དུས་འཁོར་ནས་གསུངས་པའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་བརྩོད་སྤོང༌།

༼ཇ༽༄༅། །དུས་འཁོར་ནས་གསུངས་པའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་ལ་རྩོད་སྤོང་བཞུགས་སོ།།

ཨོཾ་སྭ་སྟྭི་སིདྷཾ། དཔལ་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་པར་བཞག་པ་ལ་རྩོད་པ་སྤང་བ་ཐེག་ཆེན་ཆོས་ཀྱི་སྲོལ་ཆེན་རྣམ་དབྱེ་ཞེས་བྱ་བ། དུས་ཀྱི་བྱེད་པོས་གང་བརྩམས་པ། །དུས་མེད་ན་ནི་མི་འབྱུང་ཕྱིར། །དུས་གསུམ་དགྲ་དང་ཟུང་འཇུག་པའི། །དུས་འཁོར་སྣ་ཚོགས་ཡུམ་ཁྱོད་ལ། །ཕྱག་འཚལ་ནས་ནི་དུས་འཁོར་ལོའི། །འཇིག་རྟེན་ཁམས་ཀྱི་རྣམ་བཞག་པ། །མངོན་པའི་ཆོས་དང་མ་མཐུན་པས། །ལོག་པར་བཤད་ཟེར་དེ་སྤང་བྱ། །གངས་ཅན་འདི་ན་ཕྱིས་བྱོན་པའི། །མང་ཐོས་རྣམ་དཔྱོད་འཁྱོག་པོར་ནི། །འཇུག་ལ་སོམ་ཉི་མ་མཆིས་པའི། །གྲགས་པ་གསལ་ལྡན་དག་ན་རེ། །ས་ཆེན་དུམ་བུ་བཅུ་གཉིས་པར། །ཀླ་ཀློའི་ཆོས་འཇུག་གྲགས་པ་ཡིས། །དེ་འཇོམས་དེ་ཡི་བསྟན་པ་ནི། །ལོ་སྟོང་བརྒྱད་བརྒྱར་གནས་ཞེས་གྲགས། །སྒྲ་མི་སྙན་དུ་ཀླ་ཀློའི་ཆོས། །འཇུག་ན་མི་དགེ་བཅུ་ཡོད་འགྱུར། །དྲག་པོའི་བསྟན་པ་དེར་གནས་ན། །སངས་རྒྱས་བསྟན་པའི་སྣོད་རུང་འགྱུར། །དེ་ལྟ་ན་ནི་རྒྱ་ཆེ་བ། །མངོན་པའི་གཞུང་དང་མ་མཐུན་ཞིང༌། །ཁུངས་བཙུན་འདུལ་བའི་གཞུང་ལུགས་ནི། །ཀུན་དང་འགལ་བར་གྱུར་ཞེས་སྨྲ། །འདི་ལ་ཐོག་མར་ལན་གདབ་པ། །དངོས་དང་རྣམ་གཞག་རྒྱས་བཤད་དོ། །དང་པོ་དངོས་ཀྱི་མ་ངེས་དང༌། །འདོད་ཐོག་ལན་གྱིས་བཟློག་པའི་ཕྱིར། །དམ་བཅའ་བ་ལ་སུན་འབྱིན་པ། །ལྟར་སྣང་ཚར་བཅད་གནས་ཞེས་བྱ། །འདིར་བཤད་དུམ་བུ་བཅུ་གཉིས་པ། །མངོན་པར་བཤད་པའི་སྒྲ་མི་སྙན། །ཡིན་ན་དེ་ལྟར་ཐལ་མོད་ཀྱི། །དེ་མ་ཡིན་ཕྱིར་དེར་མི་ཐལ། །མངོན་པར་བཤད་པའི་སྒྲ་མི་སྙན། །འདིར་བཤད་དུམ་བུ་བཅུ་གཉིས་པར། །ཁྱེད་ཀྱིས་ཁས་ལེན་བྱེད་ནུས་ན། །སུན་འབྱིན་སྔ་མ་འདོད་ཐོག་གོ །གཉིས་པ་རྣམ་གཞག་རྒྱས་བཤད་པ། །དོན་ཚན་གསུམ་དང་རྩོད་སྤང་དང༌། །འཕྲོས་པའི་དོན་དང་རྣམ་ལྔ་ཡིས། །ཐེག་ཆེན་གཞུང་ལུགས་གསལ་པོར་འཆད། །དོན་ཚན་དང་པོ་ཐུན་མོང་གི །གཞུང་དུ་མི་འཐད་གང་བཤད་པ། །ཐུན་མོང་མིན་པའི་ལུང་གིས་ནི། །སུན་འབྱིན་ནུས་པ་བསྟན་པའི་གཞུང༌། །ཡིན་གྱི་དེ་ལས་ལྡོག་གྱུར་པ། །དམན་པའི་ལུང་གིས་ཐེག་ཆེན་གཞུང༌། །སུན་འབྱིན་བྱེད་པོའི་ལྟག་ཆོད་པ། །ཡིད་རྟོན་བྱེད་པོ་སུ་ཞིག་འབྱུང༌། །དོན་ཚན་གཉིས་པ་འཇིག་རྟེན་ན། །ལྷན་སྐྱེས་གཟུང་འཛིན་གཉིས་སྣང་བློ། །གང་ཤར་དེ་ལ་དེར་སྣང་དང༌། །མཐུན་པར་སངས་རྒྱས་ཀྱིས་ཆོས་གསུངས། །འོ་ན་སྣང་ཚུལ་འགལ་གྱུར་པའི། །འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཀུན། །འགལ་ལ་མི་འཁྲུལ་ཁས་ལེན་ནམ། །ཞེ་ན་སེམས་ཅན་སོ་སོ་ཡི། །འཁྲུལ་སྣང་གཅིག་ཏུ་གཞལ་མི་ནུས། །དོན་ཚན་གསུམ་པ་སེམས་ཅན་ནས། །སངས་རྒྱས་བར་གྱི་བློ་སྣང་ཀུན། །རང་རང་སེམས་སུ་ཐག་ཆོད་ན། །འགལ་ལྟར་སྣང་ཡང་མི་མཐུན་མེད། །རྩོད་སྤང་བྱང་གླིང་དབུས་མ་ནི། །སྒྲ་མི་སྙན་གླིང་མ་ཡིན་ན། །ལྷོ་གླིང་དབུས་མ་འཛམ་བུ་གླིང༌། །མིན་པར་ངེས་ཕྱིར་ཁྱོད་གཞུང་གི །དཔལ་ལྡན་འབྲས་སྤུངས་སོགས་བཤད་པ། །འཛམ་བུ་གླིང་ན་མེད་འགྱུར་ཞིང༌། །འཛམ་བུ་གླིང་གི་རྣམ་གཞག་ཀུན། །ལྷོ་གླིང་དབུས་མར་མེད་འགྱུར་ཞེས། །ཟེར་ན་མངོན་པར་གང་བཤད་པའི། །གླིང་རྣམས་མཐའ་དག་འདིར་བཤད་པ། །དེ་དེ་མིན་ཞིང་འདིར་བཤད་པ། །དེ་ཡང་དེ་མིན་པར་འདོད་དོ། །རང་རང་ལུང་ནས་གང་བཤད་པའི། །རྣམ་གཞག་དེ་དག་རང་རང་གི །གླིང་ན་ཡོད་དོ་རང་རང་གི །མཁའ་ལ་ཇི་ལྟར་འཆར་བཤད་བཞིན། །ཁྱེད་ཀྱང་དཔལ་ལྡན་འདུས་པ་ཡི། །འཇིག་རྟེན་ཁམས་ཀྱི་རྣམ་གཞག་ཆེ། །རྡུལ་ཕྲན་བསགས་པའི་འཇིག་རྟེན་ཁམས། །འདོད་ན་ཐེག་ཆེན་ལུགས་ལས་ཉམས། །དེ་མི་འདོད་ན་མངོན་པ་ཡི། །གཞུང་དང་འགལ་བ་མ་ཡིན་ནམ། །མངོན་པས་གསང་བ་འདུས་པའི་ལུང༌། །སུན་དབྱུང་མི་ནུས་ན་དེར་འདོད། །ཡང་ནི་རྒོལ་བས་འདིར་རྩད་པ། །རིགས་སུ་མི་མཐུན་འགྲོ་བ་ལ། །ཕྱི་རོལ་དངོས་གཅིག་དུ་མར་སྣང༌། །རིགས་མཐུན་འགྲོ་ལ་དངོས་པོ་གཅིག །དུ་མར་སྣང་བ་མེད་ཅེས་ཟེར། །འདི་འདྲ་མང་དུ་ཐོས་པ་དང༌། །དཔྱོད་ལྡན་སྨྲ་མིན་ཚིག་གཅིག་ལ། །ལུང་དང་རིགས་པ་དང་འགལ་བའི། །ཉེས་ཆེན་བརྒྱ་དག་འབབ་ཕྱིར་རོ། །ཕྱི་དོན་རྣམ་མེད་རྗེན་ཆར་དུ། །འཆར་འདོད་ཉན་ཐོས་མུ་སྟེགས་ཀྱི། །གཞུང་ན་དོན་གཅིག་དུ་མར་ནི། །སྣང་བའི་ཚད་མ་ཁས་མི་ལེན། །རྣམ་བཅས་མདོ་སྡེ་པའི་གཞུང་ན། །དུ་མར་སྣང་བ་དང་རང་གི །གཟུང་བའི་རྣམ་པ་ཉིད་མིན་གྱི། །དོན་གཅིག་དངོས་སུ་སྣང་མི་འདོད། །དེ་ལྟ་མོད་ཀྱི་རང་རང་ལ། །རྣམ་པ་གཏོད་བྱེད་རྡུལ་ཕྲན་ནས། །འཇུག་པའི་ཡུལ་དང་གཟུང་བའི་ཡུལ། །ཉིད་ཕྱིར་དེ་ལ་དེ་ཚད་མར། །འདོད་ཀྱི་ཆུ་ཡི་དངོས་གཅིག་ལ། །འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི། །འགྲོ་དྲུག་མངོན་སུམ་ཚད་མ་ནི། །རིགས་པའི་གཞུང་ནས་བཤད་པ་མེད། །བྱེ་བྲག་ཐེག་པ་ཆེར་ཞུགས་ནས། །ཕྱི་རོལ་དོན་གཅིག་གཟུང་ཡུལ་དུ། །བྱེད་པའི་ཚད་མ་ཁས་ལེན་ན། །ཆོས་ཀྱི་བདག་མེད་པ་ལས་ཉམས། །དེ་ཕྱིར་དོན་གཅིག་དུ་མར་ནི། །སྣང་བ་ཡོད་དང་མེད་པ་ཡི། །རྒོལ་དང་ལན་གྱིས་ཅི་ཞིག་བྱ། །འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི། །ཡང་དག་མ་ཡིན་ཀུན་རྟོག་ལ། །དོན་དང་བདག་ཏུ་གང་སྣང་བ། །དེ་ལ་དེ་དེར་འདོད་པ་ནི། །འཇིག་རྟེན་ལུགས་ཀྱི་ཐ་སྙད་བདེན། །ཐ་སྙད་བདེན་པའི་ངོར་ཡོད་པ། །ཀུན་ཀྱང་ཚད་མས་གྲུབ་བོ་ཞེས། །ཟེར་ནས་སྟོང་པ་ཉིད་སྨྲ་བ། །ཆད་པའི་མཐར་ལྷུང་མ་ཡིན་ནམ། །འབུམ་ཕྲག་བཞི་པའི་འཇིག་རྟེན་ཁམས། །འཇལ་བྱེད་བག་ཆགས་བརྟན་བྱུང་གི །ཚད་མ་རྙེད་པ་དཀའ་ཞེ་ན། །མངོན་པར་བཤད་ལའང་ཅི་མི་མཚུངས། །ཆོས་ལས་དེ་ཡོད་གསུངས་པའི་ཕྱིར། །ཞེ་ན་གཞན་ལའང་ཅི་མི་མཚུངས། །བསམ་པའི་དབང་གིས་མི་འགལ་ན། །ཚངས་པའི་ཡུལ་ཆེན་ཅི་ཕྱིར་འགོག །ཟེར་མོད་གསལ་བར་གང་སྣང་བ། །ཡོད་པར་ངེད་ཀྱིས་ཁས་མ་བླངས། །གཅིག་ཤོས་ཀྱིས་ནི་དེ་ཡོད་པར། །ཁས་བླངས་མུ་སྟེགས་བྱེད་པའི་གཞུང༌། །སྟོང་གསུམ་ཡུངས་འབྲུར་འཇུག་ལ་སོགས། །མཐུ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཏེ། །ཐ་སྙད་བདེན་པའི་ངོ་ན་མེད། །ཟེར་བ་འདི་ཡང་ཕྱི་རོལ་དོན། །ཁས་ལེན་ཆེས་པའི་རྣམ་ཐར་ཏེ། །སྒྱུ་མ་མཁན་པོའི་མིག་འཕྲུལ་ཡང༌། །མཐུ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ། །སྨྲས་ན་སྐྱོན་ཅི་ཡོད་པ་སོམས། །ཕྱི་རོལ་དོན་གྱི་འཁྲུལ་སྣང་དང༌། །སྒྱུ་མ་དྲི་ཟའི་གྲོང་ཁྱེར་སོགས། །འདྲ་མཚུངས་སྦྱོར་བ་ཐེག་ཆེན་གྱི། །ཆོས་ལུགས་ཀུན་ནས་གསུངས་པ་ཡིན། །རིགས་མཐུན་འགྲོ་ལ་དངོས་པོ་གཅིག །དུ་མར་སྣང་བ་མི་འཐད་ཅེས། །ཟེར་ལ་བརྒལ་ཞིང་བརྟག་བྱ་བ། །ཕྱི་དོན་ཁས་ལེན་ཚེ་ན་ཡང༌། །མི་ཡི་འགྲོ་བ་རྣམ་གསུམ་པོའི། །དགྲ་གཉེན་བར་མའི་གཟུགས་གཅིག་ལ། །ཡིད་འོང་མི་འོང་སོགས་གསུམ་དང༌། །བུམ་གཟུགས་གཅིག་ལ་ཉེ་རིང་ནས། །བལྟ་བའི་ཤེས་ལ་གསལ་མི་གསལ། །སྣ་ཚོགས་འབྱུང་བར་གང་བཤད་དང༌། །རྡོ་ཤིང་སོགས་ཀྱི་ཁང་བཟང་ལ། །རྣལ་འབྱོར་པས་མཐོང་གཞལ་མེད་ཁང༌། །མ་དག་འཇིག་རྟེན་ཁམས་ཆེན་པོ། །རྫོགས་སངས་རྒྱས་ལ་དག་པར་སྣང༌། །མ་དག་པ་ཉིད་དེར་སྣང་ན། །གནས་དང་ཡོ་བྱད་དག་པར་ནི། །བྱིན་བརླབས་བྱས་པའི་རྣལ་འབྱོར་པ། །དེ་ལའང་མ་དག་དེར་སྣང་ན། །བྱིན་བརླབས་བྱས་པ་དོན་མེད་འགྱུར། །མདོར་ན་རིགས་མཐུན་འགྲོ་བ་ལ། །དངོས་གཅིག་དུ་མར་སྣང་མེད་ཅེས། །ཟེར་བ་ཆོས་ཀྱི་དབྱིངས་ལས་ནི། །མ་གཏོགས་ཆོས་གཞན་མེད་པའི་གཏམ། །གོ་བ་མེད་པའི་རྣམ་འགྱུར་ཏེ། །ཐེག་པ་ཆེན་པོའི་ཆོས་ལས་ཉམས། །ཅི་ཕྱིར་ཞེ་ན་ཆོས་ཀྱི་དབྱིངས། །གཅིག་པོ་སངས་རྒྱས་སེམས་ཅན་དང༌། །དངོས་དང་དངོས་པོ་མེད་པ་དང༌། །འཆད་པ་པོ་དང་ཉན་པོ་དང༌། །ངན་སོང་བ་དང་མཐོ་རིས་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས། །རྣམ་པར་སྣང་ཡིན་དེ་ལས་གཞན། །དེ་དེའི་རྣམ་པར་སྣང་བ་མེད། །ཆོས་དབྱིངས་དེ་ཡང་རང་རང་གི །ཤེས་རྒྱུད་ཉིད་ཡིན་དེ་ལས་གཞན། །ཀུན་ལ་ཁྱབ་བྱེད་དུ་འཇུག་པའི། །ནམ་མཁའ་ལྟ་བུར་ཁས་མི་ལེན། །དེ་ནས་འཕྲོས་པའི་དོན་བཤད་པ། །འདིར་འབྱུང་གཞལ་བྱ་གནས་གསུམ་པོའི། །རྣམ་གཞག་འཆད་པའི་སྐབས་དག་ཏུ། །ཐེག་པ་ཆེ་ཆུང་ལུགས་གཞན་དང༌། །འགལ་བ་བརྗོད་རྣམས་འདིར་བསམ་བྱ། །འོག་མའི་ལུང་གིས་གོང་མའི་གཞུང༌། །སུན་འབྱིན་ནུས་ན་གྲུབ་མཐའ་དང༌། །ཐེག་པ་གསུམ་པོའི་གོ་རིམ་ཀུན། །གཏིང་ནས་འཁྲུགས་པ་མ་ཡིན་ནམ། །མངོན་པའི་ལུང་དང་འདུལ་བའི་གཞུང༌། །ཚད་མར་བཟུང་ནས་གྲུབ་མཐའ་བཞི། །བྱུང་ཚུལ་དང་ནི་རིག་བྱེད་བཞི། །བྱུང་ཚུལ་འདིར་བཤད་མི་འཐད་ཅེས། །ཟེར་དང་ཀུན་ལ་མ་གྲགས་པས། །བཀའ་བསྡུའི་རིམ་པ་མི་འཐད་སོགས། །གང་ལ་སྒྲུབ་བྱེད་འགོད་པའི་ངོར། །དཔྱད་པ་གསུམ་གྱིས་མ་དག་པའི། །ལུང་འདྲེན་པ་ནི་གེགས་བྱེད་ཙམ། །ཡིན་གྱི་སྒྲུབ་བྱེད་ཚད་མ་ནི། །མིན་པར་ཆོས་ཀྱི་གྲགས་པས་གསུངས། །ཁྱད་པར་འོག་མའི་ལུང་གིས་ནི། །དེ་འགལ་གོང་མའི་ལུང་དོན་ལ། །གེགས་བྱེད་ཙམ་དུའང་མི་རུང་སྟེ། །གོང་མས་དེ་ལ་གནོད་བྱེད་ཕྱིར། །ངེས་པའི་དོན་དང་དྲང་དོན་གྱི། །དུས་འཁོར་དབྱེ་བ་མ་ཕྱེད་པས། །བཞི་ཚན་གཉིས་པོ་དེ་ཉིད་ཀྱི། །ཞལ་ལས་གསུངས་པ་འགོག་མི་ནུས། །ངེས་པའི་དོན་གྱི་དུས་འཁོར་ལ། །ཐོག་མ་ཡོད་པ་མ་ཡིན་ཞིང༌། །དྲང་དོན་གཟུགས་སྐུའི་དུས་འཁོར་གྱི། །ཞལ་ལས་མ་བྱུང་ཆོས་འགའ་མེད། །དུས་འདིར་སྔགས་ཀྱི་རྣམ་གཞག་ཀུན། །འོག་མའི་གྲུབ་མཐར་འདྲེན་བྱེད་ཅིང༌། །གྲུབ་མཐའ་དེ་ཡི་དེ་ཉིད་ལས། །ཉམས་པའི་ཕྱོགས་ཙམ་བརྗོད་པར་བྱ། །རྡུལ་ཕྲན་བསགས་པའི་རི་རབ་སོགས། །མཐོང་བའི་རྣམ་ཤེས་ཚད་མར་འདོད། །འདི་ནི་བྱེ་སྨྲ་མུ་སྟེགས་ཀྱི། །གཞུང་ཡིན་དེ་ལས་གོང་ན་མེད། །སྔགས་པས་དམ་པའི་བདག་གི་ནི། །ངོས་བཟུང་མེད་པར་ཀུན་རྫོབ་པའི། །ང་ཉིད་ལྷག་པའི་ལྷའོ་ཞེས། །བདག་ཏུ་རྨོངས་པ་མུ་སྟེགས་གཞུང༌། །དངོས་གཅིག་རིགས་དྲུག་འགྲོ་བ་ལ། །སྣང་ཚུལ་ཀུན་གྱི་རྒྱུ་ཡིན་ཞེས། །བཟུང་དོན་ཁས་ལེན་མདོ་སྡེ་པའི། །གཞུང་ཡིན་ཐེག་ཆེན་ཆོས་ལ་མེད། །དབང་ཡིད་མངོན་སུམ་ཚད་མ་ཡིས། །ཕྱི་དོན་དངོས་སུ་རྟོགས་ཤེས་པ། །མདོ་སྡེ་སྨྲ་བའི་གཞུང་ལས་ཀྱང༌། །ཉམས་པར་ཆོས་ཀྱི་གྲགས་པས་བཤད། །སྔགས་སུ་ཡེ་ཤེས་ལས་གཞན་པའི། །ཚད་མ་འཐད་པར་མི་བཞེད་ཕྱིར། །རྣམ་ཤེས་ཚད་མ་སེམས་ཙམ་པའི། །གཞུང་ལས་གོང་དུ་འཕགས་པ་མེད། །གཟུགས་སྒྲ་ལ་སོགས་དོན་ལྔ་པོ། །རིག་པའི་མངོན་སུམ་ཚད་མ་ནི། །ཁས་བླངས་ཕྱིར་ན་སེམས་ཙམ་པའི། །གཞུང་ཡང་དེ་བཞིན་འཆད་མ་ཤེས། །གང་ལ་གཟུགས་སོགས་སུ་སྣང་བ། །དེ་དེ་གཟུགས་སོགས་དངོས་ཡིན་ཞེས། །ཟེར་བ་བྱེ་བྲག་སྨྲ་གཞུང་དུ། །རྣམ་པར་འཁྱམས་པ་མ་ཡིན་ནམ། །གསང་སྔགས་བླ་མེད་སེམས་ཙམ་པའི། །ལམ་དུ་འགྲོ་བའི་དོགས་མཐོང་ནས། །ཀུན་གཞི་དང