སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་རྒྱ་ཆེར་བཤད་པ་ལས། སོ་སོར་ཐར་པའི་རིམ་པ་དང་པ།

༼ཆ༽༄༅། །སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་རྒྱ་ཆེར་བཤད་པ་ལས། སོ་སོར་ཐར་པའི་རིམ་པ་དང་པོ་རྣམ་པར་བཤད་པ་ཞེས་བྱ་བ་བཞུགས་སོ།།

སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་རྒྱ་ཆེར་བཤད་པ་ལས། སོ་སོར་ཐར་པའི་རིམ་པ་དང་པོ་རྣམ་པར་བཤད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པའི་དཔལ་ལ་གུས་པས་ཕྱག་འཚལ་ལོ། །སྲིད་པའི་ཀུན་དགར་རིང་དུ་གོམས་པའི་མཐུས། །ཉེས་པར་སྤྱོད་པའི་མྱོས་བུམ་མཐོ་ལྡན་ཞིང༌། །འཁོར་བའི་རྒྱ་མཚོར་འཇུག་ལ་མངོན་དགའ་བའི། །དངོས་འཛིན་གླང་ཆེན་ཁྲོས་པའི་ཁྲི་སྟེངས་སུ། །ཡིད་ཀྱི་བསྲུབ་ཤིང་དགྱེས་པའི་དཔལ་འབར་བས། །ཀུན་ནས་དྲེགས་པའི་ལུས་ཅན་དབང་པོའི་དགྲ། །ཆོས་འདུལ་བསྒྱིངས་པའི་རྩེ་བརྒྱས་འདུལ་མཁས་པ། །ཀུན་མཁྱེན་སྤྱན་སྟོང་མངའ་བ་རྒྱལ་གྱུར་ཅིག །དེ་ལ་རྒྱལ་བའི་བསྟན་པ་དྲི་མ་མེད་པ་ལ་ལེགས་པར་ཞུགས་ནས། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱི་གོ་འཕངས་དོན་དུ་གཉེར་བ་རྣམས་ཀྱིས། བསླབ་པར་བྱ་བའི་རིམ་པ་འདི་ལ་གསུམ་ཏེ། སོ་སོར་ཐར་པའི་བསླབ་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང༌། རིག་པ་འཛིན་པའི་བསླབ་པ་རྣམས་སོ། །དེ་ལ་རེ་ཤིག་དང་པོར་སོ་སོར་ཐར་པ་ངོས་བཟུང་བ་དང༌། དེའི་བསླབ་པར་བྱ་བ་གང་ཡིན་པ་དང༌། དེ་ལ་ཇི་ལྟར་སློབ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང༌། བྱང་སེམས་ཀྱི་སོ་སོར་ཐར་པའོ། །དེ་གཉིས་ཀྱི་ཁྱད་པར་ནི། མན་ངག་གི་བྱེད་པའི་རྐྱེན་ཆོ་ག་མཚུངས་ཤིང༌། རང་གི་ངོ་བོ་ལུས་ངག་གི་སྤང་བྱ་སྤོང་བའི་སེམས་དཔའ་ཙམ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། ཉེར་ལེན་གྱི་རྒྱུ་མི་འདྲ་སྟེ། སྔ་མ་ནི་ངེས་འབྱུང་གི་བསམ་པའི་ཉེར་ལེན་ཅན་ཡིན་ལ། ཕྱི་མ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་ཕྱིར་རོ། །ཉན་ཐོས་དང་བྱང་སེམས་གང་ཡིན་ཀྱང་རུང༌། སོ་ཐར་དང་དེའི་སྡོམ་པ་ལ་ཁྱབ་ཆེ་ཆུང་ལ་ཁྱད་པར་ཆེན་པོ་ཡོད་དེ། དང་པོ་ནི། རྐྱེན་ཆོ་ག་ལ་ངེས་པར་མི་ལྟོས་ལ། ཕྱི་མ་ནི་ངེས་པར་དེ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར། བྱང་སེམས་ཀྱི་སྡོམ་པ་བླངས་ན་བྱང་སེམས་ཀྱི་སོ་ཐར་ནི་ངེས་པར་སྐྱེ་བ་ཡིན་ཏེ། དེའི་ཚེ་ན་གཞན་དོན་དོན་གཉེར་གྱི་བསམ་པས་ཉེར་ལེན་བྱས་པ་ལས་བྱུང་བའི་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བར་འདོད་པའི་སེམས་བྱུང་སེམས་པ་དེ་ངེས་པར་སྐྱེ་བའི་ཕྱིར་རོ། །དེའི་ཚེ་ན་བྱང་སེམས་ཀྱི་སོ་ཐར་སྡོམ་པ་ནི་སྐྱེ་བར་མ་ངེས་ཏེ། དེ་ནི་ཆོ་གའི་ཡན་ལག་རྣམས་ངེས་པར་ཚང་བ་ལ་ལྟོས་པའི་ཕྱིར། དེ་ལ་ཉན་ཐོས་ཀྱིས་སོ་ཐར་སྡོམ་པའི་ངོ་བོ་ནི། བྱེ་བྲག་ཏུ་སྨྲ་བས་གཟུགས་ཅན་དུ་འདོད་ཀྱང༌། རང་རང་གི་ཐོབ་རྒྱུས་ཐོབ་ཅིང་གཏོང་རྒྱུས་གཏོང་བའི་གླིང་གསུམ་གྱི་སྐྱེས་པ་དང༌། བུད་མེད་གང་རུང་གི་རྟེན་ཅན་དུ་ངེས་པའི་སེམས་བྱུང་སེམས་དཔའ་གཅིག་གི་ངོ་བོར་གནས་པ་ཡིན་ནོ། །དེ་ཡང་དཔེར་ན། དགེ་སློང་གི་སྡོམ་པའི་ངོ་བོ་ནི། རྒྱུ་གསོལ་བཞིའི་ཆོ་ག་མཚན་ཉིད་དང་ལྡན་པ་ལས་ཐོབ་ཅིང༌། ཤི་འཕོས་མ་ཐག་ཏུ་གཏོང་བར་ངེས་པའི་སེམས་པ་རྒྱུན་ཆགས་པ་གཅིག་ཡིན་ནོ། །དེ་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ། བྱང་སེམས་ཀྱི་སོ་ཐར་ཙམ་དུ་འགྱུར་གྱི། དེའི་སྡོམ་པར་འགྱུར་བ་ནི་མ་ཡིན་ཏེ། སོ་ཐར་གྱི་སྡོམ་པ་ནི། རྐྱེན་ད་ལྟར་གྱི་ཆོ་ག་དེ་ཁོ་ན་ལ་ལྟོས་པའི་ཕྱིར། ཅི་སྟེ་སོ་ཐར་སྡོམ་པའི་ངོ་བོ་སེམས་བྱུང་དུ་འདོད་ན་ཆོས་ཀྱི་རྗེས། སེམས་ལ་སྐྱེ་ཕྱིར་གཟུགས་ཅན་མིན། །དེས་ན་ཇི་སྲིད་སེམས་མ་ཉམས། །དེའི་བར་དུ་སྡོམ་པ་ཡོད། །ཅེས་གསུངས་པ་ལྟར་བྱང་ཆུབ་བར་དུ་མི་ཉམས་པར་ཐལ་ལོ་ཞེ་ན། སེམས་མ་ཉམས་ཀྱི་བར་དུ་འཛིན་པར་ཁས་བླངས་སོ་ཤེ་ན། བདེན་མོད་ཀྱི། སོ་ཐར་སྡོམ་པ་ནི་དེའི་བར་དུ་ཁས་མ་བླངས་པའི་ཕྱིར་རོ། །སྡོམ་པ་གཟུགས་ཅན་ཡིན་པའི་ཕྱིར། ཤི་བའི་ཚེ་ན་སྡོམ་པ་གཏོང་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་བྱེ་བྲག་སྨྲ་བའི་འདོད་པ་ཉེ་བར་བཟུང་ནས་བཤད་པ་ཡིན་ལ། དོན་ལ་གནས་པའི་ཕྱོགས་སམ། མདོ་སྡེ་པ་ཡན་ཆད་ཀྱི་འདོད་པ་ནི། ཤི་ནས་ཁས་བླངས་མེད་པའི་ཕྱིར། ཤི་བའི་ཚེ་ན་སྡོམ་པ་གཏོང༌། །ཞེས་པར་འགྱུར་རོ། །འོ་ན་སྡོམ་པ་གསུམ་རིམ་པར་ནོས་པའི་དགེ་སློང་གི་རྒྱུད་ལ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཇི་ལྟར་ལྡན་ཞེ་ན། རྫས་གཅིག་ཏུ་ལྡན་ཏེ། དེའི་རྒྱུད་ལ་གསུམ་ཀ་ལྡན་པ་ནི་གང་ཟག་གི་སྤང་བྱ་ལྔ་སྤོང་བའི་སེམས་པ་དང༌། སྤང་བྱ་བཅུ་སྤོང་བའི་སེམས་པ་དང༌། སྤོང་བདུན་འཁོར་དང་བཅས་པའི་སེམས་པ་གསུམ་པོ་རྫས་ཐ་དད་པར་ལྡན་པ་འགལ་བའི་ཕྱིར་ཏེ། གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་རིགས་མཐུན་རྫས་གཞན་གཉིས་ཅིག་ཅར་དུ་འབྱུང་བ་འགལ་བའི་ཕྱིར། དེའི་རྒྱུད་ལ་གསུམ་ཀ་ལྡན་པ་ཡིན་ཏེ། གསུམ་ཀ་ཐོབ་རྒྱུས་ཐོབ་ནས་གཏོང་རྒྱུས་མ་གཏང་བའི་ཕྱིར། འོ་ན་སྡོམ་གསུམ་ལྡན་པའི་དགེ་སློང་དེས་དགེ་སློང་གི་སྡོམ་པ་ཕུལ་བའི་ཚེ། སྡོམ་པ་སྔ་མ་གཉིས་ཀྱང་ཕུལ་བར་འགྱུར་ཏེ། དེའི་རྒྱུད་ཀྱི་གསུམ་ཀ་ངོ་བོ་གཅིག་པའི་ཕྱིར་ཅེ་ན། ཉེས་པ་མེད་སྟེ། རྫས་སེམས་པ་གཅིག་པོ་དེའི་སྟེང་ན། ལྡོག་པའི་ཆ་ཐ་དད་པ་གསུམ་གནས་པའི་ཕྱིར་དཔེར་ན། གྲི་ལྟ་བུའི་རྫས་གཅིག་བདག་པོ་ཐ་དད་པ་གསུམ་གྱིས་བཟུང་བ་བཞིན་ནོ། །གཉིས་པ་དེའི་བསླབ་བྱ་ལ་གཉིས་ཏེ། སྤང་བྱ་ལྡོག་པའི་བསླབ་པ་དང༌། ཉམས་སུ་བླང་བྱ་འཇུག་པའི་བསླབ་པ་གཉིས་སོ། །དང་པོ་ལ་རྐང་གྲངས་ངོས་བཟུང་བ་དང༌། དེས་བསླབ་པ་ལ་ཇི་ལྟར་གནོད་པ་བྱེད་པའི་ཚུལ་དང༌། དེ་ཕྱིར་བཅོས་པའི་ཐབས་ལ་དོགས་པ་དཔྱད་པའོ། །དང་པོ་ལ་སྡེ་ཚན་ལྔ་ནི། ཕམ་པ། ལྷག་མ་ལྟུང་བྱེད་སོར་བཤགས་ཉེས་བྱས་སོ། །དང་པོ་ལ་བཞི་སྟེ། སོ་སོ་ཐར་པའི་མདོར། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་བསད་པར་མི་བྱ་ཞིང༌། །རྫུན་དུ་སྨྲ་དང་བཅས་པ་ཡིས། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་སོགས་ཇི་ལྟར་གསུངས་པའི་རིམ་པ་བཞིན་སྒྲོལ་བར་བྱའོ། །དེ་ལ་དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་ལ་གླེང་གཞི་ནི། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ལོ་བཅུ་གཉིས་ཀྱི་བར་དུ་བཅའ་བ་མ་མཛད་ལ། བཅུ་གསུམ་པ་ལ་དགེ་སློང་བཟང་སྦྱིན་གྱིས་ཆུང་མ་ལ་མི་ཚངས་པར་སྤྱད་པ་ལས། བསླབ་པའི་གཞི་དང་པོ་འདི་བཅའ་བ་མཛད་དོ། །དེ་ལྟ་ན་ཡང་དགེ་སློང་བཟང་སྦྱིན་ལ་ནི་ལྟུང་བ་འདི་མ་བྱུང་སྟེ། དེས་བཅས་པ་ལས་མ་འདས་པའི་ཕྱིར་རོ། །དེའི་ཕྱིར་ལས་དང་པོ་ལ་ལྟུང་བ་མེད་ཅེས་བྱའོ། །དེས་ན་བསླབ་པ་འཆའ་བའི་སྙད་ཁ་གླེང་གཞི་ནི་དྲུག་སྡེ་ལ་མཛད་ཀྱང་དྲུག་སྡེས་ནི་བསླབ་པའི་གཞི་ཕྲ་མོ་ཙམ་ལས་འགལ་བར་མ་བྱས་སོ། །འོ་ན་གང་བྱས་པས་ཕམ་པ་དང་པོར་འགྱུར་ཅེ་ན། འདི་ལ་ལྟུང་བ་ཐམས་ཅད་ཀྱི་ཡན་ལག་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ་རྟེན་དགེ་སློང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་བསླབ་པ་བཅས་པ་དང་འབྲེལ་པ་ཤེས་པ་རང་བཞིན་དུ་གནས་པ་དང་གསུམ་དགོས་སོ། །གཉིས་པ་ལ། གཞིའི་ཡན་ལག བསམ་པའི་ཡན་ལག སྦྱོར་བའི་ཡན་ལག