ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་བཤད།

༼ཇ༽༄༅། །ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཆོས་ཀྱི་དབྱིངས་རྣམ་པར་ངེས་པ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་བསྟན་ཆོས་ཀྱི་རྣམ་པར་བཤད་པ་ཆོས་ཀྱི་དབྱིངས་རྣམ་པར་ངེས་པ་ཞེས་བྱ་བ། ཆོས་དབྱིངས་ནགས་ཀྱི་དཔག་བསམ་གཞོན་ནུ་མ། །ཡོན་ཏན་ལྗོན་ཕྲེང་གསར་པའི་དོ་ཤལ་ཅན། །སྐུ་གསུམ་ཕྲིན་ལས་འབྲས་བུས་གཡུར་ཟ་བའི། །ལང་ཚོའི་མདངས་གསལ་དེ་ལ་ཕྱག་འཚལ་ལོ། །ཉོན་མོངས་འབར་བའི་ཁྲོད་དུ་རྟག་ཞུགས་ཀྱང༌། །ཡེ་ཤེས་བསིལ་བའི་མདངས་གསལ་མ་ཉམས་པར། །མཚན་རྟོག་བུད་ཤིང་བསྲེག་པའི་རྣོ་ངར་ཅན། །ཆོས་དབྱིངས་ཡེ་ཤེས་གང་འདིར་རྣམ་ངེས་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བཤད་པ་དངོས་ལ་གཉིས་ཏེ། བསྟན་ཆོས་འདི་ཚིག་ཟུར་ཕྱིན་པར་བཤད་དགོས་པའི་རྒྱུ་མཚན་དང༌། གཞུང་གི་དོན་སོ་སོར་བཤད་པའོ། །དང་པོ་ནི། འདིར་བསལ་དགོས་པའི་ལོག་པར་རྟོག་པ་ནི་འདི་ལྟ་སྟེ། མཚན་ཉིད་ཐེག་པ་ལས་ཆོས་དབྱིངས་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་མི་འབྱུང་ངོ་སྙམ་པ་དང༌། དེ་ནས་བཤད་པའི་སེམས་ཅན་དང་སངས་རྒྱས་ཀྱི་ཆོས་དབྱིངས་གཉིས་ཀ་ཡང་སྟོང་ཉིད་མེད་དགག་གི་ཆ་ཁོ་ན་ལ་འཆད་པ་དང༌། རང་བཞིན་དུ་གནས་པའི་རིགས་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་གསུམ་ཀ་ཡང༌། སྟོང་ཉིད་མེད་དགག་ཁོ་ནའི་ཆ་ནས་ངོས་འཛིན་གྱི། མྱོང་བ་གསལ་རིག་གི་ཆ་ནས་འཆད་མ་ཤེས་པ་དང༌། གཞི་དུས་ཀྱི་མྱོང་བ་གསལ་རིག་གི་ཆ་དེ་རྣམ་ཤེས་ཁོ་ནར་བཤད་ནས། ཡེ་ཤེས་སུ་འཆད་མ་ཤེས་པ་དང༌། དེ་དང་དེ་དག་དེ་ལྟར་དུ་འཆད་ཤེས་པ་དག་གིས་ཀྱང༌། ཡེ་ཤེས་དེ་ཉིད་སངས་རྒྱས་དང༌། ཆོས་སྐུ་མཚན་ཉིད་པར་ཁས་ལེན་པ་དང༌། དེའི་རྒྱུ་མཚན་གྱིས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཁས་ལེན་པ་དང༌། དེ་ཡང་ངེས་དོན་གྱི་མཚན་དཔེ་དང༌། སྟོབས་སོགས་ཀྱི་ཡོན་ཏན་དང་བཅས་པར་ཁས་ལེན་པ་དང༌། གཞིའི་དུས་ན་བདེ་བར་གཤེགས་པའི་སྙིང་པོ་མཚན་ཉིད་པ་ཡོད་པར་འདོད་པ་དང༌། མྱོང་བ་གསལ་རིག་དེ་ཉིད་གཞི་དུས་སུ་སེམས་ཅན་གྱི་སྙིང་པོ་དང༌། འབྲས་དུས་སུ་སངས་རྒྱས་ཀྱི་སྙིང་པོར་བཤད་པ་དེ་མ་གོ་བར་དེ་འདྲ་དེ་གནས་སྐབས་ཀུན་ཏུ་སངས་རྒྱས་ཀྱི་སྙིང་པོར་ཁས་ལེན་པ་དང༌། ཡང་དེ་ཉིད་ལ་གནས་སྐབས་གསུམ་གྱི་དབྱེ་བས་སེམས་ཅན་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་སུ་མིང་གིས་འདོགས་པར་བཤད་པ་དེ་མ་གོ་བར། གནས་སྐབས་ཐམས་ཅད་དུ་དེ་ཉིད་ལ་སངས་རྒྱས་ཞེས་འཆད་པ་དང༌། ཡང་གཞན་དག་ལ་ལ་དྲི་བཅས་སེམས་ཀྱི་ཆོས་ཉིད་ལ་སྙིང་པོར་བཤད་པ་དེ་ཡེ་ཤེས་ཀྱི་ཆ་ནས་འཆད་མ་ཤེས་པར། སྟོང་ཉིད་ཁོ་ནའི་ཆ་ལ་འཆད་པ་དང༌། གཞུང་འདིར་ཡེ་ཤེས་བདེན་གྲུབ་ཏུ་བསྟན་ནོ་སྙམ་པ་དང༌། ཀླུ་སྒྲུབ་ཞབས་དང༌། ཐོགས་མེད་ཞབས་གཉིས། རང་བཞིན་གནས་རིགས་དང༌། བདེ་གཤེགས་སྙིང་པོའི་ངོས་འཛིན་མི་མཐུན་པ་ཁོ་ནར་སྨྲ་བ་དང༌། བྱེ་བྲག་ཏུ་གཞུང་འདིས་གང་ལ་བསྟོད་པར་བྱ་བའི་ཆོས་དབྱིངས་དེ་ཡེ་ཤེས་སུ་མི་འཆད་པར། སྟོང་པ་ཉིད་ཁོ་ན་ལ་འཆད་པའི་ལོག་པར་རྟོག་པ་རྣམས་བྱུང་ངོ༌། །རྟོག་པ་དེ་དག་བསལ་ནས། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གང་ཡིན་པ་དང༌། དེ་འཁོར་བ་དང་མྱ་ངན་ལས་འདས་པའི་གནས་སྐབས་སུ་ཇི་ལྟར་གནས་པ་དང༌། དེའི་གནས་སྐབས་དེ་དང་དེ་ལ། མཚན་འཛིན་ཇི་ལྟར་འདོགས་པའི་ཚུལ་ལ་སོགས་པ་རྣམས་ལ་ངེས་པ་བསྐྱེད་པ་ནི་རྣམ་པར་བཤད་པ་འདི་སྦྱར་བའི་དགོས་པའོ། །གཉིས་པ་གཞུང་གི་དོན་ལ་གཉིས་ཏེ། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་བ་དང༌། དབྱིངས་དེ་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ལུས་ངག་གིས་ཕྱག་འཚལ་ཞིང༌། ཡིད་ཀྱིས་འདུད་དོ། །གང་ལ་ན། འདིར་ཆོས་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེའི་དབྱིངས་ནི་དེའི་རྒྱུ་སྟེ་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ཁྱབ་བྱེད་དུ་འགྲོ་བའི་ཡེ་ཤེས་དེ་ལའོ། །དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། གང་ཞིག་ཀུན་ཏུ་མ་ཤེས་ཤིང་མ་མཐོང་ན་སྲིད་པ་གསུམ་གྱི་ལམ་དུ་ཉོན་མོངས་པའི་ཤིང་རྟས་དྲངས་ནས་རྣམ་པར་འཁོར་བ་དང༌། གནས་ནི་སེམས་ཅན་ཀུན་ལ་ངེས་པར་གནས་པའོ། །འདིའི་ངོས་འཛིན་མེད་དགག་ལ་བཤད་ན་སྲིད་པར་འཁོར་བ་དང༌། སེམས་ཅན་ལ་གནས་པའི་ངེས་བཟུང་འོང་བའི་དོན་མེད་དེ། དེ་ལས་ཉོན་གྱིས་འཁོར་བར་འདྲེན་མི་ནུས་པའི་ཕྱིར་དང༌། སེམས་ཅན་མ་ཡིན་པ་ལ་ཡང་ཁྱབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཆོས་ཀྱི་དབྱིངས་ངོས་བཟུང༌། དེ་ཉིད་གནས་སྐབས་གསུམ་དུ་ཇི་ལྟར་གནས་པའི་ཚུལ་ལོ། །དང་པོ་ནི། གང་ཞིག་འཁོར་བའི་རྒྱུར་གྱུར་པའི་ལས་དང༌། ཉོན་མོངས་པ་དང༌། རྣམ་པར་རྟོག་པ་དེ་ཉིད། སྦྱང་གཞི་ཆོས་དབྱིངས་ཡེ་ཤེས་དེའི་སྟེང་དུ། སྦྱོང་བྱེད་ལམ་གྱིས་སྦྱང་བ་བྱས་པ་ལས་དྲི་མས་དག་པའི་ཡེ་ཤེས་དེ་ཉིད་ལ་མིང་གི་རྣམ་གྲངས་མྱ་ངན་ལས་འདས་པ། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །གཞི་དུས་ཀྱི་ཆོས་དབྱིངས་ལ་མིང་གི་རྣམ་གྲངས་འདི་གཉིས་འཇུག་ན་ནི། སྦྱང་བ་བྱས་པ་ལས་དག་པ་ཞེས་པའི་ངེས་གཟུང་གི་ཚིག་འབྱུང་བའི་དོན་མེད་དོ། །གཉིས་པ་ལ་གསུམ་སྟེ། གཞི་འཁོར་བའི་གནས་སྐབས་སུ་ཆོས་དབྱིངས་རང་བཞིན་གྱིས་རྣམ་དག་ཏུ་གནས་པའི་ཚུལ། ལམ་ཐེག་ཆེན་འཕགས་པའི་གནས་སྐབས་སུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་རིམ་གྱིས་འཕེལ་བའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སར་སྐུ་གསུམ་དང་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། གཞི་དུས་སུ་ཆོས་དབྱིངས་དེ་ཉིད་རང་བཞིན་གྱིས་འོད་གསལ་བར་གནས་པའི་ཚུལ། དེའི་རྒྱུ་མཚན་གྱིས་དྲི་མ་སྦྱོང་ནུས་པའི་ཚུལ། དྲི་མ་སྦྱོང་བ་རིགས་སད་བྱེད་ཀྱི་རྐྱེན་ལ་ལྟོས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེ་ན་ཡེ་ཤེས་དེ་ཡོད་ཀྱང༌། མི་མཐོང་བའི་ཤེས་བྱེད་ཀྱི་དཔེ་བཤད་པ་དང༌། དེར་དེ་ཡོད་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་བཞི་སྟེ། འོ་མ་དང་མར་གྱི་དཔེས། ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྟན་པ་དང༌། བུམ་པ་དང་མར་མེའི་དཔེས། ཡེ་ཤེས་དེ་དུས་རྟག་ཏུ་འོད་གསལ་བར་བསྟན་པ་དང༌། རྡོ་དང་རྡོའི་སྙིང་པོའི་དཔེས་རྟག་ཏུ་འོད་གསལ་ཡང་མི་ཤེས་པའི་མུན་པ་སེལ་བའི་ས་མཚམས་བསྟན་པ་དང༌། ས་ལེ་སྦྲམ་གྱི་དཔེས་གཞིའི་དུས་ནའང་འོད་གསལ་དེ་ཉིད་ཡོད་པའི་ཤེས་བྱེད་དོ། །དང་པོ་ལ་གཉིས་ཏེ། ཡོད་ཀྱང་རང་གིས་མི་མཐོང་བའི་དཔེ་དང༌། དྲི་མ་སྦྱངས་ན་མཐོང་བའི་དཔེའོ། །དང་པོ་ནི། ཇི་ལྟར་འོ་མ་དང་འདྲེས་པས། །ཞེས་སོགས་སོ། །གཉིས་པ་ནི། ཇི་ལྟར་འོ་མ་རྣམ་སྦྱངས་པས། །སོགས་སོ། །གཉིས་པ་ལ་གཉིས་ཏེ། འོད་གསལ་ཡང་རང་ལ་མི་སྣང་བའི་དཔེ་དང༌། དྲི་མ་བསལ་ན་སྣང་བའི་དཔེའོ། །དང་པོ་ནི། ཇི་ལྟར་མར་མེ་སོགས་སོ། །གཉིས་པ་ལ། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ནི། ཕྱོགས་ནི་གང་དག་གང་དག་ནས། །ཞེས་སོགས་ཤླཽ་ཀ་གཉིས་སོ། །གཉིས་པ་ནི། ཕྱིས་ཀྱི་ཡེ་ཤེས་གསལ་བ་དེ་ལམ་བསྒོམས་པས་གསར་དུ་བྱུང་བ་ཡིན་གྱི། གཞི་དུས་ན་ཡོད་པ་མ་ཡིན་ནོ། །ཞེ་ན། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ནི་ཆོས་ཅན། རིགས་འདྲའི་རྒྱུན་སྔོན་དུ་མ་སོང་བར་སྐྱེ་བ་མ་ཡིན་ཏེ། དུས་ནམ་ཡང་རིགས་འདྲའི་རྒྱུན་ཆད་པའི་སྒོ་ནས་འགག་པར་འགྱུར་བ་མེད་ཅིང༌། དུས་རྣམས་ཀུན་ཏུ་ཉོན་མོངས་པའི་ངོ་བོར་སྐྱེས་པ་མེད་པའི་ཕྱིར། ཐོག་མ་དང༌། བར་དང༌། མཐར་རང་གི་ངོ་བོ་ལ་དྲི་མ་དང་བྲལ་བ་ཡིན་གྱི། གསར་དུ་སྐྱེས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །གསུམ་པ་ལ། རང་བཞིན་གྱིས་འོད་གསལ་བའི་དཔེ་དང༌། དེ་ལྟ་ན་ཡང་མི་ཤེས་པའི་མུན་པ་སེལ་བའི་ས་མཚམས་སོ། །དང་པོ་ནི། ཇི་ལྟར་རིན་ཆེན་སོགས་སོ། །གཉིས་པ་ནི། དེ་བཞིན་སོགས་སོ། །བཞི་པ་ནི། གལ་ཏེ་མྱ་ངན་ལས་འདས་པའི་ཚེ་ན་འོད་གསལ་བའི་མྱང་འདས་དེ་ཡོད་མོད། དེ་གཞིའི་དུས་ན་ཡོད་པ་མ་ཡིན་ནོ་སྙམ་ན། རྒྱུ་དུས་སུ་མེད་ན་འབྲས་དུས་སུ་དེ་མི་འབྱུང་བ་དཔེའི་སྒོ་ནས་བསྟན་པ་ནི། ཁམས་ཡོད་ན་ནི་ཞེས་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་རྩོད་པ་སྤང་བ་ལ། སེམས་ཅན་སངས་རྒྱས་སུ་ཐལ་བའི་རྩོད་པ་སྤང་བ་དང༌། སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ཐལ་བའི་རྩོད་པ་སྤང་བ་དང༌། དྲི་མ་སྦྱོང་བྱེད་ཀྱི་གཉེན་པོས་ཁམས་ཉིད་ཀྱང་འཇོམས་པར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། ཡེ་ཤེས་དེ་གནས་སྐབས་གསུམ་ཆར་དུ་རང་བཞིན་ཁྱད་པར་མེད་པར་ཡོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཐལ་ལོ་ཞེ་ན། དེ་ལྟ་ན་ཡང་དེ་དེ་མ་ཡིན་པའི་ཤེས་བྱེད་ཀྱི་དཔེ་ནི་ཇི་ལྟར་སྣུན་པས་སོགས་ཤླཽ་ཀ་གཉིས་སོ། །གཉིས་པ་ལ། དངོས་དང༌། སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པའི་ཤེས་བྱེད་དོ། །དང་པོ་ནི། དེ་དེ་མ་ཡིན་པ་དེ་ལྟར་མོད་ཀྱི། གནས་སྐབས་དེ་གསུམ་ན་དེ་ཡོད་པ་ཁྱད་པར་མེད་ན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་འགྱུར་རོ་ཞེ་ན། ཆུ་ཤིང་ལ་སྙིང་པོ་མེད་ཀྱང༌། དེའི་ཁམས་ཡོད་པའི་རྒྱུ་མཚན་གྱིས་དེ་ལས་འབྲས་བུ་མངར་པོ་ཞིག་འབྱུང་བ་ལྟར། སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་མེད་ཀྱང༌། དེའི་ཁམས་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་སངས་རྒྱས་འབྱུང་བ་ཡིན་ནོ། །ཞེས་སྟོན་པ་ནི། ཆུ་ཤིང་སྙིང་པོ་མེད་དོ་ཞེས་སོགས་ཤླཽ་ཀ་གཉིས་སོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་སྙིང་པོ་སངས་རྒྱས་མེད་ཀྱང་དེའི་ཁམས་ཡེ་ཤེས་དེ་ཡོད་དེ། དེ་མེད་ན་འབྲས་བུ་སངས་རྒྱས་དེ་མེད་མི་འབྱུང་བའི་ཕྱིར། ཞེས་འཆད་པ་ནི། དེ་བཞིན་ས་བོན་ཐམས་ཅད་ལས། །ཞེས་སོགས་ཤླཽ་ཀ་གཉིས་སོ། །འདིར། དཔེའི་སྐབས་སུ་འབྲས་བུ་མངར་པོ་ཉིད་ཆུ་ཤིང་གི་སྙིང་པོར་བསྟན་ནོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་དེའི་འབྲས་བུར་བསྟན་པ་ཡིན་གྱི། སྙིང་པོར་བསྟན་ན་དེང་དུས་མཉམ་དུ་ཡོད་དགོས་པ་དང༌། དེ་ཁོ་ན་གནས་དགོས་པའི་ཕྱིར་རོ། །དོན་གྱི་སྐབས་སུ་ཡང་སངས་རྒྱས་ཉིད་འཁོར་བའི་འབྲས་བུར་བསྟན་གྱི། སྙིང་པོ་བསྟན་པ་མེད་དེ། འཁོར་བ་ལ་སྙིང་པོ་མེད་པ་ཚིག་གིས་ཟིན་པའི་ཕྱིར། གལ་ཏེ་འཇིག་རྟེན་ན་ཆུ་ཤིང་ལ་སྙིང་པོ་མེད་པར་གྲགས་ཀྱང༌། འབྲས་བུ་དངར་པོའི་ཁམས་ཡོད་པ་དེ་དེའི་སྙིང་པོ་ཡིན་པའི་དཔེར་བྱས་ནས། འཁོར་བ་ལ་སྙིང་པོ་མེད་པར་གྲགས་ཀྱང༌། འབྲས་བུ་སངས་རྒྱས་ཀྱི་ཁམས་ཡོད་པ་དེ་ཉིད་དེའི་སྙིང་པོར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་ཡིན་མོད། དེའི་ཚེ་ན་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་བཤད་ཀྱི། སངས་རྒྱས་ཉིད་སེམས་ཅན་གྱི་སྙིང་པོར་མ་བཤད་དོ། །དེའི་ཚེ་ན་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེས་པ་ལ་གོ་བ་ཅི་ཞིག་ཡོད། བཞི་པ་ལ། དོགས་པ་དགོད་པ་དང༌། དེའི་ལན་ནོ། །དང་པོ་ནི། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་སངས་རྒྱས་སུ་མི་འཆད་པར། དེ་ལས་དེ་འབྱུང་བར་འཆད་ན། གཞི་དུས་ཀྱི་ཁམས་དེ་ཉིད་ཀྱང་དྲི་མ་དང་འདྲ་བར་གཉེན་པོས་ཟད་པར་བྱས་པ་ལས་སངས་རྒྱས་སུ་འགྱུར་བ་ཡིན་ནམ་ཞེ་ན། གཉིས་པ་ལ། སྒྲིབ་བྱེད་སེལ་དགོས་པར་བསྟན་པ་དང༌། བསྒྲིབ་བྱ་སེལ་མི་ནུས་པར་བསྟན་པ་དང༌། ཡེ་ཤེས་དེ་ཉིད་བདག་ཏུ་ཐལ་བ་སྤང་བའོ། །དང་པོ་ལ། སྒྲིབ་བྱེད་ངོས་བཟུང༌། དེ་ཇི་ལྟར་སེལ་བའི་དཔེ་བཤད་པའོ། །དང་པོ་ལ་གཉིས་ཏེ། དཔེ་དང་དོན་ནོ། །དང་པོ་ནི། དྲི་མེད་ཉི་མ་ཟླ་བ་ཡང༌། །ཞེས་སོགས་སོ། །གཉིས་པ་ནི། དེ་བཞིན་འོད་གསལ་བ་ཡི་སེམས། །སོགས་སོ། །གཉིས་པ་ལ། དཔེ་དང་དོན་ནོ། །དང་པོ་ནི། ཇི་ལྟར་མེ་ཡིས་དག་པའི་གོས། །སོགས་སོ། །གཉིས་པ་ནི། དེ་བཞིན་འོད་གསལ་བ་ཡི་སེམས། །སོགས་སོ། །གཉིས་པ་ལ། སྒྲུབ་བྱེད་ཀྱི་གཏན་ཚིགས་དང༌། ཤེས་བྱེད་ཀྱི་དཔེའོ། །དང་པོ་ནི། གཉེན་པོས་ཁམས་ཀྱི་དྲི་མ་མེད་པར་བྱེད་པ་ཡིན་གྱི། ཁམས་དེ་ཉིད་མེད་པར་བྱེད་པ་ནི་མ་ཡིན་ནོ། །ཞེས་འཆད་པ་ནི། སྟོང་པ་ཉིད་ནི་སྟོན་པའི་མདོ། །ཞེས་སོགས་སོ། །གཉིས་པ་ཁམས་དེ་སྤོང་མི་དགོས་པའི་དཔེ་འཆད་པ་ནི། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །ཞེས་སོགས་སོ། །གཞུང་འདིས་ཆོས་དབྱིངས་ཀྱི་ངོ་བོ་ཡེ་ཤེས་སུ་བསྟན་ཞིང༌། རང་གི་ངོ་བོ་སྤང་བྱ་མ་ཡིན་པས། སེལ་མི་དགོས་པར་བསྟན་ནོ། །གསུམ་པ་ནི། གལ་ཏེ་ཆོས་དབྱིངས་དེ་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྲོ་ན། གྲོལ་བ་པོའི་བདག་ཁས་བླངས་པར་འགྱུར་རོ་ཞེ་ན། གཞི་དུས་ཀྱི་ཡེ་ཤེས་དེ་ཆོས་ཅན། བདག་མ་ཡིན་པ་སོགས་བསྒྲུབ་བྱའི་ཆོས་སོ། །གཏན་ཚིགས་གང་གི་ཕྱིར་ན། ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་རོ། །ཁྱབ་པ་ནི། གཟུང་བ་ཀུན་བཏགས་ལ་སོགས་ཏེ། ཤེས་བྱེད་ནི། གཟུང་འཛིན་དུ་ཆགས་པ་མེད་པའི་སོགས་སོ། །གཉིས་པ་ལ། དྲི་མ་སྦྱོང་བྱེད་ཀྱི་གཉེན་པོ་བཤད། དེ་ལས་སྦྱངས་པའི་འབྲས་བུ་འབྱུང་བའི་ཚུལ་ལོ། །དང་པོ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ཉོན་མོངས་སྦྱོང་བྱེད་ཀྱི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་བཤད་པ། ཤེས་སྒྲིབ་སྦྱོང་བྱེད་ཀྱི་གཉེན་པོ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་བཤད་པ། དེ་གཉིས་ཀའི་ཤེས་བྱེད་དུ་ཆོས་ཐམས་ཅད་བདག་མེད་དུ་བཤད་པའོ། །དང་པོ་ནི། སྡུག་བསྔལ་གྱི་ཕུང་པོ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་ཞེས་བྱ་བ་གསུམ་པོ་རྟོགས་པའི་ཤེས་རབ་ཀྱི་ཉོན་མོངས་པའི་དྲི་མ་སྦྱོང་བར་བྱེད་དེ། རྩ་བ་གང་ཟག་གི་བདག་ཏུ་འཛིན་པ་འཇོམས་པའི་ཕྱིར་རོ། །འདིར་སྟོང་བདག་མེད་གཉིས་གཅིག་ཏུ་བསྡུས་པའོ། །གཉིས་པ་ནི། སེམས་ནི་མཆོག་ཏུ་སྦྱོང་བར་བྱེད་པ་སྟེ། ཤེས་སྒྲིབ་ཀྱི་གཉེན་པོ་ནི་ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཡིན་ཏེ། རྩ་བ་ཆོས་ཀྱི་བདག་ཏུ་འཛིན་པ་འཇོམས་པའི་ཕྱིར་རོ། །གསུམ་པ་ལ། སེལ་དགོས་པའི་རྒྱུ་མཚན་དང༌། སེལ་ནུས་པའི་ཤེས་བྱེད་དོ། །དང་པོ་ལ། ཉོན་མོངས་སེལ་དགོས་པའི་རྒྱུ་མཚན་དང༌། ཤེས་སྒྲིབ་རྟོག་པ་སེལ་དགོས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཞེས་སོགས་སོ། །གཉིས་པ་ནི། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་རྣམ་རྟོག་གིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་སྦྱར་རོ། །རྣམ་པར་རྟོག་པ་ནི་གཉིས་ཏེ། བུམ་པའོ་སྙམ་པ་ལྟ་བུ་མིང་གི་འདུ་ཤེས་ཅན་གྱི་རྣམ་པར་རྟོག་པ་དང༌། ལྟོ་ལྡིར་བའོ་སྙམ་པ་ལྟ་བུ་རྒྱུ་མཚན་གྱི་འདུ་ཤེས་ཅན་གྱི་རྣམ་པར་རྟོག་པའོ། །གཉིས་པ་ལ། དངོས་དང༌། སེལ་བྱེད་ཀྱི་གཉེན་པོ་བཤད་པའོ། །དང་པོ་ལ། འཁོར་བའི་རྟོག་པ་སེལ་ནུས་པའི་དང༌། མྱང་འདས་ཀྱི་རྟོག་པ་སེལ་ནུས་པའི་རྒྱུ་མཚན་ནོ། །དང་པོ་ནི། སྒྲིབ་པ་གཉིས་ཀྱི་གཉེན་པོར་འབྱུང་བ་དང་འབྱུང་འགྱུར་རང་བཞིན་མེད་པར་ཤེས་དགོས་ཏེ། བདག་དང་བདག་གི་བའི་རྣམ་པར་རྟོག་པ་སོགས་བཞི་པོ་འབྱུང་བ་ཡང་རྒྱུ་འབྱུང་བ་དང་འབྱུང་བ་ལས་གྱུར་པས་སྐྱེད་པའི་ཕྱིར། གཉིས་པ་ནི། འོ་ན་རྒྱུ་འབྱུང་བ་ལས་མ་བྱུང་བར་སྙིང་རྗེ་དང༌། སྨོན་ལམ་གྱི་དབང་གིས་བྱུང་བའི་ཆོས་རྣམས་ལ་མཚན་མར་འཛིན་པའི་རྟོག་པ་གང་གིས་སེལ་སྙམ་པ་ལ། རྒྱུ་སྨོན་ལམ་དང༌། སྙིང་རྗེ་སོགས་རང་བཞིན་མེད་པར་ཤེས་པས་སྤོང་ངོ་ཞེས་སྟོན་པ་ནི། སངས་རྒྱས་རྣམས་ཀྱི་སྨོན་ལམ་དང༌། དེའི་དབང་གིས་བྱུང་བའི་གཟུགས་ཀྱི་སྐུ་དང༌། ཞིང་ཁམས་སྣ་ཚོགས་པ་རྣམས་ཀྱང་ཆོས་ཅན། སངས་རྒྱས་རང་སྣང་ལ་སྣང་བ་མེད་ཅིང༌། མཚོན་པར་བྱེད་པའི་མཚན་ཉིད་ཀྱང་མེད་དེ། སོ་སོར་རང་གིས་རིག་པའི་ཡེ་ཤེས་ལ་དུས་རྟག་ཏུ་སྦྱོར་བ་སྟེ། མཉམ་པར་བཞག་པ་དང་ལྡན་པ་ཉིད་ཀྱི་སངས་རྒྱས་ནི། རྟག་པའི་ཆོས་ཉིད་ཅན་ཡིན་ལ། དེའི་བདག་རྐྱེན་ལས་བྱུང་བས་སོ། །སངས་རྒྱས་རྟག་པའི་ཆོས་ཉིད་ཅན། །ཞེས་པའི་གཞུང་འདིས་སངས་རྒྱས་ཀྱི་དོན་དམ་པའི་སྐུ་དེ་ངོས་གཟུང་ནས། དེའི་ཀུན་རྫོབ་པའི་སྐུ་སྣ་ཚོགས་སུ་སྣང་བ་དེ་རང་བཞིན་མེད་པར་བསྟན་པ་ཡིན་གྱི། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཡོད་པར་སྟོན་པ་མ་ཡིན་ཏེ་དེ་ལྟར་འཆད་དགོས་པའི་འཕྲོས་མེད་པའི་ཕྱིར་དང༌། གོང་འོག་གི་གཞུང་དང་འགལ་བའི་ཕྱིར་གཞུང་དེས་ནི་འབྲས་བུ་ལ་མཚན་འཛིན་གྱི་རྟོག་པ་སེལ་བར་བྱེད་དོ། །གཉིས་པ་ལ། འཁོར་འདས་ཀུན་གྱི་སྤྱིའི་མཚན་ཉིད་བཏགས་པ་ཙམ་ཡིན་པར་བཤད། རང་གི་མཚན་ཉིད་མ་གྲུབ་པར་བསྟན་པ་དེས་ན་མཚན་འཛིན་ཡུལ་དང་མི་མཐུན་པ། མཐའ་བྲལ་སངས་རྒྱས་ཀྱི་དགོངས་པར་བཤད་པ། མཐའ་བྲལ་དག་ཏུ་བསྟན་མི་ནུས་པའོ། །དང་པོ་ནི། འོ་ན་ལས་ཉོན་དང༌། སྨོན་ལམ་གྱི་དབང་གིས་བྱུང་བའི་ཆོས་ཐམས་ཅད་ལ་མཚན་འཛིན་གྱི་རྟོག་པ་སེལ་བྱེད་ཀྱི་གཉེན་པོ་ཅི་ཞེ་ན། ཇི་ལྟར་རི་བོང་གི་མགོའི་རྭ་འཛིན་པའི་རྟོག་པས། རྭ་དེ་བཏགས་པ་ཉིད་ཡིན་གྱི་དེ་དེའི་མགོ་ལ་མེད་པ་ལྟར། དེ་བཞིན་དུ་གཞི་ལམ་འབྲས་བུའི་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་ཐམས་ཅད་ཀྱང་དེ་འཛིན་པའི་རྟོག་པས་བཏགས་པ་ཉིད་ཡིན་གྱི། ཇི་ལྟར་བཏགས་པ་དེ་ཡོད་པ་མིན་ནོ། །གཉིས་པ་ནི། གལ་ཏེ་དེ་དེའི་དཔེར་མི་རུང་སྟེ། རི་བོང་རྭ་ལ་རང་གི་མཚན་ཉིད་མེད་ཀྱང༌། གླང་གི་རྭ་ལ་རང་གི་མཚན་ཉིད་ཡོད་པ་བཞིན་དུ། འཁོར་འདས་ཀྱི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཡོད་དོ་ཞེ་ན། གླང་གི་རྭ་ཡང་ཆོས་ཅན། ཁྱོད་ལ་རང་གི་མཚན་ཉིད་དམིགས་པ་མ་ཡིན་ཏེ། ཕྲ་རབ་རྡུལ་གྱི་ངོ་བོ་ཡིས་བཏགས་ན་མ་རྙེད་པའི་ཕྱིར་རོ། །དེར་མེད་ཀྱང་རགས་པའི་ངོ་བོར་ཡོད་དོ་ཞེ་ན། གླང་གི་རྭ་དེ་ལ་ཆོས་ཅན། རགས་པའི་ངོ་བོར་ཅི་ཞིག་བརྟག་པར་བྱ་སྟེ། ཇི་ལྟར་སྔོན་རྔུལ་ཕྲན་གྱི་གནས་སྐབས་ན་མ་རྙེད་པ་བཞིན་དུ། ཕྱིས་ཀྱང་དེ་བཞིན་ཏེ། གདགས་གཞི་མེད་པ་ལ་བཏགས་པའི་ཆོས་ཀྱི་རང་གི་མཚན་ཉིད་མི་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། བྱིས་པ་ཆོས་ཅན། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཁྱོད་ཀྱིས་ཇི་ལྟར་རྟོགས་པར་བྱེད་དེ། ཁྱོད་ཀྱིས་ཇི་ལྟར་བཟུང་བ་དེ་གཅིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྟགས་གྲུབ་སྟེ། ཆོས་ཐམས་ཅད་ཀྱི་ཐ་སྙད་ནི་བརྟེན་ནས་འབྱུང་བར་འགྱུར་བ་དང༌། བརྟེན་ནས་འགག་པར་འགྱུར་བ་ན་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་སོ། །བཞི་པ་ནི། བདེ་བར་གཤེགས་པས་འཁོར་འདས་ཀྱི་ཆོས་རྣམས་ཐམས་ཅད་གཉིས་སྤང་པའི་དབུ་མ་ཉིད་དུ་སྒྲུབ་པར་བྱེད་དོ། །