་ནི་རང་རིགས་པའི། །ཡེ་ཤེས་འགོག་ལ་འབད་བྱེད་མོད། །སྔགས་ཀྱི་ངེས་དོན་མཐར་ཐུག་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། །བདེ་སྟོང་ཟུང་འཇུག་གཏིང་ནས་ཉམས། །རྡུལ་ཕྲན་བསགས་ལས་མ་བྱུང་བའི། །ཕྱི་དོན་རགས་པ་ཁས་ལེན་པ། །སྔགས་དང་ཐལ་འགྱུར་ལུགས་ཡིན་ཞེས། །ཟེར་བ་གྲུབ་མཐའ་ཀུན་ལས་ཉམས། །ཟླ་གྲགས་གཞུང་སྲོང་བྱེད་པོ་ཡི། །ངལ་བས་ཆོས་འཁོར་གསུམ་པར་ནི། །གང་བཤད་དྲང་དོན་ཡིན་ཟེར་བ། །རྡོ་རྗེ་ཐེག་པའི་ལུང་ལས་ཉམས། །ཐལ་འགྱུར་གཞུང་ལས་མ་བཤད་པའི། །ངེས་དོན་གསང་སྔགས་ལ་མེད་ཅེས། །ཟེར་བས་སྔགས་ཀྱི་ཚོགས་གཉིས་པོ། །ཐམས་ཅད་ཀུན་རྫོབ་བདེན་པར་བསྒྲགས། །དེ་ལྟ་ན་ནི་དེ་དང་དེ། །ཡེ་ཤེས་ལས་གྲུབ་སྨོས་ཅི་དགོས། །འཕྲལ་དང་ཕུགས་ཀྱི་མ་རིག་པས། །བསླད་པའི་འཁྲུལ་སྣང་ཁོ་ནར་ཐལ། །སྔགས་སུ་བདེན་པ་གཉིས་པོ་ཡི། །རྣམ་དབྱེ་འཕྲོས་དོན་འདིར་བཤད་པ། །མ་རིག་གིས་བསླད་རྣམ་ཤེས་ལ། །གང་སྣང་ཐམས་ཅད་འདིར་ཀུན་རྫོབ། །ཡིན་མོད་ཐ་སྙད་བྱེད་དུས་སུའང༌། །རྣམ་ཤེས་ཡུལ་གྱི་བདེན་པ་གཉིས། །འཕྲལ་གྱི་འཁྲུལ་རྒྱུས་བསླད་པ་དང༌། །མ་བསླད་པ་ལ་ངོས་བཟུང་ནས། །འཇིག་རྟེན་པ་དང་མུ་སྟེགས་ཀྱི། །བདེན་པ་གཉིས་པོ་བསམ་པར་བྱ། །ཡེ་ཤེས་ཡུལ་དུ་གང་ཤར་བ། །དེ་དག་དེ་ཀུན་འདིར་དོན་དམ། །ཡིན་ནོ་བསྐྱེད་པའི་རིམ་པ་དང༌། །རྫོགས་པ་ཞེས་བྱའི་དབྱེ་བས་གཉིས། །བསྐྱེད་པ་ཡེ་ཤེས་ལས་སྒྲུབ་ཕྱིར། །རློམ་ཚོད་དོན་དམ་ཉིད་སོང་མོད། །རྟོག་པའི་ཡུལ་དུ་གང་ཤར་བའི། །ཡུལ་ནི་ཀུན་རྫོབ་བདེན་པ་དང༌། །གསལ་བྱ་དོན་དམ་པའི་བདེན་པར། །འཆད་ནུས་ཕྱིར་དང་མ་རིག་པ། །ཁོ་ནས་བསླད་པ་མིན་ཕྱིར་ཡང༌། །ཀུན་རྫོབ་ཁོ་ནར་འཆད་མི་ནུས། །སྐྱེད་རིམ་ལམ་དུ་འགྲོ་ཚུལ་ཡང༌། །རྟོག་པ་དང་ནི་རྣམ་ཤེས་ཀྱི། །ཆ་ནས་མ་ཡིན་སྤང་བྱའི་ཕྱིར། །གསལ་གྱུར་ཡེ་ཤེས་ཆ་ནས་སོ། །གང་ཡང་ཐེག་པ་ཆེ་འདིར་ནི། །རྣམ་ཤེས་དང་ནི་ཡེ་ཤེས་ལ། །གང་སྣང་དེ་ཤེས་ཉིད་ཡིན་གྱི། །དེ་ལས་གཞན་ཆོས་སྲིད་མ་ཡིན། །ཡེ་ཤེས་ལ་སྣང་ཡེ་ཤེས་ཉིད། །ཡིན་ཕྱིར་དམ་པའི་དོན་དང་ནི། །རྣམ་ཤེས་ལ་སྣང་རྣམ་ཤེས་ཉིད། །ཡིན་ཕྱིར་ཀུན་རྫོབ་