས་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་རང་སྟོང་དུ་མཐའ་མ་དཔྱད་ན། དེ་ལ་བཏགས་པའི་གང་ཟག་མེད་པར་ཤེས་མི་ནུས་པས་ན། ཉན་རང་ལ་ཆོས་ཀྱི་བདག་མེད་བསྡུས་པ་ཙམ་རྟོགས་པ་དང༌། རྟོགས་ནས་བསྒོམ་པ་གཉིས་ཀ་ཡོད་པར་བཞེད་ལ། དེའི་ཚེ་རྒྱས་བསྡུས་ཀྱི་ཁྱད་པར་ཡང༌། ཁོ་བོ་ཅག་གི་གོང་མ་ནི། སྤྲོས་པའི་ཕྱོགས་གཅིག་བཀག་པ་དང༌། མཐའ་དག་བཀག་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བར་བཞེད་ལ། བོད་ཕྱི་མ་ནི། ཆོས་དང་གང་ཟག་གི་དབྱེ་བ་གང་ཡིན་ཀྱང་རུང༌། ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་བྱ་བ་ཅིག་ངོས་བཟུང་ནས། དེ་བཀག་པའི་མེད་པར་དགག་པ་གཅིག་པུ་སྒྲུབ་བྱེད་དང༌། དགག་བྱ་འགོག་བྱེད་ཀྱི་རིགས་པ་རྒྱས་བསྡུས་ལ་འབྱེད་པ་ཡིན་གྱི་གང་ཟག་དང༌། ཆོས་ཀྱི་བདག་མེད་པ་ཡང་བཀག་ན། དེ་དག་ཡོད་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་ཞེས་འདོད་དོ། །བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་ལ་ནི། དངོས་བསྟན་ཐོས་བསམ་གྱིས་བསྡུས་པ་དང༌། སྒོམ་དོན་འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་བསྡུས་པ་གཉིས་ལས། དང་པོ་ལ། ཡུལ་མེད་པར་དགག་པའི་ཆ་དང༌། ཡུལ་ཅན་ཤེས་རབ་རྟོག་པའི་ངོ་བོར་གྱུར་པ་དག་ལས། ཡུལ་གྱི་ཆ་དེ་ནི་གནས་སྐབས་སུ་དོན་དམ་པའི་བདེན་པར་མིང་གིས་བཏགས་ཀྱང༌། མཐར་ནི་བློའི་ཡུལ་ལས་མ་འདས་པའི་ཕྱིར། དོན་དམ་པའི་བདེན་པར་མི་བཞག་ལ། ཡུལ་ཅན་ཐོས་བསམ་འཇིག་རྟེན་པའི་སྒོམ་བྱུང་དང་བཅས་པའི་ཤེས་རབ་ཀུན་ཀྱང༌། སྒྲ་དོན་འཛིན་པའི་རྟོག་པ་དང་བཅས་པའི་ཕྱིར། དོན་དམ་རྟོགས་པའི་ལྟ་བ་མཚན་ཉིད་པར་མི་བཞེད་པ་ནི། ཤེར་ཕྱིན་གྱི་མདོའི་དངོས་བསྟན་དང༌། ཐལ་རང་པའི་སློབ་དཔོན་རྣམས་ཀྱི་བཞེད་པ་མ་ནོར་བའོ། །དེ་ལྟར་འཕགས་པའི་མཉམ་གཞག་གི་དུས་སུ། རྟོགས་རྒྱུ་ཅི་ཡང་མ་བྱུང་བ་ལ་ལྟ་བའི་ཐ་སྙད་དུ་བྱས་པ་དེས་ནི། རྗེས་ཐོབ་ཏུ་གྲངས་མེད་གསུམ་པའི་བསོད་ནམས་ཀྱི་ཚོགས་དང་སྦྲེལ་བས། ཀུན་ཏུ་འོད་ཀྱི་ས་མཐར་ཕྱིན་པར་བྱེད་ལ། ལྟ་བ་དེ་འདྲ་དེའི་ངོས་འཛིན་དང༌། རྟོགས་པའི་ངོས་འཛིན་དང་རྟོགས་པའི་ཤེས་པས། ཡུལ་དུ་བྱེད་ཚུལ་ཙམ་ཞིག སྒྲོ་འདོགས་གཅོད་བྱེད་ཀྱི་རིགས་པ་འཆད་པའི་ཚེ། རྡོ་རྗེ་ཐེག་པར་ཡང་གསུངས་མོད། མཉམ་གཞག་ཏུ་ལམ་རིམ་པ་གཉིས་ཉམས་སུ་ལེན་པའི་ཚེ། ལྟ་བ་དེ་དང་ཟུང་དུ་སྦྲེལ་བའི་ཚུལ་ཡོད་པར་མི་འཆད་པ་ནི། ཁོ་བོ་ཅག་གི་གོང་མའི་བཞེད་པ་ཡིན་ལ། དེ་ལས་གཞན་དུ་འཆད་པ་ནི། ཕྱི་རབས་པ་དག་གི་འདོད་པའོ། །གཉིས་པ། ཤེར་མདོའི་དགོངས་དོན། འཇིག་རྟེན་ལས་འདས་པའི་མཉམ་གཞག་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བྱ་དངོས་དང༌། དེའི་ཡུལ་ཅན་སོ་སོ་རང་གིས་རིག་པའི་ཡེ་ཤེས་མཚན་ཉིད་པ་དང་བཅས་པ་ནི། མདོ་སྡེ་དགོངས་འགྲེལ་དུ། ཆོས་ཀྱི་འཁོར་ལོ་གསུམ་པར་མཚན་གསོལ་བ་དེའི་ནང་ནས་འབྱུང་བ་ཡིན་ཏེ། དོན་དམ་རྣམ་པར་ངེས་པའི་ལེའུའི་ལུང་གཏན་ལ་དབབ་པ་བསྡུ་བར་དྲངས་པ་དེ་ཉིད་དོ། །འདི་ནས་འབྱུང་བའི་ལྟ་སྒོམ་གྱི་རྣམ་པར་བཞག་པ་ནི། རྡོ་རྗེ་ཐེག་པའི་ལམ་སྲོལ་ལ་ཤིན་ཏུ་འགྲིག་པ་ཡིན་ཏེ། ལམ་རིམ་པ་གཉིས་ཀྱི་རྣམ་པར་བཞག་པ་མཐའ་དག་ནི། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ལས་འགྲུབ་དགོས་པའི་ཕྱིར། ཞེས་བྱ་བ་འདི་ཙམ་ཞིག་གོང་མ་དག་གི་བཞེད་པ་ཡིན་ལ། དགོངས་འགྲེལ་གྱི་ལྟ་བའི་ངོས་འཛིན་གཞན་དུ་དྲངས་ནས། སེམས་ཙམ་པའི་ལུགས་སོ། །ཞེས་འཆད་པ་ནི། བོད་ཕྱི་མའི་ལུགས་སོ། །མཁས་པ་གཞན་དག་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། སྔགས་ལུགས་ཀྱི་དོན་དམ་བདེན་པར་བཞེད་བཞིན་དུ། དེ་ལྟར་འདོད་པ་སེམས་ཙམ་པའི་ལུགས་ཡིན་ཞེས། ལུང་གི་སྙེ་མར་བྲིས་པ་ནི། སྔ་རྟིང་གི་གྲུབ་མཐའ་གཏིང་མ་ཚུགས་པ་དང༌། མཁས་པ་སྔ་མ་དག་ལ་ཟུར་ཟ་བ་ལས། དགོས་པ་གཞན་མེད་དོ། །ཡང་གཞན་དག་གསང་བ་འདུས་པའི་སེམས་ཀྱི་རྡོ་རྗེ་དང༌། འོད་གསལ་མེད་དགག་ལ་ངོས་བཟུང་ནས། དགྱེས་པ་རྡོ་རྗེ་རྒྱུད་གསུམ་མན་ངག་དང་བཅས་པར། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དོན་དམ་པའི་བདེན་པར་བཤད་པས་ན། གྲུབ་མཐའ་སེམས་ཙམ་པའོ། །ཞེས་ཟེར་བ་ནི། རྗེ་བཙུན་གོང་མ་དག་ལ་བརྙས་པར་བྱེད་པའམ། གསང་བ་འདུས་པ་འཕགས་ལུགས་ཇི་སྙེད་པ། དབུ་མ་ཐལ་འགྱུར་བའི་ལུགས་ཡིན་ངོ་ཤེས་པ་དེར་བཀྲལ་བས་ན། སྔགས་ལུགས་ལ་ཡང༌། སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པ་དང༌། ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ངོས་འཛིན། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་བྱེད་དགོས་པའི་གྲུབ་མཐའ་གསར་དུ་བྱུང་ངོ༌། །གལ་ཏེ་འོ་ན། དགོངས་འགྲེལ་ནས་བཤད་པའི་ཆོས་འཁོར་གསུམ་པ། བར་པ་མཚན་ཉིད་མེད་པའི་འཁོར་དུ་བསྡུས་ནས། ཆོས་འཁོར་གསུམ་པའི་མཚན་གཞི། རྡོ་རྗེ་ཐེག་པ་ལ་ངོས་འཛིན་པ་འདིའི་རྒྱུ་མཚན་དང་དགོས་པ་ཅི་ཞེ་ན། འདི་ལ་གསུམ་ཏེ། དེ་དེར་བསྡུས་པའི་དང༌། འཁོར་ལོ་གསུམ་པའི་རྣམ་གཞག་གནས་ཡང་དེ་དང་འདྲ་བའི་ངང༌། སྔགས་ཀྱི་ཐེག་པ་དེ་ཆོས་འཁོར་གསུམ་པར་བཤད་པའི་རྒྱུ་མཚན་དང་དགོས་པ་རྣམས་སོ། །དང་པོ་ནི། མདོ་སྡེ་དགོངས་འགྲེལ་དེ་ནི་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་འགྲེལ་ཡིན་པ་ལས་དང༌། ཤེར་ཕྱིན་གྱི་མདོར། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་བཤད་པ་གང་ཡིན་པ་དེ། དགོངས་འགྲེལ་དུ་བསྒོམ་པས་ཉམས་སུ་མྱོང་བྱའི་ངེས་དོན་མཐར་ཐུག་དུ་བསྟན་པའི་རྒྱུ་མཚན་གྱིས་དང༌། དགོས་པ་ཡང་ཤེར་ཕྱིན་གྱི་མདོའི་བསྟན་བྱའི་གཙོ་བོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་ལྟ་བ་དང༌། འཕགས་པའི་ཡེ་ཤེས་ཀྱི་བསྒོམ་པས། ཉམས་སུ་མྱོང་བྱ་དག་སོ་སོར་ངེས་པར་བྱས་པའི་འོག་ཏུ། རྡོ་རྗེ་ཐེག་པ་ལ་འཇུག་པ་བདེ་བའི་ཕྱིར་དུ་དགོངས་སོ། །གཉིས་པ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར། བདེ་གཤེགས་སྙིང་པོ་བསྟན་བྱའི་གཙོ་བོར་སྟོན་པའི་མདོ་རྣམས། འཁོར་ལོ་གསུམ་པར་བཤད་པ་ལ། འདིར་འཁོར་ལོ་གསུམ་པ་ལ་ལྟོས་པའི་བར་པར་འཇོག་པའི་རྒྱུ་མཚན་ནི། མཚན་ཉིད་མེད་པའི་ཆོས་འཁོར་གྱི་འོག་ཏུ་སྟོན་དགོས་པས། ཕ་རོལ་ཏུ་ཕྱིན་པས་འཁོར་ལོ་གསུམ་པར་འཆད་ཀྱང༌། གསང་སྔགས་ཀྱི་བསྟན་བྱའི་གཙོ་བོ་རྒྱུའི་རྒྱུད། ཅེས་པ་དེ་ངོས་ཟིན་པ་ལ། བདེ་བར་གཤེགས་པའི་སྙིང་པོ་ངོས་ཟིན་པ་སྔོན་དུ་འགྲོ་དགོས་པ་ལས་ཏེ། དགོས་པ་ཡང་དེ་ཉིད་དོ། །སྙིང་པོའི་མདོ་དང༌། ཤེར་ཕྱིན་གྱི་མདོ་རྣམས་འཁོར་ལོ་གཅིག་ཏུ་བསྡུས་པས་ཆོག་པ་ཡང་ཡིན་ཏེ། ངེས་དོན་གྱི་མཐར་ཐུག་གཅིག་པའི་ཕྱིར། ཤེར་མདོ་ནི། གཤེགས་སྙིང་སྟོན་པའི་མདོའི་སྔོན་འགྲོ་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཏན་ལ་མ་ཕབ་པར་སྙིང་པོ་བསྟན་ན། མུ་སྟེགས་ཀྱིས་བཏགས་པའི་བདག་ཏུ་དོགས་པ་སྐྱེ་སྲིད་པའི་ཕྱིར། དཔེར་ན་འདུས་པའི་ནད་ལ་སྨན་གཏོང་བའི་གོ་རིམ་ཤེས་དགོས་པ་བཞིན་ནོ། །ཞེས་མདོ་སྡེ་མྱང་འདས་ལས་འབྱུང་ངོ༌། །སྤྱིར། སྙིང་པོའི་ངོས་འཛིན་ལ་གསུམ་བྱུང་སྟེ། མདོའི་དངོས་བསྟན་སྟོབས་སོགས་ཡོན་ཏན་དང་བཅས་པའི་སངས་རྒྱས་དངོས་སུ་འཆད་པ་དང༌། ཡོན་ཏན་དང་མི་ལྡན་པའི་ཆོས་དབྱིངས་ཡེ་ཤེས་ལ་འཆད་པ་དང༌། སྤྲོས་བྲལ་མེད་དགག་གི་ཆ་ལ་འཆད་པ་དང་གསུམ་བྱུང་མོད། བར་པ་ཉིད་ཐེག་པ་ཆེན་པོའི་མདོ་མཐའ་དག་གི་ངེས་དོན་མཐར་ཐུག་དང༌། དྲི་མ་སྦྱོང་བའི་གནས་སམ། སྦྱང་གཞི་དང༌། རྒྱུའི་རྒྱུད་དང༌། དོན་དམ་པའི་སེམས་ཅན་དང༌། རང་བཞིན་དུ་གནས་པའི་རིགས་ཞེས་བྱ་བར་གསུངས་སོ། །དེ་ལྟ་ན་ཡང༌། སྙིང་པོ་མཚན་ཉིད་པ་གང་ལ་ངོས་འཛིན་ཞེས་དཔྱོད་པ་ནི། སྔ་རབས་ཀྱི་ཆེན་པོ་དག་སོ་སོའི་བཞེད་པ་ཐ་དད་དུ་སོང་ལ། གཟུར་གནས་སུ་ཁས་ལེན་པ་དག་ན་རེ། སངས་རྒྱས་དངོས་སུ་འདོད་པ་གསང་སྔགས་ཀྱི་ལུགས། རང་བཞིན་རྣམ་དག་གི་ཡེ་ཤེས་ལ་འདོད་པ། ཕྱག་ཆེན་པའི་ལུགས། སྟོང་ཉིད་མེད་དགག་ལ་འཆད་པ། དབུ་མ་རིགས་ཚོགས་པའི་ལུགས་ཞེས་གསུང་ངོ༌། །དེ་ལྟར་ངེས་དོན་གྱི་བསྟན་པ་ཡོངས་རྫོགས་ཀྱི་དབང་དུ་བྱས་ནས། རྡོ་རྗེའི་ཐེག་པ་ཆོས་འཁོར་གསུམ་པར་འཆད་པ་ནི། རྩ་བའི་རྒྱུད་བརྟགས་པ་གཉིས་དང༌། ཨརྻ་དེ་བས་སྤྱོད་པ་བསྡུས་པའི་སྒྲོན་མ་དང༌། རྣལ་འབྱོར་དབང་ཕྱུག་གི རྡོ་རྗེའི་ཚིག་རྐང་ལས་འབྱུང་བ་དག་ལ་རྣམ་པར་བརྟགས་པས། རང་བཟོ་ཉིད་དུ་བསམ་པར་མི་བྱ་ལ། དེའི་ཚེ། རྣལ་འབྱོར་སྤྱོད་པ་དང་ངོ་བོ་ཉིད་མེད་པ་དག་ལ་སྔ་ཕྱིར་འཆད་པའི་གོ་རིམ་མི་འདྲ་བ་ནི། ཕར་ཕྱིན་པས་སྒྲོ་འདོགས་གཅོད་བྱེད་ཀྱི་དབུ་མ། སྔར་དྲང་དོན་ཉིད་དུ་བསྟན་ནས། སྒོམ་པས་ཉམས་སུ་མྱོང་བྱའི་དབུ་མ། ངེས་དོན་ཉིད་དུ་འཆད་པའི་རིམ་པ་ལ་དགོངས་ནས། ཆོས་འཁོར་གསུམ་དུ་འབྱེད་པ་དང༌། གོ་རིམ་ཀྱང་དེ་ལྟར་བྱུང་ངོ༌། །གསང་སྔགས་བླ་མེད་པས་ནི། མཉམ་གཞག་གིས་ཉམས་སུ་བླངས་པའི་ཡེ་ཤེས་དེ་ལ། བདག་དང་བདེན་པ་ལ་སོགས་པར་ཞེན་པ་སྤངས་པའི་ཕྱིར་དུ། མཉམ་གཞག་ལས་ལངས་པའི་རྗེས་ཀྱི་ཚེ། སྒྲོ་འདོགས་སེལ་བྱེད་ཀྱི་རིགས་པ་རྣམས་འཆད་དགོས་པ་ལ་དགོངས་ནས། དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས། གོ་རིམ་དེ་ལྟར་གསུངས་པ་ཡིན་ཏེ། དྲི་མེད་འོད་དུ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། ཞེས་སོགས་གསུངས་པ་བཞིན་དང༌། འཁོར་འདས་དབྱེར་མེད་ཀྱི་འགྲེལ་པར། སྒྱུ་མ་རང་བཞིན་མེད་པར་བསྒྲུབ་པའི་རིགས་པ་རྣམས་རྗེས་ཐོབ་ཀྱི་ཚེ་གསུངས་པ་དང༌། མན་ངག་པ་ཕལ་ཆེ་བ་རྣམས་ཀྱང༌། སྒོམ་དངོས་གཞིའི་རྗེས་ལ་ངོ་སྤྲོད་འཆད་པ་ཡང༌། གོ་རིམ་འདི་དང་མཐུན་ནོ། །འོ་ན་རྡོ་རྗེའི་ཐེག་པ་ཆོས་འཁོར་གསུམ་པར་འཆད་པ། ལམ་རིམ་གྱིས་པའི་ཚེ་ཐུན་མོང་གི་ལམ་གང་ནས། སྔགས་ཀྱི་ལམ་གང་དུ་འཇུག་ཅེ་ན། གང་ནས་འཇུག་པ་ནི་ས་བཅུ་པའི་བར་དུ་ངེས་གཟུང་མི་ནུས་ལ། གང་དུ་འཇུག་པ་ནི། རྒྱུད་སྡེ་བཞི་པོ་གང་དུ་འཇུག་ཀྱང༌། ཐོག་མར་ཚོགས་ལམ་ནས་འཇུག་དགོས་ཏེ། དབང་མ་བསྐུར་བར་ནི། གསང་སྔགས་ཀྱི་ཆོས་གང་དུ་ཡང་མི་འཇུག་ལ། བསྐུར་བ་ལ་ནི། སྟ་གོན་སོགས་ཀྱི་ཆོས་རྣམས་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ནས་གཟུང་སྟེ། ཇི་སྲིད་དཔེའི་ཡེ་ཤེས་མ་སྐྱེས་པ་དེ་སྲིད་དུ་ནི། ཚོགས་ལམ་དུ་འཇུག་ལ། དོན་གྱི་ཡེ་ཤེས་སྐྱེས་ནས་ནི། སྔགས་ཀྱི་མཐོང་ལམ་ལ་སོགས་པ་རིམ་པ་བཞིན་ནོ། །བརྟགས་པ་མཐར་གཟུང་བའི་ཚུལ་གྱིས། ཕར་ཕྱིན་པའི་ས་དང་པོ་ནས་བཅུ་པའི་བར། མངོན་དུ་བྱས་ཟིན་པ་གཅིག ཐོག་མར་སྔགས་ཀྱི་ཚོགས་ལམ་དུ་ཞུགས་མོད། ས་དང་ལམ་གྱི་རྣམ་གཞག་རིམ་ཅན་པ་དེ་དག་འཆད་དཀའ་བ་མ་ཡིན་ནམ། ཞེ་ན། མིན་ཏེ། ཕར་ཕྱིན་པ་ལ་མེད་པའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས། གནས་དང་ཉེ་བའི་གནས་སོགས་ཀྱི་མིང་གིས་མཚོན་པ་དེ་དག་རིམ་ཅན་དུ་སྐྱེ་དགོས་པའི་ཕྱིར། འདི་ཡང་འདོད་པ་ཁམས་ཀྱི་མིའི་ལུས་རྟེན་ལ་ཡིན་གྱི། ཁམས་གོང་མ་དང༌། བདེ་བ་ཅན་ལྟ་བུ། དག་པའི་ཞིང་གི་རྟེན་ལ་ནི་མ་ཡིན་ཏེ། རྟེན་དེ་ལ་བླ་མེད་ཐེག་པའི་ཉེ་རྒྱུས་མཚམས་སྦྱོར་བའི་མཐུན་རྐྱེན་མ་ཚང་བའི་ཕྱིར། དེ་བཞིན་དུ་ཉན་རང་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་དང༌། ས་བརྒྱད་པ་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་ཉིད་དུ་འཆད་པའི་ལུགས་དང༌། ཡང་ཁ་ཅིག བཅུ་གཅིག་ཀུན་ཏུ་འོད་ནས་ཀྱང༌། ཉེ་རྒྱུས་མཚམས་སྦྱོར་འདོད་པ་སོགས་ཤིན་ཏུ་གྲགས་ཆེ་ཡང༌། བརྟག་པར་དཀའ་བ་ཡིན་ཏེ། ཟུང་འཇུག་བདེ་བ་ཆེན་པོའི་དངོས་ཀྱི་རྟེན། ཁམས་ཞུ་བ་དང༌། དེ་མ་ཐག་པའི་རྐྱེན་ཉོན་མོངས་མཚན་ཉིད་པ་མི་དགོས་ན་ནི། ཐབས་མཁས་ཀྱི་ཁྱད་པར་དུ་མ་སོང་ལ། དགོས་ན་ནི་ལུས་རྟེན་སྔ་མ་དེ་དག་ལ་ཡོད་པ་མ་ཡིན་ནོ། །འོ་ན། འཛམ་བུ་གླིང་པའི་མིའི་རྟེན་ལ་ཡང༌། དགེ་སློང་ཉིད་གསང་སྔགས་ཀྱི་ལུས་རྟེན་བཟང་ཤོས་སུ་བཤད་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྲིད་དྲོད་ཆེན་པོ་མ་ཐོབ་པ་དེ་སྲིད་དུ་ནི། ཉེ་རྒྱུས་མཚམས་སྦྱོར་བར་མི་བྱེད་ལ། དེ་ཐོབ་ནས་ནི། རྐྱེན་དེས་མཐོང་བའི་ལམ་མངོན་དུ་བྱས་པའི་ཕྱིར། དགེ་སློང་གི་དངོས་པོ་ལས་ཉམས་པ་མེད་དོ། །འདིར། མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པ། ལས་རྒྱ་ལ་ངེས་པར་ལྟོས་པ། ཕྱི་རབས་པའི་ལུགས་དང༌། མི་ལྟོས་པ། སྔ་རབས་པ་གཞན་གྱི་ལུགས་དང་གཉིས་བྱུང་སྟེ། མི་ལྟོས་པར་བཞེད་པའི་ཕྱོགས་ལ་ཡང༌། རྟེན་ནི། འཛམ་བུ་གླིང་པའི་མིའི་ལུས་ཁམས་དྲུག་ལྡན། མཛེ་ནད་དང་གུ་དིག་ལ་སོགས་པའི་ཉེས་སྐྱོན་དང་བྲལ་བ་དགོས་ཀྱི་གཞན་དུ་ནི་མ་ཡིན་ནོ། །འདིར། རྟེན་དེ་ཉིད་ལ་སྔགས་ལམ་གྱིས་མངོན་དུ་བྱས་པའི་སངས་རྒྱས་དང༌། ཕར་ཕྱིན་རྐྱང་པའི་ཐབས་ཤེས་ཀྱིས་མངོན་དུ་བྱས་པའི་སངས་རྒྱས་དག་གི་ཁྱད་པར་ནི། དཔལ་ཁ་སྦྱོར་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་དག་ནི། དེ་བཞིན་གཤེགས་པ་སྟེ། མཚན་གཞི་མཚོན་པར་བྱེད་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་པ་ལ་བརྟེན་ནས། རྗེ་བཙུན་ས་སྐྱ་པ་ནི། ཇི་སྐད་དུ། རྒྱུ་ལ་ཁྱད་པར་ཡོད་ན། འབྲས་བུ་ལ་ཁྱད་པར་འབྱུང་སྟེ། ཀོ་ཊ་པ་དང་སཱ་ལུ་བཞིན་ནོ། །ཞེས་བཞེད་ལ། རྗེ་བླ་མ་གཞན་དག་ནི། སྤངས་རྟོགས་ལ་ཁྱད་པར་མེད་ཀྱང༌། ཡོན་ཏན་གྱི་ཁྱད་པར་མང་པོས་འབྱེད་དོ། །ཞེས་གསུངས། འདིར་བརྟག་པ་ནི། སངས་རྒྱས་གཉིས་ལ་ཁྱད་པར་གསུངས་པ་དེ་ཡང༌། མིའི་ལུས་རྟེན་དུ་མཚུངས་པའི་དབང་དུ་མཛད་ཀྱི། དེ་ལས་གཞན་པའི་ཁམས་དང༌། ས་པ་ལ་ནི་རྡོ་རྗེ་ཐེག་པའི་རྟེན་དུ་མི་རུང་ལ། འགའ་ཞིག་ནི་དེར་རུང་ཀྱང༌། ཉོན་མོངས་པའི་བག་ཆགས་མ་ལུས་པར་སྤངས་ཟིན་པ་དག་ལ། རྒྱུའི་ཁྱད་པར་འབྱུང་མི་འབྱུང་གཉིས་སུ་དབྱེ་བ་མེད་དོ། །མིའི་ལུས་རྟེན་གཅིག་པུ་དེ་ལ་ནི། སྙིང་པོ་བདེ་ཆེན་ཡེ་ཤེས་ཡོད་མེད་ཀྱི་ཁྱད་པར། སྤང་བྱ་བདེ་ཆེན་གྱི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་ཤེས་སྒྲིབ་ངོས་འཛིན་མི་འཛིན་གྱི་ཁྱད་པར། རྟོགས་བྱ་སྟོང་ཉིད་ལ་རང་མཚན་དང་སྤྱི་མཚན་གྱི་ཁྱད་པར། འབྲས་བུ་སངས་རྒྱས་ལ། ལོངས་སྐུ་དང་སྤྲུལ་སྐུ་ཡན་ལག་བདུན་ལྡན་གྱི་རྣམ་པར་སྟོན་མི་སྟོན་གྱི་ཁྱད་པར། རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པ་དུས་རིང་ཐུང་གི་ཁྱད་པར་འབྱུང་བར་འཆད་དོ། །མིའི་རྟེན་ཅན་གྱི་བྱང་སེམས་ས་བཅུ་པ་བ་གཞན་དོན་གྱི་གྲོགས་སུ་གྱུར་པའི་ཉོན་མོངས་ཆེད་དུ་གཉེར་ནས་མ་སྤངས་པ་ཞིག སྔགས་བླ་མེད་དུ་འཇུག་པ་དེའི་ཚེ། དབང་བསྐུར་སྔོན་དུ་འགྲོ་བ་ཅན་གྱི་ཚོགས་ལམ་ནས། གནས་དང་ཉེ་བའི་གནས་སོགས་ཀྱིས་མཚོན་པའི། ས་བཅུའི་ཡོན་ཏན་གྱི་ཁྱད་པར་རྣམས། རང་གིས་སྔར་ཐོབ་ཟིན་པའི་ས་རྣམས་ཀྱི་ཁྱད་པར་དུ་བསྣན་ནས། མངོན་དུ་བྱེད་པ་དེ་ལ་ནི། དཔེ་མེད་པ་དང་ཡེ་ཤེས་ཆེན་པོའི་ས་ཞེས་བྱ་བ། དེ་ནས་ནི། སྔགས་སུ་རྡོ་རྗེ་འཛིན་པའི་ས་ཞེས་དང༌། ཕར་ཕྱིན་དུ་ཀུན་ཏུ་འོད་ཀྱི་ས་ཞེས་མཚན་བཏགས་པ་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཉིད་ཡིན་གྱི། གནས་ཚོད་ལ་སོ་སོར་མི་དབྱེ་མོད། རྒྱུ་ཐ་དད་པ་སྔོན་སོང་གི་ཁྱད་པར་ལས། རྡོ་རྗེའི་ས་ཞེས་པའི་མིང་གིས་འདོགས་མི་འདོགས་དང༌། ཐོག་མ་ཁོ་ནར་ལོངས་སྐུའི་རྣམ་རོལ་གྱིས་སངས་རྒྱས་པ་ཡིན་མིན་གྱི་ཁྱད་པར། སངས་རྒྱས་དེ་ལ་རྡོ་རྗེ་སེམས་དཔའི་མཚན་འདོགས་མི་འདོགས་ཀྱི་ཁྱད་པར་རྣམས་འབྱུང་ངོ༌། །འོ་ན། རྟོགས་བྱའི་སྟོང་ཉིད་ཀྱང་དོན་གཅིག་པ་མིན་ནམ་ཞེ་ན། མདོ་སྔགས་གཉིས་ཀ་ལས། སྟོང་པ་ཉིད་ལ་རྟོགས་བྱ་ཡིན་མིན་གཉིས་སུ་ཕྱེ་ནས། རྟོགས་བྱ་ནི། སྔགས་དང་ཕར་ཕྱིན་པའི་ཆོས་འཁོར་གསུམ་པ་དག་ལས། སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་བཤད་པས། དོན་གཅིག་ལ། རྟོགས་བྱ་མ་ཡིན་པ་ནི། མདོ་སྔགས་གཉིས་ཀ་ལས་ཀྱང༌། ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་དེ། དབུ་མ་ཐལ་རང་པ་དག་ནི། འདི་ལས་གཞན་པའི་སྟོང་ཉིད་ཀྱི་ངོས་འཛིན་མི་བཞེད་ལ། དེ་ཡང་དེ་དག་གི་གཞུང་འགྲེལ་དུ་ནི། རྟོགས་བྱ་མ་ཡིན་པར་བཤད། དེའི་རྗེས་འབྲང་བོད་ཕྱི་མ་དག་ལ་ནི། རྟོགས་བྱ་དངོས་སུ་འཆད་པ་ལ་ཐེ་ཚོམ་ཙམ་ཡང་མ་མཆིས་སོ། །སྐབས་འདིར་བོད་ཕྱི་མ་དག རྡོ་རྗེ་ཐེག་པར་འཇུག་པ་ལ། ཐེག་པ་ཐུན་མོང་གི་ལམ་ལ་ལེགས་པར་སྦྱངས་པ་ཞིག་སྔོན་དུ་འགྲོ་དགོས་པ་དང༌། དེ་ལས་ཀྱང་ཁྱད་པར་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་ལ། ཕུ་ཐག་ཆོད་པར་སྦྱངས་པ་ཞིག་སྔོན་དུ་འགྲོ་དགོས། ཞེས་འཆད་ལ་དེ་ལྟར་འཆད་པ་པོ་ལ་སྡང་སྨྲས་བྱེད་པ་དག་ཀྱང༌། དེའི་རྗེས་ཟློས་དབྱངས་སུ་ལེན་པ་ལ་འཕྱོར་ཆས་སུ་བྱེད་པ་དག་སྣང་ངོ༌། །དེའི་བརྟག་པར་བྱ་བ་ལ་གཉིས་ཏེ། ཐབས་ཀྱི་ཁྱད་པར་ལ་སྦྱངས་པ་སྔོན་དུ་བཏང་བ་མེད་མི་རུང་དུ་མི་དགོས་པ་དང༌། ལྟ་བ་ལ་ཕུ་ཐག་ཆོད་པའི་སྔོན་འགྲོ་མེད་མི་རུང་དུ་མི་དགོས་པའོ། །དང་པོ་ནི། དེ་ལ་དེར་སྦྱངས་པ་སྔོན་དུ་སོང་བས་གནོད་པ་མི་སྐྱེལ་ཡང༌། མེད་མི་རུང་དུ་དགོས་པ་མ་ཡིན་ཏེ། སྔགས་ལམ་གྱི་ཐོག་མ་སློབ་མ་རྗེས་འཛིན་གྱི་ཚེ་ཉིད་ནས། ཐེག་པ་ཐུན་མོང་གི་ལམ་གྱི་ཆ་མཐའ་དག་ལ་སྦྱངས་པ་སྔོན་དུ་གཏོང་དགོས་པའི་ཕྱིར། འོན་ཀྱང༌། དེ་ལྟར་སྦྱངས་པ་སྔོན་སོང་ཞིག སྔགས་ལ་དོན་གཉེར་གྱི་ལྷག་བསམ་སྐྱེས་པའི་མཁས་པ་ལ་ནི། སློབ་མ་རྗེས་འཛིན་གྱི་ཆོ་ག་ལོགས་སུ་བྱ་མི་དགོས་པ་ཙམ་ཞིག་ཡོན་ཏན་ནོ། །གཉིས་པ་ལ་གཉིས་ཏེ། སྤྱིར་ལྟ་བ་ལ་སྒྲོ་འདོགས་ཆོད་པ་སྔོན་དུ་སོང་ན། སྒྲོ་སྐུར་གྱི་མཐའ་སེལ་བ་ལ་ཕན་འདོགས་ཀྱང༌། གསང་སྔགས་ལ་འཇུག་པའི་ཡན་ལག་ཏུ་མེད་མི་རུང་མ་ཡིན་པར་བསྟན། སྤྱིར། ཐལ་འགྱུར་གྱི་ལྟ་བ་དང་བྱེ་བྲག་ཏུ་གཞན་གྱིས་བཤད་པའི་ལྟ་བ་དེ། གསང་སྔགས་ཀྱི་ཉམས་ལེན་ལ་གེགས་བྱེད་དུ་བསྟན་པའོ། །དང་པོ་ནི། སྔགས་ལ་མ་ཞུགས་གོང་དུ་དེ་ལྟར་སྦྱངས་པ་སྔོན་དུ་གཏོང་བ་མེད་མི་རུང་དུ་དགོས་པ་མ་ཡིན་ཏེ། གསང་སྔགས་ལ་ངེས་པར་དགོས་པའི་ཉམས་མྱོང་གི་ལྟ་བ་ནི། སྔགས་ལ་ཐོག་མར་འཇུག་པའི་སྒོ། དབང་དང་བྱིན་བརླབས་ཀྱིས་སྐྱེད་དགོས་པ་ཡིན་གྱི། ཐོས་བསམ་ལས་སྐྱེས་པའི་ཚད་མར་ཁས་ལེན་པ་དེ་ནི། རྟོག་པ་ཉིད་ལས་མ་འདས་པས། དུག་ཅན་དུ་གྱུར་པའི་ཕྱིར་དང༌། དབང་ལས་སྐྱེས་པའི་ལྟ་བ་ལ་སྒྲོ་སྐུར་སེལ་བྱེད་ཀྱི་ཐོས་བསམ་པའི་རིགས་པ་ཡང༌། ཇི་སྐད་དུ། ཕྱི་ནས་དེ་ཉིད་བཤད་པར་བྱ། །ཞེས། མཉམ་གཞག་གི་ལྟ་བ་ལས་བཞེངས་པའི་རྗེས་ཐོབ་ཀྱི་ཚེ་གཏན་ལ་འབེབས་དགོས་པར་བཤད་པའི་ཕྱིར། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བ་དཔེའི་ཡེ་ཤེས་ཙམ་ཡང་དབང་དང་བྱིན་བརླབས་ལས་བསྐྱེད་དགོས་ཀྱི། ཐོས་བསམ་ལས་མ་ཡིན་ཏེ། ཇི་སྐད་དུ། ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་དང༌། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། སྤྱིར་མི་འཐད་པ་དང༌། ཁྱད་པར་མི་འཐད་པའོ། །དང་པོ་ནི། རྩ་འཇུག་བཞི་གསུམ་ནས་བཤད་པའི་སྟོང་པ་ཉིད་ཀྱི་ངོས་འཛིན་མ་ནོར་བ་ནི། ཆོས་ཐམས་ཅད་རང་རང་ངོ་བོས་སྟོང་པའི་མེད་པར་དགག་པ་ཞིག་ཏུ་བཤད་ལ། དེ་རྟོགས་བྱེད་ཀྱི་མངོན་སུམ་ནི་མི་སྲིད་ཅིང༌། ཐ་སྙད་ཀྱི་ཚེ། རྟོགས་བྱེད་དུ་བཏགས་པ་དེ་ཡང༌། ཐོས་བསམ་དང་འཇིག་རྟེན་པའི་སྒོམ་བྱུང་ལས་མ་འདས་པས་ན། རྟོག་པ་ཉིད་ཀྱི་ཕྱིར་ལམ་རིམ་པ་གཉིས་ཀྱི་དངོས་གཞིར་མེད་མི་རུང་མ་ཡིན་པ་ལྟ་ཅི་སྨོས། སྔོན་འགྲོ་ཡེ་ཤེས་ཚོགས་གསོག་དང༌། འཇུག་ལྷའི་རྣལ་འབྱོར་བསྡུས་པའི་མཉམ་གཞག་གི་ཡུལ་དུ། རང་སྟོང་ཉིད་འཇོག་པ་མ་ཡིན་ཏེ། དེ་དུས་ཀྱི་སྟོང་པ་ཉིད་ཀྱི་ངོས་འཛིན་རང་བཞིན་ལྷན་སྐྱེས་ལ་བཤད་པའི་ཕྱིར། གཉིས་པ་ནི། བོད་ཕྱི་མས་བརྟགས་པའི་བདག་མེད་ཀྱི་ངོས་འཛིན་དུ། སྤྲོས་པའི་ཚོགས་མཐའ་དག་མི་འགོག་པས། འགོག་དགོས་ཀྱི་སྤྲོས་པ་མི་ཁེགས་པ་དང༌། བྱེ་བྲག་ཏུ་འཇིག་ལྟ་ལྷན་སྐྱེས་ཀྱི་གཟུང་བྱ་ཕྱི་ནང་ཀུན་གྱི་རྩོད་པའི་གཞིར་གྱུར་པ་དེ། སྐྱེད་རིམ་གྱི་ཚེ་ལྷའི་ང་རྒྱལ་འཇོག་པའི་གཞིར་ཁས་བླངས་པས་ན། གྲོལ་བ་པོའི་བདག་ཏུ་ཐལ་བ་དང༌། མ་དག་པའི་སྣོད་བཅུད་བཀག་ན་ནི། ཆད་པའི་མཐའ་ཉིད་དུ་ཐལ་བར་གཞན་དག་གིས་ཁས་བླངས་ལ། དེ་དག་གི་མི་ཁེགས་ན་ནི་སྐྱེད་རིམ་གྱི་རྟེན་བརྟེན་པ་མཚན་ཉིད་ཅན། རྣལ་འབྱོར་པ་སུའི་ཡང་བློ་ཡུལ་དུ་འཆར་མི་ནུས་པའི་ཕྱིར། རྒྱས་པར་འོག་ནས་འབྱུང་ངོ༌། །གཉིས་པ། འཁོར་ལོ་རིམ་པ་གསུམ་པོ་རེ་རེ་ལ་ཡང་གསུམ་དུ་ཕྱེ་བས། ལམ་གྱི་རིམ་པ་ཤེས་དགོས་པར་བསྟན་པ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། དབུ་མ་ཚོགས་གསུམ་གྱི་ལམ་རིམ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་སྟོན་པས། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། ཁམས་ཀྱི་དྲི་མ་སྦྱོང་ཚུལ་རིམ་པ་གསུམ་གསུངས་པའི་ཚེ། དང་པོར། འདུལ་བ་ལ་འཇུག་པ་དང༌། བར་དུ་ལྟ་བས་སྨིན་པ་དང༌། ཐ་མར་ངེས་པའི་དོན་ལ་ཞུགས་པ་དང་གསུམ་གྱི་སྒོ་ནས་དྲི་མ་སྦྱོང་ཚུལ་རིམ་ཅན་པར་བཤད་པ་དེའི་ལྟར་ན། ཆོས་འདུལ་བ་ནི་གསུམ་སྟེ། ཉན་ཐོས་ཀྱི་དང༌། བྱང་ཆུབ་སེམས་དཔའི་དང༌། སྔགས་ཀྱིའོ། །བར་དུ་སྨིན་བྱེད་ལ་གསུམ་སྟེ་ཉན་ཐོས་ཀྱི་རྣམ་ཐར་སྒོ་གསུམ་དང༌། བྱང་ཆུབ་སེམས་དཔའི་དང༌། གསང་སྔགས་ཀྱི་སྟེ། གསུམ་ཚན་གསུམ་མོ། །ཐ་མར་རྟོགས་བྱའི་ངེས་དོན་ལ་གསུམ་སྟེ། གང་ཟག་གི་བདག་མེད་པའི་དང༌། ཆོས་ཀྱི་བདག་མེད་པའི་དང༌། བདེ་སྟོང་ཟུང་དུ་འཇུག་པའི་ངེས་དོན་ནི། ཡང་དགོངས་འགྲེལ་དུ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་དང༌། བྱང་ཆུབ་སེམས་དཔའ་ལ་དང༌། ཐེག་པ་སྣ་ཚོགས་པའི་དབང་དུ་བྱས་ནས། རིམ་ཅན་དུ་སྟོན་པ་དང༌། ལྟ་བ་བཀར་བརྟགས་ཀྱི་ཕྱག་རྒྱ་བཞི་དང༌། རང་སྟོང་གི་ལྟ་བ་དང༌། གཞན་སྟོང་གི་ལྟ་བ་དང༌། གསུམ་གྱི་སྒོ་ནས་ཆོས་འཁོར་རིམ་ཅན་པར་སྟོན་པ་དེའི་ལྟར་ན། འདིར་བཤད་པའི་རིམ་པ་གསུམ་ཀ་ལ་ཡང༌། གསུམ་གསུམ་དུ་ཚང་བ་ཡིན་ཏེ། འདུལ་བ་ལུང་གི་གདུལ་བྱ་ལ། རིགས་ཅན་གསུམ་ཀ་དང༌། ལྟ་བ་གསུམ་ཀ་དང༌། ཤེར་ཕྱིན་གྱི་ལ་ཡང་གསུམ་ཀ་དང༌། གསང་སྔགས་ཀྱི་ལ་ཡང་གསུམ་ཀ་ཚང་བའི་ཕྱིར་ཏེ། གསང་སྔགས་ལ་ཡང༌། འཇམ་དཔལ་རྩ་བའི་རྒྱུད་དུ་དེ་ལྟར་བཤད་པ་དང༌། ངན་སོང་སྦྱོང་རྒྱུད་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཡང་དེ་ལྟར་བཤད་ན། གདུལ་བྱ་ལ་ལྟ་ཅི་སྨོས། འོ་ན། དགོངས་འགྲེལ་གྱི་གསུམ་པའི་ཚེ། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་བཤད་པས། ཉན་རང་གི་རིགས་ཅན་ལ་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་ཉམས་མྱོང་གི་ལྟ་བར་སྟོན་པ་ཅི་ཞེ་ན། དེ་ནི་ཉན་ཐོས་དགྲ་བཅོམ་པ་ཐེག་པ་ཆེན་པོར་འཇུག་འདོད་ལྟ་བུ་ལ། དམ་ཆོས་པདྨ་དཀར་པོ་སོགས་མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པའི་ཆོས་ཀྱི་དེ་ཁོ་ན་ཉིད་རྒྱས་པར་བསྟན་པས་ཐེག་པ་ཆེན་པོར་འཇུག་པའི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དེ་དག་སྔར་འཛིན་ལས་བཟློག་ནས། །ཐེག་པ་མཆོག་ཏུ་སྨིན་མཛད་དེ། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་གསུངས་པ། །དེའི་བཤད་བྱའི་མདོ་ན། ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་གྱིས། རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་རྣམས། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པར་མཛད་དོ། །ཞེས་བཤད་པ་དང་དོན་གཅིག་པར་སྣང་ལ། སྤྱོད་ཡུལ་དེའི་ངོས་འཛིན་ཡང༌། བདེ་གཤེགས་སྙིང་པོའི་གནས་སྐབས་ལས་ཕྱེ་བའི་རྡོ་རྗེ་བདུན་པོ་དག་གོ །འདིར། ལུང་སྟོན་ཞེས་པ། བོད་སྔ་མ་དག་ས་བརྒྱད་པར། དངོས་སུ་ལུང་བསྟན་པ་འཐོབ་ཞེས་འཆད་པ་དེ་དག་གི་ལྟར་ན། ཉན་ཐོས་དགྲ་བཅོམ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཐོག་མ། ས་བརྒྱད་པ་ནས་འཇུག་པ་དང༌། དེའི་ཤེས་བྱེད་དེས་ཉོན་ཡིད་སྤངས་པས་ན་ས་བདུན་པ་མན་ཆད་དུ་ནི་མི་འཇུག་ལ། འཇུག་པ་པོ་དང་འཇུག་ཡུལ་གཉིས་ཀ ཡིད་ཀྱི་རང་བཞིན་གྱི་ལུས་ལེན་དུ་མཚུངས་པ་ལ་བསམས་པ་འདྲ་མོད། དཔྱིས་ཕྱིན་པ་མ་ཡིན་ཏེ། ས་བདུན་པ་མན་ཆད་དུ་དགོས་པའི་བསོད་ནམས་ཀྱི་ཚོགས་སོགས་མ་བྱས་པར། ས་བརྒྱད་པར་འཇུག་མི་ནུས་པ་ནི་ཕར་ཕྱིན་ཐེག་པ་པའི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། ལྐོག་ཏུ་ལུང་སྟོན་པ་ལ་བཤད་ཀྱང༌། འགལ་བ་མེད་པའི་ཕྱིར། གལ་ཏེ། ཉམས་སུ་མྱོང་བྱའི་ལྟ་བ་ལ་གཞན་སྟོང་ཟབ་པ་ཅི་ཞེ་ན། དེ་ཟབ་པའི་ཚུལ་ནི། དབུ་མ་ཐལ་རང་དུ་སྨྲ་བ་མ་གཏོགས། ཐེག་པ་ཆེ་ཆུང་གི་མདོ་སྔགས་པ་མཉམ་གཞག་གི་ཏིང་ངེ་འཛིན་ཞི་ལྷག་ཟུང་འཇུག་ཏུ་ཁས་ལེན་པ་ཐམས་ཅད་ཀྱིས་སྔོན་ཉིད་ནས་བཤད་ཟིན་མཆིས་པའི་ཕྱིར། བོད་ཕྱི་མ་པ་དག་ནི། ཁོང་རང་རྣམ་པའི་སྟོང་ཉིད་ཀྱི་ངོས་འཛིན། གཞན་སྟོང་གི་ཐ་ཤལ་ཞིག་ལ་བཤད་ནས། གཞན་སྟོང་ཞེས་པའི་ཚིག་ཙམ་ལ་སྡང་བར་ཟད་དོ། །དེ་ཁོ་ནར་མ་ཟད་ཀྱི། སྡེ་སྣོད་གསུམ་ལ་འཇུག་པ་དང༌། ལྟ་སྒོམ་སྤྱོད་གསུམ་ལ་འཇུག་པའི་རིམ་པ་ཡང༌། ཐོག་མར་འདུལ་བ་དང༌། སྤྱོད་པ་ལ་དང༌། བར་དུ་མངོན་པ་དང༌། ལྟ་བ་ལ་དང༌། ཐ་མར་མདོ་སྡེ་དང༌། ཏིང་ངེ་འཛིན་སྒོམ་པའི་རིམ་པ་ལ་འཇུག་པ་ཡང་ལྷག་པའི་ཚུལ་ཁྲིམས་དང༌། ཐོས་བསམ་གྱི་ཤེས་རབ་དང༌། ཏིང་ངེ་འཛིན་གྱི་བསླབ་པ་ལ། སློབ་པའི་གོ་རིམ་དང་མཐུན་པ་ཉིད་ཀྱི་ཕྱིར། དེ་ལྟར་ངེས་སོ། །དེ་ལྟར་མང་དུ་སྤྲོས་པ་དེ་དག་གི་དགོས་པ་ནི། ཐེག་པ་ཆེན་པོའི་གཞུང་ལུགས་མཐའ་དག དབུ་མ་འཇུག་པའི་ལམ་འཕྲང་ཁོ་ན་ཉིད་དུ་འདྲེན་པར་བྱེད་པའི་བོད་ཕྱི་མ་དག་གིས། གོང་དུ་སྨོས་པའི་ཆོས་འཁོར་གསུམ་པོའི་ཚིག་གི་གོ་རིམ་དང་བརྗོད་བྱའི་དྲང་ངེས་ལ། སྒྲོ་སྐུར་མང་པོ་དག་སེལ་བའི་ཕྱིར་དུ་འབད་པས་བསྒྲུབས་པ་ཡིན་ནོ། །གཉིས་པ། དབུ་མ་ཚོགས་གསུམ་པོའི་ལུགས་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཀླུ་སྒྲུབ་ཞབས་ཀྱིས་ཇི་ལྟར་གསུངས་པ་དང༌། སྲོལ་འབྱེད་སོ་སོས་ཇི་ལྟར་བཀྲལ་བའོ། །དང་པོ་ནི། འཕགས་པས་བསྟན་པ་ཡོངས་རྫོགས་ཀྱི་དབང་དུ་མཛད་པའི། ཆོས་འཁོར་རིམ་པ་གསུམ་དུ་གསུངས་ཏེ། ཐོག་མར་རྒྱ་ཆེན་སྤྱོད་པའི་ཕྱོགས་གཙོ་བོར་སྟོན་པ་གཏམ་གྱི་ཚོགས་དང༌། བར་དུ་ཟབ་མོ་ལྟ་བའི་ཕྱོགས་གཙོ་བོར་སྟོན་པ་རིགས་པའི་ཚོགས་དང༌། ཐ་མར་སྒོམ་པས་ཉམས་སུ་བླང་བྱའི་ངེས་དོན་གཙོ་བོར་སྟོན་པ། བསྟོད་པའི་ཚོགས་རྣམས་སོ། །གཏམ་གྱི་ཚོགས་ཐོག་མར་གསུངས་པ་ཡང་ཡིན་ཏེ། རིགས་པ་དྲུག་ཅུ་པ་ལས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་ཉན་པར་བྱོས། །ཞེས་གསུངས་ཤིང༌། སྒོམ་པས་ཉམས་སུ་མྱོང་བྱ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་ལ་བཞེད་པར་འཕགས་པའི་གཞུང་ལུགས་མང་པོ་ལ་གསལ་བའི་ཕྱིར། འོ་ན་རིགས་ཚོགས་སུ་གང་གཏན་ལ་ཕབ་པ་དེ་ཉིད། སྒོམ་བྱུང་གི་ཤེས་པས་ཉམས་སུ་མྱོང་བྱར་མི་བཞེད་པ་ཅི་ཞེ་ན། དེ་འདྲ་དེ། ཡེ་ཤེས་ཀྱི་མྱོང་བྱར་ནི་ཆེན་པོ་སུས་ཀྱང་མི་བཞེད་མོད། སྤྱིར། མཉམ་གཞག་ཏུ་མི་སྒོམ་པར་འཆད་ནུས་པ་མ་ཡིན་ཏེ། དབུ་མ་ཐལ་རང་པས། དེ་ལྟར་བསྒོམ་པ་ཉིད་དུ་འཆད་པའི་ཕྱིར། འཕགས་པ་ཉིད་ཀྱིས་ནི། བསྟན་པ་ཡོངས་རྫོགས་ཀྱི་འཁོར་ལོ་གསུམ་པའི་ངེས་དོན་སེམས་ཀྱི་རྡོ་རྗེ་ལ་བཤད་པ་ཡིན་ཏེ། སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའི་གསང་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ཀྱིས། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་སྟེ། ཞེས་གསུངས་པས་སོ། །གཉིས་པ་ལ། འཕགས་པ་ལྷས་གསུངས་པ་དང༌། དེ་ཉིད་ཐལ་རང་པས་བཀྲལ་བའོ། །དང་པོ་ནི། ཇི་སྐད་དུ། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། གང་གིས་ཤེས་དེ་མཁས་པ་ཡིན། །ཞེས། རིགས་པ་གསུམ་གསུངས་པ་དེར་སྔགས་ཀྱི་ཆོས་འཁོར་མི་གཏོགས་ཤིང༌། ཕ་རོལ་ཏུ་ཕྱིན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱི་རིམ་པ་ཡང་དངོས་སུ་མ་བསྟན་ནོ། །རིམ་པ་འདི་ནི། རིགས་པའི་ཚོགས་ཉིད་ལས་གསུངས་པ་ཡིན་ཏེ། རྩ་བར། ཐམས་ཅད་ཡང་དག་ཡང་དག་ཡིན། །ཞེས་སོགས་དང༌། བདག་གོ་ཅེས་ཀྱང་བསྟན་འགྱུར་ཞིང༌། །ཞེས་སོགས་གསུངས་པ་དེ་ཉིད་དོ། །གཉིས་པ་ནི། རང་རྒྱུད་པ་ལ། ཕྱོགས་གཉིས་ལས། ཞི་འཚོ་ཡབ་སྲས་ནི། ཆོས་འཁོར་གསུམ་གྱི་གོ་རིམ་དང་དྲང་ངེས་དགོངས་འགྲེལ་ལས་ཇི་ལྟར་གསུངས་པ་དེ་ཉིད་སྒྲ་ཇི་བཞིན་པར་བཞེད་པ། རྒྱན་སྣང་གཉིས་སུ་གསལ་བར་འབྱུང་ཤིང༌། ལེགས་ལྡན་གྱིས་ནི་ཐོགས་མེད་མཆེད་ཀྱིས་བཞེད་པའི་ངེས་དོན་ལ་མི་འཐད་པའི་ཚུལ་རྟོག་གེ་འབར་བར་བཤད་དོ། །རང་རྒྱུད་པའི་ཕྱོགས་གཉིས་ཀ་ལ་ཡང༌། བར་དུ་བདག་བཟློག་དང༌། ཐ་མར་ལྟ་བ་ཀུན་བཟློག་གི་སྟོན་ཚུལ་རིམ་ཅན་པ་ཁོ་ནར་ངེས་པ་ཡིན་ཏེ། ཐོག་མར་ཐལ་འགྱུར་དང༌། རང་རྒྱུད་ཀྱིས། བདག་མེད་པར་རྟོགས་པའི་རྗེས་དཔག་བསྐྱེད་ནས། དེའི་འོག་ཏུ་ནི། བདེན་གཉིས་ལས་དགག་བྱ་ཡོད་པ་མ་ཡིན་པས། ཡང་དག་ཏུ་ན་བཀག་མེད་བསལ། །ཞེས་རིགས་པ་བསྒྲུབས་པའི་ཆོས་ཀྱི་བདག་མེད་དེ་ཡང༌། ཀུན་རྫོབ་ཀྱི་བདེན་པ་དང་ཡོད་མ་ཡིན་དུ་བཤད་ལ། རྒྱན་གྱི་འགྲེལ་པར་ཡང༌། ཡུལ་མེད་པ་ལ་དགག་པའི་སྒྲ། །སྦྱོར་བ་འཐད་པ་ཡོད་མ་ཡིན། །ཞེས་ལྟ་བ་ཀུན་ཟློག་གི་རིམ་པ་ཐ་མར་འཆད་དོ། །དབུ་མ་གྲགས་སྡེ་སྤྱོད་པ་ནི། ཇི་སྐད་དུ། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཞེས་བསོད་ནམས་མ་ཡིན་པ་དང་པོ་བཟློག་པའི་ཆོས་རྣམས་ཉམས་སུ་ལེན་པའི་ཚེ། འཇིག་རྟེན་ལྷན་སྐྱེས་ལ་གྲགས་པ་ཇི་སྙེད་ཡོད་མེད་ཀྱི་དབྱེ་བ་མི་འབྱེད་ཅིང༌། མི་འབྱེད་པ་དེ་ཡང་འཇིག་རྟེན་པ་རྣམས་ཁ་དྲང་བའི་ཕྱིར་ཡིན་ཏེ། ཇི་སྐད་དུ། བརྡ་སྤྲོད་པ་རྣམས་ཐོག་མར་ནི། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས། དེའི་འོག་ལྟ་བས་སྤྲོས་པ་གཅོད་པའི་ཚུལ། ཆོས་གཅིག་གི་སྟེང་དུ་སྤྲོས་པའི་ཚོགས་མཐའ་དག་དག་པའི་ཚེ། ཤེས་བྱ་མཐའ་དག་གི་སྟེང་དུ་སྤྲོས་པའི་ཚོགས་མཐའ་བཀག་པར་བཞེད་པ་ཡིན་ཏེ། གང་ཕྱིར་དངོས་པོ་འདི་དག་རྣམས་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་ཞེས་བཞེད་པས་སོ། །འོ་ན་ལུགས་འདིར་བར་དུ་བདག་ཟློག་གི་འཁོར་ལོ་མི་བཞེད་པའམ། ཇི་ལྟར་ཞེ་ན། མི་བཞེད་པ་ནི་མ་ཡིན་ཏེ། རྩ་བར་བཤད་ཟིན་པ་ལས་དང༌། ལྟ་བའི་ཐོག་མར། གང་ཟག་གི་བདག་མེད་སྟོན་དགོས་པ་ལས་དང༌། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ། ཆོས་ཀྱི་བདག་མེད་བསྡུས་པའི་མིང་ཅན་སྤྲོས་པ་ཕྱོགས་གཅིག་བཀག་ཙམ་དེ་བར་དུ་སྟོན་དགོས་པ་ལས་དང༌། ལྟ་བ་ཀུན་ཟློག་གི་སྐབས་སུ་ཆོས་བདག་མེད་པའི་དོན་མ་ལུས་པ་གྲུབ་ཀྱང༌། དེའི་ཐ་སྙད་ཤེས་དགོས་པའི་ཆོས་ཉན་པ་པོ་ལ། སྤྲོས་པའི་ཚོགས་བཀག་ཙམ་དེ་ལ། ཆོས་ཀྱི་བདག་མེད་པའི་ཐ་སྙད་འདོགས་སོ། །ཞེས་འཆད་དགོས་པའི་ཕྱིར། འདི་ཐ་མར་ལྟ་བ་ཀུན་ཟློག་གི་ཆོས་ཀྱི་འཁོར་ལོའི་ཐ་སྙད་དུ་གཏོགས་པ་ནི་མ་ཡིན་ཏེ། དེའི་རྗེས་ཐོབ་ཀྱི་ཐ་སྙད་ནི། ཇི་སྐད་དུ། རྒྱལ་བའི་སྲས་པོ་མི་གསུངས་བཞུགས། །ཞེས་དང༌། ཚིགས་གསལ་དུ། འཕགས་པ་རྣམས་ཀྱི་དོན་དམ་པ་ནི། ཅང་མི་གསུང་བ་ཡིན་ནོ། །ཞེས་གསུངས་པས་སོ། །དེར་མ་ཟད། ཆོས་འཁོར་དང་པོའི་ཉམས་ལེན་མཚན་ཉིད་པ་ལ་ནི། སྤྲོས་པ་མཐའ་དག་ཁེགས་ཟིན་པ་ཞིག་སྔོན་དུ་འགྲོ་དགོས་ཏེ། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་དགོས་པའི་ཕྱིར། དེ་ལྟར་ཟིན་པའི་གོ་བ་འཆད་ཚུལ་ལ། བོད་ཕྱི་མ་ནི། སྤྱོད་པ་སྦྱིན་སོགས་ཀྱི་འཁོར་གསུམ་པོ། སྤྱིར་ཚད་མས་གྲུབ་ཀྱང༌། བདེན་པར་མེད་པའོ། །ཞེས་འཆད་མོད་གཞུང་འགྲེལ་ལས་ནི། རྣམ་ཤེས་ལ་སྣང་བའི་ཤེས་བྱ་ཇི་སྙེད་པ་ནི། གདོད་མ་ནས་ཡོད་མ་མྱོང་ལ། འཇིག་རྟེན་ལྷན་སྐྱེས་ཀྱི་ངོར་ཡོད་པ་ནི། སྣང་ཆ་མི་འདོར་བའི་དོན་ནོ། །དེ་དུས་ཀྱི་རྣམ་ཤེས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དབུ་མ་པ་ལྟར་ན། ཐོག་མེད་ནས་གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་འཁྲུལ་པར་བསྐྱེད་ཀྱང༌། འཇིག་རྟེན་པ་ལྟར་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་ཙམ་ལ། མ་འཁྲུལ་བར་བཞག་པ་དེ་ཉིད་དོ། །གལ་ཏེ། འོ་ན། རིགས་ཚོགས་ཀྱི་ལྟ་བ་ཐོས་བསམ་གྱི་ཤེས་རབ་ཀྱིས་འཆད་པ་དེའི་ཚེ། མཉམ་གཞག་ཏུ་བསྒོམ་པའི་རིམ་པ་ངོས་མི་འཛིན་པའམ། འཛིན་ན་མཉམ་པར་འཇོག་ཚུལ་འདི་ལྟ་བུ་ཞེས་འཆད་དཀའ་བ་ཡིན་ཏེ། མཉམ་པར་འཇོག་མཁན་གྱི་ཤེས་རབ་དེ་ཉིད་ཀྱང༌། ཤིང་གཉིས་སྲེགས་པ་ལས་བྱུང་བའི་མེའི་དཔེས་སྟོན་དགོས་པའི་ཕྱིར། ཞེ་ན། དབུ་མ་ལྟ་ཁྲིད་ཀྱི་སྦྱོར་བའི་ཚེ། སྤྲོས་ཚོགས་ཀུན་བྲལ་གྱི་ཤེས་རབ་དེ་བསམ་གཏན་གྱི་ཞི་གནས་དང་རོ་གཅིག་པར་གྱུར་ནས། མཐོང་བའི་ལམ་དུ་མཉམ་པར་བཞག་པའི་ཐ་སྙད་བྱས་པ་དེ་ནི། མེད་པར་དགག་པ་གཅིག་ཉིད་དུ་གྱུར་གྱི། ཤེས་བཟོད་སོ་སོའི་དབྱེ་བ་འབྱེད་པར་ནི་མི་བཞེད་དེ། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པའི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམས་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་དང༌། འགྲེལ་པར། ཟླ་བས། མངོན་པར་རྟོགས་པ་ནི་གཅིག་ཏུ་ཟད་ཅེས་སོ། །ལྡང་སེམས་དང་པོའི་དངོས་རྒྱུ་ནི། འཇུག་སེམས་ཐ་མ་དང༌། འཕེན་པའི་དབང་ལས་ཏེ། ཆོས་མངོན་པར་འཆད་པའི་འགོག་སྙོམས་བཞིན་ནོ། །དེ་བཞིན་དུ་ས་ལྷག་མ་རྣམས་ཀྱི་མཉམ་རྗེས་ལས་ཡང་སྦྱར་ནས། མཐར་རྒྱུན་མཐའི་ཡེ་ཤེས་ཡང་དག་པའི་མཐའ་ལ་ཞུགས་ནས། མེད་པར་དགག་པ་ཉིད་ལས་ལྡང་བ་མི་སྲིད་དོ། །དེའི་ཕྱིར་ཆོས་ཀྱི་སྐུའི་ཤེས་བྱ་མཁྱེན་ཚུལ་ནི་གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང༌། ཞེས་སོགས་ཀྱིས་བརྒལ་ལན་དང༌། གཞན་སྣང་དུ་གཟུགས་སྐུའི་སྣང་བ་འཆར་ཚུལ། ཞི་སྐུ་དཔག་བསམ་ཤིང་ལྟར་སོགས་དང༌། ཕྲིན་ལས་འབྱུང་ཚུལ་ཡང༌། ཇི་ལྟར་རྫ་མཁན་སྟོབས་ཆེན་སོགས་དང༌། ས་བཅུ་པའི་མཉམ་གཞག་ལ་བློའི་དབྱེ་བ་སོ་སོར་མི་འབྱེད་པའི་ཚུལ་མདོ་ལས། ཇི་ལྟར་བར་སྣང་འཕུར་བའི་བྱ་ཡི་རྗེས། །ཡོད་མ་ཡིན་པ་དེ་ལྟར་ས་རྣམས་ལ། །ཞེས་འགྲེལ་པར་དྲངས་སོ། །སློབ་དཔོན་ཟླ་བའི་ཡེ་ཤེས་ཀྱི་ཚོགས་སོག་གི་ཚུལ་དེ་ལྟར་བཤད་མ་ཐག་པ་ནི། པ་ཚབ་ལོ་ཙཱ་བའི་བཤད་སྲོལ་བླ་མ་གོང་མ་ལས་བརྒྱུད་པ་དེ་ཡིན་ལ། དུས་ཕྱིས། ཀུན་ལ་ངེས་མེད་དུ་གྲགས་པ་དེ་ནི། གངས་ཅན་པ་ཕྱི་མ་ལས་བྱུང་བའོ། །དེ་ལ་འདི་སྙམ་དུ། སློབ་དཔོན་ཟླ་བས་མཚན་ཉིད་ཐེག་པ་རྐྱང་པའི་དབང་དུ་བྱས་པའི་ཡེ་ཤེས་ཀྱི་ཚོགས་སོག་གི་ཚུལ། དེ་ལྟར་འཆད་པ་དེས་ནི་གསང་སྔགས་ཀྱི་ཡེ་ཤེས་ཚོགས་སོག་ལ་ཁྱབ་པར་མི་འགྱུར་བ་ཞིག་ན། དེས་བསོད་ནམས་ཚོགས་སོག་གི་རྣམ་གཞག་འཆད་པའི་ཚུལ་ལ། ཐུན་མོང་ཡིན་མིན་གྱི་དབྱེ་བ་ཅི་ཞེ་ན། འདི་ལ་གཉིས་ལས། དང་པོ་ཐུན་མོང་ལ། སྤྱིར་བསྟན་པ་ནི། དབུ་མ་ལ་འཇུག་པར། ས་བཅུ་པའི་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་སོག་ཚུལ་དང༌། རིགས་པས་གཏན་ལ་འབེབས་ཚུལ་དང༌། མཉམ་གཞག་གི་འབྲས་བུ་སངས་རྒྱས་བརྒྱ་མཐོང་བ་སོགས་རྒྱས་པར་གསུངས་པ་དེ་ལས་ཅུང་ཟད་ངག་དོན་དུ་སྦྱར་བ་ལ་གཉིས་ཏེ། འཇིག་རྟེན་པས་བདེན་གཉིས་ཀྱི་རྣམ་དབྱེ་ཇི་ལྟར་ཁས་ལེན་པ། དེ་ལ་དབུ་མ་པས་བསོད་ནམས་ཚོགས་སོག་གི་ཚེ། སྤང་བླང་ཇི་ལྟར་བྱེད་པའོ། །དང་པོ་ནི། འཕགས་པ་དང༌། འཇིག་རྟེན་པ་གཉིས་ཀ་ཡང༌། བདེན་པ་གཉིས་སུ་དབྱེ་བྱེད་ནི། མཐོང་བ་ཡང་ལོག་ལས་འབྱེད་པར་འདྲ་ཞིང༌། གཉིས་པོ་དེའི་ངོས་འཛིན་ཡང༌། འཕགས་པས། མ་རིག་པས་བསླད་པ་ཞུགས་ཀྱི་ཞེས་པའི་ཁྱད་པར་ལས་འབྱེད་ཅིང༌། འཇིག་རྟེན་པས་ནི། འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་དང་མ་བསླད་པའི་མཐོང་བ་ཙམ་གྱིས་འབྱེད་པས་ན། འཇིག་རྟེན་ན་མཐུན་པར་མ་གྲགས་པའི་གྲུབ་མཐས་བརྟགས་པ་དང༌། དབང་ཤེས་འཁྲུལ་པ་ལ་སྣང་བའི་གཟུགས་བརྙན་ལ་ཡོད་པ་རྣམས་ནི། ཀུན་རྫོབ་ཀྱི་བདེན་པ་དང༌། ཐུན་མོང་དུ་གྲགས་པའི་བདག་དང༌། བདེན་པ་དང༌། འཕྲལ་དུ་མ་འཁྲུལ་བའི་དོན་སྣང་གི་ཤེས་པ་ཡུལ་དང་བཅས་པ་ནི། དོན་དམ་པའི་བདེན་པའོ། །འདིར་ཡང༌། བདག་དང་བདེན་གྲུབ་སོགས་འཇིག་རྟེན་པས་དོན་དམ་པར་བཞག་པ་ཀུན། འཕགས་པས་ཀུན་རྫོབ་ཀྱི་བདེན་པ་དང༌། རང་ལུགས་ཀྱིས་བརྟགས་པའི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པར་འཆད་པ་ནི། སྔ་རབས་པའི་བཞེད་པ་ཡིན་ལ། འཇིག་རྟེན་ན་གང་ཡོད་པ་དེ་ཉིད་ཁས་མ་བླངས་ན། འཇིག་རྟེན་གྱི་གྲགས་པས་གནོད་པ་སེལ་མི་ནུས། ཞེས་པ་ནི་ཕྱི་མ་དག་གི་འདོད་པའོ། །གཉིས་པ། ལུགས་དེ་ལ་དབུ་མ་པས་སྤངས་བླངས་ཇི་ལྟར་བྱེད་པ་ནི། དབུ་མ་པས་ཀུན་རྫོབ་ཏུ་བླངས་དོར་བྱེད་དུས་ཀྱི་ཐ་སྙད་ནི་གཉིས་ཏེ། འཇིག་རྟེན་གྱི་བདེན་པ་ཐད་སོར་འཇོག་པ་དང༌། འཕགས་པའི་ཐ་སྙད་དབང་བཙན་པར་བྱེད་པ་གཉིས་ལ། སྔ་མ་ནི་འཇིག་རྟེན་ན་གྲགས་པའི་བདེན་རྫུན་ལ་རིགས་པས་མི་དཔྱོད་པར། བདེན་པར་གྲགས་པ་དེ་ཉིད་ཐད་སོར་འཇོག་པ་ཡིན་ཏེ། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་དབུ་མ་པ་རང་གི་རྣམ་ཤེས་ལ་སྣང་བ་དང༌། སྣང་ཚུལ་མཚུངས་པའི་ཕྱིར། དེ་ལྟ་ན། འཁོར་གསུམ་མི་དམིགས་པར་འགལ་ལོ། །ཞེ་ན། དེའི་ཚེ་ནི། ཐ་སྙད་ཕྱི་མ་དབང་བཙན་པ་ཡིན་ཏེ། སྦྱིན་པོ་ལ་སོགས་པའི་འཁོར་གསུམ་གྱི་གནས་ཚུལ་དང༌། འཕགས་པའི་ཡེ་ཤེས་ཀྱི་གཟིགས་ཚུལ་མཐུན་པར་དབུ་མའི་རིགས་པས་འགྲུབ་པའི་ཕྱིར། དེས་ན་གཞི་གང་ཟག་གི་ཆོས་གཅིག་གི་སྟེང་དུ་རྣམ་ཤེས་ལ་སྣང་ཚུལ་དང༌། ཡེ་ཤེས་ལ་འཆར་ཚུལ་གཉིས་ཀ་གཅིག་ཅར་དུ་བྱུང་བ་མི་འགལ་བ་དེའི་ཕྱིར། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་པ་ལ་སོགས་པར་འཇོག་པ་ཡིན་ནོ། །འཇིག་རྟེན་དང་འཕགས་པའི་ཐ་སྙད་གཉིས་པོའི་ཁྱད་པར་ཡང༌། ཀུན་རྫོབ་ཏུ་ཡོད་མཉམ་དང༌། དོན་དམ་དུ་དེ་མ་ཡིན་གྱི་ཁྱད་པར་ལས་འབྱེད་ལ། བསོད་ནམས་ཀྱི་ཚོགས་སོག་པའི་ཚེ། སྔ་མ་དབང་བཙན་མོད། དེ་ལ་དབུ་མའི་ཐ་སྙད་ཅེས་ནི་མི་བྱ་སྟེ། མ་བརྟགས་གཅིག་པུར་ཉམས་དགའ་བའི་ཐ་སྙད་དུ་འཇོག་པའི་ཕྱིར། གསང་སྔགས་ལ་ཞུགས་པའི་ཐོག་མཐའ་བར་གསུམ་གང་དུ་ཡང་འཇིག་རྟེན་གྱི་ལུགས་འདི་ཐད་སོར་བཞག་པ་མི་སྲིད་དོ། །དབུ་མའི་ཐ་སྙད་ནི་གཉིས་ཏེ། བསོད་ནམས་ཀྱི་ཚོགས་ལ་འཇུག་པ་གཞིར་བྱས་ཀྱི་ཚེ། ལྟ་བ་ཀུན་བཟློག་གི་ཐ་སྙད་ཁས་ལེན་པ་དང༌། ཡེ་ཤེས་ཚོགས་སོག་གི་ཚེ། དེ་ཡང་ཁས་མི་ལེན་པའོ། །དང་པོ་ནི། འཇིག་རྟེན་ལྷན་སྐྱེས་ལ་གྲགས་པའི་ཤེས་བྱ་མཐའ་དག་ཡང་དག་ཀུན་རྫོབ་ཏུ་བཤད་ནས། སངས་རྒྱས་ཀྱི་གཟུགས་སྐུའི་ཁང་བཟང་སུ་འཇུག་པའི་ཐེམ་སྐས་དང༌། དབུ་མ་ལ་གྲགས་པའི་སྤྲོས་ཚོགས་ཀུན་བྲལ་ཉིད། དོན་དམ་པའི་བདེན་པར་ཁས་བླངས་ནས་ཆོས་ཀྱི་སྐུའི་ཁང་བཟངས་སུ་འཇུག་པའི་ཐེམ་སྐས་སོ། །གཉིས་པ་ནི། ཡེ་ཤེས་ཀྱི་ཚོགས་སོག་ལ་འཇུག་པ་ཉིད་གཙོ་བོར་གྱུར་པ་ལ་ནི། འཕགས་པའི་ཐ་སྙད་ཉིད་ཀྱང་ཁས་ལེན་པ་མ་ཡིན་ཏེ། བླངས་ན་མཚན་མར་གཟུང་བ་ཉིད་དུ་ཐལ་བའི་ཕྱིར་རོ། །ཚོགས་གཉིས་པོ་གཙོ་ཆེ་ཆུང་གི་ཁྱད་པར་ནི། མཉམ་གཞག་དང་རྗེས་ཐོབ་ལས་ཡིན་ལ་དེའི་ཚེ་རྗེས་ཐོབ་ལ་ནི་མཉམ་གཞག་གི་མདངས་མ་ཉམས་པར་བྱེད་དགོས་ལ། མཉམ་གཞག་ལ་གཅིག་ཤོས་མི་དགོས་པ་ནི། གཉིས་སྣང་གི་འཁྲུལ་པས་བསླད་མ་བསླད་ཀྱི་ཁྱད་པར་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་གཞག་བྱས་པ། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་འཇིག་རྟེན་ཁོ་ནའི་བདེན་པས་གང་གཞག་པ་དེ་ཐམས་ཅད་ནི། འཕགས་པའི་གནས་སྐབས་ཀྱི་ཐ་སྙད་དུ་བརྫུན་ལ། འཕགས་པའི་གནས་སྐབས་ཀྱི་ཐ་སྙད་རང་ལ་བདེན་པ་དེ་ཡང༌། མཐར་ནི་བརྫུན་ནོ། །རྒྱུ་ཚོགས་གཉིས་ལ་བདེན་བརྫུན་གྱི་ཁྱད་པར་མེད་ན། འབྲས་བུ་སྐུ་གཉིས་ལ་དེ་ལྟར་འབྱུང་བ་ཅི་ཞེ་ན། དེ་ལྟར་ཁས་མི་ལེན་ཏེ། མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུར། སློབ་དཔོན་འདིས་འཆད་པའི་ཕྱིར། འཆད་ཚུལ་འདི་ཡང་སློབ་དཔོན་ཟླ་བའི་གསང་འདུས་སྒྲོན་གསལ་གྱིས་བཤད་པ་ལ་འགྲིག་པ་ཡིན་ནོ། །བོད་ཕྱི་མས་ནི། ཐལ་འགྱུར་བའི་མཐར་ཐུག་གི་ཚེ། སྤྱིར་ཤེས་བྱ་ཐམས་ཅད་ཡོད་སྙམ་དང༌། རིགས་པས་དཔྱད་པའི་ཚེ། ཡོད་མ་ཡིན་དུ་འཇོག་པ་དུས་མཉམ་དུ་ཁས་བླངས་པས། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ཞེས་བྱ་བ། རིགས་པའི་རྣམ་གྲངས། སློབ་དཔོན་ཟླ་བས། ཆོས་སྐྱོང་ཞབས་ལ་སུན་འབྱིན་དུ་འཕངས་པར་འདོད་པ་རྣམས་ཕྱིར་ལོག་པ་ཡིན་ནོ། །གཉིས་པ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་ཚོགས་སོག་ལ་འཇུག་པའི་དུས་སུ་ནི། འཇིག་རྟེན་ལྷན་སྐྱེས་ལ་གྲགས་པའི་ཡོད་པ་ཐམས་ཅད་ཐད་སོར་འཇོག་པ་གཏན་མ་ཡིན་ཏེ། དེར་ནི་ཡེ་ཤེས་ཀྱི་ཚོགས་སོགས་སྔོན་དུ་བཏང་ནས། ཐ་མལ་གྱི་སྣང་ཞེན་མཐའ་དག་བཀག་པའི་སྒོ་ནས་ལམ་རིམ་པ་གཉིས་པོ་ཉིད་ཚོགས་གཉིས་ཀྱི་ངོ་བོར་བཞག་ནས། ཉམས་སུ་ལེན་པའི་ཕྱིར་དབུ་མ་ཐལ་འགྱུར་བའི་ལྟ་བའི་མཐར་ཐུག་གི་ཚེ་དོན་དམ་བདེན་པའི་མཚན་གཞི་ཁས་མི་ལེན་པ་དང༌། གསང་བ་འདུས་པས་རྫོགས་རིམ་གྱི་ཉམས་ལེན་དངོས་གཞིའི་ཚེ། དོན་དམ་བདེན་པའི་མིང་དོན་གཉིས་ཀ་ཚད་གྲུབ་ཏུ་འཇོག་པ་མི་འགྲིགས་བཞིན་དུ་སྒྲིག་པར་བྱ་བ་མ་ཡིན་པ་ལ་དགོངས། དབུ་མ་ལ་འཇུག་པར། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་སོ། །འདིར་གྲུབ་མཐའ་འོག་མ་འོག་མས། བདེན་པ་དང་དོན་དམ་པར་འཇོག་པ་དེ་ལ། གོང་མ་གོང་མས་རྫུན་པར་འཆད་པ་ལ་དགོངས་ནས། ཇི་སྐད་དུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱི། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་བཤད་ལ། བདེན་གཉིས་ལས་ཀྱང༌། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱིས་ཀུན་རྫོབ་འདོད། །ཅེས་པའི་ལུང་ཤེས་བྱེད་དུ་དྲངས་པའི་དོན་དེ་ནི། སྤྱི་ཙམ་ནས་ཤིན་ཏུ་འཐད་ཅིང༌། ཁྱད་པར་དུ་ངོ་བོ་ཉིད་མེད་པར་སྨྲ་བས། དོན་དམ་དུ་སྒྲོ་བཏགས་པའི་སྟོང་པ་ཉིད་དེ་ལ། སྔགས་སུ་བརྫུན་པ་དང༌། སྙིང་པོ་མེད་པར་བཤད་པ་ཤིན་ཏུ་མང་ངོ༌། །འཇུག་པར། ལུགས་དེ་ལ་དགག་པ་མཛད་པ་ནི། གྲུབ་མཐའ་འོག་མའི་དོན་དམ་ཉི་ཚེ་བ་དེ། ཐལ་འགྱུར་བའི་ཀུན་རྫོབ་ཏུ་བཞག་ན། དེའི་འཇོག་ཚུལ་ལ། རིགས་པས་དཔྱད་པར་སོང༌། ཞེས་འཆད་པ་ཡིན་ལ། ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་དགོས་པའི་རྒྱུ་མཚན་གྱིས་ནི་མ་ཡིན་ཏེ། འཇིག་རྟེན་པས་ནི་མུ་སྟེགས་ཀྱིས་བརྟགས་པའི་བདག་དང༌། སངས་རྒྱས་པས་བརྟགས་པའི་བདག་མེད་གཉིས་ཀ་ཡང༌། ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པའི་ཕྱིར། མདོར་ན། གྲུབ་མཐའ་སྨྲ་བ་རང་རང་གི་གཞུང་ལུགས་སུ། གང་ཀུན་རྫོབ་ཏུ་བཞག་པ་དེ་ཡིན་ན། ལུགས་དེ་ལ་ཡོད་པ་མ་ཡིན་དགོས་པར་ཤེས་བྱེད་ནི། གྲུབ་མཐའ་གང་དུ་ཡང༌། ཀུན་རྫོབ་ཀྱི་བདེན་པའི་འཇོག་བྱེད་ནི། སྒྲིབ་བྱེད་ཀྱི་དབང་གིས་བསྒྲིབས་པ་ལ་འཆད་དགོས་པ་དང༌། གསང་སྔགས་པས་མེད་པར་དགག་པ་མཐའ་དག ཀུན་རྫོབ་ཏུ་འཆད་པ་ཡང༌། རྟོག་པའི་ཡུལ་ལས་མ་འདས་པ་ལ་དགོངས་མོད། གཞན་དག་ན་རེ། སྔགས་པས་སྙིང་པོ་མེད་པར་འཆད་པ་དེ་ནི། ཆད་སྟོང་ལ་དགོངས་ཞེས་ཟེར་བ་དེ་ལ། བོད་སྔ་མའི་རྗེས་འཇུག་དག་ཀྱང༌། དབྱངས་སུ་ལེན་པ་དེ་ནི། རི་བོང་གི་བཅལ་ལྟར་སྣང་བ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་མཐར་ཐུག་གདོད་མ་ནས་ཡོད་མ་མྱོང་བ་དེ། བོད་ཕྱི་མས་ནན་ཏན་གྱིས་ཡོད་པར་བསྒྲུབ་པ་ཙམ་གྱིས་འགྲུབ་ན་ཆད་སྟོང་དུ་འགྱུར་ལ་རག་པའི་ཕྱིར་རོ། །བོད་ཕྱི་མས། སྔགས་ལུགས་ཀྱི་དོན་དམ་བདེན་པའི་མཐར་ཐུག་པ་དག ཀུན་རྫོབ་ཀྱིས་བདེན་པ་ཉིད་དུ་ཐེ་ཚོམ་མེད་པར་ཁས་བླངས་པས། སྔགས་ཀྱིས་གྲུབ་མཐའི་རྩ་བ་སུན་འབྱིན་པར་བྱས་སོ། །སྨྲས་པ། ཕ་རོལ་ཕྱིན་པའི་ལམ་པོ་ཆེ། །ལྟ་སྒོམ་རྩོད་པ་ཀུན་བྲལ་བ། །གསང་སྔགས་ཐབས་ཟབ་གཏིང་རིང་བར། །བཅུག་པས་བཅིངས་པར་མ་གྱུར་ཏམ། །སྔགས་ཀྱི་དབུ་མ་བདུད་རྩི་ཡི། །འབྱུང་གནས་དཔག་བསམ་ལང་ཚོ་ཅན། །ཕ་རོལ་ཕྱིན་པའི་འཁྲིལ་ཤིང་གི །རྒྱན་མང་པོ་ལ་ལྟོས་མི་དགོས། །ཞེས་སྨྲས་སོ། །གཉིས་པ། གསང་སྔགས་སྤྱི་དང༌། ཁྱད་པར། གསང་བ་འདུས་པའི་ངེས་དོན་གྱི་གནས་རྣམས་མ་འཁྲུལ་བར་ངོས་གཟུང་བ་ལ་གཉིས་ཏེ། སྤྱིའི་རྣམ་གཞག་ཁྱབ་བྱེད་དུ་བཤད་པ་དང༌། ཁྱབ་བྱ་སོ་སོའི་བྱེ་བྲག་ངེས་པར་བྱའོ། །དང་པོ་ལ་གཉིས་ཏེ། རང་གི་ལུགས་གོང་མ་བཞིན་དུ་བཞག་པ་དང༌། བོད་ཕྱི་མས་བརྟགས་པའི་མཐའ་ལ་དཔྱད་པའོ། །དང་པོ་ནི་གསང་སྔགས་ཀྱི་རྒྱུད་ཅེས་བྱ་བར་མཚན་གསོལ་བ་རྣམས་ལ། རྗོད་བྱེད་ཚིག་གི་དང༌། བརྗོད་བྱ་དོན་གྱི་རྒྱུད་དོ། །རྡོ་རྗེ་ཐེག་པ་བ་རྣམས་ཀྱི་དོན་དམ་བདེན་པ་དང་ངེས་པའི་དོན་གྱི་མཚན་གཞི་ནི། བརྗོད་བྱ་དོན་གྱི་རྒྱུད་ལས་གཞན་མེད་ལ། དེའི་ངོས་འཛིན་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །འདི་ལ་ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་ཀྱང༌། གནས་སྐབས་ཀྱིས་ཕྱེ་བའི་ཚེ། རྒྱུའི་དང༌། ཐབས་ཀྱི་དང༌། འབྲས་བུའི་རྒྱུད་དོ། །དང་པོ་ནི། དྲི་མ་དང་བཅས་པའི་ཡེ་ཤེས། དེ་དང་འབྲལ་རུང་དུ་ངོ་བོ་ཉིད་ཀྱིས་གནས་པ་དེའོ། །གཉིས་པ་ནི། ལམ་ཐབས་ཤེས་དང་ངོ་བོ་ཉིད་ཀྱིས་འདྲེས་སུ་རུང་བ་ཙམ་དུ་མ་ཟད། ས་ཐོབ་ནས་གཅིག་ཏུ་འདྲེས་པའི་ཡེ་ཤེས་སོ། །གསུམ་པ་ནི། དྲི་མ་ཐམས་ཅད་དང་བྲལ་ཞིང༌། སྟོབས་སོགས་ཡོན་ཏན་ཀུན་དང་འདྲེས་པའི་ཆོས་དབྱིངས་ཡེ་ཤེས་སོ། །གནས་སྐབས་གསུམ་པོ་འདི་དག་ན། ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ནི། རྒྱུད་དང་འབྲལ་དུ་རུང་བ་ཁོ་ན་དང༌། འཁྲུལ་པའི་སྣང་བ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པར་ངེས་པས་ན། སྔགས་ལམ་གྱི་སྐབས་གང་དུ་ཡང་ཕྱོགས་དེ་དག་ཡོད་པར་ཁས་ལེན་པའི་སྐབས་མེད་དོ། །རྣམ་བྱང་གི་ཆོས་རྣམས་ནི། དང་པོ་རྟོག་པའི་ཡུལ་དུ་འཆར་དགོས་པ་དེའི་ཚེ། སོང་ཚོད་ལ་ཀུན་རྫོབ་ཀྱི་བདེན་པར་སོང་ཡང༌། ས་ཐོབ་ནས་གནས་སྐབས་ཀྱི་ཡོན་ཏན་ཇི་སྙེད་པ། ཆོས་ཀྱི་དབྱིངས་ལས་རྫས་གཉིས་སུ་མེད་པའི་ཕྱིར། དོན་དམ་པའི་བདེན་པ་ཁོ་ནའོ། །རྒྱུའི་རྒྱུད་འདི་ལ་མིང་གི་རྣམ་གྲངས། རྣལ་འབྱོར་དབང་ཕྱུག་གིས་རྒྱུའི་རྒྱུད་ཀུན་གཞི་ཞེས་བྱ་བ་དང༌། རྒྱུད་བླ་རྩ་འགྲེལ་དུ། ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། དོན་དམ་པའི་སེམས་ཅན་དང༌། རང་བཞིན་དུ་གནས་པའི་རིགས་ཞེས་བྱ་བའི་མིང་གིས་གསུངས་ལ། རྟེན་དེ་ལ་དྲི་མ་དང་ཡོན་ཏན་གཉིས་ཀ་གནས་པས་ན། གནས་ཞེས་བྱ་ཞིང༌། དྲི་མ་རྣམས་ནི་འབྲལ་རུང་གི་ཚུལ་དུ་གནས་པས་ན། དྲི་མས་ནི་སྟོང་པར་འཇོག་ལ། ཡོན་ཏན་རྣམས་ནི་མངོན་དུ་གྱུར་པའི་ཚེ་ལྟ་ཅི་སྨོས། དེར་མ་གྱུར་པའི་ཚེ་ཡང༌། ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གནས་པའི་ཕྱིར། དེས་དེ་སྟོང་པ་མ་ཡིན་ཏེ། ཆུ་ལ་འོ་མ་བཞིན་ནོ། །འབྲལ་རུང་གི་དྲི་མས་སྟོང་པ་དང༌། འབྲལ་མི་རུང་གི་བདེ་བས་མི་སྟོང་བ་ཉིད་ཀྱི་ཕྱིར་ན། ལམ་འབྲས་ཀྱི་སྐབས་སུ་མ་ཟད། གཞིའི་དུས་ཉིད་ནས་བདེ་སྟོང་ཟུང་དུ་འཇུག་པའོ། །གལ་ཏེ། གཞི་དུས་ཀྱི་དོན་དམ་བདེན་པ་ཡེ་ཤེས་སུ་ཁས་ལེན་ན། ཚུར་རོལ་མཐོང་བས་ཀྱང༌། དོན་དམ་པའི་བདེན་པ་དང༌། བདེ་བར་གཤེགས་པའི་སྙིང་པོ་མངོན་སུམ་དུ་མཐོང་བར་ཐལ་བ་མ་ཡིན་ནམ་ཞེ་ན། ཚུར་མཐོང་གི་ཚེ་ནི། རང་ཉིད་གསལ་བའི་ངོ་བོར་སྐྱེས་ཙམ་ལ་རང་རིག་པར་ཐ་སྙད་འདོགས་པ་ཡོད་ཀྱང༌། དེ་ལ་ངེས་པ་འདྲེན་མི་ནུས་པས་ན། རང་གིས་རང་རིག་པ་ཞེས་མི་བྱ་ལ། འཕགས་པའི་སར་ནི། དེ་ལ་ངེས་པ་འདྲེན་ནུས་པའི་ཕྱིར། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཞེས་བཤད་དོ། །དེ་ལྟར་རྒྱུད་རང་གི་ངོ་བོ་ནི། མྱོང་བ་གསལ་རིག་ཙམ་དུ་ཁྱད་པར་མེད་ཀྱང༌། གློ་བུར་གྱི་དྲི་མ་འདོད་ཆགས་རིགས་བཞིའི་དབྱེ་བས། བརྗོད་བྱ་དོན་གྱི་རྒྱུད་ལ་བཞིར་ཕྱེད་ཞིང༌། བཞི་པོ་དེ་བརྗོད་བྱར་སྟོན་པའི་རྒྱུད་སྡེ་ལ་ཡང་བཞིར་ཕྱེ་ནས། ཆགས་པ་རིགས་བཞི་ལམ་དུ་བྱས་ནས། རིམ་གྱིས་སྤོང་བའི་གཉེན་པོ་སྟོན་བྱེད་དུ། བྱ་བའི་རྒྱུད་ལ་སོགས་པ་བཞིར་ཕྱེ་བ་ནི། དཔལ་ཁ་སྦྱོར་གྱི་དགོངས་པས། སྲིན་བུ་ཤིང་ལ་གནས་ཏེ། ཤིང་ལ་ཟོས་པས། མཐར་ཤིང་ཟད་པར་བྱེད་པའི་དཔེས་གསུངས་སོ། །དེ་བཞིན་དུ་རྒྱུད་རང་གི་ངོ་བོ་ལ་ཁྱད་པར་མེད་ཀྱང༌། དེ་ལ་གནས་བཅས་པའི་དྲི་མ་ལ། ཆ་མཉམ་པ་དང་ཤས་ཆེ་བའི་རྒྱུད་བརྗོད་བྱར་སྟོན་པའི་རྗོད་བྱེད་ལ་ཡང༌། དེ་ལྟར་ཕྱེ་ནས་དྲི་མ་དེ་དག་ལམ་དུ་བྱེད་པའི་ཚུལ་གྱིས་ཟད་པར་བྱེད་པའོ། །གཉིས་པ་ནི། བོད་ཕྱི་མ་དག་ན་རེ། རྡོ་རྗེའི་ཐེག་པར་དོན་དམ་པའི་བདེན་པ་ཞིག་ངོས་འཛིན་པའི་ཚེ་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ལས། གཞན་ངོས་འཛིན་དུ་མེད་ལ། དེ་ལས་གཞན་པའི་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལྟ་ཅི་སྨོས། རྣམ་བྱང་གི་ཕྱོགས་ཇི་སྙེད་པ་ཡང་ཀུན་རྫོབ་ཀྱི་བདེན་པ་སྟེ། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྣམས་དེ་ལ་ལྟོས་ནས། ཇི་སྙེད་པ་མཁྱེན་པར་འགྲོ་བའི་ཕྱིར། བོད་སྔ་མ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་སྡང་བར་མི་བྱ་སྟེ། དེ་ལྟ་ན་ཆད་སྟོང་དུ་ཐལ་བར་འགྱུར་བའི་ཕྱིར། ཞེས་འཆད་པར་ངེས་པ་དང༌། ཡང་བླ་མེད་ཀྱི་རྒྱུད་མཐའ་དག གཉིས་མེད་རྒྱུད་དུ་ངེས་ཤིང༌། དེའི་ངོས་འཛིན་བདེ་སྟོང་དབྱེར་མེད་ལ་བཤད་ནས། དེ་ལས་ཕྱེ་བའི་རྒྱུད་གཉིས་ཀྱི་ཁྱད་པར། མཐར་ཐུག་གི་མཚན་དཔེའི་དངོས་ཀྱི་ཉེར་ལེན་ལམ་བྱེད་ཡོད་མེད་ལས་འབྱེད་པ་དང༌། ཡང༌། ཕར་ཕྱིན་པ་ལ་མཐར་ཐུག་གི་མཚན་དཔེའི་དངོས་རྒྱུ་མེད་གསུང་པ་དང༌། རེས་འགའ་ས་བཅུ་པའི་བྱང་སེམས་མཚན་དཔེ་རྗེས་མཐུན་པས་བརྒྱན་པ་དེ། ལུས་རྟེན་མ་བོར་བར་སངས་རྒྱས་རྒྱ་ཞེས་དང༌། བདེ་སྟོང་དབྱེར་མེད་ཀྱི་གོ་བ་ཡང༌། བོད་སྔོན་མས་འདོད་པ་ལྟར་མ་ཡིན་གྱི། སྔགས་བླ་མེད་ནས་ཐུན་མོང་མ་ཡིན་པར་བཤད་པའི་ཡུལ་ཅན་བདེ་བ་ཆེན་པོ་དང༌། ཡུལ་ཕར་ཕྱིན་ནས་བཤད་པའི་སྟོང་པ་ཉིད་དེ་ལས་ལྷག་པ་གཞན་མི་སྲིད་པས། གཉིས་པོ་རྟོགས་བྱ་དང་རྟོགས་བྱེད་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་བ་ཞིག་ལ་ངོས་འཛིན་པ་ཡིན། ཞེས་འཆད་དོ། །འདི་བརྟག་པ་ལ་གསུམ་སྟེ། དོན་དམ་བདེན་པའི་ངོས་འཛིན་མི་འཐད། རྒྱུད་ཀྱི་ངོས་འཛིན་རྒྱ་ཆུང་པ་ཕ་རྒྱུད་དུ་འཇོག་བྱེད་མི་འཐད་པའོ། །དང་པོ་ནི། དབུ་མ་རིགས་ཚོགས་དངོས་བསྟན་གྱི་སྟོང་པ་ཉིད། དོན་དམ་པའི་བདེན་པར་བཞེད་མཁན་ནི། དབུ་མ་ཐལ་རང་དུ་སྨྲ་བའི་གཞུང་ན་ཡང་མེད་ན། གསང་སྔགས་བླ་མེད་པ་རང་གཞུང་ནས་བཤད་པའི། དོན་དམ་བདེན་པ་གོ་ཆོད་པོ་ངོས་འཛིན་རྒྱུ་ཡོད་བཞིན་དུ། སྒྲོ་བཏགས་བློས་བྱས་ཀྱི་སྟོང་ཉིད་ལ། དོན་དམ་བདེན་པ་ངོས་འཛིན་པ་ལྟ་ཅི་སྨོས། གལ་ཏེ་འོ་ན། དེ་དག་གིས་དེར་མི་འདོད་པ་ཅི། གསང་སྔགས་ནས་དེ་ལྟར་བཤད་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཐལ་རང་དུ་སྨྲ་བས་ནི། རང་ལུགས་མཐར་ཐུག་གི་སྟོང་པ་ཉིད་དེ། རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པར་འདོད་པ་ལྟ་ཞོག