མཐར་ཐུག་བཞི་ཚང་དགོས་པ་ལས། དང་པོ་ནི། བགྲོད་པར་བྱ་བའི་ཡུལ་སྐྱེས་པའམ། བུད་མེད་དུད་འགྲོ་སོགས་ཀྱི་རྨའི་སྒོ་གསུམ་གང་རུང་མ་ཉམས་པ་སྒྲོད་པར་ནུས་པ། སྒྲོད་པར་བྱེད་པ་ནི། རང་རྒྱུད་དུ་གཏོགས་པའི་ནོར་བུ་ནད་མེད་པ་ལས་སུ་རུང་བའོ། །བསམ་པ་ནི། བདེ་བ་མྱོང་བར་འདོད་པས་སོ། །སྦྱོར་བ་ནི་རིག་ཅིང་རྩལ་བས་སོ། །མཐར་ཐུག་བདེ་བ་ཉམས་སུ་མྱོང་བས་སོ། །གཉིས་པ་མ་བྱིན་ལེན་ལ། ཡན་ལག་ཐུན་མོང་བ་ནི་སྔ་མ་དང་འདྲ། ཐུན་མོང་མ་ཡིན་པ་ལ་གཞིའི་ཡན་ལག་ནི། ཡུལ་རང་ལས་རྫས་ཐ་དད་པའི་མིའི་འགྲོ་བ་པ་ཡིན་ལ། དངོས་པོ་ཁ་ཟས་སུ་བྱས་པ་མིན་པ་རིན་ཐང་ཚང་བ། དེ་ཡང་ཡུལ་གཅིག་དུ་རིན་ཐང་ཚང་དགོས་ཏེ། རྒྱ་ནག་ཏུ་རིན་ཐང་མ་ཚང་བའི་རྫས་གཅིག་རྐུས་པས། རྒྱ་གར་དུ་ཁྱེར་ན་རིན་ཐང་ཚང་ཡང་ཕམ་པ་སྐྱེད་པར་མི་ནུས་པའི་ཕྱིར། དུས་གཅིག་ཏུ་ཚང་དགོས་ཏེ། ད་ལོ་རིན་ཐང་མ་ཚང་བའི་རྫས་གཅིག་རྐུས་པ། སང་ཕོད་རྫས་དེ་དཀོན་པའི་དབང་གིས་རིན་ཐང་ཚང་ཡང་ཕམ་པ་སྐྱེད་མི་ནུས་པའི་ཕྱིར། བརྐུ་བྱ་རྐུ་བྱེད་གཉིས་ཀ་ལ་ལྟོས་ནས་རིན་ཐང་ཚང་དགོས་ཏེ། དགེ་སློང་བརྒྱས་བདག་པོ་བརྒྱ་ལ་རྐུ་ན་རིན་ཐང་ཚང་བ་ཁྲི་དགོས་པའི་ཕྱིར། བགོད་རྫས་ཀྱི་དབང་དུ་བྱས་སོ། །སྦྱོར་བ་གཅིག་གི་ནང་དུ་རིན་ཐང་ཚང་དགོས་ཏེ། སྦྱོར་བ་ཐ་དད་ཀྱིས་ཡང་ཡང་རྐུས་ན་མཐར་ནི་རིན་ཐང་ཚང་བར་བྱའོ་སྙམ་པ་མེད་ན། ལུས་ངག་གིས་སྦྱོར་བ་གཉིས་བརྒྱའི་ནང་དུ་རིན་ཐང་ཚང་བ་བརྒྱ་རྐུས་ཀྱང་ཕམ་པར་མི་འགྱུར་བའི་ཕྱིར། བསམ་པའི་ཁྱད་པར་ནི་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་གཏན་དུ་དབྲལ་འདོད་ཀྱི་བློ་སྐྱེས་པའོ། །སྦྱོར་བ་ལུས་ངག་ཏུ་གྲུབ་པའོ། །མཐར་ཐུག་གྲུབ་བློ་སྐྱེས་པའོ། །དེ་ལ་ཡང་དམར་ཊཱིཀ་ཏུ། །གནས་སྤོས་པ་དགོས་པ་མི་མཐད་དེ། ཞིང་ཁང་དང་རྒྱལ་སྲིད་ལ་སོགས་པ་རྐུ་བ་མི་སྲིད་པར་ཐལ་བའི་ཕྱིར་རོ། །འོ་ན་འདིར་རིན་ཐང་གི་ཚད་གང་ཞེ་ན། རྫས་ཅི་ཙམ་ཞིག་བརྐུས་པ་ན། ཡུལ་དེའི་རྒྱལ་པོའམ། ཡུལ་མི་ཚད་པ་རྣམས་ཀྱིས་རྐུན་མའི་གྲངས་སུ་འཇོག་པར་ནུས་པ་སྟེ། ད་ལྟ་ནི་གསེར་སེ་བ་གང་ཙམ་མོ་ཞེས་དམར་སྟོན་པ་གསུང་ངོ༌། །གསུམ་པ་སྲོག་གཅོད་པ་ལ། ཇི་ཞིག་བྱས་པས་ཕམ་པ་འདིར་འགྱུར་ཞེ་ན། ཡུལ་མིའི་འགྲོ་བ། རང་ལས་རྒྱུད་ཐ་དད་པ། ཀུན་སློང་འདུ་ཤེས་མ་བསྒྱུར་བར་གསོད་པར་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་མ་ཁྱོག་པར་གསོད་པར་བརྩམས་པའོ། །མཐར་ཐུག་དེའི་རྐྱེན་གྱིས་སྲོག་ཆད་པའོ། །གསོད་བྱེད་གསོད་བྱ་མཉམ་དུ་ཤི་བའམ། གསོད་བྱེད་སྔ་རོལ་དུ་ཤི་བ་ལ་ནི་ལྟུང་བ་འདིར་མི་འགྱུར་ཏེ། སྡོམ་ལྡན་གྱི་རྟེན་ལ་མཐར་ཐུག་མ་གྲུབ་པའི་ཕྱིར། འོ་ན་གསོད་བྱེད་བཅུས་ཉིན་གཅིག་ལ་སྦྱོར་བ་བྱ་སྟེ། དངོས་མི་དེ་ཞག་བཅུ་ནས་ཤི་བར་མཚོན་བསྣུན་གཉིས་པས་མི་དེ་ཞག་དགུ་ནས་འཆི་བར་མཚོན་བསྣུན་པ་ནས་མཐའ་མས་ད་ལྟ་རང་འཆི་ངེས་སུ་མཚོན་བསྣུན་པ་བཅུ་ཆར་ལ། ཕམ་པ་བསྐྱེད་དམ་མི་བསྐྱེད། བསྐྱེད་ན་མི་འཐད་དེ། སྔ་མ་དགུས་བསྣུན་པའི་རྐྱེན་གྱིས་ཤི་བ་མ་ཡིན་པའི་ཕྱིར། སྔ་མ་དགུ་ལ་དེས་ཤི་བ་མེད་པས་རིགས་པ་དང་འགལ་བའི་ཕྱིར། མི་བསྐྱེད་ན་བྱེ་བྲག་ཏུ་བཤད་པར། དང་པོ་དགུས་ཕམ་པའི་རྣམ་པར་རིག་བྱེད་མིན་པར་བཟུང་ལ། བཅུ་པ་ནི། ཕམ་པའི་རིག་བྱེད་དང་རིག་བྱེད་མིན་པ་གཉིས་ཀ་བཟུང་ངོ༌། །ཞེས་གསུང་བའི་ལུང་དང་འགལ་ལོ་ཞེ་ན། བཅུ་ཆར་ལ་ཕམ་པ་བསྐྱེད་དེ། རང་རང་གི་སྟེང་ན་འཆི་ངེས་པའི་སྦྱོར་བ་རེ་རེ་ཡོད་པས། བཅུ་ཆར་གྱི་ཕམ་པ་གྲུབ་ངེས་ཀྱི་སྦྱོར་བ་བྱས་པར་མཚུངས། འབྲས་བུ་དེ་ཤི་བར་མཚུངས་པའི་ཕྱིར། དེས་ན་བཅུ་ཆར་ལ་སྦྱོར་བ་དེས་ཤི་བ་ཡོད་དེ། འོད་ལྡན་ལས། འགལ་བ་མེད་དེ། བཅུ་ཆར་གྱི་སྦྱོར་བ་མཐུན་པའི་ཕྱིར་དང་འབྲས་བུ་གཅིག་པའི་ཕྱིར། ཞེས་གསུངས་སོ། །དེ་བཞིན་དུ། གསོད་བྱེད་བཅུས་གསད་བྱ་གཅིག་ལ་ཉི་མ་བཅུ་ལ་སྦྱོར་བ་བྱས་ཏེ། དང་པོས་ཚེས་གཅིག་གི་ཉིན་ཞག་བཅུ་ནས་འཆི་ངེས་སུ་བྱས། གཅིག་གིས་ཚེས་གཉིས་ཀྱི་ཉིན་ཞག་དགུ་ནས་འཆི་ངེས་སུ་བྱས་པ་ནས། གཅིག་གིས་ཚེས་བཅུའི་ཉིན་ད་ལྟ་འཆི་ངེས་སུ་བྱས་པ་ལའང༌། བཅུ་ལ་ཕམ་པར་འགྱུར་ཏེ། དང་པོ་དགུ་ནས་སྦྱོར་བ་དེས་ཤི་བ་ཡོད་པའི་ཕྱིར། འདི་ནི་རིགས་ལ་སྔ་མ་ནི་དཔྱད་དགོས་སོ། །བཞི་པ་རྫུན་སྨྲ་བ་ལ། གཞིའི་ཡན་ལག་ལ། ཡུལ་ནི་ཐ་སྙད་ལྔ་ལྡན་ཏེ། སྨྲ་ཤེས་ཤིང་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མིན་པ། རང་ལས་རྒྱུད་ཐ་དད་པ་སྟེ། ཐ་སྙད་ལྔ་དང་ལྡན་པ་གཅིག་དགོས། དངོས་པོ་ནི་མི་ཆོས་བླ་མ་སྨྲས་པ། བསམ་པ་འདུ་ཤེས་མ་འཁྲུལ་པས། ཀུན་སློང་བསྒྱུར་བའི་དོན་ཅན་དུ་སྨྲ་འདོད་པས་སོ། །སྦྱོར་བ་ནི་ངག་མཚན་ཉིད་དྲུག་ལྡན་གྱི་སྨྲ་དགོས་སོ། །མཐར་ཐུག་ནི་དེའི་རྐྱེན་གྱིས་དོན་གོ་བའོ། །མཚན་ཉིད་དྲུག་ནི། རང་གིས་སྨྲས་པ་ངག་གིས་སྨྲས་པ། བདག་ཉིད་དང་འབྲེལ་བར་སྨྲས་པ། བསམ་པའི་དོན་སྨྲས་པ། གསལ་པོར་སྨྲས་པ། མངོན་དུ་སྨྲས་པའོ། །འདི་མན་ཆད་དུ་ཡུལ་ཐ་སྙད་ལྔ་ལྡན་དང༌། ངག་མཚན་ཉིད་དྲུག་ལྡན་ཞེས་པ་དེ་ལ་གོ་བར་བྱའོ། །འདིའི་མི་ཆོས་བླ་མ་ནི། བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ནི། སྤྱན་དང་མངོན་པར་ཤེས་པ་རྒྱུན་དུ་ཞུགས་པ་དང༌། དགྲ་བཅོམ་པ་ལ་སོགས་པའོ། །འདི་ལ་ཅིའི་ཕྱིར་ཕམ་པ་ཞེས་བྱ་ཞེ་ན་སོ་ཐར་དང་འགལ་བའི་རིག་བྱེད་མ་ཡིན་པར་སྐྱེས་པས། སོ་ཐར་གྱི་སྡོམ་པ་ཕམ་པར་བྱས་ཤིང་ཉམས་པར་བྱས་པའི་ཕྱིར་རོ། །དེའང་ཕམ་པ་འཆབ་བཅས་ལ་ནི། སླར་གསོ་བའི་ཐབས་མེད་ལ། འཆབ་མེད་ལ་སླར་གསོ་བའི་ཐབས་རེ་རེ་འཆད་པར་འགྱུར་རོ། །གཉིས་པ་ལྷག་མའི་སྡེ་ཚན་ལ། སྡོམ་ནི། མདོ་ལས། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང༌། །བག་ཙམ་དགེ་འདུན་དབྱེན་དང་དེར་རྗེས་ཕྱོགས། ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་བཅུ་གསུམ་གསུངས་པ་ལས། དང་པོ་ནི་འབྱིན་པའི་ལྷག་མ་ལ། ཅི་ཞིག་བྱས་པས་འདིར་འགྱུར་ཅེ་ན། འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་གཞི་ལ་གང་འབྱིན་པ་ནི། རང་གི་ཁུ་བ་ཡིན་པ། དངོས་གཞི་གནས་ན་གནས་པ་གང་ལ་ཡན་ལག་མིན། སྐྱེས་པའི་ལག་པའི་རྣམ་པ་ཡིན་པ། གང་གིས་དབྱུང་བ་ནི། བསམ་པ་ནི། འདུ་ཤེས་མ་འཁྲུལ་བས་ཁུ་བ་དབྱུང་འདོད་པའོ། །མཐར་ཐུག་སྦུབས་སུ་འོང་ཤིང་བདེ་བ་མྱོང་བའོ། །འདི་ནི་རྨི་ལམ་དང་འདྲ་བའོ། །ཞེས་གསུངས་པས། རྨི་ལམ་དུ་ལྟུང་བ་སྡེ་ལྔ་གང་ལ་སྤྱད་པ་ལྟར་སྣང་ཡང་ལྟུང་བ་མི་འབྱུང་ངོ༌། །གཉིས་པ་འཛིན་པའང་རེག་པའི་དགེ་འདུན་ལྷག་མ་ལ། གཞི་ནི་ཡུལ་བུད་མེད་ཤེས་པའང་རང་བཞིན་དུ་གནས་པ། མཚན་དོན་བྱེད་ནུས་པ། ལུས་རྟེན་དུ་རུང་བ། མ་ཉམས་པ་སྒོ་གསུམ་ལས་གཞན་པ། ལུས་དངོས་སམ། སྐྲའམ། དེ་དང་འབྲེལ་བའི་གོས་གང་རུང་ཡིན་པ། རེག་བྱེད་ནི་རང་གི་ལུས་མ་ཉམས་པ། ཟག་བྱེད་ལས་གཞན་ཡིན་པ། མིག་ནས་པུས་མོའི་བར་ཡིན་ནོ། །བསམ་པ་ནི། འདུ་ཤེས་མ་འཁྲུལ་བས། རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པའོ། །སྦྱོར་བ་ནི། རེག་པར་རྩམས་པ། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བའོ། །གསུམ་པ་འཁྲིག་ཚིག་སྨྲ་བའི་ལྷག་མ་ལ། གཞི་བསམ་སྦྱོར་མཐར་ཐུག་བཞི་ལས། དང་པོ་གཞི་ལ་ཡུལ་ནི། མིའི་བུད་མེད། མཚན་དོན་བྱེད་ནུས་པ་ཐ་སྙད་བཞི་དང་ལྡན་པ། རྫུ་འཕྲུལ་མ་ཐོབ་པའོ། །གང་བརྗོད་པའི་དངོས་པོ་ནི། ཡུལ་དུས་དེར་འཁྲིག་པ་ལ་གོ་བའོ། །ཀུན་སློང་ནི་སྨྲས་པའི་བདེ་བ་མྱོང་འདོད་པ། སྦྱོར་བ་ངག་ཐ་སྙད་ལྔའམ་དྲུག་ལྡན་ཏེ། དྲུག་ནི་སྔར་རྫུན་སྨྲ་བར་བཤད་པ་ལྟར་རོ། །མཐར་ཐུག་དེའི་དོན་གོ་བའོ། །བཞི་པ་བསྙེན་བཀུར་སྔགས་པའི་ལྷག་མ་ལ། གཞི་བསམ་སྦྱོར་བ་མཐར་ཐུག་གོང་མ་དང་འདྲ་ལ། ཁྱད་པར་ནི་སྔ་མ་སྤྱིར་འཁྲིག་ཚིག་གང་ཡང་རུང་བ་སྨྲས་པ་ཡིན་ལ། འདིར་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པའི་བསྙེན་བཀུར་བྱས་ན་མཆོག་ཡིན་ཞེས་སྨྲ་བ་ལྟ་བུའོ། །སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་ལྷག་མ་འདི་བྱུང་བའི་ཚེ། སྔ་མ་ཡང་འབྱུང་བར་བཤད་ལ། འགྲེལ་པར་ཀུན་སློང་གིས་བྱེད་པར་བཤད་དོ། །འདིར་ལུང་རྣམ་འབྱེད་ལས། ལྷག་མ་བརྒྱ་དང་བརྒྱད་ཅུ་གསུངས་པ་ལ་སྡོམ་དུ་བསྡུས་པ་ནི། བདག་འདྲའི་ཚུལ་ལྡན་དེ་དག་ཆོས། །ཚངས་སྤྱོད་ཉེ་གནས་རྐྱང་པ་གསུམ། །གཉིས་སྦྱར་དྲུག་དང་གསུམ་སྦྱར་གཅིག །ཅེས་དང༌། མཆོག་ཡུལ་ཁྱད་འཕགས་བཟང་མཛེས་དགེ །མཆོད་འོས་བསྟོད་འོས་རྒྱ་ཆེ་བ། །ཆེས་སྦྱར་བས་ནི་བཅོ་བརྒྱད་དོ། །ཞེས་དགུ་སྦྱར་བས་མིན་ཏེ། དེ་ཡང་སྔ་མ་བཅུ་ཕྱི་མ་དགུས་བསྒྱུར་བས་དགུ་བཅུ། དགུ་བཅུ་པོ་དེ་ཡང་བདག་ཉིད་དང་འཁྲིག་པ་ལས་སོ་སོ་སྦྱར་བས་བརྒྱ་བརྒྱད་ཅུའོ། །དེ་སྐད་དུ་མདོ་རྩར་བདག་ཉིད་དང་འཁྲིག་པ་ཀུན་དུ་སྤྱོད་པ་བསྔགས་ནའོ། །ཞེས་སོ་སོར་སྦྱར་རོ། །ལྔ་པ་སྨྱན་བྱེད་པ་ལ། སྤྲད་བྱ་སྐྱེས་པ་དང་བུད་མེད་གཉིས་ཀ་མཚན་དོན་བྱེད་ནུས་པ། ཐ་སྙད་བཞི་དང་ལྡན་པ། ལུས་རྟེན་དུ་རུང་བ་ད་ལྟ་མི་མཐུན་པར་གནས་པ། རང་ལས་རྒྱུད་ཐ་དད་ཅིང་སྤྲད་བྱ་དང་རྒྱུད་ཐ་དད་དུ་གནས་པ། ཡང་དེ་གཉིས་ཀྱི་བདག་པོ་ལས་སྨྱན་བྱེད་པ། བདག་པོ་གཉིས་ཀྱང་མཚན་ཉིད་ལྔ་ལྡན་དགོས་སོ། །ཀུན་སློང་ནི་སྤྲད་བྱ་གཉིས་འཕྲད་པའི་དོན་དུ་ཕྲིན་བྱེད་འདོད་པའོ། །སྦྱོར་བ་ནི་རང་ངམ་སྐོས་པས་ཕྲིན་ལན་བྱེད་པར་འདོད་པའོ། །མཐར་ཐུག་དེ་གཉིས་ཀྱི་དབང་པོ་འཕྲད་པ་ལའོ། །དྲུག་པ་ཁང་པའི་ལྷག་མ་ལ། གཞི་ནི་ས་གཞི་དང་ཡོ་བྱད་རྩལ་བ་དང༌། དེས་རྗེས་སུ་གནང་བ་དང༌། གཞི་མ་དག་པ་དང་མ་བརྟན་པ། ནང་རྩིག་པར་བྱ་བ་གཅིག་གི་ཚད་ཡིན་པ། ཚད་ལས་ལྷག་པའི་རྩིག་པ། སྤྱོད་ལམ་བཞི་ཤོང་ཡན་ཆད། གཞན་གྱིས་བརྩམས་པ་ཡིན་པ། ཀུན་སློང་རྩིག་འདོད་རྒྱུན་མ་ཆད་པའོ། །སྦྱོར་བ་རང་ངམ་གཞན་གྱིས་བརྩིག་པར་ཞུགས་པ། མཐར་ཐུག་བསྐོར་བ་དང་སྐབས་ཟིན་པའོ། །འདིར་གཞི་མ་དག་པ་ནི། སྐྱེ་བ་པོ་ཕྲ་མོའི་གནས་དང་རྒྱལ་པོ་དང༌། ལྷའི་གནས་དང༌། མུ་སྟེགས་ཅན་གྱི་གནས་དང༌། ཤིང་ལྗོན་པ་ལ་སོགས་པ་གནས་པའོ། །མ་བརྟན་པ་ནི། དགེ་འདུན་ལས་གསོལ་གཉིས་ཀྱི་གནང་བ་མ་ཐོབ་པའོ། །འདིར་ཚད་ལྡན་དེ་ཇི་ལྟ་བུ་ཞེ་ན། མདོར་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དེ་ནི། བདེ་བར་གཤེགས་པའི་མཐོ་གང་སྟེ། ནང་རོལ་ནས་དེ་བཅུ་གཉིས་དང་བདུན་གྱི་ཚད་དོ། །ཞེས་གསུངས་པས། ཁང་པའི་ནང་གི་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གོ །བདུན་པ་ཁང་ཆེན་ལ་གཞན་སྔ་མ་དང་འདྲ་ལ། གཅིག་གི་ཕྱེད་དུ་བྱས་པས་ཁང་པར་གསུངས་སོ། །བརྒྱད་པ་གཞི་མེད་བསྐུར་འདེབས་ལ། གཞི་ནི་ཡུལ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་རྣམ་པར་རྟག་པའི་ལྟ་བ་དང་མཚན་མཐུན་པ་རྒྱུད་ཐ་དད་གོ་བྱའི་ཡུལ་ནི་མི་ཡིན་པ་སྨྲ་ཤེས་པ་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ཐ་སྙད་ལྔ་ལྡན་ཡིན་པ། རང་ལས་རྒྱུད་ཐ་དད་པའོ། །དངོས་པོ་ཕམ་པ་བཞིའི་བརྒྱད་གང་ཡང་རུང་བས་བསྐུར་པ་བཏབ་པའོ། །ཀུན་སློང་འདུ་ཤེས་བསྒྱུར་ཏེ་ཡུལ་དེ་ཉམས་པར་འདོད་པས་བསྐུར་པ་བཏབ་འདོད་པ། སྦྱོར་བ་ངག་བཞི་ལྡན་གྱིས་བསྐུར་པ་བཏབ་པ། མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །དགུ་པ་བག་ཙམ་ལ་གཞན་རྣམས་སྔ་མ་དང་འདྲ་ལ་སྦྱོར་བ་ནི། མིང་ནས་སྨོས་ཤིང་གཞན་ལ་གནས་པའི་ཚིག་གི་མིག་གསལ་མཚན་ཉིད་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །བཅུ་པ་དགེ་འདུན་དབྱེན་གྱི་ལྷག་མ་ལ། གཞི་ལ་གཉིས་ལས་སྦྱོར་བ་རྩམས་པའི་གཞི་ནི། བདག་ཉིད་འཁོར་ལོ་དབྱེན་གྱི་སྦྱོར་བའི་མཚན་ཉིད་ལ་ཞུགས་པ། རྫོགས་པར་བྱེད་པའི་རྐྱེན་ནི། དགེ་འདུན་མཚན་ཉིད་པའི་ལས་ངོ་བོ་ཉིད་ཆོས་ལྡན་ནོ། །ཀུན་སློང་ཆོས་ལས་ཆོས་མ་ཡིན་པར་དབྱེ་བར་འདོད་པ་ལ་སྦྱོར་བས་བརྩམས་པར་བྱེད་པ། མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལས་འདས་པ། བཅུ་གཅིག་པ་རྗེས་སུ་ཕྱོགས་པའི་ལྷག་མ་ལ། གཞི་ནི་གང་གིས་གྲོགས་བྱས་པའི་ཡུལ་དེ། དབྱེན་གྱིས་སྦྱོར་བ་ལ་ཞུགས་པ། རྐྱེན་ནི་འདྲའོ། །ཀུན་སློང་ནི་དེའི་གྲོགས་བསྒྲུབ་པར་འདོད་པ། སྦྱོར་བ་དེར་རྩོམ་པ་མཐར་ཐུག་འདྲ། བཅུ་གཉིས་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ལ། གཞི་ནི་རང་བསྐྲོད་པར་བྱེད་པའི་དགེ་འདུན་བདག་ཉིད་དང་ལྡན་པ་གོ་བྱའི་ཡུལ་ཐ་སྙད་ལྔ་ལྡན་རང་ལས་རྒྱུད་ཐ་དད་པ་རྐྱེན་ནི་དེ་འདྲའོ། །ཀུན་སློང་ནི། དགེ་འདུན་ལ་སྐུར་པ་འདེབས་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱི་རྩོམ་པ་མཐར་ཐུག་འདྲ། ཁ་ཅིག་སྡིག་སྨད་སྐྲད་དང་ཕྱིར་འབྱེད་བཞི་ཀ་ལ་འདིར་འགྱུར་བར་གསུང་ལ། དམར་ཊཱིཀ་ལས། ལུང་དང་བསྟན་བཅོས་ལས་མ་གསུངས་པས་མི་འཐད་ཟེར་རོ། །བཅུ་གསུམ་པ་བཀའ་བློ་མི་བདེ་བའི་ལྷག་མ་ལ། གང་སྤང་བའི་དངོས་པོ་བདག་ཉིད་ཀྱི་བསླབ་པའི་གཞི་དང༌། གླེང་བྱེད་དགེ་འདུན་མཐའ་དག་གོ །གོ་བྱེད་གླེང་བྱེད་མཚན་ཉིད་དང་ལྡན་པ། བདག་ཉིད་ལ་གླེང་བ་པོ་ཡིན་ལ། བདག་ཉིད་གླེང་དྲན་བྱས་ལ་ཆགས་པ། རྐྱེན་ནི་འདྲ། ཀུན་སློང་སྤོང་བར་འདོད་པ། སྦྱོར་བ་སྤང་བའི་ཚིག་མཚན་ཉིད་དྲུག་ལྡན་ནོ། །མཐའ་ནི་འདྲའོ་འདིར་བཀའ་བློ་མི་བདེ་པའི་དོན། རྣམ་འབྱེད་འགྲེལ་པར་དཀའ་བློ་མི་བདེ་བ་ཞེས་བྱ་བ་ནི། ཚིག་སྐྱོན་ཆགས་ཤིང་འབྲས་བུ་མེད་པའོ། །གུས་པར་མི་བསྙེན་ཅིང་འགོག་པར་བྱེད་པའོ་ཞེས་བཤད། དགེ་འདུན་དབྱེན་ལ་སོགས་པ་བཞི་པོ་འདི་ལ་སྒོ་བ་ལས་གྱུར་པ་ཞེས་བྱ་སྟེ། དགེ་སློང་འགའ་ཞིག་ལྟུང་བ་འདི་རྣམས་ཀྱི་སྦྱོར་བ་ལ་ཞུགས་པ་ན། དགེ་འདུན་མཚན་ཉིད་གསུམ་ལྡན་གྱི་བཞམས་ཏེ་སྒོ་བ་སོགས་རྐྱེན་བཟློག་ཚུལ་ལྔས་ལྡོག་ཀྱང༌། ལྔ་པའི་མཐའ་ལ་མ་གཏང་བ་ཁོ་ན་ལ་དངོས་གཞིར་འགྱུར་བའི་ཕྱིར་རོ། །བཞམས་བསྒོ་ནི། དགེ་འདུན་གྱི་དེ་ལ་ཡིད་བཅུ་དྲུག་ལ་སོགས་པའི་དགེ་སློང་གཅིག་བསྐོས་ནས་དྲན་བསྐུལ་བྱེད་དུ་བཅུག་པ་ཡིན་ལ། འདིའི་སྔ་རོལ་དུ་ཡང་སྦྱོར་བའི་ཉེས་བྱས་གཅིག་བཞམས་བསྒོ་སོགས་དངོས་གཞིའི་མཐའ་ལ་སྦོམ་པོ་རེ་རེ། ལྔ་པའི་ཐ་ལ་མི་གཏོང་ན། དངོས་གཞིའི་ལྟུང་བ་གཅིག་སྟེ། བཞི་པོ་རེ་རེའི་སྐབས་སུའང༌། སྦྱོར་དངོས་ཀྱི་ལྟུང་བ་དྲུག་དྲུག་རེ་བསྐྱེད་པ་ཡིན་ནོ། །དགེ་འདུན་ལྷག་མ་རྣམས་བསྟན་ཟིན་ཏོ། །སོ་སོར་ཐར་པའི་མདོ་ལས། དབེན་པར་སྐྱབས་ཡོད་ན་འདུག་པའོ། །ཞེས་མ་ངེས་པའི་ལྟུང་བ་གཉིས་གསུང་བ་ནི། གླེང་གཞིའི་དབང་གིས་ལོགས་སུ་གསུངས་པ་ཡིན་ལ། མདོ་རྩར་སྡེ་ཚན་ལ་སོགས་པར་མ་གསུངས་པ་ནི། ཕམ་ལྷག་ལྟུང་བྱེད་གསུམ་གང་རུང་གི་རིགས་སུ་འདུ་བ་ལ་དགོངས་སོ། །དེ་ཡང་དང་པོ་དབེན་པ་ན་འདུག་པ་ནི། དབེན་པར་འདོམ་གང་གི་ནང་རོལ་ན་འདུག་པ་ལ་བྱ་བ་ཡིན་པས། ཕམ་ལྷག་ལྟུང་བྱེད་གསུམ་གང་དུ་འགྱུར་མ་ངེས་ལ། གཉིས་པ་ནི། སྐྱབས་ཡོད་ན་འདོམ་གང་གི་ཕྱི་རོལ་དུ་འདུག་པ་ལ་བྱ་བ་ལྷག་མ་དང་ལྟུང་བྱེད་གང་དུ་འགྱུར་མ་ངེས་པ་ཡིན་ནོ། །སྡེ་ཚན་གསུམ་པ་སྤང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལ། བཅུ་ཚན་གསུམ་ལས། དང་པོ་ལ་སྡོམ་ནི། མདོ་ལས། འཆང་བ་འབྲལ་བ་འཇོག་པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་གསུངས་པ་ལས། དང་པོ་གོས་ཞག་བཅུ་འཆང་བའི་སྤང་བ་ལས། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་གཞི་ལ་དངོས་པོ་ནི། གོས་དངོས་སུ་གྲུབ་པ་དང༌། རྒྱུ་དང་དབྱིབས་དང་ཁ་དོག་གིས་རུང་བ་དང༌། རང་དབང་བའམ། གནས་སྐབས་དབང་བྱར་ཡོད་པ། བྱིན་གྱིས་བརླབས་པ་དང་མ་འབྲེལ་བའམ། འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ་ཟླ་བ་བཞག་པ་མ་ཡིན་པའོ། །བདག་ཉིད་ཀྱང་སྲ་བརྐྱང་བཏིང་པ་མ་ཡིན་པ། ཀུན་སློང་ནི་འཆང་བར་འདོད་པ། མཐར་ཐུག་ནི་ཞག་བཅུ་གཅིག་པའི་སྐྱ་རེང་ཤར་བ། དགག་བྱ་ནི་འདོད་པ་ཆུང་ཤིང་ཆོག་མི་ཤེས་པ་དང༌། ཐོས་བསམ་གྱི་བར་ཆད་དུ་འགྱུར་བའོ། །ལྟུང་བ་འདི་བྱུང་ནས་མ་གཤེགས་ཀྱི་བར་དུ། ཞག་རེ་རེ་ལ་སྤང་ལྟུང་རེ་རེ་འབྱུང་སྟེ། དེའི་རྒྱུ་ཚོགས་མཐར་ཚང་བའི་ཕྱིར་རོ། །དེས་ན་འདིར་ཤན་འབྱུང་ཚུལ་ནི། དགེ་སློང་གི་ཚེས་གཅིག་དང༌། ཚེས་ལྔ་ལ་ཆོས་གོས་ལྷག་མ་གཉིས་བདག་གིར་བྱེད་ཅིང༌། སྔ་མ་བྱིན་གྱིས་མ་རླབས་ན། ཕྱིས་ཐམས་ཅད་བྱིན་གྱིས་བརླབས་སམ། མ་རླབས་ཀྱང་ཚེས་བཅུ་གཅིག་གི་སྐྱ་རེངས་ཤར་བའི་ཚེ་གཉིས་ཀ་ལ་སྤང་བར་འགྱུར་ཏེ། སྔ་མའི་ཤན་གྱིས་སོ། །ཡང་སྔ་མ་བྱིན་གྱིས་བརླབས་ཕྱི་མ་བྱིན་གྱིས་མ་རླབས་ན། ཕྱི་མ་རང་ཉིད་ཀྱི་ཞག་བཅུ་ལོན་པའི་ཚེ་ཕྱི་མ་ཁོ་ན་ལ་སྤང་བར་འགྱུར་གྱི་སྔ་མ་ལ་མི་འགྱུར་ཏེ། ཕྱི་མའི་ཤན་སྔ་མ་ལ་མི་འབྱུང་བའི་ཕྱིར། ཉིན་གཅིག་ཆོས་གོས་གཉིས་བདག་གིར་བྱས་ནས། གཅིག་བྱིན་གྱིས་བརླབས། གཅིག་བྱིན་གྱིས་མ་རླབས་ན་གཉིས་ཀས་ཞག་ལོན་པའི་ཚེ་གཉིས་ཀ་ལ་སྤང་བར་འགྱུར་ཏེ། དུས་མཉམ་པས་མཉམ་པ་ལ་ཤན་བརྡེག་པའི་ཕྱིར། འདིར་རྟོགས་དཀའ་བ་ཤན་གྱི་འབྱུང་ཚུལ་ལ། རྫས་ཀྱི་ཤན་དང་ལྟུང་བའི་ཤན་གཉིས། དང་པོ་ནི་གོས་ལྷུང་བཟེད་སྨན་གསུམ་ལས་འབྱུང་ལ། གཞན་ལ་བཤད་པ་མེད་པའོ། །དེ་ལ་ཤན་རྡེག་བྱེད་བརྡེག་བྱ་གཉིས་ལས་དང་པོས་རང་སྟོབས་ཀྱི་ལྟུང་བ་འབྱུང་རུང་གི་རྫས་གང་ཞིག