པའི་བདེན་པ། །རིགས་པས་གཏན་ལ་ཕེབས་པ་ཡི། །མེད་པར་དགག་པའི་སྟོང་པ་ཉིད། །སྤྱི་མཚན་ཉིད་ཕྱིར་མངོན་སུམ་གྱི། །ཡུལ་དུ་གསལ་བར་སྣང་བ་མེད། །རྟོག་པའི་ཡུལ་དུ་གང་ཤར་བ། །གཟུང་ཆ་གཞན་སེལ་ཉིད་དང་ནི། །འཛིན་ཆ་རྟོག་ལས་མ་འདས་ཕྱིར། །ཤེས་བྱ་ཀུན་རྫོབ་པའི་བདེན་པ། །དེ་ལྟ་ན་ནི་སྟོང་པ་ཉིད། །གཏན་ལ་ཕེབས་པའི་རིགས་པ་ཡང༌། །འཕྲལ་དང་ཕུགས་ཀྱི་མ་རིག་པས། །བསླད་པ་ཉིད་དུ་ཐལ་ཞེ་ན། །ཆོས་གང་གང་ལ་དེ་དེར་ནི། །ཞེན་པའི་ཆ་དེ་མ་རིག་པས། །བསླད་ཡིན་དེ་ལ་འཕྲལ་དང་ནི། །ཕུགས་ཀྱི་དབྱེ་བས་གཉིས་འཆད་དེ། །ལྷན་སྐྱེས་རྟོག་པས་དེར་ཞེན་པ། །ཕུགས་ཀྱི་མ་རིག་པ་ཉིད་དེ། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པ་གཤིས་ཀྱི་གནས་ཚུལ་དང༌། །དེ་ཤེས་པ་ནི་ལྷན་སྐྱེས་ཀྱི། །རྨོངས་པའི་འགལ་ཟླ་ཉིད་ཕྱིར་རོ། །ཐོས་བསམ་རྟོག་པས་དེ་དེར་ནི། །འཁྲུལ་རྒྱུ་གྲུབ་མཐས་ཀུན་བརྟགས་པའི། །ཡང་དག་རྟོག་པ་ཉིད་ཡིན་ཕྱིར། །ལོག་པའི་ཀུན་རྫོབ་ཏུ་མི་ཐལ། །ཡང་དག་ཀུན་རྫོབ་ཡང་དག་པའི། །ཁང་ཆེན་འཛེགས་པའི་སྟེགས་ཡིན་ཕྱིར། །བདེན་ཞེན་མིན་པའི་མཚན་འཛིན་ཅི། །སྤང་བྱར་འདོད་པ་མིན་ཞེ་ན། །བྱམས་པས་སྤང་གཉེན་རྟེན་ཅན་གྱི། །རྟོག་པ་གཉིས་སུ་ཕྱེ་བ་དང༌། །སྨན་ཉིད་དུག་ཏུ་སོང་བའི་དཔེས། །གསུངས་པའང་སྟོང་པར་ཞེན་པའི་བློ། །རྟོག་ཀུན་འཁྲུལ་ཕྱིར་ཚད་མིན་ན། །བྱིས་བློས་སྤྲོས་པའི་མཐའ་ཀུན་དང༌། །བྲལ་བར་འཇལ་བྱེད་རྗེས་དཔག་ལས། །གཞན་པ་གང་ཞིག་བཙལ་ཞེ་ན། །རྗེས་སུ་དཔག་པ་གཞལ་བྱ་ལ། །ཚད་མར་བཤད་པ་གང་ནའང་མེད། །འཇུག་པའི་ཡུལ་ལ་མི་བསླུ་བ། །ཙམ་གྱིས་ཚད་མར་བཤད་མོད་ཀྱང༌། །འཇུག་པའི་ཡུལ་ནི་རང་མཚན་ཕྱིར། །སྒྲ་དང་རྟོག་པས་དེ་མི་འཇལ། །ལུགས་འདིར་གཞན་སེལ་མི་འཆད་ཅིང༌། །འཆད་ཚེའང་བཏགས་པའི་ཡོད་ཉིད་ཕྱིར། །ཚད་མས་རྟོགས་དང་གཞལ་བྱར་ནི། །ཁས་ལེན་ནུས་པ་མ་ཡིན་ནོ། །རྟགས་ལ་རྟེན་པའི་རྗེས་དཔག་ནི། །སྒྲོ་འདོགས་བཅད་པའི་གཟུང་རྣམ་དང༌། །རང་གི་ངོ་བོ་འཛིན་རྣམ་ལས། །མ་གཏོགས་གཞན་གྱི་དབྱེ་བ་མེད། །འཛིན་པའི་རྣམ་པ་རང་རིག་པའི། །མངོན་སུམ་ཉིད་ཕྱིར་རྗེས་དཔག་མིན། །