ཇི་ལྟར་ཞེ་ན། རི་བོང་གི་རྭ་དང་བ་གླང་གི་རྭ་ཡི་དཔེ་ལས་སོ། །དེ་ཡང་ཤེས་བརྗོད་ཀྱི་བཏགས་པ་ཙམ་ནི་རི་བོང་གི་རྭ་ལ་ཡང་ཡོད་ལ། རང་གི་ངོ་བོ་ནི་གླང་གི་རྭ་ལ་ཡང་མེད་པའོ། །མཐར་དབུ་མའི་རིགས་པས་རྣམ་པར་བསམས་པའི་ཚེ། ཚད་མས་གྲུབ་པའི་ཆོས་ཞེས་བྱ་བ་ཅི་ཡང་མེད་ལ། དེའི་རྒྱུ་མཚན་གྱིས་རྟག་ཆད་ཀྱི་མཐའ་གཉིས་ལས་གྲོལ་བ་དེ་ཙམ་ལ་དབུ་མ་ཞེས་བྱ་བའི་ཐ་སྙད་བཏགས་པའོ། །ལྔ་པ་ནི། ཇི་ལྟར་ཉི་ཟླ་སྐར་མའི་གཟུགས་རྣམས་དངུལ་ལ་སོགས་པ་དྭང་བའི་སྣོད་ཀྱི་ཆུ་ནང་དུ་གཟུགས་བརྙན་ཙམ་ཞིག་མཐོང་བར་འགྱུར་གྱི། རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མཐོང་བ་མ་ཡིན་པ་ལྟར། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་ནི། སྒོམ་པས་ཉམས་སུ་མྱོང་བར་བྱ་བ་ཡིན་གྱི། རྣམ་ཤེས་ཀྱི་ཡུལ་དུ་ནི་དཔེ་སྔ་མ་དེ་དང་འདྲ་བར་མཚན་ཉིད་རྫོགས་པར་སྟོན་ནུས་པ་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང༌། ཐོག་མ་དང༌། བར་དང༌། མཐར་དགེ་བའི་ཆོས་ཀྱི་དབྱིངས་འཕགས་པས་གཟིགས་པ་དང་མཐུན་པས་སླུ་བ་མེད་ཅིང༌། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་བརྟན་པ་ཡི་ཆོས་དབྱིངས་གང་ཞིག་འཕགས་པས་བདག་མེད་དུ་གཟིགས་པ་དེ་ལྟར་ན། བྱིས་པ་རྣམས་ཀྱི་ཇི་ལྟར་ཡང་བདག་དང་བདག་གི་བར་བརྟགས་ཏེ། དེས་བརྟགས་པ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡང་ན་འདི་ལྟར་བཤད་དེ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། རྒྱལ་བས་ངེས་དོན་གྱི་ཆོས་ཇི་ལྟར་སྟོན་པའི་རིམ་པ། དེ་ལྟར་སྟོན་པའི་ངེས་དོན་དེ་ཉིད་ངོས་བཟུང་ནས་དེ་ཉིད་ལ་ཀུན་རྫོབ་ཏུ་ཐ་སྙད་འདོགས་ཚུལ་བཤད་པའོ། །དང་པོ་ནི། གལ་ཏེ་ཆོས་དབྱིངས་ཡེ་ཤེས་ཀྱིས་གནས་སྐབས་གསུམ་ཀ་ལ་ཁྱབ་པ་དེ་ལྟ་ན། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་དུ་དེ་ལྟར་མི་སྟོན་པ་ཅི་ཞེ་ན། རྒྱལ་བས་ཆོས་སྟོན་པའི་ཚུལ་ནི། ངེས་པའི་དོན་ལ་རིམ་གྱིས་བཀྲི་དགོས་པ་རྣམས་ལ་ཐོག་མ་དང༌། བར་དང༌། མཐར་དགེ་བ་གསུམ་གྱི་རིམ་པས་བསྟན་དགོས་པ་ཡིན་ཏེ། དང་པོར་བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་འགོད་པའི་ཕྱིར་དུ། གང་ཟག་དང༌། ཆོས་ཀྱི་བདག་ཡོད་པ་དང་མཐུན་པའི་ཚུལ་གྱིས་དང༌། བར་དུ་ཐར་པ་ཆ་མཐུན་གྱི་དགེ་བ་ལ་འགོད་པའི་ཕྱིར་དུ། བདག་གཉིས་པོ་མེད་པའི་ཚུལ་གྱིས་དང༌། ཐ་མར་སྒྲིབ་གཉིས་སྦྱང་བ་དང༌། ཚོགས་གཉིས་ཀྱི་རྟེན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་གཞི་ལམ་འབྲས་བུའི་གནས་སྐབས་གསུམ་ཆར་དུ་ཁྱབ་པ་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །བསྟན་པ་དེ་ཡང་དཔྱད་པ་གསུམ་གྱི་རྣམ་པར་དག་པས་ན་སླུ་བ་མེད་པའོ། །ཐ་མར་དེ་ལྟར་བསྟན་ན་མུ་སྟེགས་ཀྱིས་བཏགས་པའི་བདག་བསྟན་པ་དང་མཚུངས་པར་འགྱུར་ཏེ་དེའི་འཆད་ཚུལ་དང་ཁྱད་པར་མེད་པའི་ཕྱིར་ཞེ་ན། རྒྱལ་བས་ཐ་མར་བསྟན་པའི་ཆོས་དབྱིངས་ཡེ་ཤེས་ལ། ཇི་ལྟར་བདག་དང་བདག་གི་བར་བརྟག་སྟེ། རྒྱལ་བས་ཆོས་སྟོན་ཚུལ་གྱི་རིམ་པ་གང་ཞིག ཐོག་མཐའ་བར་གསུམ་དུ་དགེ་བ་དེ་ལྟ་ན། བར་དུ་བདག་མེད་པའང་བསྟན་ཟིན་པའི་ཕྱིར་རོ། །གཉིས་པ་དཔེ་དོན་དེ་ཉིད་ངོས་བཟུང་བ་ལ། གང་ཟག་གི་བདག་མེད་ངོས་བཟུང་ནས་དེ་ཉིད་ལ་གང་ཟག་གི་ཐ་སྙད་འདོགས་པར་བསྟན་པ་དང༌། ཆོས་ཀྱི་བདག་མེད་ངོས་བཟུང་ནས་དེ་ཉིད་ལ་ཆོས་སོ་སོའི་ཐ་སྙད་འདོགས་པར་བསྟན་པའོ། །དང་པོ་ནི། གལ་ཏེ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། གྲུབ་པའི་མཐས་བརྟགས་པའི་བདག་ནི་འཁོར་བ་པར་བཀག་ལ། འཁོར་ལོ་ཐ་མར་བདག་ཏུ་བཤད་པའི་ཆོས་དབྱིངས་ཡེ་ཤེས་ཉིད་ཀྱང་བདག་མ་ཡིན་ན། སངས་རྒྱས་དང་སེམས་ཅན་དུ་བརྗོད་པའི་མིང་གང་ལ་འཇུག་པའི་གཞི་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར། སོས་ཀའི་དུས་སུ་ཆུ་དྲོའོ་ཞེས་ནི་བརྗོད་པར་བྱེད་ལ། ཆུ་དེ་ཉིད་ལ་གྲང་བ་སྟེ། དགུན་གྱི་དུས་སུ་ནི་གྲང་ངོ་ཞེས་ནི་བརྗོད་པ་ཡིན་ནོ། །དཔེ་དེ་བཞིན་དུ་ཉོན་མོངས་པའི་དྲྭ་བས་གཡོགས་པ་ན་སེམས་ཅན་ཞེས་ནི་བརྗོད་པར་བྱ་ལ། ཆོས་དབྱིངས་དེ་ཉིད་ཉོན་མོངས་པ་དང་བྲེལ་བར་གྱུར་པ་ན། སངས་རྒྱས་ཞེས་ནི་བརྗོད་པར་བྱའོ། །གཞུང་འདིས་ནི་གཞི་ལམ་འབྲས་བུའི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་གསུམ་ལ་སེམས་ཅན་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་མིང་གིས་འདོགས་པར་བསྟན་ཞིང༌། ངེས་དོན་དོན་དམ་པའི་སེམས་ཅན་སོགས་གསུམ་གྱི་མཚན་གཞི་ཡང་དེ་ཉིད་དོ། །དེ་དང་མཐུན་པར་རྒྱུད་བླ་མ་ལས་ཀྱང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་སོ། །གཞུང་དེ་དག་གིས་ནི་གཞི་དུས་ཀྱི་ཆོས་དབྱིངས་ཡེ་ཤེས་སེམས་ཅན་དུ་བཤད་ཀྱི། སངས་རྒྱས་སུ་བཤད་པ་མེད་ལ། དེ་གཉིས་ཀའི་གཞི་མཐུན་དུ་འཆད་ན་ནི། ཇི་སྐད་དུ། དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་པའི་ངེས་གཟུང་གི་ཚིག་འོང་དོན་མེད་དོ། །གཉིས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ན། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་སུ་སྣང་བ་དང༌། འགལ་ལོ་ཞེ་ན། ལན་ལ་གཉིས་ཏེ། ཆོས་ཀྱི་དབྱིངས་ཉིད་ལ་དེང་དེའི་ཐ་སྙད་འདོགས་པའི་ཚུལ། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་ནི་དོན་ལ་ཡོད་པ་བཞིན་རྣམ་པར་ཤེས་པ་ལ་སྣང་བ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ཀྱི་བར་དུ་བརྟགས་ན་མ་གྲུབ་པའི་མིག་དང་གཟུགས་ལ་བརྟེན་ནས་ནི་རྣམ་རྟོག་གི་དྲི་མ་མེད་པའི་གཟུགས་ཀྱི་སྣང་བ་གསལ་བ་དེའི་ཚེ། སྣང་བ་དེ་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་རྒྱུ་མཚན་ཉིད་ལས་ཆོས་ཀྱི་དབྱིངས་ཉིད་ཡིན་ལ། དེ་ལ་རྗེས་ཀྱི་རྟོག་པས་གཟུགས་སོ་ཞེས་རབ་ཏུ་ཤེས་ཤིང་ཞེན་པ་ཡིན་པའི་ཕྱིར་དང༌། སྒྲ་དང་རྣ་བ་བརྟེན་ནས། རྟོག་པས་རྣམ་པར་དག་པའི་སྒྲ་གསལ་སྣང་གི་ཤེས་པ་འབྱུང་ལ། དེའི་ཚེ་གསལ་སྣང་གི་ཤེས་པ་ཡུལ་དང་བཅས་པ་དེ་ཉིད་མཚོན་པར་བྱེད་པའི་མཚན་ཉིད་གཞན་མེད་པའི་ཆོས་ཀྱི་དབྱིངས་ཡིན་པ་ལ། རྗེས་ཀྱི་རྟོག་པ་དང་བཅས་པས་སྒྲ་ཐོས་པར་ཞེན་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྣ་དང་དྲི་ལ་བརྟེན་ནས་སྣོམ་པ་དེ་ནི་གཟུགས་སུ་སྣང་བ་ལ་སྐྱེ་འགག་མེད་པའི་དཔེ་ཇི་ལྟ་བ་དེ་བཞིན་དུ། དྲིའི་ངོ་བོར་མ་གྲུབ་ཀྱང་སྣའི་རྣམ་ཤེས་ཀྱིས་དྲི་རྟོགས་སོ་ཞེས་ཆོས་ཀྱི་དབྱིངས་ལ་དྲི་ཉིད་དུ་ཞེན་པར་བྱེད་པའི་ཕྱིར་དང༌། ལྕེའི་རང་བཞིན་རང་གི་ངོ་བོས་སྟོང་པ་ཉིད་དང༌། རོའི་ཁམས་ཀྱང་རང་གི་ངོ་བོས་དབེན་པ་སྟེ། གཉིས་ཀ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས་ལྕེའི་རྣམ་པར་ཤེས་པའི་རྒྱུར་གནས་པ་མེད་ཀྱང༌། རྟོག་པས་དེར་ཞེན་པའི་ཕྱིར་དང༌། བརྟགས་ན་རྡུལ་གྱིས་དག་པའི་ལུས་ཀྱི་ངོ་བོ་དང༌། དེས་དག་པའི་རེག་བྱའི་རྐྱེན་གྱི་མཚན་ཉིད་དང༌། རྐྱེན་དག་ལས་ནི་གྲོལ་བར་གྱུར་པའི་ལུས་ཀྱི་རྣམ་པར་ཤེས་པ་གསུམ་ཀ་ཆོས་ཀྱི་དབྱིངས་སོ་ཞེས་བརྗོད་པར་བྱ་བའི་ཕྱིར་དང༌། ཀུན་རྫོབ་ཏུ་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་གཙོ་བོར་གྱུར་པ་སྟེ། དེ་ལ་སྣང་བའི་ཆོས་རྣམས་ལ་འདིའི་ཞེས་རྟོག་པ་དང༌། རྟོག་པས་སྒྲོ་བཏགས་པ་རྣམས་ལ་ནི་ཆོས་སོ་ཞེས་ཐ་སྙད་བཏགས་ཀྱང༌། བཏགས་པ་ལྟར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་བསྡུ་བ་ལ་གཉིས་ཏེ། སྣང་ཚད་ཆོས་དབྱིངས་སུ་བསྒོམ་པར་བྱ་བ་དང༌། དེ་ལྟར་བསྒོམས་པས་ཆོས་དབྱིངས་ཀྱི་མཚན་ཉིད་རྫོགས་པར་མཐོང་བའོ། །དང་པོ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཀུན་རྫོབ་ཀྱི་ཆོས་རྣམས་ལ་གཟུགས་སོགས་དེ་དང་དེར་ཞེན་པ་རྣམ་པར་སྤངས་ནས་གཟུགས་སོགས་ཀྱི་ཆོས་རྣམས་རང་བཞིན་མེད་པ་ཉིད་དུ་ཤེས་པར་བྱས་ནས་བསྒོམས་པར་བྱའོ། །གཉིས་པ་ནི། མཐོང་བ་དང༌། ཐོས་པ་དང༌། བསྣམས་པ་དང༌། མྱངས་པ་དང༌། རེག་པར་གྱུར་པ་དང༌། ཆོས་རྣམས་ཏེ་ཡུལ་གྱི་སྐྱེ་མཆེད་དྲུག་དང༌། མིག་དང༌། རྣ་བ་དང༌། སྣ་དག་དང༌། ལྕེ་དང༌། ལུས་དང༌། དེ་བཞིན་དུ་ཡིད་ཏེ། ནང་གི་སྐྱེ་མཆེད་དྲུག་པོ་ནི། རང་རང་གི་ངོ་བོས་རྣམ་པར་དག་ཅིང༌། སྟོང་པ་འདི་ཉིད་ནི། དེ་དང་དེ་དག་ཉིད་སོ་སོའི་མཚན་ཉིད་དོ། །ཕྱི་ནང་གི་ཆོས་རྣམས་རང་གི་ངོ་བོས་སྟོང་པ་དེ་ལྟར་རྣལ་འབྱོར་པས་ཤེས་ན། ཆོས་རྣམས་ཆོས་དབྱིངས་སུ་རོ་གཅིག་པར་ཤེས་པ་ཞེས་བྱ་ལ། དེའི་ཚེ་ན་ཆོས་རྣམས་ཀྱི་མཚན་ཉིད་རྫོགས་པར་མཐོང་བ་ཡིན་ནོ། །མདོར་ན་མིག་སོགས་སྐྱེ་མཆེད་བཅུ་གཉིས་ཀྱི་གནས་ཚུལ་ནི་ཆོས་དབྱིངས་སུ་གནས་པ་ཡིན་ལ། སྣང་ཚུལ་ནི་མིག་སོགས་སུ་སྣང་བའོ། །དེའི་ཚེ་གནས་ཚུལ་དབང་བཙན་པས་མིག་ལ་སོགས་པ་ནི། ཆོས་ཀྱི་དབྱིངས་ཁོ་ན་ཡིན་གྱི། མིག་དང་གཟུགས་ལ་སོགས་པ་རེ་རེ་ནས་མ་ཡིན་ནོ། །དེས་ན་འདི་ལྟར་བྱ་སྟེ། གཟུགས་ཆོས་ཅན། ཀུན་རྫོབ་ཏུ་གཟུགས་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་བསླད་པའི་འཁྲུལ་ཤེས་ཀྱི་ངོར་གཟུགས་སུ་སྣང་བའི་ཕྱིར། ཀུན་རྫོབ་ཏུ་གཟུགས་ཡིན་ཀྱང༌། རང་ལུགས་ལ་གཟུགས་མ་ཡིན་ཏེ། ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར། དེ་ཡིན་ཏེ། རང་གི་ངོ་བོས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན། ཤེས་བྱ་ཐམས་ཅད་གནས་ཚུལ་ལ་ཆོས་ཀྱི་དབྱིངས་སུ་གནས་ཤིང༌། དབྱིངས་དེ་ཉིད་ཀྱང་སེམས་ཀྱི་ཆོས་དབྱིངས་ཡེ་ཤེས་དང་དབྱེར་མེད་པར་གནས་ཀྱང༌། སྣང་ཚུལ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་གང་དང་གང་དུ་སྒྲོ་བཏགས་པ་དེ་དང་དེ་ཉིད་ཀྱི་ཐ་སྙད་བྱས་པའོ། །དེའི་ཚེ་གནས་ཚུལ་ལ་སེམས་པ་མཐར་ཐུག་པའི་ཚེ། ཤེས་བྱ་ཐམས་ཅད་ནི་གནས་ཚུལ་ལ་ཆོས་དབྱིངས་ཡིན་པའི་ཕྱིར། ཆོས་ཀྱི་དབྱིངས་སོ། །དེ་ཙམ་གྱི་ས་ཡོད་པ་དང་དོན་དམ་གྱི་བདེན་པ་སོགས་སུ་ཐལ་བ་མ་ཡིན་ཏེ། དེའི་ཚེ་ཆོས་ཀྱི་དབྱིངས་ཡིན་ན། སྤྲོས་པའི་མཐའ་དེ་དང་དེ་དག་ཏུ་འགལ་བའི་ཕྱིར་རོ། །དོན་དེ་ལ་དགོངས་ནས། ཡུམ་རྒྱས་པར། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པར་གསུངས་སོ། །གནས་སྐབས་ཀྱི་རང་ལུགས་འཇོག་པའི་ཚེ་ཡང༌། གང་ཡོད་པ་ཐམས་ཅད་ཆོས་ཀྱི་དབྱིངས་དང༌། དོན་དམ་པའི་བདེན་པར་ཁས་ལེན་ཞིང༌། ཀུན་རྫོབ་ཀྱི་བདེན་པར་བཤད་པ་རྣམས་ཡོད་པ་མ་ཡིན་པ་དང༌། གནས་ཚུལ་ཆོས་ཀྱི་དབྱིངས་སུ་ཁས་ལེན་ཀྱང༌། དོན་དམ་པའི་བདེན་པར་ཐལ་བ་མེད་དེ། དེའི་གནས་ཚུལ་དོན་དམ་པའི་བདེན་པ་ཡིན་པ་ཙམ་གྱིས། དེང་དེའི་ཀུན་རྫོབ་ཀྱི་ཆ་དང༌། སྣང་ཚུལ་དོན་དམ་པའི་བདེན་པ་ཡིན་མི་དགོས་པའི་ཕྱིར་ཏེ། གནས་སྐབས་སུ་ནི་བདེན་པ་གཉིས་སོ་སོར་ངེས་པས་སོ་སོའི་མཚན་གཞི་བཤད་པ་རྣམས་སོ་སོར་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ན། གནས་ལུགས་ལ་ཆོས་དབྱིངས་ཡིན་པས་ཆོས་དབྱིངས་ཡིན་པས་ཁྱབ་པར་འཇོག་ཀྱང༌། དེ་ལ་དོན་དམ་བདེན་པས་མ་ཁྱབ་སྟེ། སྟོང་པ་ཉིད་ལ་དེས་མ་ཁྱབ་པ་བཞིན་ནོ། །དེ་ལ་འང་དེས་ཁྱབ་ན་ནི། །ཇི་སྐད་དུ། དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་མ་ངེས་སོ། །གཉིས་པ་ཆོས་དབྱིངས་སྦྱངས་པ་ལས་འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ་ལ་གསུམ་སྟེ། མཐར་ཐུག་ཆོས་ཀྱི་སྐུར་འགྱུར་བའི་ཚུལ། གནས་སྐབས་གཟུགས་ཀྱི་སྐུའི་སྣང་བ་འཆར་བའི་ཚུལ། ས་ལམ་འབྲས་བུའི་རྣམ་པར་བཞག་པ་ཐམས་ཅད་སེམས་ཀྱི་ཆོས་དབྱིངས་དེ་ཉིད་དྲི་མས་དག་པའི་གནས་སྐབས་ལ་བཏགས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། སེམས་ཀྱི་ཆོས་ཉིད་མ་རྟོགས་ན་མ་རིག་པ་འབྱུང་བའི་ཚུལ་དང༌། རྟོགས་ན་དེ་དག་པའི་ཚུལ་ལོ། །དང་པོ་ནི། སེམས་ཅན་གྱི་སེམས་ཉིད་རྣམ་པ་གཉིས་སུ་མཐོང་སྟེ། ཇི་ལྟར་ན། བདག་ཏུ་འཛིན་པ་དང༌། རང་བཞིན་གྱིས་འོད་གསལ་བའོ། །དང་པོ་ནི་འཇིག་རྟེན་པ་སྟེ། བདག་ཏུ་འཛིན་པ་ལས་འཁོར་བ་འབྱུང་བས་སོ། །གཉིས་པ་ནི། འཇིག་རྟེན་ལས་འདས་པ་སྟེ། དེ་ཉིད་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་ན་ཡེ་ཤེས་ཁོ་ནར་འགྱུར་བས་སོ། །གཉིས་པ་ལ། དངོས་དང༌། འབྲས་བུ་དེ་ལོགས་ནས་ཚོལ་བ་མ་ཡིན་པའོ། །དང་པོ་ནི། དེ་རིག་ན་དེར་འགྱུར་བའི་ཚུལ་ཇི་ལྟ་བུ་ཞེས་ན། དེ་རིག་ན། སྲིད་པ་དང་ཞི་བ་ལ་སྲེད་པའི་འདོད་ཆགས་ཟད་པར་འགྱུར་ལ། དེ་ཟད་པའི་ཆོས་དབྱིངས་ཡེ་ཤེས་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་པ་དང༌། ཡང་དེ་རིག་ན་ཉོན་མོངས་པ་ཅན་གྱི་ཞེ་སྡང་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་གཏི་མུག་ཟད་པར་འགྱུར་བ་དང༌། གསུམ་པོ་དེ་དག་ཡེ་ཤེས་ཀྱི་སྟོབས་ཀྱིས་འགགས་པ་ནི་སངས་རྒྱས་ཉིད་དང༌། ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །དེ་དག་ནི་མཐར་ཐུག་གི་འབྲས་བུ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་དེ་ཉིད་དྲི་མས་དག་པའི་གནས་སྐབས་ལ་མི་གནས་པའི་མྱང་འདས་སོགས་ཀྱི་མིང་གིས་བཏགས་པའི་ཕྱིར་རོ། །གཉིས་པ་ལ། རང་གི་ཆོས་དབྱིངས་དྲི་མས་དག་པ་རྫོགས་པའི་བྱང་ཆུབ་ཏུ་བཤད་པ་དང༌། བྱང་ཆུབ་དེ་འགྲོ་འོང་སོགས་དང་བྲལ་བར་བསྟན་པ། ཤེས་རབ་ཀྱི་སྒྲོན་མས་རང་རྒྱུད་ཀྱི་བྱང་ཆུབ་མཐོང་བར་བསྟན་པའོ། །དང་པོ་ནི། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་རང་གི་ལུས་འདི་ཉིད་ལ་ཚང་བ་ཡིན་ཏེ། སེམས་ཀྱི་ཆོས་དབྱིངས་ཤེས་པ་དང་མི་ཤེས་པ་དག་ལས་དེ་དང་དེ་འབྱུང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། རང་གི་རྒྱུད་ཀྱི་རྣམ་པར་རྟོག་པས་བཅིངས་པའི་སེམས་ཀྱི་ཆོས་དབྱིངས་དེ་ཆོས་ཅན། འཁོར་བ་པ་ཞེས་བྱ་སྟེ་སེམས་ཅན་གྱི་གདགས་གཞི་ཡིན་པའི་ཕྱིར། ཆོས་དབྱིངས་རང་གི་བདག་ཉིད་ཤེས་ན་རྣམ་པར་རྟོག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ལ། གྲོལ་བ་དེའི་དུས་ཀྱི་ཆོས་དབྱིངས་དེ་ཆོས་ཅན། འཁོར་བ་ལས་གྲོལ་བ་ཞེས་བྱ་སྟེ། སངས་རྒྱས་ཀྱི་གདགས་གཞི་ཡིན་པའི་ཕྱིར། གཞུང་འདིས་སེམས་ཅན་གྱི་ལུས་ལ་སངས་རྒྱས་གནས་པར་སྟོན་པ་ནི་མ་ཡིན་གྱི། དེ་ལས་འཁོར་འདས་གཉིས་ཀ་འབྱུང་བར་འཆད་པ་ཡིན་ཏེ། འདིར་ལས་ཞེས་འབྱུང་ཁུངས་ཀྱི་སྒྲ་ཡོད་པ་དང༌། མདོ་ལས་ཀྱང༌། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང༌། རྒྱུད་བླ་མར་ཡང༌། རིགས་ཡོད་ཕྱིར་ན་ཞེས། རིགས་ཡོད་པར་བཤད་ཀྱི། སངས་རྒྱས་དངོས་ཡོད་པར་མ་བཤད་པ་དང༌། ཆོས་དབྱིངས་དེ་ཉིད་སངས་རྒྱས་དང་སེམས་ཅན་གཉིས་ཀའི་ཁམས་སུ་བཤད་པ་ཡང་དེ་གཉིས་ཀའི་རྒྱུ་ཡིན་པ་ལ་དགོངས་པའོ། །གཉིས་པ་ནི། སེམས་ཅན་རྣམས་ལ་བྱང་ཆུབ་ཉེ་བ་མ་ཡིན་ཏེ། སེམས་ཀྱི་ཆོས་དབྱིངས་དྲི་མས་མ་དག་པ་དེ་སྲིད་དུ་བྱང་ཆུབ་ཏུ་མི་འགྱུར་བའི་ཕྱིར། དེ་ལ་དེ་རིང་བའང་མ་ཡིན་ཏེ། དེ་ལོགས་ནས་ཚོལ་དགོས་པ་མ་ཡིན་པར་སེམས་ཀྱི་ཆོས་དབྱིངས་དྲི་མས་དག་པ་ན་བྱང་ཆུབ་ཏུ་འཇོག་པའི་ཕྱིར། སངས་རྒྱས་ཀྱི་བྱང་ཆུབ་དེ་སེམས་ཅན་གྱི་ཤེས་རྒྱུད་ལ་ཕར་འགྲོ་བའང་མ་ཡིན་ཞིང༌། སེམས་ཅན་གྱི་ཤེས་རྒྱུད་ལ་ཚུར་འོང་བའང་མ་ཡིན་ཏེ། ཉོན་མོངས་པའི་གཟེབ་ནང་ན་གནས་པར་གྱུར་པའི་སེམས་ཀྱི་ཆོས་དབྱིངས་འདི་ཉིད་ལ་སངས་རྒྱས་སུ་མཐོང་བ་དང་ནི་མ་མཐོང་བའི་ཁྱད་པར་ལས། སངས་རྒྱས་དང་སེམས་ཅན་དུ་བཞག་པ་ཡིན་པའི་ཕྱིར། གསུམ་པ་ལ། སྤྲོས་བྲལ་རྟོགས་པའི་ཤེས་རབ་ཀྱི་མར་མེ་བསྟེན་དགོས་པར་བསྟན་པ་དང་བསྟེན་ནས་ཀྱང་ཆོས་སྐུ་རིམ་གྱིས་མཐོང་དགོས་པར་བསྟན་པའོ། །དང་པོ་ནི། འོ་ན་དེ་ལ་དེ་མཐོང་བའི་གསལ་བྱེད་ཀྱི་ཐབས་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་མར་མེ་ལ་གནས་ནས་རང་གི་སེམས་ནི་མཆོག་ཏུ་སྤྲོས་པ་ཐམས་ཅད་ཞི་བར་གྱུར་པ་མཐོང་སྟེ། རང་རྒྱུད་ལ་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་དེ་མེད་པའི་ཕྱིར་རོ། །སྟོབས་བཅུའི་ཡེ་ཤེས་ཀྱི་སྟོབས་ཀྱིས་བྱིས་པ་རྣམས་བྱིན་གྱིས་བརླབས་ནས། སེམས་ཀྱི་ཆོས་དབྱིངས་དྲི་མ་ཕྱོགས་གཅིག་གིས་དག་པར་གྱུར་པ་དེའི་ཚེ་ཆོས་ཅན། འཇིག་རྟེན་པ་རྣམས་ཀྱིས་ནི་ཟླ་བ་ཚེས་པ་སྟེ། ཚེས་གཅིག་གི་ཉིན་ཟླ་བའི་ཆ་ཤས་ཅུང་ཟད་གཅིག་མཐོང་བ་བཞིན་དུ། དེ་བཞིན་གཤེགས་པའི་ཆ་ཤས་ཅུང་ཟད་གཅིག་མཐོང་བ་ཡིན་ཏེ། དེའི་ཚེ་རང་རྒྱུད་ལ་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཆ་ཤས་གཅིག་སྐྱེས་པའི་ཕྱིར། གཉིས་པ་གཟུགས་སྐུའི་སྣང་བ་འཆར་བའི་ཚུལ་ལ་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་མེད་པ་ལ་དེའི་སྣང་བ་མི་འཆར་བའི་ཚུལ། དེ་དང་ལྡན་པ་ལ་དེའི་སྣང་བ་འཆར་བའི་ཚུལ་ལོ། །དང་པོ་ནི། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི་རྒྱ་མཚོའི་དྲུང་དུ་ཕྱིན་ཀྱང་སྐོམས་པར་མཐོང་བ་ལྟར། དེ་བཞིན་དུ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་ལ་འགྲོ་འོང་མི་མངའ་ཡང༌། སེམས་ཅན་འགའ་ཞིག་ནི་བསོད་ནམས་མ་ཡིན་པ་དང༌། མི་ཤེས་པས་བསྒྲིབས་པས། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་རྣམས་ནི་མེད་པར་བློས་བཏགས་ཤིང་ཞེན་ནོ། །གལ་ཏེ་སེམས་ཅན་འགའ་ཞིག་དེ་མཐོང་བའི་མིག་དང་མི་ལྡན་ཡང༌། སངས་རྒྱས་རང་གི་ཐུགས་རྗེ་དང༌། ཐབས་མཁས་ཀྱིས་དེ་དག་ལ་རང་གི་སྐུ་དང་གསུང་གི་སྣང་བ་སྟོན་པར་རིགས་སོ་ཞེ་ན། སེམས་ཅན་ཤེས་རབ་དམན་པ་དང༌། བསོད་ནམས་དམན་པ་བློ་ཡི་མེ་ལོང་མ་ཐོབ་པ་དག་ལ། བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས་ཏེ་དེར་སྣང་བའི་རྒྱུ་མ་ཚོགས་པའི་ཕྱིར་དང༌། གཟུགས་སྐུའི་སྣང་བ་བསྐྱེད་ནས། དེ་ལ་ཆོས་བསྟན་ཀྱང་མི་ཕན་པའི་ཕྱིར། ཇི་ལྟར་དམུས་ལོང་གི་ལག་པ་རུ་རིན་ཆེན་མཆོག་ནི་བཞག་པ་ན་བརྡ་སྤྲོད་པ་པོ་གཞན་མེད་ན། རྡོ་བ་ཕལ་པ་དང་ཁྱད་མེད་དུ་འགྱུར་བ་དེ་དང་འདྲའོ། །དེ་འདྲ་དེའི་ངོར་ནི་ཚངས་པ་དང༌། ཁྱབ་འཇུག་དང༌། འཇམ་དཔལ་གཞོན་ནུ་ལ་སོགས་པའི་གཟུགས་ཀྱིས་དོན་བྱེད་པར་བཤད་ཅིང༌། དེ་དག་གི་སྣང་བ་ཙམ་ཡང་འཆར་མི་ནུས་པ་དེ་དག་ལ་ནི། དགེ་བའི་བཤེས་གཉེན་རང་ག་བ་དང༌། ཚོང་དཔོན་དང༌། མཉེན་པ་ལ་སོགས་པའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པ་ཡིན་གྱི། འགྲོ་བ་རྣམས་ཡལ་བར་འདོར་བ་ནི་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བསོད་ནམས་ཅན་ལ་སྤྲུལ་སྐུའི་སྣང་བ་འཆར་བའི་ཚུལ། ཡེ་ཤེས་ཅན་ལ་ལོངས་སྐུའི་སྣང་བ་འཆར་བའི་ཚུལ་ལོ། །དང་པོ་ནི། སེམས་ཅན་སྔོན་བསོད་ནམས་བྱས་པ་རྣམས་ལ་འོད་ཀྱི་གསལ་ཞིང༌། དཔལ་དང་ལྡན་པའི་མཚན་སུམ་ཅུ་རྩ་གཉིས་འབར་བའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ནི། སེམས་ཅན་དེའི་མདུན་ན་གནས་ནས། ཆོས་སྟོན་པ་ལ་སོགས་པའི་བྱ་བ་མཛད་པར་སྣང་ངོ༌། །དེའི་ཚེ་མགོན་པོ་མཆོག་གི་སྤྲུལ་པ་དེའི་གཟུགས་ཀྱི་སྐུས་བསྐལ་པ་མང་པོར་བཞུགས་ནས་ཡང་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ན་འདུལ་བྱ་རྣམས་ནི་གདུལ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་སྐྱེ་འགག་ཐ་དད་དུ་སྣང་བར་གྱུར་པ་ཡིན་གྱི། དེ་བཞིན་གཤེགས་པ་ལ་བྱོན་བཞུགས་མི་མངའོ། །དབྱིངས་ཉིད་ཐ་དད་གྱུར་མ་ལགས། །ཞེས་འདོན་པ་ལྟར་ན། གདུལ་བྱ་འདུལ་བའི་ཕྱིར་དེ་ནི་གཤེགས་པ་བློའི་མེ་ལོང་མ་ཐོབ་པ་དག་གི་ངོར་སྐྱེ་འགག་ཏུ་སྣང་བ་ཡིན་གྱི། དབྱིངས་ཉིད་དེ། དེ་བཞིན་གཤེགས་པ་དངོས་ལ་ནི་སྐྱེ་འགག་ཐ་དད་དུ་གྱུར་པ་མངའ་བ་མ་ལགས་སོ། །ཞེས་སྦྱར་རོ། །འདི་དག་གི་ངག་དོན་ནི་འདི་ཡིན་ཏེ། ཉན་རང་དང༌། སོ་སྐྱེ་ལས་སྤྲུལ་སྐུའི་སྣང་བ་ཤར་བ་དེའི་ཚེ། གཟུགས་དང་གསུང་གི་སྣང་བ་ཤར་བའི་ཆ་དེ་ནི་སྣང་བ་པོ་རང་གི་སེམས་ཀྱི་ཆོས་དབྱིངས་བསོད་ནམས་ཀྱིས་རྒྱས་པར་བྱས་པའི་ཆ་ཤས་གཅིག་ཡིན་པས། རང་གི་སེམས་ཀྱི་ཆོས་སུ་འདུས་ལ། སྣང་བ་དེ་ལྟར་བསྟན་པའི་བདག་པོའི་རྐྱེན་ནི་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཉིད་ཡིན་པས་དེ་ལ་ནི་བྱོན་བཞུད་དང་འཕེལ་འགྲིབ་མི་མངའ་བ་ཡིན་ནོ། །དོན་དེ་ཡང་ཇི་སྐད་དུ། འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་དག་གི་ངོར་ནི་གཟུགས་ཀྱི་སྐུ་ལ་མྱ་ངན་ལས་འདའ་བར་སྣང་བ་མེད་ལ། དེ་མངོན་སུམ་དུ་མ་མཐོང་བ་དག་གི་ངོར་དེ་ལྟར་སྣང་བ་དེ་ནི། རང་རང་གི་དད་པ་ལ་སོགས་པའི་བསོད་ནམས་འཕེལ་འགྲིབ་ཀྱི་དབང་གིས་ཡིན་ཏེ། ཇི་སྐད་དུ། འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང༌། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཅེས་གསུངས་སོ། །གཉིས་པ་ལ། རང་གི་ཆོས་དབྱིངས་དྲི་མས་དག་པའི་གནས་སྐབས་ལ་ས་བཅུར་འཇོག་པའི་ཚུལ། གནས་སྐབས་དེ་དང་དེར་རང་གི་ཡེ་ཤེས་ཉིད་ལོངས་སྐུ་གནས་དང་བཅས་པར་སྣང་བའི་ཚུལ་ལོ། །དང་པོ་ནི། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་དྲི་མས་རྣམ་པར་དག་པ་ན། ས་བཅུ་པོ་དེ་རྣམས་ནི་ཡེ་ཤེས་དེའི་བདག་ཉིད་དུ་གནས་པ་ཡིན་ཏེ། སེམས་ཀྱི་ཡུལ་ཕྱིའི་སྐྱེ་མཆེད་དྲུག་པོ་ནི། ཆོས་ཀྱི་དབྱིངས་སུ་ངེས་པར་རྟོག་ནས། ནང་གི་སྐྱེ་མཆེད་དྲུག་ཀྱང་ཆོས་དབྱིངས་སུ་རོ་གཅིག་པ་དེར་ནི་སོ་སོར་རང་གིས་རིག་པའི་ཡེ་ཤེས་དེ་ཉིད་གོང་ནས་གོང་དུ་འཇུག་པར་འགྱུར་བའི་གནས་སྐབས་ལ་ས་དེ་དང་དེར་བཞག་པ་ཡིན་པས་སོ། །གཉིས་པ་ནི། ཆོས་ཀྱི་དབང་ཕྱུག་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་མཆོག་སྟེ་མཚན་དཔེ་འབར་བའི་སྐུ་དང༌། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྣམ་པར་མཛེས་པ་དེ་ཉིད་དང༌། ས་བཅུའི་བྱང་སེམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཤེས་པ་གསུམ་པོ་རོ་གཅིག་པ་ཉིད་དུ་འདྲེས་པར་གྱུར་པ་ལ། ལོངས་སྐུ་མཐོང་ངོ་ཞེས་བྱ་བའི་ཐ་སྙད་བཏགས་པར་ནི་བསྟན་བཅོས་རྩོམ་པ་པོ་བདག་སྨྲའོ། །འདིའི་ངག་དོན་ནི། ལོངས་སྐུ་གནས་དང་བཅས་པའི་སྣང་ཆ་ནི། སྣང་བ་པོ་རང་གི་ཡེ་ཤེས་ཀྱི་བདག་དུ་འདུས་ལ། རྒྱ་ཆད་དུ་སྣང་བའི་རྒྱུ་མཚན་ནི། ཡེ་ཤེས་དེ་ཉིད་གཉིས་སྣང་གི་བག་ཆགས་ཀྱིས་མ་དག་པའི་དབང་ལས་སོ། །དེ་ལྟར་སྣང་བའི་རྒྱུའི། རྐྱེན་རང་གི་ཡེ་ཤེས་ཡིན་ཀྱང་བདག་པོའི་རྐྱེན་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །ས་བཅུ་གཅིག་པ་ལ་ནི་རང་གི་ཡེ་ཤེས་དང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་འདྲེས་པའི་ཕྱིར་དོན་དམ་པའི་སྐུ་ལ་དབྱེ་བ་མེད་ལ། སྨོན་ལམ་གྱི་དབང་གིས་གཟུགས་ཀྱི་སྐུའི་སྣང་བ་ཐ་དད་དུ་འཆར་བ་ཡིན་ནོ། །གསུམ་པ་ལ། ཞི་བ་མྱ་ངན་ལས་འདས་པའི་ཕྱོགས་ཀྱི་ཡོན་ཏན་གྱི་ཆོས་ཐམས་ཅད་ཆོས་དབྱིངས་ཉིད་ཀྱི་གནས་སྐབས་སུ་བསྟན་པ་དང༌། སྲིད་པ་འཁོར་བའི་གནས་སྐབས་ཀྱི་ཆོས་ཐམས་ཅད་ཆོས་དབྱིངས་ཉིད་ཀྱི་གནས་སྐབས་སུ་བསྟན་པ་དང༌། དེས་ན་ཆོས་ཀྱི་དབྱིངས་ཉིད་ཤེས་དགོས་པར་བསྟན་པའོ། །དང་པོ་ནི། བྱིས་པའི་ནང་ནས་ཡོངས་མཁྱེན་དང༌། །ཞེས་པ་དང༌། དེའི་རྒྱུད་ཀྱི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཡོན་ཏན་ཅི་ཡོད་པ་དང༌། འཕགས་པའི་ནང་ན་སྣ་ཚོགས་ཉིད། །ཅེས་པ། དེའི་རྒྱུད་ཀྱི་ས་དང་ལམ་གྱི་ཁྱད་པར་དག་དང༌། དབང་ཕྱུག་ཆེན་པོ་ཚེ་དཔག་མེད་ཅེས་པ། རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་སྟེ། གསུམ་ཀ་ཡང༌། བསྐལ་པའི་ཚེ་ཡི་རྒྱུ་གང་ཡིན། །ཞེས་པ། ནམ་མཁའ་མ་ཞིག་གི་བར་དུ་རྒྱུན་མི་ཆད་པ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཉིད་དོ། །གཉིས་པ་ནི། ཕྱི་རོལ་སེམས་ཅན་གྱི་ཁམས་ཏེ་འཁོར་བའི་ཆོས་ཡང་ཚེ་དཔག་ཏུ་མེད་པའི་བསྐལ་པར་གནས་པ་དང༌། སྲོག་ཆགས་རྣམས་ཀྱི་སྲོག་ཇི་སྲིད་དུ་གནས་པར་འགྱུར་པ་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གང་གིས་བསྲུངས་པར་འགྱུར་པའོ། །ངག་དོན་ནི། ཀུན་ནས་ཉོན་མོངས་དང༌། རྣམ་བྱང་གི་ཕྱོགས་ཀྱི་ཆོས་ཇི་སྙེད་པའི་ཚེའམ། སྲོག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་དོ། །དེ་ཡང་རྣམ་བྱང་གི་ཆོས་ནི་དེ་དང་དབྱེར་མེད་དུ་འདྲེས་ནས་དེས་འཛིན་ལ། ཀུན་ནས་ཉོན་མོངས་ཀྱི་ཆོས་ནི་དེ་དང་འབྲལ་དུ་རུང་བའི་ཚུལ་གྱི་ས་དེ་ལ་གནས་པའོ། །གསུམ་པ་ལ། ཤེས་རབ་རྣམ་བྱང་གི་ཡེ་ཤེས་དང་མཐུན་པའི་ཚུལ། ཤེས་རབ་ཀྱི་ཡེ་ཤེས་ཇི་ལྟར་ལེན་པའི་དཔེ། དེ་ལྟར་བླངས་པའི་ཡེ་ཤེས་ལ་སྒྲིབ་བྱེད་སེལ་ནུས་པའོ། །དང་པོ་ནི། རྒྱུ་ཟད་མི་ཤེས་པ་ཆོས་ཀྱི་དབྱིངས་དེ་ཉིད་ལས། འབྲས་བུ་ཟད་མི་ཤེས་པ་འཁོར་བ་དང༌། མྱ་ངན་ལས་འདས་པའི་ཆོས་གཉིས་ཀ་འབྱུང་བ་ལས། རྐྱེན་མ་རིག་པའི་དབང་གིས་ནི་འབྲས་བུ་དང་པོའི་དོན་དུ་འཇུག་པར་བྱེད་ལ། ཅིར་ཡང་སྣང་བ་མེད་པ་རྟོགས་པའི་ཤེས་རབ་ཀྱི་བྱེ་བྲག་གིས་ནི། ཆོས་དབྱིངས་གང་གི་འབྲས་བུ་མི་ཟད་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་གང་ཡིན་པ་དེའི་དོན་དུ་རབ་ཏུ་འཇུག་པར་བྱའོ། །དེ་ལྟར་ཞུགས་པ་ན་རྫོགས་པའི་བྱང་ཆུབ་རིང་བར་མི་བསམ་སྟེ། ཡུལ་དྲུག་སྣང་བ་མེད་པར་ནི། ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་པར་གྱུར་པ་དེ་ཉིད་བྱང་ཆུབ་ཏུ་འཇོག་པའི་ཕྱིར། དེ་ཉེ་བར་ཡང་ནི་བསམ་པར་མི་བྱ་སྟེ། ཡུལ་དྲུག་གི་འཛིན་པའི་དྲི་མ་ཕྱོགས་གཅིག་ཀྱང་མ་དག་པ་དེའི་ཚེ་བྱང་ཆུབ་ཏུ་མི་བཞག་པའི་ཕྱིར། ངག་དོན་ནི། རིང་བར་མི་བསམ་ཞེས་པ། སྦྱོང་བྱེད་ཀྱི་གཉེན་པོ་ཡོད་ན་བྱང་ཆུབ་ལོགས་ནས་བཙལ་མི་དགོས་པའོ། །ཉེ་བར་མི་བསམ་ཞེས་པ། དེ་མ་བསྟེན་ན་ཆོས་ཀྱི་དབྱིངས་དེ་ཉིད་བྱང་ཆུབ་ཏུ་མི་གཞག་པའོ། །འོ་ན། ཇི་སྐད་དུ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་འབྱུང་བལྟར། ཆོས་དབྱིངས་ཡེ་ཤེས་དེ་ཉིད་རང་བཞིན་གྱི་སངས་རྒྱས་སུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་དེ་ཡིན་མོད་ཀྱང་དེས་སངས་རྒྱས་ཀྱི་གོ་མི་ཆོད་དེ། སྐུ་གསུམ་མ་ཚང་བའི་ཕྱིར་རོ། །ཅི་སྟེ་རང་བཞིན་གྱིས་སྐུ་གསུམ་ཚང་བ་མ་ཡིན་ནམ་ཞེ་ན། དེ་ཚང་མོད་ཀྱང༌། དེས་དེའི་གོ་མི་ཆོད་དེ། གཞན་དོན་མཐར་ཕྱིན་པའི་སྐུ་མ་ཡིན་པའི་ཕྱིར། དེ་ལྟ་བས་ན་རང་བཞིན་གྱི་སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྒྱུ་ལ་བྱ་བ་ཡིན་ལ། དེ་ཙམ་གྱིས་དེ་ཡོད་པར་འགྱུར་ན། གྲངས་ཅན་གྱི་གྲུབ་པའི་མཐའ་ཁས་བླངས་པར་འགྱུར་ཏེ། སེམས་ཅན་གྱི་དུས་སུ་སངས་རྒྱས་མི་གསལ་བའི་ཚུལ་གྱིས་བཞུགས་པ་དེ་ཕྱིས་ལམ་གྱིས་སྟོབས་ཀྱིས་གསལ་བར་བྱེད་དགོས་པའི་ཕྱིར། གཉིས་པ་ནི། ཇི་ལྟར་འོ་མ་དང་ཆུ་འདྲེས་པ་སྣོད་གཅིག་ལ་ནི་གནས་པ་ལས། ངང་པ་འོ་མ་འཐུང་བར་བྱེད་ཅིང༌། ཆུ་ནི་མ་ཡིན་པ་དེ་བཞིན་དུ། ཡེ་ཤེས་དང་མི་ཤེས་པ་གཉིས་ཀ་ལུས་ཀྱི་གནས་འདིར་ལྷན་ཅིག་ཏུ་ཉོན་མོངས་ཀྱིས་གཡོགས་ནས་གནས་ཀྱང༌། གཉིས་པོ་སོ་སོར་འབྱེད་ཤེས་པའི་རྣལ་འབྱོར་པ་ཡིས་ནི་ཡེ་ཤེས་ལེན་པར་བྱེད་ཅིང༌། མི་ཤེས་པ་ནི་འདོར་བར་བྱེད་དོ། །གསུམ་པ་ནི། འདོར་ལེན་ཇི་ལྟར་བྱེད་ཅེ་ན། མི་ཤེས་པ་ནི་གཉིས་ཏེ། བདག་དང༌། བདག་གི་ཞེས་འཛིན་པས་གང་ཟག་ཏུ་རྨོངས་པ་དང༌། གཟུགས་སོ་སྒྲའོ་ཞེས་ཇི་སྲིད་ཕྱི་རོལ་ཏུ་རྣམ་པར་བཏགས་པ་དེ་སྲིད་དུ་ཆོས་ཀྱི་བདག་ཏུ་རྨོངས་པའོ། །དེའི་གཉེན་པོར་བདག་མེད་པ་རྣམ་པ་གཉིས་མཐོང་བར་བྱས་ནས་སྲིད་པའི་ས་བོན་འགག་པར་འགྱུར་བ་དང༌། ཡང་དག་པའི་མཐའ་མངོན་དུ་བྱེད་པར་འགྱུར་རོ། །ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ལ། བདག་གཉིས་མེད་པར་རྟོགས་པའི་རྣལ་འབྱོར་ལ་གནས་དགོས་ཏེ། གང་གི་ཕྱིར་ན་སངས་རྒྱས་དང༌། མྱ་ངན་ལས་འདས་པ་དང༌། གཙང་བ་དང༌། རྟག་པ་དང༌། དགེ་བའི་གཞིར་གྱུར་པའི་ཆོས་ཀྱི་དབྱིངས་ལ་བདག་ཏུ་འཛིན་པའི་རྨོངས་པ་གཉིས་པོ་འདི་བྱིས་པས་རྣམ་པར་བརྟགས་པའི་ཕྱིར་རོ། །གཉིས་པ་ཁམས་སྦྱོང་བྱེད་ཀྱི་ཡེ་ཤེས་སྐྱེ་བ་སད་བྱེད་ཀྱི་རྐྱེན་ལ་ལྟོས་པར་བསྟན་པ་ལ། ཁམས་རྒྱས་པ་འཇུག་སེམས་ལ་ལྟོས་པར་བསྟན་པ་དང༌། ཁམས་ཀྱི་ནུས་པ་སད་པ་སྨོན་སེམས་ལ་ལྟོས་པར་བསྟན་པའོ། །དང་པོ་ནི། བཀའ་སྤྱད་སྣ་ཚོགས་ཀྱིས་སྦྱིན་པ་གཏོང་བ་དང༌། སེམས་ཅན་གྱི་དོན་བསྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་ལ་ཕན་པ་བྱེད་པའི་བཟོད་པ་སྟེ། གསུམ་པོ་འདིས་ནི་ཁམས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ལ་བསོད་ནམས་ཀྱི་ཚོགས་རྒྱས་པར་འགྱུར་རོ། །དེའི་ཚེ་གནས་སྐབས་སུ་གཟུགས་ཀྱི་སྐུ་མཐོང་བ་དང༌། མཐར་ཐུག་གཟུགས་ཀྱི་སྐུ་འགྲུབ་པར་བྱེད་དོ། །དམ་པའི་ཆོས་རྣམས་ཀུན་ལ་སྤྲོ་བའི་བརྩོན་འགྲུས་དང༌། དམིགས་པ་ལ་སེམས་རྩེ་གཅིག་ཏུ་འཇུག་པའི་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་བྱེད་ཀྱི་ཤེས་རབ་རྟག་ཏུ་བསྟེན་པ་སྟེ་གསུམ་པོ་འདི་ཡང༌། བྱང་ཆུབ་ཀྱི་ཁམས་ཡེ་ཤེས་ཀྱི་ཚོགས་ཀྱིས་རྒྱས་པར་བྱེད་པ་ཡིན་ནོ། །འདིས་ནི་གནས་སྐབས་སུ་རང་རྒྱུད་ལ་གློ་བུར་རྣམ་དག་གི་ཆོས་སྐུ་མཐོང་བ་དང༌། མཐར་ཐུག་དོན་དམ་པའི་སྐུ་འགྲུབ་པར་བྱེད་དོ། །ཡང་ཐབས་དང་བཅས་པའི་ཤེས་རབ་དང༌། སྨོན་ལམ་རྣམ་པར་སྦྱངས་པ་དང༌། སྟོབས་ལ་ངེས་པར་གནས་པ་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་བཞི་པོ་འདི་ཡང་ཁམས་ཆོས་དབྱིངས་ཡེ་ཤེས་དེ་ནུས་པའི་ཚོགས་ཀྱིས་རྒྱས་པར་བྱེད་པའོ། །འདི་དག་གིས་ནི་གནས་སྐབས་སུ་གཞན་དོན་ལ་མི་སྐྱོ་བ་དང༌། མཐར་ཐུག་ཕྲིན་ལས་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་དོ། །བཅུ་པོ་འདི་ལ་རྒྱས་འགྱུར་གྱི་རིགས་ཞེས་བྱ་སྟེ། རང་བཞིན་དུ་གནས་པའི་རིགས་ཀྱི་ནུས་པ་རྒྱས་པར་བྱེད་པའི་རིགས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཉན་ཐོས་ཀྱི་རིགས་ཅན་ལ་ལ་དག དེ་བཞིན་གཤེགས་པ་ལ་ཕྱག་བྱེད་ལ། བྱང་ཆུབ་སེམས་དཔའ་ལ་ཕྱག་མི་བྱའོ། །ཞེས་སྨྲ་བ་དེ་དག་ནི་ངན་པར་སྨྲ་བ་སྟེ། བྱང་ཆུབ་སེམས་དཔའ་མ་བྱུང་བར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི་འབྱུང་བ་མ་ཡིན་པའི་ཕྱིར་རོ། །དཔེར་ན། ལི་ཁ་ར་སྦྱང་བར་འདོད་པ་དེ་བུར་ཤིང་གི་ས་བོན་ལ་སྡང་བ་གང་ཡིན་པ་དེ་དང་འདྲའོ། །དཔེ་དོན་མཚུངས་པ་ཡིན་ཏེ། བུར་ཤིང་གི་ས་བོན་མེད་པར་ནི་ཁ་ར་འབྱུང་བར་འགྱུར་བ་མ་ཡིན་ཞིང༌། བུར་ཤིང་གི་ས་བོན་གང་བསྲུངས་ནས་ཉེ་བར་གནས་ཤིང་སྒྲུབས་པ་ལས། བུ་རམ་དང༌། ཁ་ར་དང༌། ཧྲགས་རྣམས་ནི་དེ་ལས་འབྱུང་བར་འགྱུར་བ་ལྟར་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་བསྲུངས་ནས་ཏེ་བསྐྱེད་ནས་དེ་ལ་ཉེ་བར་གནས་ཤིང༌། དེའི་རྒྱུ་ནན་ཏན་གྱིས་བསྒྲུབས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་གསར་དུ་སྐྱེ་ཞིང༌། རྒྱུན་གྱིས་འབྱུང་བར་འགྱུར་ལ། དེ་ལས་ཀྱང་ཉན་ཐོས་དགྲ་བཅོམ་པ་དང༌། རྐྱེན་རྟོགས་རང་སངས་རྒྱས་རྣམས་སྐྱེ་ཞིང་འབྱུང་བར་འགྱུར་ཞིང༌། དེ་བས་ན་བྲམ་ཟེ་རྣམས་ཟླ་བ་ཚེས་པ་ལ་ཕྱག་བྱེད་པ་ལྟར། ཉན་ཐོས་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱོས་ཤིག་ཅེས་གདམས་པ་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི། ཇི་ལྟར་ཞིང་པས་སཱ་ལུའི་ས་བོན་དང༌། ཆུ་ལུད་ལ་སོགས་པ་བསྲུངས་བར་བྱེད་པ་ལྟར། དེ་བཞིན་དུ་འདྲེན་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་ཐེག་པ་མཆོག་རྫོགས་པའི་བྱང་ཆུབ་ལ་མོས་པ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་བསྲུང་བར་མཛད་དོ། །གཉིས་པ་ལམ་དུས་སུ་ཆོས་སྐུ་རིམ་གྱིས་འཕེལ་བའི་ཚུལ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་ཐེག་པ་མཆོག་ལ་གསར་དུ་ཞུགས་པས་ཆོས་སྐུ་དོན་སྤྱིའི་ཚུལ་གྱིས་མཐོང་བའི་ཚུལ། ས་ཐོབ་ནས་ཆོས་སྐུ་མངོན་སུམ་དུ་མཐོང་བའི་རིམ་པའོ། །དང་པོ་ནི། ཇི་ལྟར་མར་ངོའི་བཅུ་བཞི་སྟེ་ཉེར་དགུའི་རྫོགས་མཚམས་སུ་ཟླ་བ་ཅུང་ཟད་ཏེ་འོད་ཀྱིས་འཁོར་ཙམ་ཞིག་མཐོང་བ་ལྟར། དེ་བཞིན་དུ་ཐེག་པ་མཆོག་ལ་མོས་པ་སྟེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལའང་ཆོས་ཀྱི་སྐུ་ནི་ཅུང་ཟད་དེ་དོན་སྤྱིའི་ཚུལ་གྱིས་མཐོང་བ་ཡིན་ནོ། །འདི་ལྟར་ཡང་འཆད་ནུས་ཏེ། ཐེག་པ་མཆོག་ནི་དེ་བཞིན་གཤེགས་པའོ། །དེ་ལ་མོས་པ་ལའང་བཞི་སྟེ། སོ་སོ་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ལ་གསར་དུ་ཞུགས་པའོ། །དེ་དག་གིས་ནི་ཆོས་ཀྱི་སྐུ་དོན་སྤྱིའི་ཚུལ་གྱིས་མཐོང་བ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་ལ་དད་པས་སོ། །དོན་དེ་ཡང་ཇི་སྐད་དུ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་བཤད་པ་དང་མཐུན་ནོ། །གཉིས་པ་ནི། ཇི་ལྟར། ཡར་ངོ་ཚེས་པའི་ཟླ་བ་ལ་ནི། ཚེས་གཅིག་ནས་བཅུ་བཞིའི་བར་སྐད་ཅིག་རེ་རེ་ཞིང་རྒྱས་པར་མཐོང་ངོ༌། །དཔེ་དེ་བཞིན་དུ། ས་ལ་བཞུགས་པ་རྣམས་ཀྱང་ཆོས་ཀྱི་སྐུ་རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་ངོ༌། །ཡང་ཇི་ལྟར། ཡར་ངོའི་བཅོ་ལྔ་ལ་ཟླ་བའི་ཆ་ཤས་རྫོགས་པར་འགྱུར་བ་ལྟར། དཔེ་དེ་བཞིན་དུ། སའི་མཐར་ཐུག་བཅུ་གཅིག་པ་ན་ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ་ལོ། །གཞུང་འདི་དག་གིས་ནི་ཆོས་དབྱིངས་ཡེ་ཤེས་དེ་ཉིད་ཉོན་མོངས་པའི་ཕྱོགས་གཅིག་གིས་ཀྱང་མ་དག་པའི་གནས་སྐབས་དེ་ལ་སེམས་ཅན་ཞེས་བྱ། དེའི་ཕྱོགས་གཅིག་གིས་དག་ཅིང༌། སྨོན་པ་བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་གནས་སྐབས་དེ་ལ་ཉན་ཐོས་སམ་རང་སངས་རྒྱས་ཞེས་བྱ། སེམས་དེ་སྐྱེས་ན། ཆོས་དབྱིངས་དེ་དད་པ་ཙམ་གྱིས་རྟོགས་ཤིང༌། མངོན་གསུམ་དུ་མ་མཐོང་བའི་གནས་སྐབས་དེ་ལ་ཐེག་པ་མཆོག་ལ་མོས་པའི་གང་ཟག་ཅེས་བྱ། ཆོས་ཀྱི་དབྱིངས་དེ་ལ་སྒྲིབ་བྱེད་ཀྱི་ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་གསལ་བ་དེ་ནས་མཐར་མ་ཐུག་གི་བར་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ། དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་གིས་དག་པ་མཐར་ཐུག་པའི་ཚེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལྟ་ཡིན་པ་དེའི་ཕྱིར། གནས་སྐབས་གང་ནས་ཆོས་ཀྱི་སྐུའི་ཆ་ཤས་གཅིག་ཐོབ་པ་དེ་ནས་བྱང་ཆུབ་སེམས་དཔའི་མིང་འདོགས་པ་དེའི་ཕྱིར། དེ་ལས་གཞན་དུ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྐུ་ཡོད་ན། བྱང་ཆུབ་སེམས་དཔའ་དང༌། སེམས་ཅན་དང༌། སངས་རྒྱས་གསུམ་གྱི་སྒྲ་འཇུག་པའི་གཞི་སོ་སོར་མ་ངེས་པར་འགྱུར་རོ། །ཆོས་ཀྱི་སྐུའི་ཆ་ཤས་སུ་འཇོག་པ་ལ་ཡང་ཉོན་མོངས་པའི་ཆ་ཤས་གཅིག་གིས་དག་པ་ཙམ་གྱིས་ཆོག་པ་ནི་མ་ཡིན་ཏེ། དེས་དག་པ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གཉིས་ཀ་ཚོགས་དགོས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་དེ་མ་སྐྱེས་ན་ཁམས་དེ་སངས་རྒྱས་ཀྱི་སྙིང་པོར་བཞག་མི་ནུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཁམས་དེ་སྙིང་པོར་འཇོག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་བཞི་ཡོད་པའི་ཕྱིར། དེ་སྐད་དུ་ཡང༌། ཆོས་ལ་ཁོང་ཁྲོ་བདག་ལྟ་དང༌། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང༌། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་གསུངས་སོ། །གནས་སྐབས་གང་དུ་སྙིང་པོ་མངོན་སུམ་དུ་མཐོང་བའི་སྐབས་དེ་ནས་སྙིང་པོ་ཅན་དུ་འཇོག་པ་ཡིན་ཏེ། དེ་ནས་དེའི་སེམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པ་དང་ཆོས་ཀྱི་སྐུར་བཞག་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བའི་དོན་ནི། དེ་བཞིན་ཉིད་མངོན་སུམ་དུ་རྟོགས་པ་ལ་བྱ་སྟེ། ཇི་སྐད་དུ། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཆོས་ཀྱི་སྐུ་དང༌། སངས་རྒྱས་དང་དེ་བཞིན་གཤེགས་པ་ཉིད་གང་ཟག་དེ་དང་དེའི་སྙིང་པོར་གྱུར་པ་ལ་དེ་དང་དེའི་སྙིང་པོ་ཅན་ཞེས་བྱ་བར་འཇོག་པ་ཡིན་གྱི། སངས་རྒྱས་དང་དེ་བཞིན་གཤེགས་པའི་རང་བཞིན་སྟོང་པ་ཉིད་ལ་དེང་དེའི་སྙིང་པོ་ཞེས་བྱ་བའི་མིང་གིས་བཏགས་ནས། དེ་དང་སེམས་ཅན་གྱི་ཆོས་ཉིད་དབྱེར་མེད་པ་ལ་སེམས་ཅན་ཐམས་ཅད་དེའི་སྙིང་པོ་ཅན་ཡིན་པའི་གོ་དོན་དུ་འཆད་པ་ནི། རྔོག་ལོ་ཙཱ་བ་ཆེན་པོའི་བཞེད་པ་ཡིན་ཀྱང༌། ལེགས་པར་མི་བསམ་སྟེ། དེ་ཙམ་གྱིས་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གསུངས་པའི་དགོས་པ་ལྔ་པོ་དེ་མི་རྟོགས་པའི་ཕྱིར་རོ། །འོ་ན་ས་དང་པོ་ནས་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཐོང་བར་འཕགས་པ་ཐོགས་མེད་ཀྱིས་བཤད་པ་མ་ཡིན་ནམ་ཞེ་ན། ས་དང་པོ་ནས་རང་རྒྱུད་ལ་ཆོས་སྐུའི་ཆ་ཤས་གཅིག་མཐོང་བ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་དབྱིངས་ཀྱང་རང་གི་ཆོས་ཉིད་དང་འདྲ་བར་དྲི་མ་དང་འབྲལ་རུང་དུ་མཐོང་བ་ལ་དེ་སྐད་ཅེས་བརྗོད་པ་ཡིན་ཏེ། དེའི་ཚེ་དེ་ཐམས་ཅད་ལ་དེའི་རིགས་ཡོད་པར་མཐོང་བའི་ཕྱིར། དེ་སྐད་དུ་ཡང༌། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །དེ་ལས་གཞན་དུ་སྒྲ་ཇི་བཞིན་པར་རྟག་དྲང་ན་སེམས་ཅན་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་བཞུགས་པར་འགྱུར་ཏེ། ས་དང་པོ་ནས་དེ་ལ་དེ་བཞུགས་པར་མཐོང་བའི་ཕྱིར། ཇི་སྐད་དུ། ཐམས་ཅད་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། སེམས་ཅན་མཐའ་ཡས་ཡུལ་ཅན་ཞེས་གསུངས་པས་སོ། །དེ་ལྟ་ན་ཡང་ཆོས་དབྱིངས་དྲི་མས་དག་མ་དག་ལ་སྙིང་པོ་ཡིན་མིན་དུ་འཆད་པ་མི་འཐད་དོ་ཞེ་ན། མི་འཐད་པ་མ་ཡིན་ཏེ། ཆོས་དབྱིངས་སྙིང་པོར་འཇོག་པ་ལ་རྒྱུད་བླ་མར་གསུངས་པའི་རྣམ་གཞག་རྣམ་པ་བཅུ་ཚང་དགོས་ལ། དེ་ཚང་བ་ལ་སྦྱང་བྱའི་དྲི་མ་བཞི་པོའི་ཕྱོགས་གཅིག་གིས་དག་པ་དང༌། ཁམས་ཀྱི་ནུས་པ་སད་བྱེད་ཀྱི་རྐྱེན་གྱིས་ཁམས་རྒྱས་པར་བྱས་པ་ཞིག་དགོས་པའི་ཕྱིར། དེ་ལྟར་ན་ས་བཅུའི་གནས་སྐབས་ན་ཆོས་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། སངས་རྒྱས་རྣམས་ཀྱི་ཆ་ཤས་རེ་རེ་ཡོད་ཀྱང་ཡོངས་སུ་མ་རྫོགས་པའི་ཕྱིར། དེང་དེ་མཚན་ཉིད་པར་བཞག་དཀའོ། །དཔེར་ན། ཚེས་གཅིག་གི་ཟླ་བའི་ཆ་ཤས་གཅིག་པོ་དེ་ལ་ཆ་ཤས་བཅོ་ལྔ་མ་ཚང་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་འཇོག་མི་ནུས་པ་བཞིན་ནོ། །གལ་ཏེ་འོ་ན་སེམས་ཅན་ཐམས་ཅད་ལ་སྙིང་པོ་ཡོད་ཀྱང་རང་རང་གིས