ཡོད་པ་ཙམ་དུ་ཡང་ཁས་མི་ལེན་ཏེ། ཇི་སྐད་དུ། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་དང༌། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །ཞེས་དང༌། སྟོང་པ་ཉིད་ནི་དེས་སྟོང་པ། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །ཞེས་བདེན་གཉིས་དང་འཇུག་པར་གསུངས་པའི་ཕྱིར་དང༌། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ། དགག་བྱ་འགོག་པར་འདོད་པ་ན། གཞུང་འགྲེལ་ནས་མ་བཤད་བཞིན་དུ། རང་གི་འདོད་པས་སྒྲོ་བཏགས་པའི་ཕྱིར་དང༌། དགག་བྱ་བཀག་ཤུལ་དུ་ཆོས་ཅན་ཚད་གྲུབ་ཁས་བླངས་ན་མ་ཡིན་པར་དགག་པ་ཉིད་དུ་ཐལ་བའི་ཕྱིར་དང༌། ཁྱེད་ཀྱིས་ནི་ཕན་ཚུན་སྤངས་འགལ་ཁས་བླངས་པས། སྤྲོས་པའི་མཐའ་བཞི་པ་བཀག་པ་ནི། གསུམ་པ་ཉིད་དུ་ཐལ་བའི་ཕྱིར་དང༌། རང་རྒྱུད་པས་ཀྱང༌། རྗེས་དཔག་གི་ཚེ་ཆོས་ཅན་ཚད་གྲུབ་ཁས་བླངས་ཀྱང༌། རིགས་ཤེས་ཀྱི་ཚེ། ལྟོས་གྲུབ་ཀྱི་རྟགས་ལས་དེ་ཉིད་ཀྱང་འགོག་པའི་ཕྱིར་དང༌། འཕགས་པའི་ཐ་སྙད་ཀྱི་དུས་སྔ་མར་ཁས་བླངས་པ་དེ། མཐར་ཁས་མི་ལེན་པའི་ཚུལ་གྱིས་འགོག་པ་ནི། ངོ་བོ་ཉིད་མེད་པ་པ་དག་གི་སྟོང་པ་ཉིད་ལ་རིམ་འཇུག་གི་ཚུལ་བླ་ན་མེད་པ་ཉིད་པ་ཉིད་ཀྱི་ཕྱིར་རོ། །རྟག་ཆད་ཀྱི་ལྟ་བ་ཉིད་དུ་ཐལ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་ཁས་བླངས་པ་ལ་འབྱུང་གི གདོད་མ་ནས་ཡོད་མ་མྱོང་བར་ཁས་བླངས་པ་ལ་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བ་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་བཤད་པས་སོ། །དོན་དམ་བདེན་པའི་ངོས་འཛིན་ཕར་ཕྱིན་པ་ལ་མ་ལྟོས་པར། སྤྱིར་གསང་སྔགས་པ་ལ་ཡོད་ཚུལ་དང༌། བྱེ་བྲག་ཏུ་གསང་འདུས་པས་ཇི་ལྟར་འཆད་ཚུལ་གཉིས་ལས། དང་པོ་ནི། ཇི་སྐད་དུ། མདོ་ལས། གཞན་གྱིས་དོན་དམ་བྱས་གང་ཡིན། །ཞེས་སོགས་དང༌། རྣལ་འབྱོར་པ་ཡང་བློ་ཁྱེད་ཀྱིས། །ཞེས་སོགས་བཤད་པ་ལྟར། གྲུབ་མཐའ་དང་ཐེག་པ་འོག་མ་ལ་མེད་པའི་དོན་དམ་བདེན་པའི་ངོས་འཛིན་རེ་དང༌། དེ་རྟོགས་པའི་ཐབས་མཁས་རེ་རེ་ཡོད་པར་འཆད་པ་ནི། སྤྱི་ལུགས་ཡིན་པ་ལྟར། ཕར་ཕྱིན་གྱི་དབུ་མ་དག་ནས་མ་བཤད་པའི། དེ་དང་དེ་སྔགས་ཀྱི་དབུ་མ་ནས་འཆད་དགོས་པ་ཡིན་ཏེ། བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། ཨཱརྻ་དེ་བས། བསྐལ་པ་བྱེ་བ་རྣམས་སུ་ཡང༌། །ཐོས་པའི་ཕ་རོལ་སོན་གྱུར་ཀྱང༌། །རང་བྱིན་བརླབས་ལས་ཕྱིར་ཕྱོགས་པ། །དེ་ཡིས་དེ་ཉིད་མཐོང་བ་མེད། །ཞེས་དང༌། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཅེས་སོགས་ཀུན་ལས་གྲགས་པ་ལྟར་ཡིན་པས། དཔེར་ན་བླ་མེད་ཀྱི་སྒྲུབ་ཐབས་རེ་རེའི་ཐོག་མར། ཡེ་ཤེས་ཚོགས་སོག་གི་ཚེ། ཀུན་རྫོབ་མཐའ་དག་རང་སྟོང་དུ་ཐག་བཅད་ནས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ངའོ་ཞེས་ཁས་ལེན་པ་དེའི་ཚེ། དོན་དམ་པའི་བདེན་པ་ལས་འོས་མེད་པ་དང༌། དངོས་གཞིའི་ཚེ། ཐ་མལ་གྱི་སྣང་ཞེན་བཀག་པའི་ཕྱིར་ན། རྟེན་བརྟེན་པའི་གསལ་སྣང་ཇི་སྙེད་པ་དོན་དམ་པའི་བདེན་པར་ཁས་ལེན་པ་ལས་འོས་མེད་པ་དང༌། གྱ་ནོམ་ལྷར་ཞེན་གྱི་རྟོག་པ་བཀག་ནས། རྫོགས་རིམ་གྱི་ཡེ་ཤེས་ལ་ཞུགས་པའི་ཚེ། མཐར་ཐུག་གི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པར་ཁས་ལེན་དགོས་པ་ཡིན་ཏེ། གཞན་དུ། ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་ན། མ་རིག་པས་བསླད་པ་ཞུགས་པའམ། རིགས་པས་དཔྱད་མི་བཟོད་པ་གང་རུང་དུ་ཐལ་བ་ལས་མི་བཟོད་པ་མ་ཡིན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ཁོ་ནར་ངེས་པའི་ཕྱིར། གཉིས་པ་ནི། གསང་འདུས་པའི་རྫོགས་རིམ་གྱི་གཙོ་བོ། རིམ་པ་ལྔའི་ནང་གི་བཞི་པ། འོད་གསལ་བའི་རིམ་པ་དང༌། མངོན་པ་བྱང་ཆུབ་པའི་རིམ་པ་ཞེས་མཚན་དུ་གསོལ་བ་དེ། དོན་དམ་པའི་བདེན་པ་ཁོ་ནར་དམ་བཅས་ཏེ་བཤད་པ་ལས་གཞན་དུ་གཡོས་པའི་སྐབས་མི་སྲིད་པའི་ཕྱིར་ན། དོན་དམ་བདེན་པའི་གཞི་ཕར་ཕྱིན་པ་ལ་ལྟོས་མི་དགོས་སོ། །འོན་ཏེ། འདིར་བཤད་པའི་འོད་གསལ་དེ་དང༌། ཕར་ཕྱིན་པའི་སྟོང་ཉིད་གཅིག་གོ་ཞེ་ན། ཕར་ཕྱིན་པའི་སྟོང་ཉིད་མཐའ་ཆོད་ངོ་ཤེས་པ་དེ་ལ་བསམས་ན་ནི། ཟུང་འཇུག་གི་སྐུ་འཇོག་མ་ཤེས་པ་དང༌། མཉམ་གཞག་ན་བློ་མེད་པ་སོགས་སུ་འགྱུར་ལ། བོད་ཕྱི་མས་བརྟགས་པའི་སྟོང་ཉིད་ཕྱོགས་རེ་བ་དེའམ། འཕགས་སྐོར་གྱི་གཞུང་འགྲེལ་ན་སྟོང་པ་ཉིད་གཏན་ལ་འབེབས་བྱེད་ཀྱི་ལུང་ཚིག་དབུ་མ་དང་མཐུན་པ་ཇི་ལྟ་བུ་ཞིག་བྱུང་ཡང་སྒྲོ་འདོགས་སེལ་བྱེད་དུ་འཆད་ཀྱི་སྒོམ་པས་ཉམས་སུ་མྱོང་བྱར་འཆད་པའི་སྐབས་མེད་དོ། །མདོར་ན་འཕགས་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་གྱུར་པའི་དོན་དམ་བདེན་པ་དང༌། སྤྱི་མཚན་གྱི་གཞི་མཐུན་པ་ཁས་ལེན་པ་ནི། སྔགས་དང༌། གྲུབ་མཐའ་བཞི་པོ་གང་གི་ནང་ན་ཡང་མེད་ཅེས་དམ་འཆའ་བར་ནུས་སོ། །དེ་ལྟ་ན། རྟ་དཀྱུ་ས་དང་རྒྱུག་པའི་དཔེས་བཀག་པ་མ་ཡིན་ནམ་ཞེ་ན། དེའི་ཚེ། སྒོམ་བྱར་བཤད་ཀྱང༌། དོན་དམ་པའི་བདེན་པ་དང༌། ཡེ་ཤེས་ཀྱི་མྱོང་བྱར་མི་བཞེད་དོ། །འདི་སྐབས་ཀྱི་འོད་གསལ་དང༌། ཕར་ཕྱིན་པའི་སྟོང་པ་ཉིད། ངོ་བོའི་སྒོ་ནས་མི་འདྲ་བར་མ་ཟད། འཐོབ་བྱེད་ཐབས་ཀྱི་སྒོ་ནས་ཀྱང་ཕར་ཕྱིན་གྱི་སྟོང་ཉིད་ནི་ཐོས་བསམ་གྱི་སྒོ་ནས། དོན་སྤྱི་ཙམ་ཞིག་ཤེས་པར་བྱ་བ་ཡིན་གྱི། རྟོགས་བློ་མངོན་སུམ་པ་མི་སྲིད་ཅིང༌། འདི་སྐབས་ཀྱི་འོད་གསལ་ནི་དབང་གསུམ་པའི་ཐབས་མཁས་ཀྱིས་མངོན་སུམ་དུ་བྱ་བར་བཤད་པའི་ཕྱིར་དང༌། འབྲས་བུའི་སྒོ་ནས་ཀྱང༌། འོད་གསལ་འདི་ནི་ཟུང་དུ་འཇུག་པའི་དེ་མ་ཐག་རྐྱེན་དུ་བཤད་ལ། སྟོང་པ་ཉིད་ནི་ཤེས་པ་གང་གི་ཡང་ཉེར་ལེན་དུ་མི་རུང་བའི་ཕྱིར། འོད་གསལ་གྱི་ངོས་འཛིན་གཏིང་མ་ཚུགས་པ་གཞན་དང་གཞན་ཞིག་འཆད་པ་ལ་ནི། འོག་ཏུ་བརྟག་པར་བྱའོ། །གཉིས་པ་ལ། རྒྱུད་ཀྱི་ངོས་འཛིན་ཉི་ཚེ་བར་སོང་བ་དང༌། ཨེ་ཝཾ་གི་ངོས་འཛིན་ཡང་དེ་ལྟར་ཐལ་བའོ། །དང་པོ་ནི། བདེ་སྟོང་དབྱེར་མེད་ཀྱི་གོ་དོན། གཞི་ལམ་འབྲས་གསུམ་ཀུན་ལ་ཁྱབ་བྱེད་དུ་འཇུག་པར་བཤད་ན་འཐད་ཀྱང༌། ཕྱི་རབས་པས་བརྟགས་པ་འདི་ནི་རྒྱ་ཆུང་བ་ཡིན་ཏེ། སྟོང་པའི་གོ་དོན། དབུ་མ་ཐལ་འགྱུར་བས་བརྟགས་པ་ལ་ངོས་གཟུང་བ་དང༌། བདེ་བའི་དོན་དབང་གསུམ་པའི་ལམ་གྱིས་བསྐྱེད་པ་ལ་ངོས་གཟུང་བས། གཞི་དུས་ལ་མ་ཁྱབ་པའི་ཕྱིར། རྒྱུ་རྒྱུད་ལ་མ་ཁྱབ་ན་སྤང་བྱ་དྲི་མ་དང་གཉེན་པོ་ཡོན་ཏན་གང་ལ་གནས་པའི་གཞི་ངོས་མི་ཟིན་པ་དང༌། སྦྱང་གཞི་གང་གི་སྟེང་དུ། དྲི་མ་དང་གཉེན་པོ་ལྷན་ཅིག་ཏུ་གནས་ནས། གནོད་པ་ཇི་ལྟར་བྱེད་པའི་ཚུལ་དང༌། དེའི་ཚེ་ན་གནས་ཀྱིས་གནས་པའི་ཕྱོགས་བཟུང་བས། གནས་དང་གནས་པ་པོ་བདག་ཉིད་གཅིག་ཏུ་གྱུར་ནས། གཉེན་པོས་སྤང་བྱའི་ས་བོན་དྲུངས་འབྱིན་པའི་ཚུལ་རྣམས། མ་འཁྲུལ་བ་ཚིག་ཏུ་འཆད་མི་ནུས་པ་དང༌། དོན་ལ་གཞག་མི་ནུས་པའི་ཕྱིར་རོ། །འོ་ན། ཀུན་ལ་ཁྱབ་བྱེད་དུ་འཇུག་པའི་རྒྱུད་དེ་ལ། བདེ་བ་དང་སྟོང་པ་དབྱེར་མེད་པ་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །བཤང་བའི་སྲིན་བུ་ལ་སོགས་པ། །བདེ་བ་གང་ཕྱིར་མི་ཤེས་པ། །སངས་རྒྱས་ཡེ་ཤེས་བདེ་བ་ཅན། །ཞེས་དང༌། བདེ་བ་རྟོགས་ཕྱིར་ང་སངས་རྒྱས། །ཞེས་སོགས་རྣམ་གྲངས་དུ་མར་གསུངས་པ་དེ་དང༌། སྟོང་པ་ཡང༌། ཐོས་བསམ་གྱི་རིགས་པས་བརྟགས་པའི། བྲལ་ཆ་རྟོག་པ་ལ་ཤར་བ་དེ་མ་ཡིན་གྱི། གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ། དེ་ཡང་མེད་པར་དགག་པའི་ཆ་ནས་མི་འཛིན་གྱི། བདེ་བ་དེ་དང་རྫས་སོ་སོ་བ་མ་ཡིན་པས་ན། དབྱེར་མེད་པ་ཉིད་དོ། །རྡོ་རྗེ་ཐེག་པའི་སྐབས་འདི་དག་ཏུ། ཟུང་འཇུག་དང་དབྱེར་མེད་ཀྱི་དོན་དངོས་པོ་གཅིག་ཏུ་གྱུར་པ་ལ་འཆད་ཅིང༌། རྟོག་གེ་ལ་གྲགས་པའི་ལྡོག་པ་ཐ་དད་ཀྱིས། འདིར་གོ་ཆོད་པ་མ་ཡིན་ཏེ། རྟོག་པས་རྣམ་པར་བརྟགས་པའི་ཆོས་དབང་བཙན་པར་མི་འཆད་དོ། །གཉིས་པ་ལ། ཨེ་ཝཾ་གི་ངོས་འཛིན་ཉི་ཚེ་བར་སོང་བ་དངོས་དང༌། ཉི་ཚེ་བ་ཉིད་ཀྱང་མི་འཐད་པའོ། །དང་པོ་ནི། ཇི་སྐད་དུ། ཨེ་ནི། དབུ་མ་ཐལ་འགྱུར་བས་གཏན་ལ་ཕབ་པའི་སྟོང་པ་ཉིད། ཝཾ་ནི། ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ཞུ་བདེ་ཡེ་ཤེས་ཀྱིས་ངོ་བོར་སྐྱེས་པ་དེ་ཡིན་ལ། དེས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ནི། དབྱེར་མེད་པ་སྟེ། ཐིག་ལེའི་དོན་ནོ། །ཞེས་འཆད་པ་འདི་ནི། རྒྱ་ཆུང་བ་ཡིན་ཏེ། ཁྱད་གཞི་དུས་ཀྱི་ཨེ་ཝཾ་མི་བཞེད་ཀྱང༌། ངེས་པར་ཁས་ལེན་དགོས་པས། དེ་ལ་མ་ཁྱབ་པ་དང༌། འབྲས་དུས་ཀྱི་ཨེ་ཝཾ་བཞེད་མོད། དེ་ལ་བཤད་མ་ཐག་པའི་མཚན་ཉིད་དེ་ཚང་བའི་གོ་སྐབས་མེད་པས་སོ། །གཞི་དུས་ཀྱི་ཨེ་ཝཾ་ངེས་པར་ཁས་ལེན་དགོས་ཏེ། རྗོད་བྱེད་ཚིག་གི་རྒྱུད་རྣམས་ཀྱི་བསྟན་བྱའི་གཙོ་བོ། བརྗོད་བྱ་དོན་གྱི་རྒྱུད་ནི། ཨེ་ཝཾ་ལས་གཞན་དུ་མ་བཤད་ལ། རྒྱུད་དེ་ཡང༌། ཇི་སྐད་དུ། རྒྱུད་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཞེས་སོགས་གནས་སྐབས་གསུམ་དུ་ཕྱེ་བའི་ཕྱིར། གལ་ཏེ། ཨེ་ཝཾ་འཁོར་བ་ཞེས་བྱ་སྟེ། །ཨེ་ཝཾ་མྱ་ངན་འདས་པ་ཉིད། །ཅེས་པ་ལ་བརྟེན་ནས་ཁྱོད་ཀྱི་ཕྱོགས་ལ། ཨེ་ཝཾ་ཉིད་འཁོར་འདས་གཉིས་ཀ་དང༌། གཉིས་པོ་ཡང་ཕན་ཚུན་དུ་དབྱེ་བ་མེད་པའི་ཕྱིར། གཅིག་པར་ཁས་ལེན་ནམ་ཞེ་ན། ཁོ་བོ་ཅག་ནི་འདི་ལྟར་ཁས་ལེན་ཏེ། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ན། ཨེ་ཝཾ་ལས་མ་གཏོགས་པའི་ཆོས་གཞན་ཡོད་པ་མིན་ནོ། །འོ་ན་གཞི་དུས་སུ་འཁོར་བ་མེད་པར་ཁས་ལེན་ནམ། ཞེ་ན། དུས་དེར། ཨེ་ཝཾ་གཉིས་ལ་འཁོར་བའི་མིང་གིས་འདོགས་སོ། །ཞེས་སྟོན་པ་ནི། འདི་ཉིད་འཁོར་བ་ཞེས་བྱ་སྟེ། ཞེས་པའོ། །འབྲས་བུའི་དུས་སུ་ནི། ཨེ་ཝཾ་ཉིད་མྱ་ངན་ལས་འདས་པ་དངོས་སོ། །ཞེས་འཆད་པ་ནི། འདི་ཉིད་མྱ་ངན་འདས་པ་ཉིད། །ཅེས་པའོ། །གཞི་དུས་སུ་དེ་ལ་དེར་འདོགས་པའི་རྒྱུ་མཚན་ནི། སྦྱངས་གཞི་ཨེ་ཝཾ་གི་སྟེང་དུ་སྦྱང་བྱའི་དྲི་མ་གཟུང་འཛིན་གཉིས་ཀྱི་བག་ཆགས་མ་དག་པ་དེ་སྲིད་དུ་འཁོར་བའི་སྣང་བ་རྒྱུན་མི་ཆད་པའི་ཕྱིར། ཞེས་སྟོན་པ་ནི། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །ཞེས་པའོ། །འདི་ཁྱབ་འབྲེལ་ཡང༌། གཞི་དུས་སུ་འཁོར་བའི་མཚན་གཞི་ནི། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་ཁོ་ནའོ། །ཞེས་འཆད་པ་ནི། འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་དབང་པོ་རྣམས་ཉིད་ཡིན། །ཞེས་པའོ། །བཏགས་པའི་དགོས་པ་ནི། གནས་ཚུལ་ལ། ཨེ་ཝཾ་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་མེད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །ཞེས་སྟོན་པ་ནི། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་པ་སྟེ། འདིའི་དོན་ཡང༌། འཁོར་བ་སྔར་ཡོད་པ་ཞིག་གཉེན་པོས་ཕྱིས་མེད་པར་བྱས་ནས། མྱ་ངན་ལས་འདས་པ་བསྒྲུབ་དགོས་པ་མ་ཡིན་གྱི། འཁོར་བ་གདོད་མ་ནས་ཡོད་མ་མྱོང་བ་ཉིད་མྱ་ངན་ལས་འདས་པའོ། །ཞེས་འཆད་དགོས་པར་ནི། ཀླུ་སྒྲུབ་ཀྱི་ཀྱང༌། འཁོར་བ་མི་དམིགས་པ་འདི་ནི། །མྱ་ངན་འདས་པར་ཁྱོད་ཀྱིས་བཞེད། །ཅེས་གསུངས་སོ། །དངོས་ལ་གནོད་བྱེད་ནི། དྲི་མའི་སྦྱངས་གཞིར་གྱུར་པ་ནི། གཞི་དུས་ཀྱི་རྒྱུད་དང༌། ཨེ་ཝཾ་ཆོས་ཅན་དུ་བཟུང་ནས། འཁོར་བ་དངོས་མ་ཡིན་ཏེ། གདོད་མ་ནས་མྱ་ངན་ལས་འདས་པའི་ཆོས་སུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སྟོན་པ་ནི། འདི་རྣམས་ཆོས་ནི་མྱ་ངན་འདས། །ཞེས་པའོ། །འདིར་ཡང༌། རྣལ་འབྱོར་དབང་ཕྱུག་མ་དག་པའི་གཟུང་འཛིན་ཇི་སྙེད་པ་ཡོད་མ་ཡིན་དུ་བཞེད་པ་དང༌། བོད་ཕྱི་མ། དེ་དག་ཡོད་པ་མ་ཡིན་ན་ཆད་པའི་མཐར་ལྷུང་ངོ༌། །ཞེས་འཆད་པ་གཉིས་ལས། གང་བདེ་བ་ཞིག་ཕྱིས་སླད་ནས་འབྱོན་པ་དག་ལ་སྦྱིན་ནོ། །དབྱེར་མེད་ཀྱི་དོན་ནི། གཉིས་སུ་མེད་པ་སྟེ། ཕར་ཕྱིན་གྱིས་དབུ་མ་པ། འཁོར་བ་མྱང་འདས་སུ་རོ་གཅིག་པ་ཞེས་བྱ་བ། རིགས་པས་དཔྱད་པའི་ཚེ། དངོས་པོའི་ཆོས་གཅིག་ཀྱང་མ་ལུས་པ་ལ་འཆད་པ་དང༌། གང་རུང་གཅིག་ཁས་ལེན་པ་སྔགས་དང༌། བྱམས་ཆོས་གཉིས་ལས། འདིར་ཕྱི་མ་ཁས་ལེན་ལ། དེའི་ཚེ། འཁོར་བ་ནི་གནས་ཚུལ་ལ་ཡོད་པ་མ་ཡིན་པའི་ཕྱིར། གནས་ཚུལ་ལ་ཡོད་པ་ནི་མྱ་ངན་ལས་འདས་པ་གཅིག་པུ་ཉིད་དོ། །དེའི་ཕྱིར་དེ་དག་གནས་ཚུལ་ལ་དབྱེར་མེད་པ་ཉིད་དོ། །དེའི་ཕྱིར་གང་དག་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། །ཞེས་ཟེར་བ་ནི། རྡོ་རྗེ་ཐེག་པའི་སྐབས་འདིར། ལྡོག་པའི་ཆོས་ཀྱིས་ཡོད་པའི་གོ་མི་ཆོད་ཅིང༌། བདེན་གཉིས་ངོ་བོ་གཅིག་པ་ནི། ཕར་ཕྱིན་དུའང་ཕྱི་རབས་པས་བརྟགས་ཀྱང་མི་འཐད་དེ། གཞུང་འགྲེལ་ལས། གཉིས་པོ་དེ་ཉིད་དང༌། གཞན་དུ་བརྗོད་དུ་མེད་པར་བཤད་པའི་ཕྱིར་རོ། །འོ་ན། ཁྱོད་ཀྱི་ཕྱོགས་ལ་འཁོར་འདས་དབྱེར་མེད་ཀྱི་དོན་གསལ་སྟོང་ཟུང་འཇུག་ལ་འཆད་པ་མ་ཡིན་ནམ། འཁོར་བའི་ངོས་འཛིན་བསལ་བྱ་ཉིད་ལ་འདོད་དམ། ཅི་ཞེ་ན། འཁོར་བའི་ངོས་འཛིན་གཟུང་འཛིན་གཉིས་སྣང་གི་རྣམ་ཤེས་ལ་བྱེད་པ་དེའི་ཚེ་ཞིབ་མོར་ཕྱེ་བ་ན། གཉིས་སྣང་དྲི་མའི་ཆ་ནི་ཡོད་པ་མ་ཡིན་ཞིང༌། གསལ་རིག་ཡེ་ཤེས་ཀྱི་ཆ་ནི། མྱང་ངན་ལས་འདས་པ་ཉིད་ཀྱི་ཕྱིར། དབྱེར་མེད་དོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་གཞིའི་དུས་ཉིད་ནས། ཨེ་ཝཾ་འཇོག་ན་ཇི་སྐད་དུ། དབང་ལས་ཡང་དག་ཤེས་པར་བྱ། །ཞེས་བཤད་པ་མ་ཡིན་ནམ། ཞེ་ན། དེ་ནི་ལམ་དུས་ཀྱི་ཨེ་ཝཾ་ལ་དགོངས་པ་སྟེ། གཞི་དུས་ཀྱི་ཨེ་ཝཾ། ལམ་དུས་ཀྱི་དེར་འགྱུར་བ་དབང་བསྐུར་ལ་རག་ལས་པའི་ཕྱིར། དེ་ལྟར་ན། འཁོར་བ་གཟུང་འཛིན་གཉིས་སྣང་གི་དྲི་མས་སྟོང་པ་ནི། ཨེ་དྲི་མས་སྟོང་ཡང་གསལ་རིག་གིས་མི་སྟོང་བ་ནི། ཝཾ་ཉིད་དེ། རང་བཞིན་རྣམ་དག་གི་སངས་རྒྱས་སོ། །གཉིས་པ་ཉི་ཚེ་བ་དེ་ཉིད་ཀྱང་མི་འཐད་པ་ནི། ཡུལ་ཅན་སྔགས་ཀྱི་བདེ་བ་ཆེན་པོས་ཡུལ་ཕར་ཕྱིན་པའི་སྟོང་པ་ཉིད། གཉིས་སྣང་ནུབ་པའི་ཚུལ་གྱིས་མངོན་སུམ་དུ་རྟོགས་པ་གཅིག་ཡོད་པར་འདོད་ན། རིགས་པའི་གཞུང་ལུགས་མཐའ་དག་ལས་ཉམས་པ་ཡིན་ཏེ། གཞན་སེལ་བའི་ཡུལ་ཅན་གྱིས་མངོན་སུམ་ནི། ཕྱོགས་གླང་ཡབ་སྲས་ཀྱིས་བཀག་པའི་ཕྱིར་རོ། །ལུགས་ཐ་དད་དོ་ཅེས་ཟེར་མོད། ཐལ་འགྱུར་བའི་ལུགས་ཀྱི་སྟོང་པ་ཉིད་ལ། ཡུལ་ཅན་མངོན་སུམ་དང་རྗེས་དཔག་གཉིས་ཀ་མི་སྲིད་པར། ཇོ་བོ་ཨ་ཏི་ཤས་བཤད་ལ། དེ་ཙམ་གྱིས་ཀྱང་མི་ཆོག་ན། འདིར་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་བདེ་བ་ཆེན་པོ་དེ། སྟོང་པ་ཉིད་ལ་རྣལ་འབྱོར་མངོན་སུམ་དུ་འགྲོ་བ། ཐོས་བསམ་མམ་འཇིག་རྟེན་པའི་སྒོམ་བྱུང་ལ་ལྟོས་སམ། མི་ལྟོས། མི་ལྟོས་ན། གསང་སྔགས་ཀྱི་ལྟ་བ་རྟོགས་པ་ཕར་ཕྱིན་པའི་རིགས་པས་ལྟ་བའི་ཕུ་ཐག་བཅད་པ་སྔོན་དུ་སོང་བ་ལ་ངེས་པར་ལྟོས་དགོས་ཞེས་འཆད་པ་འགལ། ལྟོས་ན་དེ་འདྲའི་མངོན་སུམ་ནི་རིམ་པ་བཞི་པར་སྐྱེ་བ་ལས་འོས་མེད་ལ། འཇིག་རྟེན་པའི་སྒོམ་བྱུང་གང་དུ་སྐྱེས། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་བདེ་བ་ཆེན་པོ། སྔགས་ཀྱི་ལུགས་ལ་རྟོག་པར་འདོད་པའི་གོ་སྐབས་མེད་དེ། གཞན་དུ་ན་བདེ་ཆེན་དེ་ཟག་པ་དང་བཅས་པར་ཐལ་བའི་ཕྱིར་རོ། །རིམ་པ་བཞི་པའི་དེ་མ་ཐག་རྐྱེན་ཕར་ཕྱིན་པའི་སྦྱོར་ལམ་ཆོས་མཆོག་གིས་བྱེད་པར་ཁས་བླངས་ན། ཧ་ཅང་ཐལ་བ་མ་ཡིན་ནམ། གང་ཡང་རྡོ་རྗེ་ཐེག་པའི་ཟབ་ཁྱད་བདེ་སྟོང་སྦྱོར་བ་དང༌། དེའི་ཚུལ་ཡང་ཡུལ་ཡུན་དུ་སྦྱོར་བ་དེའི་ཚེ། མངོན་སུམ་པ་ཉིད་ལས་འོས་མེད་དེ། དྷུ་ཏིར་ཞུགས་པའི་བདེ་བ་ནི། རྟོག་པ་མི་སྲིད་ཅིང༌། འཁྲུལ་པར་ཡང་ཁས་ལེན་མི་ནུས་པའི་ཕྱིར་རོ། །དེས་ན་མཐོང་ལམ་གྱི་སྔ་རོལ་དུ། སྡེ་སྟོང་སྦྱོར་རྒྱུ་མ་བྱུང་བས། སྔགས་ཀྱི་ཟབ་ཁྱད་ལས་ཉམས་པ་མ་ཡིན་ནམ། གལ་ཏེ། སེམས་དབེན་གྱི་ཐད་དུ། བདེ་སྟོང་གི་སྦྱོར་བ་དཔེའི་ཡེ་ཤེས་སུ་སྐྱེ་བོ་ཞེ་ན། སྔ་རབས་པའི་བདེ་སྟོང་དབྱེར་མེད་ནི། ཁོ་བོ་ཅག་ཀྱང་མི་འགོག་མོད། སེམས་དབེན་གྱི་སྐབས་སུ། ཡུལ་ཅན་བདེ་བས་ཡུལ་ཐལ་འགྱུར་བའི་ལུགས་ཀྱི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ཡོད་ན། སྐབས་དེར། སྟོང་པ་བཞི་པ་མངོན་སུམ་དུ་རྟོགས་པར་འགྱུར་ལ། དེ་ལྟར་འདོད་ན་དེའི་ཚེ། རིམ་པ་བཞི་པ་ཉིད་དུ་སླེབ་པར་འགྱུར་ཏེ། ཐམས་ཅད་སྟོང་པ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །སྨྲས་པ། གཡོ་མེད་ལུང་གི་གྲུ་བོ་ཆེ། །གཡོ་ཅན་ཐག་པ་མང་པོ་དང༌། །གཡོ་རུའི་འཁྲུལ་འཁོར་འཛིན་མཁས་པས། །གཡོ་ཞིང་བར་མ་བྱས་སམ། །ལུང་རྣམས་རིགས་པས་འདྲེན་ནོ་ཞེས། །ལུང་རྟོགས་སྔོན་གྱི་ལུགས་འཛིན་པོ། །ལུང་དང་ཡུ་བར་བྲལ་བྱེད་པའི། །ལུང་བསྟན་ཡོད་ན་མ་གཏོགས་སོ། །གསུམ་པ་ལ། སྒྱུ་ལུས་ཀྱི་སྒྲུབ་ཐབས་ཡོད་མེད་ལས། ཕ་མའི་རྒྱུད་དུ་འབྱེད་མི་ནུས་པ་དང༌། དེ་ཙམ་གྱིས་བློ་མེད་ཐེག་པའི་ཁྱད་པར་འཕགས་ཆོས་སུ་མི་འགྲུབ་པའོ། །དང་པོ་ནི། ཕ་རྒྱུད་མཐའ་དག་ལ་སྒྱུ་ལུས་ཀྱི་སྒྲུབ་ཐབས་ཡོད་པར་མ་ངེས་ཏེ། སྒྲུབ་ཐབས་དེ་ལ་ནི། རྒྱུ་དབེན་པ་གསུམ་སྔོན་དུ་འགྲོ་དགོས་ཤིང༌། འབྲས་བུ་འོད་གསལ་གྱིས་མཐར་ཕྱིན་པར་བྱེད་དགོས་པས་ན། གསང་བ་འདུས་པའི་རིམ་པ་ལྔ་ཡ་བྲལ་དུ་མི་རུང་ལ། ཕ་རྒྱུད་མཐའ་དག་ལ། གསང་འདུས་རིམ་ལྔའི་ལམ་གྱིས་མ་ཁྱབ་པའི་ཕྱིར། གཉིས་པ་ནི། རྒྱུ་ལུས་ཀྱི་སྒྲུབ་ཐབས། བོད་ཕྱི་མས་འཆད་པ་དེ་ཙམ་གྱིས། གསང་འདུས། རྒྱུད་སྡེ་གཞན་ལས་ཁྱད་པར་འཕགས་ཆོས་སུ་མི་འགྲུབ་སྟེ། སྒྱུ་ལུས་བསྒྲུབ་པའི་དགོས་པ་དང༌། གྲུབ་པའི་འབྲས་བུའི་ཁྱད་པར་གང་ཡོད་པ་དེའི་སྒྲུབ་བྱེད་དང་ལམ་གྱི་རིམ་པ་ནི། གསང་བ་འདུས་པར་གསུངས་པའི་ཚད་ཐུབ་ངོ་ཤེས་པ། བདེ་དགྱེས་དང༌། དུས་འཁོར་སོགས་ལ་ཤིན་ཏུ་ཚང་བའི་ཕྱིར། འབྲས་དུས་ཀྱི་མཚན་དཔེ། གཟུགས་ཀྱི་སྐྱེ་མཆེད་པའི་རྣམ་པར་སྣང་བ་དེ་འགྲུབ་པ་ལ། དེའི་རིགས་འདྲ་སྔ་མ་ཞིག་བསྒྲུབས་པས། མཚན་དཔེའི་འགྲུབ་བྱེད་ཁྱད་འདོན་དུ་འགྲོ་བ་མ་ཡིན་ཏེ། དོན་དམ་པའི་མཚན་དཔེ་དངོས་ནི། ཡེ་ཤེས་སུ་འཆད་དགོས་པའི་ཕྱིར་དང༌། ཀུན་རྫོབ་པའི་མཚན་དཔེ་ནི། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་མཐར། འབད་མེད་ལྷུན་གྲུབ་ཏུ་གཞན་སྣང་ལ་འཆར་བ་ཡིན་གྱི། དངོས་ཀྱི་ཉེར་ལེན་རིགས་འདྲ་སྔ་མ་སྔོན་སོང་ལ་མི་ལྟོས་པའི་ཕྱིར། ལྟོས་སུ་ཆུག་ཀྱང༌། ཤེས་པ་མ་ཡིན་པའི་གཟུགས་ཀྱི་སྐྱེ་མཆེད་ཡེ་ཤེས་ཀྱི་ཉེར་ལེན་དུ་ཐལ་བར་འགྱུར་ཏེ། ཟུང་འཇུག་གྲུབ་པའི་སློབ་པ་ལ་ནི། རང་ལུས་ཀྱི་མཚན་དཔེ། གཟུགས་ཀྱི་སྐྱེ་མཆེད་དུ་སྣང་ལ། དེ་ལྟར་སྣང་ཙམ་དེ། གཟུགས་ཀྱི་སྐྱེ་མཆེད་དངོས་ཡིན་པར་ནི། བོད་ཕྱི་མས་ཁས་ལེན་ལ། སངས་རྒྱས་ཀྱི་སས་བསྡུས་པའི་བེམས་པོ་མི་སྲིད་དོ། །དེ་ཡང་འདི་ལྟར། ཟུང་འཇུག་གི་དོན་ནི་གཉིས་མེད་གཅིག་པུར་གྱུར་པ་ཞེས་བྱ་བ་ཡིན་ལ། གཅིག་པུ་དེ་ཡང༌། སངས་རྒྱས་ཀྱི་གཟིགས་ངོར་ནི། དོན་དམ་པའི་བདེན་པ་ཁོ་ནར་ངེས་ལ། སེམས་ཅན་གྱི་སྣང་ངོར་ནི། ཀུན་རྫོབ་མཚན་དཔེའི་རྣམ་པ་ཁོ་ནར་སྣང་བ་ཡིན་གྱི། དེ་ལས་གཞན། གནས་ཚུལ་དོན་དམ་པའི་ལོངས་སྐུར་འཆར་ནུས་པ་མ་ཡིན་ནོ། །དེ་ལྟར་ངེས་པ་དེའི་ཕྱིར། གཟུང་འཛིན་གྱི་བག་ཆགས་སྤངས་མ་ཟིན་པ་རྣམས་ལ། ལོངས་སྐུ་མཚན་དཔེའི་རྣམ་པ་ཅན་དུ་འཆར་བ་དེ་ནི། སངས་རྒྱས་རང་གི་སྔོན་གྱི་སྨོན་ལམ་དང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་མཐུ་དང༌། གདུལ་བྱ་རང་གི་བསོད་ནམས་ཀྱི་མཐུ་ལས་འཆར་བ་ཡིན་གྱི། མཚན་དཔེའི་རིགས་འདྲ་སྔ་མས་བྱས་པར་འཆད་པའི་རྣམ་དག་གི་ལུང་མེད་ཅིང་སློབ་པའི་ཟུང་འཇུག་གི་དུས་སུ། རང་སྣང་ལ་མཚན་དཔེའི་རྣམ་པར་སྣང་བ་དེ། བདག་པོའི་རྐྱེན་རིམ་པ་གསུམ་པའི་མཐུ་ལས་ཡིན་མོད། དེ་མ་ཐག་པའི་རྐྱེན་ནི། འོད་གསལ་བ་ཉིད་ཡིན་པའི་ཕྱིར། རིགས་འདྲ་སྔ་མ་ལས་བྱུང་བ་མ་ཡིན་ནོ། །སྤྱིར་སངས་རྒྱས་ཀྱི་ཡེ་ཤེས་ལ། ཀུན་རྫོབ་པའི་སྣང་བ་འཆར་མི་འཆར་གྱི་ཤིང་རྟའི་སྲོལ་གཉིས་ལས། ཟླ་བའི་ཞབས་ཀྱི། མདོ་སྔགས་ཀྱི་གཞུང་དུ་ནི་སྣང་མེད་ཀྱི་ཕྱོགས་ཉིད་གསལ་བར་བཞུགས་ཤིང༌། རིགས་པ་ཡང༌། དེར་དེ་འཆར་ན་ཀུན་རྫོབ་འོད་གསལ་གྱི་སྦྱངས་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །སློབ་པའི་ཟུང་འཇུག་ཏུའང་དེ་ལྟར་སྦྱངས་མོད་ཀྱང༌། གཉིས་སྣང་གི་བག་ཆགས་སྤངས་མ་ཟིན་པས། མི་སློབ་པ་དང་མི་མཚུངས་སོ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལྟ་བུ། སྣང་བཅས་བཞེད་པའི་ཕྱོགས་ལ་ཡང༌། གང་ཞིག་ཏུ་སྣང་བ་དེ་ཡང༌། ས་དེས་བསྡུས་ཀྱི་ཡེ་ཤེས་ཉིད་དུ་འཆད་ཀྱི། ལྡོག་པ་གཞན་སེལ་དང་ཕྱི་རོལ་གྱི་དོན་སྣང་བར་མི་བཞེད་ལ། བོད་ཕྱི་མས་ནི་སངས་རྒྱས་ཀྱི་སར་སྣང་བ་དེ་དག་ཁས་ལེན་པས་མི་འདྲ་བ་ཉིད་དོ། །ཡང༌། བོད་ཕྱི་མ་ནི། སངས་རྒྱས་ཀྱི་སར་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པའི་རྒྱུ་མཚན་གྱིས་བདེན་པ་གཉིས་ཀ་ཅིག་ཆར་དུ་སྣང་བ་ཡིན། ཞེས་འཆད་ལ། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དུ་ནི། དེ་ལྟར་སྤངས་པ་དེ་དོན་དམ་འབའ་ཞིག་ལས་གཞན་མི་སྣང་བའི་ཤེས་བྱེད་དུ་བཀོད་པ་ཡིན་ཏེ། རྨི་ལམ་དང་ནི་དེ་མཐོང་ཉིད། །ཅེས་སོགས་ལས་ཤེས་པ་དང༌། དེ་བཞིན་དུ། འཕགས་སྐོར་དུའང༌། རིམ་པ་གསུམ་པ་དང་བཞི་པའི་དུས་སུ། བདེན་གཉིས་སོ་སོར་ཤེས་པ་དང༌། ལྔ་པར་སླེབ་པ་ན། ཀུན་རྫོབ་སྒྱུ་མའི་མིང་ཅན་དེ་ཡང༌། དོན་དམ་པའི་བདེན་པ་ཉིད་དུ་འདྲེས་ནས་དབྱེར་ནས་དབྱེར་མེད་དུ་སོང་བར་འཆད་དགོས་པ་ཡིན་ནོ། །གལ་ཏེ་འོ་ན། གསང་འདུས་སུ་བཤད་པའི་རིམ་པ་གསུམ་པས་འགྲུབ་པའི་འབྲས་བུ་འགྲུབ་བྱེད་ཀྱི་རྒྱུའི་ནུས་པ། གསང་འདུས་དང་ཚད་མཉམ་པ་ཞིག མ་རྒྱུད་པ་ལ་ཡོད་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་བླ་མེད་ཀྱི་ཐེག་པར། ཚེ་གཅིག་དང༌། ལུས་གཅིག་གིས་སངས་རྒྱ་བའི་ནུས་པ་ནི། རྣལ་འབྱོར་ཕ་མའི་རྒྱུད་སྡེ་གཉིས་ཀ་ལ་ཁྱབ་བྱེད་ཐུན་མོང་དུ་འཇུག་པ་ཡིན་གྱི། སོ་སོར་ངེས་པ་ནི་མ་ཡིན་ནོ། །དེའི་ཚེ་རྒྱུད་གཉིས་ཀ་ཡང༌། སོ་སོ་སྐྱེ་བོའི་དུས་ཀྱི་རྣམ་སྨིན་གྱི་ཕུང་པོ་དང་བཅས་བཞིན་དུ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་འཚང་རྒྱ་བར་མི་བཞེད་པ་ནི་མཐུན་པ་ཉིད་དུ་ངེས་པ་ཡིན་ཏེ། སྡུག་བསྔལ་གྱི་ཕུང་པོ་ནི། སངས་རྒྱས་ཀྱི་སྐུ་གསུམ་པོའི་རྟེན་དུ་མི་རུང་བར་མདོ་སྔགས་ཐམས་ཅད་མཐུན་པའི་ཕྱིར། དེ་ལྟར་བྱས་པ་ན། གསང་བ་འདུས་པར་ནི། འཚང་རྒྱ་ཁར། རྣམ་སྨིན་གྱི་ཕུང་པོ་ཡོངས་སུ་བོར་ནས། སྦྲུལ་གྱི་ཤུན་ལྤགས་བརྗེས་པ་བཞིན་དུ། མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ལ། ཐོགས་པ་མེད་པའི་ཐབས་དང་ཤེས་རབ་ནི། རིམ་པ་གསུམ་པ་དང༌། བཞི་པས་མཛད་པར་འཆད་པ་འདི་ནི། ལུགས་འདིའི་ཁྱད་པར་འཕགས་ཆོས་ཀྱི་གཙོ་བོ་ཉིད་དུ། རྒྱ་བོད་ཀྱི་མཁས་གྲུབ་ཀུན་ལ་རླུང་ལྟར་དུ་གྲགས་སོ། །ཤེས་རབ་ཀྱི་རྒྱུད་པ་དག་ཀྱང་འདི་སྐད་དུ། ཁོ་བོ་ཅག་གི་གཞུང་དུ་ཡང༌། རྣམ་སྨིན་གྱི་ཕུང་པོའི་ཟ་མ་ཏོག་གི་ནང་དུ། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ། གསལ་བ་རབ་ཀྱི་མཐར་ཕྱིན་པ་ཉིད་དུ་གྱུར་པ་གཅིག་སྲིད་པར་ནི། ཇི་སྐད་དུ། སྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པས་འགྲུབ་ལ། དེའི་ཚེ་རྣལ་འབྱོར་པ་རབ་ཀྱིས། ཐུན་མོང་ཐེག་པ་ལ་གྲགས་པའི་འཁོར་བ་འཕེན་འགྲུབ་ཀྱི་རྒྱུ་བྱེད་པའི་ཉོན་སྒྲིབ་དང་བདེན་པ་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པ་གཅིག་སྲིད་ཀྱང༌། དེ་ཙམ་གྱིས། རྡོ་རྗེ་ཐེག་པ་ལ་ཐུན་མོང་མ་ཡིན་པར་གྲགས་པའི་སྤང་བྱ། ཁམས་འཕོ་བའི་བག་ཆགས་སྤོང་བར་མ་ནུས་པས། འགྱུར་མེད་ཀྱི་བདེ་ཆེན་བསྒྲུབ་པར་བྱ་བ་དང༌། རྣམ་སྨིན་གྱི་ཕུང་པོ་དང་བཅས་བཞིན་དུ་རྡོ་རྗེ་འཛིན་པའི་ས་མི་བགྲོད་པས་ན། ཕུང་པོའི་དྲི་མ་སྦྱངས་ནས་འཇའ་ཚོན་ལྟ་བུའི་ལུས་བསྒྲུབ་པའི་ཕྱིར་དུ། ཐབས་ཞུ་བདེ་ལ་བརྟེན་ནས། ཤེས་རབ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒྲུབ་པར་བྱེད་དོ། །དེ་ལྟར་གྲུབ་པས་ནི། ཁམས་འཛག་མེད་དུ་འཆིང་བྱེད་ཀྱི་ཐབས་རྒྱས་པར་ཇི་སྐད་དུ་གསུང་པ་དེ་དག་མངོན་དུ་བྱས་པས། ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ། རྣམ་སྨིན་ལུས་ཀྱི་བེམས་པོའི་ཁམས་ཟད་པར་གྱུར་ནས། འཇའ་ཚོན་ལྟ་བུའི་ལུས་གྲུབ་པ་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་གྲུབ་ནས། སྤང་བྱ་འཕོ་བའི་བག་ཆགས་ཡང་དག་པར་འཇོམས་པ་དང༌། གཟུང་འཛིན་གཉིས་སུ་སྣང་བ་དང༌། མངོན་པར་ཞེན་པའི་རྟོག་པ་མ་ལུས་པ་འཇོམས་ནུས་པ་ཞེས་བྱ་བ་དེ་ནི། རྒྱུད་འདི་ལ་ཡོད་དོ། །བོད་ཕྱི་མ་གཞན་དག་ན་རེ། མ་རྒྱུད་དུ་བཤད་པ་དེ་དག་ནི། བརྟག་པ་མཐར་གཟུང་བ་ཡིན་གྱི། ཉམས་སུ་ལེན་ནུས་པ་མ་ཡིན་ཏེ། སོལ་བ་བརྡར་བ་དུང་དུ་མི་འགྱུར་བ་བཞིན་དུ། འབྱུང་བཞིའི་རྡུལ་ཡེ་ཤེས་སུ་འགྱུར་བ་ག་ལ་སྲིད། ཅེས་ཟེར་བ་དེ་དག་ནི་གཟུང་བ་ཕྱི་རོལ་གྱི་དོན་ལ་ཞེན་ཆེས་པས་རྣམ་པར་བསླད་པ་ཡིན་གྱི། ཁོ་བོ་ཅག་ནི། ལུས་འདི་ལྟ་ཞོག སེམས་ཙམ་གྱི་གྲུབ་མཐའ་ཡན་ཆད་དུ། ཕྱི་རོལ་གྱི་དོན་ཡོད་པར་མི་འདོད་དོ། །དེ་ལྟར་ན། རྒྱུད་སྡེ་གཉིས་སུ་འཚང་རྒྱ་ཁར། རྣམ་སྨིན་གྱི་ཕུང་པོ་འདོར་པར་མཐུན་ཅིང་འདོར་བྱེད་ཀྱི་ལམ་ལ་ཟབ་ཁྱད་ཇི་ལྟར་ཡོད་པ་བརྟག་དཀའ་ཡང༌། རྗེ་གོང་མ་རྣམས་ཀྱི་གསུང་ལས། གསང་འདུས་ནི། ཐབས་རྒྱ་ཆེ་བས་ཁྱད་པར་དུ་འཕགས། རྣལ་འབྱོར་མའི་རྒྱུད་ནི། ཤེས་རབ་གཏིང་ཟབ་པས་ཁྱད་པར་དུ་འཕགས་ཞེས་གསུང་ངོ༌། །དེ་ལྟར་རྒྱུད་སྤྱི་དང་བྱེ་བྲག་གི་མཚན་དོན་ལ། བཞེད་ལུགས་མི་འདྲ་བ་དག་གི་མཐའ་ལ་རྣམ་པར་བརྟགས་ཟིན་ནས། བཤད་པར་བྱ་བའི་ཆོས་འདིའི་མངོན་པར་རྟོགས་པ་དངོས་གཞི་འཆད་པ་ལ་གསུམ་སྟེ། སྐབས་སུ་བབ་པའི་རྒྱུད་པ་གང་ལས་འོངས་པ་དང༌། སྨིན་པ་དང་གྲོལ་བར་བྱེད་པའི་ལམ་གྱི་དངོས་པོ་ངོས་གཟུང་བ་དང༌། གོང་མ་རྣམས་ཀྱིས་རྒྱས་པར་གསུངས་ཀྱང༌། དུས་འདིར་རྣམ་གཞག་འདི་ཙམ་ཞིག རྩོམ་དགོས་པའི་རྒྱུ་མཚན་ཤེས་ནས་འཇུག་བསྡུ་བའོ། །དང་པོ་ནི། དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་པ་དང་བཅས་པ། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་དང༌། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་དུས་སུ། འགྱུར་དང་དབང་ལུང་མན་ངག་གི་སྲོལ་རྒྱས་པར་བྱུང་མོད་ཀྱང༌། ཕྱི་མའི་དུས་འདིར། ཆོས་འདིའི་དབང་རྒྱུད། མན་ངག་གི་སྲོལ་འཛིན་ཇི་ལྟ་བ་བཞིན་དུ་མ་ཉམས་པར་བཞུགས་པ་ནི། མར་འགོས་ཀྱི་སྲོལ་གཉིས་སུ་གྲགས་པ་ལས། འདིར་ནི། རྒྱལ་སྲས་རླབས་པོ་ཆེ། བསྟན་པ་རིན་པོ་ཆེ་མཆོག་ཏུ་གཅེས་པར་བཟུང་ནས། ཆོས་དང་ཆོས་མ་ཡིན་པ་རྣམ་པར་དབྱེ་བའི་རྣམ་དཔྱོད་ཅན། འགོས་ཁུག་པ་ལྷས་བཙས་ཞེས་མཚན་ཉི་མ་ལྟར་དུ་གྲགས་པ་དེས། རྒྱ་གར་ཤར་ནུབ་གུང་གསུམ་དུ་ལན་བཅུ་གཉིས་བྱོན། སྤྱིར་མཁས་པ་པཎྜི་ཏའི་སློབ་དཔོན་བདུན་བཅུ། ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་རྣམས་ལ་བསྟེན། མདོ་སྔགས་ཀྱི་ཆོས་རྣམ་པར་དག་པ་མཐའ་དག་ལ་སྦྱངས། བོད་ཡུལ་ན་མདོ་རྒྱུད་འདི་དང་འདི་ཞེས་བྱ་བ། འཕགས་ཡུལ་ན་ཡོད་མེད་ཀྱི་ཁུངས་བརྩད་ལེགས་པར་བཅད། བྱེ་བྲག་ཏུ་གསང་འདུས་ཀྱི་སྲོལ་འཛིན་ཆེན་པོ། ས་འདྲེས་པའི་སློབ་མ་ལྔར་གྲགས་པ་ལས། ཤནྟི་པ་དང༌། དཔལ་སྦས་གཉིས་དང་མ་མཇལ། མངོན་ཤེས་ཅན། བཙུན་མོ་ཅན། མར་མེ་མཛད་རྣམས་དང༌། གཞན་ཡང་རྒྱལ་བུ་སྤྲིན་གྱི་ཤུགས་ཅན། ནག་པོ་དམ་ཚིག་རྡོ་རྗེ་རྣམས་ལ་ཡང་གཏུགས་ནས། གསང་འདུས་འཕགས་སྐོར་དུ་གྲགས་པའི་དབང་བཀའ། བཤད་བཀའ། མན་ངག་གི་ཟབ་ཁྱད་རྣམས་འབྲུ་གཅིག་ཀྱང་ཉམས་པ་མེད་པར། བོད་ཡུལ་དུ་ཕེབས་ནས། མར་སྟོན་སེང་གེ་རྒྱལ་མཚན་ལ་གནང༌། དེས་སྡོག་ཡེ་ཤེས་སེང་གེ་ལ། དེས་སྡོག་ཉི་མ་སེང་གེ་ལ། དེས་གླན་ཉི་མ་ལྕམ་ལ། དེས་སྡོག་ཨཱརྻ་དེ་བ་ལ། དེས་མཁན་པོ་འཕགས་པ་སྐྱབས་ལ། དེས་གསེར་སྡིངས་པ་གཞོན་ནུ་འོད་ལ། དེས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ལ། དེས་འཕགས་འོད་ཡོན་ཏན་རྒྱ་མཚོ་ལ། དེས་བུ་སྟོན་ཐམས་ཅད་མཁྱེན་པ་ལ། དེས་ཁྱུང་པོ་ལྷས་པ་ལ། དེས་ཤར་པ་ཡེ་ཤེས་རྒྱལ་མཚན་ལ། ཡང༌། གསང་བ་འདུས་པའི་དབང་བསྐུར་གླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་ལུགས་བཞིན། ཁ་ཆེ་པཎ་ཆེན་ནས། ས་སྐྱ་པཎ་ཆེན་ལ་རིམ་པར་བརྒྱུད་པ། རྗེ་ཤར་པའི་བར་དུ་བྱོན་པ་རྣམས་དང་བཅས། བུ་སྟོན་རིན་པོ་ཆེའི་གསུངས་གིས། འདི་ཡན་ཆད་ཀྱི་འགོས་ལུགས་ཀྱི་དབང་བཤད་མན་ངག་རྣམས་འབྲུ་གཅིག་ཀྱང་མ་ཉམས་པར་བྱོན་ཡོད་དོ། །ཞེས་གསུངས་པ་དེ་ཉིད། གོང་དུ་སྨོས་པ་བཞིན་རིམ་པར་བརྒྱུད་ནས། ཤར་པ་ནས་ཁོ་བོ་ཅག་གི་རྗེ་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་ཀུན་དགའི་མཚན་ཅན་ཉིད་ལ་བུམ་པ་གང་བྱོའི་ཚུལ་དུ་བྱོན་པ་ཡིན་ནོ། །ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པའི་དབང་གི་རྒྱུད་པ་ས་སྐྱ་པཎ་ཆེན་ལས་བརྒྱུད་པ་ནི། བུ་སྟོན་དང༌། ཁྱུང་ལྷས་པ་ཡན་ལ་མེད་ཅིང༌། འགོས་ལུགས་ཀྱི་དབང་གཙང་མ་ནི་འཕགས་པ་ཉིད་ཀྱི་ཉི་ཤུ་པར་གྲགས་པ་ལ་བརྟེན་པ་ཁོ་ན་ཡིན་གསུང་ངོ༌། །གཉིས་པ་ལ། སྣོད་རུང་གི་སློབ་མ་གང་ལ། དབང་གིས་ཇི་ལྟར་སྨིན་པ་མདོ་ཙམ་དུ་བསྟན་པ་དང༌། སྨིན་ནས་ཉམས་སུ་བླང་བྱའི་མངོན་རྟོགས་རྒྱས་པར་བཤད་པའོ། །དང་པོ་ནི། དྲི་མ་འཁྲུད་པར་བྱེད་པས་ན་དབང་ཞེས་བྱ་ལ། བསྐུར་བ་ནི། སྦྱིན་པ་སྟེ། གང་ལ་ན། སློབ་མའི་རིགས་སྔར་བཤད་པའི་ནང་ནས། ཆོས་འདི་ཡོངས་སུ་རྫོགས་པའི་སྣོད་དུ་རུང་བས་ན། རིན་པོ་ཆེ་ལྟ་བུའི་སློབ་མ་ལའོ། །གང་གིས་ན་སློབ་པའི་ཟུང་འཇུག་མངོན་དུ་བྱས་པའི་བླ་མས་ནི། ཆོས་འདི་ནས་བཤད་པའི་དབང་མཐའ་དག་བསྐུར་ནུས་པར་གསུངས་ལ། ཐ་ནའང༌། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་བ་ལ་ནི་སྔགས་ཀྱི་ཚོགས་ལམ་དུ་སོང་བ་ཞིག་དགོས་ཏེ། གཞན་དུ་ན། སློབ་མ་རིན་པོ་ཆེ་ལྟ་བུ་ལ། སློབ་དཔོན་པད་དཀར་ལྟ་བུས་ཀྱང༌། སྨིན་མི་ནུས་པར་བཤད་པས་སོ། །གང་དུ་བསྐུར་ན། གོང་དུ་ངོས་འཛིན་རྒྱས་པར་བཤད་ཟིན་པའི་བརྗོད་བྱ་དོན་གྱི་རྒྱུད་ཅེས་བྱ་བ་ཞིང་ས་གཤིན་པ་དང་འདྲ་བ་དེར་རོ། །ཇི་ལྟར་ན་དཔེ་རོལ་ནང་དུ་ལྷུང་བའི་ས་བོན་སྐམ་པོ། ཆུ་ལུད་དྲོད་བཤེར་དང་མ་འཕྲད་ན་མྱུ་གུ་མི་འབྱུང་ལ། ཕྲད་ན་འབྱུང་རུང་ཙམ་དུ་གནས་པ་དེ་ལ། དེ་དང་འཕྲད་པས། འབྱུང་ངེས་སུ་བྱས་པ་གཅིག་ཡོད་པ་དེ་ལ། མྱུ་གུ་སྐྱེ་བའི་ནུས་པ་མཐུ་ཅན་དུ་སྨིན་པ་ཞེས་བརྗོད་པ་ལྟར། རྒྱུའི་རྒྱུད་ཞིང་ས་དང་འདྲ་བ་དེ་དང་ངོ་བོ་དབྱེར་མེད་དུ་གྱུར་པའི་རང་བཞིན་གནས་རིགས་སམ། ཐོས་པའི་བག་ཆགས་སམ། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་ཅན། སཱ་ལུའི་ས་བོན་དང་འདྲ་བ་དེ་ལ་དབང་བསྐུར་སོས་ཆར་དང་འདྲ་བ་དེ་དུས་སུ་བྱིན་པས། ཚེ་འདི་ཉིད་ལ། བྱང་ཆུབ་འབྱུང་རུང་གི་ནུས་པ་སྨིན་པར་བྱས་པའི་ཚུལ་གྱིས་སོ། །དགོས་པ་ནི་ས་བོན་སྨིན་པར་མ་བྱས་ན་མྱུ་གུ་སྐྱེད་བྱེད་དུ་མི་རུང་བ་ལྟར། དབང་གིས་སྨིན་པར་མ་བྱས་ན། ལམ་དུ་ཞུགས་ཀྱང་འབྲས་བུ་མེད་པ་ཉིད་ཀྱི་ཕྱིར་ན། དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པའི་ཕྱིར་དུའོ། །གང་ཞིག་བསྐུར་བར་བྱ་བ་དང༌། གང་དུ་བསྐུར་བའི་གནས་ནི་དུ་ཞེ་ན། དང་པོ་ནི་བུམ་པ་དང༌། གསང་བ་དང༌། གསུམ་པ་དང༌། བཞི་པ་རྣམས་སོ། །དེ་དག་ཀྱང་གང་དུ་བསྐུར་བའི་རྒྱུད། རྫས་ཐ་དད་པ་མེད་ཀྱང༌། སེམས་ཀྱི་རྡོ་རྗེའམ། གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་གཅིག་པུ་ལ་ལྡོག་པས་ཕྱེ་ན། བུམ་དབང་སྐུ་རྡོ་རྗེ་ལ་དང༌། གསང་དབང་གསུང་རྡོ་རྗེ་ལ་དང༌། གསུམ་པ་ཐུགས་རྡོ་རྗེ་ལ་དང༌། བཞི་པ་ཡེ་ཤེས་རྡོ་རྗེའམ། གསུམ་ཀ་ལ་ཁྱབ་བྱེད་དུ་བསྐུར་བས་དྲི་མ་རྣམ་བཞི་འཁྲུད་པར་བྱེད་ཅིང༌། སྐུ་བཞི་སོ་སོའི་ས་བོན་ནུས་པ་མཐུ་ཅན་དུ་བྱེད་པའོ། །ཇི་ལྟར་བྱེད་པ་ཡང་གཅིག་ལ་མཚོན་ན། གཉེན་པོ་རིག་པ་ཡེ་ཤེས་ཀྱི་དབང་ལྔ་དང༌། སྤང་བྱ་ཟག་བཅས་ཀྱི་ཕུང་པོ་ལྔ་དང༌། ཕྱོགས་གཉིས་ཀ་ཡང་གནས་པའི་མལ་ནི། སེམས་བརྒྱུད་གཅིག་པུ་ལས་གཞན་མེད་པ་དེར། རེ་ཤིག་ལྷན་གཅིག་གནས་ནས། ནུས་མཐུ་འདྲེན་པའི་ཚེ། ཇི་སྐད་དུ། བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བཤད་པ་ལྟར། གནས་ཀྱིས་གནས་པའི་ཕྱོགས་གཅིག་གཟུང་བས། ཅིག་ཤོས་སུན་འབྱིན་པར་བྱེད་པའོ། །དེ་བཞིན་དུ། ཁམས་དང་སྐྱེ་མཆེད་ལ་ཡང་སྦྱར་བས། ཚུལ་དེ་ལྟ་བུ་ལ་ནི། བུམ་པའི་དབང་གིས་ལུས་ཀྱི་དྲི་མ་དག་པར་བྱེད་ཅིང༌། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་ཐོབ་པ་ཞེས་བྱ་སྟེ། སྐྱེད་རིམ་གྱི་མི་མཐུན་པའི་ཕྱོགས་ནི་མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་བར་སྣང་བ་དང༌། འཛིན་པར་རྟོག་པ་དག་ལས་གཞན་མེད་ལ། དེ་དག་ནི་བུམ་པའི་དབང་བསྐུར་གྱི་རྟོགས་པ་ཉམས་སུ་བླངས་པས། སུན་འབྱིན་པར་ནུས་པའི་ཕྱིར། དེ་བཞིན་དུ། དབང་གོང་མ་རྣམས་ཀྱི་བསྐུར་ཚུལ་ཡང༌། ཐོས་པ་ཅན་རྣམས་ཀྱིས་སྔ་མ་བཞིན་དུ་སྦྱར་བས་ཤེས་པར་ནུས་སོ། །སློབ་མ་གང་དུ་གཞུག་པའི་དཀྱིལ་འཁོར་གྱི་གྲངས་ནི། རྡུལ་ཚོན་གྱི་དང༌། སྤྲུལ་པའི་དང༌། ཚོགས་ཀྱི་འཁོར་ལོའི་དང༌། ལུས་ཀྱི་དཀྱིལ་འཁོར་རྣམས་ཏེ། རྗེ་འགོས་ལོ་ཙཱ་བའི་བཞེད་པས་ནི། སློབ་དཔོན་ཟུང་འཇུག་མངོན་དུ་གྱུར་པ་ཞིག་ཡིན་ན། སློབ་མ་རིན་པོ་ཆེ་ལྟ་བུ་ལས་དང་པོ་པར་གྱུར་ཀྱང༌། དཀྱིལ་འཁོར་དེ་དག་གང་དུ་ཞུགས་ཀྱང༌། སྐྱེད་རྫོགས་སོ་སོའི་སྨིན་བྱེད་དུ་རུང་བར་འཆད་ལ། སློབ་དཔོན་ཀླུའི་བྱང་ཆུབ་ནི། སློབ་མ་ལས་དང་པོ་པ་བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་སྨིན་པར་བྱེད་པ་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་ཏེ། དོན་ཚན་ཉི་ཤུ་ཐམ་པའི་སྒོ་ནས་བུམ་དབང་རྫོགས་པར་མཛད་དོ། །དབང་གོང་མ་ནི། རྫོགས་རིམ་གྱི་སྨིན་བྱེད་དང༌། སྐྱེད་རིམ་ལ་ལྟོས་ནས་ལམ་དུས་ཀྱི་དབང་དུ་བཞེད་པ་འདྲ་ཞིང༌། དེ་ཡང༌། ཚོགས་ཀྱི་འཁོར་ལོའམ། ལུས་ཀྱི་དཀྱིལ་འཁོར་དུ་དབང་གོང་མ་གསུམ་བསྐུར་བར་བཞེད་པ་འདྲ་ལ། བརྒྱུད་པའི་ཕྱག་ལེན་ལ་ནི། ཉི་ཤུ་པའི་སྟེང་དུ་ཟུང་འཇུག་གསལ་བར་གསུངས་པའི་གོང་མ་གསུམ་གྱི་ཆོ་གས་ཁ་བསྐང་ནས། སློབ་མའི་མཆོག་དག་སྟན་ཐོག་གཅིག་ཏུ་སྨིན་པར་མཛད་དོ། །དབང་གོང་མ་གསུམ་རྫོགས་རིམ་གྱི་སྔོན་འགྲོ་དབེན་པ་གསུམ་ཉམས་སུ་ལེན་པའི་སྨིན་བྱེད་དུ་བྱས་ནས། གོམས་པའི་མཐར་སེམས་དབེན་མངོན་དུ་གྱུར་པའི་སློབ་མ་ལ། སློབ་དཔོན་སྒྱུ་ལུས་མངོན་དུ་གྱུར་པ་ཞིག་གིས། ཚོགས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་ཏེ། དབང་བཞི་རྫོགས་པར་བསྐུར་བ་ནི། རྫོགས་རིམ་གྱི་དངོས་གཞི་ཀུན་རྫོབ་བདེན་པའི་སྨིན་བྱེད་དུ་བྱས་ནས། གོམས་པའི་མཐར་སྒྱུ་ལུས་མངོན་དུ་གྱུར་པའི་སློབ་མ་ལ། སློབ་དཔོན་ཟུང་འཇུག་མངོན་དུ་གྱུར་པས། རང་བཞིན་ལུས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ནས་བརྩམས་ཏེ། དབང་བཞི་རྫོགས་པར་བསྐུར་བ་ནི། དོན་དམ་བདེན་པའི་སྨིན་བྱེད་དུ་བྱས་ནས། འོད་གསལ་ལ་གོམས་པའི་མཐར། སློབ་པའི་ཟུང་འཇུག་དངོས་འབྲས་སུ་བྱུང་པ་དེས་ནི། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ལས་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བླངས་ནས། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས། ས་དང་ལམ་མཐར་ཕྱིན་པར་མཛད་དོ། །ཞེས་པ་ནི། འགོས་ཀྱི་བླ་མ་གོང་མ་དག་གིས་བཞེད་པར་འཆད་དོ། །དེ་ལྟར་སྐྱེད་རྫོགས་ཐུན་མོང་དུ་སྨིན་བྱེད་དང༌། རྫོགས་རིམ་སོ་སོའི་སྨིན་བྱེད་ལ་ཡང༌། རིག་པའི་དབང་ལྔ་ཚན་སོ་སོར་བསྐུར་བ་ཞིག་ཡོད་པ་དེའི་ཚེ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དབུ་མ་འཆད་ཚུལ་ལ་ངེས་པ་རྙེད་ཚུལ་ཅུང་ཟད་གཅིག་བརྗོད་པར་བྱ་སྟེ། དེ་ཡང༌། རྒྱུའི་རྒྱུད་རང་བཞིན་གྱིས་རྣམ་པར་དག་པ་ཆོས་དབྱིངས་འོད་གསལ་བ་དེའི་སྟེང་དུ། འཁོར་བ་ཐོག་མེད་ནས་གློ་བུར་གྱི་དྲི་མ་འབྲལ་རུང་གི་ཚུལ་དུ་གནས་པ་དེ་ལ། ས་བོན་དང་རྣམ་སྨིན་གྱི་དུས་གཉིས་སུ་ཕྱེ་ནས་དེ་རེ་རེའི་སྐབས་སུའང༌། རྒྱུ་གང་ཟག་གི་བདག་ཏུ་རྨོངས་པ་དང༌། འབྲས་བུ་ཟག་བཅས་ཀྱི་གཟུགས་ཕུང་ནི་འཁོར་བའི་ལུས་དང༌། རྒྱུ་འདོད་ཆགས་དང༌། འབྲས་བུ་འདུ་ཤེས་ནི། དེའི་ངག་དང༌། རྒྱུ་ཞེ་སྡང་དང༌། འབྲས་བུ་རྣམས་ཤེས་ནི་དེའི་ཡིད་དང༌། རྒྱུ་ང་རྒྱལ་སེར་སྣ་དང༌། འབྲས་བུ་ཚོར་བ་ནི། འཁོར་བའི་ཡོན་ཏན་དང༌། རྒྱུ་ཕྲག་དོག་དང༌། འབྲས་བུ་འདུ་བྱེད་ནི། འཁོར་བའི་ཕྲིན་ལས་ཏེ། དེ་དག་ནི། ཉོན་མོངས་པ་དང་རྣམ་སྨིན་གྱི་སྒྲིབ་པའི་དབང་དུ་བྱས་ལ། ཉོན་མོངས་པ་དེ་དག་གིས་ཀུན་ནས་བསླངས་པའི་བྱ་བ་ནི། ལས་ཀྱི་སྒྲིབ་པའོ། །དེ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཆོས་ཀྱི་བདག་ཏུ་རྨོངས་པ་ནི། ཤེས་བྱའི་སྒྲིབ་པ་སྟེ། དེའི་བག་ཆགས་ཡོངས་སུ་སྨིན་པ་ལས་ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། ཤེས་བྱའི་སྒྲིབ་པ་འཁོར་དང་བཅས་པའོ། །སྒྲིབ་པ་དེ་ཐམས་ཅད་ལ་རང་རང་གི་ངོ་བོ་རིག་ཅིང་གསལ་ཙམ་རེ་ལྡོག་པས་འབྱེད་པ་དེ་དག་ལ་ནི། ཆོས་ཅན་སོ་སོ་བ་དེ་དག་གི་ཆོས་ཉིད་ཅེས་མིང་དུ་འདོགས་ཤིང༌། དོན་ནི། རྒྱུའི་རྒྱུད་དང་དབྱེར་མེད་དུ་གྱུར་པས། དངོས་པོ་གཅིག་ཁོ་ནའོ། །གཅིག་པུ་དེ་ལ་ཐ་སྙད་ཀྱིས་སོ་སོར་ཕྱེ་ན། ཤེས་བྱའི་སྒྲིབ་པ་རང་བཞིན་གྱིས་རྣམ་པར་དག་པའི་མྱོང་བ་གསལ་རིག་གི་ཆ་ནི། གཞི་དུས་ཀྱི་རྡོ་རྗེ་སེམས་དཔའི་དང༌། གང་ཟག་གི་བདག་འཛིན་ཟག་བཅས་ཀྱི་གཟུགས་ཕུང་དང་བཅས་པ། རང་བཞིན་གྱིས་རྣམ་པར་དག་པའི་རྒྱུ་རྒྱུད་ནི། གཞི་དུས་ཀྱི་རྣམ་པར་སྣང་མཛད་དང་སྐུ་རྡོ་རྗེ། དེ་བཞིན་དུ་སྦྱར་བས་གཞི་དུས་ཀྱི་འོད་དཔག་མེད་དང་གསུང་རྡོ་རྗེ། དེ་བཞིན་དུ། གཞི་དུས་ཀྱི་ཡོན་ཏན་དང་ཕྲིན་ལས་ཀྱི་བར་དུ་སྦྱར། དེ་ལྟར་གཞི་དུས་ཀྱི་རྣམ་བྱང་ཐ་སྙད་སོ་སོས་བསྟན་པ་དེ་དག་ནི། དངོས་པོ་གཅིག་ཁོ་ནར་ངེས་ལ། སྤང་བྱ་དྲི་མའི་མིང་ཅན་སོ་སོ་བ་དེ་དག་ནི། ཀུན་རྫོབ་ཏུ་རྫས་ཐ་དད་པ་ཁོ་ནར་ངེས་པའི་རྒྱུ་མཚན་གྱིས། སྤོང་བྱེད་ལམ་དུས་ཀྱི་དབང་ཡང་དྲུག་དང༌། སྦྱང་འབྲས་སངས་རྒྱས་ཀྱི་ཐ་སྙད་ཀྱང་དྲུག་ཏུ་ཕྱེ་བ་ཡིན་ནོ། །གཞི་དུས་སུ་ས་བོན་དང་བག་ཆགས་ཀྱི་ཚུལ་དེ་ལྟར་གནས་ཀྱང༌། ལམ་དུས་སུ་དབང་གི་ཆུ་རྒྱུན་དང༌། བྱིན་རླབས་ཀྱི་དྲོད་གཤེར་མ་ཕེབས་ན། རོལ་ནང་གི་ས་བོན་སྐམ་པོར་ལུས་པ་དང་ཁྱད་པར་མེད་པས་ན། དབང་རྣམ་པ་དྲུག་པོ་ཆོ་གས་ཚུལ་ཇི་ལྟ་བ་བཞིན་དུ་བསྐུར་བས་ན། གཞི་དུས་ཀྱི་སངས་རྒྱས་རིགས་དྲུག་དང༌། ཡེ་ཤེས་ལྔ། ལམ་དུས་ཀྱི་དེ་དང་དེར་གནས་གྱུར་ནས་སྤང་བྱའི་རིགས་སྔ་མ་དེ་དག་དང་གནས་མལ་གཅིག་ཏུ་གནས་ནས། མཐུ་སྟོབས་འདྲེན་པར་བྱེད་བཞིན་པའི་དུས་སོ། །དེའི་ཚེ། གོམས་བྱེད་ཀྱི་ཡན་ལག་དང་བྲལ་ན་ནི། འཁོར་བ་ཉིད་དུ་འགྱུར་ལ། མ་བྲལ་ན། ཇི་སྐད་དུ། དེ་གོམས་པ་ལས་བདག་གྱུར་པས། །ལ་ལའི་ཟག་པ་ཟད་པར་འགྱུར། །ཞེས་པ་ལྟར། ལམ་དུས་ཀྱི་གཉེན་པོ་ཇི་སྙེད་པ་ཕྱིར་མི་ལྡོག་པའི་ས་མངོན་དུ་བྱས་ནས། འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ཉིད་དུ་གནས་གྱུར་པ་ནི། འཇིག་རྟེན་ན་སྔགས་ཀྱི་ནུས་པས་ཉི་མ་གཅིག་ལ་སྟོན་ཐོག་སྨིན་ནུས་པ་གཅིག་ཡོད་པར་བཤད་པ་དང་འདྲ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ཡང༌། གཞིའི་གནས་ཚུལ་གློ་བུར་གྱི་དྲི་མ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དུ་བཞེད་པ་ལ་ཁྱད་པར་མེད་ཀྱང༌། སྒོམ་བྱེད་ཀྱི་བློ་ངོ་ནི། གཞི་ལམ་གྱི་གནས་ཚུལ་སངས་རྒྱས་ཉིད་དུ་ཐག་བཅད་ནས་གོམས་པར་བྱས་མ་བྱས་ཀྱི་ཁྱད་པར་ལས་བྱུང་བའི་ཕྱིར་ན། རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་ཞེས་བྱ་སྟེ། དཔེར་ན། སྔགས་ཀྱི་ནུས་པ་དང་བྲལ་བའི་ལོ་ཐོག་སྨིན་པའི་དུས་ཡུན་རིང་བ་བཞིན་ནོ། །གལ་ཏེ་སྔགས་ཀྱི་དབུ་མ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་མ་བཤད་པས་མི་རྟོགས་སོ། །ཤེ་ན། སྔགས་ཀྱི་དབུ་མ་ནི་གཉིས་ཏེ། རིགས་པས་སྒྲོ་འདོགས་སེལ་བྱེད་དང༌། སྒོམ་པས་ཉམས་སུ་མྱོང་བྱའོ། །དང་པོ་ནི་ཕར་ཕྱིན་དང་མཐུན་པར་བཤད་ལ། གཉིས་པ་ཉམས་སུ་མྱོང་བྱ་ནི། རྣལ་འབྱོར་མངོན་སུམ་གྱིས་ཉམས་སུ་མྱོང་བྱ་ལ། རྟོག་པའི་ཡུལ་དང་གཞི་མཐུན་པ་མི་སྲིད་པའི་ཕྱིར་རང་མཚན་ཉིད་དོ། །འོ་ན། དབང་ལས་བྱུང་བའི་རྟོགས་པ་ཡང༌། ལས་དང་པོ་པ་ལ་རྟོག་པ་ཉིད་དུ་སྐྱེ་བ་མ་ཡིན་ནམ་ཞེ་ན། སྲིད་མོད། དབང་ལས་བྱུང་བའི་ཞེན་ཡུལ་གོམས་པར་བྱས་པས། མཐར་ཕྱིན་པ་ན། སངས་རྒྱས་ཀྱི་ཡེ་ཤེས་དངོས་ཀྱི་དེ་མ་ཐག་རྐྱེན་དུ་འགྱུར་བའི་ཕྱིར། མི་མཚུངས་སོ། །དེ་ལྟར་བཤད་ན། བོད་ཕྱི་མ་གང་དག་ཡིད་ཀྱི་ཤེས་པ་ཟག་མེད་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ། སྤང་བྱ་རྣམས་གང་ལ་གནས་པ་དང༌། ས་བོན་འཇོག་པའི་གཞི་ནི། ང་ཙམ་ཡིན་ནོ། །ཞེས་ཟེར་བ་དེ་ལ། སྔ་རབས་པའི་རྗེས་འབྲང་དུ་ཁས་ལེན་པའི་ཅལ་པོ་དག འཕྱོར་ཆས་སུ་བྱེད་པར་སྣང་ངོ༌། །ཞར་ལ་ལམ་གྱི་སྒྲུབ་པ་པོ་ནི། ཀུན་རྫོབ་ཏུ་གང་ཟག་དང༌། ང་ཙམ་སོགས་བྱེད་པོ་བཅུ་གཉིས་དང༌། ངེས་པའི་དོན་དུ་ན། བརྗོད་བྱ་དོན་གྱི་རྒྱུད་དུ་བཤད་ཟིན་པ་དེ་ཉིད་དེ། དེ་ཁོ་ན་ཞེན་ཡུལ་དུ་བཞག་ནས། །ཨཏྨ་ཀཿཨ་ཧཾ། ཞེས་གསུང་གིན་འདུག་པའི་ཕྱིར། དེ་ལས་གཞན་དུ། གསང་སྔགས་པའི་གྲུབ་མཐའ་ལ། ང་དང་གང་ཟག་སོགས་སྒྲུབ་པ་པོར་ཁས་བླངས་ནས། གྲོལ་བ་པོའི་བདག་ཁས་ལེན་པ་ནི། བོད་ཕྱི་རབས་པའི་འོ། །དེ་ལྟར། རིག་པའི་དབང་ལྔ་རྡོ་རྗེ་སེམས་དཔའ་དང་དྲུག་གིས། སློབ་མ་ཉིད་དུ་རྒྱུད་ཡོངས་སུ་སྨིན་པར་བྱས་པ། བསྙེན་པ་ལས་སུ་རུང་བ་དང༌། བདག་མེད་པ་གཉིས་ལ་ངེས་པ་རྙེད་པ་ཁ་ཅིག རྡོ་རྗེ་སློབ་དཔོན་གྱི་དབང་དོན་དུ་གཉེར་བ་ལ། དབང་དེ་ཉིད་སྦྱིན་པ་ནི་བསྐྱེད་རིམ་བསྒོམ་པའི་སྨིན་བྱེད་དངོས་གཞི་ཡིན་པར་མ་ཟད། རྫོགས་རིམ་གྱི་ཡེ་ཤེས་འདྲེན་པའི་སྨིན་བྱེད་དངོས་ཀྱང་ཡིན་ཏེ། ཨེ་ཝཾ་ཟུང་འཇུག་གི་སྡོམ་པ་ཐོག་མར་སྐྱེ་བའི་འགོ་ནི། སློབ་དཔོན་གྱི་དབང་བསྐུར་བ་འདི་ནས་འཛིན་པ་ཡིན་ལ། ཟུང་འཇུག་དེ་མངོན་དུ་གྱུར་པ་ནི། རྫོགས་རིམ་གྱི་གཙོ་བོ་ཡིན་པའི་ཕྱིར། དེ་ཡང༌། འདི་ལྟར། ཕྱག་རྒྱ་དང་མཉམ་པར་སྦྱར་བ་ནི། ཕྱི་དབྱིབས་ཀྱི་ཨེ་ཝཾ་ཟུང་འཇུག་དང༌། རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་ནི། ནང་ངེས་དོན་གྱི་ཨེ་ཝཾ་ཟུང་འཇུག་སྟེ། ངེས་དོན་གྱི་སྡོམ་པ་དེ་ལྟ་བུ་ནི། སྔར་དཀྱིལ་འཁོར་དུ་འཇུག་པའི་ཚེ། འཛིན་པར་ཁས་བླངས་པ་ཡིན་ལ། འདིར་ནི། དེ་སྐྱེས་པའི་ཐོག་མའི་ས་མཚམས་གཟུང་བའོ། །འདི་ནི། སྔགས་པའི་ངེས་འབྱེད་ཆ་མཐུན་གྱི་གནས་སུ་བཞག་དགོས་ཏེ། ཟུང་འཇུག་གི་དོན་ལ་དཔེའི་ཡེ་ཤེས་ཙམ་མངོན་དུ་གྱུར་ཞིང༌། དོན་གྱི་ཡེ་ཤེས་དངོས་སུ་སྐྱེ་བ་ནི། དབང་གོང་མ་ལ་རག་ལས་པའི་ཕྱིར། འོ་ན། སྐྱེད་རིམ་རྐྱང་པ་མཐར་ཕྱིན་པ་འགའ་ཞིག་ལ། བདག་མེད་གཉིས་མངོན་སུམ་དུ་མཐོང་བ་དང༌། གོམ་བྱེད་ཡོད་པར་འཆད་དགོས་པ་མ་ཡིན་ནམ། ཞེ་ན། ཡོད་མོད། དེ་ཙམ་གྱིས་བདེ་བ་ཆེན་པོ་དང་ཟུང་དུ་འཇུག་པར་མ་སོང་བས། བླ་མེད་ཀྱི་མཐོང་ལམ་སྐྱེས་པར་བཞག་མི་ནུས་སོ། །འོ་ན། སྐྱེད་རིམ་རྐྱང་པས་ས་བདུན་མན་ཆད་ཆོད་པ་དང༌། བུམ་དབང་ས་དྲུག་གི་རྣམ་གཞག་སོགས་གཞན་ནས་བཤད་པ་ཇི་ལྟར་ཞེ་ན། དེ་དག་གི་ཚེ་ཡང༌། སྐྱེད་རིམ་གཙོ་ཆེར་གོམས་པའི་དབང་དུ་བྱས་ཀྱི། རྫོགས་རིམ་གྱི་རྟོགས་པ་སྔོན་དུ་མ་སོང་བར། སྔགས་ཀྱི་མཐོང་ལམ་མི་འབྱུང་སྟེ། དེ་མེད་པར་ལམ་དུས་ཀྱི་བདེ་སྟོང་ཟུང་དུ་མི་འཇུག་པའི་ཕྱིར། མདོར་ན། འདིར་བུམ་པའི་དབང་ནི་བཅུ་གཅིག་ཏུ་འཆད་དེ། རིག་པའི་དབང་ལྔ་རྡོ་རྗེ་སེམས་དཔའ་དང་སློབ་དཔོན་དང་བརྟུལ་ཞུགས་དང་རྗེས་གནང་དང༌། ལུང་བསྟན་པ་དང༌། དབུགས་འབྱུང་བ་རྣམས་སོ། །དེ་ལྟར་རིན་པོ་ཆེ་ལྟ་བུའི་སློབ་མ་སྐྱེད་རིམ་ལ་ལེགས་པར་གནས་པ། བཟོད་རྫོགས་རིམ་དོན་དུ་གཉེར་བ་ལ་ལུས་དབེན་གྱི་ཐོག་མར་གསང་བའི་དབང་གིས་སྨིན་པར་བྱ་དགོས་ཏེ། དེ་མེད་པར། རང་བྱིན་གྱིས་བརླབས་པའི་རིམ་པ་མི་འབྱུང་བའི་ཕྱིར། དེ་ལྟར། སྔོན་འགྲོ་ལུས་དབེན་དང༌། དངོས་གཞི་ངག་རྣམ་པར་དབེན་པ་ལེགས་པར་སྦྱངས་པའི་སློབ་མ་ལ། སྔོན་འགྲོ་སེམས་རྣམ་པར་དབེན་པ་དང༌། དངོས་གཞི་སྒྱུ་ལུས་ཀྱི་སྨིན་བྱེད་དུ། དབང་གསུམ་པ་བསྐུར་བར་བྱ་སྟེ། དེ་མེད་པར། སྣང་བ་གསུམ་མམ། དགའ་བ་དང་པོ་གསུམ་གྱི་ཡེ་ཤེས་འདྲེན་མི་ནུས་པའི་ཕྱིར། དེ་ནས་སྒྱུ་ལུས་འབྱོངས་པའི་སློབ་མ་དེ་ཙམ་གྱིས་ཆོག་པར་འཛིན་པ་ལ། སློབ་དཔོན་གྱི་དོན་དམ་བྱང་ཆུབ་སེམས་ཀྱི་དབང་བཞི་པ་ནི། སྔོན་འགྲོ་འོད་གསལ་དང༌། དངོས་གཞི་ཟུང་འཇུག་གི་དོན་དུ་བསྐུར་བར་བྱ་སྟེ། དེ་མ་བསྐུར་ན། སྔགས་ཀྱི་མཐོང་ལམ་དང༌། སྒོམ་པའི་ལམ་སྨིན་པར་མི་ནུས་པའི་ཕྱིར། སློབ་པའི་ཟུང་འཇུག་ནས། མི་སློབ་པའི་ས་མངོན་དུ་བྱེད་ཁར་ཡང༌། རྡོ་རྗེ་འཆང་ལས་བཞི་པའི་དབང་ནོད་པར་བྱ་དགོས་ཏེ། ཉེ་རྒྱུས་འབྲས་བུ་ལ་མཚམས་སྦྱོར་དགོས་པའི་ཕྱིར། དབང་བསྐུར་གོང་མ་གསང་བའི་དབང་འདི་ལ་ནི། སློབ་དཔོན་བདེན་མཐོང་ས་ཐོབ་པ་ཞིག་གཙོ་ཆེ་བ་ཡིན་ཏེ། དེ་དག་ནི་སློབ་དཔོན་གྱི་བསྒོམ་པ་ལས་བྱུང་བའི་ཏིང་ངེ་འཛིན་དང༌། ཡེ་ཤེས་ཁོ་ནའི་བྱིན་རླབས་ཀྱིས་སྨིན་དགོས་པའི་ཕྱིར། དབང་གོང་མ་གསུམ་གྱི་དངོས་ཀྱི་སྣོད་རུང་གི་སློབ་མ་ཡང་སྔགས་ཀྱི་ངེས་ཆ་ཆོས་མཆོག་ལ་གནས་པ་དགོས་ཏེ། གཟུང་འཛིན་གྱི་རྟོག་པ་མགོ་མནན་ཅིང༌། མཐོང་ལམ་དངོས་སུ་སྐྱེ་བ་ལ་གེགས་མེད་པ་ཞིག་དགོས་པའི་ཕྱིར། གཞན་དུ་དབང་གསུམ་པ་སྲིད་པའི་ལམ་དུ་འགྱུར་བར་དོགས་སོ། །དེ་ལྟར་བཤད་པ་འདི་ནི། རིམ་པ་སོ་སོའི་རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་དུ་བྱས་ལ། ལམ་དུས་སུ་གྲོལ་བར་བྱེད་པའི་དབང་ཉམས་སུ་བླངས་པས། བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པར་བྱེད་པ་ནི། ཐབས་ཀྱི་ལམ་ཁྱད་པར་དུ་འཕགས་ཤོས་གཅིག་ཡིན་པ་དེའི་ཚེ། དཔེར་ན། སྐྱེད་རིམ་རྐྱང་པའི་རྣལ་འབྱོར་ལ་གནས་པས། རྡུལ་ཚོན་གྱི་དཀྱིལ་འཁོར་དུ། སློབ་དཔོན་ལས་དབང་བླངས་ཏེ། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་པའམ། སློབ་དཔོན་མེད་ན། གསང་རྫས་བྱིན་གྱིས་བརླབས་པ་ལ་མི་དབང་བས། བདག་ཉིད་འཇུག་པ་ཙམ་བྱ་ཞིང༌། ཡང་འབྱོར་པ་ཡོད་ན། ཚོགས་ཀྱི་འཁོར་ལོ་རྒྱས་བསྡུས་གང་རུང་དང༌། འཇུག་པ་ནས་བརྩམས་ཏེ། སློབ་དཔོན་གྱི་དབང་ཚུན་ཆད་རྫོགས་པར་བླངས་ཟིན་པའི་དེ་མ་ཐག་ཏུ། དཀྱིལ་འཁོར་པས་བྱིན་གྱིས་བརླབས་པའི་དབང་རྫས་ཐུན་མོང་དུ་འདོད་ཡོན་ལྔའི་རྣམ་པར་སྣང་བ་དེ་ལ། ཅི་དགར་ལོངས་སྤྱོད་ཆོག་པ་ཡིན་ཏེ། རྡོ་རྗེའི་སློབ་དཔོན་བདེན་པ་མཐོང་བས། སྦྱངས་རྟོགས་སྦར་གསུམ་གྲུབ་ཟིན་པའི་གསང་རྫས་ཡིན་པས་སོ། །དེ་ལྟ་ན་ཡང་ཕྱག་རྒྱའི་དམ་ཚིག་ཇི་ལྟར་འདོད་བཞིན་དུ་བསྟེན་མི་བསྟེན་ནི། དབང་གསུམ་པའི་རྟོགས་པ་བརྟན་པོ་སྔོན་དུ་སོང་མ་སོང་གི་ཁྱད་པར་ལས་འབྱེད་དོ། །དེ་ལྟར་བཤད་པ་ན། རིམ་པ་སྔ་མ་སྔ་མའི་ལམ་དུས་ཀྱི་དབང་གི་ཚེ། རིམ་པ་ཕྱི་མ་ཕྱི་མའི་སྨིན་བྱེད་ཀྱི་དབང་ནོད་པ་དང༌། བསྐུར་བས་ཆོག་པ་མ་ཡིན་ཏེ། ལུགས་འདིར་ཚོགས་ཀྱི་དཀྱིལ་འཁོར་གཙོ་ཆེ་བར་གསུངས་ལ། དེའི་དུས་ཀྱི་རྡོ་རྗེ་སློབ་དཔོན་ལས། དབང་གོང་མ་གསུམ་ལེན་པ་ནི། ཤིན་ཏུ་འབྲེལ་ཆགས་པའི་ཕྱིར། འདིར། དམིགས་ཀྱིས་བསལ་བ་ནི། དགེ་སློང་དང་དགེ་ཚུལ་དུ་གྱུར་པ་ནི། དང་པོ་ནས་ཆགས་བྲལ་གྱི་གདུལ་བྱ་ཉིད་དུ་ངེས་པས། ཆགས་ཅན་གྱི་ལམ་དུ་འཇུག་པའི་རིགས་ཅན་དུ་མ་གྱུར་མོད། དེ་ལྟ་ན་ཡང༌། རིན་པོ་ཆེ་ལྟ་བུའི་སློབ་མ། སྔགས་ཀྱི་ཆོས་མཆོག་རྒྱུད་ལ་སྐྱེས་པ་ཞིག་གིས་ནི། གསང་བའི་རྫས་ཅི་འདོད་བཞིན་དུ་བསྟེན་ཆོག་པ་ཡིན་ཏེ། སྐད་ཅིག་གཉིས་པར་བདེན་པ་མངོན་གསུམ་དུ་མཐོང་བའི་ནུས་པ་ཐོགས་མེད་དུ་གྱུར་པའི་ཕྱིར་དང༌། བདེན་པ་མཐོང་ནས་ནི། རང་བཞིན་གྱི་ཉེས་པ་ལས་གྲོལ་བའི་ཕྱིར་དང༌། བཅས་རྐྱང་ལ་ནི། དགོས་པས་དགག་བྱ་ཟིལ་གྱིས་གནོན་ནུས་པའི་ཕྱིར། དེ་ལྟ་བུར་མ་གྱུར་པའི་སྡོམ་བརྩོན་ལ་ནི་དཔའ་བོ་དང་དཔའ་མོའི་སྟོན་མོ་ཙམ་ཞིག་བྱིན་གྱིས་བརླབས་པས། དུས་ཁྱད་པར་ཅན་གྱི་བཟའ་བའི་དམ་ཚིག་གི་ཟས་སུ་ངེས་དོན་ལ་འགྲོ་ཞིང༌། དྲང་དོན་དུ་སྡོམ་བརྩོན་གྱིས་བཅས་པ་ལས་མི་འགལ་བར་བྱེད་པ་ནི། འཕགས་པ་ཀླུ་སྒྲུབ་ནས་རིམ་པར་བརྒྱུད་དེ། ཁ་ཆེ་པཎ་ཆེན་ཡན་ཆོད་ཀྱི་ཕྱག་ལེན་ནོ། །ཞེས་ས་སྐྱ་པཎྜི་ཏའི་གསུང་ལས་བྱུང་ངོ༌། །དེ་ལྟར་སྨིན་བྱེད་དབང་གི་རིམ་པ་ཟུར་ཕྱིན་པར་བརྗོད་ཟིན་ནས། གཉིས་པ་ལམ་མངོན་པར་རྟོགས་པའི་རིམ་པ་བཤད་པ་ལ་གསུམ་སྟེ། སྦྱང་གཞི་རྣམ་པར་བཞག་པའི་རིམ་པ་བསྟན་པ་དང༌། སྦྱོང་བྱེད་རིམ་པ་གཉིས་ཀྱི་རྣམ་གཞག་ངོས་བཟུང་བ་དང༌། འབྲས་བུ་སྐུ་དང་ཡེ་ཤེས་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ་སྟེ། དྲང་དོན་ཀུན་རྫོབ་ཀྱི་སྦྱང་གཞི་རྣམ་པར་བཞག་པ་དང༌། ངེས་དོན་དོན་དམ་པའི་སྦྱང་གཞི་རྣམ་པར་བཞག་པ། སྦྱང་གཞི་སྦྱོང་བ་དང༌། སྤང་བྱ་སྤོང་བའི་གོ་དོན་སོ་སོར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། སོ་སོར་ཕྱེ་ནས་བསྟན་པའོ། །དང་པོ་ནི། རྒྱུ་ལས་དང་ཉོན་མོངས་པའི་དབང་གིས་འབྲས་བུ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་ནི། སྦྱང་བར་བྱ་བའི་གཞི་སྟེ། རྣམ་ཤེས་ཀྱི་ངོར་སྣང་ཆ་མི་འདོར་བར། ཡེ་ཤེས་ཀྱིས་ཉམས་སུ་མྱོང་བྱ་གཞན་དུ་བསྒྱུར་བའི་ཕྱིར། དཔེར་ན་རྣམ་ཤེས་ཀྱི་ངོར་མྱོས་བྱེད་དུ་སྣང་བ་དེ་ཡེ་ཤེས་ཀྱིས་བདུད་རྩིར་མྱོང་བ་བཞིན་ནོ། །སྦྱང་གཞི་དེའང་རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གྱི་དབྱེ་བས་གཉིས་སུ་ཕྱེ་ནས། རྣམ་གཞག་རིམ་པར་ཕྱི་མ་ཉིད་དངོས་སུ་བསྟན་པ་ནི། གཞི་མི་སྤོང་བར་རྣམ་པ་གཞན་དུ་བསྒྱུར་བ་ལ་དགོངས་ཤིང༌། དེའི་ཤུགས་ལ་རྒྱུ་ཀུན་འབྱུང་སྤང་བྱ་ཉིད་དུ་གོ་བ་ཡིན་ཏེ། འབྲས་བུ་ནད་ངོ་ཤེས་ན་དེའི་ཤུགས་ལ་རྒྱུ་སྤང་བྱར་ཤེས་པ་བཞིན་ནོ། །འོ་ན། གཞི་ཉོན་མོངས་པ་ཡང་མི་སྤོང་བར་བཤད་པ་མ་ཡིན་ནམ་ཞེ་ན། རྫོགས་རིམ་གྱི་སྐབས་སུ་དེ་ལྟར་འཆད་མོད། རིམ་པ་དང་པོའི་སྐབས་འདིར་དེ་ལྟར་མ་ངེས་ཏེ། ཐ་མལ་གྱི་རྣམ་པར་རྟོག་པ་སྤང་བྱར་འཆད་པའི་ཕྱིར་རོ། །རིག་པ་ཡེ་ཤེས་ཀྱི་དབང་གིས། རྟེན་དང་བརྟེན་པའི་རྣམ་རོལ་སྣ་ཚོགས་སུ་སྣང་བ་དེ་ནི། སྦྱང་གཞི་ཀུན་རྫོབ་པར་བཤད་མ་ཐག་པ་དེའི་སྦྱོང་བྱེད་དུ་འཇོག་པ་ཡིན་ཏེ། རྣམ་ཤེས་ཀྱི་ངོར་སྣང་བ་དེ། ཡེ་ཤེས་ཀྱིས་གཞན་དུ་བསྒྱུར་བའི་ཕྱིར། རིམ་པ་དང་པོའི་རྣལ་འབྱོར་དེས་རྒྱུ་ཉོན་མོངས་པ་ནི་དང་དུ་མི་ལེན་པར་སྤོང་བ་ཡིན་ཏེ། དེ་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་དུ་སྐྱེས་པའི་ཕྱིར། ཇི་སྐད་དུ། ཀུན་བཟང་ལས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་འཆིང་བ་གཞན་ནི་ཡོད་མ་ཡིན། །གང་ཡིན་དེ་དང་རྣམ་པ་འགལ་བའི་སེམས། །དེ་དག་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་སྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟར་རོ། །དེ་ལྟར་ན། ཀུན་རྫོབ་ཀྱི་སྦྱང་གཞི་ལ་རྒྱུ་འབྲས་གཉིས་སུ་ཕྱེ་བ་ལྟར། དེའི་སྦྱོང་བྱེད་ལ་ཡང༌། འབྲས་བུ་ལྷའི་སྣང་བ་དང༌། རྒྱུ་ཡེ་ཤེས་ཀྱི་རྣམ་རོལ་གཉིས་སུ་འབྱེད་དོ། །རིམ་པ་དང་པོའི་སྐབས་སུ། དོན་དམ་པའི་སྦྱང་གཞི་དང་སྦྱོང་བྱེད་དོན་ལ་གནས་པ་ལྟར་ཤེས་དགོས་ཏེ། རིམ་པ་དང་པོ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ་ན། ཆོས་དང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་འབྱུང་བར་ནི། རྣམ་འགྲེལ་མཛད་པའི་རིགས་པས་འགྲུབ་ལ། དེའི་ཚེ་ཤེས་རབ་དེ་དང་དེའི་འགལ་ཟླའི་ས་བོན་དག་གང་ལ་ལྷན་ཅིག་ཏུ་གནས་པའི་གཞི་ཐུན་མོང་བ་གཅིག