གཟུང་རྣམ་ཚད་མར་འཆད་པའི་ཚེ། །འཇུག་ཡུལ་ཉིད་ལ་གཞལ་བྱ་ཞེས། །བཏགས་ནས་རང་རིག་འབྲས་བུར་བཤད། །གཞན་སེལ་གཞལ་བྱར་བཤད་པ་མེད། །རྗེས་དཔག་ཚད་མར་འགྲོ་བའི་ཚུལ། །མངོན་སུམ་ལས་གཞན་མི་འཆད་ན། །ལྐོག་གྱུར་གཏན་ལ་འབེབས་བྱེད་ཀྱི། །རྟགས་དང་ཚད་མ་ཅི་ཞེ་ན། །རིགས་པས་སྒྲོ་འདོགས་བཅད་ཤུལ་དུ། །འཇལ་བའི་གཞལ་བྱ་རང་མཚན་ནི། །ཡོད་མིན་སྤྱི་མཚན་ཚད་མ་ཡི། །འཇལ་ཚུལ་རིགས་པས་བརྟགས་མི་བཟོད། །གཟུང་རྣམ་ཚད་མར་བཞག་པའི་ཚེ། །སྤྱི་མཚན་གཞལ་བྱར་འཇོག་པ་ནི། །རྣམ་འགྲེལ་མཛད་པས་ཚད་འབྲས་ཀྱི། །གནས་སྐབས་གང་དུའང་བཤད་པ་མེད། །སྐབས་འདིར་ཡེ་ཤེས་ལས་གཞན་པའི། །གཞལ་བྱའི་གནས་གསུམ་ཡོད་མིན་པ། །དེ་ཚེ་སྒྲུབ་པོ་རང་ཉིད་ཀྱི། །ཤེས་ལ་གང་སྣང་མངོན་གྱུར་དང༌། །གཞན་གྱི་རྒྱུད་དང་སངས་རྒྱས་ཀྱི། །ཡེ་ཤེས་ལྐོག་གྱུར་རྣམ་གཉིས་སོ། །རྟགས་ལ་བརྟེན་པའམ་མ་བརྟེན་ཀྱང༌། །གཞན་གྱི་སེམས་རྒྱུད་སྣང་བ་ནི། །རང་སེམས་ཉིད་ཀྱི་གཟུང་རྣམ་ཕྱིར། །རང་རིག་ཡེ་ཤེས་ལས་མ་འདས། །རྒྱུད་གཞན་གྲུབ་པ་ལྟར་སྣང་བ། །གློ་བུར་དྲི་མ་དང་བཅས་པའི། །ངོར་ཡིན་རྫོགས་སངས་རྒྱས་བློ་ཡི། །ངོར་ནི་རྫོགས་སངས་རྒྱས་མིན་མེད། །སེམས་ཅན་མེད་པར་ཐལ་ཞེ་ན། །འོ་ན་སྣོད་ཀྱི་འཇིག་རྟེན་ཡང༌། །རང་སྣང་ལ་མེད་གཞན་སྣང་ལ། །ཡོད་པས་འགལ་བ་མེད་ཅེ་ན། །འོ་ན་བཅུད་ཀྱི་སེམས་ཅན་ཡང༌། །དེ་ལྟར་འཆད་ནུས་མིན་པ་ཅི། །དེ་ལྟར་མགོ་མཚུངས་རྣལ་མའི་ལན། །སྔགས་ཀྱི་བསོད་ནམས་ཡེ་ཤེས་ཚོགས། །ཐམས་ཅད་སྟོང་ཉིད་ཡེ་ཤེས་ལས། །བསྒྲུབ་པ་ཡིན་ནོ་དེ་ཡི་ཚེ། །སྡུག་བསྔལ་ཀུན་འབྱུང་ཁས་མི་ལེན། །ཡང་དག་མཐའ་ནི་འདུས་བྱས་པའི། །རྣམ་པ་ཐམས་ཅད་དབེན་པས་ན། །སངས་རྒྱས་སེམས་ཅན་ཇི་སྙེད་པ། །བདེ་བ་ཆེན་པོར་རོ་གཅིག་སྤྱོན། །ཅེས་དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་ལ་རྩོད་པ་སྤང་པའི་ཚུལ་ལ་འཕྲོས་ནས་ཐེག་པ་གོང་འོག་གི་གཞུང་གི་རྣམ་པར་བཞག་པ། མ་འདྲེས་པ་ཉིད་དུ་དབྱེ་བའི་གཏམ་ཆེན་པོ་རྣམ་པར་ངེས་པའི་རྒྱན་ཞེས་བྱ་བ་འདི་ཡོངས་སུ་གྲུབ་པའོ།། །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*