་མི་མཐོང་བར་བཤད་པ་མ་ཡིན་ནམ་ཞེ་ན། ཇི་སྲིད་དེ་ལ་དེ་ཡོད་པར་མ་མཐོང་བ་དེ་སྲིད་དུ་དེ་ཡོད་པར་བཞག་མི་ནུས་ཏེ། དཔེར་ན། པདྨོའི་ཚལ་ལ་སྦྲང་རྩི་བཞིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཆོས་སྐུ་དད་པ་ཙམ་གྱིས་ཇི་ལྟར་མཐོང་བའི་ཚུལ། ས་བཅུ་ལ་ཆོས་སྐུ་འཕེལ་བའི་རིམ་པ་བཤད་པའོ། །དང་པོ་ནི། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་དུས་རྟག་ཏུ་མོས་པ་བརྟན་པོ་ཡིས་རྫོགས་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་སྐྱེད་པར་བྱས་ནས་སྟེ། སེམས་ཀྱི་ཆོས་དབྱིངས་རྒྱས་པར་བྱེད་པའི་རྐྱེན་གྱིས་ཡོངས་སུ་བརྟས་པར་གྱུར་པ་ན། ཆོས་དབྱིངས་དེ་སངས་རྒྱས་ཀྱི་སྙིང་པོའི་དོན་སྤྱི་ཙམ་དུ་གྱུར་པའི་ཕྱིར་ན། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་དག་པར་འབྱུང་ངོ༌། །གཉིས་པ་ལ། བཅུ་ལས། ས་དང་པོའི་ཆོས་སྐུ་ངོས་བཟུང་བ་ནི། མོས་སྤྱོད་དུ་ནག་པོའི་གཞི་ནི་ཡོངས་སུ་སྤངས་ནས། དཀར་པོའི་གཞི་ཐེག་པ་ཆེན་པོའི་ཐབས་དང་ཤེས་རབ་དག་རབ་ཏུ་བཟུང་བས་ས་དང་པོ་ཐོབ་པ་དེའི་ཚེ། ཆོས་དབྱིངས་དེ་ནི་དྲི་མ་ཕྱོགས་གཅིག་གིས་དག་པའི་ཆོས་ཀྱི་སྐུར་རྟོགས་པ་ན། ཆོས་ཀྱི་སྐུ་དང་ཉེ་བ་དང༌། གཟུགས་ཀྱི་སྐུས་གཞན་གྱིས་དོན་འབད་མེད་དུ་བྱེད་པར་ནུས་པའི་དགའ་བ་ཁྱད་པར་ཅན་སྐྱེས་པའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་ནི་མངོན་པར་བརྗོད་དོ། །ས་གཉིས་པའི་ཆོས་སྐུ་ངོས་བཟུང་བ་ནི། འདོད་ཆགས་ལ་སོགས་སྣ་ཚོགས་པའི་དྲི་མས་རྟག་ཏུ་དྲི་མ་ཅན་དུ་བྱས་པའི་ཆོས་དབྱིངས་དེ་འཆལ་ཚུལ་གྱིས་དྲི་མ་མེད་པར་གང་དག་པ་དེའི་ཚེ། སེམས་ཀྱི་ཆོས་དབྱིངས་དེ་ལ་ས་གཉིས་པ་དྲི་མ་མེད་པ་ཞེས་བརྗོད་པ་ཡིན་ནོ། །ས་གསུམ་པའི་ཆོས་སྐུ་ངོས་བཟུང་བ་ནི། ས་གཉིས་པར་ཉོན་མོངས་པའི་དྲྭ་བ་རབ་ཏུ་འགགས་ནས། ས་གསུམ་པའི་ཆོས་དབྱིངས་ཀྱི་ཤེས་རབ་དྲི་མ་མེད་ཅིང༌། རབ་ཏུ་གསལ་བ་དེས་ཚད་མེད་པའི་མུན་པ་དག་སེལ་བར་བྱེད་པས་ན། འོད་བྱེད་པ་ཞེས་བྱའོ། །ས་བཞི་པའི་ཆོས་སྐུ་ངོས་བཟུང་བ་ནི། ས་གསུམ་པར་རྟག་ཏུ་རྣམ་པར་དག་པའི་འོད་ཀྱིས་གསལ་བའི་གསལ་བའི་ཡེ་ཤེས་དེ་འདུ་འཛིན་རྣམ་པར་སྤངས་པའི་ཡེ་ཤེས་ཀྱི་འོད་ཀྱིས་རབ་ཏུ་བསྐོར་བས་ན། ས་འདིའི་ཆོས་དབྱིངས་ཆོས་ཀྱི་སྐུར་གྱུར་པ་དེ་ལ་འོད་འཕྲོ་བ་ཅན་དུ་འདོད་དོ། །ས་ལྔ་པའི་ཆོས་སྐུ་ངོས་བཟུང་བ་ནི། རིག་པའི་གནས་ལྔ་དང༌། སྒྱུ་རྩལ་སྣ་ཚོགས་དང༌། བཟོའི་གནས་ཀུན་གྱི་མཐར་སོན་པ་དང༌། བསམ་གཏན་གྱི་ཁྱད་པར་རྣམ་པ་སྣ་ཚོགས་པ་ཉིད་ཉོན་མོངས་པ་ཤིན་ཏུ་སྦྱངས་དཀའ་བ་ལས་རྣམ་པར་རྒྱལ་བས་ན། ས་འདིའི་ཆོས་དབྱིངས་ཡེ་ཤེས་ལ་སྦྱང་དཀའ་བ་ཞེས་བྱ་བར་འདོད་དོ། །ས་དྲུག་པའི་ཆོས་སྐུ་ངོས་བཟུང་བ་ནི། ས་འདིར་ངེས་པར་ལེགས་པ་བྱང་ཆུབ་རྣམ་པ་གསུམ་པོ་དང༌། མཐོན་པར་མཐོ་བའི་ཕུན་སུམ་ཚོགས་པ་ཀུན་བསྡུ་བ་དང༌། སྐྱེ་བ་དང་འཇིག་པ་ཟད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གཏིང་དཔག་པར་དཀའ་བ་ལ་དབང་ཐོབ་པས་ན། ས་དེ་ལ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་མངོན་དུ་གྱུར་པའི་ས་ཞེས་བྱའོ། །ས་བདུན་པའི་ཆོས་སྐུ་ངོས་བཟུང་བ་ནི། ཆོས་དབྱིངས་ལ་འཇུག་ལྡང་གི་རིམ་པ་འཁོར་ལོའི་བཀོད་པ་བཞིན་དུ་རྣམ་པ་ཀུན་དུ་ཡེ་ཤེས་ཀྱི་འོད་ཀྱི་དྲྭ་བས་རྩེ་བ་སྟེ་ཆོས་ཀྱི་དབྱིངས་ལ་འཇུག་ལྡང་བྱེད་པའི་མཐུ་ཐོགས་པ་མེད་པ་ཐོབ་པ་དང༌། འཁོར་བའི་རྒྱ་མཚོའི་འདམ་ལས་བརྒལ་བས་ན། ས་དེ་ལ་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པའི་ཆོས་སྐུ་ངོས་བཟུང་བ་ནི། སངས་རྒྱས་ཀྱི་ཐུགས་རྗེས་འདི་ངེས་པར་གཟུང་ཞིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོར་ཞུགས་པ་དང༌། མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་ནས། འབད་མེད་ལྷུན་གྱིས་གྲུབ་པར་གྱུར་པ་དང༌། དེའི་སྟོབས་ཀྱིས་བདུད་ཀྱི་དཀྱིལ་འཁོར་གྱིས་མི་གཡོས་པའི་ཕྱིར་ས་འདི་ལ་མི་གཡོ་བ་ཞེས་བྱའོ། །ས་འདིར་ཆོས་དབྱིངས་ལ་མཉམ་པར་གཞག་པ་ལས་མ་ལངས་ན་ཤེས་སྒྲིབ་སྤངས་པའི་ཆོས་སྐུ་མངོན་དུ་བྱེད་པར་ནུས་ཀྱང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པས་གཟུགས་སྐུ་གཉིས་ཀྱིས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་རྒྱུན་མི་ཆད་པར་མཛད་པའི་ནུས་པ་མི་ཐོབ་པས་ཉེས་དམིགས་དེ་ལ་དགོངས་ནས་ས་འདིར་སངས་རྒྱས་ཀྱི་ས་འགོག་པ་ལས་སློང་བར་མཛད་པ་ཡིན་ནོ། །དེའི་ཕྱིར། སངས་རྒྱས་ཀྱིས་ངེས་འདི་གཟུང་ཞིང༌། །ཞེས་སྨོས་སོ། །ས་དང་པོ་ནས་ཀྱང༌། ཆོས་དབྱིངས་ལས་མ་ལངས་ན་ཉེས་དམིགས་དེ་ཡོད་མོད་ཀྱང༌། མ་དག་སར་ཉོན་མོངས་མ་སྤངས་པ་ཡོད་པས། ཆོས་དབྱིངས་ལས་སློང་མི་དགོས་པར་ཡང་ལྡང་ནུས་ལ། ས་འདིར་ཉོན་མོངས་སྤངས་པས་ལྡང་བྱར་བྱའོ། །སྙམ་པའི་བློའི་འཕེན་པ་སྔོན་དུ་མ་བཏང་བར། མཉམ་པར་གཞག་ན་རང་སྟོབས་ཀྱིས་ལྡང་མི་ནུས་པ་སྲིད་པའི་ཕྱིར་རྒྱལ་བས་སློང་བར་མཛད་དགོས་པ་ཡིན་ནོ། །ས་དགུ་པའི་ཆོས་སྐུ་ངོས་བཟུང་བ་ནི། སོ་སོར་ཡང་དག་རིག་པ་བཞི་པོ་ཀུན་ལ་མངའ་བརྙེས་པས་དམ་པའི་ཆོས་སྟོན་པའི་འབེལ་བའི་གཏམ་མཐའ་ཡས་པ་ལ་ས་དགུ་པའི་རྣལ་འབྱོར་པ་དེ་མཐར་ཐུག་ཅིང་སོན་པས་ས་དེ་ལ་ལེགས་པའི་བློ་གྲོས་ཞེས་འདོད་དོ། །ས་བཅུ་པའི་ཆོས་སྐུ་ངོས་བཟུང་བ་ལ་གཉིས་ཏེ། མཉམ་གཞག་ཏུ་ཆོས་ཀྱི་སྐུ་མངོན་དུ་བྱས་པའི་ཚུལ། རྗེས་ཐོབ་ཏུ་གཟུགས་ཀྱི་སྐུས་དབང་བསྐུར་བའི་ཚུལ་ལོ། །དང་པོ་ལ་དངོས་དང༌། ས་བཅུའི་ཆོས་ཀྱི་དབྱིངས་དེ་ལ་ཕྱག་བཙལ་ཏེ་མཇུག་བསྡུ་བའོ། །དང་པོ་ནི། ཡེ་ཤེས་ཀྱི་རང་བཞིན་ས་བཅུ་པ་འདིའི་ཆོས་ཀྱི་སྐུ་དྲི་མ་མེད་པ་ནམ་མཁའ་དང་མཉམ་པ་སངས་རྒྱས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་དེ་ལས། དམ་པའི་ཆོས་ཀྱི་སྤྲིན་ནི་ཀུན་འབྱུང་བ་ཡིན་ནོ། །དེའི་ཕྱིར་ས་འདི་ལ་ཆོས་ཀྱི་སྤྲིན་ཞེས་བྱའོ། །དེའི་ངོ་བོ་ཇི་ལྟ་བུ་ཞེ་ན། སངས་རྒྱས་རྣམས་ཀྱི་ཟབ་མོ་ཆོས་ཀྱི་སྐུའི་གནས་སུ་གྱུར་ཅིང༌། གཟུགས་ཀྱི་སྐུས་རྒྱ་ཆེ་བའི་ཆོས་ལ་ལོངས་སྤྱོད་པའི་འབྲས་བུ་སངས་རྒྱས་ཀྱི་ས་དེ་ཡོངས་སུ་འཛིན་པར་བྱེད་པའི་ས་བཅུ་པའི་ཡེ་ཤེས་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེས་འཛིན་པའི་འབྲས་བུ་ཆོས་ཀྱི་སྐུ་དེ་གང་ཞེ་ན། གནས་ནི་ཡོངས་སུ་གྱུར་པ་སྟེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའོ། །བྱང་ཆུབ་ཀྱི་སེམས་འགྲེལ་དུ་གནས་གྱུར་བཀག་ཅིང༌། འདིར་བཤད་པའི་ཁྱད་པར་ནི། དེར་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྤང་བྱ་ཐམས་ཅད་ཀྱི་གནས་ཡིན་པ་བཀག་ནས། སྔར་དེའི་གནས་ཡིན་པ་ལ། ཕྱིས་དེ་དེའི་གནས་མ་ཡིན་པར་སོང་བ་ལ་གནས་གྱུར་ཞེས་བྱ་བའི་དོན་དུ་རྣལ་འབྱོར་སྤྱོད་པ་བས་འཆད་པ་དེ་བཀག་པ་ཡིན་ལ། འདིར་ནི་སྔར་ཡོན་ཏན་མེད་པ་ཕྱིས་ཡོན་ཏན་དང་ལྡན་པ་ལ་གནས་གྱུར་པ་ཞེས་བརྗོད་པ་ཡིན་ནོ། །མདོར་བསྡུ་ན་ས་བཅུའི་ངོ་བོ་ནི། གློ་བུར་གྱི་དྲི་མ་ཕྱོགས་རེས་དག་པའི་ཆོས་ཀྱི་སྐུ་ཡིན་ལ། དེའི་ངོ་བོ་ཡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །གཉིས་པ་ལ་ཆོས་སྐུ་བསམ་གྱིས་མི་ཁྱབ་པར་བསྟན་པ་དང༌། དེས་ན་དེ་ལ་ཕྱག་བྱ་བའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཁྱོད་ནི་ཤེས་བྱེད་ཀྱི་བློ་གང་གིས་ཤེས་པར་ནུས་ཏེ་ཁྱོད་ནི་ཀུན་ཏུ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གལ་ཏེ་དེ་བསམ་གྱིས་མི་ཁྱབ་པ་བཞིན་དུ་འཁོར་བའི་བག་ཆགས་ཀྱང་བསམ་གྱིས་མི་ཁྱབ་པ་ཡིན་ནམ་ཞེ་ན། འཁོར་བའི་བག་ཆགས་ནི་བསམ་དུ་ཡོད་དེ། དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བསམ་པ་ན། སྟོང་པ་ཉིད་དུ་རོ་གཅིག་པར་ཤེས་ནུས་པའི་ཕྱིར། བག་ཆགས་ལས་གྲོལ་བའི་ཆོས་དབྱིངས་ནི་བསམ་གྱིས་མི་ཁྱབ་སྟེ། ངག་གི་སྤྱོད་ཡུལ་ཀུན་ལས་འདས་ཤིང༌། དབང་པོ་ཀུན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དེ་ལྟ་ན་དེ་ལ་བསྟོད་པར་འགལ་ལོ་ཞེ་ན། ཐ་སྙད་དུ་ཡིད་ཀྱི་ཤེས་པས་དོན་སྤྱི་ཙམ་གྱི་སྒོ་ནས་རྟོགས་པར་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་ཐ་སྙད་དུ་བྱས་པ་དེ་དང༌། ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་དབྱིངས་གང་ཡང་རུང་བ་བསྟོད་ཅིང་ཕྱག་འཚལ་ལོ། །གཞུང་འདིས་ཆོས་དབྱིངས་ཡིད་ཀྱི་རྣམ་པར་ཤེས་པའི་རྟོགས་བྱར་བསྟན་པ་ནི་མ་ཡིན་ཏེ། དེ་སྤྱི་རྣམ་པར་ཤེས་པས་རྟོགས་པར་བྱ་བ་མ་ཡིན་པའི་ཕྱིར། ཇི་སྐད་དུ། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་འབྱུང་བ་ལྟར་རོ། །མདོར་ན། གང་ཡང་རུང་བ་ཞེས་བྱ་བའི་ཚིག་གིས་ནི་མོས་སྤྱོད་དུ་དད་པ་ཙམ་གྱིས་རྟོགས་པར་བྱ་བའི་ཆོས་དབྱིངས་དང༌། ས་ཐོབ་ནས་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་ཆོས་ཀྱི་དབྱིངས་གཉིས་ཀ་མཚོན་པ་ཡིན་ཏེ་གོང་དུ། ཇི་ལྟར་མར་ངོའི་བཅུ་བཞི་ལ། །ཞེས་པར། ཆོས་དབྱིངས་མཐོང་ཚུལ་ལ་དད་པ་ཙམ་གྱིས་མཐོང་ཚུལ་དང༌། མངོན་སུམ་དུ་མཐོང་ཚུལ་གཉིས་བཤད་ནས། གཉིས་ཀ་ཡང་ཆོས་ཀྱི་སྐུར་བཤད་པའི་ཕྱིར། མདོ་སྡེ་རྒྱན་ལས་ཀྱང༌། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང༌། །ཞེས། མོས་སྤྱོད་ནས་ཀྱང་སྐུ་དང་བཅས་པར་བཤད་དོ། །གཉིས་པ་དབང་བསྐུར་ཐོབ་པའི་ཚུལ་ལ། དབང་བསྐུར་བའི་རྒྱུ་དང༌། དབང་བསྐུར་བའི་ཚུལ་དང༌། དབང་བསྐུར་ནས་ཕྲིན་ལས་སྒྲུབ་པའོ། །དང་པོ་ནི། རྒྱལ་བའི་སྲས་པོ་གྲགས་ཆེན་ས་བཅུ་པ་རྣམས་ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཀྱིས་ཆོས་ཉིད་སྟོང་པ་ཉིད་མངོན་སུམ་དུ་མཐོང་བར་གྱུར་ནས། གང་གི་ཚེ་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ནི། སྒྲིབ་པ་གཉིས་ཀྱི་ས་བོན་ལས་རབ་ཏུ་བཀྲུས་པས་འཁོར་བ་ཕྲ་རགས་ཀྱི་གཟེབ་ལས་ཡང་དག་པར་འདས་པར་གྱུར་པ་ཡིན་ནོ། །གཉིས་པ་ལ། བྱང་སེམས་དེ་སྟན་གང་ལ་འདུག་པ། འཁོར་གང་གིས་བསྐོར་བ། ཡེ་ཤེས་གང་གིས་དབང་བསྐུར་བའོ། །དང་པོ་ནི། པདྨ་ཆེན་པོའི་རང་བཞིན་གྱི། །སྟན་དེ་ལ་ནི་རབ་གནས་འགྱུར། །འདབ་མ་རིན་ཆེན་དུ་མའི་འོད། །འདོད་པར་བྱ་བའི་ཟེའུ་འབྲུ་ཅན། །པདྨ་བྱེ་བ་དུ་མ་ཡིས། །རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར། །ཞེས་པ་མདོ་སྡེ་ས་བཅུ་པ་ལས། སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་ཁྱོན་དང་མཉམ་པའི་པདྨ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་ལ། བྱང་སེམས་ས་བཅུ་པ་བ་རང་ཉིད་འདུག་ཅིང༌། པདྨ་དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པདྨས་རབ་ཏུ་གང་བ་ལ། ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་འདུག་པར་བཤད་དོ། །གཉིས་པ་ནི། དེ་ལྟ་བུའི་པདྨ་དེ་དག་ལ། རང་གི་སེམས་རྒྱུད་སྟོབས་བཅུ་པོ་ཡིས་ཡོངས་སུ་གང་ཞིང༌། མི་འཇིགས་པ་བཞི་ཡིས་ཡང་དག་པར་ངོམས་པ་དང༌། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་མཚན་མའི་སྤྲོས་པ་མེད་པ་རྣམས་ལས་ཉམས་པ་མི་མངའ་བས་ན་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསགས་ཤིང༌། ལུས་ངག་ཡིད་གསུམ་པོས་ལེགས་པར་སྤྱད་པའི་ལམ་ཀུན་གྱིས་བསོད་ནམས་ཀྱི་ཚོགས་རབ་ཏུ་བསགས་པའི་བྱང་སེམས་ས་བཅུ་པ་བ་དེ་ནི། ཟླ་བ་ཉ་བ་ལ་སྐར་མའི་ཚོགས་ཀྱིས་བསྐོར་བ་བཞིན་དུ། འཁོར་དུ་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་སོགས་པ་རྣམ་པ་ཀུན་གྱིས་ཡོངས་སུ་བསྐོར་ཏེ་འདུག་གོ །གསུམ་པ་ནི། སངས་རྒྱས་ཕྱག་གི་ཉི་མ་དེར། །དྲི་མེད་རིན་ཆེན་འབར་གྱུར་ཏེ། །སྲས་ཀྱི་ཐུ་བོར་དབང་བསྐུར་བས། །དབང་བསྐུར་བ་ནི་ཀུན་ཏུ་སྩོལ། །ཞེས་པ། མདོ་སྡེ་ས་བཅུ་པ་ལས། དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་གཅིག འཁོར་འོད་ཟེར་གྲངས་མེད་པ་འབུམ་ཕྲག་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས་ནས། བྱང་སེམས་དེའི་སྤྱི་བོར་ནུབ་ལ། འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་བོ། །འོད་ཟེར་དེ་དག་ཕོག་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་དག་གིས། སྔོན་མ་ཐོབ་པའི་ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ཐོབ་པར་བཤད་དོ། །གསུམ་པ་ནི། རྣལ་འབྱོར་ཆེན་པོ་དེར་གནས་ནས། །རྨོངས་པས་དམན་པའི་འཇིག་རྟེན་རྣམས། །སྡུག་བསྔལ་གྱིས་གཡེངས་འཇིགས་པ་ལ། །ལྷ་ཡི་སྤྱན་གྱིས་གཟིགས་གྱུར་ནས། །དེ་ཡི་སྐུ་ལས་འོད་ཟེར་རྣམས། །འབད་པ་མེད་པར་འབྱུང་འགྱུར་ཏེ། །རྨོངས་པའི་མུན་པར་ཞུགས་དེ་ཡི། །སྒོ་རྣམས་འབྱེད་པར་མཛད་པ་ཡིན། །ཞེས་པ་ལ། རྣལ་འབྱོར་ཆེན་པོ་ནི་བྱང་སེམས་ས་བཅུ་པ་བ་དེའོ། །དེར་གནས་ནས་ཞེས་པ་པདྨའི་སྟན་དེ་ལའོ། །འདི་ཡང་མདོ་སྡེ་ས་བཅུ་པ་ལས། བྱང་སེམས་དེའི་ཞབས་ཀྱི་མཐིལ་གཉིས་དང༌། པུས་མོའི་ལྷ་ང་གཉིས་དང༌། ལྟེ་བ་དང༌། རྩིབས་ལོགས་གཉིས་དང༌། ཕྱག་གི་མཐིལ་གཉིས་ལས་འོད་ཟེར་གྲངས་མེད་པ་འབུམ་ཕྲག་བཅུ་བཅུ་སྤྲོས་པས། ཡི་དྭགས་དང༌། དམྱལ་བ་དང༌། དུད་འགྲོ་དང༌། མི་དང༌། ལྷ་དང༌། ལྷ་མ་ཡིན་གྱི་གནས་ཐམས་ཅད་སྣང་བར་བྱས་ནས། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་དོ། །ཞེས་གསུངས་སོ། །གསུམ་པ་འབྲས་དུས་ཀྱི་ཆོས་དབྱིངས་བཤད་པ་ལ་གསུམ་སྟེ། ཆོས་དབྱིངས་ཡེ་ཤེས་དེ་ཉིད་མྱང་འདས་སུ་བཤད་པ་དང༌། མི་གནས་པའི་མྱང་འདས་དེ་ཉིད་ཆོས་སྐུར་འཇོག་པའི་ཚུལ། དེ་ལས་ཕྲིན་ལས་ལྷུན་གྱིས་གྲུབ་པའི་ཚུལ་ལོ། །དང་པོ་ལ། ཉན་ཐོས་སྡེ་པའི་མྱང་འདས་ཀྱི་འདོད་ཚུལ་དང༌། རང་ལུགས་ཀྱི་དེའི་འཇོག་ཚུལ་ལོ། །དང་པོ་ནི། ཉན་ཐོས་སྡེ་པ་དག ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་མངོན་དུ་བྱས་པའི་དགྲ་བཅོམ་པ་གསུམ་པོ་རྣམས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཞུགས་པ་སྟེ། སྐུ་ཚེའི་འདུ་བྱེད་བཏང་ན་མྱ་ངན་ལས་འདས་པ་མངོན་དུ་བྱས་པར་འདོད་དོ། །དེ་འདྲ་དེ་ནི་འཁོར་བ་ཟད་ཙམ་ལ་དེའི་ཐ་སྙད་བཏགས་པ་ཡིན་གྱི། མྱང་འདས་དངོས་མ་ཡིན་ཏེ། ཆོས་ཀྱི་སྐུ་མ་ཡིན་པའི་ཕྱིར། ཆོས་ཀྱི་སྐུར་འཇོག་པ་ལ་ཡང༌། ཉོན་མོངས་པ་སྤངས་པ་ཙམ་གྱིས་ཆོག་པ་མ་ཡིན་ཏེ། དེ་ཙམ་གྱིས་འཁོར་བ་འགགས་ཀྱང༌། ཤེས་བྱའི་སྒྲིབ་པ་ཕྱོགས་གཅིག་གིས་མ་དག་ན། ཆོས་ཀྱི་དབྱིངས་མི་མཐོང་ལ། དེ་མ་མཐོང་བ་ལ་ཆོས་ཀྱི་སྐུར་བཞག་པར་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། རང་ལུགས་འདིར་ནི། སེམས་དྲི་མ་མེད་པར་གྱུར་པའི་དབྱིངས་དེ་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཉིད་ཅེས་བྱ་སྟེ། ཉོན་མོངས་པའི་དྲི་མ་དང་བྲལ་བས་འཁོར་བ་ལ་མི་གནས་ཤིང༌། སེམས་ཅན་ལ་ལྟོས་པ་མེད་པའི་སྒྲིབ་པ་ལས་གྲོལ་བའི་ཡེ་ཤེས་ཡིན་པས་སོ། །གཉིས་པ་ནི། སེམས་ཅན་ཀུན་གྱི་སྒྲིབ་པའི་དངོས་པོ་ཅི་ཡང་མེད་པའི་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་དེ་ཡང་ཡེ་ཤེས་དེ་ཉིད་ཀྱི་སྤྱོད་ཡུལ་ཡིན་པས། སོ་སོར་རང་རིག་པའི་ཡེ་ཤེས་ཁོ་ནའི་མྱོང་བྱ་ཡིན་གྱི། སྒྲ་དང་རྟོག་པ་ཀུན་གྱི་ཡུལ་ལས་རྣམ་པར་འདས་སོ། །དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་མངོན་སུམ་དུ་མཐོང་བའི་བྱང་ཆུབ་སེམས་ཀྱི་དབང་པོ་སྟེ། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་དེ་ཉིད་ལ་ཤིན་ཏུ་དྲི་མ་མེད་པའི་ཆོས་ཀྱི་སྐུ་ཞེས་ཀྱང་བྱ་སྟེ། སྟོབས་སོགས་ཡོན་ཏན་ཐམས་ཅད་ཀྱི་ལུས་ཡིན་པའི་ཕྱིར། གསུམ་པ་ནི། གློ་བུར་གྱི་དྲི་མ་མེད་པའི་ཆོས་ཀྱི་སྐུ་ལ་སྟོབས་སོགས་ཡེ་ཤེས་ཀྱི་རྒྱ་མཚོ་གནས་པར་གྱུར་ནས། དེ་ལས་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་རྒྱུན་མི་ཆད་པར་རབ་ཏུ་མཛད་དོ། །ཚུལ་ཇི་ལྟར་ན། དབྱིབས་དང༌། ཁ་དོག་སྣ་ཚོགས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུའོ། །འདིར་སྨྲས་པ། ཡུན་རིང་འཁོར་བའི་རྒྱ་མཚོར་དྲངས་གྱུར་ཀྱང༌། །མྱང་འདས་ཞི་བའི་འབྲོག་དགོན་མ་བཏང་བར། །ཟག་མེད་བདེ་བའི་ཟས་ཀྱིས་ཉེར་འཚོ་བའི། །ཆོས་དབྱིངས་ནགས་ཀྱི་དྲང་སྲོང་ཨེ་མ་མཚར། །རང་བཞིན་དྲི་མས་དག་ཕྱིར་ཐོག་མར་དགེ །ཆོས་དབྱིངས་ས་བོན་བརྟས་ཕྱིར་བར་དུ་དགེ །ཡོན་ཏན་ཚོགས་ཀྱིས་གང་ཕྱིར་ཐ་མར་དགེ །ཡེ་ཤེས་ཉིད་ཕྱིར་དུས་མཉམ་ཀུན་ཏུ་དགེ །ཡོན་ཏན་ལྗོན་ཕྲེང་རྒྱས་པའི་དཔག་བསམ་ལ། །ཉེ་བར་སེམས་པའི་ཆོས་དབྱིངས་ལང་ཚོ་མ། །མང་ཐོས་ཡིད་ཀྱི་ཤིང་རྟས་ཉེར་དྲངས་པའི། །རྣམ་དཔྱོད་གསལ་བའི་མིག་གིས་དེང་འདིར་མཐོང༌། །ཞེས་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་བསྟན་ཆོས། ཆོས་ཀྱི་དབྱིངས་སུ་བསྟོད་པ་ཞེས་བྱ་བའི་འགྲེལ་པ་ཆོས་ཀྱི་དབྱིངས་རྣམ་པར་ངེས་པ་ཞེས་བྱ་བ་འདི་ནི། ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་དབྱེ་བ་ལ་བསྙེངས་པ་མེད་པ། ཡུལ་དབུས་འགྱུར་ཚལ་གྱི་སློབ་དཔོན། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། སྒྱུར་བྱེད་ཀྱི་ལོ་ས་གས་ཉ་བའི་ཕྱོགས་དང་པོ་ལ། གཙང་གཡས་རུ་སའི་ཐིག་ལེ། གསེར་མདོག་ཅན་ཞེས་བྱ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །། ༄༅། །དོན་དམ་བྱང་ཆུབ་སེམས་འགྲེལ་གྱི་བཤད་པ་དབུ་མའི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།  ༄༅། །ན་མོ་མཉྫུ་ཤྲཱི་ཡེ། སྟོང་ཉིད་ཤིང་རྟའི་འགྲོས་ཆེན་བགྲངས་ཡས་ཀྱིས། །དངོས་འཛིན་ནུབ་ཀྱི་རི་བརྒྱ་འགོངས་མཛད་ནས། །བྱམས་དང་ཐུགས་རྗེའི་མཁའ་ལ་ལྷམ་མེ་བ། །ཐུབ་ཆེན་ཉི་མ་དེ་ལ་ཕྱག་བགྱིའོ། །འཇམ་དབྱངས་ཞལ་གྱིས་ལེགས་བཤད་རོ་བརྒྱ་པས། །རྣམ་དཔྱོད་རོ་འཛིན་གཤིན་པོར་གྱུར་པ་ན། །གཞུང་བརྩོམ་འགྲིན་པའི་ལྔ་སྒྲ་ཆེར་འབར་བ། །རྒྱལ་བ་གཉིས་པས་དེང་འདིར་མགོན་མཛོད་ཅིག །རྣམ་དཔྱོད་སྤོབས་པའི་ལང་ཚོར་མ་བཏང་བའི། །བདག་བློ་ནམ་ཡང་མྱ་ངན་མེད་མ་ནི། །འཕགས་རྣམས་དགེས་པའི་གཏམ་གྱིས་མཛའ་བོ་དང༌། །མི་འབྲལ་འགྲོགས་པའི་རྩེ་དགའ་ལྷུར་བླངས་སོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་གང་བཤད་པར་བྱ་བའི་ཆོས་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཞེས་བྱ་བ་དེའོ། །འདི་ལ་གཉིས་ཏེ། བསྟན་བཅོས་འདི་གསལ་བར་འཆད་དགོས་པའི་རྒྱུ་མཚན་དང༌། དེ་བཤད་པ་དངོས་སོ། དང་པོ་ནི། ཁོ་བོའི་རྣམ་དཔྱོད་ཀྱིས་བསྟན་བཅོས་འདི་གསལ་པོར་མ་བཤད་ན། བསྟན་བཅོས་འདིས་གང་གི་འགྲེལ་པའི་བྱང་ཆུབ་ཀྱི་སེམས་དེ། དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་པར་མི་ཤེས་པ་དང༌། འདིར་འབྱུང་བའི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཡང༌། ལུང་ཆོས་པ་སྤྱི་ལ་གྲགས་པའི་དོན་དམ་སེམས་བསྐྱེད་ལ་ངོས་འཛིན་པ་དང༌། འདི་ནས་བཤད་པའི་སེམས་བསྐྱེད་ཀྱི་ཆོ་ག་དེ། ཀུན་རྫོབ་སེམས་བསྐྱེད་ཀྱི་ཆོ་ག་ཡིན་པར་འཁྲུལ་པ་དང༌། དེ་དེར་མ་འཁྲུལ་པ་འགའ་ཞིག་གིས་ཀྱང་དོན་དམ་སེམས་བསྐྱེད་ཆོ་ག་ཀྱང་པས་བསྐྱེད་ནུས་པར་འཁྲུལ་པ་དང༌། བདག་ཡོད་པ་དབུ་མའི་རང་ལུགས་སུ་ཁས་ལེན་པ་དང༌། ཉན་ཐོས་ལ་གདམས་པའི་མདོ་ལས་ཆོས་ཀྱི་བདག་མེད་བསྟན་པ་དེ། ཉན་ཐོས་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པའི་སྒྲུབ་བྱེད་དུ་ཁས་ལེན་པ་དང༌། ཕྱི་རོལ་གྱི་དོན་ཚད་མས་གྲུབ་པ་དབུ་མ་ཐལ་འགྱུར་བའི་ལུགས་སུ་ཁས་ལེན་པ་དང༌། སྣང་བ་སེམས་སུ་ཁས་ལེན་པ་དབུ་མ་པའི་གནས་སྐབས་ཀྱི་རང་ལུགས་སུ་ཡང་མི་འདོད་པ་དང༌། གཞན་དག་ལ་ལ་དེ་དེ་ལྟར་སྒོམ་པ་དེ་དབུ་མ་པས་མཐར་ཡང་མི་འགོག་པར་འདོད་པ་དང༌། དབུ་མ་པ་ཀུན་གཞིའི་རྣམ་ཤེས་ཐ་སྙད་དུ་ཡང་ཁས་མི་ལེན་པར་འདོད་པ་དང༌། དེས་དེ་ཁས་ལེན་པར་ཤེས་པ་ལ་ལ་དག་རྣམ་ཤེས་དེ། ཟག་བཅས་ཀྱིས་ངོ་བོ་ཐམས་ཅད་ཀྱི་གནས་སུ་འདོད་མི་འདོད་ཀྱི་སྒོ་ནས། ཁྱད་པར་འབྱེད་མི་ཤེས་པ། ཚོགས་དྲུག་ལས་རྫས་གཞན་དུ་གྱུར་པའི་ཀུན་གཞི་བདེན་གྲུབ་འདོད་མི་འདོད་ཀྱི་ཁྱད་པར་འབྱེད་པ་དང༌། ཀླུ་སྒྲུབ་ཞབས་ཀྱིས་དགོངས་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་ཁོ་ནར་གནས་ཀྱི། རྣལ་འབྱོར་སྤྱོད་པའི་དབུ་མའི་ཚུལ་དུ་གཏན་མི་གནས་པར་འདོད་པ་དང༌། སེམས་བདེན་གྲུབ་འགོག་པ་ན། དེ་ནང་ངམ། ཕྱི་རོལ་ལམ། དབྱིབས་སམ། ཁ་དོག་གམ། སྐྱེས་པའམ། བུད་མེད་སོགས་གང་དུ་ཡོད་ཅེས་དཔྱོད་པ་དེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྤྱོད་ཡུལ་མ་ཡིན་པར་ཁས་ལེན་པ་དང༌། སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྟོང་པ་ཉིད་དང་བདག་མེད་དོ་སྙམ་དུ། དབུ་མ་པའི་སྒོམས་ཡང་དག་པ་ཡིན་གྱིས། དེས་གང་དུ་ཡང་ཡིད་ལ་མི་བྱེད་པ་དེ། གཉིད་ལོག་པ་དང་ཁྱད་མེད་དུ་ཁས་ལེན་པ་དང༌། ཐ་སྙད་དུ་ཡོད་ཅིང་དོན་དམ་པར་མེད་པ་དེ་དབུ་མའི་རང་ལུགས་སུ་ཁས་ལེན་པ་དང༌། སྟོང་ཉིད་ཀུན་རྫོབ་པ་དེ་དབུ་མའི་ལུགས་སུ་མི་འདོད་པ་དང༌། བདེན་གཉིས་ངོ་བོ་གཅིག་པ་དེ། དེའི་ལུགས་སུ་འདོད་པ་དང༌། ཇི་སྲིད་དོན་དམ་བདེན་པའི་རྣམ་གཞག་བྱེད་པ་དེ་སྲིད་དུ། དོན་དམ་བྱང་ཆུབ་ཀྱི་སེམས་དེའི་མཚན་གཞིར་ཁས་མི་ལེན་པ་དང༌། གཞུང་འདིར་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སུ་བཤད་པ་དེ་དག་དོན་དམ་བྱང་ཆུབ་ཀྱིས་སེམས་སྦྱོངས་པའི་རིམ་པ་ཉིད་དུ་བསྟན་པ་དེ་མི་ཤེས་པ་དང༌། ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་དབང་དུ་བྱས་པར་འདོད་པའི་ལོག་པར་རྟོག་པ་དེ་དང་དེ་དག་སྔོན་དུ་བྱུང་ངོ༌། །དེ་བས་ན་གཞུང་འདིའི་རྣམ་པར་བཤད་པ་རང་གིས་རྣམ་དཔྱོད་ཀྱིས་བརྟགས་ནས་ཚིག་ཟུར་ཕྱིན་པར་བཤད་པ་ན། ལོག་པར་རྟོག་པ་དེ་དང་དེ་དག་སེལ་ནུས་པ་ནི། དབུ་མའི་སྙིང་པོ་རྣམ་པར་བཤད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདིའི་དགོས་པའོ། །གཉིས་པ། བསྟན་བཅོས་ཀྱི་ཚིག་དོན་དངོས་བཤད་པ་ལ་གཉིས་ཏེ། བཤད་བྱའི་མདོ་བཀོད་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་ངོས་བཟུང་བ་དང༌། དེའི་རང་བཞིན་གཏན་ལ་ཕབ་ནས། དེ་ཉིད་རྒྱུད་ལ་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། དངོས་པོ་ཐམས་ཅད་དང་བྲལ་བ། ཞེས་སོགས་ཤླཽ་ཀ་གཅིག་སྟེ། འདི་ནི་གསང་བ་འདུས་པའི་རྒྱུད་ཀྱི་བྱང་ཆུབ་སེམས་ཀྱི་ལེའུ་ལས་གསུངས་པ་ཡིན་ལ། དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་དྲུག་པོ་རེ་རེས། བྱང་ཆུབ་ཀྱི་སེམས་ཀྱི་མི་འདྲ་བ་རེ་རེ་གསུངས་པ་ལས། འདིར་དྲངས་པ་དེ་ནི་རྣམ་པར་སྣང་མཛད་ཀྱིས་གསུངས་པའོ། །དེ་དག་གི་རང་བཞིན་ཅི་ཞེ་ན། རང་གིས་སེམས་སྟོང་པ་ཉིད་ཀྱི་རང་བཞིན་གོ་སྟེ། རང་བཞིན་གྱི་འོད་གསལ་བ་དེའོ། །སེམས་ཀྱི་རང་བཞིན་དེ་སྟོང་པ་ཉིད་ཡིན་པའི་ཤེས་བྱེད་ནི། གདོད་མ་ནས་མ་སྐྱེས་པའོ། །དེའི་ཤེས་བྱེད་ཀྱང་གཟུང་འཛིན་གཉིས་དང་ཆོས་ཀྱི་བདག་མེད་པར་མཉམ་པ་ཉིད་ཡིན་པས་སོ། །དེ་འདྲ་དེ་བྱང་ཆུབ་ཀྱི་སེམས་ཡིན་པའི་ཤེས་བྱེད་ནི། སངས་རྒྱས་ཀྱི་ཡེ་ཤེས་དང་ངོ་བོ་དབྱེར་མེད་པའི་རྒྱུ་མཚན་ལས་ཡིན་ལ། དོན་དམ་པ་ཡིན་པའི་ཤེས་བྱེད་ནི། དངོས་པོ་ཐམས་ཅད་དང་བྲལ་བ། ཞེས་པ་ནི་མདོར་བསྟན་པ་སྟེ། ཟས་ཀྱི་དབང་དུ་བྱས་པའོ། །དེ་ཉིད་འཆད་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་པ་སྟེ། དེ་དང་དེས་རང་བཞིན་གྱིས་རྣམ་པར་དག་པ་ལ། སྤངས་པ་ཞེས་བརྗོད་པའོ། །དེ་ལྟར་ན་དོན་དམ་བྱང་ཆུབ་ཀྱིས་སེམས་ཞེས་བྱ་བ་ནི། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་ངོ་བོ་ལ་ཁྱད་པར་མེད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ལ་བཤད་པ་ཡིན་གྱིས། གཞུང་དོན་གྱི་འཆད་ཚུལ་ལྟར། སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཁོ་ན་ལ་འཆད་པ་ནི། འདི་སྐབས་ཀྱི་དོན་མིན་ཏེ། གཞུང་འདི་ཉིད་ལས། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུ་བཤད་པ་ཡིན། །ཞེས་བཤད་པས་སོ། །གཉིས་པ་ལ་བཞི་སྟེ། དོན་དམ་བྱང་ཆུབ་ཀྱི་སེམས་ཇི་ལྟར་རྒྱུད་ལ་བསྐྱེད་པའི་ཚུལ་དང༌། སེམས་དེའི་རང་བཞིན་གཏན་ལ་དབབ་པ་དང༌། སེམས་དེ་བསྐྱེད་ནས་སེམས་ཅན་ཀྱི་དོན་ངེས་པར་བྱེད་དགོས་པའི་ཚུལ་དང༌། བྱང་ཆུབ་ཀྱི་སེམས་དེ་ལ་བསྔགས་པ་བརྗོད་པའི་སྒོ་ནས་འཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཀུན་རྫོབ་ཀྱི་རྣམ་པ་ཅན་སྨོན་ལམ་གྱིས་སྒོ་ནས་བཟུང་བ་དང༌། དོན་དམ་གྱིས་རང་བཞིན་ཅན་བསྒོམས་སྟོབས་ཀྱིས་མྱོང་བར་བྱ་བའོ། །དང་པོ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། ཇི་ལྟར་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་གིས་ཀྱང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །ཞེས་བརྗོད་པར་བྱའོ། །དགོས་པ་སྤྱིའི་ཕྱིར་དུ་བསྐྱེད་ན། སེམས་ཅན་ངན་སོང་ལས་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། འཁོར་བ་ལས་མ་གྲོལ་བ་རྣམས་དགྲོལ་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་དབུགས་མ་བྱུང་རྣམས་དབུགས་དབྱུང་བ་དང༌། སངས་རྒྱས་ཀྱི་སར་ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་དུའོ། །གཉིས་པ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱི། བཤད་མ་ཐག་པ་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པ་སྟེ། མོས་པ་ཡིད་ལ་བྱེད་པའི་ཚུལ་གྱིས། དོན་དམ་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་ཏེ། སྨོན་ལམ་གྱི་ཚུལ་དུ་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི། བསྒོམས་པའི་སྟོབས་ཀྱིས་ཉམས་སུ་མྱོང་ཞིང་བསྐྱེད་པར་བྱ་བ་ཡིན་ལ། དེ་ལ་ཡང་སྔོན་དུ་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་པ་དེའི་ཕྱིར། སེམས་དེའི་རང་བཞིན་བཤད་པར་བྱའོ། །དེ་ལྟར་དེ་མ་ཐག་པའི་གཞུང་འདི་དག་འགྱུར་འགའ་ཞིག་ན་མི་སྣང་ཡང༌། པ་ཚབ་ཀྱི་འགྱུར་སོགས་བདུན་ཙམ་དང་མཐུན་པར་སྣང་ལ། གཞན་སློབ་དཔོན་གྱིས་གཞུང་དུ་མ་ནས་དེ་ལྟར་བཤད་པ་ཡིན་ནོ། །དེ་དག་ལ་གཞན་དག་གིས་ནོར་བ་འདི་ལྟར་བྱས་ཏེ། དོན་དམ་སེམས་བསྐྱེད་ཆོ་གའི་སྒོ་ནས་ལེན་པ་མེད་དོ། །ཞེས་ཟེར་བ་དང༌། འདིར་ཀུན་རྫོབ་ཀྱི་རྣམ་པས་ཞེས་བཤད་པས། ཆོ་ག་འདི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཆོ་ག་ལ་སྦྱོར་དགོས་པ་ཡིན་ནོ། །ཞེས་ཟེར་བ་དང༌། འདིར་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པ་ཞེས་འབྱུང་བས། འདི་སྔགས་ལུགས་ཁོ་ན་ཡིན་གྱིས། ཕར་ཕྱིན་ཐེག་པ་ན་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་མེད་དོ་ཞེས་འཆད་པ་དག་འབྱུང་ངོ༌། དང་པོ་རིགས་པ་མིན་ཏེ། བདག་ཉིད་ཆེན་པོ་འདི་ཉིད་ཀྱིས་རིམ་པ་ལྔ་པའི་བཞི་པ་ལས། སློབ་མ་བཟང་པོ་སྐལ་ལྡན་མན་ངག་ཐོབ། །ཐལ་སྦྱར་ལག་པ་མེ་ཏོག་འཛིན་པ་ཡིས། །བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །བླ་མ་ལ་ནི་སླར་ཡང་བླང་བར་བྱ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་དང་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །དེ་ནས་རང་དང་རྗེས་མཐུན་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་རྟ། །ཞེས་ཆོ་གའི་སྒོ་ནས་ལེན་པ་གསལ་བར་གསུངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ཡང་མི་རིགས་སྟེ། འདིར་དེའི་ཆོ་ག་འཆད་པ་སྐབས་སུ་མ་བབས་པའི་ཕྱིར་དང༌། འོག་ནས་དེའི་རང་བཞིན་བཤད་པར་བྱའོ། །ཞེས་པ་ཡང༌། ཀུན་རྫོབ་སེམས་བསྐྱེད་ཀྱི་རང་བཞིན་ལ་འཆད་རིགས་པར་བྱ་བའི་ཕྱིར་དང༌། ཀུན་རྫོབ་ཀྱི་རྣམ་པས་ཞེས་བཤད་པ་ཙམ་གྱིས། ཀུན་རྫོབ་སེམས་ཀྱི་ཆོ་གར་སྦྱོར་དགོས་ན། སྨོན་པའི་རང་བཞིན་ཅན་ཞེས་བཤད་པས། སྨོན་པ་སེམས་བསྐྱེད་ཀྱི་ལེན་ཚུལ་ལ་སྦྱོར་དགོས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །གསུམ་པ་ཡང་མི་རིགས་ཏེ། བསྟན་བཅོས་མཛད་པའི་སློབ་དཔོན་འདི་ཉིད་ཀྱིས། དོན་དམ་བྱང་ཆུབ་ཀྱི་སེམས་ལེན་པའི་ཆོ་ག་མཚན་ཉིད་ཐེག་པའི་ལུགས་སུ་སྦྱར་བའི་བསྟན་བཅོས་མཛད་པའི་ཕྱིར་དང༌། དཔང་སྐོང་ཕྱག་རྒྱ་པ་ཞེས་པའི་མདོ་ལས་ཀྱང༌། འདི་ལེན་པའི་ཆོ་ག་གསལ་པོར་བཤད་པའི་ཕྱིར་རོ། །དེ་ལྟ་ན་ཡང་འདིར་བཤད་པ་ནི་གསང་སྔགས་ཀྱི་ལུགས་ཡིན་ལ། ཀུན་རྫོབ་ཀྱི་རྣམ་པས་ཤེས་པ། ཟླ་བ་དང་རྡོ་རྗེའི་རྣམ་པ་ལ་སེམས་གཉིས་ཀྱི་ངོ་བོར་མོས་པའོ། །དེ་ལྟར་བཤད་པ་ན། བྱང་ཆུབ་སེམས་དཔའ་ཞེས་པས་འཇིག་རྟེན་གྱིས་གང་ཟག་ཀུན་རྫོབ་བྱང་ཆུབ་དུ་སེམས་བསྐྱེད་ཟིན་པ་ཞིག་བསྟན། གསང་སྔགས་ཀྱི་སྒོར་ཞེས་སོགས་ཀྱིས། དོན་དམ་སེམས་བསྐྱེད་ལེན་ཚུལ་སྔགས་ལས་འབྱུང་བ་བཞིན་བསྟན། འོ་ན་དེ་ལྟར་བླངས་པ་ཙམ་གྱིས་རྒྱུད་ལ་སྐྱེས་པ་ཡིན་ནམ་སྙམ་པ་ལ། དེ་མིན་གྱི། བསྒོམས་པའི་སྟོབས་ཀྱིས་བསྐྱེད་དགོས་པ་ཡིན་ནོ་ཞེས་འཆད་པ་ནི། དོན་དམ་པའི་ཞེས་སོགས་སོ། །དེ་ཉིད་དོན་སེམས་བསྐྱེད་ལ་ཆོ་ག་ཡོད་པ་དང༌། ཆོ་ག་ཙམ་གྱིས་སྐྱེད་མི་ནུས་པའི་ཁྱད་པར་ཕྱེད་དགོས་པ་ཡིན་ཏེ། རྗེ་བཙུན་ས་སྐྱ་པའི་གསུང་གིས། དོན་དམ་སེམས་བསྐྱེད་ཅེས་བྱ་བ། །བསྒོམས་པའི་སྟོབས་ཀྱིས་སྐྱེ་མོད་ཀྱིས། །ཆོ་གའི་སྒོ་ནས་འདི་མི་སྐྱེད། ཞེས་དང༌། འདི་ལ་སྦྱོར་དངོས་རྗེས་གསུམ་གྱི། །ཆོ་ག་རྒྱལ་བས་གསུང་པ་མེད། །ཅེས་གསུང་པ་ལྟར་རོ། །དེ་ཡང་དངོས་གཞི་དང༌། རྗེས་ཀྱི་ཆོ་ག་མ་བཤད་པ་ཉི་ཤུས་པའི་གཙོ་བོ་ཡིན་ཞིང༌། བཤད་མ་ཐག་པའི་ཆོ་ག་དེ་ནི། དོན་དམ་སེམས་བསྐྱེད་དམ་བཅའ་བཅས་པ་ཙམ་གྱི་སྒོ་ནས་ལེན་པའི་ཆོ་གར་བཞེད་པ་ཡིན་ཏེ། ཇི་སྐད་དུ། གལ་ཏེ་བརྒྱ་ལ་གསུངས་སྲིད་ཀྱང༌། །དམ་བཅའ་ཡིན་གྱིས་ཆོ་ག་མིན། །དཔེར་ན་སྦྱིན་པ་བཏང་བར་བྱ། །ཞེས་གསུངས་སོ། །གཉིས་པ་དེའི་རང་བཞིན་གཏན་ལ་ཕབ་པ་ལ་གསུམ་སྟེ། མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་དང༌། དེའི་རང་བཞིན་བཤད་ནས་དེ་བསྒོམས་དགོས་པར་བསྟན་པ། དེ་ལྟར་སྒོམས་པས་འཁོར་བ་འཇིག་ཅིང༌། མི་གནས་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་ཕན་ཡོན་ནོ། །དང་པོ་ནི། བཏུད་པ་སྟེ་ཕྱག་འཚལ་བའོ། །གང་ལ་ན་དཔལ་ལྡན་རྡོ་རྗེ་བསྣམས་སྟེ་འཆང་ལའོ། །དེའི་རང་བཞིན་ཅི་ཞེ་ན། དོན་དམ་པའི་བྱང་ཆུབ་ཀྱི་བདག་ཉིད་ཀྱི་དངོས་པོའོ། །འདིའང་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ལ་ཡོད་མོད་ཀྱི། སྔ་མ་གཉིས་ལ་སྐུ་གསུམ་ལྷུན་གྲུབ་དུ་མ་ཚང་བས། མཚན་ཉིད་པ་ནི་འབྲས་དུས་ཀྱི་དེ་ཁོ་ནའོ། །དེ་ལྟར་བྱས་ནས་བཤད་དོ། །གང་གིས་ན་བསྟན་བཅོས་མཛད་པ་བདག་གིས་སོ། །གང་ན་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཇི་ལྟར་བསྒོམས་ན་ནིའོ། །དེ་སྒོམ་པའི་བྱེད་ལས་ཅི་ཞེ་ན་སྲིད་པ་འཇིག་པའོ། །འདིར་སྲིད་པ་ནི་གཉིས་ཏེ། ལས་དང་ཉོན་མོངས་པའི་དང༌། མ་རིག་བག་ཆགས་ཀྱི་སའི་འོ། །དེ་ལྟར་ན་རྐང་པ་དང་པོས་བསྟན་བཅོས་འདིའི་བརྗོད་བྱ་དང༌། གཉིས་པའི་ཕྱེད་ཀྱིས་ཉིང་དགོས་བསྟན་ལ་དགོས་འབྲེལ་གཉིས་ཤུགས་ལ་མཚོན་ནོ། །གཉིས་པ་ལ་གཉིས་ལས། བསྟན་པ་དང་བཤད་པའོ། །དང་པོ་ལ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ངོས་བཟུང༌། དེ་བསྒོམ་བྱར་བསྟན་པའོ། །དང་པོ་ནི། བཞེད་དོ། །གང་གིས་ན་སངས་རྒྱས་རྣམས་ཀྱིས་སོ། །གང་ན་དོན་དམ་བྱང་ཆུབ་ཀྱི་སེམས་དེའོ། །ཚུལ་ཇི་ལྟར་དུ་ན། གློ་བུར་གྱིས་རྟོག་པ་རྣམས་ཀྱིས་མ་སྒྲིབས་ཤིང༌། རྟག་ཏུ་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་འཛིན་པར་བཞེད་དོ། །རྟོག་པའི་ཇི་ལྟ་བུ་ཞེ་ན། གང་གི་བདག་དང་ཕུང་སོགས་ཆོས་སུ་ཞེན་པའི་རྣམ་རིག་གོ །གཉིས་པ་ནི། དོན་དམ་བྱང་སེམས་སྨོན་ལམ་གྱི་སྒོ་ནས་སྐྱེས་པའི་བྱང་སེམས་དེ་ཆོས་ཅན། སྙིང་རྗེས་བརླན་པའི་སེམས་ཀྱིས་ནི་འབད་པས་ཇི་ལྟར་བསྐྱེད་པའི་དོན་དམ་བྱང་སེམས་དེ་བསྒོམས་པར་བྱ་དགོས་པ་ཡིན་ཏེ། ཐུགས་རྗེའི་བདག་ཉིད་ཅན་སངས་རྒྱས་རྣམས་ཀྱིས་སྔོན་དོན་དམ་བྱང་ཆུབ་ཀྱི་སེམས་ནི་རྟག་ཏུ་འབད་པས་བསྒོམ་པའི་རྒྱུ་ལས་འབྲས་བུ་མི་གནས་པའི་མྱང་འདས་མངོན་དུ་མཛད་པའི་ཕྱིར་རོ། །གཉིས་པ་བཤད་པ་ལ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་དེ་བདག་ཉིད་ཀྱིས་ཇི་ལྟར་སྟོང་པའི་ཚུལ། སྟོང་པ་ཉིད་དེ་གོམ་བྱེད་ཀྱི་བློས་ཇི་ལྟར་བསྒོམས་པ། དེ་ལྟར་གོམས་པས་རྟག་ཆད་ལས་གྲོལ་བའོ། །དང་པོ་ནི། མུ་སྟེགས་ཀྱིས་གང་བརྟགས་པའི་བདག་དེ་རིགས་པས་རྣམ་པར་དཔྱད་པ་ན། ཕུང་པོ་ཀུན་གྱི་ནང་རྣམས་ན་གང་ཞིག་ནས་ཀྱང་རྙེད་པ་མིན་པ་ཉིད་དོ། །ཇི་ལྟར་ཞེ་ན། ཉེར་ལེན་གྱི་ཕུང་པོའི་སྟེང་ནས། ཕུང་པོ་རྣམས་ཁོ་ན་ཐ་སྙད་དུ་ཡོད་ཀྱི། དེ་ཡང་ཆོས་ཅན། བདག་གི་ངོ་བོ་མིན་ཏེ། རྟག་པ་མིན་པའི་ཕྱིར་རོ། །དེས་བདག་ཕུང་རྫས་གཅིག་བཀག་པའོ། །གལ་ཏེ་མ་ཡིན་ཀྱང་དེ་གཉིས་རྫས་གཞན་རྟེན་དང་བརྟེན་པའི་ཚུལ་དུ་ཡོད་དོ་ཞེ་ན། དེ་ཡང་ཡོད་པ་མིན་ཏེ། གྲུབ་པའི་མཐའ་འགར་ཡང༌། རྟག་པ་དང་མི་རྟག་པ་གཉིས་རྟེན་དང་བརྟེན་པའི་དངོས་པོར་རིག་པ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཁྱད་གཞི་མི་འཐད་པ་དང༌། འཐད་ཀྱང་དེ་བྱེད་པ་པོར་མི་འཐད་པའོ། །དང་པོ་ནི། གལ་ཏེ་བདག་མེད་ན་ལས་བྱེད་པ་པོ་མི་འཐད་དོ་ཞེ་ན། ཁྱད་གཞི་བདག་ཅེས་བྱ་བ་དེ་ཡོད་པ་མིན་ན། ཁྱད་ཆོས་བྱེད་པ་པོ་ཞེས་བྱ་བ་ག་ལ་བརྟག་སྟེ། འཇིག་རྟེན་ན་ནི་ཆོས་ཅན་ཡོད་ན། ཆོས་རྣམས་ལ་དཔྱོད་པ་འཇུག་གི གཞན་དུ་མ་ཡིན་པའི་ཕྱིར། གཉིས་པ་ལ་དོན་བྱེད་མི་ནུས་པའི་རྟགས་ཀྱིས་དགག་པ་དང༌། རྟག་ན་དངོས་པོར་འགལ་བའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། ངར་འཛིན་གྱིས་བཏགས་པའི་དངོས་པོ་བདག་དེ་ཆོས་ཅན། ཕྱི་དང་ནང་གང་དུ་ཡང་ནི་དངོས་པོར་མེད་པ་ཉིད་དོ། །གང་གིས་ཕྱིར་ན་རྟག་པར་ཁས་བླངས་པས་རིམ་པ་དང༌། གཅིག་ཆར་གྱིས་དོན་བྱེད་པ་རུང་བ་མིན་པ་དེ་ནི། གལ་ཏེ་དེས་དོན་བྱེད་ནུས་ན་བདག་དེ་ནི་ཆོས་ཅན། གཅིག་ཆར་དུ་འབྲས་བུའི་དངོས་པོ་འབྱིན་པར་འགྱུར་ཏེ། ཇི་སྟེ་རྐྱེན་ལ་ལྟོས་ཏེ། མི་ལྟོས་པར་འབྲས་བུ་སྐྱེད་པའི་ཕྱིར། རྟགས་ཁས་བླངས་ཏེ། གང་ཞིག་དངོས་པོ་གཞན་ནས་དོན་བྱེད་པ་ནི། རྟག་པ་དང་ནུས་ལྡན་གཉིས་ཚོགས་མ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་བདག་དངོས་པོར་འདོད་ན་རྟག་པ་མིན་དགོས་ཏེ། དངོས་པོ་རྣམས་རྟག་ཏུ་སྟེ། དུས་ནམ་ཡང་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར། དེའི་རྟགས་ནི་གོང་དུ་རྟག་པ་ལ་དོན་བྱེད་པ་འགོག་པའི་རྟགས་ཀྱིས་བསྒྲུབས་ཟིན་ནོ། །གལ་ཏེ་བདག་མེད་ན། འཇིག་རྟེན་གྱི་བདག་བྱེད་པ་པོར་མི་རུང་ངོ་ཞེ་ན། བདག་དང་གང་ཟག་སོགས་བྲལ་བའི་འཇིག་རྟེན་ནི་ཆོས་ཅན། ཐ་སྙད་དུ་བྱེད་པ་པོ་མེད་པ་མིན་ཏེ། གང་གིས་ཕྱིར་ན། མི་རྟག་པའི་དངོས་པོ་ལ་བྱེད་པ་པོ་རུང་བ་ཉིད་བཀག་པ་མེད་པའི་ཕྱིར། དེ་ཡང་ཇི་སྐད་དུ། འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །ཞེས་བཤད་པ་དང་མཐུན་ནོ། །གཉིས་པ་ཆོས་ཀྱི་བདག་འགོག་པ་ལ་གཉིས་ཏེ། བསྟན་པ་དང་བཤད་པའོ། །དང་པོ་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། གཟུང་བ་དང་འཛིན་པ་ནི། བློ་ཡིས་ཏེ་ཤེས་རབ་ཀྱི་འཇོམས་པར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། ཉན་ཐོས་ཀྱི་དབང་དུ་བྱས་ནས་ཆོས་གསུམ་རང་བཞིན་གྱིས་ཡོད་པར་གསུངས་པའི་ཚུལ། བྱང་སེམས་ཀྱི་དབང་དུ་བྱས་ནས་ཆོས་གསུམ་སྣང་ལ་རང་བཞིན་མེད་པར་གསུངས་པའི་ཚུལ། ཆོས་གསུམ་རང་བཞིན་གྱིས་ཡོད་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། འོ་ན་ཆོས་གསུམ་ཤེས་རབ་ཀྱིས་འཇོམས་ནུས་ན། མདོ་ལས་ཆོས་གསུམ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན། མིན་ཏེ། ཕན་པར་བཞེད་པས་སངས་རྒྱས་རྣམས་ཀྱིས་ནི། གཟུགས་དང་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་སྟེ། ཕུང་པོ་གསུམ་རང་བཞིན་གྱིས་ཡོད་པ་དེ་ལྟར་དུ། ཉན་ཐོས་རྣམས་ལ་གསུང་ལ། འདིར་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་ནས་འཆད་དགོས་པའི་ཕྱིར། གཉིས་པ་ནི། འདིར་ཕུང་པོ་ལྔ་རང་བཞིན་གྱིས་མ་གྲུབ་པར་ཁས་ལེན་ཏེ། རྐང་གཉིས་མཆོག་གིས་རྟག་དུ་ཡང་སྟེ། ངེས་པར་གཟུགས་ནི་དབུ་བ་བརྡོལ་འདྲར་སྣང་བ་དང༌། ཚོར་བ་ཆུའི་ཆུ་བུར་དང་འདྲ་བ་དང༌། འདུ་ཤེས་སྨིག་རྒྱུ་དང་མཚུངས་ཤིང༌། འདུ་བྱེད་ཆུ་ཤིང་དང་འདྲ་ལ་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་ཞེས་ཕུང་པོ་རང་བཞིན་མེད་པར་བསྟན་པ་དེ་ལྟ་བུ། བྱང་ཆུབ་སེམས་རྣམས་ལ་བཤད་པའི་ཕྱིར། གསུམ་པ་ལ་ཆོས་གསུམ་པོ་སོ་སོའི་མཚན་གཞི་ངོས་བཟུང་བ། དེ་རང་བཞིན་གྱིས་ཡོད་པ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། འབྱུང་ཆེན་བཞིའི་རང་བཞིན་ཅན། །གཟུགས་ཀྱི་ཕུང་པོ་རབ་ཏུ་བཤད། །ཅེས་པས་གཟུགས་ཀྱི་ཕུང་པོ་ངོས་བཟུང་ནས། དེའི་ལྷག་མར་གྱུར་པའི་དངོས་པོ་རྣམས་ནི། གཟུགས་མེད་པའི་ཕུང་པོ་ཉིད་དུ་ནི་གྲུབ་བོ། །དེའི་ཤེས་བྱེད་ཀྱང༌། མེད་ན་མི་འབྱུང་ངེས་ཕྱིར་ཞེས་པ་སྟེ། མྱོང་བའི་ཆ་མེད་ན། ཚོར་བ་མི་འབྱུང་བ་ལ་སོགས་པའོ། །ཕུང་པོའི་མཚན་གཞི་བཤད་པ་དེ་དག་རྣམས་ཀྱིས་མིག་དང་གཟུགས་ཀྱི་ཁམས་སོགས་བཅོ་བརྒྱད་མཚོན་པར་ནུས་ལ། ཁམས་བཅོ་བརྒྱད་པོ་རྣམས་སུ་གང་བཤད་པ་དེ་དག་ཉིད་ནི། སྐྱེ་མཆེད་བཅུ་གཉིས་དང་ནི་གཟུང་བ་དང་འཛིན་པར་ཡང་ནི་ཤེས་པར་བྱའོ། །གཉིས་པ་ལ་གསུམ་སྟེ། ཕྱི་དོན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིག་པ་དང༌། རང་རིག་པའི་ཤེས་པ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། སྤྱིར་སེམས་ཙམ་བདེན་མེད་དུ་བསྒྲུབ་བྱེད་ཀྱི་རིགས་པའོ། །དང་པོ་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། རྩོད་པ་སྤངས་ཏེ། ཕྱི་རོལ་གྱིས་དོན་མེད་པར་གྲུབ་པའོ། །དང་པོ་ནི། དོན་སྨྲ་བ་ན་རེ། ཕྱི་རོལ་གྱི་དོན་ཡོད་དེ། དོན་སྣང་གི་ཤེས་པ་རེས་འགའ་སྐྱེ་བའི་ཕྱིར་ཞེས་ཟེར་རོ། །གཟུགས་རྡུལ་དེ་ནི་ཆོས་ཅན། དབང་ཤེས་སྐྱེད་བྱེད་མིན་ཏེ། དབང་པོ་ལས་འདས་པ་སྟེ། ཚད་མས་མ་དམིགས་པའི་ཕྱིར་རོ། །གཉིས་པ་ལ་རགས་པ་རགས་པ་མི་འཐད་པ་དང༌། རྡུལ་ཕྲ་མོ་མི་འཐད་པའོ། །དང་པོ་ནི། རྡུལ་མང་པོ་འདུས་པ་དབང་ཤེས་དེ་རྣམས་ཀྱི་སྐྱེད་