དོན་ལ་ཡོད་པ་ལྟར། གོ་བ་མ་ཆགས་ན་སྦྱང་གཞི་སྦྱོང་མི་ནུས་པའི་ཕྱིར། གཉིས་པ་སོ་སོར་བཤད་པ་ལ་གཉིས་ལས། དང་པོ་རིམ་པ་དང་པོའི་སྦྱང་གཞི་ཀུན་རྫོབ་པ་ནི། འཁོར་བ་སྡུག་བསྔལ་གྱི་ཕུང་པོས་བསྡུས་པ་དེ་ཡིན་ལ། དེ་ཡང་སྣོད་བཅུད་ཀྱི་དབྱེ་བས་གཉིས་སུ་ཕྱེ་ནས། དེ་རེ་རེ་ལའང༌། བཞི་བཞིར་ཕྱེ་བ་འདི་ལྟར། སྣོད་དང་པོར་འཆགས་པ་དང༌། བར་དུ་གནས་པ་དང༌། མཐར་རྒྱུན་འཇིག་བཞིན་པ་དང༌། ཞིག་ནས་སྟོངས་པར་གྱུར་པ་སྟེ་བཞི་དང༌། བཅུད་ལའང༌། རྣམ་སྨིན་གྱི་ཕུང་པོ་དང་པོར་སྐྱེ་བ་དང༌། བར་དུ་རྒྱུན་གནས་པ་དང༌། མཐར་འཇིག་བཞིན་པ་དང༌། མཐར་ཐུག་ཞིག་ཟིན་ནས་འོད་གསལ་བ་ཉིད་དུ་གྱུར་པའོ། །འདིར་བར་དོ་ནི། སྐྱེ་བའི་ནང་དུ་གཏོགས་ཏེ། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་པའི་ལུང་ཀླུ་བྱང་གིས་ཚད་མར་མཛད་པས་སོ། །སྣོད་ཀྱི་འཆགས་འཇིག་གནས་གསུམ་ནི། ཐ་མལ་གྱི་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་སྣང་ཞིང་ཞེན་པ་དེ་ཡིན་ལ། སྔགས་ཀྱི་གྲུབ་པའི་མཐའ་ལ་ནི། བུམ་དབང་བསྐུར་ཕྱིན་ཆད། དོན་དེ་དང་དེར་སྣང་བའི་རྣམ་རིག་ཙམ་ལས་མ་གཏོགས་པར། དོན་གཞན་ཡོད་པར་ཁས་མི་ལེན་ལ། རྣམ་པར་རིག་པ་ཙམ་དེ་ལའང༌། ཁ་ཕྱིར་ལྟ་རྣམ་ཤེས་ཀྱི་ཆ་དང༌། ནང་ལྟ་ཡེ་ཤེས་ཀྱི་ཆ་གཉིས་སུ་ཕྱེ་ནས། གཟུགས་སྒྲ་ལྟ་བུ་ལ་ཀུན་རྫོབ་ཀྱི་དང༌། དོན་དམ་པའི་གཉིས་གཉིས་སུ་འབྱེད་དགོས་ཀྱི། དེ་ལས་གཞན་དུ། བོད་ཕྱི་མའི་འདོད་པ་ལྟར། ཕྱི་རོལ་དོན་དུ་གྱུར་པའི་གཟུགས་སོགས་ལས་གཞན་གནས་ཚུལ་དེ་བཞིན་ཉིད་ཀྱི་གཟུགས་སོགས་ཁས་མི་ལེན་པ་ལྟར་ན། ཆོས་འདིར། ཇི་སྐད་དུ། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས། །ཞེས་སོགས་ཀྱི་སྐབས་ནས་འབྱུང་བའི་རྣམ་གསུམ་ངོས་མི་ཟིན་པ་དང༌། ཁ་ནང་ལྟ་ཡེ་ཤེས་ཀྱི་ཆ་གཟུགས་རྡོ་རྗེ་མ་ལ་སོགས་པར་མ་བསྐྱེད་ན། སྦྱང་གཞི་ཕྱི་ལྟའི་རྣམ་ཤེས། བསྐྱེད་རིམ་གྱི་ལྷ་ཉིད་དུ་བསྒྱུར་བར་ཁས་ལེན་མི་ནུས་པ་དང༌། གཟུགས་ཕུང་གི་སྦྱོང་བྱེད་ལྷ་རྣམ་སྣང་ལྟ་བུར་བསྐྱེད་པ་སྤྱི་དོན་དང༌། ལྷ་ཡེ་ཤེས་སུ་ཐག་གཅོད་པ་སྦས་དོན་གྱི་དང༌། ཡེ་ཤེས་སྟོང་པ་ཉིད་དུ་ངོ་སྤྲོད་པ་མཐར་ཐུག་གི་བཤད་པ་ཉིད་དུ་འཆད་པ་དེ་ཡང་མི་རུང་ངོ༌། དེ་ལྟར་ཤེས་ནས་ཐ་མལ་སྣོད་ཀྱི་འཆགས་འཇིག་གནས་གསུམ་དུ་སྣང་བའི་རྣམ་རིག་ནི། རྣལ་འབྱོར་པས་རྡོ་རྗེའི་ས་ནས་གཟུང་སྟེ། ལྷའི་གཞལ་ཡས་ཁང་བསྐྱེད་གནས་བསྡུད་གསུམ་དུ་སྣང་བའི་རྣམ་རིག་གི་སྦྱང་གཞིར་འཇོག་པ་ཡིན་ཏེ། རྣམ་རིག་སྔ་མ་དེ་ཐད་སོར་མི་འཇོག་པར་ཕྱི་མ་དེར་བསྒྱུར་དགོས་པའི་ཕྱིར། དེ་ལྟར་བསྒྱུར་བ་དེ་ནི། དེས་དེ་སྦྱོང་བའི་གོ་བ་ཡིན་ལ། དེས་དེ་སྦྱངས་པའི་ཚད་ལ་ནི། གནས་སྐབས་དང་མཐར་ཐུག་གཉིས་ལས། དང་པོ་ནི། མཉམ་གཞག་ཏུ་རྣམ་རིག་སྔ་མ་དེ་འགགས་ནས། ལྷར་སྣང་བའི་རྣམ་རིག་དེ་མཆེད་པ་ཡིན་ལ། མཐར་ཐུག་ནི་རྗེས་ཐོབ་ཏུ་རྣམ་རིག་སྔ་མ་དེ་འགགས་ཟིན་པའོ། །བསྒྱུར་གཞི་འགགས་ཟིན་ན། བསྒྱུར་འབྲས་ཇི་ལྟར་འཇོག་སྙམ་དུ་མི་བསམ་སྟེ། ནང་ལྟ་ཡེ་ཤེས་གཞལ་ཡས་ཁང་དུ་གྲུབ་པ་ཉིད་ཀྱིས། རྣམ་རིག་སྔ་མ་དེ་རང་ཤུགས་ཀྱིས་འགག་པའི་ཕྱིར་དང༌། དེ་དུས་ཀྱི་སྦྱང་གཞི་དངོས་ནི། ནང་ལྟའི་ཆ་དེ་ཉིད་ཡིན་པའི་ཕྱིར། དེ་བཞིན་དུ་བཅུད་ཀྱི་སེམས་ཅན་སྐྱེ་བར་སྣང་བའི་རྣམ་རིག་དང༌། རྟེན་པ་ལྷའི་མངོན་བྱང་དུ་སྣང་བའི་རྣམ་རིག་ཡང་སྦྱར་བར་བྱ་སྟེ། རྣམ་རིག་དེ་གཉིས་ཀ་སྒྲུབ་པ་པོའི་རྒྱུད་གཅིག་ལ་གནས་ནས་སྟོབས་འདྲེན་པ་ན། ཕྱི་མ་ཤེས་རྒྱུད་དང་གཅིག་ཏུ་འདྲེས་ནས། རྣམ་རིག་སྔ་མ་རྒྱུན་ཆད་དུ་བྱེད་ནུས་པའི་ཕྱིར། འདིར། བཅུད་སྐྱེ་བ་སྦྱོང་ཚུལ་ལ་རྫུས་སྐྱེས་དང་མངལ་སྐྱེས་ཀྱི་དབྱེ་བ་གཉིས་གསུངས་པ་ནི་བསྐལ་པ་དང་པོའི་མི་དང༌། ཕྱིས་མངལ་ཁ་བརྒྱུད་པའི་དབྱེ་བ་གཉིས་ཡོད་པ་ལ་དགོངས་ཤིང༌། སྣོད་ནི་རྒྱུན་གཅིག་པུ་ལས་གཞན་དུ་མི་འགྱུར་བས་དབྱེ་བ་མེད་དོ། །གཉིས་པ། ངེས་དོན་དོན་དམ་པའི་སྦྱང་གཞི་སྦྱོང་བའི་རྣམ་བཞག་ནི། སྣོད་ཀྱི་འཇིག་རྟེན་ཞིག་ནས། བར་བསྐལ་ཉི་ཤུའི་རིང་སྟོང་པར་གནས་པ་ཉིད་དུ་སྣང་བའི་རྣམ་རིག་ནི་མངོན་བྱང་ལྔའི་དང་པོ་སྟོང་པའི་བྱང་ཆུབ་དང༌། དཀྱིལ་འཁོར་བསྡུད་རིམ་གྱིས་བསྡུས་པའི་འོག་ཏུ། དམིགས་མེད་དུ་སྣང་བའི་རྣམ་རིག་གི་སྦྱང་གཞིར་བཞག་ན་ལེགས་པ་ཡིན་ཏེ། རྣམ་རིག་ཕྱི་མ་དེ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཚེ། རྣམ་རིག་སྔ་མ་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པའི་ཕྱིར། གཞུང་འགྲེལ་ལས། སྣོད་སྟོང་པ་ཡེ་ཤེས་ཀྱི་སའི་སྦྱང་གཞིར་བཞག་པ་དེ། སྣོད་འཆགས་པའི་ཚེ་ཐོག་མར་སྟོང་པ་ལས་འཆགས་པའི་དབང་དུ་མཛད་ལ། འདིར་བཤད་པ་ནི། ཞིག་ནས་སྟོང་པ་ལ་འཇུག་པའི་དབང་དུ་བྱས་པས་མི་འགལ་མོད། གང་ལྟར་ཡང༌། སྟོང་པ་ནི་མེད་པར་དགག་པ་ལ་བྱ་བ་མ་ཡིན་ཏེ། དེ་ནི་ཡེ་ཤེས་ཀྱི་སའི་སྦྱང་གཞིར་བཤད་པའི་ཕྱིར་དང༌། འདིར་ནམ་མཁར་སྣང་བའི་རྣམ་རིག་ལས་གཞན་པའི། ནམ་མཁའ་ཁས་མི་ལེན་པའི་ཕྱིར། དེ་བཞིན་དུ། བཅུད་ཀྱི་འཆི་བ་ཤེར་ཕྱིན་ནི། གཞུང་འགྲེལ་དུ་འོད་གསལ་གྱི་སྦྱང་གཞིར་བཤད་མོད། རིམ་པ་དང་པོའི་སྐབས་འདིར། བརྟེན་པ་ལྷ་བསྡུད་རིམ་གྱིས་བསྡུས་ཟིན་པའི་སྟོང་པ་ཉིད་ཀྱི་སྦྱང་གཞིར་བཤད་ན། མི་འགལ་བ་ཡིན་ཏེ། ལྷག་མོས་ཀྱི་ལྷ་འོད་གསལ་དུ་ཞུགས་པ་དེ། བསྐལ་པ་དང་པོའི་བཅུད་འཆི་བ་སྦྱོང་བྱེད་དུ་བཤད་པ་དང་རིགས་མཚུངས་པའི་ཕྱིར། བོད་ཕྱི་མ་ཁོ་ནར་མ་ཟད། སྔ་རབས་པ་དག་གི་བསམ་པ་ལའང༌། སྦྱང་གཞི་རྣམ་པར་བཞག་པའི་རིམ་པ་འདིར། རྒྱུའི་རྒྱུད་དམ་དྲི་མ་དང་བཅས་པའི་ཆོས་དབྱིངས་ཡེ་ཤེས། ལམ་རིམ་པ་གཉིས་ཀྱི་སྦྱང་གཞིར་མ་བསྟན་ནོ། །སྙམ་དུ་སེམས་པ་དེ་ནི་མཁས་པ་མིན་ཏེ། རྣམ་གཞག་ཉིད་ལས། ཇི་སྐད་དུ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་བསྐྱེད་པར་བྱེད་པ་པོ། །རྡོ་རྗེ་འཆང་ཆེན་པོས་སྣོད་ཀྱི་འཇིག་རྟེན་བསྐྱེད་ཟིན་པའི་འོག་ཏུ། སེམས་ཅན་གྱི་ཁམས་སྤྲོ་བར་བྱེད་དེ། ཞེས་པའི་གཞུང་འདིས་ཅི་ཞིག་བསྟན་བསམ་དགོས་ཏེ། བརྟག་གཉིས་སུ། ང་ལས་གནས་གསུམ་པོའང་འབྱུང༌། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང༌། །ཞེས་སོགས་རང་བཞིན་ཆོས་སྐུ་ལ་དགོངས་ནས། མང་པོར་གསུངས་པ་དག་དང་དོན་མཐུན་པའི་ཕྱིར་རོ། །འདིར་བོད་ཕྱི་མ་ན་རེ། རྣམ་གཞག་རིམ་པར། མ་དག་པའི་སྣོད་སྟོང་པ་དཔེ་དང་མཐུན་ཡུལ་དུ་བཞག་ནས། དེ་དང་མཐུན་པར་ཡེ་ཤེས་ཀྱིས་བསྐྱེད་པའི་ཚུལ་འཆད་པ་ཡིན་གྱི། སྣོད་སྟོང་པ་དེ་སྦྱོང་བྱེད་ཀྱི་གཉེན་པོ་འདིར་སྟོན་པ་མ་ཡིན་ཞིང༌། སྤྱིར་ཡང་གྲུབ་ཟིན་གྱི་སྣོད་འཆགས་འཇིག་ནས་གསུམ་གྱི་སྦྱོང་བྱེད་གཉེན་པོ་ལམ་དུས་སུ་གོམས་པར་བྱེད་པ་ཡང་མི་སྲིད་ཅིང༌། འབྲས་དུས་སུ་མངོན་དུ་གྱུར་པ་ཡང་མི་སྲིད་དེ། གཞན་དུ་ན་ཆད་པའི་མཐའ་ཉིད་དུ་ལྷུང་བར་འགྱུར་རོ། །དེ་ལྟ་བས་ན། རྣམ་གཞག་ཏུ་སྣོད་ཀྱི་འཆགས་འཇིག་བཤད་པ་ནི། སྟོང་པ་འཆད་བྱེད་ཀྱི་ཡན་ལག་ཏུ་ཡིན་གྱི། དཔེ་དང་མཐུན་ཡུལ་དུ་འཆད་མི་དགོས་ཤིང༌། དེ་ལས་གཞན་པའི་དགོས་པ་ཡང་མེད་དོ། །དེ་བས་ན། བཅུད་ཀྱི་སེམས་ཅན། སྐྱེ་འཆི་བར་དོ་གསུམ་སྦྱང་གཞིར་གཞག་ནས། དེ་སྦྱོང་བྱེད་དུ་ལམ་དུས་ཀྱི་ཆོས་ལོངས་སྤྲུལ་གསུམ་ལམ་དུ་བྱེད་ཚུལ། སྦྱང་གཞི་གསུམ་དཔེ་དང་མཐུན་ཡུལ་དུ་བཞག་ནས། དེ་དང་ཆ་མཐུན་པར་ལམ་རིམ་པ་གཉིས་ལ་གོམ་པར་བྱེད་དོ། །སྦྱང་གཞི་གསུམ་པོ་དེ་ཡང༌། འཛམ་གླིང་གི་མི་ཁོ་ནའི་དབང་དུ་བྱས་ཏེ། གཞན་ནི། ཆོས་འདིས་འཚང་རྒྱ་བའི་རྟེན་དུ་མི་རུང་བའི་ཕྱིར། ལུས་རྟེན་དེ་ཉིད་ཀྱི་སྐྱེ་འཆི་བར་དོ་གསུམ་སྦྱངས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་མཐུན་ཡུལ་གྱི་དཔེ་དང༌། ཤེས་བྱེད་ཀྱི་གཏན་ཚིགས་འགོད་པའི་དབང་དུ་མཛད་ནས། རྣམ་གཞག་རིམ་པར། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ནས། མཚན་དཔེ་འབར་བའི་བར་དོའི་ཚུལ་གྱིས་ལྷུམས་སུ་ཞུགས་པ་དང༌། མཛད་པ་རྣམས་རིམ་གྱི་མཛད་ནས། སངས་རྒྱས་པའི་རྣམ་གཞག་རྣམས་གསུངས་པ་ཡིན་ནོ། །ཞེས་འཆད་པ་ནི། ཕྱོགས་སྔ་མའི་ཞེ་འདོད་དཔྱིས་ཕྱིན་པའོ། །འདི་བརྟག་པར་བྱ་བ་ལ་བཞི་སྟེ། མ་དག་པའི་སྣོད་སྦྱོང་དགོས་པར་བསྟན་པ། མ་དག་པའི་སྣོད་གྲུབ་ཟིན་མི་སྦྱོང་ན་དེའི་བཅུད་ཀྱང་མི་སྦྱོང་བར་མཚུངས་པ། བཅུད་ཀྱི་སྐྱེ་འཆི་བར་དོ་གསུམ་སྦྱོང་ན། བཅུད་ཀྱི་འཇིག་རྟེན་མཐའ་དག་སྦྱོང་དགོས་པར་ཐལ་བ། གསུམ་པོ་སྦྱངས་པའི་དོན་གང་ཡིན་བརྟགས་པས། ཀུན་རྫོབ་མཐའ་དག་ལ་མཚུངས་པར་ཐལ་བ་རྣམས་འཇུག་གོ །དང་པོ་ལ་གཉིས་ཏེ། སྦྱོང་མི་དགོས་པ་ལ་གནོད་བྱེད་དང༌། དགོས་པའི་ཤེས་བྱེད་དོ། །དང་པོ་ནི་མ་དག་པའི་འཇིག་རྟེན་དུ་སྣང་བ་འདི། རིམ་པ་དང་པོའི་ལམ་གྱིས་སྦྱང་མི་དགོས་པའམ། མི་ནུས་པའམ། འབྲས་བུ་མེད་པས་ཡིན། དང་པོ་ལྟར་ན། སྡུག་བསྔལ་གྱི་བདེན་པ་མཐའ་དག་ལམ་དེས་སྦྱོང་མི་དགོས་པར་འགྱུར་རོ། །གཉིས་པ་ལྟར་ན། རྒྱུ་ཀུན་འབྱུང་གི་བདེན་པ། ལམ་དེས་སྤངས་པ་མི་སྲིད་པར་འགྱུར་རོ། །དེ་ལྟར་ན། སངས་རྒྱས་ཀྱི་སས་བསྡུས་པའི་སྡུག་ཀུན་གྱི་བདེན་པ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ནི། དེ་སྐབས་ཀྱི་གཉེན་པོ་མེད་པ་ཡང་མ་ཡིན་ཏེ། རིམ་པ་དང་པོའི་སྐབས་སུ། སྔགས་ལུགས་ཀྱི་བདག་མེད་པ་གཉིས་མངོན་སུམ་དུ་མཐོང་བ་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་ཡོད་པའི་ཕྱིར། སྦྱངས་ན་ཆད་པར་འགྱུར་བ་དང༌། བསྐལ་པ་དང་པོའི་སྣོད་ནི་འགགས་ནས་ཡུན་རིང་བའི་ཕྱིར་སྦྱོང་བ་མི་འཐད་དོ། །ཅེ་ན། བཅུད་ཀྱི་སེམས་ཅན་ལ་ཡང་ཤེས་བྱེད་དེ་དག་གི་ཕྱིར། དེ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་བཅུད་ཀྱི་སྡུག་ཀུན་མ་འོངས་པ་སྦྱང་ངོ༌། །ཞེ་ན། སྣོད་ལ་ཡང་དེ་ཉིད་དོ། །བསྐལ་པ་དང་པོ་དང༌། སྣོད་སྟོངས་པ་ནི། འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་སྦྱོང་མི་ནུས་སོ། །ཞེ་ན། སེམས་ཅན་འདི་དག་གི་སྐྱེ་འཆི་བར་དོ་ཡང༌། འཁོར་བ་ཐོག་མེད་ནས་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་དེར་འགྱུར་རོ། །སྣོད་ཀྱི་འཇིག་རྟེན་འཆགས་འཇིག་གནས་སྟོངས་ཀྱང༌། ལམ་མ་བསྒོམས་པ་རྣམས་ལ། མ་འོངས་པ་རྒྱུན་མི་ཆད་པར་འབྱུང་བ་དང༌། སྐྱེ་འཆི་བར་དོ་ཡང་སྒྱུ་སྦྱངས་པའི་སྒོ་ནས་སྦྱོང་དགོས་ཀྱི། གྲུབ་ཟིན་སྦྱོང་བ་མ་ཡིན་པ་ནི། ཕྱོགས་སྔ་ལ་ཡང་མཚུངས་པ་དང༌། སྤང་བྱ་འགགས་ཟིན་པའི་བག་ཆགས་ཀུན་གཞི་ལ་ཡོད་པ་དང༌། ཕྱོགས་སྔ་ལྟར་ན། ང་ཙམ་ལ་ཡོད་པ་རྣམས། རྒྱུན་མཐའི་བར་ཆད་མེད་ལམ་གྱིས་སེལ་དགོས་པར་སྡེ་སྣོད་པ་ལ་གྲགས་པ་དང༌། བག་ཆགས་སྦྱོང་བ་དང༌། ས་བོན་སྤོང་བའི་ཤན་མ་ཕྱེད་པའི་ཉེས་པ་རྣམས་ཕྱོགས་སྔ་མར་ཞུགས་སོ། །གསུམ་པ་ནི། ལམ་གྱིས་སྐྱེ་འཆི་བར་དོ་གསུམ་སྦྱོང་དགོས་ན། སྔོན་དུས་ཀྱི་སྲིད་པ་ཡང་སྦྱང་གཞིར་འགྲོ་དགོས་ལ། དེ་ལྟར་ན། མ་དག་པའི་བཅུད་མཐའ་དག་སྦྱང་གཞིར་འགྱུར་ཏེ། དེ་དག་སྲིད་པ་བཞིར་མ་འདུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་མ་དག་པའི་སྣོད་ལ་ཡང་དེར་ཐལ་བ་བཟློག་མི་ནུས་སོ། །བཞི་པ་ནི། སྦྱང་གཞི་གསུམ་པོ་སྦྱོང་བའི་དོན། སྐུ་གསུམ་ལམ་བྱེད་ཀྱི་གཉེན་པོ་བར་ཆད་མེད་ལམ་ཞིག་གིས། གསུམ་པོ་ལ་གནོད་པ་བྱེད་བཞིན་པ་དང༌། སྦྱངས་པའི་དོན་གསུམ་པོ་སྤངས་པའི་འགོག་བདེན་མངོན་དུ་བྱས་པ་ལ་འཆད་དགོས་པ་ཉིད་དུ་ངེས་པས་ན། མ་རིག་པའི་དབང་གིས། གཟུང་འཛིན་གཉིས་སུ་སྣང་བ་མཐའ་དག་ལ་གཏན་ཚིགས་དེ་ཉིད་ཀྱི་ཕྱིར། ཀུན་རྫོབ་ཀྱི་བདེན་པ་མ་ལུས་པ་སྦྱང་གཞི་ཉིད་དུ་གདོན་མི་ཟ་བར་ཁས་བླངས་པས་ཕྱོགས་སྔ་མ་ལ་ནང་འགལ་བའི་ཕུང་པོ་མི་ཟད་པའོ། །གནོད་བྱེད་གཞན་ཡང་འདི་ལྟར་བོད་ཕྱི་མའི་བཞེད་པ་ལ། འདུས་པའི་ལམ་རིམ་པ་གཉིས་ཀྱིས། སྒྲུབ་པ་པོའི་སྐྱེ་འཆི་བར་དོ་གསུམ་སྦྱོང་བའི་གོ་དོན། དཔེ་ཐ་མལ་པ་འཆི་བ་དང་མཐུན་པར། ཡེ་ཤེས་ཀྱིས་བསྐྱེད་པ་དང༌། ཤི་བའི་འོག་ཏུ་བར་དོ་གྲུབ་པ་དང་མཐུན་པར། དང་པོའི་མགོན་པོ་བསྐྱེད་པ་དང༌། བར་དོས་སྐྱེས་སྲིད་དུ་ལུས་བླངས་པ་དང་མཐུན་པར། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་ནས་གོམས་པ་ནི། ལམ་དུས་ཀྱི་སྐུ་གསུམ་ལམ་བྱེད་ཡིན་ལ། ལམ་དེས་སྒྲུབ་པ་པོ་རང་ལ་མ་འོངས་པ་ན་འབྱུང་རྒྱུའི་འཆི་བ་དེ། ལམ་དུས་ཀྱི་ཆོས་སྐུ་ཉིད་དུ་དང༌། བར་དོར་འབྱུང་རུང་དེ་ལམ་དུས་ཀྱི་ལོངས་སྐུ་ཉིད་དུ་དང༌། སྐྱེ་གནས་སུ་སྐྱེ་བ་འབྱུང་རུང་དེ། ལམ་དུས་ཀྱི་སྤྲུལ་སྐུ་ཉིད་དུ་བྱས་པའི་སྒོ་ནས། ཐ་མལ་པ་གཞན་ལ་ཕྱིས་འབྱུང་བ་ལྟ་བུའི་སྐྱེ་འཆི་བར་དོ་གསུམ་མི་འབྱུང་བར་བྱེད་བཞིན་པ་ནི། སྦྱོང་བའི་དོན་དང༌། བྱས་པ་ནི་སྦྱངས་པའི་དོན་ནོ། །གཞན་དུ། སྒྲུབ་པ་པོ་རང་ལ་སྔོན་བྱུང་ཟིན་པའི་གསུམ་པོ་དེ་ནི། རྣམ་སྨིན་ཕྱུང་ནས་འགགས་ཟིན་པའི་ཕྱིར། སྦྱོང་མི་དགོས་ཤིང༌། སྦྱོང་ནུས་པ་ཡང་མ་ཡིན་ཏེ། ན་ནིང་ཚིག་པའི་བུད་ཤིང་ད་ལོའི་མེས་སྲེག་པ་བཞིན་ནོ། །སྤྱིར་ཡང་སྐྱོན་སྦྱོང་བ་ཇི་སྙེད་པ། རྒྱུའི་ནུས་པ་བཅོམ་པའི་སྒོ་ནས་སྤོང་བ་ཡིན་གྱི། འབྲས་བུའི་ངོ་བོ་གྲུབ་ཟིན་སྤོང་ནུས་པ་མ་ཡིན་ཏེ། འགགས་ཟིན་པའི་ཕྱིར། ཇི་སྐད་དུ། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་བསྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གསུངས་པས་སོ། །ཞེས་འཆད་པར་བྱེད་དོ། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། རགས་པ་དང་ཞིབ་མོའི་རྣམ་གཞག་མ་ཕྱེད་པའི་སྐྱོན། སྦྱང་གཞི་སྦྱོང་བ་དང༌། སྤང་བྱ་སྤོང་བའི་ཁྱད་པར་མ་ཕྱེད་པའི་སྐྱོན་ཁས་བླངས་ནང་འགལ་མང་པོ་བྱུང་བའི་སྐྱོན་ནོ། །དང་པོ་ནི། སྤྱི་ཙམ་ནས་རགས་པའི་རྣམ་གཞག་ལ་མ་དག་པའི་སྣོད་བཅུད་འབྲས་བུར་གྲུབ་ཟིན་པ་རྣམས་སྦྱང་དགོས་པ་ཡིན་ཏེ། སྦྱང་བྱའི་དྲི་མ་ཡིན་པའི་ཕྱིར་དང༌། དཔེར་ན། ཤེས་རྒྱུད་ཀྱི་སྒྲིབ་པ་སེལ་དགོས་པ་དང༌། གྲུབ་ཟིན་གྱི་མུན་པ་སྣང་བས་སེལ་དགོས་པ་བཞིན་ནོ། །གཞན་དུ་ན། འཁོར་བ་ཐོགས་མེད་ཀྱི་སྡིག་ལྟུང་རྣམས། བཤགས་པ་དང་དེ་དག་གི་བག་ཆགས་སེམས་རྒྱུད་ལ་བསྒོམ་པ་རྣམས། སྤོང་བའི་རྣམ་གཞག་མི་འཐད་པ་དང༌། འགག་ནས་ཡུན་རིང་དུ་ལོན་པའི་ལས་ཀྱི་ནུས་པ་གཉེན་པོས་མ་བཅོས་ན། རྣམ་སྨིན་འབྱེད་པར་བྱེད་པའི་ཕྱིར་དང༌། སྤང་བྱ་འགགས་པ་དང་མ་སྐྱེས་པ་གཉིས་ལ་གཉེན་པོའི་ནུས་པ་འཇུག་ཚུལ་མཚུངས་པར་བཤད་པས་ན། སྤང་བྱ་མ་འོངས་པ་སྤོང་བ་དེ་བས་ཀྱང་མི་འཐད་པར་མཚུངས་པའི་ཕྱིར་དང༌། སྤངས་པའི་ཚད་སྤང་བྱ་སྐྱེ་འཕྲོ་བཅད་ལ་བཤད་ཀྱང༌། སྤོང་བའི་ཐ་སྙད་ནི། གྲུབ་ཟིན་ལ་མ་བཤད་ན། སྤང་བྱ་ངོ་མི་ཤེས་པའི་ཕྱིར། རྣམ་འགྲེལ་མཛད་པའི་ལུང་དོན་ཡང༌། འཁོར་བ་འགྲུབ་བྱེད་ཀྱི་སྲེད་པ་མ་སྤངས་ན་འཕེན་བྱེད་ཀྱི་ལས་སྤོང་བ་ལ་འབད་པ་དོན་མེད་དོ། །ཞེས་འཆད་པ་ཡིན་གྱི། སྤང་བྱ་གང་སྤོང་ཐམས་ཅད་མ་འོངས་པ་ཁོ་ན་ལ་བཤད་དགོས་ན། རྒྱུན་མཐའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་ཡང་མ་འོངས་པ་ལ་འཆད་དགོས་པས། སངས་རྒྱས་ཀྱིས་སྒྲིབ་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ། དེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་འགགས་པ་དང་ཡོད་པ་གང་ཡང་མི་འཐད་པར་འགྱུར་ཏེ། དེའི་སྤང་བྱ་ནི་འབྱུང་རུང་ཁོ་ན་ལ་འཆད་པའི་ཕྱིར། གཉིས་པ་ནི། ཕྱོགས་སྔ་མས་སྦྱང་གཞི་ངོས་མ་ཟིན་པས། སྦྱང་གཞི་སྦྱོང་བ་དང༌། སྤང་བྱ་སྤོང་བའི་ཤན་མ་ཕྱེད་པ་ཡིན་ཏེ། མ་དག་པའི་སྣོད་བཅུད་ནི་གཉིས་ཀ་ཡང༌། གཉིས་སྣང་གི་བག་ཆགས་མ་སྤངས་པ་རྣམས་ལ། དེ་དང་དེར་སྣང་བའི་རྣམ་རིག་ལས་གཞན་ཡོད་པ་མིན་ཏེ། ཡོད་ན་གཟུང་འཛིན་རྫས་གཞན་དུ་ཐལ་བས་ཐེག་པ་ཆེན་པོ་ལས་ཉམས་སོ། །རྣམ་རིག་དེ་ལའང༌། ཕྱིར་བལྟ་དོན་དང་སེམས་ཅན་དུ་སྣང་བ་དང༌། ནང་བལྟ་འཛིན་རྣམ་གྱི་མིང་ཅན་གསལ་རིག་གི་ཆ་གཉིས་ལས་དང་པོ་ལ་སྣོད་བཅུད་དུ་ཐ་སྙད་འདོགས་པ་ཡིན་ཏེ། དཔེར་ན། སྔོ་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་ལ། འཇིག་རྟེན་པས་སྔོན་པོའི་ཐ་སྙད་བཏགས་པ་ཡིན་ནོ། །ཕྱིར་བལྟའི་ཆ་དེ་དག་ནི་སྤང་བྱ་དང་སྦྱང་བྱ་ཡིན། གདོད་མ་ནས་ཡོད་མ་མྱོང་བ་འགའ་ཞིག འཁྲུལ་པའི་དབང་གིས་སྣང་བའི་དྲི་མ་ཉིད་ཀྱི་ཕྱིར་ཁ་ནང་བལྟའི་ཆ་ནི། སྦྱང་གཞི་དངོས་ཡིན་ཏེ། དྲི་མ་དེ་དག་གང་ལ་གནས་པའི་གཞི་ཉིད་དུ། གདོད་མ་ནས་གནས་པའི་ཕྱིར། དེའི་ཕྱིར་བསྐལ་པ་ཐོག་མེད་ནས། ཕྱི་མཐའི་བར་དུ་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་གང་ལ་འཆར་བའི་སེམས་ཅན་སོ་སོའི་ཤེས་རྒྱུད་མ་དག་པའི་སྣང་བ་གང་ཤར་དེ་ཐམས་ཅད་ནི་སྤང་བྱ་དང་སྦྱང་བྱའི་དྲི་མ་ཡིན་ཞིང༌། དེ་ཡང་སེམས་ཅན་གང་གི་ཤེས་རྒྱུད་ལ་གནས་པའི་སེམས་ཅན་དེ་ཉིད་ཀྱི་སྤང་བྱ་ཡིན་ཏེ། དེ་ཉིད་ཀྱི་ཤེས་པས་བསྡུས་པའི་འཁྲུལ་སྣང་ཡིན་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར། ད་ལྟའི་དུས་ཀྱི་གསང་བ་འདུས་པའི་རྣལ་འབྱོར་པ་ལས་དང་པོ་པ་དེ་ལ། བསྐལ་པ་དང་པོའི་སྣོད་བཅུད་དུ་སྣང་བ་དེ། རྣལ་འབྱོར་པ་དེ་ཉིད་ཀྱི་ཤེས་རྒྱུད་ལ། སྤང་བྱ་དང༌། སྦྱང་བྱ་དང༌། སྤངས་དགོས་པ་དང༌། སྤངས་ནུས་པ་དང༌། སྤོང་བྱེད་ཀྱི་གཉེན་པོ་ཡང་འབྱུང་དུ་རུང་སྟེ། སྒྲུབ་པ་པོ་དེ་ཉིད་ཀྱི་ཤེས་རྒྱུད་ལ་འབྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར། བོད་ཕྱི་མས་འདོད་པའི་སྦྱང་གཞིའི་དོན་ཡང་དེ་ཉིད་ལ་གནས་པ་ཡིན་ཏེ། སྒྲུབ་པ་པོ་དེ་ཉིད་ཀྱི་སྤང་བྱ་ཡིན་པའི་ཕྱིར་རོ། །ལུགས་འདིར་ནི། སེམས་ཅན་རང་རང་སོ་སོ་ལ་སྣོད་བཅུད་དུ་སྣང་བ་དེ་ནི། རང་རང་གི་ཤེས་པས་བསྡུས། སྣང་གཞི་ཐུན་མོང་བར་ཁས་ལེན་པ་ནི། ཐེག་པ་ཆེན་པོ་པའི་ལུགས་མ་ཡིན། དེ་ལས་གཞན་དུ་ཡིན་ན། དེ་མ་ཐག་ཏུ་འཆད་པའི་འགལ་བའི་ཁུར་གྱིས་ནོན་པར་འགྱུར་རོ། །གསུམ་པ་ལ་གསུམ་སྟེ། བཅུད་ཀྱི་སྦྱོང་ཚུལ་དེ་སྣོད་ལ་མཚུངས་པར་ཐལ་བ། མཚུངས་ན་ནང་འགལ་བ། འགལ་བ་གཞན་ཡང་བརྗོད་པའོ། །དང་པོ་ནི། སྣོད་ཀྱི་འཆགས་འཇིག་སྟོངས་གསུམ་དང་མཐུན་པའི་ལམ་དུས་ཀྱི་ཉམས་ལེན་དེས་སྦྱང་བའི་གཞི་ནི། རྣལ་འབྱོར་པ་དེའི་ཤེས་ངོར་མ་འོངས་པ་ན་འབྱུང་རུང་གི་འཆགས་འཇིག་གནས་གསུམ་ལ་ངོས་འཛིན་དགོས་པ་དང༌། དེས་དེ་སྦྱོང་ནུས་པར་ཡང་འགྱུར་ཏེ། བཅུད་ཀྱི་སྦྱང་གཞི་སྦྱོང་ཚུལ་དང་མཚུངས་དགོས་པའི་ཕྱིར། གཉིས་པ་ནི་དེ་ལྟར་འདོད་ན། ཁོ་བོ་ཅག་ལ་རུང་ཡང༌། ཕྱོགས་སྔ་མ་ལ་འགལ་ཏེ། སྒྲུབ་པ་པོ་དེ་སངས་རྒྱས་པའི་ཚེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་མི་སྣང་བར་ཐལ་བ་དང༌། སངས་རྒྱས་ལ་མི་སྣང་ན་མེད་དགོས་པ་དང༌། སྣོད་ཀྱི་འཇིག་རྟེན་མེད་ན། བཅུད་ཀྱང་མེད་དགོས་པ་དང༌། དེ་ལྟར་ན། ཆད་པའི་མཐར་ལྷུང་བས་སོ། །ཁོ་བོ་ཅག་ལ་ནི་མ་དག་པའི་སྣང་བ་ཇི་སྙེད་པ་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར། ཉེས་པར་མི་འགྱུར་རོ། །གསུམ་པ་ནི། མ་དག་པའི་སྣོད་བཅུད་སྦྱང་གཞིར་མི་འདོད་པ་དང༌། དེ་སྦྱོང་དགོས་པར་འདོད་པ་འགལ། དེ་སྦྱོང་བའི་དོན་སྣོད་བཅུད་ཀྱི་སྐྱོན་སྦྱོང་བ་ཡིན་གྱི། རང་རང་གི་ལྡོག་པ་ནས་སྦྱོང་བ་མ་ཡིན་པར་འདོད་ན། སྦྱང་གཞི་མ་ཡིན་པར་འདོད་པ་དང་འགལ་ཏེ། རང་རང་ཐད་སོར་བཞག་ནས་དེའི་སྐྱོན་སྦྱོང་བ་ལ་སྦྱང་གཞིའི་ཐ་སྙད་མཛད་པའི་ཕྱིར། སྦྱང་གཞིའི་ངོས་འཛིན་སྤང་བྱ་ལ་བྱེད་ན། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། བདེ་གཤེགས་སྙིང་པོ་སྦྱངས་གཞིར་བཤད་པ་དང་འགལ། རྣམ་གཞག་རིམ་པར། བཅུད་ཀྱི་སྐྱེ་འཆི་བར་དོ་གསུམ། སྦྱོང་བ་གཙོ་ཡིན་གྱི། སྣོད་ཀྱི་འཆགས་འཇིག་སྦྱོང་བར་དངོས་སུ་བསྟན་པ་མེད་ཅེས་ཟེར་བ་དང༌། རྣམ་གཞག་རིམ་པའི་གཞུང༌། བསྐྱེད་རིམ་གྱི་སྒྲུབ་ཐབས་སྟོན་བྱེད་དུ་འཆད་པ་དང་འགལ། མ་དག་པའི་སྣོད་བཅུད་སྦྱང་གཞི་དང་སྤང་བྱར་མི་འདོད་ན། ཡེ་ཤེས་ཀྱིས་བསྐྱེད་པའི་སྐབས་སུ། སྔགས་དོན་བསམ་པའི་སྒོ་ནས་རྒྱུ་མི་རྒྱུ་ཀུན་དམིགས་མེད་དུ་བསམ་པར་འགལ། སྣོད་ཀྱི་འཆགས་ཚུལ་དང་ལྷའི་གཞལ་ཡས་ཁང་གི་བསྐྱེད་ཚུལ་མཐུན་པར་བསྒོམ་པ་ཡིན་མོད། བསྒོམས་པ་ལ་འབྲས་བུ་མི་འདུག་སྟེ། དེ་ལྟར་བསྒོམས་པས་དེའི་སྐྱོན་མི་སྦྱོང་བའི་ཕྱིར། སྐྱོན་སྦྱོང་ཞེས་སྨྲས་ཟིན་པ་མ་ཡིན་ནམ། ཞེ་ན། སྨྲས་པས་ཅི་ལ་ཕན་ཏེ། ལས་ཉོན་གྱི་བདག་འབྲས་སུ་གྱུར་པ་ནི། སྐྱོན་དུ་མི་འདོད་པའི་ཕྱིར། སེམས་ཅན་སྤྱི་མཐུན་གྱི་བདག་འབྲས། རྣལ་འབྱོར་པ་གཅིག་གིས་སྦྱང་མི་ནུས་སོ། །ཞེ་ན། ཐུན་མོང་བ་ལྟ་བུར་སྣང་བ་འདི་ནི་བག་ཆགས་མཐུན་པར་སད་པ་ཡིན་གྱི། སྣང་གཞི་ཐུན་མོང་བ་འདོད་ན། ཐེག་པ་ཆེན་པོ་ལས་ཉམས་པ་འདི་མ་ཤེས་པས་ན། འགྲོ་བ་རིགས་དྲུག་གི་ངོར། དངོས་པོ་གཅིག་ལ་མཐོང་སྣང་མ་འཁྲུལ་བ་དྲུག་ཡོད་པར་ཁས་ལེན་དགོས་པ་བྱུང་ངོ༌། །རྣམ་གཞག་རིམ་པར་སྣོད་ཀྱི་འཆགས་འཇིག་གསུངས་པ་དེ། རིམ་པ་དང་པོའི་རྟེན་བསྐྱེད་པའི་མཐུན་ཡུལ་སྟོན་པ་ཡིན་གྱི། སྦྱང་གཞི་མི་སྟོན་པ་ཉིད་ཕྱོགས་སྔའི་ཞེ་འདོད་ཀྱི་གཙོ་བོ་ཡིན་པས་ན། རྟེན་ལ་སྦྱང་གཞི་མེད་པར་ཐལ་བ་དང༌། དཔེ་དང་མཐུན་ཚུལ་མ་ཤེས་པ་ཉེས་པ་གཉིས་འཇུག་སྟེ། རྟེན་ལ་གོམས་པ་མཐར་ཕྱིན་པར་བྱས་པས། སྤང་བྱ་གང་ཞིག་སྤོང༌། སྤང་བྱ་མེད་ན་ཧ་ཅང་ཐལ་ལ། ཡོད་ན་གང་ཞིག་ཡིན། ཐ་མལ་གྱི་སྣང་ཞེན་ནོ། །ཞེས་སྨྲས་ཟིན་པ་མ་ཡིན་ནམ་ཞེ་ན། ཟིན་མོད། དེ་ཉིད་སྦྱང་གཞིར་འགྱུར་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར། མ་དག་པའི་སྣོད་ཀྱི་སྣང་བ་མི་འགོག་ན། ཐ་མལ་གྱི་སྣང་བ་ཇི་ལྟར་འགོག གཉིས་པ་ནི། སྣོད་ཞིག་པ་དང༌། ཡེ་ཤེས་ཀྱིས་མཐུན་ཚུལ་ཡང༌། ཉི་མས་སྣོད་སྲེག་པ་ལྟར། ཤེས་རབ་ཀྱིས་ཀུན་རྫོབ་ཀྱི་སྣང་བ་བསྲེགས་པའི་འོག་ཏུ། སྣོད་དང་ཀུན་རྫོབ་ཀྱི་སྣང་བ་གཉིས་ཀ་ཆོས་མཐུན་དུ་སྦྱོར་དགོས་པ་ལས། མ་སྦྱར་བ་དང༌། སྣོད་ལན་གཅིག་སྟོངས་ཀྱང༌། སླར་ལས་དབང་གིས་སྐྱེ་བ་དང༌། གནས་ཚུལ་ཆོས་དབྱིངས་ལས་གཞན་མེད་ཀྱང༌། ཡེ་ཤེས་དེ་ཉིད་གཞལ་ཡས་ཁང་གི་རྣམ་པར་བསྐྱེད་པ་དཔེ་དོན་དུ་སྦྱོར་དགོས་པ་ལས། མི་སྦྱོར་བར་ཕྱི་རོལ་གྱི་དོན་ཉིད་གནས་ཚུལ་ལ་ཡོད་པ་དང༌། བློ་ངོར་དེ་བཀག་པའི་ཡེ་ཤེས་ཀྱིས། གནས་ཚུལ་དང་མི་མཐུན་པ་ཉིད་དུ་འཆད་ཀྱིན་འདུག་པའི་ཕྱིར། གསུམ་པ། སྦྱང་གཞི་སྦྱོང་བ་དང༌། སྤང་བྱ་སྤོང་བའི་གོ་དོན་སོ་སོར་བཤད་པ་གཉིས་ལས། སྦྱོང་ཞེས་པ་བཤད་པའི་གཞིར་བཞག་ནས། གང་དུ་ན། བརྗོད་བྱ་དོན་གྱི་རྒྱུད་དུའོ། །གང་ན། སྤྱིར་སྒྲིབ་པ་གཉིས་དང༌། སྐབས་འདིར། མ་དག་པའི་སྣོད་བཅུད་དུ་སྣང་བའི་རྣམ་རིག ཁ་ཕྱིར་བལྟའི་ཆར་གྱུར་པ་དེའོ། །གང་གིས་ན། སྤྱིར་རིམ་པ་གཉིས་ཀྱི་ལམ་དང༌། སྐབས་འདིར་གསང་བ་འདུས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུ་སྣང་བའི་རྣམ་རིག