བྱེད་དོ། །ཅེ་ན། ཚོགས་པ་དེ་ཡང་ཆོས་ཅན། ཡོད་པར་མི་འདོད་དེ། སོ་སོར་རྟོག་པའི་ཤེས་རབ་ཀྱི་བརྟགས་པ་ན། མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི་དེས་དེ་མ་དམིགས་ཀྱང༌། རྡུལ་ཕྲན་ནི་བློས་གཞིག་པར་མི་ནུས་སོ་ཞེ་ན་མིན་ཏེ། ཕྱོགས་བཅུའི་དབྱེ་བས་ཕྱེ་བ་ཡིས་རྡུལ་ཕྲན་ལ་ཡང་ཆ་ཤས་ཀྱི་དབྱེ་བ་མཐོང་ལ། གང་ལ་ཆ་ཤས་ཀྱིས་བཏགས་པ་དེར་ནི་རྡུལ་ཕྲན་ཇི་ལྟར་འདོད་དེ། མ་དམིགས་པའི་ཕྱིར་རོ། །གསུམ་པ་ནི། ཕྱི་རོལ་གྱི་དོན་མེད་ན་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ཤེས་པ་འགལ་ལོ་ཞེ་ན། དོན་དུ་སྣང་བ་རྣམ་པ་ཡིན་པའི་གཏན་ཚིགས་དང༌། རྨི་ལམ་ལ་དོན་མེད་ཀྱང་དོན་སྣང་གི་ཤེས་པ་སྐྱེ་བའི་དཔེའོ། །དང་པོ་ནི། དོན་ཡོད་པའི་སྒྲུབ་བྱེད་དེ་ལ་ཁྱབ་པ་མ་ངེས་ཏེ། ཕྱི་རོལ་གྱི་དངོས་པོ་གཅིག་ཉིད་དུ་འདོད་པ་དེ་ལ་ཡང༌། རྣམ་པ་སྣང་ཚུལ་ཐ་དད་པའི་ཤེས་པ་འཇུག་པར་འགྱུར་བས་སོ། །དེའི་ཤེས་བྱེད་ཀྱི་དཔེ་ནི། ཡིད་འོང་དུ་འདོད་པའི་གཟུགས་ནི་གང་ཡིན་པ་དེ་ཉིད་གཞན་དུ་སྣང་བར་འགྱུར་བར་མཐོང་བ་དང༌། གཟུགས་ནི་གང་ཡིན་པ་དེ་ཉིད། གཞན་ལ་གཞན་སྣང་བར་འགྱུར་བར་མཐོང་བ་དང༌། བུད་མེད་ཀྱི་རོའི་གཟུགས་སུ་འདོད་པ་ནི་གཅིག་པུ་ལ་ཀུན་དུ་རྒྱུ་སྟེ་རྣལ་འབྱོར་པ་དང༌། ཆགས་ཅན་དང་ཁྱི་རྣམས་ཀྱི་རོ་དང༌། འདོད་བྱ་དང༌། བཟའ་བ་ཞེས་བྱ་བའི་རྣམ་པར་རྟོག་པ་གསུམ་འདྲེན་པ་ཡིན་ནོ། །དེ་དག་གིས་ནི་བྱེ་བྲག་ཏུ་སྨྲ་བས་དོན་རྣམ་མེད་དུ་འཛིན་པའི་འདོད་པ་བཀག་པའོ། །གཉིས་པ་ནི་ཕྱི་རོལ་གྱི་དོན་ཡོད་པར་མཚུངས་པ་ཡིན། དེར་སྣང་གི་ཤེས་པ་སྐྱེད་པའི་བྱེད་པ་མིན་ཏེ། རྨི་ལམ་གྱི་ཤེས་པ་ལ་ཕན་གནོད་མེད་པ་བཞིན་ནོ། །དེ་ལས་གཞན་ན་རྨི་ལམ་གྱི་ཤེས་པ་ལ་སྣང་བའི་དོན་ཡོད་པར་འགྱུར་ཏེ། རྨི་ལམ་དང༌། སད་པའི་གནས་སྐབས་ཀྱི་ཤེས་པ་གཉིས་ལ་དོན་དེ་དང་དེར་བྱེད་པར་སྣང་བ་ལ་ཁྱད་པར་མེད་ཅིང༌། སྣང་བ་སྐྱེ་བས་དོན་ལ་རག་ལས་པའི་ཕྱིར། དེ་ནི་མདོ་སྡེ་པ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་དོན་གཞན་ཡོད་པར་འདོད་པ་དེ་བཀག་པའོ། །མདོར་ན་རྣམ་ཤེས་ལས་ནི་ཐ་དད་པར་ཕྱི་རོལ་གྱི་དོན་འགའ་ཡང་མེད་དེ། གཟུང་བ་དང་འཛིན་པ་གཉིས་སྣང་བའི་ངོ་བོ་འཁྲུལ་བ་ཡིས། རྣམ་ཤེས་ལ་སྣང་བ་གང་ཡིན་པ་དེ་ཉིད་ལ་དོན་དུ་ཞེན་པ་ཡིན་པའི་ཕྱིར། དེ་ཡི་ཕྱིར་དངོས་པོའི་ངོ་བོ་ནི་ཕྱི་དོན་ཀུན་ཏུ་མེད་བཞིན་དུ་ཤེས་སོ་སོ་ལ་གཟུགས་སྒྲ་སོགས་སོ་སོར་སྣང་བ་འདི། གཟུགས་སོགས་ཀྱི་རྣམ་པར་རྗེས་ཀྱི་རྟོག་པ་ལ་སྣང་ཞིང་ཞེན་པར་འགྱུར་བ་ཡིན་ནོ། །ཤེས་བྱེད་ཀྱི་དཔེ་ནི་ཇི་ལྟར་ན། སྐྱེ་བོ་སེམས་རྨོངས་པས་སྒྱུ་མའི་རྟ་དང༌། སྨིག་རྒྱུའི་ཆུ་དང༌། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མེད་བཞིན་དུ་མཐོང་བ་ལྟར། དེ་བཞིན་དུ་གཟུགས་སྒྲ་ལ་སོགས་པ་མེད་བཞིན་དུ་སྣང་བ་ཡིན་ནོ། །གཉིས་པ་ཡེ་ཤེས་བདེན་མེད་དུ་བསྒྲུབ་པ་ལ་གཉིས་ཏེ། བདག་མེད་གཉིས་ལ་འཇུག་པའི་རིམ་པ་བཤད་པ་དང༌། ཡེ་ཤེས་བདེན་མེད་དུ་བསྒྲུབ་པ་དངོས་སོ། །དང་པོ་ནི། གོང་དུ་ཕྱི་དོན་མེད་ཅིང༌། དོན་དུ་སྣང་བ་སེམས་ཀྱི་རྣམ་པར་བཤད་པ་དེ་ལྟར་ན། ཆོས་མངོན་པ་ལས་ཕུང་སོགས་གསུངས་པ་དང་འགལ་ཞིང༌། རྣམ་པ་དེ་ཉིད་སེམས་སུ་ཁས་ལེན་ནུས་སམ་ཞེ་ན། ལན་ལ་གསུམ་སྟེ། ངར་འཛིན་གྱི་གཉེན་པོར་གསུམ་གསུངས་པར་བསྟན་པ། བདག་ཆད་དོགས་ཀྱི་སྐྲག་པ་སྤངས་ཕྱིར་དུ་སེམས་ཙམ་དུ་གསུངས་པ་སྣང་བ་ཐམས་ཅད་སེམས་ཙམ་མིན་པའི་ཤེས་བྱེད་དོ། །དང་པོ་ནི། དེ་དང་དེ་འགལ་བ་མིན་ཏེ། དགོས་པ་གང་ཟག་གི་བདག་དུ་འཛིན་པ་བཟློག་པའི་ཕྱིར་དུ་ཆོས་མངོན་པ་ལས། ཕུང་པོ་ཁམས་སོགས་ཀྱི་དབང་དུ་དབྱེ་བ་བསྟན་པ་ཡིན་ལ། སྐལ་ཆེན་ཐེག་པ་ཆེན་པོ་པ་རྣམས་ཀྱིས་གནས་སྐབས་སེམས་ཙམ་པོ་ལ་གནས་ནས་ནི། ཉན་ཐོས་སྡེ་པ་དང་ཐུན་མོང་བའི་ཕུང་སོགས་ཀྱི་དབྱེ་བ་ཡང་སྤངས་པའོ། །འོ་ན་གནས་སྐབས་དེར་གནས་མཁན་གྱི་ཐེག་པ་ཆེན་པོ་པ་དེ། དབུ་མ་པ་ཁོ་ན་ཡིན་ནམ་ཞེ་ན། མིན་ཏེ། རྣམ་པར་ཤེས་པ་སྨྲ་བ་བདེན་པ་དང༌། མདོ་སྡེ་པ་ལའང༌། སྣ་ཚོགས་སུ་སྣང་བ་འདི་ནི་སེམས་སུ་གྲུབ་པས་སོ། །གཉིས་པ་ནི། མཐར་ཐུག་སྣང་བ་དེ་སེམས་ཙམ་དུ་ནི་འཆད་པ་མ་ཡིན་ཏེ། རྣམ་ཤེས་རང་བཞིན་གང་ཞེ་ན། །ད་ནི་དེ་ཉིད་བཤད་བྱ་སྟེ། །ཞེས་མཚམས་སྦྱར་ནས། ཁམས་གསུམ་པོ་འདི་དག་ཐམས་ཅད་སེམས་ཙམ་མོ་ཞེས་ཐུབ་པས་བསྟན་པར་གང་མཛད་པ་དེ། བྱིས་པ་རྣམས་ཀྱི་སྐྲག་པ་ནི་སྤངས་པའི་ཕྱིར་ཡིན་གྱིས་ཇི་བཞིན་པ་མིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྣམ་རྫུན་པ་དང་ཐུན་མོང་གིས་རིགས་པ་དང་ཐེག་ཆེན་ཐུན་མོང་མིན་པའི་ལུང་ངོ༌། །དང་པོ་ནི། སྣང་བ་དེ་ཉིད་སེམས་སུ་བདེན་པ་མིན་ཏེ། ཀུན་བརྟགས་དང་ནི་གཞན་དབང་དང༌། ཡོངས་སུ་གྲུབ་པ་ཉིད་གསུམ་དུ་ཕྱེ་བ་འདི་ནི། སྟོང་པ་ཉིད་གཅིག་པུའི་ངོ་བོ་སེམས་རང་བཞིན་གྱིས་འོད་གསལ་བ་ལ། ཤེས་རབ་ཀྱི་རྣམ་པར་བརྟགས་པ་ཡིན་པའི་ཕྱིར། ངག་དོན་ནི། གཟུང་འཛིན་གཉིས་སྟོང་གིས་ཤེས་པ་གཅིག་པུ་ལ། ཆོས་གསུམ་དུ་རྣམ་པར་ཕྱེ་བ་ཡིན་གྱི། གཞན་དབང་སྒྱུ་མ་ལྟ་བུ་དེ། གཟུང་འཛིན་གཉིས་ཀྱིས་སྟོང་པར་གྲུབ་པ་ན། ཡོངས་གྲུབ་གཅིག་པུ་ལས་གཞན་དབང་དངོས་པོར་མེད་པའི་དོན་ནོ། །དེ་སྐད་དུ་ཡང༌། མདོ་སྡེ་བརྒྱན་ལས། སེམས་ལས་གཞན་མེད་པ་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་གསུངས་སོ། །དེ་ལྟར་བཤད་པ་ན། རྣལ་འབྱོར་སྤྱོད་པའི་རྣམ་རྫུན་པ་ལ་ནི། སེམས་ཙམ་པ་ཞེས་མི་བྱ་སྟེ། སྣང་བ་སེམས་སུ་ཁས་མི་ལེན་པས་སོ། །རྣམ་རིག་པ་ཞེས་བྱ་སྟེ། ཡོངས་གྲུབ་ཀྱིས་ངོ་བོ་རིག་པར་ཁས་ལེན་ཞིང༌། དེ་ལས་ལོགས་སུ་གྱུར་པའི་གཞན་དབང་གི་དངོས་པོ་ཁས་མི་ལེན་པས་སོ། །གཉིས་པ་ནི་ཐེག་ཆེན་ལ་དགའ་བའི་བདག་ཉིད་དབུ་མ་པའི་རིགས་ཅན་རྣམས་ལ། སངས་རྒྱས་ཀྱིས་ནི་ཆོས་ལ་བདག་མེད་པར་མཉམ་པ་ཉིད་དུ་མདོར་བསྡུས་ནས་གསུངས་སོ། །ཇི་ལྟར་གསུངས་ན། ཡུམ་བསྡུས་པ་ལས། སེམས་ལ་ནི་སེམས་མ་མཆིས་ཏེ། །སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སེམས་ནི་གདོད་མ་ནས་མ་སྐྱེས་པར་གསུངས་སོ། །འདིར་རྣམ་རྫུན་པས་འདོད་པའི་སེམས་བདེན་མེད་དེ་ནི། གཞན་སྟོང་ཁོ་ནར་ངེས་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་དུ་བདག་མེད་མཉམ་པ་ཉིད་ཅེས་གསུངས་སོ། །སེམས་ལ་སེམས་མ་མཆིས་ཞེས་པས་ནི་སེམས་རང་སྟོང་དུ་བཤད་པ་ཡིན་ལ། རྣམ་རྫུན་པ་ལྟར་ན། རྣམ་བརྟགས་ཀྱི་སེམས་ལ། ཀུན་བརྟགས་ཀྱི་སེམས་མེད་པར་འཆད་པའོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཁོ་ན་དོན་དམ་དུ་འདོད་པའི་རྣལ་འབྱོར་སྤྱོད་པ་བ་རྣམས་ཀྱིས་ནི། རང་གིས་སེམས་ཀུན་གཞིའི་རྣམ་ཤེས་ཀྱི་དབང་དུ་བྱས་ཏེ། དེའི་སྟེང་ན་ཡོད་པའི་གནས་སམ་བག་ཆགས་ཡོངས་སུ་གྱུར་ནས་དག་པའི་སེམས་སམ་ཡེ་ཤེས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པ་དེ་ཁོ་ན་བདེན་པར་ཡོད་དོ། །ཞེས་བརྗོད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། ཀུན་གཞིའི་འདོད་ཚུལ་དགག །གཉིས་མེད་ཀྱི་ཡེ་ཤེས་རང་གིས་ངོ་བོས་མི་སྟོང་པར་དགག་པའོ། །དང་པོ་ལ། སེམས་ཙམ་པའི་ཀུན་གཞིའི་འདོད་ཚུལ་དགག དབུ་མ་པ་རང་ལུགས་ཀྱིས་ཀུན་གཞི་ཁས་ལེན་ཚུལ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཀུན་གཞིའི་སྟེང་གི བག་ཆགས་གནས་གྱུར་པ་མི་འཐད་པ་དང༌། ཀུན་གཞི་བག་ཆགས་ཀྱི་གནས་སུ་མི་འཐད་པའོ། །དང་པོ་ནི། གནས་གྱུར་གྱིས་ཡེ་ཤེས་བདེན་པར་མེད་དེ། གནས་སམ་བག་ཆགས་འདས་པ་གང་ཡིན་པ་དེ་ནི། ཀུན་གཞིའི་སྟེང་ན་མེད་དེ། མ་འོངས་པ་ནི་མ་སྐྱེས་པས་ཐོབ་པ་མིན། ད་ལྟར་བ་ནི་གནས་བཞིན་པ་ཡིན་པའི་ཕྱིར། ད་ལྟར་བ་ལའང༌། གནས་ནི་ཡོངས་སུ་གྱུར་པ་ག་ལ་ཡོད་དེ་མེད་པའི་ཕྱིར། གཉིས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ནི། ཟག་པ་དང་བཅས་པའི་ཆོས་གཞན་གྱི་རྟེན་དུ་མེད་དེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་རང་གི་བདག་ཉིད་དུ་མེད་པའི་ངོ་བོ་ཡིན་པའི་ཕྱིར། དཔེར་ན་མཁར་གཞོང་མེད་ན་དེ་ལ་རྒྱ་ཤུག་མི་བརྟེན་པ་བཞིན་ནོ། །རྟགས་གྲུབ་སྟེ། ཀུན་གཞིའི་སྟེང་གི་བག་ཆགས་དེ་ཇི་ལྟར་ཡོད་པ་དེ་ལྟར་དུ། ཚོགས་དྲུག་ལ་སྣང་བ་མིན་ཏེ། རྣམ་ཤེས་ཚོགས་དྲུག་ལ་ཇི་ལྟར་སྣང་བ་དེ་དེ་ལྟར་དུ་ཀུན་གཞིའི་སྟེང་ན་ཡོད་པ་མིན་པའི་ཕྱིར། དེ་ལས་གཞན་དུ་ན་ས་བོན་འཇུག་ཤེས་ལ་སྣང་བ་དང༌། ས་བོན་མིན་པ་ཡང་འཇུག་ཤེས་ཀྱིས་ལོངས་སྤྱོད་པས་ཆོག་པར་འགྱུར་རོ། །ངག་དོན་ནི་ཀུན་གཞིའི་རྣམ་ཤེས་ཆོས་ཅན། ཟས་ཀྱི་རྟེན་མིན་ཏེ་དེ་ཁྱོད་ལ་མི་རྟེན་པའི་ཕྱིར། ཞེས་པའོ། །འཆད་ཚུལ་གཉིས་པ་ནི། རྣམ་ཤེས་བདག་མེད་ངོ་བོ་སྟེ་ཞེས་པས་བདག་གཉིས་ཀྱིས་སྟོང་པའི་སེམས་གསལ་ཆོས་ཅན་དུ་བཟུང་བའོ། །རྟེན་གཞན་རྣམ་པར་ཤེས་པ་མེད་ཅེས་པ་ནི། རྣམ་པར་ཤེས་པ་གཞན་རྟེན་མེད་ཅེས་བྱ་བའི་དོན་ཡིན་པས། རྣམ་ཤེས་གཞན་གྱི་ས་བོན་མི་བརྟེན་པ་བསྒྲུབ་བྱའི་ཆོས་སུ་བྱས་པའོ། །རྐང་པ་གོང་མ་གཉིས་རྟབས་སུ་སྦྱར་ནས་གཟུགས་སྣང་གི་བག་ཆགས་ཇི་ལྟར་དུ་ཡོད་པ་དེ་ལྟར་དུ་སྣང་ན། ལོང་བ་ལ་གཟུགས་སྣང་དགོས་པ་ལས་མིན་པའི་ཕྱིར་དང༌། སྔོན་སྣང་མ་མྱོང་བའི་དངོས་པོ་ཇི་ལྟར་སྣང་བ་དེ་ལྟར་གྱི་བག་ཆགས་རྣམ་ཤེས་ཀྱི་སྟེང་ན་ཡོད་པ་མིན་པའི་ཕྱིར་ཞེས་པའོ། །མདོར་ན་སེམས་ཙམ་པས་ཀུན་གཞིའི་ས་བོན་གྱི་ཆ་ནི། ལྡན་པ་མ་ཡིན་པའི་འདུ་བྱེད་དུ་ཁས་ལེན་པས། བདེན་པར་མི་འདོད་ལ། གསལ་རིག་གི་ཆ་ནི་བདེན་གྲུབ་དུ་འདོད་ཀྱང༌། རྣམ་ཤེས་ཚོགས་དྲུག་ལས་རྫས་གཞན་དུ་ཁས་མི་ལེན་ཏེ། ཤེས་པ་ཐམས་ཅད་ཀྱི་འཛིན་རྣམ་གྱི་ཆ་དེ་དངོས་པོ་གཅིག་ཁོ་ནར་ཁས་ལེན་པའོ། །གཉིས་པ་ནི། འོ་ན་མདོ་ལས་ཀྱང༌། ཀུན་གཞི་སྟོན་པའི་ལུང་གིས་ཅི་ཞིག་བསྟན་ཞེ་ན། ལན་ལ་གཉིས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་དེ། རང་གི་ངོ་བོས་སྟོང་ཡང༌། མི་སྟོང་བར་སྣང་བའི་དཔེ་བཤད་ནས་དེ་ཉིད་ཐ་སྙད་དུ་ཀུན་གཞིར་ཁས་ལེན་དགོས་པར་བསྟན་པ་དང༌། དེ་འདྲ་དེ་རྣམ་ཤེས་མ་ཡིན་ཀྱང༌། ལུས་ལ་བརྟེན་པའི་ཚེ་རྣམ་ཤེས་སུ་རྟག་པའོ། །དང་པོ་ནི། ཇི་ལྟར་རྡོ་ཁབ་ལེན་དང་ཉེ་བས། ལྕགས་ནི་མྱུར་དུ་ཡོངས་སུ་འཁོར་བར་གྱུར་པ་དེའི་ཚེ། ལྕགས་དེ་ལ་སེམས་ནི་ཡོད་པ་མ་ཡིན་ཀྱང༌། སེམས་དེ་དང་ལྡན་པ་བཞིན་དུ་སྣང་བར་འགྱུར་རོ། །དཔེ་དེ་བཞིན་དུ་ཀུན་གཞིའི་རྣམ་ཤེས་ཞེས་བྱ་བའི་མིང་ཅན། སེམས་རང་བཞིན་གྱིས་འོད་གསལ་བ་དེ། རང་གི་ངོ་བོས་མིང་སྟོང་བའི་བདེན་པ་མ་ཡིན་ཀྱང༌། ལུས་ལེན་པ་དང་ཉེ་བར་འགྱུར་བ་གང་གིས་ཚེ། བདེན་པ་བཞིན་དུ་ནི་སྐྱེས་གནས་སུ་འགྲོ་བ་དང༌། དེ་ནས་འོང་བ་དང༌། གང་ལ་བརྟེན་པའི་ལུས་དེ་གཡོ་བར་འགྱུར་བ་དེའི་ཕྱིར་ན། དེའི་སྲིད་པའང་འཛིན་པར་བྱེད་དོ། །ངག་དོན་ནི་འོད་གསལ་དེ་ཆོས་ཅན། ས་བོན་སྐྱེས་གནས་མ་ཡིན་ཀྱང༌། ས་བོན་གྱིས་ལུས་བཟུང་བའི་ཚེ། ཀུན་གཞི་ཞེས་བྱ་སྟེ། སྲིད་པ་འཛིན་པ་དང༌། ལུས་ཀྱིས་ཀྱང་ཐོག་མར་འཛིན་པའི་ཕྱིར། ཞེས་པའོ། །གཉིས་པ་ནི། ཇི་ལྟར་རྒྱ་མཚོ་ལ་ནི་ཤིང་སེམས་ནི་མེད་ཀྱང་གཡོ་བར་འགྱུར་བ་ལ། དེ་བཞིན་དུ་ཀུན་གཞིའི་རྣམ་ཤེས་ཀྱིས་མིང་ཅན། སེམས་རང་བཞིན་གྱིས་འོད་གསལ་བ་དེ་ལ་སེམས་ཀྱི་མཚན་གཞི་མ་ཚང་ཡང༌། དེ་ཉིད་གང་གིས་དྲངས་པའི་ལུས་ལ་བརྟེན་ནས་ནི། ཁམས་གསུམ་དུ་གཡོ་བར་བྱེད་པ་ཡིན། དེ་དང་དེར་གཡོས་པ་དེའི་ཚེ། ལུས་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་དྲུག་པོ་འབྱུང་བ་དང༌། བདག་ཏུ་འཛིན་པར་འབྱུང་བར་འགྱུར་རོ། །དེའི་དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བཏགས་སོ། །སེམས་ཙམ་པས་ནི། སྡུག་བསྔལ་བསགས་པའི་ལུས་མེད་བཞིན་དུ། ཀུན་གཞིའི་གཞན་སྟོང་རྒྱུ་མ་ལྟ་བུ་རང་གི་ངོ་བོས་གྲུབ་པར་ཁས་བླངས་ལ། འདིར་ནི་ལུས་མེད་པར་དེ་མི་རུང་བས་གཉིས་ཀ་ཐ་སྙད་དུ་ཡོད་མཉམ་མོ། །དེ་ལྟར་བཤད་པ་ན། སེམས་ཙམ་པས་ནི། བག་ཆགས་བསྒོ་བའི་གཞིར་གྱུར་པའི་ཤེས་པ་དེའི་སྟེང་ན། ཟག་བཅས་ཀྱི་ཆ་དང༌། ཟག་མེད་ཡེ་ཤེས་ཀྱི་ཆ་གཉིས་ལས། དང་པོ་ནི། ཀུན་གཞི་དང༌། ལུང་མ་བསྟན་དུ་ཁས་ལེན་ལ། གཉིས་པ་དེ་དེར་ཁས་མི་ལེན་པར་རང་བཞིན་དུ་གནས་པའི་རིགས་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། ཟག་མེད་ཀྱི་དགེ་བར་ཁས་ལེན་ནོ། །དབུ་མ་པས་ནི་བཤད་མ་ཐག་པའི་ཆ་ཤས་དང་པོ་དེ། ཀུན་གཞིར་ཁས་ལེན་པ་ལྟ་ཞིག མཚན་ནི་དེ་འདྲ་སྲིད་པར་ཁས་མི་ལེན་ལ། ཆ་ཤས་གཉིས་པ་འོད་གསལ་གྱི་ཆ་ཤས་དེ་ལ་ཀུན་གཞི་དང་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། །དེ་ཡང་སེམས་ཙམ་པ་འདོད་པ་ལྟར། ཟས་ཀུན་གྱི་གཞི་ཡིན་པས། ཀུན་གྱི་མི་འཆད་ཀྱི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པས་དེ་ཞེས་བྱའོ། །དེ་ལྟར་ན་ལུགས་འདི་ལ་དེ་འདྲ་དེ་ཀུན་གྱིས་མཚན་ཉིད་པར་ཁས་བླངས་པས་ཆོས་ཀྱི། རྣམ་ཤེས་ནི་དངོས་པོ་མིན་ཏེ། དེའི་མཚན་ཉིད་མ་ཚང་པའི་ཕྱིར་རོ། །དེའི་ཕྱིར་དབུ་སེམས་གཉིས་ཀུན་གཞིའི་ངོས་འཛིན་མི་འདྲ་བ་ཡིན་གྱི། མཚན་གཞི་གཅིག་བཟུང་ནས་ནི། བདེན་གྲུབ་དུ་འདོད་མི་འདོད་ཀྱི་སྒོ་ནས་ཁྱད་འབྱེད་པ་མ་ཤེས་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་མཐར་ཐུག་གིས་གྲུབ་པའི་མཐའ་ལ། རྣམ་ཤེས་བདེན་གྲུབ་དུ་ཁས་ལེན་པ་མེད་པའི་ཕྱིར། འོ་ན་དེའི་གྲུབ་པའི་མཐའ་འཆད་པ་ན། ཇི་སྐད་དུ། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་བཤད་པ་མིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ལུགས་དེས་དེ་རང་སྟོང་དུ་མི་འདོད་པ་ལ་དགོངས་པ་ཡིན་ཏེ། དབུ་མ་ལ་འཇུག་པ། གཞན་དབང་རང་གི་ངོ་བོས་ཡོད་པ་དེའི་འདོད་པ་བཤད་པ་བཞིན་ནོ། །འོ་ན་རང་གིས་ངོ་བོས་ཡོད་པ་དང༌། བདེན་སྟོང་དུ་འདོད་པ་འགལ་ལོ་ཞེ་ན། ལུགས་དེ་ལ་དེ་འགལ་བ་མིན་ཏེ། སྟོང་པ་ཉིད་ཀྱི་དོན་གྱིས་གཙོ་བོ་ནི་གཞན་སྟོང་ཁོ་ན་ལ་འཆད་པའི་ཕྱིར། ལུགས་དེར་ཀུན་བརྟགས་རང་སྟོང་དུ་འདོད་མོད་ཀྱང༌། དེ་སྟོང་ཉིད་གོ་ཆོད་པོ་མིན་ཏེ། མོ་གཤམ་གྱིས་བུ་དེ་ཉིད་ཀྱིས་སྟོང་པ་བཞིན་ནོ། །དེ་ལྟར་ན་ལུགས་དེ་ལ་བདེན་པར་གྲུབ་པའི་དངོས་པོ་ནི་ཡོངས་གྲུབ་གཅིག་པུའོ། །དེའི་མཚན་གཞི་ཡང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཞེས་བྱ་བ་དེ་ཡིན་ལ། དབུ་སེམས་གཉིས་བདེན་པར་ཡོད་མེད་རྩོད་པའི་གཞི་ཡང་དེ་ཁོ་ནའོ། །གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །ཅེས་བཤད་ན་འཁྲུལ་པ་མེད་དོ། །དེ་རང་གི་ངོ་བོས་ཡོད་པའི་ཤེས་བྱེད་ཀྱང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའོ། །ཞེས་འཆད་དོ། །གཉིས་པ་ཡེ་ཤེས་དེ་ཉིད་རང་སྟོང་དུ་བསྒྲུབ་པ་ལ་གཉིས་ཏེ། དེ་རང་སྟོང་མིན་པ་ལ་སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། རྟེན་ལུས་མེད་ན་ནི། དེ་ལ་བརྟེན་པའི་རྣམ་པར་ཤེས་པ་ཡང་ཡོད་པ་མིན་ནོ། །ཞེས་ཡོངས་སུ་རྟོག་ཅིང་གྲུབ་པ་ན། རྣལ་འབྱོར་སྤྱོད་པ་པ་དེའི་ལུགས་ལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་རིག་བྱ་གཉིས་མེད་ཀྱི་ཤེས་པ་ཉིད་རང་གིས་ངོ་བོས་ཡོད་དོ། །ཞེས་ཁས་ལེན་པ་དེ་ཅི་འདྲ་བ་ཞེས་བརྗོད་པར་གྱིས་ཤིག་སྟེ། དེའི་སྒྲུབ་བྱེད་བརྗོད་པར་ནུས་པ་མིན་ཏེ། ཡུལ་ལ་མ་ལྟོས་པའི་ཡུལ་ཅན་གྱི་ཤེས་པ་མི་འབྱུང་བའི་ཕྱིར། རྣལ་འབྱོར་སྤྱོད་པ་བས་གཉིས་མེད་ཀྱི་ཡེ་ཤེས་ཇི་ལྟར་ཡོད་པའི་ཚུལ་དབུ་མ་པ་སྟོན་ནུས་པ་མིན་ཏེ། སོ་སོར་རང་གིས་རིག་པའི་ཡེ་ཤེས་ཉིད་ཀྱིས་རིག་པར་བརྗོད་པས། རིག་བྱ་དེ་ནི་དངོས་པོ་ཉིད་དུ་འདོད་པ་དང༌། འདི་དེ་ཡིན་ནོ། །ཞེས་ངག་གི་ལམ་དུ་བརྗོད་པར་ནི་ནུས་པ་མ་ཡིན་ནོ། །ཞེས་ཀྱང་བརྗོད་པའི་ཕྱིར། ཁྱབ་པ་ཁྱོད་ཀྱི་བློ་ངོར་གྲུབ་སྟེ། རྒོལ་བ་རང་ལ་ངེས་པ་ཇི་ལྟར་ཡོད་པ་བཞིན། གཞན་དག་ལ་ངེས་པ་བསྐྱེད་པར་བྱ་བའི་ཕྱིར་དུ། མཁས་པ་རྣམ་རྟག་ཏུ་སྟེ་གདོན་མི་ཟ་བར་བརྗོད་བྱེད་ཀྱིས་ཚིག་འཁྲུལ་བ་མེད་པ་སྟེ། བརྗོད་བྱའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པར་ནུས་པ་ནི། ངག་གི་ལམ་དུ་རབ་ཏུ་འཇུག་པ་ཡིན་པའི་ཕྱིར། འོ་ན་དབུ་མ་པས་ཀྱང་སྨྲ་བསམ་བརྗོད་མེད་ཅེས་དང༌། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་འཆད་པ་མིན་ནམ་ཞེ་ན། ལུགས་འདིར་ནི་ཡེ་ཤེས་ཀྱི་མྱོང་བྱ་ཅི་ཡང་མ་དམིགས་པ་རང་རིག་པར་བཏགས་པ་ཡིན་གྱི། མྱོང་བྱ་དེ་དངོས་པོ་ཉིད་དུ་མི་འདོད་པས་སོ། །གཉིས་པ་ནི། ཤེས་བྱ་ཀུན་བཏགས་མེད་པར་དེའི་ཡུན་གྱིས་ཤེས་པ་ཡོད་ཅེས་ཁས་ལེན་པ་ནི་འཐད་པ་མེད་དེ། ཞེས་པས་ཤེས་བྱ་རྟོགས་པ་སྟེ། གཉིས་པོ་ཕན་ཚུན་ལྟོས་ནས་འཇོག་པའི་ཕྱིར། ཡུལ་མེད་པར་ཡུན་གྱིས་ཤེས་པ་མི་འབྱུང་བ་དེ་ལྟ་ན་ནི། གཉིས་མེད་ཀྱི་ཡེ་ཤེས་རང་རིག་དུ་འདོད་པ་མི་འཐད་དེ། ཡུལ་མེད་ན་རིག་བྱ་དང་རིག་བྱེད་མེད་དེ། འོ་ན་ཁྱེད་ལ་ཡང་དེར་མཚུངས་སོ་ཤེ་ན། ཐ་སྙད་དུ་ནི་ཡུལ་ཡོད་པས། དེའི་ཡུན་གྱི་ཤེས་པ་ཡང་ཡོད་པས། དེས་མྱོང་བའི་རང་རིག་ཀྱང་ཁས་ལེན་ལ། དོན་དམ་པར་ན་གསུམ་ཀ་ཁས་མི་ལེན་ནོ། །དེ་བས་ན་གཉིས་མེད་ཀྱི་ཤེས་པ་ཞེས་བྱ་བའི་ཐ་སྙད་མི་མཛེས་སོ། །རྣམ་རིག་པས་ནི་གཉིས་སྣང་གི་ཤེས་པ་གཟུང་འཛིན་གྱིས་སྟོང་བས་གཞན་སྟོང་དུ་ཁས་ལེན་ཀྱང༌། རང་གིས་ངོ་བོ་འཛིན་རྣམ་གྱིས་མི་སྟོང་བས་གཉིས་སྣང་གི་ཤེས་པ་རང་གི་ངོ་བོས་ཡོད་པར་འདོད་ལ། དེའི་ངོས་འཛིན་རྣམས། ཁྱད་པར་གསུམ་ལྡན་ཞེས་བྱ་བ་ཞིག་ཡོད་པའི་ཤེས་བྱེད་ཀྱང༌། ཚད་མ་གཞན་གྱིས་མི་འགྲུབ་ཀྱང༌། རང་གིས་རིག་པ་ཡིན་ནོ། །དེས་རང་གི་རིག་པའི་ཤེས་བྱེད་ཀྱང༌། རྗེས་སུ་ཡུལ་ཅན་ལ་དམིགས་པའི་དྲན་པ་སྐྱེ་བས་སོ། །ཞེས་ཟེར་ལ། དེ་ལ་དབུ་མ་པས་ནི་དེ་མ་གྲུབ་པ་ལ་དེས་དེ་རིག་པར་མི་འགྲུབ་སྟེ། མོ་གཤམ་གྱིས་བཞིན་ནོ། །དྲན་པ་ཡང་གཏན་ཚིགས་སུ་མི་རུང་སྟེ། ཐ་སྙད་དུ་དྲན་པ་ནི་ཡུལ་ལ་ཡང་སྐྱེ་ལ། དོན་དམ་པའི་དྲན་པ་ནི་མི་སྲིད་པས་སོ། །ཞེས་འཆད་པ་ཡིན་ནོ། །གསུམ་པ་སེམས་ཙམ་བདེན་མེད་དུ་བསྒྲུབ་པ་ལ་དངོས་དང་བརྩོད་པ་སྤངས་པའོ། །དང་པོ་ལ་མིང་ཙམ་ལས་གཞན་དུ་མེད་པའི་རྟགས་ཀྱིས་དེ་དེར་སྒྲུབ། བཙལ་ན་མི་རྙེད་པའི་རྟགས་ཀྱིས་དེར་སྒྲུབ། དབྱིབས་སོགས་སུ་ཡང་མ་གྲུབ་པའི་རྟགས་ཀྱིས་དེ་དེར་སྒྲུབ། ཐམས་ཅད་ཀྱི་དོན་བསྡུ་བའོ། །དང་པོ་ནི། སེམས་ཆོས་ཅན། མིང་ཙམ་ཡིན་པ་སྟེ། མིང་ལས་གཞན་དུ་འགའ་ཡང་མེད་པའོ། །གཉིས་པ་ནི། སེམས་སེམས་བྱུང་རྣམས་ལ་མིང་གི་ཕུང་པོ་ཞེས་འཆད་དོ། །འོ་ན་མིང་ཙམ་དུ་བདེན་ནམ་ཞེ་ན། རྣམ་རིག་མིང་ཙམ་དུ་ལྟ་བའི་མིང་ཡང་ཆོས་ཅན། རང་བཞིན་མེད་པ་ཡིན་ཏེ། ཀུན་ཏུ་བཏགས་པ་ཡིན་པས་སོ། །གསུམ་པ་ནི། སེམས་ཆོས་ཅན། རང་གིས་ངོ་བོས་སྟོང་སྟེ། ཁ་དོག་དང༌། དབྱིབས་ཀྱི་དབྱེ་བའམ། གཟུང་བ་དང་འཛིན་པའམ། སྐྱེས་པའམ། བུད་མེད་དམ། མ་ནིང་སོགས་ཀྱི་ངོ་བོར་གནས་པ་མིན་པས་སོ། །འདི་ལ་གཞན་དག་ན་རེ། ར་རྣོ་ལ་རིང་བ་དེ། བོང་བུའི་མགོ་བོ་ལ་ཡོད་དམ། རྟའི་མགོ་བོ་ལ་ཡོད་ཅེས་དཔྱོད་པའི་བློ་དེ། རྭའི་གནས་ཚུལ་སེམས་པའི་བློ་ཡིན་པར་འགྱུར་ཏེ། དབྱིབས་དང་ཁ་དོག་གང་དུ་ཡོད་དཔྱོད་པའི་བློ་དེ། སེམས་ཀྱི་གནས་ཚུལ་དཔྱོད་པའི་རིག་པ་ཡིན་པས་སོ། །ཞེས་ཟེར་བ་དེ་ནི་བཤད་མ་ཐག་པའི་གཞུང་འདི་དང་འགལ་ཞིང༌། རིག་པས་ཀྱང་དཔེ་མི་འཐད་པའོ། །དང་པོ་ནི། ཁྱེད་ལྟར་ན། དེ་དེ་གཉིས་གང་རུང་ལ་མེད་ཀྱང༌། མ་ཧེ་ལྟ་བུའི་མགོ་བོ་ལ་ཡོད་པས་སོ། །སྙམ་དུ་བསམ་པ་ཡིན་མོད། འོ་ན་དེ་བདེན་པའི་གཅིག་དང་དུ་མ་གང་དུ་ཡོད་དཔྱོད་པའི་རིགས་དེ་ཡང་དེ་མིན་པར་འགྱུར་ཏེ། དེ་དེར་མེད་ཀྱང༌། མ་ཧེ་ལྟ་བུའི་མགོ་ལ་ཡོད་པས་སོ། །གཉིས་པ་ནི་སེམས་དེ་ཐ་སྙད་དུ་དབྱིབས་དང་ཁ་དོག་སོགས་སུ་མེད་དོ། །སྙམ་དུ་བསམ་པ་ཡིན་མོད། དེ་ལྟ་ན་སེམས་དེ་བདེན་པའི་གཅིག་དང་དུ་མ་གང་དུ་ཡོད་ཅེས་དཔྱོད་པ་དེ་མིན་པར་འགྱུར་ཏེ། དེ་ཐ་སྙད་དུ་དེ་དང་དེར་ཡོད་པ་ཁྱོད་ཀྱིས་མི་འདོད་པས་སོ། །བཞི་པ་ནི། མདོར་ན་སེམས་ཆོས་ཅན། རང་བཞིན་མེད་པའི་རང་བཞིན་ཅན་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ནི། ཁྱོད་ཀྱིས་རང་བཞིན་འདས་པའི་དུས་ན་གཟིགས་པར་མ་གྱུར། མ་འོངས་པའི་དུས་སུ་གཟིགས་པར་མི་འགྱུར། ད་ལྟར་གྱིས་དུས་ན་ཇི་ལྟ་བུར་གཟིགས་པར་འགྱུར་ཏེ། དབྱིབས་སོགས་དང་བྲལ་བའི་ཕྱིར་རོ། །གལ་ཏེ་དེས་དེ་སེམས་ཉིད་དུ་གཟིགས་པས་སྐྱོན་མེད་དོ་སྙམ་ན། དེ་འོད་གསལ་བར་གཟིགས་དགོས་ལ། དེར་གཟིགས་ན་དེ་སྟོང་པར་གཟིགས་དགོས་པས་སོ། །དེའི་སེམས་དབྱིབས་སོགས་དང་བྲལ་བ་མཐོང་ན་དེའི་ངོ་བོ་རིག་པར་མཐོང་དགོས། དེར་མཐོང་བ་ན་དེ་གསལ་སྟོང་འཛིན་མེད་དུ་མཐོང་དགོས། དེར་མཐོང་བ་ན་དེའི་གནས་ཚུལ་མཐོང་དགོས་པ་ཡིན་པས་གཞུང་འདི་ནས་བཤད་པའི་སེམས་ཀྱི་གནས་ལུགས་འཚོལ་བའི་རིགས་པ་དེ་ཡང་དག་པའོ། །སེམས་དབྱིབས་དང་ཁ་དོག་གིས་རང་བཞིན་ཅན་དུ་འཛིན་པའི་ལོག་པར་རྟོག་པ་ནི། གྲངས་ཅན་ལ་ཡོད་དེ། བདག་ཤེས་རིག་དེ་དག་གིས་སྐྱེས་བུ་ཐམས་ཅད་མཁྱེན་པ་ཙ་ན་ཀའི་འབྲས་བུ་ཙམ། ཁ་དོག་དཀར་པོ་སྙིང་གི་དཀྱིལ་ན་གནས་པར་འདོད་པས་སོ། །རྭ་རྣོ་ལ་རིང་བ་བོང་བུ་སོགས་ཀྱིས་མགོ་ལ་ཡོད་པར་སུ་ཞིག་གིས་འདོད། གཉིས་པ་རྩོད་པ་སྤངས་པ་ལ་ཡུལ་ཀུན་རྫོབ་ཀྱིས་བདེན་པ་མེད་པས། དེའི་ཡུན་རྣམ་ཤེས་མེད་པ་བདེན་མོད་ཀྱང༌། ཡུལ་སྟོང་པ་ཉིད་ཡོད་པས་ཡུན་ཡེ་ཤེས་ཀྱང་ཡོད་དོ་ཞེ་ན། ཕྱོགས་འདི་ལ་ཐ་སྙད་དུ་རང་ལུགས་འཇོག་ཚུལ་ནི་གཉིས་སྟེ། གནས་སྐབས་ཀྱི་དང༌། མཐར་ཐུག་གིའོ། །དང་པོ་ནི། ཀུན་རྫོབ་ཀྱི་དངོས་པོ་ལ་མཚན་འཛིན་གྱིས་གཉེན་པོར་སྟོང་པ་ཉིད་དང་དེའི་ཡུན་གཉིས་ཀ་སྤྱིར་ཡོད་པ་དང༌། བྱེ་བྲག་དུ་དོན་དམ་པའི་བདེན་པར་ཁས་ལེན་ལ། མཐར་ཐུག་གཉིས་ཀ་ཁས་མི་ལེན་ཏེ། སྤྲོས་པའི་མཐའ་ཅི་ཡང་ཁས་མི་ལེན་པའི་ཕྱིར། དེ་ལྟ་ན་མཐར་ངེས་དོན་ལས་བརྩམ་པའི་ཁས་ལེན་ཅི་ཡང་མེད་པ་དེ་ཉིད་ལ། དབུ་མའི་མཐར་ཐུག་གི་ལུགས་ཤེས་ཐ་སྙད་བཏགས་པ་ཡིན་ཏེ། དཔེར་ན་ཅི་ཡང་མ་མཐོང་བ་ལ་ནམ་མཁའ་མཐོང་ཞེས་ཐ་སྙད་བཏགས་པ་བཞིན་ནོ། །སྐབས་འདིར་མཐར་ཐུག་གི་དབང་དུ་བྱས་ནས་འཆད་པ་ནི། གནས་སྐབས་གང་དུ་ཡོད་དོ་ཞེས་བྱ་བའི་རྣམ་རྟོག་སྣང་བར་གྱུར་པ་དེ་ནི། སྟོང་པ་ཉིད་ཀྱི་འཇོག་ལུགས་འཐད་པ་ག་ལ་ཡོད། དངོས་པོའམ་ཡོད་པ་ཞེས་བྱ་བར་འཛིན་པ་ནི་རྣམ་པར་རྟོག་པ་ཡིན་ནོ། །སྟོང་པ་ཉིད་ལ་ནི་རྣམ་པར་རྟོག་པ་མེད་པ་ཡིན་པས་སོ། །གང་ན་རྟོག་བྱ་ཡུལ་དང༌། རྟོག་བྱེད་ཀྱི་བློ་ཡོད་པ་དེར་ནི་བྱང་ཆུབ་ཡོད་པ་མིན་ཏེ། རྟོག་བྱ་དང་རྟོག་བྱེད་ཀྱི་རྣམ་པའི་སེམས་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་གཟིགས་པའི་ཕྱིར། དེ་ལྟར་ན་ནམ་མཁའ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང་ནི། རང་བཞིན་གྱི་བྱང་ཆུབ་བམ། མྱང་འདས་ཞེས་བྱ་བ་གསུམ་པོ་གཉིས་སུ་མེད་པའི་མཚན་ཉིད་ཅན་ཞེས་བྱ་སྟེ། མཚོན་པར་བྱེད་པའི་མཚན་ཉིད་མེད་ཅིང༌། རྒྱུ་དོན་གཞན་ལས་སྐྱེ་བ་མེད་ལ། རང་གི་ངོ་བོ་ཡོད་པར་གྱུར་པ་མ་ཡིན་ཞིང༌། རབ་བརྗོད་བྱེད་ཀྱི་ངག་གི་ལམ་དུ་འགྱུར་བ་དང་བྲལ་བའི་ཕྱིར། འོ་ན་དེ་དེར་སུ་ཞིག་གིས་མཁྱེན་ཞེ་ན། བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་སྟེ། ཆོས་ཉིད་ལ་མཉམ་པར་བཞག་པའི་བདག་ཉིད་ཆེན་པོ། སངས་རྒྱས་དང་བརྩེར་ལྡན་རྒྱལ་སྲས་འཕགས་པ་རྣམས་ཀྱིས་དུས་གསུམ་དུ་སྟེ། ཐམས་ཅད་དུ་སྟོང་པ་ཉིད་ནི་ནམ་མཁའ་དང་མཚུངས་པར་མཁྱེན་ནོ། །གཉིས་པ་སྟོང་ཉིད་དེ་ལྟར་སྒོམ་པའི་ཚུལ་ལ་གཉིས་ཏེ། དབུ་མ་རང་ལུགས་ཀྱིས་སྒོམ་ཚུལ་དང༌། རྣལ་འབྱོར་སྤྱོད་པའི་སྟོང་ཉིད་སྒོམ་ཚུལ་མི་འཐད་པའོ། །དང་པོ་ལ་སྒོམ་དགོས་པར་བསྟན་པ་དང༌། ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་དེ་ཉིད་རང་བཞིན་གྱིས་ཞི་ཞིང༌། སྒྱུ་མ་དང་མཚུངས་པར་དོན་བྱེད་པས་སྟོང་པའི་སྟོང་པ་ཉིད་འདི་ནི་རྟག་དུ་བསྒོམ་པར་བྱའོ། །དགོས་པ་ནི་སྲིད་པ་འཁོར་བ་འཇིག་པར་བྱེད་པའི་དོན་དུའོ། །སྔར་ཡོད་འཇིག་པར་བྱེད་དམ་ཞེ་ན། གཞི་མེད་པའི་སྲིད་པའོ། །འོ་ན་བདེ་འགྲོ་དང་ངན་འགྲོ་སྣ་ཚོགས་སུ་སྣང་བ་འགལ་ལོ་ཞེ་ན། མི་འགལ་ཏེ། སྟོང་པ་ཉིད་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཀུན་གྱིས་གཞི་ཡིན་པས་སོ། །ཡང་ན་འདི་ལྟར་འཆད་དེ། ཀུན་རྫོབ་ཀྱིས་ཆོས་རྣམས་ཀུན་གྱིས་གཞི་ངོ་བོ་ཉིད་ཀྱིས་ཞི་ཞིང༌། གཞི་མེད་དུ་སྒྱུ་མ་དང་མཚུངས་པར་སྣང་བའི་སྲིད་པ་འཁོར་བ་འཇིག་པར་བྱེད་པའི་ཕྱིར་དུ། སྟོང་པ་ཉིད་ནི་རྟག་ཏུ་སྟེ་ངེས་པར་བསྒོམས་པར་བྱའོ། །གཉིས་པ་ལ། སྟོང་ཉིད་ཀྱི་སྒོམ་ཚུལ་མིན་པ་ལ་དེར་འཁྲུལ་པ་དགག དེའི་སྒོམ་ཚུལ་མ་ནོར་བ་བཤད་པའོ། །དང་པོ་ནི། སྐྱེ་བ་མེད་དོ་ཞེས་དང༌། སྟོང་པ་ཉིད་དོ་ཞེས་དང༌། བདག་མེད་དོ་ཞེས་བྱ་བ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་གང་སྒོམ་པ་དེ་ཆོས་ཅན། སྟོང་པ་ཉིད་དེ་སྒོམ་པར་བྱེད་པའི་བློ་གོ་ཆོད་པ་མིན་ཏེ། སྟོང་པ་ཉིད་ཀྱི་བདག་ཉིད་དམན་པ་ཙམ་སྒོམ་པའི་བློ་ཡིན་པའི་ཕྱིར། འདི་སྒོམ་པས་བདེན་འཛིན་ཟློག་པ་ལ་ཕན་ཀྱང༌། བདེན་མེད་དུ་ཞེན་པའི་བློ་ནན་གྱིས་སྐྱེས་པས་སོ། །བཏགས་འཛིན་གྱི་རྟོག་པའི་སྒོམ་དུ་སོང་ཞེས་བྱ་བའི་དོན་སྟེ། གཉིས་པ་ནི། འོ་ན་ཇི་ལྟར་སྒོམ་ཞེ་ན། ཇི་སྲིད་རྟོག་པ་མ་བསལ་བ་དེ་སྲིད་དུ། སྟོང་པ་ཉིད་ཀྱི་སྒོམ་ཚུལ་གོ་ཆོད་པོ་མི་འབྱུང་སྟེ། དགེ་བ་དང༌། མི་དགེ་བ་སོགས་ཀྱི་རྣམ་པར་རྟོག་པ་རྒྱུན་ཆད་པའི་མཚན་ཉིད་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་གྱི། དེ་ལས་གཞན་རྣམ་རྟོག་གིས་བཟུང་བྱ་དེ་དག་སྟོང་པ་ཉིད་དུ་མི་བཞེད་པས་སོ། །འོ་ན་ཇི་ལྟར་ཞེ་ན། སྟོང་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ། མཉམ་བཞག་དུ་སྟོང་ཉིད་བསྒོམ་པ་ནི་ཆོས་ཅན། ནམ་མཁའ་སྒོམ་པར་བཞེད་པ་ཡིན་ཏེ། མཉམ་གཞག་གིས་སེམས་ཏེ་ཡེ་ཤེས་ལ་དམིགས་པ་ཅི་ཡང་འཛིན་པ་མེད་པའི་ཚུལ་གྱིས་གནས་པ་ནི་ནམ་མཁའི་མཚན་ཉིད་ཡིན་པའི་ཕྱིར། དཔེར་ན་ནམ་མཁའ་ལ་གནས་ཞེས་པ། ཅི་ལ་ཡང་མི་གནས་པ་ལ་དེར་ཐ་སྙད་བཏགས་པ་བཞིན་ནོ། །གཉིས་པ་ནི། རྣལ་འབྱོར་སྤྱོད་པ་པ་དག སྟོང་པ་ཉིད་ཀྱི་ངོ་བོ་རིག་པ་ཡིན་པ་དང༌། དེ་ཡང་གཞན་སྟོང་ཁོ་ནར་ཡིན་གྱི། རང་གི་ངོ་བོས་མི་སྟོང་པ་དེ་ཉིད་ཡེ་ཤེས་ཀྱི་བསྒོམ་བྱ་དང༌། རྣལ་འབྱོར་མངོན་སུམ་གྱི་རིག་བྱ་ཡིན། དེ་ལས་གཞན་དུ་མེད་པ་གཞན་སེལ་རྟོག་པའི་བློ་ལ་ནི། མངོན་སུམ་གྱི་མཚན་ཉིད་ཞུགས་པ་མེད་དོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། རང་སྟོང་ཁོ་ན་སྟོང་ཉིད་ཀྱི་དོན་དུ་འཆད་དགོས་པ་དང༌། ཡེ་ཤེས་ཀྱི་ངོ་བོ་སྐད་ཅིག་མ་ཡིན་པ་དང༌། རང་སྟོང་དུ་ཁས་ལེན་དགོས་པ་དང༌། རང་སྟོང་ཁོ་ན་ཆོས་རྣམས་ཀྱི་རང་བཞིན་དུ་བསྟན་པའོ། །དང་པོ་ནི། སྟོང་ཉིད་སེང་གེའི་སྒྲ་ཡིས་ནི། དངོས་པོར་སྨྲ་བར་ཐམས་ཅད་སྐྲག་པར་མཛད་པ་དེ་དག་གང་དང་གང་དུ་བཞུགས་པ་དེ་དང་དེར་ནི། སྟོང་པ་ཉིད་ཀྱི་ཆོས་སྟོན་པ་ཡོད་པར་འགྱུར་གྱིས། གཞན་སྟོང་ཙམ་ཞིག་སྨྲ་བ་དག་ལ་ནི་དེ་ཡོད་པ་མིན་ནོ། །གཉིས་པ་ནི། རྣལ་འབྱོར་སྤྱོད་པ་བས་སེམས་སྐད་ཅིག་མར་ཁས་ལེན་པ་དང་རང་སྟོང་དུ་མི་འདོད་པ་འགལ་ཏེ། གྲུབ་པའི་མཐའ་གང་གི་ལུགས་ལ་རྣམ་ཤེས་སྐད་ཅིག་མ་ཉིད་དུ་སྨྲ་བ་དེའི་ལུགས་ཀྱི་སེམས་དེ་ནི་རྟག་པ་མིན་དགོས་ལ། སེམས་མི་རྟག་པ་ཉིད་དེ། སྐད་ཅིག་ཀྱང་རང་གི་ངོ་བོས་གནས་པའི་སྐབས་མེད་པ་ཡིན་ན། རང་གི་ངོ་བོས་སྟོང་པ་ཉིད་དུ་ཇི་ལྟར་འགལ་ཏེ། དེས་སྟོང་དགོས་པའི་ཕྱིར། མདོར་ན་རྫོགས་པའི་སངས་རྒྱས་དེ་དག སེམས་ནི་རང་སྟོང་དུ་ཅི་ཕྱིར་ན་མི་བཞེད་པར་འགྱུར་ཏེ། སངས་རྒྱས་རྣམས་ཀྱིས་ནི་སེམས་ནི་མི་རྟག་པ་ཉིད་དུ་བཞེད་པའི་ཕྱིར། ཁྱབ་འགྲེལ་ནི། ཇི་སྐད་དུ། མི་རྟག་དོན་ནི་མེད་དོན་དང༌། །ཞེས་འབྱུང་བ་ལྟར། སྐྱེ་ཡང་གནས་པའི་གོ་སྐབས་མེད་པ་ཞིག་འཆད་པའི་ཕྱིར། གསུམ་པ་ནི། སེམས་ངོ་བོས་སྟོང་པར་ཁས་བླངས་ན། རྒྱང་འཕན་ལྟར་ཆད་པར་འགྱུར་རོ་ཞེ་ན། རྒྱང་འཕན་གྱིས་ནི་ཀུན་རྫོབ་ལ་ལྟོས་པའི་ཆད་ལྟ་ཁས་བླངས་པ་ཡིན་ལ། འདིར་ནི་གནས་ལུགས་ལ་སེམས་པའི་དབང་དུ་བྱས་པས་མི་མཚུངས་སོ། །ཞེས་འཆད་པ་ནི། དངོས་པོ་རང་བཞིན་གྱིས་གྲུབ་པ་ཞིག་རང་བཞིན་མེད་པ་ཉིད་དུ་བརྗོད་ན་ཆད་པར་འགྱུར་ཡང༌། དེ་ལྟར་བརྗོད་པ་མིན་ཏེ། ཐོག་མ་མེད་པ་ནས་སེམས་ཀྱི་རང་བཞིན་རྟག་ཏུ་མེད་པར་གྲུབ་པས་སོ། །དེའི་ཤེས་བྱེད་ཀྱང་སེམས་ཐོག་མ་ནས་མི་རྟག་པ་ཡིན་པ་དེ་སྐད་དུ་བརྗོད་ན། སེམས་ཀྱིས་ནི་བདག་གིས་ངོ་བོ་སྐད་ཅིག་ཀྱང་གནས་པ་སྤངས་པ་ཡིན་ལ། དེ་སྤངས་ན་རང་གིས་རང་བཞིན་ལས་འདས་པ་སྟེ་མེད་པ་ཡིན་ཞིང༌། རང་བཞིན་མེད་པ་འདི་ནི་ཆོས་རྣམས་མ་ཡིན་པ་སྟེ། རང་སྟོང་དོན་ཡིན་པའོ། །འོ་ན་མི་རྟག་པའི་ཆོས་རྣམས་རང་སྟོང་དུ་གྲུབ་ཀྱང༌། རྟག་པ་རྣམས་དེར་མི་འགྲུབ་བོ་ཞེ་ན། དབུ་མའི་བསྟན་བཅོས་ཀྱི་ལུགས་ལ་ཆོས་ཐམས་ཅད་ཀྱི་དོན་དམ་པའི་རང་བཞིན་ནི་སྟོང་པ་ཉིད་དུ་འདོད་དེ། ཇི་ལྟར་འཇིག་རྟེན་པའི་དོན་དམ་པའི་བདེན་པ་འཇོག་པ་ན། བུ་རམ་གྱི་རང་བཞིན་དངར་བ་དང༌། མེའི་རང་བཞིན་ཚ་བར་འཇོག་པ་བཞིན་ནོ། །དེ་ཡང་འཇིག་རྟེན་གྱི་ལུགས་ལ་ཚ་བ་དེ་མེ་ལ་ལྟོས་པའི་རང་བཞིན་ཁྱད་པར་གསུམ་ལྡན་དང༌། དབུ་མའི་བསྟན་བཅོས་ལུགས་ལ་མེ་ཚ་བས་སྟོང་པ་དེ། མེའི་རང་བཞིན་ཁྱད་པར་གསུམ་ལྡན་ནོ། །ཁྱད་པར་གསུམ་ལྡན་ནི། ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པའོ། །གསུམ་པ་རང་སྟོང་ཤེས་ན། རྟག་ཆད་ལས་གྲོལ་བར་བསྟན་པ་ལ། དངོས་དང་རྩོད་པ་སྤངས་པའོ། །དང་པོ་ནི། ཆོས་ཐམས་ཅད་རང་སྟོང་དུ་འཆད་པའི་ལུགས་འདི་ལ་ཆོས་ཅན། འགའ་ཞིག་ཆད་པར་སྨྲ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། ཚད་མས་གྲུབ་པའི་ཆོས་ཤིག་རང་སྟོང་དུ་ཁས་བླངས་ན་དེར་འགྱུར་ཡང༌། རང་གི་ངོ་བོ་ཡོད་མ་མྱོང་བའི་སྟོང་པ་ཉིད་དེ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་བརྗོད་པས་སོ། །དེ་ཆོས་ཅན། འགའ་ཞིག་རྟག་པ་ཉིད་དུ་ཡང་སྨྲ་བ་མ་ཡིན་ཏེ། རང་སྟོང་ཤེས་བྱ་ཐམས་ཅད་ཀྱི་རང་བཞིན་དུ་སྨྲ་བ་དེས་ནའོ། །གཉིས་པ་ལ་གཉིས་ཏེ། རང་སྟོང་ཁས་བླངས་པ་ལ། ཀུན་རྫོབ་རྒྱུན་ཆད་པའི་ཉེས་པ་མི་འབྱུང་བ་བསྟན་པ་དང༌། ཀུན་རྫོབ་ཁས་བླངས་པ་ལ། སྟོང་ཉིད་ལོགས་སུ་བཙལ་དགོས་པའི་ཉེས་པ་མི་འཇུག་པར་བསྟན་པའོ། །དང་པོ་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་ན། ལས་བྱེད་པ་པོ་དང༌། འབྲས་བུ་མྱོང་བ་པོ་མེད་པར་འགྱུར་བ་དང༌། ས་བོན་ལས་མྱུ་གུ་སྐྱེ་བ་དང༌། གསུང་རབ་ཐོས་པའི་རྐྱེན་གྱིས་ཐོས་བསམ་གྱི་ཤེས་རབ་སྐྱེད་པ་སོགས་མེད་པར་འགྱུར་རོ་ཞེ་ན། ལན་ལ་གང་ཟག་དང༌། ཆོས་ཀྱི་རྟེན་འབྲེལ་ཇི་ལྟར་ཁས་བླངས་པའི་ཚུལ་དང༌། དེས་ན་ཀུན་རྫོབ་ཆད་པའི་ཉེས་པ་ལས་གྲོལ་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་གི་དང༌། ཆོས་ཀྱི་རྟེན་འབྲེལ་ཇི་ལྟར་འཇོག་པའི་ཚུལ་ལོ། །དང་པོ་ལ་བསྟན་པ་དང་བཤད་པ་དང༌། བསྡུ་བའོ། །དང་པོ་ནི། ཉེས་པ་མེད་དེ། མ་རིག་པ་ནས་བརྩམས་ཏེ། རྒ་ཤིའི་བར་དུ་མཐར་ཐུག་པའི་ཡན་ལག་བཅུ་གཉིས་ཀྱི་བརྟེན་ནས་འབྱུང་བའི་བྱ་བ་ནི། བསྟན་བཅོས་མཛད་པ་ཁོ་བོས། རྨི་ལམ་དང་སྒྱུ་མ་དང་འདྲ་བར་རྣམ་ཤེས་ཀྱི་ངོ་བོར་སྣང་ལ། ཡེ་ཤེས་ཀྱི་ངོ་བོར་མེད་པར་འདོད་པས་སོ། །གཉིས་པ་ལ་གཉིས་ཏེ། འཁྲུལ་ངོར་ནང་གི་རྟེན་འབྲེལ་ཡོད་པར་བསྟན། རིག་ངོར་མེད་པར་བསྟན་པའོ། །དང་པོ་ནི། ཡན་ལག་བཅུ་གཉིས་ཀྱི་འཁོར་ལོ་འདི། ཇི་སྲིད་ཉོན་མོངས་པ་ཅན་གྱི་མ་རིག་པ་མ་སྤངས་པ་དེ་སྲིད་དུ། སྲིད་པ་འཁོར་བའི་ལམ་དུ་འཁོར་བར་སྣང་བ་ཡིན་ཏེ། དེ་ལས་གཞན་ཞི་བ་མྱང་འདས་ཀྱི་སར་སེམས་ཅན་གང་ཡང་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ལ་ལོངས་སྤྱོད་པར་འདོད་པ་མེད་པའི་ཕྱིར། གཉིས་པ་ནི། ཕུང་པོ་ཉིང་མཚམས་སྦྱོར་བ་པོ་དེ་ཉིད་སྲིད་པ་གཞན་དུ་སྐྱེ་བ་དང༌། འཕོ་བ་མེད་པར་མཁས་པ་རྣམས་ཀྱིས་རྟག་ཏུ་སྟེ། གདོན་མི་ཟ་བར་ངེས་པར་བྱ་བ་ཡིན་ཏེ། འབྲས་བུ་ལ་ལོངས་སྤྱོད་པ་པོ་ཡིན་ནོ་ཞེས་ཀུན་རྫོབ་སྟེ། འཁྲུལ་པའི་ཐ་སྙད་དུ་ནི་རྒྱལ་བས་བསྟན་ཞིང་བསྙད་པ་ཡིན་ཏེ། ངོ་བོས་སྟོང་པའི་ཀུན་རྫོབ་ཀྱི་ཆོས་ལས་བྱེད་པ་པོ་ལྟ་བུ་ལས་ནི་རྣམ་སྨིན་མྱོང་བ་པོ་ལྟ་བུའི་ཀུན་རྫོབ་ཀྱི་ཆོས་རྣམས་ངོ་བོས་སྟོང་པ་བཞིན་དུ། རྣམ་ཤེས་ཀྱི་ངོ་བོར་སྐྱེ་བར་འགྱུར་བའི་ཕྱིར་རོ།«་་་་་འདིར་བསྡུས་དོན་ཆད་འདུག» །གཉིས་པ་ཕྱིའི་རྟེན་འབྲེལ་འཇོག་ཚུལ་ལ། སྒྱུ་མ་དང་འདྲ་ཚུལ་མདོར་བསྟན། སྣང་ལ་རང་བཞིན་མེད་ཚུལ་རྒྱས་པར་བཤད། ཀུན་རྫོབ་ཀྱིས་བདེན་པ་ངོས་བཟུང་ནས་དོན་བསྡུ་བའོ། །དང་པོ་ནི། ནང་གི་རྟེན་འབྲེལ་ལ་བཤད་པ་དེ་ལྟར། ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང༌། རྨི་ལམ་དང༌། སྒྱུ་མ་དང་མཚུངས་པར་འདོད་དེ། རྔའི་སྒྲ་དང་ནི་དེ་བཞིན་དུ་སཱ་ལུའི་མྱུ་གུ་སོགས། རང་རང་གི་རྒྱུ་རྐྱེན་འཚོགས་པས་བསྐྱེད་པ་ཡིན་ལ། ཚོགས་པ་དེ་ངོ་བོས་སྟོང་པར་དངོས་པོ་སྨྲ་བས་ཀྱང་ཤེས་བྱེད་སླ་བའི་ཕྱིར། གཉིས་པ་ནི་ཇི་ལྟར་མེ་ལོང་ལ་བརྟེན་ནས། བྱད་བཞིན་གྱི་དཀྱི་འཁོར་སྣང་བར་འགྱུར་བ་ན། མེ་ལོང་དེ་ལ་བཞིན་དེ་ནི་འཕོ་བ་མ་ཡིན་ལ། བྱད་བཞིན་དེ་མེད་པར་ནི་མེ་ལོང་དུ་སྣང་བ་དེ་ཡང་མེད་པ་དེ་བཞིན་དུ་མཚུངས་པས་སོ། །གསུམ་པ་ནི། མདོར་ན་ལས་བྱེད་པོ་དེ་ཉིད་ལས་ཀྱི་འབྲས་བུའི་ཆོས་རྣམས་ཀུན་རྫོབ་ཏུ་ནི་རྒྱུ་ལས་སྐྱེ་བར་ནི་ནམ་ཡང་འགལ་བར་མི་འགྱུར་ཏེ། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་རྣམ་ཤེས་ལ་སྣང་ཚུལ་དབང་བཙན་པའི་ཕྱིར། འབྲས་བུ་དེ་ནི་དོན་དམ་དུ་སྐྱེ་བ་མེད་པར་ཡེ་ཤེས་ཀྱིས་རྟོགས་ཏེ། སྐྱེ་བྱེད་ཀྱི་རྒྱུ་ནི་མི་རྟག་པས། རྒྱུ་ཉིད་ཀྱིས་ངོ་བོས་སྟོང་པ་སྟེ། དེ་ལྟར་འབྲས་བུ་སྐྱེ་མེད་དུ་གྲུབ་པ་ན་སྟོང་ཉིད་དུ་ཡང་གྲུབ་སྟེ། དངོས་པོའི་ཆོས་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ནི། དེའི་སྟོང་པ་ཉིད་ཡིན་པར་རབ་ཏུ་བཤད་པའི་ཕྱིར། གསུམ་པ་ནི། གོང་དུ་ཆོས་རྣམ་ཤེས་ཀྱིས་ངོ་བོར་ཡོད་པ་དང༌། ཡེ་ཤེས་ཀྱི་ངོ་བོར་མེད་པར་བཤད་པའི་ཆོས་དེ་གང་ཞེ་ན། མདོར་ན་ཕུང་པོ་ལྔ་པོ་ནི་ཆོས་ཀུན་ཞེས་ནི་བཤད་པ་ཡིན་ཞེས་པའོ། །གཉིས་པ་ནི། ཕུང་པོ་ལྔ་པོ་དེ་ཉིད་ཤེས་པ་གཉིས་པོ་སོ་སོའི་ངོ་བོར་སྣང་ལ་རང་བཞིན་མེད་པའི་ཚུལ་ཇི་ལྟ་བ་བཞིན་དུ་བཤད་པ་ན། ཀུན་རྫོབ་ཀྱི་བདེན་པའི་རྒྱུན་ནི་ཆད་པར་མི་འགྱུར་རོ། །གཉིས་པ་ནི་རྣམ་ཤེས་ཀྱི་ངོ་བོར་ཀུན་རྫོབ་ཀྱིས་བདེན་པ་ཡོད་ན། ཡེ་ཤེས་དེའི་སྟོང་ཉིད་ལོགས་ནས་བཙལ་དགོས་པར་འགྱུར་རོ་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་ལས་ནི་ཐ་དད་པར་ཏེ། ལོགས་སུ་དེའི་སྟོང་པ་ཉིད་དེ་དམིགས་པ་མིན་ཏེ། ཀུན་རྫོབ་ཀྱི་བདེན་པ་དེ་ཉིད་ཁོ་རང་གིས་སྟོང་པ་ཉིད་དུ་བཤད་པའི་ཕྱིར་དང༌། རང་གི་ངོ་བོ་ཡིད་ལ་མ་མྱོང་བའི་སྟོང་པ་ཉིད་ཁོ་ན་རྣམ་ཤེས་ཀྱི་ངོར་སྣང་བ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བ་ཡིན་ཏེ། རང་གི་ངོ་བོས་སྟོང་པ་མེད་ན་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེ་མི་འབྱུང་བར་ངེས་པའི་ཕྱིར། བྱས་པ་དང་མི་རྟག་པ་བཞིན་ནོ། །བོད་ཕྱི་མ་དག་གཞུང་འདི་བདེན་གཉིས་ངོ་བོ་གཅིག་པའི་དཔེ་དོན་བསྟན་པར་འདོད་པ་ནི་མ་གོ་བ་ཡིན་ཏེ། ཀུན་རྫོབ་ཀྱི་ངོ་བོ་ཁས་བླངས་ནས་དོན་དམ་གྱི་ངོ་བོ་འབྱུང་བ་མེད་པའི་ཕྱིར། ཀུན་རྫོབ་རང་སྟོང་དུ་ཁས་མ་བླངས་ན། དོན་དམ་གྱིས་ངོ་བོ་གང་ནས་འཚོལ། དེ་བས་ན་གཞུང་འདིས་ཀུན་རྫོབ་རང་གི་ངོ་བོས་སྟོང་པ་མེད། ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ཡང་མི་འབྱུང་བར་བསྟན་པ་ཡིན་ཏེ། ཇི་སྐད་དུ། གང་ལ་སྟོང་པ་ཉིད་མི་རུང༌། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་བཤད་པ་ལྟར་རོ། །གསུམ་པ་སྟོང་པ་ཉིད་ཤེས་ཤིང་གོམས་པས་འཁོར་བ་འཇིག་ཅིང༌། མི་གནས་པའི་མྱང་འདས་མངོན་དུ་བྱེད་པར་བསྟན་པ་ལ་གཉིས་ཏེ། སྟོང་ཉིད་ཤེས་ཤིང་གོམས་པས། མི་གནས་པའི་མྱང་འདས་མངོན་དུ་བྱེད་ནུས་པར་བསྟན་པ་དང༌། དེས་འཁོར་བ་ལས་གྲོལ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། དེས་སྒྲིབ་པ་གཉིས་ཀྱི་བག་ཆགས་སེལ་ནུས་པར་བསྟན་པ་དང༌། དེ་བསལ་ནས་ཡང་དག་པའི་མཐའ་མངོན་དུ་བྱེད་པར་བསྟན་པའོ། །དང་པོ་ནི། ཀུན་རྫོབ་འཁྲུལ་པའི་སྣང་བ་འདི་ནི། ཉོན་མོངས་པ་དང་ལས་ལས་བྱུང་ལ། ལས་ནི་སེམས་ལས་བྱུང་བ་ཡིན། སེམས་ནི་བག་ཆགས་དག་གིས་བསགས་ཤིང་གང་བའི་ཆ་ནས་སེམས་ཞེས་བྱ་ལ། དེས་སྟོང་པའི་ཆ་ནས་འོད་གསལ་བའི་སེམས་ཞེས་བྱའོ། །བག་ཆགས་དང་བྲལ་བ་ནི་བདེ་བ་སྟེ། དགེ་བ་ཡིན་ལ། བདེ་ཞིང་དགེ་བའི་སེམས་འོད་གསལ་བ་ནི་ཞི་བ་ཉིད་དོ། །སེམས་ཞི་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ནི་རྨོངས་པར་མི་འགྱུར་ལ། རྨོངས་པ་མེད་པའི་ཡེ་ཤེས་ལ་ནི། དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་ལ། དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པས་ནི། གྲོལ་བ་མཐར་ཐུག་པ་ཐོབ་ཅིང༌། མངོན་དུ་བྱེད་པར་འགྱུར་རོ། །འདིར་བག་ཆགས་ལ་གཉིས་ཏེ། ས་བོན་དང་གནས་ངན་ལེན་ནོ། །དེ་རེ་རེ་ལ་གཉིས་གཉིས་ཏེ། ཉོན་མོངས་པ་དང༌། གཟུང་འཛིན་གཉིས་སུ་སྣང་བའོ། །དེ་གཉིས་ནི་ཀུན་རྫོབ་ཀྱི་སྣང་བ་མཆེད་པའི་རྒྱུ་ཡིན་ཏེ། གཅིག་གིས་ནི་ནང་གི་དང༌། གཅིག་ཤོས་ཀྱིས་ནི་ཕྱིའི་རྟེན་འབྲེལ་མཆེད་པའི་རྒྱུ་བྱེད་པས་སོ། །འདིར་བག་ཆགས་དང༌། ས་བོན་ནི་སེམས་ཙམ་པ་འདོད་པ་ལྟར་མ་ཡིན་གྱི། འོ་ན་ཅི་ཞེ་ན། ས་བོན་ནི་སྤང་བྱ་དེ་དང་དེའི་གཉེན་པོ་ཡེ་ཤེས་སྐྱེ་མ་མྱོང་བའི་སེམས་རྒྱུད་དེ་དང་དེའི་རང་བཞིན་སྟོང་པ་ཉིད་ཡིན་ལ། བག་ཆགས་ནི་སྔོན་བྱ་བ་དེ་དང་དེ་བྱས་པའི་དྲན་སྣང་སླར་ཡང་སེམས་ལ་ཤར་བའོ། །དེའི་ཕྱིར་བག་ཆགས་དང་ས་བོན་ཞེས་བྱ་བ་ཆུ་བོའི་རྒྱུན་བཞིན་བྱ་བ་འབྱུང་བ་ནི་མི་འདོད་དོ། །གཉིས་པ་ནི་སྟོང་པ་ཉིད་དེ་འདྲིས་ཤིང་གོམས་པར་བྱས་པས། གོམས་པ་པོའི་བློ་དང་དབྱེར་མེད་དུ་འདྲེས་ནས་གཉིས་སྣང་གི་ཤེས་པའི་གོ་སྐབས་མི་རྙེད་པ་ཞིག་འབྱུང་ལ། དེའི་ཚེ་སྟོང་པ་ཉིད་མངོན་དུ་བྱས་པ་ཞེས་བྱ་ཞིང༌། དེ་ཉིད་ལ་ཡང་དག་པའི་མཐའ་དང༌། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས་པ་ཞེས་བྱ་སྟེ། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མཆོག་དོན་དམ་པའི་བྱང་སེམས་དེའི་སྟོང་པ་ཉིད་ཅེས་བྱ་བ་རྣམ་གྲངས་དུ་བཤད་པའི་ཕྱིར་ཏེ། རྣམ་གྲངས་འདི་དག་ཀྱང་ཤེས་བྱེད་ཀྱི་ཐ་སྙད་འདོགས་པའི་ཚེ་ཡིན་གྱི། ལྟ་བས་སྤྲོས་པ་གཅོད་པའི་ཚེ་ནི་མིན་ཏེ། དེའི་ཚེ་སྟོང་པ་ཉིད་དོན་དམ་དུ་ཁས་བླངས་ན། སྤྲོས་པའི་མཐའ་བླ་ན་མེད་པར་འགྱུར་བས་སོ། །ཐ་སྙད་འདོགས་པ་ལ་གཉིས་ཏེ། བར་དུ་བདག་ཟློག་པའི་དང༌། ཐ་མ་ལྟ་བ་ཀུན་ཟློག་གིའོ། །ཐ་མ་དེ་ལ་ནི། ཐབས་ཀྱི་ཆར་གྱུར་པའི་ཁས་ལེན་ཡོད་ཀྱང༌། ལྟ་བ་དབང་བཙན་པར་བྱས་པའི་ཁས་ལེན་དང་དམ་བཅའ་ཡང་ཡོད་པ་མིན་ཏེ། ཇི་སྐད་དུ། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་ནི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། སྐྱེས་བུ་གང་དག་གང་ཟག་དང༌། ཆོས་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་མི་ཤེས་པ་དེ་དག་གནས་སྐབས་སུ་མཐར་ཐུག་གི་ཐར་པ་སྟོན་པ་མིན་ཏེ། གང་ཟག་གིས་བདག་དུ་རྨོངས་པས། སྐྱེས་བུ་དེ་དག་འགྲོ་དྲུག་སྲིད་པའི་བཙོན་རར་ནི་འཁོར་བར་འགྱུར་བའི་ཕྱིར། གསུམ་པ་སེམས་དེ་སྐྱེས་པས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྟོང་པ་ཉིད་གོམས་པར་བྱས་ན། གཞན་དོན་རྒྱུན་ཆད་པར་འགྱུར་བ་མིན་ནམ། ཞེ་ན། མིན་ཏེ། གོང་དུ་བཤད་པ་དེ་ལྟར་སྟོང་པ་ཉིད་འདི་ནི་རྣལ་འབྱོར་པ་ཡིས་བསྒོམ་པར་བྱས་ནས་གཞན་གྱིས་དོན་ལ་ཆགས་པའི་བློ་འབྱུང་བར་ཐེ་ཚོམ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བསྒོམ་དགོས་པར་བསྟན་པ་དང༌། དེ་ལྟར་བསྒོམས་པས་མི་གནས་པའི་མྱང་འདས་མངོན་དུ་བྱེད་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སེམས་ཅན་གྱི་དོན་མ་བྱས་པར། སྟོང་པ་ཉིད་སྒོམ་ན་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བའི་ཉེས་པ་ཡོད་པར་བསྟན་པ་དང༌། དམན་པའི་མྱང་འདས་གཉིས་ཀྱིས་དེའི་གོ་མི་ཆོད་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སེམས་ཅན་གྱི་དོན་བྱེད་པ་དོན་དམ་སེམས་བསྐྱེད་ཀྱི་བསླབ་བྱར་བསྟན་པ་དང༌། སྟོང་པ་ཉིད་མངོན་སུམ་དུ་རྟོགས་ཀྱང༌། འཁོར་བར་སྐྱེ་བ་ལེན་པ་མི་འགལ་བར་བསྟན་པའོ། །དང་པོ་ལ་བཞི་སྟེ། སེམས་ཅན་ལ་ཕན་པ་སྒྲུབ་དགོས་པར་བསྟན། སེམས་ཅན་ལ་ཆགས་བྲལ་སྤོང་དགོས་པར་བསྟན། སྙིང་རྗེ་ཅན་གཞན་དོན་ལ་ངང་གིས་འཇུག་པའི་ཚུལ་དོན་བསྡུ་བའོ། །དང་པོ་ལ། སྔར་ཕན་བཏགས་པའི་རྒྱུ་མཚན་གྱིས་བྱས་པ་བཟོ་དགོས་པར་བསྟན་པ་དང༌། སྔར་གནོད་པ་བྱས་པའི་འགྱོད་ཚངས་སུ་གཞན་ལ་བདེ་བ་སྟེར་དགོས་པར་བསྟན་པ་དང༌། བདེ་སྡུག་ཐམས་ཅད་སེམས་ཅན་ལ་ཕན་གནོད་བྱས་པ་ལས་བྱུང་བའི་རྒྱུ་མཚན་གྱིས་གཞན་ལ་ཕན་པ་བསྒྲུབ་དགོས་པར་བསྟན་པའོ། །དང་པོ་ནི། སྔོན་བདག་ལ་སེམས་ཅན་གང་དག་གིས་ཕ་དང་མ་དང་ནི་གཉེན་བཤེས་སུ་གྱུར་པས་ཕན་པ་བྱས་པར་གྱུར་པའི་སེམས་ཅན་དེ་དག་རྣམས་ལ་ནི་བྱས་པ་བཟོ་བར་འགྱུར་བར་བྱའོ། །གཉིས་པ་ནི། སྲིད་པའི་བཙོན་རར་སེམས་ཅན་ནི། ཉོན་མོངས་མེ་ཡིས་གདུངས་རྣམས་ལ། བདག་གིས་གནོད་པ་བྱས་པའི་སྒོ་ནས་སྡུག་བསྔལ་བྱིན་པ་ལྟར། དེ་བཞིན་ཏེ་དེ་དང་མཚུངས་པར་བདེ་བ་སྦྱིན་པར་རིགས་སོ། །གསུམ་པ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། འཇིག་རྟེན་གྱི་བདེ་འགྲོའི་འདོད་པ་དང༌། ངན་འགྲོའི་མི་འདོད་པའི་འབྲས་བུ་དེ་ཐམས་ཅད་སེམས་ཅན་རྣམས་ལ་ཕན་པ་དང་གནོད་པ་ལས་ནི་འབྱུང་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། བདེ་བ་ཐམས་ཅད་སེམས་ཅན་ལ་ཕན་བཏགས་པ་ལས་བྱུང་བར་བསྟན། སྡུག་བསྔལ་ཐམས་ཅད་དེ་ལ་གནོད་པ་བྱས་པའི་འབྲས་བུར་བསྟན་པའོ། །དང་པོ་ནི། སེམས་ཅན་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཡང་རྙེད་པར་འགྱུར་ན། ལྷ་དང་མིའི་ལོངས་སྤྱོད་གང༌། ཚངས་པ་དང༌། དབང་པོ་དང༌། དྲག་པོ་དང༌། འཇིག་རྟེན་སྐྱོང་བས་རྟེན་པ་དེ་དག་སེམས་ཅན་ལ་ཕན་པ་ཙམ་ཞིག་གིས་མ་དྲངས་པ་ནི་མཐོ་རིས་འགྲོ་བ་གསུམ་པོ་འདིར་འགའ་ཡང་མེད་པ་ལ་མཚར་དུ་རྩི་བ་ཅི་ཞིག་ཡོད་དེ་མེད་དོ། །གཉིས་པ་ནི། སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་སུ་སྡུག་བསྔལ་རྣམ་པ་དུ་མའི་དངོས་པོ་སེམས་ཅན་རྣམས་ཀྱིས་མྱོང་བ་གང་ཡིན་པ་དེ་ནི་སེམས་ཅན་ལ་གནོད་པ་ལས་བྱུང་བ་དང༌། མཐོ་རིས་སུ་ཡང་བཀྲེས་སྐོམ་དང༌། ཕན་ཚུན་བརྡེག་པ་དང༌། གཟིར་བ་ཡིས་ནི་སྡུག་བསྔལ་ཉིད་ཟློག་པར་དཀའ་ཞིང་ཟད་པ་མེད་པ་དེ་དག་སེམས་ཅན་ལ་གནོད་པའི་འབྲས་བུ་ཡིན་ནོ། །དེ་ལྟར་ན། བདེ་འགྲོ་དང་ནི་ངན་འགྲོ་དག་སེམས་ཅན་དག་ལ་ཕན་གནོད་ཀྱི་རྣམ་པར་རྣམ་པར་སྨིན་པའི་ངོ་བོ་གཉིས་སུ་ཤེས་པར་བྱས་ནས། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཉིད་དངོས་པོ་ཀུན་གྱིས་བསྟེན་པར་བྱས་ཞིང་སེམས་ཅན་རྣམས་རང་གི་ལུས་བཞིན་དུ་བསྲུང་བར་བྱའོ། །གཉིས་པ་ནི། སེམས་ཅན་རྣམས་ལ་ཆགས་བྲལ་བ། །དུག་བཞིན་འབད་པས་སྤང་བར་བྱ། །ཞེས་བསྟན་ནས། དེའི་ཤེས་བྱེད་འཆད་པ་ནི། ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བས། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །ཅེས་པའོ། །དེའི་དོན་བསྡུ་བ་ནི། དེ་ལྟར་ཕན་དང་མི་ཕན་པའི། །འབྲས་བུ་འབྱུང་བ་དཔྱད་པ་ནི། །དེ་དག་སྐད་ཅིག་གཅིག་ཀྱང་ནི། །རང་དོན་ཆགས་ཤིང་ཇི་ལྟར་གནས། །ཞེས་སོ། །གསུམ་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། སྙིང་རྗེས་བསྟན་པའི་རྩ་བ་ཅན་གྱི་དོན་དམ་བྱང་སེམས་ཀྱི་མྱུ་གུ་ལས་བྱུང་བའི་རྫོགས་པའི་བྱང་ཆུབ་ནི་མཐའ་གཅིག་ཏུ་གཞན་དོན་གྱི་འབྲས་བུ་ཡིན་ནོ་ཞེས་རྒྱལ་བའི་སྲས་པོ་རྣམས་སྒོམ་པར་བྱེད་དོ། །གཉིས་པ་ནི་གང་ཞིག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམས་པས་གཞན་ཕན་གྱི་སེམས་བརྟན་པར་གྱུར་པ་ནི་གཞན་གྱི་སྡུག་བསྔལ་གྱིས་བྲེད་ནས་བསམ་གཏན་གྱི་བདེ་བ་དོར་ནས་ཀྱང་མནར་མེད་པར་ཡང་འཇུག་པར་བྱེད་དོ། །དེ་ལྟར་བྱེད་པ་འདི་ནི་ངོ་མཚར་བས་འདི་ནི་བསྔགས་པར་འོས་སོ། །དེ་ལྟར་བྱེད་པ་དེ་དག་རྣམས་ཀྱིས་རང་ལུས་དང་ནོར་རྣམས་སེམས་ཅན་ལ་བྱིན་པ་ངོ་མཚར་བ་མ་ཡིན་ཏེ། བཤད་མ་ཐག་པ་དེ་ལྟར་བྱེད་པ་འདི་ནི་དམ་པའི་ཚུལ་ལུགས་མཆོག་ཡིན་པས་སོ། །བཞི་པ་ནི། ཆོས་རྣམས་རང་གི་ངོ་བོས་སྟོང་པ་འདི་ཤེས་ནས་ལས་དང་འབྲས་བུ་ཇི་ལྟ་བ་བཞིན་དུ་བསྟན་པ་དེ་ནི་ངོ་མཚར་བས་ཀྱང་ངོ་མཚར་བ་དང༌། རྨད་དུ་བྱུང་བས་ཀྱང་ཆེས་རྨད་དུ་བྱུང་བ་ཡིན་ཏེ། སྣང་བ་དང་སྟོང་པ་མི་འགལ་བ་ཁོང་དུ་ཆུད་ནས་དོན་དམ་པའི་བྱང་སེམས་ཀྱི་བསླབ་བྱ་ལ་སློབ་པས་སོ། །བཤད་མ་ཐག་པའི་གཞན་དོན་ལ་འཇུག་ཚུལ་འདི་ནི་དོན་དམ་བྱང་སེམས་ཀྱི་བསླབ་བྱ་ཡིན་པ་ཁོ་ནར་མ་ཟད་འདིར་བསྟན་ཚུལ་ཡང་འདིའི་ལྡོག་ཆ་ཁོ་ན་ནས་བསྟན་པ་ཡིན་ཏེ། དེའི་འབྲས་བུའི་གཙོ་བོའི་བྱང་ཆུབ་དེ་དོན་གཉིས་མཐར་ཕྱིན་དུ་འཆད་དགོས་པའི་ཕྱིར་དང༌། དེ་དེའི་བསླབ་བྱར་མ་བཤད་ན། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྐྱང་པ་ལ་ནན་ཏན་བྱས་པས་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བའི་ཉེས་དམིགས་ཡོད་པས་སོ། །གཉིས་པ་ལ་གཉིས་ཏེ། འཁོར་བར་སྐྱེས་ཀྱང་འཁོར་བའི་ཉེས་པས་མི་གོས་པར་བསྟན་པ་དང༌། དེར་སྐྱེ་བའི་རྒྱུ་ཉོན་མོངས་སྤངས་ཀྱང་དེར་སྐྱེ་བ་ནུས་པར་བསྟན་པའོ། །དང་པོ་ནི། སེམས་ཅན་སྐྱབས་པའི་བསམ་པ་ཅན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དེ་དག་སྲིད་པའི་འདམ་དུ་སྐྱེས་ཀྱང་ཆུའི་པདྨའི་འདབ་མ་ཆུའི་ཉེས་པས་མི་གོས་པ་བཞིན་དུ། སྲིད་པ་དེ་ལས་བྱུང་བའི་ཉེས་པས་གོས་པ་མེད་དེ། སྟོང་པ་ཉིད་མངོན་སུམ་དུ་རྟོགས་པས་སོ། །གཉིས་པ་ནི། རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོ་དང༌། བྱམས་པ་ལ་སོགས་པ་ཉོན་མོངས་པའི་བུད་ཤིང་བསྲེགས་མོད་ཀྱི། དེ་ལྟ་ན་ཡང་སྙིང་རྗེས་སྨན་པར་གྱུར་ཅིང་སྙིང་རྗེས་གཞན་དབང་དུ་གྱུར་པ་རྣམས་ཡུམ་གྱི་ལྷུམས་སུ་གཤེགས་པ་དང༌། བལྟམས་པ་དང༌། རོལ་རྩོད་མཛད་པ་དང༌། ཁབ་ནས་བྱུང་བ་དང༌། དཀའ་བ་སྤྱོད་པ་དང༌། བྱང་ཆུབ་ཆེན་པོ་མངོན་དུ་མཛད་པ་དང༌། བདུད་ཀྱི་སྡེ་འཇོམས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ལྷའི་གནས་རྣམས་ཀུན་ན་བཞུགས་པ་དང༌། དེ་བཞིན་དུ་ནི་མྱ་ངན་ལས་འདས་པ་སྟོན་པར་མཛད་པ་ཡིན་ནོ། །དེ་བཞིན་དུ་ཚངས་པ་དང༌། དབང་པོ་དང༌། ཁྱབ་འཇུག་དང༌། དྲག་པོ་ལ་སོགས་པའི་གཟུགས་སུ་སྤྲུལ་པར་མཛད་ནས་འགྲོ་བ་འདུལ་བའི་སྦྱོར་བ་ཡིས་སྲིད་པར་གར་མཛད་དོ། །སུ་ཞིག་གིས་ན། ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས་སོ། །གཉིས་པ་ནི། སེམས་ཅན་གྱི་དོན་མ་བྱས་ཀྱང་སྟོང་པ་ཉིད་བསྒོམས་པས་མཐར་ཐུག་གི་མྱང་འདས་མངོན་དུ་བྱེད་ནུས་ཏེ། ལྷག་མེད་ཀྱི་མྱང་འདས་བཞིན་ནོ་ཞེ་ན། ལན་ལ་བཞི་སྟེ། དེ་མྱང་འདས་གོ་ཆོད་པོ་མ་ཡིན་པར་བསྟན། དེ་ཐོབ་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་དགོས་པ་བསྟན། དེར་ཞུགས་ནས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བཤད་པ། དེ་ལ་རྩོད་པ་སྤངས་པའོ། །དང་པོ་ནི་དམན་པའི་མྱང་འདས་ཞེས། ལྷག་བཅས་དང༌། ལྷག་མེད་ཀྱི་ཡེ་ཤེས་གཉིས་པོ་དེར་གསུངས་པ་ཡང་དགོངས་པ་ཅན་ཡིན་གྱི། དོན་དམ་པ་མ་ཡིན་ནོ། །དགོངས་གཞི་ནི་ཐེག་པ་ཆེན་པོར་འབྱུང་བའི་ཐབས་ཡིན་པའི་དོན་གྱིས་སོ། །དགོས་པ་ནི་སྲིད་པའི་ལམ་ལ་སྐྱོ་བ་རྣམས་ལ་ངལ་བསོ་བའི་དོན་དུའོ། །གཉིས་པ་ནི་ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ་བ་དེ་སྲིད་དུ་ཡེ་ཤེས་ཀྱི་ལུས་ཀྱི་དངོས་པོ་ཅན་དེ་ཏིང་འཛིན་གྱིས་མྱོས་པས་བརྒྱལ་བར་གྱུར་པའི་ཉན་ཐོས་དགྲ་བཅོམ་པ་དེ་དག ལྷག་མེད་ཀྱི་དབྱིངས་སུ་གནས་པར་འགྱུར་ལ། དེས་བསྐུལ་བ་ན་སྣ་ཚོགས་པའི་གཟུགས་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་ལ་ཆགས་པར་གྱུར་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་འགྱུར་རོ། །གཞུང་འདིས་དམན་པའི་མྱང་འདས་ཀྱི་ངོ་བོ་ཡེ་ཤེས་སུ་བསྟན་ནོ། །གསུམ་པ་ནི། དེས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཅི་ཞེ་ན། མ་རིག་པ་དང༌། ཟག་མེད་ཀྱི་ལས་གཉིས་ཀྱི་བག་ཆགས་ཡོད་པའི་ཕྱིར། བག་ཆགས་དེ་ལ་ས་བོན་དུ་བརྗོད་པ་སྟེ་མིང་གིས་བཏགས་པ་ཡིན་ལ། ས་བོན་དེའི་དངོས་པོ་ཚོགས་པས་ནི་སྲིད་པའི་མྱུ་གུ་སྐྱེད་པར་བྱེད་དེ། དེ་ལྟར་ན་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང༌། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཉན་རང་དགྲ་བཅོམ་པ་རྣམས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ནི་བག་ཆགས་དེ་ཡིན་པར་ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས་གསུངས་སོ། །བཞི་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཁོ་ན་རྫོགས་བྱང་གི་རྒྱུ་གཙོ་བོ་དང༌། ལྷག་མེད་ཀྱི་མྱང་འདས་ཐོབ་ནས་ཀྱང་ལམ་དེ་ལ་སློབ་དགོས་ན། སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཁོ་ན་མི་གསུང་བའི་རྒྱུ་མཚན་ཅི་ཞེ་ན། ལན་ལ། གདུལ་བྱའི་བསམ་པ་སོ་སོ་ལ་དགོངས་ནས་ཆོས་ཀྱི་རྣམ་གྲངས་མང་པོ་གསུངས་པར་བསྟན། དེ་ཐམས་ཅད་ཀྱང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་གཅིག་པར་བསྟན། ས་ལམ་གྱི་དབྱེ་བ་ཐམས་ཅད་དེ་ཉིད་ཀྱི་ཆ་ཤས་སུ་བསྟན། དེ་ལྟར་བསྒོམས་པས་ཆད་པའི་མྱང་འདས་ཀྱི་མཐའ་ལས་གྲོལ་བའོ། །དང་པོ་ནི། འཇིག་རྟེན་གྱི་མགོན་པོ་རྣམས་ཀྱིས་བསྟན་པ་དམ་པའི་ཆོས་རྣམས་ནི། འཇིག་རྟེན་དུ་ནི་ཐབས་མང་པོ་དང༌། སྟོན་ཚུལ་གྱི་རྣམ་པ་མང་པོ་ཐ་དད་པར་འགྱུར་ཏེ། སེམས་ཅན་སོ་སོའི་བསམ་པ་མི་འདྲ་བའི་དབང་གིས་རྗེས་སུ་འགྲོ་དགོས་པས་སོ། །གཉིས་པ་ནི། ཆོས་ལ་ལར་ཟབ་པ་དང༌། ལ་ལར་རྒྱ་ཆེ་བའི་དབྱེ་བ་དང༌། ལ་ལར་གཉིས་ཀའི་མཚན་ཉིད་ཅན་སོགས་ཐ་དད་པ་མི་འདྲ་བ་མང་པོ་བསྟན་པ་ཡིན་ཡང་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དང་ཐ་དད་པ་མ་ཡིན་ཏེ། དེ་དང་གཉིས་སུ་མེད་པས་སོ། །གསུམ་པ་ནི་གཟུངས་རྣམས་དང་ནི་ས་རྣམས་དང་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དག་ཡིན་པ་དེ་དག་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཆར་ཀུན་མཁྱེན་རྣམས་ཀྱིས་མདོ་སྡེ་ས་བཅུ་པ་ལ་སོགས་པར་གསུངས་པ་ཡིན་ནོ། །བཞི་པ་ནི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་ལུས་ངག་ཡིད་ཀྱིས་རྟག་པར་ནི། གོང་དུ་བཤད་པ་དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་དེ་དག་ཆོས་ཅན། སྟོང་པ་ཉིད་ལ་རྩོད་པར་སྨྲ་བ་རྣམས་ཀྱིས་ཆད་པའི་མཐར་ལྷུང་བའི་ཉེས་པ་ཡོད་དོ་ཞེས་པའི་རྩོད་པ་ཉིད་ཁྱོད་ལ་ཡོད་པ་མ་ཡིན་ཏེ་རྫོགས་སྨིན་སྦྱངས་གསུམ་མ་བྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་མཛད་པའི་ཕྱིར་རོ། །གཉིས་པ་དེ་ལྟར་བསྒོམས་པས་མི་གནས་པའི་མྱང་འདས་མངོན་དུ་བྱེད་པར་བསྟན་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པར་བྱས་པའི་བདག་ཉིད་ཆེན་པོ་ཆོས་ཅན། ཁྱོད་ཀྱིས་མངོན་དུ་མཛད་པའི་མཐར་ཐུག་གི་བྱང་ཆུབ་དེ་ལ་སངས་རྒྱས་རྣམས་ཀྱིས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་ཐེག་པ་ཆེན་པོའི་ཆོས་འདིར་བཤད་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལ་མི་གནས་པས་སོ། །བཞི་པ་བྱང་ཆུབ་ཀྱི་སེམས་ལ་བསྔགས་པ་བརྗོད་ནས་བསྡུ་བ་ལ་གཉིས་ཏེ། བསྟོད་པ་དང༌། དེའི་དགེ་བ་བསྔོ་བའོ། །དང་པོ་ལ་སངས་རྒྱས་ཀྱི་གདུང་འཚོབ་པར་ནུས་པའི་བསྔགས་པ། ཐེག་པ་ཆེན་པོར་འཇོག་པའི་བྱེད་ཆོས་ཀྱི་གཙོ་བོ་ཡིན་པའི་བསྔགས་པ། རང་གཞན་གྱི་དོན་གཉིས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པའི་བསྔགས་པ། བསོད་ནམས་ཀྱི་ཚོགས་ཚད་མེད་པ་འབྱུང་བའི་བསྔགས་པ། ནོར་ཐམས་ཅད་ཀྱི་མཆོག་ཡིན་པའི་བསྔགས་པ། དེས་ན་བྱང་ཆུབ་ཀྱི་སེམས་རྟེན་རིགས་པའོ། །དང་པོ་ནི། སྟོང་པ་ཉིད་ཀྱི་རོ་ནི་མཆོག་ཏུ་གྱུར་པ་སྙིང་རྗེ་ཆེན་པོའི་རོ་དང་གཅིག་ཏུ་འདྲེས་པས་བསོད་ནམས་དང་ཡེ་ཤེས་མང་པོའི་འབྱུང་ཁུངས་སུ་གྱུར་པ་དེ། དགོས་པ་བདག་དང་གཞན་གྱི་དོན་སྒྲུབ་པའི་དོན་དུ་གང་འཐུངས་པ་དེ་དག་ཆོས་ཅན། རྒྱལ་བའི་སྲས་པོ་ཡིན་ཏེ། དེའི་གདུང་འཚོབ་པར་ནུས་པའི་ཕྱིར་རོ། །དེ་ལྟར་ན། ལུས་ངག་ཡིད་ཀྱི་དངོས་པོ་ཀུན་གྱིས་བྱང་ཆུབ་ཀྱི་སེམས་དེ་ལ་དུས་རྟག་ཏུ་འདུད་ཅིང་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་མཆོད་པའི་ཡོ་བྱད་ཅི་ཡོད་པ་རྣམས་ཀྱིས་དུས་རྟག་ཏུ་མཆོད་པར་འོས་སོ། །དགོས་པ་སངས་རྒྱས་ཀྱི་གདུང་ནི་འཚོབ་པའི་དོན་དུ་འཇིག་རྟེན་འདྲེན་པ་དེ་དག་དུས་རྟག་ཏུ་བཞུགས་པར་གསོལ་བ་འདེབས་སོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་འདི་ནི་ཐེག་པ་ཆེན་པོར་མཚོན་བྱེད་ཀྱི་ཆོས་རྣམས་ནི་ཡིན་པར་བཤད་པ་སྟེ། དེ་ལྟ་བས་ན་ཡིད་མཉམ་པར་གཞག་པས། ལུས་ངག་གི་འབད་པ་ཡིས་དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེའི་སྙིང་པོ་ཅན་དུ་སྐྱེད་པར་གྱིས་ཤིག གསུམ་པ་ནི། རང་དང་གཞན་གྱི་དོན་བསྒྲུབ་པའི་དོན་དུ་རྒྱུད་ལ་བསྐྱེད་པའི་ཐབས་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་འདི་ལས་གཞན་སྲིད་པ་ན་སྟེ་ཤེས་བྱ་ལ་ཡོད་པ་མ་ཡིན་ཏེ། དོན་གཉིས་མཐར་ཕྱིན་པའི་ཐབས་ནི་བྱང་ཆུབ་ཀྱི་སེམས་མ་གཏོགས་པ། སངས་རྒྱས་ཀྱི་མ་གཟིགས་པས་སོ། །བཞི་པ་ལ་གཉིས་ཏེ། དེ་བསྐྱེད་པའི་བསོད་ནམས་དང༌། བསྒོམས་པའི་བསོད་ནམས་སོ། །དང་པོ་ནི། བྱང་ཆུབ་སེམས་དེ་བསྐྱེད་པ་ཙམ་གྱིས་ནི་བསོད་ནམས་ཀྱི་ཕུང་པོ་གང་ཐོབ་པ་དེ་གལ་ཏེ་གཟུགས་ཅན་ཞིག་ཡིན་ན་ནི། ནམ་མཁའ་གང་བ་བས་ཀྱང་ལྷག་པར་མདོ་ལས་གསུངས་སོ། །གཉིས་པ་ནི། སྐྱེས་བུ་གང་ཞིག་སྐད་ཅིག་ཙམ་བྱང་ཆུབ་ཀྱི་སེམས་ནི་བསྒོམ་པར་བྱེད་པར་དེའི་བསོད་ནམས་ཀྱི་ཕུང་པོ་ནི་རྒྱལ་བ་ཡིས་ཀྱང་བགྲངས་པར་མི་སྤྱོད་ཏེ་མི་ནུས་སོ། །ལྔ་པ་ནི། ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ནི་རིན་པོ་ཆེ་འདི་ནི་ནོར་རྣམས་ཀྱི་མཆོག་གཅིག་པུ་སྟེ་དགོས་འདོད་ཀུན་འབྱུང་བའི་ཕྱིར་རོ། །ཉོན་མོངས་པའི་བདུད་ལ་སོགས་པའི་ཆོམ་རྐུན་གྱིས་གནོད་པ་བྱེད་མི་ནུས་ཤིང༌། འཕྲོག་པར་ཡང་བྱེད་ནུས་པ་མ་ཡིན་ཏེ། གོམས་པ་པོའི་སེམས་དང་དབྱེར་མེད་དུ་འདྲེས་པའི་ཕྱིར། དྲུག་པ་ནི། རང་གི་བློ་ཉིད་ནི་བྱང་ཆུབ་སེམས་ལ་གཞོལ་བ་རྣམས་ཀྱིས་ཇི་ལྟར་འཁོར་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ནི་མི་གཡོ་བ་དེ་ལྟར། ཁྱེད་ཅག་གིས་ཀྱང་ངོ་མཚར་བའི་སེམས་ཀྱིས་ཀྱང་ཇི་ལྟར་བཤད་པ་ལ་འབད་པར་གྱིས་ཤིག དེ་ལྟར་བྱས་པའི་རྗེས་ལ་ཀུན་ཏུ་བཟང་པོའི་སྤྱོད་པ་ནི་རང་ཉིད་ཀྱིས་རྟོགས་ཤིང་ཐོབ་པར་འགྱུར་རོ། །འདིར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་ཁྱད་པར་ནི། བྱང་ཆུབ་སྤྱོད་པའི་སྨོན་ལམ་དང༌། བཟང་པོ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གང་ཡོད་པ་དེ་ཉིད་དོ། །གཉིས་པ་བསྔོ་བ་ནི། རྐང་གཉིས་དབང་པོས་བསྟན་པའི་ལམ་དུ་འགྲོ་བར་ཤོག སུ་ཞིག་ན། སྲིད་པའི་རྒྱ་མཚོའི་རྦ་ཀློང་གི་ནང་དུ་ནུབ་པའི་སེམས་ཅན་རྣམས་སོ། །གང་གིས་ན། རྒྱལ་མཆོག་རྣམས་ཀྱིས་བསྟོད་པའི་བྱང་ཆུབ་ཀྱི་སེམས་ནི་ཀླུ་བསྒྲུབ་བདག་གིས་བསྟོད་པར་བྱ་བ་བྱས་ནས། བསོད་ནམས་མཚུངས་མེད་དེང་དུས་ཐོབ་པ་གང་ཡིན་པ་དེ་ཡིས་སོ། །དེ་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་སྙིང་རྗེའི་སྙིང་པོ་ཅན་གྱི་འགྲེལ་པ། སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྣམ་པར་བཤད་པ་འདི་ཡོངས་སུ་གྲུབ་པའོ། །བསྟན་བཅོས་འདི་ལ་ལོ་ཙྪ་བ་ཆེན་པོ་རབ་ཞི་བཤེས་གཉེན་ལ་སོགས་པའི་འགྱུར་བཅུ་གཉིས་མཁས་པ་ཆེན་པོ་གཙང་ནག་པས་ཚིག་དོན་གང་བཟང་དུ་བྲིས་པ་དང་བཅུ་གསུམ་དུ་ཡོད་པར་གྲགས་པ་ལས། འདི་ནི་པ་ཚབ་ལོ་ཙྪ་བའི་འགྱུར་གྱི་སྟེང་ནས་བཤད་པའོ། །གཞན་འགྲེལ་བྱེད་ལ་མ་རྟེན་པ། །གཞུང་འདིའི་བཤད་པ་ཟིན་པར་བྱས། །འདི་དོན་གསལ་པོར་མ་སྨྲས་ན། །རང་བཟོའི་འཚང་འགའ་འདོན་མི་ནུས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །གང་སྟེན་སེམས་ཅན་ཆེན་པོ་དག །རྒྱལ་བའི་སྲས་སུ་མཚོན་ནུས་པ། །དེ་ཡང་བདག་གི་བརྟེན་བྱར་འགྱུར། །མང་ཐོས་ལང་ཚོའི་སྙེམས་པ་དང༌། །གང་བྲལ་ཞི་བའི་བསྟན་ལ་ནི། །རབ་འཁོད་སྟོང་ཉིད་བདུད་རྩི་ཡིས། །འཚོ་འདོད་ཁྱོད་ཀྱིས་འདི་ལོངས་ཤིག །ཨེ་མ་འཇིག་རྟེན་ཆོས་བརྒྱད་ཀྱི། །མཛའ་བོ་དང་ནི་མཚན་འཛིན་གྱི། །ཡིད་ཀྱི་ཤིང་རྟ་དེ་བོར་ལ། །ཆོས་དབྱིངས་ནགས་ཁྲོད་དེར་འཁོད་ཤིག །ཅེས་དོན་དམ་བྱང་ཆུབ་སེམས་ཀྱི་འགྲེལ་པའི་རྣམ་པར་བཤད་པ་དབུ་མའི་སྙིང་པོ་ཞེས་བྱ་བ་འདི་ནི། ཟབ་མོའི་དོན་ལ་བསྙེངས་པ་མེད་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། གཙང་གཡས་རུ་སའི་ཐིག་ལེ་ཁྱུང་ཚང་གསེར་མདོག་ཅན་གྱི་དབེན་གནས་དམ་པར་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*