ཐོག་མར་རྟོག་བཅས་སུ་སྐྱེས་པ་དེ་དང༌། ཕྱིས་རྟོག་མེད་དུ་གསལ་བ་རབ་ཀྱི་མཐར་ཕྱིན་པ་དེ་ཡིས་སོ། །ཚུལ་ཇི་ལྟར་དུ་ན། གཞི་རྒྱུ་རྒྱུད་ཀྱི་སྟེང་དུ། སྤང་གཉེན་གྱི་སྣང་བ་གཉིས་པོ་ཐོག་མར་ལྷན་ཅིག་ཏུ་འགྲོགས་ནས། སྟོབས་འདྲེན་པ་ན། གཉེན་པོ་རྟོག་བཅས་ཀྱི་ཚེ། སྦྱང་བྱ་མགོ་མནོན་པ་དང༌། རྟོག་མེད་ཀྱི་ཚེ་ས་བོན་དྲུངས་འབྱིན་པའོ། །དགོས་པ་ཅིའི་ཕྱིར་དུ་ན། སངས་རྒྱས་པ་ན་མ་དག་པའི་སྣོད་བཅུད་ཀྱི་སྣང་བ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པ་གཅིག་འབྱུང་བའི་ཕྱིར་དུའོ། །དེས་དེ་ལྟར་བྱེད་ནུས་པའི་རྒྱུ་མཚན་ནི། སྦྱོང་བྱེད་ཀྱི་གཉེན་པོ་སྐྱེད་རིམ་དེ། རྒྱུའི་རྒྱུད་ཀྱི་གནས་ཚུལ་ལ་ཞུགས་པས་དེ་དང་དབྱེར་མེད་དུ་འདྲེས་ཤིང༌། སྦྱང་བྱའི་དྲི་མ་དེ་དག་ནི། གསེར་ལ་གཡའ་དང༌། ནམ་མཁའ་ལ་སྤྲིན་བཞིན་དུ། གློ་བུར་དུ་བྱུང་ཞིང༌། གནས་ཚུལ་ལ་མ་ཞུགས་པས་ན། སྦྱང་བྱ་སྦྱོང་བྱེད་ཀྱི་ལག་རྗེས་དེ། སུ་ཞིག་དང་འབྲེལ་ཞེ་ན། སྒྲུབ་པ་པོའི་ཉམས་ལེན་དང་ངོ༌། །སྦྱངས་པའི་འབྲས་བུ་དེ་ཉིད་གང་ཞེ་ན། སངས་རྒྱས་པའི་ཆོས་སྐུའི་ཞིང་ཁམས་སུ་ནི། ཆོས་ཀྱི་དབྱིངས་འབའ་ཞིག་པ་ཉིད་དོ། །ལོངས་སྐུའི་ཞིང་ཁམས་སུ་ནི་ཡེ་ཤེས་འབའ་ཞིག་ལས་གྲུབ་པའི་རྣམ་རོལ་སྣ་ཚོགས་པ། རང་གི་སས་བསྡུས་པ་ཉིད་དོ། །སྤྲུལ་སྐུའི་ཁམས་སུ་ནི། མ་དག་པའི་སྣང་བ་ཇི་སྙེད་ཁོ་ན་གཞན་སྣང་འབའ་ཞིག་གིས་བསྡུས་པའོ། །གལ་ཏེ། མ་དག་པའི་སྣོད་བཅུད་ཉིད་སྦྱང་གཞིར་འཇོག་མི་འཇོག་བོད་ཕྱི་མ་དང་བརྩོད་པའི་གཞིར་གྱུར་པ་མ་ཡིན་ནམ། འདིར་སྦྱང་བྱ་ཉིད་དུ་འཆད་པ་ཅི་ཞེ་ན། སྣོད་བཅུད་དུ་སྣང་བའི་རྣམ་རིག་ཕྱིར་བལྟའི་ཆ་ཞེས། ནང་བལྟ་རང་རིག་དང་ལྡོག་ཆ་སོ་སོར་ཕྱེ་བས་ནི། ཞིབ་མོར་བྱས་པ་ཉིད་དོ། །དེའི་ཕྱིར་གནས་སྐབས་གང་དུ་ཡང༌། ནང་བལྟ་རང་རིག་གི་ཆ་སྦྱང་གཞི་དང༌། ཕྱིར་བལྟ་འཁྲུལ་སྣང་གི་ཆ་སྦྱང་བྱ་ཡིན་པ་དེ་སོ་སོར་མ་ཕྱེ་བར། ནང་བལྟ་ཉིད་གནས་ཚུལ་ལ་བཞུགས་པ་དེ་དབང་བཙན་པར་བྱས་ནས་སྦྱང་གཞིར་བཞག་པ་ཡིན་ཏེ། དཔེར་ན། མཐར་ཐུག་གི་སྟོང་གཞི་ཡོངས་གྲུབ་ཁོ་ནར་ངེས་ཀྱང༌། གནས་སྐབས་སུ་གཞན་དབང་སྟོང་གཞིར་བཞག་པ་ཡིན་ནོ། །གཉིས་པ་ནི། ཡང་དག་པར་ན། སྦྱང་གཞི་དང་སྤང་བྱ་ལ་གཞི་མཐུན་མི་སྲིད་དེ། རྒྱུའི་རྒྱུད་ནི། གནས་སྐབས་གང་དུ་ཡང་སྤང་བྱར་བྱེད་པ་མི་སྲིད་པའི་ཕྱིར་དང༌། སྦྱང་གཞིའི་ངོས་འཛིན། རྒྱུའི་རྒྱུད་དང༌། དྲི་བཅས་སེམས་ཀྱི་ཆོས་དབྱིངས་དང༌། ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་མ་བཤད་ན། མདོ་སྔགས་ཀྱི་ལམ་གྱི་འགྲོ་ཚུལ་མཐའ་དག་མི་ཤེས་པའི་ཕྱིར་དང༌། བོད་ཕྱི་མ་ནི། ཀུན་གཞི་འགོག་པའི་ངལ་བ་དང༌། ཀུན་རྫོབ་ཀྱི་བདེན་པ་ལྷུར་ལེན་པའི་འབད་རྩོལ་གྱིས། བཤད་མ་ཐག་པའི་རྣམ་གཞག་དེ་དག་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ། །ཡང༌། མཁས་པ་སྔ་མ་དག་གི་གསུང་ལས། མ་དག་པའི་སྣོད་བཅུད་ཀྱི་རང་ལྡོག་ནས་སྦྱང་གཞིར་བཞག་པ་དེ། ཐད་སོར་འཇོག་པའི་ཚེ་འདི་ལྟར་ཁས་བླངས་པར་བྱ་སྟེ། རིམ་གཉིས་མཚན་ཉིད་པ་ནི་སྦྱང་གཞི་ཡིན་ལ། དེ་སྦྱོང་བར་བྱེད་པའི་ལམ་ལ་ཡང༌། རིམ་པ་སོ་སོའི་མིང་གིས་འདོགས་པའི་རྒྱུ་མཚན་ནི། སྦྱང་གཞི་མཚན་ཉིད་པ་དེ་དང༌། སྐྱེ་འགག་གི་རིམ་པ་མཐུན་པའོ། །བཏགས་པའི་དགོས་པ་ནི། དེ་ལྟར་མཐུན་པ་དེ་ཤེས་པའི་དོན་དུའོ། །དངོས་ལ་གནོད་བྱེད་ནི། སངས་རྒྱས་ཀྱི་སས་བསྡུས་པའི་སྣོད་སྟུག་པོ་བཀོད་པའི་ཞིང་ཁམས་ལ་ནི། སྐྱེ་འཇིག་གནས་སྟོངས་ཀྱི་བསྐལ་པ་བཞི་མི་སྲིད་པ་དང༌། དེའི་བཅུད་ལ་ཡང༌། སྐྱེ་འཆི་བར་དོ་གསུམ་མི་སྲིད་པ་དང༌། སྦྱོང་བྱེད་ཀྱི་རིམ་པ་ཉིད་ནི་སངས་རྒྱས་ཀྱི་སར་ཡང་ཡོད་པ་ལ་དགོངས་སོ། །ཡང༌། རྣམ་གཞག་རིམ་པར། ཇི་སྐད་དུ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་བདག་པོ། རྡོ་རྗེ་འཆང་ཆེན་པོས་འཇིག་རྟེན་གྱི་ཁམས་མ་ལུས་པ་བསྐྱེད་ཟིན་པའི་འོག་ཏུ། སེམས་ཅན་གྱི་ཁམས་སྤྲོ་བར་བྱ་སྟེ། ཞེས་གསུངས་པ་འདིས་ངེས་དོན་གྱི་དབང་དུ་བྱས་པའི་སྦྱང་གཞི་དང༌། སྦྱོང་བྱེད་གཉིས་ཀ་ངོས་གཟུང་བ་ཡིན་ཏེ། གཞི་དུས་ཀྱི་རང་བཞིན་ཆོས་སྐུའམ། བརྗོད་བྱ་དོན་གྱི་རྒྱུད་གཅིག་པུ་དེ་རྣལ་འབྱོར་པ་རང་རང་ལ་ལྟོས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་འཁོར་དང་བཅས་པ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་བདག་པོ་དང༌། བསྐྱེད་པར་བྱེད་པའི་དེ་མ་ཐག་རྐྱེན་ཉིད་དུ་ཡང་གྱུར་པ་དང༌། འབྲས་བུའི་མིང་གིས་རྒྱུ་ལ་བཏགས་པ་ནི། རྡོ་རྗེ་འཆང་དང༌། ཇི་སྐད་དུ། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་བཀོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས། སྒྲུབ་པ་པོ་རང་གི་བཅུད་དུ་མ་ཟད། སྣོད་ཀྱང་རང་སེམས་ལས་བྱུང་བར་གསུངས་པ་དང༌། ལམ་གྱི་སྐབས་སུ་ཡང༌། རང་ཉིད་ལམ་དུས་ཀྱི་རྡོ་རྗེ་འཆང་ཆེན་པོར་གྱུར་པས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད། རྣལ་འབྱོར་པ་རང་ཉིད་ཀྱི་ཡེ་ཤེས་ཁོ་ན་ལས་བསྒྲུབས་པ་དང༌། སངས་རྒྱས་པ་ན་ཡང༌། སྣོད་བཅུད་གཉིས་ཀ་ཡང་རྣལ་འབྱོར་པ་རང་གི་ཞིང་སྦྱངས་པའི་མཐུ་ལས་བྱུང་བའི་ཕྱིར། བོད་ཕྱི་མ་ནི་འཆད་ཚུལ་འདི་ལས་གཞན་དུ་འདོད་དོ། །ཡང༌། རྣམ་གཞག་ཏུ། བྱང་ཆུབ་སེམས་དཔའ་དོན་གྲུབ་དགའ་ལྡན་གྱི་གནས་སུ་ཤི་འཕོས་ཏེ། བར་དོ་མཚན་དཔེ་ཡོངས་སུ་རྫོགས་པའི་ལུས་ཅན་དུ་བྱོན་ནས། མིའི་སྐྱེ་བ་ཡོངས་སུ་བཟུང་ནས་སངས་རྒྱས་པར་གསུངས་པ་ནི། སྔོན་བྱོན་སྟོན་པའི་རྣམ་ཐར་བཤད་པས། རྗེས་འཇུག་ལམ་ལ་སློབ་ཚུལ་ཡང༌། དད་འདུན་མྱུར་དུ་སྐྱེས་ནས་བདེ་བླག་ཏུ་སློབ་པའི་ཆེད་དུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དོན་གྲུབ་ཀྱང༌། སྲིད་པ་ཐ་མ་པ་འོད་གསལ་མངོན་དུ་བྱས་ནས་སངས་རྒྱས་པར་ཤེས་ཏེ། སྤྲོ་བ་འཕེལ་བའི་ཕྱིར་རོ། །དེ་ལྟར་སྦྱང་གཞི་དང་སྦྱོང་བྱེད་ཇི་ལྟར་སྦྱོང་བའི་རིམ་པ་བསྟན་ནས། གཉིས་པ་སྦྱོང་བྱེད་ལམ་གྱི་དངོས་གཞི་བསྟན་པ་ལ་གཉིས་ཏེ། སྦྱོང་བྱེད་བསྐྱེད་རིམ་གྱི་རྣམ་པར་བཞག་པ་དང༌། སྦྱོང་བྱེད་རྫོགས་རིམ་གྱི་རྣམ་པར་བཞག་པའོ། །དང་པོ་ལ་གསུམ་སྟེ། སྔོན་འགྲོ་དང་དངོས་གཞི་དང༌། རྗེས་སོ། །དང་པོ་ནི། འཕགས་པས་སྒྲུབ་ཐབས་ཀྱི་ཐོག་མར་བསྲུང་འཁོར་བསྒོམ་པ་ནས་དངོས་གཞི་ཡེ་ཤེས་ཀྱི་ས་ལ་འཇུག་པ་ཙམ་ལས་མ་གསུངས་ཀྱང༌། འགྲེལ་མཛད་ལ་ལ་དང༌། བོད་ཕྱི་མ་དག སྔོན་འགྲོ་ཚོགས་གཉིས་བསོག་པ་བྱེད་མི་བྱེད་དང༌། འཁོར་ལོ་སེར་པོ་རྩིབས་བཅུ་པ་སྒོམ་པར་བྱེད་མི་བྱེད་ཀྱི་སྲོལ་མི་མཐུན་པ་དག་བྱུང་བ་ལས། ཐོག་མར་གཞན་གྱི་ལུགས་ལ་རྣམ་པར་བརྟགས་པས་རང་གི་ལུགས་འཇོག་ཤེས་པར་འགྲུབ་པའི་ཚུལ་འདི་ལྟར། བོད་ཕྱི་མ་ན་རེ། སྔོན་འགྲོ་དག་གི་སྔ་རོལ་དུ་སྟོང་ཉིད་སྒོམ་པ་དང༌། ཡེ་ཤེས་ཀྱིས་བསྐྱེད་པའི་དུས་སུ་སྟོང་ཉིད་བསྒོམ་པ་ནི་དོན་མི་གཅིག་སྟེ། སྔ་མ་ནི། ཐ་མལ་གྱི་སྣང་ཞེན་འགོག་པའི་ཕྱིར་ཡིན་ལ། ཕྱི་མ་ནི་སྦྱང་གཞིའི་སྐབས་སུ་སྣོད་སྟོངས་པ་དང༌། ཆོས་མཐུན་སྦྱོར་བ་དང༌། འགོག་པ་ཡང་འཆི་བ་སྦྱོང་བའི་ཆེད་དུ་ཡིན་ཞེས་འཆད་དོ། །འདི་ལ་ཡང་གཉིས་ཏེ། སྤྱིར་མི་འཐད་པ་དང་ཁས་བླངས་འགལ་འདུ་ཞུགས་པའོ། །དང་པོ་ནི། སྔགས་ལམ་གྱི་ཐོག་མར་སྟོང་ཉིད་གོམས་པར་བྱེད་ཚུལ་ལ་གཉིས་ལས་མི་འདའ་སྟེ་རྒྱ་ཆེ་བ་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་པ་དང༌། རྒྱ་ཆུང་བ་མངོན་རྟོགས་ཉམས་ལེན་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རང་སྟོང་གི་ཚུལ་ཅན་དང༌། ཕྱི་མ་ནི། གཞན་སྟོང་གི་ཚུལ་ཅན་དག་སྟེ། དེ་དག་གི་སྒོ་ནས་སྟོང་ཉིད་གོམས་ཚུལ་སྔ་ཕྱི་ལ་ཁྱད་པར་འབྱེད་ན། འབྱེད་ལ་རག་མོད། བོད་ཕྱི་མས་འཆད་པའི་སྟོང་པ་ཉིད་ཀྱི་ངོས་འཛིན་ནི། ཤིང་རྟའི་སྲོལ་གཉིས་པོ་གང་དུ་ཡང་མི་གཏོགས་ཏེ། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ་དགག་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་པའི་མིང་ཅན་ཐ་སྙད་ཀྱི་ཚེ་ཡང་མི་འགྲུབ་པ་ཞིག བཀག་པ་ལ་སྟོང་པ་ཉིད་ཀྱི་ངོས་འཛིན་དུ་འདོད་ཀྱིན་འདུག་པའི་ཕྱིར་དང༌། སྔ་ཕྱི་གཉིས་ལ་དེ་ལས་གཞན་པའི་ཁྱད་པར་འབྱེད་མི་ནུས་པའི་ཕྱིར། གཉིས་པ་ནི། ལྟ་བ་ལ་ཕུ་ཐག་ཆོད་པའི་སྒྲུབ་པ་པོས། སྔགས་དོན་བསམས་པས། ཐ་མལ་གྱི་སྣང་བ་ཁེགས་སམ་མི་ཁེགས། གཉིས་པ་ལྟར་ན། དངོས་སུ་འགལ་ལ། དང་པོ་ལྟར་ན། སྣང་བ་དེ་ཚད་མས་མ་གྲུབ་ན་ནི། ཀུན་རྫོབ་ལ་སྐུར་པ་བཏབ་པ་དང༌། ཆོས་ཅན་གཞི་མ་གྲུབ་བཀག་པའི་སྟོང་པ་ཉིད་ཀྱི་གོ་མི་ཆོད་པར་འདོད་པ་དང་འགལ། ཐ་མལ་གྱི་ཞེན་པ་ལ་ཡང་དེ་དང་འདྲ་སྟེ། བོད་ཕྱི་མ་ལ་འགལ་བ་ཤ་སྟག་གོ །གལ་ཏེ་སྣང་ཞེན་གྱི་ངོས་འཛིན་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་དང༌། ཞེན་པ་ལ་འཆད་དོ། །ཅེ་ན། རྣལ་འབྱོར་པ་སོ་སོ་སྐྱེ་བོ་ལ་ནི། སྣང་ཙམ་མི་ཁེགས་ན། དེ་ལྟར་སྣང་བ་ཡང་ཁེགས་མི་ནུས་ལ། སྒྲུབ་པ་པོ་འཕགས་པའི་མཉམ་གཞག་ཏུ་ནི། སྣང་ཙམ་ཡང་ཁེགས་དགོས་ལ། སློབ་པའི་རྗེས་ཐོབ་ཏུ་ནི། ཞེན་པ་ཁེགས་པ་ཉིད་ཀྱི་ཆོག་མོད། སྣང་བ་ཙམ་འགོག་མི་དགོས་ཤིང༌། ནུས་པ་ཡང་མ་ཡིན་ནོ། །ཡང༌། འདི་སྐད་དུ། ངེས་ངོར་འགོག་པ་ཡིན་ཞེས་ཟེར་མོད། ཚད་མས་གྲུབ་པ་འགོག་པའི་ངེས་བློ་ནི་ལོག་ཤེས་ལས་མ་འདས་སོ། །ཡང༌། ཡེ་ཤེས་ཀྱི་སའི་སྒོམ་ཚུལ། སྣོད་སྟོང་པ་དང་མཐུན་པར་བསྒོམ་ཞེས་པ་ཡང༌། ཕྱིན་ཅི་ལོག་ཏུ་སོང་སྟེ། སྟོང་ཉིད་གོ་ཆོད་པོའི་སྒོམ་ཚུལ། གོ་མ་ཆོད་གཅིག་དང་མཐུན་པར་སོང་བའི་ཕྱིར། དེའི་ཤེས་བྱེད། སྣོད་སྟོངས་པ་དེས་རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་ཀྱི་གོ་ཡང་མི་ཆོད། སྔགས་དོན་བསམ་པའི་སྟོང་ཉིད་ཀྱི་གོ་ཡང་མི་ཆོད་པའི་ཕྱིར། མཐུན་དཔེ་དང་མཐུན་ཆོས་ཀྱི་མཐུན་ཚུལ་སྦྱོར་བ་ཡང་ཕྱིན་ཅི་ལོག་པ་ཡིན་ཏེ། ཤིན་ཏུ་ལྐོག་ཏུ་གྱུར་པ་ཅིག མཐུན་དཔེར་བཞག་ནས། རྣལ་འབྱོར་པའི་ཉམས་མྱོང་མངོན་སུམ་གྱིས་འགྲུབ་ངོ་ཤེས་པ་གཅིག རྣལ་འབྱོར་པ་དེ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་གཅིག་དང་མཐུན་པར་སྒོམ་དགོས་ཞེས་པར་སོང་བའི་ཕྱིར། འོ་ན་མཐུན་ཚུལ་ཇི་ལྟ་བུ་ཞེ་ན། རྣལ་འབྱོར་པས་ལམ་དུས་སུ་ཉམས་སུ་མྱོང་བའི་རིམ་པ་འདི་དང་ཆ་འདྲ་བ་ཞིག་གཞི་དུས་ལྐོག་ཏུ་གྱུར་པ་སྣོད་ཀྱི་འཆགས་འཇིག་ལྟ་བུ་ལ་ཡང་ཡོད་དོ། །ཞེས་ལུང་དང་སྦྱོར་བ་ཡིན་ནོ། །ཡང་སེམས་ཅན་འཆི་བའི་རིམ་པ་དང་མཐུན་པར། རྣལ་འབྱོར་པས་ཡེ་ཤེས་ཀྱིས་བསྒོམ་པ་ཡང་མིན་ཏེ། ཡེ་ཤེས་ཀྱི་ས་ནི་རྣལ་འབྱོར་པ་རང་གི་ཉམས་སུ་མྱོང་བས་གྲུབ་པའི་ད་ལྟར་བ་ཡིན་ལ། རྣལ་འབྱོར་པ་རང་གི་འཆི་བ་ནི། མ་འོངས་པ་ན་འབྱུང་རུང་ཙམ་ལས་མ་འདས་པས། དེ་དེའི་མཐུན་དཔེ་དང་མཐུན་ཡུལ་དུ་མི་རུང་བའི་ཕྱིར་དང༌། སེམས་ཅན་གཞན་གྱི་འཆི་བ་ཡང་དེར་མི་རུང་བའི་ཕྱིར། འོ་ན་ཅི་ཞེ་ན། རྣལ་འབྱོར་པ་རང་ཉིད་ལྷག་མོས་ཀྱི་གཙོ་བོར་གྱུར་པ་དེ། འོད་གསལ་དུ་རིམ་གྱིས་བཅུག་ནས། གོམས་པ་ཚད་དུ་སློབ་པ་དེ་ལ། མཐར་འབྱུང་བ་བསྡུད་རིམ་གྱིས་འཆི་བ་ལ་ཁད་ཉེ་བའི་ཚེ། སྔགས་ལམ་དུས་སུ་ལྷག་མོས་འོད་གསལ་དུ་བཅུག་པའི་རིམ་པ་དང་ཆ་མཐུན་པར་བྱུང་བ་དེ། ངོ་འཕྲོད་པར་བྱས་ནས་གོམས་པས་ཐ་མལ་གྱི་འཆི་བ་རང་མཚན་པ་མི་འབྱུང་བར་བྱེད་པ་ཡིན་ནོ། །ཡང༌། སྔོན་འགྲོའི་སྐབས་འདིར། བོད་ཕྱི་མ་ན་རེ། བགེགས་མཐར་བྱེད་ཀྱིས་མཆོད་རྫས་རྣམས་གསང་སྦྱངས་བྱིན་གྱིས་རློབས་པའི་གོ་དོན། ཐ་མལ་གྱི་རྣམ་པར་རྟོག་པ་སྦྱངས་ནས། བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག་ནས་དེའི་ངང་ལས་རང་རང་གི་ས་བོན་ལས་བྱུང་བའི་རྣམ་པ་མཆོད་རྫས། ངོ་བོ་བདེ་སྟོང་དབྱེར་མེད་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་བསྐྱེད་པ་ཞིག་ཏུ་གྱུར་པ་ཡིན། ཞེས་འཆད་དོ། །སྤྱིར། སྔགས་ཀྱི་གྲུབ་མཐའི་འཇོག་མཚམས་ཤེས་ན། དེ་ལྟ་བུ་ཞིག་ཡིན་མོད། ཕྱོགས་སྔ་མ་ལ་ནང་འགལ་བ་འདི་ལྟར། དེའི་ཚེ། རྣམ་པ་མཆོད་རྫས་སུ་སྣང་བ་དེ། རང་རང་གི་ཡུལ་ཅན་ཟག་བཅས་ཀྱི་དབང་པོ་དྲུག་ལ། ཐ་མལ་གྱི་མེ་ཏོག་ལ་སོགས་པར་སྣང་བ་ཡིན་ནམ། བདག་མདུན་གྱི་ལྷའི་ཡེ་ཤེས་ལ། བདེ་སྟོང་དབྱེར་མེད་ཀྱི་མཆོད་རྫས་དེ་ཉིད་སྣང་བ་ཡིན། དང་པོ་ལྟར་ན། དབང་པོ་དྲུག་གི་སྤྱོད་ཡུལ་དུ། ཟག་མེད་ཀྱི་བདེ་བ་བསྐྱེད་པ་འགལ་ཏེ། ཐ་མལ་གྱི་ཡུལ་ཡུལ་ཅན་དང་ཁྱད་པར་མ་དམིགས་པའི་ཕྱིར། ཐ་མལ་གྱི་མཆོད་རྫས་འོད་གསལ་དུ་བཅུག་པ་དེ། རང་རང་གི་ཡུལ་ཅན་རྟོག་མེད་ཀྱི་ངོར་ཡིན་ནམ། རྟོག་བཅས་ཀྱི་ངོར་ཡིན། དང་པོ་ལྟར་ན། རྣམ་པ་ཐ་མལ་གྱི་མཆོད་རྫས་སུ་སྣང་བར་འགལ། གཉིས་པ་ལྟར་ན་རྟོག་པ་དེ་འཇུག་ཡུལ་ལ་འཁྲུལ་ལམ་མ་འཁྲུལ། འཁྲུལ་ན་ལོག་ཤེས་སུ་སོང༌། མ་འཁྲུལ་ན་དབང་པོ་དྲུག་ལ་ཐ་མལ་གྱི་མཆོད་རྫས་སུ་སྣང་བ་དེ་འཁྲུལ་པར་འགྱུར་ཏེ། གནས་ཚུལ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སུ་གནས་པ་ལ། སྣང་ཚུལ་ཐ་མལ་གྱི་མཆོད་རྫས་སུ་སྣང་བའི་ཕྱིར། ཁྱེད་ཀྱི་ཕྱོགས་ལ་ཇི་ལྟར་ཞེ་ན། དེ་ལྟར་བྱིན་གྱིས་རློབ་བྱེད་ཀྱི་རྟོག་པ་དང༌། རྟོག་མེད་ཀྱི་ཤེས་པ་གང་ཡིན་ཀྱང༌། འཇུག་ཡུལ་ལ་མི་བསླུ་བར་ངེས་ལ། བྱིན་གྱིས་མ་རླབས་པའི་དུས་དང༌། ཁྱད་མེད་དུ་སྣང་བའི་རྣམ་རིག་ནི་རྟོག་བཅས་དང་རྟོག་མེད་གང་ཡིན་ཀྱང་ལོག་པའི་ཤེས་པ་ཁོ་ན་ཏེ། རབ་རིབ་ཅན་ལ་སྐྲ་ཤད་དུ་སྣང་བ་བཞིན་ནོ། །ཡང་བོད་ཕྱི་མ་ན་རེ། བསྲུང་འཁོར་གྱི་སྐབས་སུ། འཁོར་ལོ་སེར་པོ་རྩིབས་བཅུ་པ། མདོར་བཅས་སུ་གསལ་བར་མ་གསུངས་ཀྱང༌། ངེས་པར་ཁས་ལེན་དགོས་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། ཀུན་ནས་སེར་བའི་འཁོར་ལོ་ནི། །རྩིབས་བཅུ་དེ་དབུས་རྣམ་པར་བསམ། །རྩིབས་བཅུ་ལ་ནི་ཁྲོ་བོ་བཅུ། །ཡེ་ཤེས་བདག་ཉིད་བཅུ་ལས་བྱུང༌། །ཞེས་བཤད་པ་དང༌། རྒྱུད་ཕྱི་མ་ནི། འདིར་བཤད་རྒྱུད་དུ་ཁས་ལེན་དགོས་པས་སོ། །ཞེས་དང༌། འཁོར་ལོ་དེ་ཡང༌། ལྟེ་བ་ཁོང་སྟོང་དང༌། རྩིབས་རྣམས་བཅར་ལེབ་ཡིན་གྱི། རྩིབས་ཀྱི་ནང་ན་ཁྲོ་བོ་འཁོད་པར་བཤད་པ་ཙམ་གྱིས་ཁོང་སྟོང་དུ་མི་འགྲུབ་སྟེ། སྦྱོང་རྒྱུད་དུ། རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་སོགས། །ཞེས་བཤད་པ་བཞིན་ནོ། །ཞེས་དང༌། ལྟེ་བ་སྦུབས་ཅན་གྱི་དབུས་དྲང་པོར། ཐོག་མར་རྡོ་རྗེ་འཆང་ཡུམ་ཆོས་དབྱིངས་རྡོ་རྗེ་མ་དང་བཅས་པ། དཀར་པོ་ཞལ་གསུམ་ཕྱག་དྲུག་པ་བསྐྱེད་ནས། ཁྲོ་བོ་བཅུ་མི་བསྐྱོད་པ་དང་བཅས་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བརྟེན་གྱིས་བསྒྲུབས་པ་ལས། ཁྲོ་བོ་བཅུ་ཡུམ་གྱི་མཁའ་ནང་དུ་བཞག མི་བསྐྱོད་པ་ཐུགས་ཁར་དྲངས། ཕྱིར་སྤྲོས་སླར་ཐིམ་པས། རང་ཉིད་ཞེ་སྡང་རྡོ་རྗེར་གྱུར་ཏེ། ཁྲོ་བོ་བཅུ་མངལ་འབྱིན་གྱི་ཚུལ་གྱིས་འཁོར་ལོའི་རྩིབས་རྣམས་ལ་ནས་གང་གི་མ་རེག་པའི་ཚུལ་གྱིས་འགོད་པ་ཡིན་ནོ། །ཞེས་དང༌། ནང་སྦུབས་ཅན་དུ་ལྷ་འགོད་པ་ནི། རྙིང་མའི་ལུགས་ཡིན་པ་དང༌། འཁོར་ལོ་འཁོར་ལ། ལྷ་མི་འཁོར་བའི་རྣམ་གཞག་ཉམས་པར་འགྱུར་རོ། །ཞེས་འཆད་དོ། །ཚིག་དོན་འདི་དག་ལ། ཁོ་བོ་ཅག་གི་རྗེ་བླ་མའི་གསུང་གིས། དགག་པ་འདི་ལྟར་མཛད་དེ། འདིར་འཁོར་ལོ་རྩིབས་བཅུ་པ་མི་འཐད། ཁྲོ་བོ་ལ་མངལ་འབྱིན་མི་འཐད། རྡོ་རྗེ་འཆང་ཞལ་གསུམ་ཕྱག་དྲུག་པ་མི་འཐད། ཁྲོ་བོ་རྩིབས་ཀྱི་ཕྱི་རོལ་དུ་འགོད་པ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། རྒྱུད་ཕྱི་མའི་ལུང་གིས་མི་འགྲུབ། འགྲུབ་ན་ཧ་ཅང་ཐལ་བའོ། །དང་པོ་ནི་རྒྱུད་ཕྱི་མ་བཤད་རྒྱུད་ཡིན་ཀྱང༌། དེ་ནས་བཤད་པ་སྒྲུབ་ཐབས་ཀྱི་ཡན་ལག་ཏུ་ཁ་སྐོང་དགོས་པར་མི་འགྲུབ་སྟེ། འཕགས་པ་ཉིད་ཀྱིས་མདོ་དང་བསྲེས་པ་ལས། བསྒྲུབ་པའི་ཐབས་མདོར་བྱས་པ་འདི། རྩ་རྒྱུད་ལེའུ་བཅུ་བདུན་པ་ལས་གསུངས་པ་དེ་ཉིད་བསྡུས་ཏེ་བརྗོད་པར་བྱའོ། །ཞེས་གསུངས་ཀྱི། བཤད་རྒྱུད་ནས་ཁ་སྐོང་དགོས་པར་མ་བཤད་པའི་ཕྱིར་དང༌། གལ་ཏེ་དགོས་ནའང༌། རྡོ་རྗེའི་རྭ་གུར་གྱི་ནང་དུ་འོང་བ་ཡིན་གྱི། དེའི་ཕྱི་རོལ་དུ་འོང་བ་མི་རིགས་པའི་ཕྱིར་དང༌། བགེགས་ལ་བསྣུན་བསྲེག་བཅིངས་གསུམ་ཡོད་པའི་སར། འཁོར་ལོ་རྩིབས་བཅུ་པ་མི་འཆད་པ་དང༌། དེ་ཡོད་པའི་སར་ཡང་གཅིག་ཤོས་མི་འཆད་པ་ནི། དུས་འཁོར་མ་གཏོགས། བླ་མེད་ཀྱི་སྒྲུབ་ཐབས་ཀུན་གྱི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། སྟེང་གི་ཁྲོ་བོའི་རྒྱབ་ཏུ་ཁྲོན་པ་ལྟ་བུའི་འབྲུབ་ཁུང་ཡང་བྱེད་དཀའ་བའི་ཕྱིར། གཉིས་པ་ནི། རྒྱུད་ཕྱི་མ་ནས་བཤད་པ་དེ་ཉིད་ཁུངས་སུ་བྱས་ནས། འདིར་བྱེད་ན་ཡང༌། ཆོས་འབྱུང་གྲུ་གསུམ་པ་གཅིག་གི་དབུས་སུ། འཁོར་ལོ་འགོད་རིགས་པར་འགྱུར་ཏེ། དེ་དབུས། ཞེས་པ། ཆོས་འབྱུང་གི་དབུས་ལ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་རྣམས་སུ་རྣམ་པར་བརྗོད། །ཀུན་ནས་སེར་བའི་ཞེས་སོགས་སྦྲེལ་བའི་ཕྱིར་དང༌། འཁོར་ལོ་སེར་པོ་འདི་སྒྲུབ་ཐབས་ཀྱི་སྔོན་འགྲོར་བསྒོམ་དགོས་ན། སྒྲུབ་ཐབས་ཀུན་ཏུ་བཟང་པོ་ཉིད་དུ་འགོད་པ་ཅིས་ཀྱང་འབྲེལ་ཆགས་པ་ལས་དེར་མ་བྱུང་བས་བསལ་ལོ་དེས་ན། འདི་ནི་གནོད་པ་ཕྱིར་བཟློག་པའི་ལས་ཚོགས་ཀྱི་འཁོར་ལོ་ཟུར་དུ་ཕྱུང་བ། གཙུག་ཏོར་འཁོར་ལོ་བསྒྱུར་བ་དང་འབྲེལ་བ་ཞིག་གོ །གཉིས་པ། ཁྲོ་བོ་ལ་མངལ་འབྱིན་མི་འཐད་པ་ནི། འདི་ལྟར་མངལ་དུ་བསྒྲུབས་ནས་འབྱིན་པ་པོ་རྡོ་རྗེ་འཆང་ཡིན་ནམ། ཞེ་སྡང་རྡོ་རྗེ་ལ་འཆད། དང་པོ་མི་འཐད་དེ། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །ཞེས་བཤད་ཀྱི། རྡོ་རྗེ་འཛིན་པའི་ཏིང་འཛིན་གྱིས། །གནས་བསྲུང་བ་ནི་བརྩམས་པར་བྱ། །ཞེས་མ་བཤད་པའི་ཕྱིར། །གཉིས་པ་ལྟར་ན། ཁྲོ་བོ་བཅུ་བསྐྱེད་པ་པོ་རྡོ་རྗེ་འཆང་ཉིད་དུ་ཁས་བླངས་པ་དང་འགལ། གལ་ཏེ་སྔ་མས་བསྒྲུབས་ནས་ཕྱི་མས་འབྱིན་པ་ཅི་ཞིག་འགལ་ཞེ་ན། ལྷ་རིགས་མི་འདྲ་བ་གཞན་གྱིས་བསྒྲུབས་ནས། གཞན་གྱི་མངལ་ནས་འབྱིན་པ་དེ་འདྲ། མངལ་འབྱིན་ཁུངས་ཐུབ་གང་ལ་ཡང་བཤད་པ་མེད་ཅིང༌། ཡབ་ཞེ་སྡང་རྡོ་རྗེར་བསྒྱུར་བ་བཞིན་དུ། ཡུམ་རེག་བྱ་རྡོ་རྗེ་མར་བསྒྱུར་རམ་མི་བསྒྱུར། མ་བསྒྱུར་ན་ནི། དེ་ལྟ་བུའི་ལྷ་ཡབ་ཡུམ་གང་ནས་ཀྱང་མ་བཤད། བསྒྱུར་ན་ནི། ཡབ་སྒྱུར་བྱེད་ཀྱི་རྐྱེན་མི་བསྐྱོད་པ་རྗེས་ཞུགས་ཡིན་མོད། ཡུམ་རྐྱེན་གང་གིས་བསྒྱུར། ཡབ་ཀྱི་དབང་གིས་ཐམས་ཅད་འགྱུར་དགོས་ན། མཁའ་ནང་གི་ཁྲོ་བོ་རྣམས་ཀྱང་རིགས་འཆོལ་པར་གྱུར་པ་མ་ཡིན་ནམ། ཡང་ན། ཞེ་སྡང་རྡོ་རྗེའི་རྒྱུ་རྡོ་རྗེ་འཆང་འདི། ཞལ་གཅིག་ཕྱག་གཉིས་པར་འཆད་པ་དང༌། ཞལ་གསུམ་ཕྱག་དྲུག་པར་འཆད་པའི་ལུགས་གཉིས་ཀ་རྒྱ་བོད་དུ་བྱུང་བ་ལ། བོད་ཕྱི་མ་ན་རེ། འདི་ཞལ་གསུམ་ཕྱག་དྲུག་པར་འཆད་དགོས་ཏེ། ཀླུ་བྱང་གི་རྣམ་གཞག་རིམ་པར། གསང་བ་འདུས་པའི་ལྷ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་པར། རྡོ་རྗེ་སློབ་དཔོན་ལ་ཞུས་ལན་གྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། ཞེས་བཤད་པ་ལ་སུན་འབྱིན་པ་འདི་ལྟར་མཛད་དེ། གསང་བ་འདུས་པའི་ལྷ་ཐམས་ཅད་དེ་ལྟར་ངེས་ཞེས་ཟེར་བ་དེ། གསང་འདུས་ཀྱི་རྒྱུད་ནས་བཤད་པའི་ལྷ་ཐམས་ཅད་དེར་ངེས་སམ། དེའི་མངོན་རྟོགས་ཚར་གཅིག་གི་ལྷ་རྣམས་དེར་ངེས་སམ། དེའི་དཀྱིལ་འཁོར་ལ་འགོད་པའི་ལྷ་རྣམས་དེར་ངེས་པ་ཡིན་ཞེས་བརྟག དང་པོ་ལྟར་ན་ཧ་ཅང་ཐལ་ཞིང༌། གཉིས་པ་ལྟར་ན་ནི་རིགས་བདག་དང༌། ཐུན་མཚམས་ཀྱི་རྡོ་རྗེ་སེམས་དཔའ་ཡང་དེར་ཐལ་བ་དང༌། གསུམ་པ་ལྟར་ན། དེ་ཙམ་གྱིས་བསྒྲུབ་བྱ་མི་འགྲུབ་སྟེ། དེ་ནི་དཀྱིལ་འཁོར་ལ་འགོད་པའི་ལྷ་མ་ཡིན་པའི་ཕྱིར། རེད་མདའ་བ་ན་རེ། རྡོ་རྗེ་འཆང་འདིའི་ཁུངས་ནི། ཇི་སྐད་དུ། རྡོ་རྗེ་སེམས་དཔའི་རྒྱལ་པོ་ཆེ། །རྣམ་པར་སྣང་མཛད་འདྲ་བའི་མདོག །སངས་རྒྱས་རྡོ་རྗེ་གསུམ་འཛིན་འགྱུར། །ཞེས་གསུངས་པ་དེ་ཡིན་པར་མདོ་བསྲེས་ཉིད་ལས་བཤད་ལ། རྡོ་རྗེ་གསུམ་ཞེས་པས། ཞལ་གསུམ་པར་འགྲུབ་པའི་ཕྱིར། ཞེས་འཆད་པ་ནི། རྣམ་པར་མ་བརྟགས་པ་ཡིན་ཏེ། རྒྱུད་དེའི་འགྲེལ་པ་སྒྲོན་གསལ་དུ། རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ། །རྒྱལ་པོ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་ནོ། །རྣམ་པར་སྣང་མཛད་ནི་དེ་ཉིད་དོ། །སངས་རྒྱས་ནི་འོད་དཔག་མེད་དོ། །རྡོ་རྗེ་གསུམ་འཛིན་ནི་དོན་ཡོད་གྲུབ་པའོ། །ཞེས་གསུངས་པ་དང༌། རྒྱུའི་རྡོ་རྗེ་འཆང་དེ་རིགས་ལྔའི་བདག་ཉིད་དུ་སྟོན་པར་བྱེད་ཀྱི། ཞལ་གསུམ་པར་འཆད་པ་ཡིག་དོན་ལ་མ་ཞུགས་པའི་ཕྱིར། དེས་ན། འདི་ཡི་ཐད་ཀྱི་མདོ་བསྲེས་ལས། རྡོ་རྗེ་འཆང་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱ་སྟེ། ཞེས་གསུངས་པས། ཞལ་གཅིག་ཕྱག་གཉིས་པར་འགྲུབ་སྟེ། སྐབས་འདིར། སྒྲུབ་པ་པོ་མངོན་རྟོགས་ཀྱི་རིམ་པ་ལ་ཐོག་མར་འཇུག་པ་ཡིན་པས། ལྷར་བསྐྱེད་པ་སྔོན་དུ་མ་སོང་བའི་ཕྱིར། དེས་ན། དང་པོའི་མགོན་པོ་ཞལ་གསུམ་པ་ཡིན་དུ་ཆུག་ཀྱང་མི་མཚུངས་སོ། །གསུམ་པ་ལ། སྤྱིར་མི་འཐད། སྐབས་འདིར་མི་འཐད། རྩིབས་བཅུ་པའི་རྣམ་གཞག་མ་ཤེས་པའོ། །དང་པོ་ནི། བསྲུང་འཁོར་སེར་པོའི་རྩིབས་བཅར་ལེབ་ཡིན་པའི་ཤེས་བྱེད་དུ། ངན་སོང་སྦྱོང་རྒྱུད་འདྲེན་པ་ནི། ཆོས་ཀྱི་འཁོར་ལོ་དང༌། བསྲུང་འཁོར་ལ་སོགས་པ་ཤན་མ་ཕྱེད་པ་སྟེ། དེ་ཉིད་ལས་ཆོས་ཀྱི་འཁོར་ལོ་འདྲ་བ་ལ། །ལྟེ་བར་བཅས་ཤིང་རྩིབས་བཅུ་དྲུག །ཞེས་བཤད་པའི་ཕྱིར། གཉིས་པ་ནི། ཞེ་སྡང་རྡོ་རྗེའི་ཐུགས་ཀ་ནས། ཁྲོ་བོ་རྣམས་ཕྱོགས་མཚམས་སུ་སྤྲོ་བའི་ལུང་ཤེས་བྱེད་དུ་དྲངས་ནས། ཁྲོ་བོ་རྣམས་འཁོར་ལོའི་རྩིབས་ལ་འགོད་པ་ཤིན་ཏུ་གསལ་ཟེར་བ། འཕགས་སྐོར་ན་འཁོར་ལོ་གསལ་པོར་མ་བཤད་ཟེར་བའི་རང་ཚིག་དང་འགལ་བ་དང༌། ཕྱོགས་མཚམས་བཅུ་པོ་འཁོར་ལོའི་རྩིབས་ཀྱི་ཕྱི་རོལ་ཏུ་ངོས་གཟུང་ན། སྟེང་འོག་གི་ཁྲོ་བོ་གཉིས་ལ་ཧ་ཅང་ཐལ་བར་འགྱུར་བ་དང༌། འཁོར་ལོའི་རྩིབས་ཀྱི་ཕྱོགས་མཚམས་མ་ངེས་པས་འགལ་ལོ། །གསུམ་པ་ནི། རྩིབས་ཀྱི་ནང་དུ་ཁྲོ་བོ་བཞུགས་པ་ཙམ་གྱིས། ཁྲོ་བོ་འཁོར་དགོས་པར་ཐལ་བ་མ་ཡིན་ཏེ། ནས་གང་ཙམ་གྱིས་མ་རེག་པ་འདིར་ཡང་མཚུངས་པའི་ཕྱིར། དེ་ལྟ་ནའང༌། རྩིབས་ཀྱི་བར་མཚམས་སོ་སོའི་ལྷ་བསྒྱེལ་བར་འགྱུར་རོ། །ཞེ་ན། ཐམས་ཅད་ཡེ་ཤེས་ལས་གྲུབ་པ་ཉམས་སོ། །དེ་ལྟ་མོད་ཀྱི་ལས་དང་པོ་པའི་བློ་ངོར་མཚམས་པ་དགོས་སོ། །ཞེ་ན། དེ་ལྟ་ན་ཡང༌། རྩིབས་དང་ལྟེ་བའི་ཐོབ་ཐང་གི་ས་མཚམས་བགོས་པས་འགྲུབ་བོ། །འཁོར་ལོ་སྦུབས་ཅན་དང་དེའི་ནང་དུ་ལྷ་བསྐྱེད་པ། རྙིང་མ་ཁོ་ནའི་ལུགས་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་མི་འཐད་ན། སྟེང་འོག་གི་ཁྲོ་བོ་རྣམས་གང་དུ་གནས་པ་དང༌། ཞེ་སྡང་རྡོ་རྗེ་གང་དུ་བཞུགས་ནས་ཁྲོ་བོ་སྤྲོ་ཚུལ་འགལ་འདུ་ཞུགས་པ་དང༌། ཀྱཻ་རྡོ་རྗེའི་བཤད་རྒྱུད་གུར་དང༌། དུས་ཀྱི་འཁོར་ལོ་ལས་གསུངས་པ་མཐའ་དག་འདོར་དགོས་པར་འགྱུར་རོ། །དེ་ལྟར་སྔོན་འགྲོའི་སྐབས་སུ་གཞན་གྱིས་བརྟགས་པའི་མཐའ་བསལ་ནས། གཉིས་པ་དངོས་གཞི་ལ། གསུམ་སྟེ། གང་དུ་གནས་པའི་ས་ལ་དང༌། གང་གནས་པའི་གཞལ་ཡས་ཁང་ལ་དང༌། དེར་གནས་པའི་ལྷའི་རྣམ་གཞག་ལ། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ལ་གཉིས་ཏེ། ཡེ་ཤེས་ཀྱིས་བསྐྱེད་པའི་ཚུལ་བཤད་ནས་ངོ་བོ་ངོས་བཟུང་བ་དང༌། རྡོ་རྗེའི་ས་ཡང་དེ་ལྟར་བཤད་པའོ། །དང་པོ་ལ་གཉིས་ཏེ། སྒྲོ་འདོགས་གཅོད་བྱེད་ཀྱི་སྟོང་ཉིད་བསམས་ནས། མཚན་འཛིན་སེལ་བ་དང༌། མཚན་འཛིན་དང་བྲལ་བའི་ཡེ་ཤེས་སྐྱེད་རིམ་གྱི་རྟེན་གཞིར་གཞག་པའོ། །དང་པོ་ལ་གཉིས་ཏེ། དངོས་དང་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། སྤྱིར། སྔགས་ཉམས་ལེན་གྱི་ཐོག་མར། སྒྲོ་འདོགས་གཅོད་བྱེད་ཀྱི་སྟོང་ཉིད་སྒོམ་ཚུལ་ལ་ཤིང་རྟའི་སྲོལ་གཉིས་བྱུང་སྟེ། མཚན་མར་འཛིན་པའི་བློ། རང་གི་ངོ་ལྡོག་ནས་འགོག་པ་དང༌། ཡུལ་གྱི་སྤྲོས་པའི་མཐའ་ཀུན་བཀག་པའི་སྒོ་ནས། ཡུལ་ཅན་གྱི་སྤྲོས་པའི་མཐའ་ཤུགས་ལ་ཁེགས་པའི་ཚུལ་ལོ། །དང་པོ་ནི། བཀའ་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པ་ནས་བྱུང་ལ། ཕྱི་མ་ནི། བཀའ་འཁོར་ལོ་བར་པ་དགོངས་འགྲེལ་དང་བཅས་པ་ནས་བྱུང་ངོ༌། །གཉིས་ཀས་ཀྱང་མཚན་འཛིན་གྱི་རྟོག་པ་སེལ་ནུས་པ་ལ་ཁྱད་པར་མེད་ཀྱང༌། སྟོང་ཉིད་ཀྱི་ངོས་འཛིན་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའི་དབྱེ་བས་སོ་སོར་འབྱེད་པ་ལས། འདིར་ནི། མེད་པར་དགག་པའི་དབང་དུ་བྱས་ནས། ཐོག་མར་འདི་སྐད་དུ། དངོས་པོ་མེད་པས་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་ངག་ཏུ་བརྗོད་ཅིང༌། ཡིད་ལ་དྲན་བཞིན་པས། སྣོད་བཅུད་དམ་རྒྱུ་བ་དང་མི་རྒྱུ་བའི་ཆོས་ཐམས་ཅད། རང་གི་ངོ་བོས་སྟོང་པའི་མེད་པར་དགག་པ་ཉིད་དུ་བཅུག་པའོ། །འདི་ལ་ཆོས་ཅན་གྱི་དབྱེ་བས་རྣམ་པར་ཐར་པའི་སྒོ་གསུམ་སྟེ། རང་གི་ངོ་བོས་སྟོང་པ་ནི། སྒོམ་པ་དམིགས་སུ་མེད་པའོ། །རྒྱུའི་མཚན་མ་མེད་པ་ནི། སྒོམ་པ་པོ་མེད་པའོ། །འབྲས་བུ་ལ་སྨོན་པ་མེད་པ་ནི། སྒོམ་པར་བྱ་བ་དམིགས་སུ་མེད་པ་སྟེ། འདིས་མཚོན་ནས། ཆོས་གང་ཡང་ཡོད་པ་མ་ཡིན་ཞིང༌། དེ་བཀག་པའི་ཤུལ་ན། སྤྲོས་པའི་མཐའ་གང་ཡང་ཁས་བླང་བར་བྱ་བ་མིན་ཏེ། ཆོས་ཐམས་ཅད་རང་སྟོང་དུ་ཐག་བཅད་པའི་ཕྱིར། གཉིས་པ་ནི། བོད་ཕྱི་མས། དབུ་མའི་གྲུབ་མཐའ་འཇོག་པ་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་དོན་བདེན་མེད་བསྒོམ་པ་ལ་བྱ་བ་ཡིན་གྱིས། སྤྱིར་ཆོས་ཐམས་ཅད་ཡོད་པ་མིན་པ་ལ་བྱས་ན་ཆད་པའི་མཐའ་ཉིད་དུ་ལྷུང་བར་འགྱུར་རོ། །ཞེས་དང༌། སྔགས་ཀྱི་གྲུབ་མཐའ་འཇོག་པ་ན། སྐྱེད་རིམ་གྱི་ཐོག་མར་སྟོང་པ་ཉིད་བསྒོམ་པ་ནི་སྣོད་བཅུད་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག་པ་ཡིན། ཞེས་འཆད་དོ། །འདི་བརྟག་པར་བྱ་བ་ལ་གཉིས་ཏེ། འཇོག་ཚུལ་སྔ་མ་ལ་བརྟག་པར་བྱ་བ་དང༌། ཕྱི་མ་ལ་བརྟག་པར་བྱའོ། །དང་པོ་ནི། འདིར་སྣོད་བཅུད་ཐམས་ཅད་རྣལ་འབྱོར་པས་སྟོང་པ་ཉིད་དུ་ངེས་པ་དང༌། ཐམས་ཅད་ཚད་མས་གྲུབ་པ་མཉམ་དུ་ཡོད་པ་དེའི་ཚེ། རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཉིད་དུ་ཐོག་མར་སྐྱེད་པ་དང༌། དེ་ནས་གསལ་བ་དང༌། གསལ་བ་རབ་ཀྱི་མཐར་ཕྱིན་པ་གཅིག་མི་འབྱུང་ན་ནི། རྣལ་འབྱོར་ལ་གོམས་པ་དོན་མེད་པར་འགྱུར་ལ། འབྱུང་ན་ནི། ཐ་མལ་གྱི་སྣོད་བཅུད་དང༌། ལྷའི་སྣོད་བཅུད་གོ་ས་གཅིག་ན་ཡོད་དམ། ཐ་དད་དུ་གནས། ཕྱི་མ་ལྟར་ན་བསྒོམ་པ་དོན་མེད་པར་འགྱུར་ཏེ། རྣལ་འབྱོར་པའི་བསྐྱེད་རིམ་གྱིས་རང་ལ་སྣང་བའི་ཐ་མལ་གྱི་སྣོད་བཅུད་ལ་གནོད་པ་ཅུང་ཟད་ཀྱང་མི་སྐྱེལ་བར། གནས་ས་འབྲེལ་མེད་ཐ་དད་དུ་གནས་པའི་ཕྱིར། དང་པོ་ལྟར་ན། གོ་ས་གཅིག་པུ་དེ་ཉིད་དུ་འབྲེལ་མེད་རྫས་གཞན་དུ་སྣང་ངམ། རྫས་གཅིག་ཏུ་སྣང༌། དང་པོ་ལྟར་ན་སྔ་མ་དེ་ཉིད་དུ་ཐལ་བར་འགྱུར་ཞིང༌། ཕྱི་མ་ལྟར་ན། སྐྱེད་རིམ་སྒོམ་པའི་ཐོག་མར་སྟོང་ཉིད་བསྒོམས་པ་དོན་མེད་པར་འགྱུར་ཏེ། མ་དག་པའི་སྣང་བ་ཐད་སོར་བཞག་པས་བསྐྱེད་རིམ་བསྒོམ་པ་ལ་ཅུང་ཟད་ཀྱང་མི་གནོད་པའི་ཕྱིར། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ཏེ། རྣལ་འབྱོར་པའི་བློ་ལ་མ་དག་པའི་སྣོད་བཅུད་དང༌། དག་པའི་སྣོད་བཅུད་རྫས་གཅིག་ཏུ་སྣང་བའི་ཕྱིར། གལ་ཏེ་རྣལ་འབྱོར་པའི་བློ་ངོར་ཐ་མལ་གྱི་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་སྣང་བ་ཡིན་ནོ། །ཞེ་ན། དེ་ལྟར་སྣང་བའི་བློ་ལོག་ཤེས་སུ་ཐལ་བར་འགྱུར་ཏེ། གནས་ཚུལ་ཐ་མལ་དུ་གནས་ནས། སྣང་ཚུལ་ལྟར་སྣང་བའི་ཕྱིར། དེ་ལ་འདི་སྐད་དུ། དེ་ལྟར་ཐལ་བ་ལ་འདི་སྐད་ཅེས་ཟེར་ཏེ། གོམས་པའི་སྟོབས་ཀྱི་རྣལ་འབྱོར་པའི་ངེས་ངོར་ཐ་མལ་གྱི་སྣང་བ་བཟློག་ཅིང༌། དེའི་སྟོབས་ཀྱིས། ཐ་མལ་གྱི་སྣང་བ་མི་འཆར་བ་སྲིད་དེ། ངེས་ཤེས་ཀྱི་རྒྱུན་དེས་དེ་ལྟར་འཆར་བའི་དེ་མ་ཐག་རྐྱེན་གྱི་ནུས་པ་ཉམས་པར་བྱས་པའི་ཕྱིར། དེ་སྐད་དུ་ཡང༌། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལའང་འཛིན་མེད་གང༌། །ཆགས་པས་གཞན་སྐྱེད་ནུས་ཉམས་ཕྱིར། །ཞེས་རིགས་པའི་རྒྱལ་པོས་གསུངས་པ་ལྟར་རོ། །ཞེས་འཆད་པ་ནི་དོན་ནོར་བ་དང༌། དཔེ་དོན་མ་འགྲིགས་པ་དང༌། རྣམ་འགྲེལ་གྱི་ལུང་དོན་མ་ཤེས་པའོ། །དང་པོ་ནི། ཁྱེད་རང་གི་ལུགས་ལ། རྣལ་འབྱོར་པའི་བློ་ངོར་སྣོད་བཅུད་བདེན་པར་གྲུབ་པ་ཁེགས་ཀྱི། སྣོད་བཅུད་ཀྱི་སྣང་བ་མི་བཟློག་ཟེར་རྒྱུ་ལ། དེ་བཟློག་པར་ཁས་བླངས་པས། སྟོང་ཉིད་གོམས་བྱེད་ཀྱི་བློ་ལོག་ཤེས་སུ་ཁས་བླངས་ཏེ། ཚད་མས་གྲུབ་པའི་སྣོད་བཅུད་མེད་པར་ངེས་པའི་ཕྱིར། བློ་ངོར་སྣོད་བཅུད་མེད་པར་མ་བཏང་ན། ལྷའི་གཞལ་ཡས་ཁང་འཇོག་ས་མ་བྱུང་བ་ལ་བསམས་པ་ཡིན་མོད། འཇོག་ས་དེ་འོང་བ་ལ་ནི། དེའི་འཇོག་ས་ལ་གེགས་བྱེད་ཀྱི་སྣོད་བཅུད་གདོད་མ་ནས་མེད་པ་ལ་མེད་པར་ངོ་འཕྲོད་པ་གཅིག་དགོས་པ་ཡིན་ནོ། །གཉིས་པ་ནི། ཡོད་བཞིན་དུ་མེད་པར་གོམས་པས། མེད་པ་ལ་གསལ་སྣང་སྐྱེ་བའི་དཔེར་བརྗོད་དུ། སྒྲ་མེད་པར་ངེས་པའི་སྟོབས་ཀྱིས་སྒྲ་འཛིན་ཉན་ཤེས་མི་སྐྱེ་བ་ཞིག་འགོད་རྒྱུ་བྱུང་ན། འགྲིག་པ་ཡིན་མོད་ཀྱང༌། དེ་འདྲ་མི་སྐྱེ་བར་བྱེད་པ་ལ་ནི། གཟུང་འཛིན་གཉིས་སྣང་གི་བག་ཆགས་འགོག་པ་ལས་ཟབ་པའི་ཐབས་གཞན་མེད་དོ། །གསུམ་པ་ནི། དུས་དེར་སྒྲ་འཛིན་ཉན་ཤེས་མི་སྐྱེ་བའི་ལུང་མ་ཡིན་ཏེ། ཇི་སྐད་དུ། ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཆར་འབྱུང་ཕྱིར་རོ། །ཞེས་པས། ཕྱོགས་སྔ་མའི་འདོད་པ་དེ་ཁེགས་པའི་ཕྱིར་རོ། །གཉིས་པ་ནི། མ་དག་པའི་སྣོད་བཅུད་མཐའ་དག་བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དུ་བཅུག་པ་དེ་སྟོང་ཉིད་གོམས་པའི་དོན་དུ་འཆད་ན། མ་དག་པའི་སྣོད་དེ་ཁོ་རང་ཉིད་ཡིན་ནམ། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན། ཕྱི་མ་ལྟར་ན་ནི། འོད་གསལ་དེ་ལས་མ་གཏོགས་པའི་ཤེས་བྱ་མེད་པར་ཁྱེད་ཀྱི་ཁས་བླངས་སོ། །དང་པོ་ལྟར་ན། ལྷའི་གཞལ་ཡས་ཁང་ཁྲུ་གང་པ་ནས། དཔག་ཚད་བྱེ་བའི་ཁྱོན་ཙམ་དུ་བཤད་པ་དེ་བཞུགས་ས་གང་དུ་བྱེད། དེའི་ཚེ་ཡེ་ཤེས་ལ་མ་དག་པའི་སྣོད་ཀྱི་སྣང་བ་མི་འཆར་རོ། །ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པ་ནི། རྣམ་པ་ཐམས་ཅད་དུ་གཏན་མེད་པ་གོ་བར་བྱེད་དོ། །ཞེས་ཕྱོགས་སྔ་མས་རྒྱ་ཆེར་བཤད་ཟིན་པ་མ་ཡིན་ནམ། གཞན་ཡང༌། བདེ་སྟོང་དབྱེར་མེད་ཀྱི་འོད་གསལ་དེ་དོན་དམ་པའི་བདེན་པའམ། དེ་ལས་གཞན་དུ་འདོད། གཉིས་པ་ལྟར་ན། སྟོང་ཉིད་གོམས་བྱེད་ཀྱི་བློའི་སྒོམ་བྱར་འདོད་པ་འགལ། བོད་ཕྱི་མའི་ཕྱོགས་ལ་མ་དག་པའི་སྣོད་ཀྱི་འཇིག་རྟེན་ཐད་སོར་འཇོག་པ་དང༌། ལྷའི་གཞལ་ཡས་ཁང་གི་སྒྲུབ་ཚུལ་ལ་འགལ་འདུ་ཞུགས་པར་མ་ཟད་བཅུད་ཀྱི་སེམས་ཅན་ཐད་སོར་འཇོག་པ་དང༌། དེའི་ངོས་འཛིན་ཉེར་ལེན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་སེམས་ཅན་གྱིས་མཚན་གཞིར་འཆད་པ་དང༌། བཅུད་ལྷག་པའི་ལྷར་བསྐྱེད་ཚུལ་འཆད་པ་ནི་འགལ་བ་ཡིན་ཏེ། བཅུད་ལྷག་པའི་ལྷར་འགྲུབ་པ་ལ། ང་ཙམ་དེ་འདྲ་དེ་དམིགས་མེད་དུ་གཏོང་དགོས་པའི་ཕྱིར། མདོར་ན་ལྷག་པའི་ལྷའི་རྟེན་དང་བརྟེན་པ་གང་དང་གང་བསྒྲུབ་པར་བྱེད་ཀྱང༌། མ་དག་པའི་སྣོད་བཅུད་དུ་སྣང་བའི་རྣམ་རིག་འཁྲུལ་པ་དང༌། སྣང་ཡུལ་ཚད་མས་མི་འགྲུབ་པ་ཉིད་དུ་ཐག་མ་བཅད་པར། དེ་དང་དེ་སྒྲུབ་པར་བྱེད་པའི་སྒྲུབ་ཐབས་ཚད་ལྡན་གང་དུ་ཡང་མ་གསུངས་ཤིང༌། བཤད་དུ་ཆུག་ཀྱང༌། དེས་དེ་བསྒྲུབ་པར་ནུས་པ་མ་ཡིན་ནོ། །ཞེས་འདིར་སྨྲའོ། །གཉིས་པ་སྐབས་སུ་བབ་པའི་དོན་ངོས་གཟུང་བ་ལ། དངོས་དང་མཐའ་གཞན་བསལ་བའོ། །དང་པོ་ནི། འདིར་སྐབས་སུ་བབ་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། བསྐྱེད་རིམ་གྱི་དབང་དུ་བྱས་པའི་རྟེན་དང་བརྟེན་པ་མཐའ་དག་གནས་པའི་ས་དང༌། སྒྲུབ་པའི་གཞིར་གྱུར་པའི་ཕྱིར་དང༌། མེད་པར་དགག་པའི་སྟོང་པ་ཉིད་ནི། དེར་མི་རུང་བའི་ཕྱིར་དང༌། དེ་དེར་དོགས་པ་བསལ་བའི་ཕྱིར་དུ། སྟོང་ཉིད་ཀྱི་མཚོན་དོན་ཆོས་འབྱུང་ལ་བཤད་པའི་ཕྱིར། དེས་ན། སྭ་བྷ་ཝ་སོགས་སྔགས་དོན་བསམ་ཐབས་གསུམ་པོ་གང་གི་སྒོ་ནས་བསམས་ཀྱང༌། སྟོང་པ་ཉིད་ཀྱི་ཡེ་ཤེས་ཡིན་ཞེས་ཟེར་བ་ལས་མ་འདས་པའི་ཕྱིར་ན། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་ཡེ་ཤེས་ཁོ་ནའོ། །སྤྱིར་སྔགས་དོན་བསམས་ནས། ཡེ་ཤེས་ཀྱི་ཚོགས་གསོག་པ་ཐམས་ཅད་ཀྱི་ཚེ་ན། ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་སྦྱངས་ནས། དེའི་ལྷག་མར་ལུས་པའི་གཉིས་མེད་ཀྱི་ཡེ་ཤེས་འབའ་ཞིག་རིམ་པ་དང་པོའི་བསྒྲུབ་གཞིར་འཆད་པ་ཤ་སྟག་ཡིན་མོད་ཀྱང༌། འདིར་ནི། སྒྲུབ་ཐབས་མདོར་བཅས་སུ། དངོས་པོ་མེད་ལ་ཞེས་སོགས་ཤེར་ཕྱིན་གྱི་མདོའི་དངོས་བསྟན་དང་མཐུན་པའི་སྟོང་པ་ཉིད་ཀྱིས། སྤྲོས་པའི་མཐའ་ཐམས་ཅད་བསལ་ནས། ཤཱུ་ནྱ་ཏའི་སྔགས་དོན་བསམས་པས། སྐབས་སུ་བབ་པའི་ཡེ་ཤེས་ཀྱི་ས་ངོས་གཟུང་བ་ཡིན་ནོ། །གཉིས་པ་ནི། བོད་ཕྱི་མ་ན་རེ། སྐྱེད་རིམ་གྱི་ཐོག་མར་སྔགས་དོན་བསམས་ནས། ཡེ་ཤེས་ཚོགས་སོག་གི་ཚེ། དབུ་མ་རིགས་ཚོགས་ཀྱི་ལྟ་བས་ཕུ་ཐག་ཆོད་ཟིན་པ་ཞིག་སྔོན་དུ་འགྲོ་དགོས། ཞེས་འཆད་པ་ནི། འདི་དང་རིགས་ཚོགས་ཀྱི་སྟོང་ཉིད་དོན་གཅིག་པར་འཆད་ན་འཐད་པ་མ་ཡིན་ཏེ། འདིར་ནི། མ་ཡིན་པར་དགག་པ་དང༌། གཅིག་ཤོས་མེད་པར་དགག་པའི་ཕྱིར་རོ། །ཡང༌། བོད་ཕྱི་མ་འདི་སྐབས་ཀྱི་ཡེ་ཤེས་ནི། ཡུལ་ཅན་བདེ་བ་ཆེན་པོ་དང༌། ས་ནི་ཡུལ་སྟོང་པ་ཉིད་ལ་ངོས་འཛིན་ཟེར་བ་ནི། ཁོ་བོ་ཅག་གི་ལྟར་གཞན་སྟོང་གི་ཡེ་ཤེས་ལ་འཆད་ན་མི་འགལ་ཡང༌། རིགས་ཚོགས་ཀྱི་སྟོང་ཉིད་ལ་ངོས་འཛིན་ན་འཐད་པ་མ་ཡིན་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སོང་ཟིན་པའི་ཚེ། བདེ་བ་ཆེན་པོ་ཡུལ་ཅན་ཉིད་དུ་སྡོད་པའི་གོ་སྐབས་མེད་པའི་ཕྱིར། ཡང༌། བོད་ཕྱི་མ་བསྐལ་པ་སྔ་མ་སྟོངས་པ་དང༌། མཐུན་པར་ཡེ་ཤེས་ཀྱིས་བསྒོམ་པ་ཡིན་ཟེར་བ་ནི། ཚིག་དོན་གང་ལ་ཡང་མ་ཞུགས་ཏེ། ཡེ་ཤེས་ཀྱི་སའི་མཐུན་དཔེར་རུང་བ་ལ། སྒོམ་པས་ཉམས་སུ་མྱོང་བྱའམ། རིགས་པས་གཏན་ལ་ཕབ་པའི་སྟོང་ཉིད་གོ་ཆོད་པོ་གང་རུང་ཞིག་ཡིན་དགོས་པ་ལས། མཐུན་ཡུལ་དུ་བཞག་པ་དེ་ནི། བུམ་པ་ཐོ་བས་བཅོམ་པའི་སྟོང་ཉིད་དང་ཁྱད་མེད་པའི་ཕྱིར་དང༌། འདིར་ཡེ་ཤེས་ཀྱི་ས་བསྒོམ་པའི་ཚེ། བསྐལ་པ་སྟོངས་པ་སོགས་འཆགས་འཇིག་ཐམས་ཅད་དམིགས་མེད་དུ་གཏོང་དགོས་པའི་ཕྱིར། གཉིས་པ་ལ། རྡོ་རྗེའི་ས་ཇི་ལྟར་བསྒྲུབ་པ་དང༌། བསྒྲུབ་པའི་ས་ཉིད་ངོས་གཟུང་བའོ། །དང་པོ་ནི། རྣམ་འབྱོར་པ་ཡེ་ཤེས་ཀྱི་ས་ལ་མཉམ་པར་བཞག་པ་ལས་མ་ལངས་བཞིན་དུ། ནམ་མཁའི་དབུས་སུ་ཆོས་འབྱུང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རང་རང་གི་ས་བོན་ལས་བྱུང་བའི་འབྱུང་བཞི་བསྐྱེད་པ་རོ་གཅིག་ཏུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེར་གྲུབ་པའོ། །གཉིས་པ་ནི། འདི་ཡང༌། ཡེ་ཤེས་ཀྱི་ས་གང་ཡིན་པ་དེ་ལས་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁོ་ནར་ངེས་པ་ཙམ་དུ་མ་ཟད། དེ་ཡང་སྒྲུབ་པ་པོ་རང་རང་གི་ས་བོན་དམ་པའི་རྒྱུད་དུ་གྱུར་པ་དེས་བསྡུས་པ་ཡིན་གྱི། ཐམས་ཅད་ལ་སྣང་གཞི་ཐུན་མོང་དུ་གྲུབ་པ་ཞིག་ཡོད་པ་ནི་མ་ཡིན་ཏེ། ཡོད་ན། རྣལ་འབྱོར་པ་གཅིག་སངས་རྒྱ་བའི་ཚེ། ཀུན་སངས་རྒྱས་པར་འགྱུར་རོ། །འདིས་ནི། གཞི་ལམ་གྱི་གནས་སྐབས་ཐམས་ཅད་མཚོན་པ་སྟེ། ངེས་པའི་དོན་ནོ། །འོ་ན། རྣལ་འབྱོར་པ་གཅིག་སངས་རྒྱས་པའི་ཚེ། རང་ལས་རྫས་ཐ་དད་པ་མང་པོ་ཡང་དེར་ཐལ་བར་འགྱུར་ཏེ། དེ་ལ་སྣང་བ་ཐམས་ཅད་དེ་ཉིད་ཀྱི་ཤེས་པས་བསྡུས་པའི་ཕྱིར་རོ། །སྙམ་ན། རྣལ་འབྱོར་པ་རང་གི་ཤེས་རྒྱུད་ལས་རྫས་ཐ་དད་པའི་བེམས་པོར་གྱུར་པའི་དོན་གཞན། རང་ལ་སྣང་བར་འདོད་པ་ནི་ཐེག་པ་ཆེན་པོའི་ཆོས་ལ་མེད་དོ། །དེ་ཡང༌། འདི་ལྟར། བྱེ་བྲག་ཏུ་སྨྲ་བས་ནི། ཡུལ་རྫས་གཞན་རྣམ་མེད་རྗེན་ཆེར་དུ་དང༌། མདོ་སྡེ་པས་ནི། ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་གྱི། དངོས་སུ་ནི་སུ་ལ་ཡང་མི་སྣང་བ་དང༌། རྣལ་འབྱོར་སྤྱོད་པ་པས་ནི་སྤྱིར་བཏང་དུ་རྣམ་ཤེས་དང༌། ཡེ་ཤེས་གང་ལ་ཅི་སྣང་ཡང༌། རྣམ་མེད་དུ་སྣང་བ་མི་སྲིད་པས། སྣང་མཁན་རང་གི་ཤེས་པས་བསྡུས་པར་འདོད་པ་དང༌། རྣམ་པ་དེ་སྐྲ་བཤད་དང་ཟླ་གཉིས་བཞིན་དུ། སུའི་རྒྱུད་ཀྱིས་ཀྱང་མ་བསྡུས་པར་འདོད་པའི་ལུགས་གཉིས་བྱུང་ལ། དམིགས་བསལ་ནི། ཤེས་རྒྱུད་རྫས་གཞན་ཞེས་བྱ་བ། ཉོན་མོངས་པ་དང་རྣམ་པར་རྟོག་པ་གཞན་གྱིས་བསྒྲིབས་པའི་སེམས་ཅན་རྣམས། སོ་སོ་ཐ་དད་དུ་གནས་པར་ཁས་ལེན་ཅིང༌། སངས་རྒྱས་ཀྱི་ས་པ་རྣམས་ནི། ཤེས་རྒྱུད་སོ་སོར་གནས་པ་མེད་ཅིང༌། རྣམ་བཅས་ཀྱི་སྣང་བ་ཡང་མི་མངའ་ལ། སྤྲུལ་སྐུའི་ཕྲིན་ལས་ནི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་སྣང་ཚུལ་སོ་སོར་ངེས་པ་ཡིན་ནོ། །དེའི་ཕྱིར། སྔགས་ཀྱི་རྣལ་འབྱོར་ལ་སློབ་བཞིན་པ་ལ་ནི། རང་ལ་དངོས་སུ་གང་སྣང་བ་དེ། རང་གི་སེམས་ལས་རྫས་གཞན་དུ་མེད་པས་ན། རང་ཉིད་སངས་རྒྱས་དང་ས་སོ་སོ་ལ་རིམ་གྱི་གནས་པའི་ཚེ་ན། རང་ལ་དངོས་སུ་སྣང་བའི་ཆོས་འགའ་ཞིག རང་གི་སྤངས་རྟོགས་ལས་རྫས་གཞན་དུ་གནས་པ་མེད་དོ། །ཞེས་བྱ་བ་འདི་མ་ཤེས་ན། སྔགས་ཀྱི་ས་ལམ་བགྲོད་ཚུལ་ལ་གོ་བ་མི་རྙེད་པས། འདི་གོང་འོག་ཀུན་ཏུ་བལྟ་བར་བྱའོ། །འདིར། བོད་ཕྱི་མ་ན་རེ། དེ་ལྟར་བསྒྲུབས་མ་ཐག་པའི་སྣ་ཚོགས་རྡོ་རྗེ་དེ་ལས། རྡོ་རྗེ་རྭ་གུར་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲོས་ནས། དཀྱིལ་འཁོར་མ་བསྡུས་ཀྱི་བར་དུ་བཞག་དགོས་པ་ཡིན་ཏེ། བར་ཆད་བསྲུང་དགོས་པའི་ཕྱིར་དང༌། མདུན་སྐྱེད་ལ་དེ་ལྟར་ཡོད་པའི་ཕྱིར། ཞེས་ཟེར་བ་ལ། རྗེ་བླ་མའི་གསུང་གིས། གསང་སྔགས་གཞན་གྱི་རིགས་འགྲེ་ཡིན་མོད་ཀྱང༌། འདིར་མི་འཐད་དེ། ཡབ་སྲས་ཀྱི་སྒྲུབ་ཐབས་གང་དུ་ཡང༌། སྐབས་འདིར་རྭ་གུར་སོགས་སྤྲོ་བར་མ་བཤད་པའི་ཕྱིར་དང༌། བདག་མདུན་གྱི་དཀྱིལ་འཁོར་ཡང༌། གཅིག་ལ་གང་ཡོད་གཅིག་ཤོས་ལ་ཡོད་མི་དགོས་ཏེ། དཔེར་ན། ཀྱཻ་རྡོར་བའི་བདག་སྐྱེད་ལ་འཁོར་ལོ་སེར་པོ་རྩིབས་བཅུ་པ་བཤད་པ་བཞིན་ནོ། །གཉིས་པ། གང་གནས་པའི་གཞལ་ཡས་ཁང་པ་ལ་ནི། བོད་སྔ་ཕྱིའི་བཞེད་པ་མི་མཐུན་པ་ཆ་ཤས་ཙམ་རེ་ཡོད་པ་རྣམས་ནི། གོང་མ་དག་གིས་ལེགས་པར་གཏན་ལ་ཕབ་ཟིན་པས་ན། བརྟགས་ཟིན་མ་ཐག་པས་ཅི་ཞིག་བྱ། དེ་ལྟ་མོད་ཀྱི་འདིར། གཞལ་ཡས་ཁང་གང་ལ་བསྒྲུབ་པའི་གཞི་ནི། སྒྲུབ་པ་པོ་རང་རང་སོ་སོའི་ཡེ་ཤེས་ལས་དང༌། གང་གིས་བསྒྲུབ་པ་ནི། དང་པོ་རྣམ་པར་རྟོག་པའི་དབང་གིས་དང༌། མཐར་གྲུབ་བའི་ཚད་ནི། གོམས་སྟོབས་ཀྱིས་རྟོགས་མེད་ཀྱི་ཡེ་ཤེས་གསལ་བ་རབ་ཀྱི་མཐར་ཕྱིན་པའོ། །གལ་ཏེ་སངས་རྒྱས་ཀྱི་སའི་ལོངས་སྐུ་འཁོར་བཅས་ཀྱི་རང་སྣང་ལ། དག་པའི་སྣང་བ་ལས་གཞན་མི་འཆར་མོད། སློབ་བཞིན་པའི་སྣང་བ་ལ་འཆར་ཚུལ་ཇི་ལྟ་བུ་ཞེ་ན། སློབ་བཞིན་པའི་ཤེས་པ་ལ་གཉིས་ཏེ། རྣམ་ཤེས་དང་ཡེ་ཤེས་སོ། །གཉིས་པོའི་ཁྱད་པར། ཕུགས་ཀྱི་འཁྲུལ་རྒྱུས་བསླད་པ་དང༌། མ་བསླད་པའོ། །རྣམ་ཤེས་ལ་ཡང་གཉིས་ཏེ། ཕུགས་ཀྱི་འཁྲུལ་རྒྱུའི་སྟེང་དུ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་དང་མ་བསླད་པའོ། །མ་བསླད་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་འཁོར་དང་བཅས་པ་རང་འཁྲུངས་སུ་ཡོད་པ་རྣམས་ཡིན་ལ། བསླད་པ་ལ། དབང་ཤེས་འཁྲུལ་པར་བསྐྱེད་པའི་རྒྱུ་དང༌། ཡེ་ཤེས་འཁྲུལ་པར་བསྐྱེད་པའི་རྒྱུ་གཉིས་ལས། དང་པོ་ནི། རབ་རིབ་སོགས་དབང་ཡིད་ཀྱི་མངོན་སུམ་མ་འཁྲུལ་བས་བསལ་བྱར་བཤད་པ་རྣམས་སོ། །གཉིས་པ་ནི། རྟོགས་མེད་ཀྱི་འཁྲུལ་པར་སྐྱེད་བྱེད་དང༌། རྟོག་པའི་འཁྲུལ་པར་སྐྱེད་བྱེད་དོ། །དང་པོ་ནི། རྨི་ལམ་གསལ་སྣང་དང༌། ཟད་པར་ས་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །གཉིས་པ་ལ། འཇུག་ཡུལ་དང་མ་འབྲེལ་པ་གྲུབ་མཐའ་ངན་པས་བརྟགས་པ་དང༌། འབྲེལ་པ་སངས་རྒྱས་པའི་སྔགས་ཀྱི་གྲུབ་མཐས་བརྟགས་པའོ། །སློབ་བཞིན་པའི་ཡེ་ཤེས་ནི། གདོད་མ་ནས་འཁྲུལ་མ་མྱོང་བ་ཉིད་དུ་ཁྱད་པར་མེད་ཀྱང༌། གནས་སྐབས་ལ་གཉིས་ཏེ། སྒྲིབ་བྱེད་ཀྱིས་གཏན་མ་སྒྲིབས་པ་དང༌། བསྒྲིབས་པའོ། །དང་པོ་སངས་རྒྱས་ཀྱི་ས་ཡིན་ལ། ཕྱི་མ་ལ་གཉིས་ཏེ། ཕྱོགས་རེ་བསྒྲིབས་པ་དང་མཐའ་དག་བསྒྲིབས་པའོ། །དང་པོ་ནི། འཕགས་པའི་ས་ཡིན་ལ། ཕྱི་མ་ནི། སོ་སོ་སྐྱེ་བོའི་ས་རྣམས་སོ། །དེ་ལྟར་ཕྱེ་བའི་འོག་ཏུ། རྣམ་ཤེས་ཀྱི་སྣང་ཚུལ་ལ། འཇིག་རྟེན་པའི་ངོར་བདེན་རྫུན་གཉིས་ཡོད་ཀྱང༌། སྔགས་པའི་ངོར་ཐམས་ཅད་རྫུན་ཏེ་འཁྲུལ་པའི་ཕྱིར། འཁྲུལ་ཡང་འཇུག་ཡུལ་དང་འབྲེལ་མ་འབྲེལ་གཉིས་ཡོད་དེ། རྣལ་འབྱོར་པ་ལས་དང་པོ་པ་དང༌། སློབ་པའི་རྗེས་ཐོབ་ཏུ་མ་དག་པའི་སྣོད་བཅུད་དུ་སྣང་བ་ནི། འཇིག་རྟེན་པ་དང་མཐུན་ཡང༌། འཇུག་ཡུལ་དང་མ་འབྲེལ་ཏེ། དེ་དང་དག་པའི་སྣང་བ་སྟོབས་འགྲན་པའི་ཚེ། དེའི་འཇུག་ཡུལ་སུན་ཕྱུང་ནས། མེད་པར་འགྱུར་ལ། དག་པའི་སྣང་བ་ནི། གསལ་སྣང་མངོན་སུམ་པ་ཤར་ནས། ནམ་མཁའ་མ་ཞིག་གི་བར་དུ་མི་འཇིག་པའི་ཕྱིར། དེ་བཞིན་དུ་རང་ཉིད་གཞལ་ཡས་ཁང་གི་དབུས་སུ་མི་བསྐྱོད་རྡོ་རྗེར་ཞེན་པའི་ཞེན་བློ་ནི། དོན་སྤྱི་ལ་རང་མཚན་དུ་ཞེན་པས་འཁྲུལ་ཡང༌། ཞེན་བློ་དེ་དང་རྣལ་འབྱོར་པ་རང་ཉིད་ཐ་མལ་དུ་ཞེན་པའི་ཞེན་བློ་གཉིས་འཇུག་ཡུལ་ལ་བསླུ་མི་བསླུའི་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ། སྔ་མ་བཞིན་དུ། གཉིས་པོ་ཕན་ཚུན་སྟོབས་འགྲན་པ་ན། གཅིག་ཤོས་ཀྱི་འཇུག་ཡུལ་རྩ་བ་ནས་དྲུངས་འབྱིན་པར་ནུས་པའི་ཕྱིར། དེ་ལྟར་ཤེས་པ་ན། མ་དག་པའི་བཅུད་རང་ཉིད་སངས་རྒྱས་པའི་ཚེ། དེ་སྣང་བའི་སྣོད་ཀྱང༌། སངས་རྒྱས་པ་ཡིན་ཏེ། ཤེས་རྒྱུད་གཅིག་གིས་བསྡུས་པའི་ཕྱིར། དེ་ལས་གཞན་པའི་རྣལ་འབྱོར་པ་རྣམས་དང༌། ཐ་མལ་པ་རྣམས་ཀྱང༌། གང་ལ་གང་སྣང་བ་དེ་ཐམས་ཅད་སྣང་མཁན་རང་ཉིད་ཀྱི་ཤེས་རྒྱུད་མཐོ་དམན་གྱི་ཚད། ཇི་ཙམ་ཡིན་པ་དེ་དང་དེར་འདུས་པ་ཡིན་ཏེ། དེ་དག་ཤེས་རྒྱུད་གཅིག་གིས་བསྡུས་པའི་ཕྱིར། འོ་ན། རྣལ་འབྱོར་པ་རང་ལས་རྫས་གཞན་པའི་བཅུད་ཀྱི་སྣང་བ་ཡང་འཆར་བ་མ་ཡིན་ནམ་ཞེ་ན། ཡིན་མོད། རྣམ་མེད་དུ་ནི་མི་འཆར་ལ། རྣམ་བཅས་ནི་སྣང་མཁན་རང་གིས་ཤེས་པས་བསྡུས་སོ། །འོ་ན། བཅུད་རྫས་གཞན་ཁས་བླངས་པའི་ཕྱིར། སྣོད་རྫས་གཞན་ཁས་ལེན་དགོས་པར་མཚུངས་སོ། །ཤེ་ན། མི་མཚུངས་ཏེ། སྣོད་རྫས་གཞན་ནི། ལྷན་ཅིག་དམིགས་ངེས་ལ་སོགས་པའི་རྟགས་ཀྱི་ཁེགས་ལ། བཅུད་རྫས་གཞན་ནི། དེས་མི་ཁེགས་པ་ཙམ་དུ་མ་ཟད། རྒྱུད་གཞན་ཡོད་པར་བསྒྲུབས་སོ། །དེ་ལྟར་ན་བོད་ཕྱི་མས་སྐྱེ་འཆི་བར་དོ་གསུམ་སྦྱང་གཞིར་འདོད་པ་དང༌། སྣོད་ཀྱི་འཇིག་རྟེན་སྦྱང་གཞིར་མི་འཇོག་པའི་ཁྱད་པར་དབྱེ་དཀའ་བ་ཡིན་ཏེ། རྣལ་འབྱོར་པ་རང་གི་ཤེས་རྒྱུད་དང་འབྲེལ་བར་གྱུར་ན་ནི། གཉིས་ཀའི་སྐྱོན་སྦྱོང་ནུས་ལ། མ་འབྲེལ་ན་ནི། ཤེས་རྒྱུད་གཞན་གྱི་སྐྱེ་འཆི་བར་དོ་གསུམ་སྦྱོང་མི་ནུས་པའི་ཕྱིར་རོ། །དེས་ནས་བསྐལ་པ་དང་པོའི་སྣོད་བཅུད་སྦྱངས་གཞིར་མི་འཇོག་པའི་ཤེས་བྱེད་དུ། རྣམ་སྨིན་ཕྱུང་ནས་ཞིག་ཟིན་པའི་ཕྱིར། ཞེས་ཟེར་བ་ནི། མཁས་སུ་རེ་བ་ཡིན་མོད། ཅིར་ཡང་མི་རུང་སྟེ། གང་ཟག་གཞན་དང་འབྲེལ་བའི་སྣོད་བཅུད་ནི། རྣམ་སྨིན་ཕྱུང་མ་ཟིན་ཡང་སྦྱོང་མི་ནུས་ལ། རང་རྒྱུད་དང་འབྲེལ་བ་ལ་གཉིས་ཏེ། སྔོན་བསྐལ་པ་དང་པོའི་དུས་སུ། རང་གིས་བྱས་པའི་བག་ཆགས་ཀུན་གཞིའི་སྟེང་ན་ཡོད་པ་དང༌། ཡང་སྐྱེ་བ་ཕྱི་མ་འཇིག་རྟེན་གྱི་ཁམས་གཞན་གྱི་བསྐལ་པ་དང་པོར། སྐྱེས་ནས་མྱོང་གྱུར་གྱི་ལས། རང་རྒྱུད་ལ་ད་ལྟ་ཡོད་པ་དེ། སྦྱང་གཞིར་མི་འཇོག་པའི་ཤེས་བྱེད་གང་ནས་བཙལ། བསྐལ་པ་དང་པོ་ཟེར་བའི་ཚིག་ཙམ་གྱིས་རྣལ་འབྱོར་པ་རང་ལ་ལྟོས་པའི་འདས་ནས་ཡུན་རིང་པོ་ལོན་པའི་འབྲེལ་མེད་རྫས་གཞན་ཞིག་ཏུ་གོ་བར་བྱེད་ན་འཆགས་འཇིག་སྟོངས་གསུམ་གཞན་ལ་ཡང༌། འདས་པའམ། ཡང་ན་མ་འོངས་པ་ཁོ་ན་ཉིད་དུ་འཆད་དགོས་པར་འགྱུར་ལ། དེ་ལྟ་ན། ཞིང་སྦྱོང་བའི་རྣམ་གཞག་ཉམས་པར་འགྱུར་ཏེ། འདས་པ་འགགས་པའི་ཕྱིར། ཞེས་པའི་ལུང་ཁྱེད་ལ་ཚད་མར་སོང་བ་དེའི་ཚེ། མ་འོངས་པ་མ་སྐྱེས་པ་དང༌། ད་ལྟར་བ་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར། ཞེས་པས། ཁྱེད་ལ་ལུང་ཚད་མར་འགྱུར་བས་སོ། །གཉིས་པ་དེར་གནས་པའི་ལྷའི་ཏིང་ངེ་འཛིན་གྱི་རྣམ་གཞག་ལ་གསུམ་སྟེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང༌། དཀྱིལ་འཁོར་རྒྱལ་མཆོག་གི་དང༌། ལས་རྒྱལ་མཆོག་གིའོ། །དང་པོ་ལ་གསུམ་སྟེ། ལྷག་མོས་ཀྱི་ཏིང་ངེ་འཛིན། རྣལ་འབྱོར་བཞིའི་ཏིང་ངེ་འཛིན། རྗེས་ཆགས་ཀྱི་ཏིང་ངེ་འཛིན་ནོ། །རྣལ་འབྱོར་དང་པོ་འདི་ནི། གཞལ་ཡས་ཁང་གི་ནང་དུ། ལྷ་སོ་གཉིས་པོ་སྐད་ཅིག་གིས་བསྐྱེད། དེར་སེམས་ཅན་སྨིན་པའི་མཛད་པ་རྣམས་བྱས། འཁོར་རྣམས་གཙོ་བོའི་ཕུང་ཁམས་སོ་སོའི་གནས་སོ་སོར་དྲངས། ཐམས་ཅད་ཀྱང་གཙོ་བོའི་སྐུ་ལུས་ཀྱི་གནས་རྣམས་སུ་སོ་སོར་ཐིམ། གཙོ་བོ་ཉིད་ཀྱང་མཐར་འོད་གསལ་བ་ཉིད་དུ་བཅུག་པའོ། །འདི་ནི། ཇི་སྐད་དུ། རྒྱུད་ལས། དམ་ཚིག་ཁུང་ཕྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །ཞེས་པས། འཁོར་རྣམས་གཙོ་བོའི་ལུས་སུ་བསྡུ་བ་དང༌། ཡང༌། ཇི་སྐད་དུ། དེ་བཞིན་གཤེགས་པའི་ཚོགས་བསག་ན། །དངོས་གྲུབ་རབ་མཆོག་ཐོབ་པར་འགྱུར། །ཞེས་པས། གཙོ་བོ་ཉིད་ཀྱང་འོད་གསལ་དུ་འཇུག་པར་བསྟན་ནོ། །འདིར། ཅུང་ཟད་སྤྲོས་པ་ལ་གཉིས་ཏེ། རང་གིས་བརྟགས་པའི་མཐའ་བརྗོད་པ་དང༌། གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། འདིར། དེ་དག་ཐམས་ཅད་འོད་གསལ་དུ་བཅུག་པའི་ངེས་པའི་དོན་ནི་གང་ཟག་དང་ཆོས་སུ་སྣང་བའི་རྣམ་རིག་ཇི་སྙེད་པ་ནི་གཞི་གདོད་མ་ཉིད་དུ་གྲུབ་པའི་སེམས་ཀྱི་རྡོ་རྗེ། རྟོག་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་དེའི་ངང་ཉིད་དུ་ཐིམ་པར་བྱས་པའོ། །འདི་ལ་མིང་གི་རྣམ་གྲངས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པ་དང༌། ཆོས་ཀྱི་སྐུ་ཞེས་བཤད་པས། གཞི་ལམ་འབྲས་བུ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པའི་སེམས་ཀྱི་རྡོ་རྗེ་ཉིད་ངོས་བཟུང་བ་ཡིན་གྱི། མེད་པར་དགག་པའི་སྟོང་ཉིད་ལ་བཤད་ན། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་དང་པོའི་མགོན་པོ་ལ་ཉེར་ལེན་གྱི་རྒྱུ་མེད་པར་འགྱུར་ཏེ། རྣམ་ཤེས་མ་ཡིན་པ་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་དུ་མི་འཆད་པའི་ཕྱིར་རོ། །དེ་ཡང༌། གཙོ་བོ་འོད་གསལ་དུ་བཅུག་པས་ནི། བདག་ཏུ་སྣང་བའི་རྣམ་རིག་སེལ་བ་གཞིར་བྱས་ནས། རྣམ་རིག་དེ་ལའང་གཉིས་ཏེ། གཞི་དུས་སུ་རྨོངས་པས་བཏགས་པའི་གང་ཟག་ཉིད་དེར་སྣང་བ་དང༌། ལམ་དུས་སུ་དཀྱིལ་འཁོར་གྱི་གཙོ་བོ་ཉིད་བདག་ཏུ་སྣང་བ་ལས་འདིར་ཕྱི་མ་གཙོ་ཆེ་བ་ཡིན་ཏེ། སྔ་མ་ནི་ལམ་དུས་ཀྱི་ང་རྒྱལ་དེས་རེ་ཤིག་མགོ་མནན་པའི་ཕྱིར། དེ་བཞིན་དུ་འཁོར་རྣམས་གཙོ་བོའི་ལུས་སུ་བསྡུས་པས་ནི། ཕུང་སོགས་ཆོས་སུ་སྣང་བའི་རྣམ་རིག་མ་ལུས་པ་རྣལ་འབྱོར་པ་རང་གི་སེམས་སུ་བསྡུས་པ་གཞིར་བཞག་ནས། རྣམ་རིག་དེ་ལའང་གཞི་དུས་ཀྱི་དང་ལམ་དུས་ཀྱི་དང་གཉིས་ལས། དང་པོ་ནི། གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱི་དབང་གིས་ཕུང་སོགས་སུ་སྣང་བ་དེ་ཡིན་ལ། ཕྱི་མ་ནི། མ་དག་པའི་ཕུང་སོགས་ཀྱི། དེ་བཞིན་ཉིད་ལ་ལྷ་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོ་ཉིད་དུ་ཡེ་ཤེས་དངོས་སམ་རྗེས་མཐུན་པ་ལ་སྣང་བའི་རྣམ་རིག་ལ་ངོས་བཟུང་ནས། ལམ་དུས་ཀྱི་རྣམ་རིག་དེ་ལ་གསལ་སྣང་མཆེད་པ་ན། གཞི་དུས་ཀྱི་རྣམ་རིག་དེ་རེ་ཤིག་ལ་མགོ་མནན་ཟིན་པ་ཡིན་ཏེ། ཡེ་ཤེས་ཀྱི་ཚོགས་བསག་སྔོན་དུ་བཏང་ནས། ལམ་དུས་ཀྱི་རྣལ་འབྱོར་འདི་ཉམས་སུ་བླངས་པའི་ཕྱིར། འཁོར་གྱི་ལྷ་ཚོགས་དང་དབྱེར་མེད་དུ་འདྲེས་པའི་ཕུང་སོགས་ཀྱང༌། འོད་གསལ་དུ་ཞུགས་པས་ནི་ལམ་དུས་ཀྱི་ཕུང་སོགས་སུ་སྣང་བའི་རྣམ་རིག་ཀྱང་འོད་གསལ་བར་ཞུགས་པའོ། །ལམ་དུས་ཀྱི་ཡེ་ཤེས་དེ་རང་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་མ་ཡིན་ནམ་འོད་གསལ་དུ་སླར་འཇུག་དགོས་པ་འགལ་ལོ་སྙམ་ན། ཉེས་པ་མེད་དེ། ཡེ་ཤེས་རྗེས་མཐུན་པ་དང་པོར་རྟོག་བཅས་སུ་སྐྱེས་པའང་ཡོད། རྟོག་མེད་ཡིན་ཀྱང་རྣམ་པ་དང་བཅས་པ་ནི་དེར་གཞུག་དགོས་པས་སོ། །དེ་ལྟར་ན། བདག་མེད་པ་གཉིས་ལ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་འདི་ནི། ལམ་དུས་ཀྱི་ཆོས་ཀྱི་སྐུ་ཉིད་ལས་མ་འདས་པའི་ཕྱིར། ཆོས་སྐུ་ལམ་བྱེད་ཅེས་བྱའོ། །གཉིས་པ་ནི། བོད་སྔ་མ་དག་འོད་གསལ་འདི་དང་ཐ་མལ་པ་མཐའ་དག་ལ་འཆི་བའི་དུས་སུ་འབྱུང་བའི་འོད་གསལ་སྐད་ཅིག་མ་དེ་བསྲེ་ཐུབ་ན། ཐ་མལ་གྱི་འཆི་བ་མེད་པར་འཚང་རྒྱ་བའམ། མ་མཐའ་འང་རིག་པ་འཛིན་པའི་སར་འགྲོ་ཐུབ་པས་ན། འཆི་བ་སྦྱོང་བྱེད་ཀྱི་ལམ་ནི་འོད་གསལ་ལོ། །ཞེས་གསུང་ངོ༌། སྤྱིར་དེ་ཙམ་དུ་བཤད་པ་ལ་འགལ་བ་མེད་མོད་ཀྱི། འོད་གསལ་འདི་འཆི་བ་ཁོ་ན་དང་སྤང་གཉེན་དུ་སྦྱོར་མི་དགོས་ཏེ། རྣལ་འབྱོར་པ་རང་ལ་སྔོན་བྱུང་ཟིན་པའི་འཆི་བ་ནི་འདིས་མི་སྤོང༌། རང་ལ་འབྱུང་འགྱུར་གྱི་དབང་དུ་བྱེད་ན། སྐྱེ་འཆི་བར་དོ་གསུམ་ཀ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་ནུས་པའི་ཕྱིར་རོ། །འདིས་ཐོག་མར་འཆི་བ་སྦྱོང་བས་སོ་སྙམ་ན། མན་ངག་པ་ལས་དང་པོ་པ་དག་ལ་དེ་ལྟར་ཁྲིད་པས་ཆོག་མོད་ཀྱང༌། གཞུང་ལུགས་ལས་ནི་དེ་ལྟར་མ་ཡིན་ཏེ། འོད་གསལ་མངོན་སུམ་དུ་མཐོང་བའི་བར་ཆད་མེད་ལམ་ལ་སློབ་བཞིན་པས། ཐོག་མར་ཡང་སྲིད་དུ་སྐྱེ་བ་འཕེན་འགྲུབ་ཀྱི་རྒྱུ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས། དེའི་འོག་ཏུ་ཚེ་འདིའི་འཆི་བ་ཐ་མལ་པར་མ་སོང་བ་ཉིད་དུ་བྱེད་ཀྱི། མི་འབྱུང་བར་བྱེད་པ་ནི་མ་ཡིན་པས་སོ། །ཡང༌། བོད་ཕྱི་མ་ན་རེ། ལྷག་མོས་ཀྱི་ལྷའི་འཆགས་འཇིག་ནས་གསུམ་གྱི་ཚུལ་འདི་ནི། བོད་སྔ་མས། བསྐལ་པ་དང་པོའི་བཅུད་སྦྱོང་བར་འདོད་ཀྱང༌། བསྐལ་པ་དང་པོའི་བཅུད་ཀྱི་འཆགས་རིམ་དང་མཐུན་པར། ལྷའི་འཁོར་ལོ་བསྐྱེད་པ་དང༌། འཇིག་རིམ་དང་མཐུན་པར་དེ་ཉིད་གཙོ་བོའི་ལུས་སུ་བསྡུད་པ་དང༌། འཆི་རིམ་དང་མཐུན་པར་འོད་གསལ་དུ་བཅུག་པ་ནི། ཆོས་སྐུ་ལམ་དུ་འཁྱེར་བའི་ཉམས་ལེན་གྱིས། སྦྱང་གཞི་ལ་འཆི་བ་ཁོ་ན་སྦྱོང་བ་ཡིན་གྱི། བསྐལ་པ་དང་པོའི་མི་ཐོག་མར་སྐྱེས་པ་དང་གནས་པ་དང་ལོངས་སྤྱོད་པ་སྐབས་འདིའི་སྦྱང་གཞིར་སྟོན་པ། རྣམ་གཞག་རིམ་པའི་དགོངས་པ་མ་ཡིན། བསྐལ་པ་དང་པོའི་མི་ཤི་བའི་འོག་ཏུ། བར་དོ་འགྲུབ་པ་དང༌། དེ་སྐྱེ་གནས་སུ་འཇུག་པ་དང༌། དེ་ནས་ཕྱིར་འཐོན་ནས་ཤའི་མིག་གིས་མཐོང་བར་གྱུར་པ་དང༌། ཆོས་མཐུན་པར་ལམ་དུས་ཀྱི་བསྐྱེད་པའི་རིམ་པ་གོམས་པར་མཛད་དགོས་པའི་དབང་དུ་བྱས་ནས། སྔར་གཙོ་བོ་འོད་གསལ་དུ་ཐིམ་པའི་ས་དེར། མངོན་པར་བྱང་ཆུབ་པ་ལྔའི་རིམ་པས། དང་པོའི་མགོན་པོ་བསྐྱེད་པ་དང༌། དེ་ཡང་ནམ་མཁའི་དབྱིངས་སུ་བྱོན་པའི་མི་བསྐྱོད་པ་ལ་ཕར་ཞུགས་ནས། རོ་གཅིག་པ་ཉིད་དུ་འདྲེས་པ་ནི་སྤྲུལ་སྐུ་རྡོ་རྗེ་སེམས་དཔར་གྱུར་པ་སྟེ། དེ་ལྟ་བུའི་སྐུ་གསུམ་ལམ་དུ་བྱས་པས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་སྦྱངས་ནས། འབྲས་བུའི་དུས་སུ་སྐུ་གསུམ་ཇི་ལྟར་འགྲུབ་པའི་ཚུལ་འཆད་པའི་དབང་དུ་བྱས་ནས་རྣམ་གཞག་རིམ་པར། མི་རུ་སྐྱེ་བ་ངེས་ཚུལ་དང་པོ་སྟེ། །ཞེས་སོགས་ཀྱིས་ལོངས་སྤྱོད་རྫོགས་པའི་སྐུས་འཛམ་བུའི་གླིང་གི་བར་དོ་བཟུང་ནས། སྔོན་དུས་ཀྱི་སྲིད་པར་འཁྲུངས་ནས་འཚང་རྒྱ་བའི་རིམ་པ་གསལ་བར་གསུངས་པ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། གཞི་དུས་ཀྱི་ཆོས་གསུམ། ལམ་དུས་ཀྱི་ཆོས་གསུམ་པོའི་མཐུན་ཡུལ་དུ་མི་འཐད། སྣོད་བཅུད་སྦྱང་གཞིར་མི་འཐད་ན་སྐྱེ་འཆི་བར་དོ་གསུམ་ལ་ཡང་མཚུངས་པ། བྱེ་བྲག་ཏུ་བར་དོ་སྦྱོང་བྱེད་ལ་བརྟག་པའོ། །དང་པོ་ནི། སྤྱིར་སྐུ་གསུམ་ལམ་བྱེད་དང༌། ཐ་མལ་གྱི་སྐྱེ་འཆི་བར་དོ་གསུམ་ལ་ཕན་ཚུན་འདྲ་མཚུངས་སྒྲིག་རྒྱུ་འདྲ་ཡོད་མོད། སྐུ་གསུམ་ལམ་དུ་བྱེད་པའི་ཚེ། ཐ་མལ་གྱི་སྐྱེ་འཆི་བར་དོ་གསུམ། རྣལ་འབྱོར་པས་ཐོག་མར་བློ་ཡུལ་དུ་ངེས་པར་བྱས་ནས། དེ་དང་མཐུན་པར་སྐུ་གསུམ་ལམ་དུ་འཁྱེར་དགོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར། ཇི་ལྟར་ཞེ་ན། ལམ་དུས་ཀྱི་ཉམས་ལེན་གཞི་དུས་དང་མཐུན་པར་ཉམས་སུ་ལེན་པ་མི་འཐད། ཐར་ལམ་གྱི་དངོས་གཞི་འཁོར་བའི་ལམ་དང་མཐུན་པར་བྱེད་པ་མི་འཐད། དོན་དམ་གྱི་གནས་ཚུལ་ཀུན་རྫོབ་ཀྱི་སྣང་ཚུལ་ནང་མཐུན་པར་འཆད་པ་མི་འཐད། མཐར་ཐུག་གི་འཇུག་ཡུལ་ལ་མི་བསླུ་བའི་ཉམས་ལེན། དེ་ལ་བསླུ་བའི་ལོག་ཤེས་དང་མཐུན་པའི་ཉམས་ལེན་བྱས་ནས། རྣམ་བྱང་གི་ཕྱོགས་ཇི་སྙེད་པ་ཆུད་ཟ་བར་འགྱུར་བའི་ཕྱིར་དང༌། སྐབས་འདིའི་སྐུ་གསུམ་ལམ་བྱེད་ཀྱི་ཐོག་མར་གཞི་དུས་ཀྱི་རྣམ་ཤེས་ལ་འཆར་ཚུལ་ཇི་སྙེད་པ། དངོས་པོ་མེད་ལ་ཞེས་སོགས་ཀྱི་ཚིག་བརྗོད་པ་དང༌། དོན་བསམ་པའི་སྒོ་ནས་དམིགས་མེད་དུ་གཏོང་བར་བཤད་ཀྱི། ཐར་ལམ་གྱི་མཐུན་ཡུལ་དུ་འཇོག་པ་ལྟ་ཅི་སྨོས་པའི་ཕྱིར་དང༌། མཐུན་ཡུལ་སྒྲིགས་ནས་ཉམས་སུ་ལེན་ཚུལ་ཕྱོགས་སྔས་འདོད་པ་དེ་ལས་གོ་ལོག་སྟེ་བཤད་པར་བྱ་བ་དང་ཉམས་སུ་ལེན་རྒྱུ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། སྐུ་གསུམ་ལམ་འཁྱེར་གྱི་ཉམས་ལེན་བླ་མས་བསྟན་པ་བཞིན་ཉམས་སུ་མྱོང་བ་དང༌། མ་མཐའ་གོ་བ་ཆགས་ཙམ་ཞིག་ལ། ཐ་མལ་གྱི་སྐྱེ་འཆི་བར་དོ་གསུམ་གྱི་སྣང་བ་རིམ་ཅན་དུ་ཤར་བར་གྱུར་པའི་ཚེ། སྔར་གོ་བ་ཆགས་པའི་ཉམས་ལེན་གསུམ་པོ་དེ་དང༌། རིམ་ཅན་དུ་ངོ་སྤྲད་པས་སྦྱང་གཞི་དེ་དག་སུན་འབྱིན་པར་ནུས་པ་ཡིན་གྱི། སྦྱང་གཞིའི་འཁྲུལ་སྣང་གིས། སྦྱོང་བྱེད་ཀྱི་ལམ་འཁྲུལ་པར་བསྐྱེད་དགོས་པ་མ་ཡིན་ནོ། །དེ་བཞིན་དུ་སྣོད་དང་གཞལ་ཡས་ཁང་གི་འཆགས་འཇིག་གནས་སྟོངས་དང༌། སྣོད་ཀྱང་རིམ་པ་བཞི་པོའི་མཐུན་ཚུལ་ལ་ཡང་སྦྱར་བར་བྱ་སྟེ། དག་པའི་སྣོད་ཀྱི་སྣང་ཆ་དང༌། སྟོང་ཆ་ལ་གསལ་སྣང་ཐོབ་པའི་རྣལ་འབྱོར་པ་སློབ་བཞིན་པ་ལ། གཉིས་སྣང་འཁྲུལ་པའི་དབང་གིས། མ་དག་པའི་སྣང་བ་ཤར་བའམ། འཆར་བ་ལ་མངོན་དུ་ཕྱོགས་པར་གྱུར་པའི་ཚེ་རང་གིས་ཉམས་སུ་མྱོང་བ་དང་མཐུན་པའི་ཉམས་ལེན་སྦྱར་བས། མ་དག་པའི་སྣང་བ་དྲུངས་འབྱིན་པར་ནུས་པ་ཡིན་ཏེ། གཞན་དུ་ན། ཞིང་དག་པའི་སྦྱོར་བ་བསྒོམ་པ་དང༌། སེམས་ཅན་སྨིན་པའི་མཛད་པ་རྣམས་དོན་མེད་པར་འགྱུར་རོ། །གཉིས་པ་ནི། བོད་ཕྱི་མའི་བསམ་པ་ལ། སྣོད་བཅུད་སྦྱང་གཞིར་བཞག་ན། སྤང་བྱར་འགྱུར་ལ། དེ་ལྟ་ན་སྤང་མི་ནུས་པའི་ཉེས་པ་དང༌། བྱེ་བྲག་ཏུ་སྤོང་ནུས་པའི་སྤང་བྱ་ཡིན་ན། མ་འོངས་པ་ཡིན་དགོས་པའི་ཤེས་བྱེད་དུ། རྣམ་འགྲེལ་མཛད་པའི་ལུང་དྲངས་པས། མཁས་པར་ཁས་འཆེ་བ་ཡིན་མོད། མགོ་མཚུངས་པ་ནི། སྐྱེ་འཆི་བར་དོ་གསུམ་སྦྱང་གཞིར་ཁས་ལེན་པ་དང༌། སྤང་བྱ་མ་འོངས་པ་སྦྱང་གཞིར་ཁས་ལེན་པ་ལ་ཡང་ཇི་ལྟ་བ་བཞིན་དུ་མཚུངས་ཏེ། སྤང་བྱ་ལ་མེད་པར་བྱ་དགོས་པ་ཉིད་ཀྱིས་ཁྱབ་པ་དང༌། དེ་ལྟ་ན། ཆད་པའི་མཐར་ལྷུང་བ་དང༌། སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་ཀྱི། ཉེས་པ་འབྱུང་བར་ཁྱེད་ཀྱིས་བསམས་པས་སོ། །རྣལ་མའི་ལན་ནི། སྤྱིར། སྦྱང་གཞི་ཡིན་པ་དང༌། དེ་མ་སྤངས་བཞིན་དུ་ཡང༌། སྦྱངས་པའི་ཚད་སོ་སོར་འཇོག་ཚུལ་མ་ཤེས་པས་ནོངས་པ་ཡིན་ཏེ། དཔེར་ན། ཐ་མལ་པ་དང་ཐུན་མོང་དུ་སྣང་བའི་འདོད་ཡོན་ལྔ་པོ། རྣལ་འབྱོར་པའི་སྦྱང་གཞི་དང༌། དེ་རྣལ་འབྱོར་པས་མི་སྤོང་བར། ཅི་འདོད་བཞིན་དུ་བསྟེན་པ་དང༌། དེ་ཡང༌། ལམ་གང་གིས་དང༌། ཚུལ་ཇི་ལྟ་བུས་བསྟེན་པ་ན། ཐ་མལ་དུ་ཞེན་པའི་རྣམ་རྟོག་ད་ལྟར་བ་ལ་གནོད་པ་བྱས་པའི་སྒོ་ནས། མ་འོངས་པ་མངོན་གྱུར་མགོ་མནན་པའམ། ས་བོན་རྒྱུན་བཅད་པ་ནི། དེ་སྐབས་ཀྱི་སྦྱང་གཞི་དེ་སྦྱངས་པའི་ཚད་དོ། །འདིར། ཞར་ལས་བྱུང་བ་ནི། འདི་སྐབས་ཀྱི་རྣལ་འབྱོར་པའི་ཤེས་པ་ནི་གཉིས་ཏེ། རྣམ་ཤེས་དང༌། ཡེ་ཤེས་སོ། །སྦྱང་གཞི་མི་སྤོང་བ་ནི་རྣམ་ཤེས་ཀྱིས་སོ། །སྦྱོང་བ་ནི། ཡེ་ཤེས་ཀྱིས་སོ། །བསྟེན་པར་བྱ་བ་ནི། ཐ་མལ་པ་དང་ཐུན་མོང་དུ་སྣང་བའི་འདོད་ཡོན་ནོ། །སྣང་ཚུལ་ནི། རྣལ་འབྱོར་པའི་ཁ་ཕྱིར་ལྟའི་ཤེས་པ་ལ་ཐ་མལ་པ་དང་མཐུན་པར་སྣང་བ་དང༌། ཁ་ནང་ལྟའི་ཤེས་པ་ལ། རྣམ་འབྱོར་པ་རང་གི་ཡེ་ཤེས་སུ་སྣང་བའོ། །བསྟེན་པ་པོ་གང་ལ་ཕན་འདོགས་པ་ནི། རྣལ་འབྱོར་པ་རང་གི་རྣམ་པར་ཤེས་པ་དྲུག རྟེན་དབང་པོ་དང་བཅས་པ་ལ་ནི། ཐ་མལ་དང་མཐུན་པར་ཟག་བཅས་ཀྱི་བདེ་བས་ཚིམ་པར་བྱེད་ལ། རང་གི་ཡེ་ཤེས་ལ་ནི། ཟག་མེད་ཀྱི་བདེ་བ་དངོས་སམ། རྗེས་མཐུན་པས་ཚིམ་པར་བྱེད་དོ། །ལོངས་སྤྱོད་པ་པོའི་ཤེས་པ་ལ་གཉིས་སུ་ཕྱེ་བ་དེ་བཞིན་དུ། ལོངས་སྤྱད་བྱ་ལ་ཡང༌། རྣམ་ཤེས་ཀྱི་མྱོང་བྱ་ཀུན་རྫོབ་པ་དང༌། ཡེ་ཤེས་ཀྱི་མྱོང་བྱ་དོན་དམ་པ་གཉིས་སུ་འབྱེད་ལ། དེ་ཡང༌། རྣལ་འབྱོར་པས་ནི། དང་པོ་འཁྲུལ་སྣང་དང༌། ཕྱི་མ་དོན་དམ་དངོས་སུ་ཐག་གཅོད། ཐ་མལ་པས་ནི། ནང་བལྟའི་ཆ་ཉམས་སུ་མི་མྱོང་བའམ། མྱོང་ཡང་ངེས་པ་འདྲེན་མི་ནུས་པས། ཕྱིར་བལྟའི་ཆ་དེ་ཉིད་དོན་དམ་པར་ཁས་ལེན། འོ་ན་ཚོགས་ཀྱི་འཁོར་ལོའི་ཚེ། ཟག་བཅས་ཀྱི་ཡུལ་ཡུལ་ཅན་གཉིས་ཀ་དམིགས་མེད་སྟོང་པ་ཉིད་ཀྱི་ངང་དུ་བཏང་ཟིན་པ་མ་ཡིན་ནམ། ཞེ་ན། ཡེ་ཤེས་དངོས་དང༌། རྗེས་མཐུན་པ་ཐོས་བསམ་གྱི་ངོར། དེ་ལྟར་བཏང་ཟིན་ཀྱང༌། ཇི་སྲིད་སངས་རྒྱས་ཀྱི་སར་མ་སླེབ་པ་དེ་སྲིད་དུ། འཁྲུལ་པའི་སྣང་བ་བཟློག་པར་མ་ནུས་སོ། །འདིར། བོད་ཕྱི་མ་ནི། ཕྱི་རོལ་དོན་དུ་སྣང་བའི་མངོན་སུམ་ནི། སངས་རྒྱས་ཀྱི་སའི་བར་དུ་ཡང་ཚད་མར་ཁས་ལེན་ཅིང༌། ཚད་མ་དེས་དྲངས་པའི་ཕྱི་རོལ་གྱི་དོན་ཡོད་པར་ངེས་པའི་ངེས་ཤེས་ཇི་སྙེད་པ་དོན་མཐུན་དུ་ཁས་ལེན་དགོས་པ་ལས་འོས་མེད་ཀྱང༌། ཡེ་ཤེས་ཀྱི་ས་འཆད་པའི་སྐབས་འདིར། ངེས་ངོར་ཕྱི་རོལ་དོན་གྱི་སྣང་བ་མ་བཀག་ན། གཞལ་ཡས་ཁང་གི་བཞུགས་ས་མ་རྙེད་པས། ངེས་ངོར་ཁེགས་སོ། །ཞེས་ཁས་བླངས་ནས་དེར་ཁེགས་ཀྱང༌། ཚད་མས་ཁེགས་པ་ནི་མ་ཡིན་ནོ། །ཞེས་དང༌། དེ་ལྟར་འགོག་བྱེད་ཀྱི་མན་ངག་ཀྱང༌། རིལ་འཛིན་དང་རྗེས་ཞིག་ལྟ་བུ་མན་ངག་པའི་ཁྱད་འདོན་ཟབ་མོ་ཞིག་ཡིན་པ་ལྟ་བུའི་ཟོག་རྫུ་མཛད་པར་སྣང་ངོ་དེ་བཞིན་དུ། བོད་ཕྱི་མས། སྟོང་ཉིད་ཀྱི་ངོས་འཛིན་རིགས་ཚོགས་ནས་ཇི་ལྟར་བཤད་པ་དེ་མེད་མི་རུང་དུ་ཁས་ལེན་པ་དང༌། ཡང་འདིར། ཡུལ་ཅན་བདེ་བ་ཆེན་པོ་ཡུལ་སྟོང་ཉིད་ལ་གཉིས་སྣང་ནུབ་པ་ཞེས་བྱའི་ཟོལ་གྱིས། ངག་ཏུ་བདེ་སྟོང་དབྱེར་མེད་དོན་དམ་བདེན་པ་མིན་ཞེས་འཇོག་པ་ནི། གྲུབ་མཐའི་གཏིང་མ་ཚུགས་པས། ཅལ་ཅོལ་དུ་སྨྲ་བའོ། །ཡང་སྐབས་འདིར། བོད་ཕྱི་མ། དངོས་པོ་མེད་པས་ཞེས་སོགས་རྡོ་རྗེའི་ཚིག ཡི་གེའི་དོན་དུ་འཆད་ལུགས་ཡིན་ཟེར་ནས། དངོས་པོ་མེད་ན་སྒོམ་པ་མེད་པར་འགྱུར་རོ། །ཞེས་ཚད་བསལ་འཕེན་པ་དང༌། ཡང༌། བསྒོམ་པར་བྱ་བ་བདེན་གྲུབ་ཡོད་ན་ཡང༌། སྒོམ་པ་མེད་པར་འགྱུར་རོ། །ཞེས། ཚད་བསལ་དུ་འཕེན་པ་ནི། རྡོ་རྗེའི་ཚིག་དོན་མ་ཡིན་པ་ཞིག་ཁས་བླངས་ནས། ཚིག་དོན་ཡིན་ངོ་ཤེས་པ་དེ། ཡུལ་འདོན་པར་བྱེད་པའི་གཏམ་ཡིན་ཏེ། རྡོ་རྗེའི་ཚིག་དེས་དངོས་པོ་ཡོད་པ་དང་བསྒོམ་པར་བྱ་བ་ཡོད་པ་བཀག་འདུག་བཞིན་དུ། དེ་དང་དེ་མེད་པ་དགག་བྱར་བྱས་ནས་བཀག་པའི་ཕྱིར། དངོས་པོ་ཐ་སྙད་དུ་མེད་པ་དང༌། དོན་དམ་དུ་ཡོད་པ་དགག་བྱར་བྱེད་པ་ཡི་གེའི་དོན་ནོ། །ཞེ་ན། ཡི་གེའི་དོན་ནི། སྤྲོས་པའི་མཐའ་གསུམ་བསལ་ནས་རྣམ་པར་ཐར་པའི་སྒོ་གསུམ་སྟོན་པ་ཡིན་གྱི། ཁྱེད་ཀྱིས་འཆད་པ་དེ་མ་ཡིན་པ་དང༌། དོན་དམ་དུ་ཡོད་པ་དགག་བྱར་བྱས་པ་ཉིད་ཀྱིས། ཡོད་པ་དགག་བྱར་སོང་བ་ཡིན་ཏེ། ཡོད་ན་དོན་དམ་དུ་ཡོད་དགོས་པའི་ཕྱིར་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པས། ཡོད་པའི་གོ་ཆོད་ན། ཧ་ཅང་ཐལ་བའི་ཕྱིར་དང༌། རྣལ་འབྱོར་པའི་ཐ་སྙད་དུ། དངོས་པོ་ཐམས་ཅད་ཡོད་པར་བསྒྲུབས་ན། མཚན་འཛིན་གྱི་རྟོག་པ་སེལ་མི་ནུས་པའི་ཕྱིར་རོ། །རྡོ་རྗེའི་ཚིག་དེ་སྤྱི་དོན་དུ་འཆད་ཚུལ་ཡང་ནོར་བ་ཡིན་ཏེ། དེ་འཆད་པའི་ཚེ། མེད་པར་དགག་པའི་སྟོང་པ་ཉིད་དུ་འཆད་དགོས་པ་ལས། ཕྱོགས་སྔ་མས་ནི། བདེ་སྟོང་དབྱེར་མེད་ཅེས་བྱའི་མིང་ཅན། སྦས་དོན་དུ་ངོས་འཛིན་རྒྱུ་ཞིག་ལ་སྤྱི་དོན་དུ་བཤད་པའི་ཕྱིར། ཡང༌། བོད་ཕྱི་མ། སྐྱེད་རིམ་གྱི་སྐབས་སུ། ཡེ་ཤེས་ཀྱི་ཚོགས་བསགས་སྔོན་དུ་བཏང་བའི་ལྷ་གསལ་སྣང་གི་ཤེས་པ་དེ། གང་ཟག་གི་བདག་འཛིན་དང་འཛིན་སྟངས་འགལ་བ་ཉིད་དུ་བསྒྲུབ་པར་བཞེད་ནས། སྒྲུབ་ཐབས་ཀུན་བཟང་གི་གཞུང་འགྲེལ་པ་དང་བཅས་པ་ཤེས་བྱེད་དུ་དྲངས་པའི་གྲུབ་དོན་ལ། སྐྱེད་རིམ་དངོས་གཞིའི་ངོས་འཛིན་ནི། རྣལ་འབྱོར་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས། དམིགས་པ་ལྷག་པའི་ལྷ་ལ་དམིགས་ནས། ལྷ་དེའི་གཟུང་རྣམ་གསལ་བར་ཤར་བའི་ཤེས་རྒྱུན་དེ་ཉིད་ལ་མཉམ་པར་འཇོག་པ་ཡིན་ནོ། །ཞེས་འཆད། འདི་བརྟག་པ་ལ་གསུམ་སྟེ། སྐྱེད་རིམ་གྱི་ལྷ་ངོ་མ་ཤེས་པའི་ཉེས་པ། འདིར་གཟུང་རྣམ་གྱི་རྣམ་གཞག་འཁྲུལ་པའི་ཉེས་པ་འཛིན་སྟངས་འགལ་བ་ཅན་གཞི་གཅིག་ལ་མི་འདུ་བར་བསྟན་པའོ། །དང་པོ་ནི། སྐྱེད་རིམ་གྱི་ལྷ་མི་བསྐྱོད་རྡོ་རྗེ་ཡུལ་དང༌། དེ་ལ་དམིགས་པའི་ཡུལ་ཅན་གྱི་བློ་ཐ་དད་ལྟ་བུར་འབྱེད་པ་ནི་མ་ཤེས་པ་ཡིན་ཏེ། དེའི་ཚེ། སྒྲུབ་པ་པོའི་ཤེས་རྒྱུད་ཉིད་ལྷར་འཁྲུངས་པ་ཡིན་གྱི། ཡུལ་ཅན་ལྷ་ལས་ཐ་དད་པ་ལོགས་ན་ཡོད་པ་མ་ཡིན་པའི་ཕྱིར། རང་གིས་རང་ཉིད་མྱོང་བ་ལ་ནི། གཉིས་སྣང་མེད་པའི་ཕྱིར་ན། རང་གི་གཟུང་རྣམ་གྱི་ཐ་སྙད་ག་ལ་འཐད། གཉིས་པ་ནི། སྤྱིར་གཟུང་རྣམ་གྱི་རྣམ་གཞག་ནི། ཁ་ཕྱི་རོལ་དུ་བལྟས་པའི་རྣམ་ཤེས་ལ་བཤད་པ་ཡིན་གྱི། ཡེ་ཤེས་ནི་རང་གི་ངོ་བོ་འཛིན་རྣམ་དུ་ངེས་པའི་ཕྱིར། དེ་ལ་གཟུང་རྣམ་གྱི་རྣམ་གཞག་མེད་དོ། །རྣལ་འབྱོར་པ་རང་གི་ཤེས་པ་ལ། མདུན་སྐྱེད་ཀྱི་ལྷ་དབྱིབས་དང་ཁ་དོག་གི་རྣམ་པ་ཅན་དུ་ཤར་བ་ལ་ལྷའི་གཟུང་རྣམ་དུ་འཆད་ན་ནི། དེ་འདྲ་དེ་ནི་རྣལ་འབྱོར་པའི་ཏིང་ངེ་འཛིན་གྱི་ཉམས་སུ་བླང་བྱ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་ཏེ། རྣལ་འབྱོར་པ་རང་གི་ཤེས་རྒྱུད་དབྱིབས་སོགས་སུ་མ་གྲུབ་བཞིན་ཏུ། དེར་སྣང་བའི་ཕྱིར། ཇི་སྐད་དུ། བློ་བདག་རྣམ་པར་དབྱེར་མེད་ཀྱང༌། །མཐོང་བ་ཕྱིན་ཅི་ལོག་རྣམས་ཀྱིས། །གཟུང་བ་འཛིན་པ་རིག་པ་དག །ཐ་དད་ལྡན་བཞིན་རྟོགས་པར་འགྱུར། །ཞེས་གསུངས་སོ། །དེས་ནས་ལྷའི་དབྱིབས་སོགས་སུ་སྣང་བའི་རྣམ་རིག་ནི། ཐ་མལ་གྱི་རྣམ་པར་རྟོག་པའི་གཉེན་པོར་འགྲོ་ཡང༌། གྱ་ནོམ་ལྷར་ཞེན་པའི་རྟོག་པ་ཉིད་ཀྱི་ཕྱིར་ན། སྤང་བར་བྱ་བ་ཁོ་ན་སྟེ། སྤང་བྱ་དེའི་གཉེན་པོར་ལྷར་སྣང་ཡེ་ཤེས་སུ་རྟོགས་དགོས་པའི་ཕྱིར། གསུམ་པ་ནི། སྐྱེད་རིམ་གྱི་རྣལ་འབྱོར་གང་ཟག་གི་བདག་ཏུ་རྨོངས་པའི་གཉེན་པོར་འགྲོ་བ་ལ། ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་གསལ་སྣང་མཆེད་པས་ཆོག་པ་ཡིན་གྱི། གང་ཟག་དང༌། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་འཆར་དགོས་པ་མ་ཡིན་ཏེ། དེ་དག་ནི་མེད་པར་དགག་པ་ཁོ་ནའི་རྣམ་པ་ཅན་ཡིན་པས། སྐྱེད་རིམ་གྱི་སྦྱོར་འཇུག་ལ་སྲིད་ཀྱང༌། དངོས་གཞི་ལ་མི་སྲིད་པའི་ཕྱིར། དེ་ལྟར་ན་འདིར་བསྟན་བསྒྲུབ་པའི་ཐབས་འདི། ཡན་ལག་ཡོངས་སུ་རྫོགས་པ་ནི། དང་པོའི་སྦྱོར་བ་སོགས། ཏིང་ངེ་འཛིན་གསུམ་གྱིས་མ་བསྡུས་པ་མེད་ལ། དེ་ཡང༌། དང་པོ་སྦྱོར་བའི་གོ་དོན་ནི། འབྲས་དུས་ཀྱི་སྐུ་གསུམ་པོ་མ་གྲུབ་པ་བསྒྲུབ་པའི་ཕྱིར་དུ། ལམ་དུས་སུ་སྐུ་གསུམ་རྗེས་མཐུན་པ་ཉམས་སུ་ལེན་པའི་མན་ངག་ཡིན་ལ། མན་ངག་དེ་ཡང༌། བསྙེན་བསྒྲུབ་ཡན་ལག་བཞི་པའམ། དང་པོ་གསུམ་གྱིས་མཐར་ཕྱིན་པར་བྱེད་དགོས་པ་ལས། དང་པོ་བསྙེན་པའི་ཡན་ལག་ནི། ཡེ་ཤེས་ཀྱི་ས་སྐྱེད་པ་ནས། ལྷག་མོས་ཀྱི་མཛད་པའི་བར་རྣམས་སོ། །གཉིས་པ་ཉེ་བར་བསྒྲུབ་པའི་ཡན་ལག་ནི། རྣལ་འབྱོར་བཞིའི་སྒོ་ནས་མཐར་ཕྱིན་པར་བྱེད་དགོས་པ་ལས། དང་པོ། རྣལ་འབྱོར་ནི། ལྷག་མོས་ལུས་སུ་བསྡུ་བ་ནས་གཟུང་སྟེ། ཟླ་བ་ལས་བྱང་ཆུབ་པའི་བར་དག་གོ །སྤྱིར་རྣལ་འབྱོར་དང་པོ་གསུམ་པོ་འདི་དང༌། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་རིམ་པ་བཞིན་དུ་སྦྱར་བར་བྱ་བ་ཡིན་པ་ལས། རྣལ་འབྱོར་དང་པོ་འདི་ནི། དེ་བཞིན་ཉིད་ལས་བྱང་ཆུབ་པ་དང༌། ཟླ་བ་ལས་བྱང་ཆུབ་པ་གཉིས་ཀྱི་བདག་ཉིད་དོ། །གཉིས་པ། རྗེས་སུ་རྣལ་འབྱོར་ནི། ས་བོན་ལས་དང༌། ཕྱག་མཚན་ལས་དང༌། སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སྟེ། གསུམ་གྱི་བདག་ཉིད་དོ། །ཤིན་ཏུ་རྣལ་འབྱོར་ནི་དང་པོའི་མགོན་པོ་སྤྲུལ་སྐུ་རྡོ་རྗེ་སེམས་དཔར་བསྒྱུར་བ་དེ་ཉིད་དོ། །རྣལ་འབྱོར་ཆེན་པོ་དང་སྒྲུབ་པའི་ཡན་ལག་བཞི་མཐུན་པར་གྱུར་པ་ནི། རྡོ་རྗེ་འཆང་ལ་ལུས་དཀྱིལ་དགོད་པ་ནས་གཟུང་སྟེ། སེམས་དཔའ་གསུམ་བརྩེགས་ལ་མཉམ་པར་འཇོག་པའི་བར་དག་གོ །དེ་ལྟར་སྐུ་གསུམ་ལམ་དུ་བྱས་པ་ན། འབྲས་བུ་སྐུ་གསུམ་ལ་སྤྲོ་བ་སྐྱེས་ཏེ། སློབ་པའི་ཟུང་འཇུག་མངོན་དུ་གྱུར་པ་དེས། འབྲས་བུ་ལ་ཉེ་བའི་རྒྱུས་མཚམས་སྦྱོར་བ་ནི། སྒྲུབ་པ་ཆེན་པོ་སྟེ། རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །དེ་ལྟར་ཡན་ལག་བདུན་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་དུ་སངས་རྒྱས་ནས། འཁོར་གྱི་ལྷ་ཚོགས་སྤྲོ་བར་མཛད་པ་ནི། དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ལྟ་བུའི་རྒྱལ་མཆོག་གི་ང་རྒྱལ་ལས་འཕོས་ནས། སླར་ཡང་ཟུང་འཇུག་གི་སྐུ་སྒྲུབ་པའི་ཕྱིར་དུ་ལམ་ཉམས་ལེན་དང་བསྙེན་པ་ཚད་དུ་བསྐྱལ་ནས། ཐུན་མོང་གི་དངོས་གྲུབ་དང་ཟུང་འཇུག་སྤྲུལ་པའི་སྐུ་མང་པོ་སྤྲུལ་ནས། ཁམས་སྣ་ཚོགས་སུ་སངས་རྒྱས་མཆོད་པ་དང༌། སེམས་ཅན་གྱི་དོན་མཛད་པ་ནི་ལས་རྒྱལ་མཆོག་གོ །དེ་ལྟར་ལས་རྣམ་པར་བཞག་ནས། ཡན་ལག་སོ་སོའི་རྣམ་གཞག་ཤེས་པར་བྱ་བ་ལ་གསུམ་སྟེ། མངོན་པར་བྱང་ཆུབ་པ་སོ་སོའི་མཚན་ཉིད། དང་པོའི་མགོན་པོ་གང་དུ་འཇོག་པའི་གནས་སྐབས། དེའི་སྐབས་ཀྱི་འཕྲོས་དོན་གཞན་ཡང་བསྟན་པའོ། །དང་པོ་ལ། གསུམ་ལས། དེ་བཞིན་ཉིད་ལས་བྱང་ཆུབ་པའི་ངོས་འཛིན་ནི་གཉིས་ཏེ། སྤྲོས་པའི་མཐའ་ཐམས་ཅད་བསལ་ནས། ཤེས་དགོས་པའི་དེ་བཞིན་ཉིད་དང༌། དེ་ལྟར་སེལ་བ་ལ་མ་ལྟོས་པར། གདོད་མ་ནས་ལྷུང་གྱི་གྲུབ་པའི་ཆོས་དབྱིངས་སོ། །དང་པོ་ལ་གཉིས་ཏེ། སྤྲོས་པའི་མཐའ་བསལ་ཙམ་གྱི་མེད་པར་དགག་པ་དང༌། ཡོན་ཏན་བསྒྲུབ་པའི་གཞིར་གྱུར་པའི་མ་ཡིན་པར་དགག་པའོ། །དང་པོ་ནི། དངོས་པོ་མེད་ལ་ཞེས་སོགས། རྡོ་རྗེའི་ཚིག་གི་སྒྲས་ཟིན་ལ་བསྟན་པ་དེ་ཉིད་དོ། །གཉིས་པ་ལ་ཡང༌། སྤྲོས་པ་སེལ་བྱེད་དང༌། ཉམས་སུ་མྱོང་བྱ་ཚོགས་པའི་དེ་བཞིན་ཉིད་དང༌། ཉམས་སུ་མྱོང་བྱ་འབའ་ཞིག་པའི་དེ་བཞིན་ཉིད་དོ། །དང་པོ་ནི། ཤཱུ་ནྱ་ཏའི་སྔགས་ཀྱིས་བསྟན་པ་སྟེ། འདིར་ནི་དེ་ཉིད་དོ། །ཕྱི་མ་ནི། དྷརྨཱ་དྷ་ཏུའི་སྒྲས་བསྟན་པ་དེ་ཉིད་དོ། །དེ་ལྟར་གསུམ་ལས་དང་པོ་ནི། ཡུལ་གཞན་སེལ་དང༌། ཡུལ་ཅན་རྟོགས་པར་སྐྱེ་ལ། བར་པ་ནི། ཡུལ་སྟོང་པ་ཉིད་ཀྱི་ཚེ། ཡུལ་ཅན་རྟོག་པ་དང༌། དེ་མ་ཐག་ཏུ་སྟོང་པ་དེས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཉམས་སུ་མྱོང་བའི་ཚེ། ཡུལ་ཅན་ཡང་ཡེ་ཤེས་ཉིད་དང༌། གསུམ་པ་ནི། ཡུལ་དང༌། ཡུལ་ཅན་གཉིས་སུ་མེད་པའི་ཆོས་དབྱིངས་ཡེ་ཤེས་ཁོ་ནའོ། །སྟོང་ཉིད་དང་པོ་རྟོགས་བྱེད་ཀྱི་ཐབས་ནི། ཐོས་བསམ་ཁོ་ན་དང༌། བར་པ་རྟོགས་བྱེད་ཀྱི་ཐབས་ནི། ཐོས་བསམ་སྒོམ་པ་གསུམ་ཀ་དང༌། ཆོས་དབྱིངས་གསུམ་པ་རྟོགས་བྱེད་ཀྱི་ཐབས་ནི། སྒོམ་བྱུང་གི་ཡེ་ཤེས་ཁོ་ནའོ། །འདི་ཐོག་མར་རྟོགས་བྱེད་ཀྱི་ཐབས་ལུང་རིགས་ལ་ལྟོས་དགོས་པ་མ་ཡིན་ཏེ། དབང་གོང་མ་དང༌། བྱིན་བརླབས་དང་ལུས་ཀྱི་བྱེད་བཅིངས་ལས་ཀྱང༌། ཉམས་སུ་མྱོང་སྲིད་པའི་ཕྱིར། མངོན་བྱང་གཉིས་པ་ཟླ་བ་ལས་བྱང་ཆུབ་པའི་ངོས་འཛིན་ནི། དཀྱིལ་འཁོར་གྱི་དབུས་སུ། ཉི་ཟླ་པདྨ་གསུམ་བརྩེགས་པའི་སྟེང་དུ། འབྲུ་གསུམ་དང་བཅས་པ། ཡས་མན་ནས་ཟླ་བ་ལ་རོ་གཅིག་ཏུ་འདྲེས་པ། དེ་ལས་འོད་ཟེར་ནམ་མཁའི་མཐའ་ཁྱབ་པར་འཕྲོས། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་འོད་ཟེར་གྱི་རྣམ་པར་བྱོན་ནས་ཟླ་བ་དང་རོ་གཅིག་ཏུ་གྱུར་པ་ལ། རྣལ་འབྱོར་པ་རང་གི་ཤེས་རྒྱུད་བསྲེས་ནས། དྷརྨཱ་དྷཱ་ཏུ་ཛྙ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀཿཨ་ཧཾ། ཞེས་མཉམ་པར་འཇོག་པའོ། །འདི་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ། ངེས་དོན་གྱི་དཔལ་གསང་བ་འདུས་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་དང༌། དོན་དམ་པའི་བདེན་པ་དང༌། སྐྱེད་རྫོགས་མཐའ་དག་བསྒྲུབ་པའི་གཞི་ཡང་འདི་ཁོ་ནར་ངེས་ཤིང༌། འདི་ལས་མ་གཏོགས་པའི་ཆོས་གཞན་ཡང་ཁས་མི་ལེན་ནོ། །དེ་ལྟར་བྱང་ཆུབ་པ་གཉིས་པོ་འདི་ལ་ནི། རྣལ་འབྱོར་ཞེས་བྱ་བའི་མཚན་གྱིས་བཏགས་ཤིང༌། གཉིས་པོ་ཡང༌། རང་རིག་པའི་ཡེ་ཤེས་ཀྱིས། སྣང་བཅས་དང་སྣང་མེད་དུ་མྱོང་ཚུལ་གྱི་དབྱེ་བ་མ་གཏོགས། ངེས་པའི་དོན་གཅིག་ཁོ་ནའོ། །འོ་ན། ཟླ་བར་བཏགས་པས་ཅི་ཞིག་བྱ་སྙམ་ན། འདིས། གཞི་འཁོར་བའི་དུས་ཀྱི་ཉི་ཟླ་པད་གསུམ་འཁྲུལ་པའི་སྣང་བར་གོ་བྱེད་ཡིན་ནམ། ཞེས་འོག་ཏུ་བརྟག་པར་བྱའོ། །མངོན་བྱང་ཕྱི་མ་གསུམ་ལ་ནི་རྗེས་སུ་རྣལ་འབྱོར་ཞེས་པའི་མིང་གིས་བཏགས་ཤིང༌། ངོས་འཛིན་ནི། གོང་མ་དེ་མ་ཐག་པའི་ཟླ་བ་ལས་ཆུ་སྦུར་བརྡོལ་བ་ལྟ་བུའི་ཚུལ་གྱིས། འབྲུ་གསུམ་འཁྲུངས་པ་ནི། ས་བོན་ལས་དང༌། དེ་གྱུར་པ་ལས་ནི། རྡོ་རྗེ་ཧཱུྃ་གིས་མཚན་པ་ཕྱག་མཚན་ལས་དང༌། དེ་གྱུར་པ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཡུམ་དང་བྲལ་བར་འཁྲུངས་པ་ནི། སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་པ་སྟེ། མངོན་པར་བྱང་ཆུབ་པ་ལྔ་པོ་འདི་དག་གིས་ནི། རྣལ་འབྱོར་དང་པོ་གཉིས་དང༌། ཉེ་བར་སྒྲུབ་པའི་ཡན་ལག་མཐར་ཕྱིན་པར་བྱེད་དོ། །རྡོ་རྗེ་འཆང་དཀར་པོ་འདི་ལ་ནི། འགྲེལ་པ་དག་ལས། དང་པོའི་མགོན་པོ་ཞེས་པའི་མཚན་འདོགས་བྱུང་ཞིང༌། ཞེ་སྡང་རྡོ་རྗེའི་སྒྱུར་གཞི་ལ་ནི། དེ་ལྟར་བཏགས་པ་མེད་པས་ན། བོད་ཕྱི་མས་དེ་ལ་ཡང་དེའི་མིང་གིས་འདོགས་པ་ནི་འཁྲུལ་པའོ། །ཞེས་གསུངས། རྡོ་རྗེ་འཆང་འདི་ཞལ་གསུམ་ཕྱག་དྲུག་པར་བཞེད་མཁན་ཨ་བྷ་ཡ་སོགས་ཤིན་ཏུ་མང་ཞིང༌། ཞལ་གཅིག་ཕྱག་གཉིས་པར་བཞེད་མཁན་ནི། མ་ག་དྷའི་སློབ་དཔོན་ཐུབ་པ་དཔལ་དང༌། ནག་པོ་དམ་ཚིག་རྡོ་རྗེ་གཉིས་ལས་གཞན་མ་བྱུང་ཡང༌། འདི་ཉིད་མདོ་དང་བསྲེས་པའི་དགོངས་པར་ངེས་པས། དོན་ལ་གནས་པའོ། །ཞེས་བོད་སྔ་མ་ཁ་གཅིག་གིས་གསུངས་པ་ལ། བོད་ཕྱི་མ་ན་རེ། ཐུབ་པ་དཔལ་གྱི་བཤད་པས། ཨ་བྷ་ཡ་འགོག་པ་ནི། བཞད་གད་ཀྱི་གནས་ཡིན་པར་མ་ཟད། རྒྱུད་ཀྱི་དངོས་བསྟན་འགོག་པ་ཡིན་ཏེ། ལེའུ་དང་པོ་ལས་རིགས་པའི་སྐྱེས་བུ་ཆེན་པོའི་གཟུགས་སུ་གྱུར་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བྱིན་གྱིས་བརླབས་ཀྱི་བྱིན་གྱིས་བརླབས་སོ། །བྱིན་གྱིས་བརླབས་མ་ཐག་ཏུ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་དེ་ཉིད་ཞལ་གསུམ་པ་ལྟ་བུར་ཐམས་ཅད་ཀྱིས་མཐོང་བར་གྱུར་ཏོ། །ཞེས་གསུངས་པས་སོ། །ཞེས་ཟེར་བ་ལ། རྗེ་བླ་མའི་གསུང་གིས་སུན་འབྱིན་པ་འདི་ལྟར་མཛད་ཏེ། ཐུབ་པ་དཔལ་ཇི་ལྟར་ཡིན་ཀྱང༌། ཀླུ་བྱང་གི་ལུང་ལས་ནི། རྗེས་འབྲང་སུས་ཀྱང་འགོང་བར་མི་ནུས་ཏེ། ཐུབ་དཔལ་གྱིས། མདོར་བཅས་ཀྱི་འགྲེལ་པར། ཀླུ་བྱང་གི་ལུང་དྲངས་ནས་དང་པོའི་མགོན་པོ་ཕྱག་གཉིས་པར་བསྒྲུབས་པའི་ཕྱིར་ཏེ། འགྲེལ་པ་དེ་ལས་ཇི་སྐད་དུ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས། །དེ་ཁོ་ན་ཉིད་གྲུབ་པ་ལས། །ཇི་ལྟར་འདོད་པའི་ཕྱོགས་གནས་ཏེ། །སྐད་གཅིག་གིས་ནི་ལྷ་བཟང་པོ། །དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་འཛིན་པ་བསྒོམ། །ཞེས་པའི་ལུང་དྲངས་ནས་བསྒྲུབས་སོ། །རྩ་རྒྱུད་ཀྱི་ལུང་དང་འགལ་ཟེར་བ་ནི། ལུང་དེ་སྒྲོན་གསལ་དུ། ཤིན་ཏུ་རྣལ་འབྱོར་ལ་སྦྱར་བའི་ས་བཅད་ཙམ་ཡང་མ་བལྟས་པར་ཟད་དེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི། དང་པོའི་མགོན་པོ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཞེས་བྱ་བ་ནི། ལུས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བྱིན་གྱིས་བརླབས་པའོ། །ཞེས་སྒྲོན་གསལ་དང་མདོ་བསྲེས་གཉིས་ཀའི་དགོངས་པས། དང་པོའི་མགོན་པོའི་སྐུ་ལ། ལུས་དཀྱིལ་བཀོད་པའི་རྐྱེན་གྱིས། ཤིན་ཏུ་རྣལ་འབྱོར་བྱས་ཏེ། རྡོ་རྗེ་འཆང་ཞལ་གསུམ་པ་ཉིད་དུ་བསྒྱུར་བར་བཤད་པའི་ཕྱིར། གཉིས་པ་དང་པོའི་མགོན་པོ་གནས་སྐབས་གང་དུ་འཇོག་པ་ལ་གསུམ་སྟེ། སྔོན་རབས་པའི་ལུགས་དང༌། བོད་ཕྱིས་བྱོན་གྱི་ལུགས་དང༌། དེ་ལ་འདོར་ལེན་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་འཁྲུངས་པའི་དང་པོའི་མགོན་པོ་དེ། གཞི་དུས་སུ་མངལ་གྱི་གནས་སྐབས་བརྒྱད་ཡོད་པའི་དང་པོ་ལྔ་དང་གོ་རིམ་བཞིན་དུ་སྦྱར་ནས། དེ་ལ་མི་བསྐྱོད་པ་ཞུགས་པའི་རྐྱེན་གྱིས། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཉིད་དུ་བསྒྱུར་བར་བྱེད་པ་ནི་མངལ་གྱི་གནས་སྐབས་ཕྱི་མ་རྣམས་སྦྱོང་བྱེད་དང༌། སྤྲུལ་སྐུར་གྱུར་ཟིན་པ་ནི། བཙས་པའི་སྐབས་དང་སྦྱོར་བར་མཛད་དོ། །གསུམ་པ་ནི། མདོར་བཅས་སུ་སྐུ་རྫོགས་པར་བྱང་ཆུབ་པའི་སྐབས་དེར། མི་བསྐྱོད་པ་ནི་རྗེས་ཞུགས་པས། །ཞལ་གསུམ་ཕྱག་དྲུག་འབར་བའི་མདོག །ཨིནྡྲ་ནི་ལ་འབར་བའི་འོད། །ཅེས། ལམ་དུས་སུ་དང་པོའི་མགོན་པོ་མི་བསྐྱོད་པ་གཅིག་ཞུགས་པས། སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་དང༌། གཞི་དུས་སུ་ཡང༌། དེ་དང་ཆ་འདྲ་བ་ཞིག་འོང་རྒྱུ་ཡིན་པ་ལ་བསམས་ནས། བུ་སྟོན་རིན་པོ་ཆེ་དང༌། བོད་ཕྱི་མས། དང་པོའི་མགོན་པོ་ནི། བར་དོའི་སྦྱོང་བྱེད་ཁོ་ནར་བཤད་ནས། དེ་སྤྲུལ་སྐུ་རྡོར་སེམས་སུ་གྱུར་པ་ནི། མངལ་དུ་དང་པོར་འཇུག་པའི་གནས་སྐབས་དང་སྦྱོར་བར་བྱེད་དོ། །མི་བསྐྱོད་པ་རྗེས་སུ་འཇུག་ཚུལ་ལ། བུ་སྟོན་རིན་པོ་ཆེའི་གསུང་གིས། ནག་པོ་དམ་ཚིག་རྡོ་རྗེ་ན་རེ། དང་པོའི་མགོན་པོའི་ཐུགས་ཀ་ནས། མི་བསྐྱོད་པའི་ཚོགས་མང་པོ་སྤྲོས། དེ་ཐམས་ཅད་གཅིག་ཏུ་གྱུར་ནས་རང་ལ་ཐིམ་པའི་རྐྱེན་གྱིས་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ཡིན། ཞེས་ཟེར་བ་མི་འཐད་དེ། དེ་ལྟ་ན་གཞིའི་དུས་སུ་བར་དོ་རང་གི་ཁུ་བས་རང་བསྐྱེད་པར་ཐལ་བའི་ཕྱིར། ཞེས་སུན་འབྱིན་བརྗོད་ནས། རང་ལུགས་ནི། ནམ་མཁའི་ཁམས་གང་བའི་དེ་བཞིན་གཤེགས་པ་ཡབ་ཡུམ་སྙོམས་པར་ཞུགས་པའི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་ཐམས་ཅད་གཅིག་ཏུ་འདྲེས་ནས། མི་བསྐྱོད་པ་ཉིད་དུ་གྱུར་པ་དེ་ལ། དང་པོའི་མགོན་པོ་ཕར་རྗེས་སུ་ཞུགས་པས་སྤྲུལ་སྐུ་རྡོར་སེམས་ཉིད་དུ་གྱུར་པ་དེ་ནས་གཟུང་སྟེ། གཞི་དུས་ཀྱི་སྐྱེ་བ་སྦྱོང་བྱེད་དུ་སྦྱོར་བར་མཛད་ཅིང༌། དོན་དེ་ཉིད། བོད་ཕྱི་མས་སྦྱར་བའི་སྒྲུབ་ཐབས་སུ་ཡང་བྲིས་སོ། །གསུམ་པ་ནི། དེ་དག་ལ། རྗེ་བླ་མའི་གསུང་གིས་སུན་འབྱིན་པ་ནི། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་མི་བསྐྱོད་པ་དེ་འདྲ་གསང་བ་འདུས་པའི་ཆོས་སྐོར་ན་བཤད་པ་མེད་ཅིང༌། ཡོད་དུ་ཆུག་ཀྱང༌། མི་བསྐྱོད་པ་ནི། ཞེས་བཤད་ཀྱི། མི་བསྐྱོད་པ་ལ། ཞེས་མ་བཤད་པ་དང༌། བཤད་དུ་ཆུག་ཀྱང༌། མི་བསྐྱོད་པ་དེ། རྣལ་འབྱོར་པ་རང་ལས་ཤེས་རྒྱུད་རྫས་ཐ་དད་པས། རང་གི་སྐྱེ་བ་སྦྱོང་བྱེད་དང༌། རང་གི་ལམ་སྦྱོང་བྱེད་དུ་མི་རུང་བའི་ཕྱིར་དང༌། ལམ་དུས་སུ། རང་གིས་རང་ཉིད་སངས་རྒྱས་སུ་བསྐྱེད་པ་མི་འཐད་ན། གཞན་གྱིས་བསྐྱེད་པ་ཤིན་ཏུ་ཡང་འགལ་ཏེ། སྐབས་འདིར་སྦྱང་གཞི་དང་སྦྱོང་བྱེད་རྫས་ཐ་དད་དུ་མེད་པའི་ཕྱིར། མངོན་པར་བྱང་ཆུབ་པ་ལྔ་པོ། བར་དོ་ལ་སྦྱོར་བ་དང༌། སྦྱོང་བྱེད་ལ་སྦྱང་གཞི་དང་ཆོས་མཐུན་པ་དགོས་ཞེས་འཆད་པ་ཁས་བླངས་འགལ་བ་ཡིན་ཏེ། སྦྱང་གཞི་བར་དོ་ནི་བརྫུས་ཏེ་སྐྱེ་བ་ཡིན་ལ། དང་པོའི་མགོན་པོ་ནི། མངོན་བྱང་ལྔ་ལས་རིམ་གྱིས་འཁྲུངས་པའི་ཕྱིར་དང༌། མངོན་པར་བྱང་ཆུབ་པ་ལྔ་པོ། བར་དོ་སྦྱོང་བྱེད་ལ་སྦྱར་ན། འཕགས་པ་ཡབ་སྲས་ཀྱི་སྒྲུབ་ཐབས་འདི་དག་ཏུ།                  རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*