ཤན་བརྡེག་བྱ་དང་བཅས་པ་རིགས་མཐུན་པའོ། །བརྡེག་བྱ་ནི་ཤན་སྟོབས་ཀྱི་ལྟུང་བ་འབྱུང་རུང་གི་རྫས་གང་ཞིག རྡེག་བྱེད་དང་བཅས་རིགས་མཐུན་པའོ། །ཤན་བརྡེག་པའི་ཚུལ་ནི། ཤན་རྡེག་བྱེད་ཀྱི་གོས་རང་གི་རྗེས་ཞུགས་དང་བཅས་པ་དེས། བརྡེག་བྱ་རྙེད་མ་ཐག་པ་རང་གི་རྗེས་ཞུགས་དེ་འདྲེས་པར་བྱས་ནས། རྡེག་བྱེད་དེས་རང་སྟོབས་ཀྱིས་ཞག་ལོན་པའི་ཚེ། ཁོས་བརྡེག་བྱ་དེ་ལའང་ལྟུང་བ་སྐྱེ་རུང་གི་ངོ་བོར་བྱས་པའོ། །ལྟུང་བའི་ཤན་ནི། སྤང་བ་ལྟུང་བྱེད་སུམ་ཅུ་པོ་གང་རུང་བྱུང་ནས་ཕྱིར་བཅོས་མ་གྲུབ་པའི་བར་དེར་ཡོ་བྱད་རིགས་མཐུན་མི་མཐུན་གང་བདག་གིར་བྱས་པ་ཐམས་ཅད་ལྟུང་བ་དེ་ཕྱིར་བཅོས་བྱེད་པའི་ཚེ་སྤང་དགོས་སུ་བྱས་པའོ། །གཉིས་པ་འབྲེལ་བའི་སྤང་བ་ལ། དངོས་གཞི་ཆོས་གོས་གང་རུང་རང་རང་བྱིན་རླབས་ཅན། རུང་བ་ཚད་ལྡན་རང་དབང་སོགས་སྔ་མ་ལྟར་རོ། །བདག་ཉིད་གནང་བ་ཐོབ་པ་དང་དགོན་པ་བར་ཆད་དང་ལྡན་པ་མ་ཡིན་པའོ། །གནས་ནི་དེའི་གནས་ཉེ་འཁོར་དང་བཅས་པ་ལས་གཞན་ཡིན་པ། ཀུན་སློང་ནི་གནས་དེར་གནས་འདོད་པ། མཐར་ཐུག་མཚན་མོའི་མཐའ་འདས་པའོ། །གསུམ་པ་ཟླ་འཇོག་གི་སྤང་བ་ལ། བཞག་བྱའི་དངོས་པོ་གོས་སུ་གྲུབ་པ། ཁྲུ་གང་ཡན་ཆད་པ། རང་དབང་དུ་བྱ་བར་ཡོད་པ། རེ་བའི་ཆོས་གཉིས་དང་ལྡན་པ། བདག་ཉིད་ཀྱི་བྱིན་གྱིས་བརླབས་པར་བྱ་བ་མེད་པ་སྲ་བརྐྱང་མ་བཏིང་བའོ། །ཀུན་སློང་ནི་འཚང་བར་འདོད་པ། མཐར་ཐུག་ནི་ཞག་སོ་གཅིག་པའི་སྐྱ་རེངས་ཤར་བའོ། །འདི་ལ་རིགས་བཟློག་ཤན་འབྱུང༌། རིགས་མི་བཟློག་ཤན་འབྱུང༌། རིགས་མི་འབྱུང་རིགས་བཟློག ཤན་མི་བཟློག་ལ་ཤན་མི་འབྱུང་བའོ། །དང་པོ་ནི། ཚེས་གཅིག་གི་ཉིན་ཁ་སོགས་ཀྱི་གོས་གཅིག་ཁ་སྐང་ལ་རེ་བ་དང་བཅས་ན་བཅངས་པ་ལ་ཚེས་ལྔའི་ཉིན་ཁ་སྐང་རིགས་མཐུན་རེ་བའི་ཚད་དུ་ཆོག་པ་རྙེད་པ་ལྟ་བུ་གཅིག་བྱུང་ན། རིགས་བཟློག་སྟེ་སྔ་མ་ཟླ་བའི་རིགས་ལས་ལོག་ནས་ཞག་བཅུ་པའི་རིགས་སུ་སོང་བའི་ཕྱིར། ཤན་འབྱུང་སྟེ་ཤན་ཚེས་བཅུ་གཅིག་གི་ཉིན་ཕྱིས་བརྙེད་དེས་ཀྱང་ཞག་བཅུ་ལོན་པར་བྱས་པའི་ཕྱིར། གཉིས་པ་ནི། ཚེས་གཅིག་ལ་ཁ་སོགས་བཞག་པ་ལས། ཚེས་གཉིས་ནས་སུམ་ཅུའི་བར་དུ་ཁ་སྐང་རིགས་མི་མཐུན་ནམ་རེ་བའི་ཚད་དུ་མ་ཆོག་པ་ཅིག་རྙེད་ན། རིགས་མི་བཟློག་སྟེ། ཟླ་འཇོག་གི་རིགས་ཉིད་དུ་གནས་པའི་ཕྱིར། ཤན་འབྱུང་སྟེ་ཁ་སོགས་ཀྱིས་སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྔ་མས་ཀྱང་ཞག་སུམ་ཅུ་ལོན་པའི་ཕྱིར། གསུམ་པ་ནི་རྟོགས་སླའོ། །བཞི་པ་ནི་ཚེས་གཅིག་གི་སྔ་དྲོ་ཁ་སོགས་ཀྱི་གོས་གཅིག་ལ་རེ་བས་བཅངས་པ་ལས། ཕྱི་དྲོ་རིགས་མཐུན་རེ་བའི་ཚད་ཆོག་གཅིག་བརྙེད་པའམ། རེ་བ་ཆད་ན་ཤན་མི་འབྱུང་སྟེ། རྡེག་བྱེད་ལ་ཞག་ལྷག་པོ་མེད་པའི་ཕྱིར། རིགས་བཟློག་སྟེ། ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ། འཆང་སྦང་དུ་འགྱུར་བའི་ཕྱིར་འདིར་ཆོས་གོས་ཀྱི་ཚད་མ་ཡིན་པ་ཁ་བསྐང་ལ་རེ་བ་ཡོད་ཀྱང་ཟླ་བར་བཞག་ཏུ་མི་རུང་ངོ༌། །བཞི་པ་འཁྲུར་འཇུག་པའི་སྤང་བ་ལ། གཞི་ནི་ཡུལ། བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་རྟེན་དུ་རུང་བ། ལུས་ཐ་མལ་པར་གནས་པ། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མ་ཡིན་པ་སྟེ། ཐ་སྙད་བརྒྱད་ལྡན་དེ་དགེ་སློང་ལས་བསྐྱེད་པ་ཕལ་ཆེ་བ་ལ་ཤེས་པར་བྱའོ། །དངོས་པོ་ཆོས་གོས་གསུམ་དང༌། གདིང་བ་ལས་གང་ཡང་རུང་བ། རུང་བ་ཚད་ལྡན་རང་གི་ཡིན་པ། བྱིན་གྱིས་བརླབས་པ། འཁྲུར་འཇུག་པར་འོས་པ། སྔར་ཕྱེད་བྱས་པ་མ་ཡིན་པ། ཀུན་སློང་འཁྲུ་ལ་སོགས་པ་འཆག་ཚད་མར་བྱེད་དུ་འཇུག་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་བྱ་བ་ཡོངས་སུ་རྫོགས་པའོ། །ལྔ་པ་ལེན་པའི་སྤང་བ་ལ། ཡུལ་ནི་སྔར་བཤད་པའི་ཐུན་མོང་བ་ཆོས་བརྒྱད་ལྡན། རྫས་ཐ་དད་པ་ཅན་དང་སེམས་ཡངས་པ་མ་ཡིན་པ། དངོས་པོ་གོས་དངོས་སུ་གྲུབ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །དྲུག་པ་སློང་བའི་སྤང་བ་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། བདག་ཉིད་ལས་རྫས་ཐ་དད་པ། ཉེ་དུ་མིན་པ། ལུས་ཐ་མལ་པར་གནས་པ། མ་བླངས་པའི་སྔ་རོལ་དུ་གཏེར་བ་པོ་མ་ཡིན་པའོ། །དངོས་པོ་གོས་དངོས་སུ་གྲུབ་པ། རུང་བ་ཚད་དང་ལྡན་པ། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། འདི་ཉིད་འོག་མ་གསུམ་ལའང་སྦྱར་རོ། །བདག་ཉིད་སྲ་བརྐྱང་མ་བཏིང་བ། འཚོ་བའི་ཡོ་བྱད་ཚང་བ་ཀུན་སློང་སློང་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་ལག་ཏུ་ཐོབ་པའོ། །བདུན་པ་སློང་བར་རིགས་པའི་སྤང་བ་ལ། གཞི་ལ་ཡུལ་དངོས་སྔ་མ་དང་འདྲ་ལ། བདག་ཉིད་སློང་བར་རིགས་པ་ཡིན་པ། དེ་ཡང་བྱིན་གྱིས་བརླབས་པར་བྱ་བ་ཐམས་ཅད་མེད་པ། ཀུན་སློང་ལྷག་མ་སློང་བར་འདོད་པའམ། མ་བྱིན་པར་སློང་བའོ། །སྦྱོར་བ་དེ་གཉིས་གང་རུང་རྩམས་པ། མཐར་ཐུག་ཐོབ་པའམ་ཐག་ཆོད་པའོ། །བརྒྱད་པ་སྤགས་པ་སློང་བ་ལ། གཞན་སྔ་མ་དང་འདྲ། སྦྱིན་བདག་སྦུངས་ཆུང་བ། ཀུན་སློང་ནི་སྔོས་པ་ལས་ལྷག་པར་སློང་བར་འདོད་པའོ། །དགུ་པ་སོ་སོ་ནས་སྤགས་པ་སློང་བ་ལ། གཞན་རྣམས་སྔ་མ་དང་འདྲ་བ་ལ། འདི་ལ་སྦྱིན་པར་བྱེད་པ་སྦུངས་ཆེ་བ་གཅིག་དགོས་སོ། །འདིར་ཁྱིམ་བདག་ཕོ་མོ་ལྟ་བུ་སོ་སོ་ནས་སྤགས་པ་ཐོབ་ནས་སྦྱོར་བ་གཅིག་པའི་ཕྱིར་ལྟུང་བ་ནི་གཅིག་ཁོ་ནའོ། །བཅུ་པ་རིན་ཐང་བསྐུར་བའི་སྤང་བ་ལ། གཞི་ནི་ཁྱིམ་བདག་ཞལ་ལྟ་བ་གསུམ་ཆར་གྱི་ཁྱིམ་པ་ཐ་སྙད་ལྔ་ལྡན། རང་ལས་ཐ་དད་ཅིང་ནང་ཕན་ཚུན་རྫས་ཐ་དད་པ། དངོས་པོ་ནི་རིན་བསྐུར་བ་ལས་གྲུབ་པའི་ཆོས་གོས་རུང་ཚད་ལྡན། ཀུན་སློང་ལེན་པར་འདོད་པ། སྦྱོར་བ་ལེན་པར་བརྩམས་པ། མཐར་ཐུག་ལག་ཏུ་ཐོབ་པ། འདི་ལ་གོ་སླ་བར་བྱས་ན་ཡང༌། ཁྱིམ་བདག་སེང་གེ་ལྟ་བུས། དགེ་སློང་ཉེར་དགའ་ལྟ་བུ་ལ། ཆོས་གོས་ཀྱི་རྒྱུ་རུང་བ་མ་ཡིན་པ། གསེར་ལྟ་བུ་གཅིག་ཕོ་ཉ་བཏང་ནས་བསྐུར་བ་ལ། དགེ་སློང་གིས་འདི་ལེན་དུ་མི་རུང༌། ཞེས་སྤངས་པ་ལས། ཕོ་ཉས་སྨྲས་པ། ཞལ་ལྟ་བགྱིད་པ་འགའ་ཡོད་དམ། དགེ་སློང་གིས་སྨྲས་པ་ཡོད་དེ། ཞལ་ལྟ་བ་འདི་ཞེས་བྱའོ། །ཕོ་ཉས་ཞལ་ལྟ་བ་ལ་སྨྲས་པ། འདི་ལ་གོས་རུང་བ་བསྒྲུབས་ལ་དགེ་སློང་ལ་ཕུལ་ཤིག ཞལ་ལྟ་བྱེད་པས་སྨྲས་པ་དེ་ལྟར་བྱེད་དོ། །ཚུལ་དེ་ཕོ་ཉས་དགེ་སློང་ལ་སྨྲས་པའོ། །དེ་ལྟ་བུའི་ཞལ་ལྟ་བྱེད་པ་དེ་ལ། དགེ་སློང་གི་བརྡའ་སྤྲད་པའི་སྒོ་ནས་བསྐུལ་བ་གསུམ་དང་སྡད་པ་གསུམ་གྱི་བར་བྱའོ། །དེ་ལྟར་བསྐུལ་སྡད་དྲུག་ལས་ལྷག་པ། ཁས་ལེན་ན་དངོས་གཞིར་འགྱུར་ལ། ཡང་སྦྱིན་བདག་ལས་སྤངས་ཟིན་པ། ཡང་འབུལ་བར་བྱེད་ན་སྤངས་པ་སྨྲ་ཤེས་སྦྱིན་བདག་གིས་སེམས་བསྡུ་བར་ཁས་མི་ལེན་པ་ལས་ལེན་ན་དངོས་གཞིའོ། །བཅུ་ཚན་གཉིས་པ་ལ་སྡོམ་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང༌། །མངོན་མཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་གསུངས། དང་པོ་ནི། སྲིན་བལ་གྱི་སྤང་བ་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་གཞི་ལ། དངོས་པོ་ནི་སྲིན་བལ་ཡིན་པ། རུང་ཚད་ལྡན་གསར་པ་ཡིན་པ། དམན་པ་དང་མ་འདྲེས་པ། རང་གི་ཡིན་པ། སྔར་གཞན་གྱིས་བཟོ་བརྩོམ་མ་བྱས་པ། གནས་ནི་སྲིན་བལ་རིན་ཆེ་བའི་གནས་ཡིན་པ། ཀུན་སློང་ནི། སྟན་བྱེད་པར་འདོད་པ། སྦྱོར་བ་རང་ངམ་གཞན་གྱིས་བརྩམས་པ། མཐར་ཐུག་འཁོད་བཀྲམ་པ་ཡོངས་སུ་རྫོགས་པའོ། །གཉིས་པ་ལུག་བལ་ནག་པོ་འབའ་ཞིག་པའི་སྤང་བ་ལ། སྔ་མ་དང་ཁྱད་པར་མེད་པ་ལ། ལུག་བལ་ནག་པོ་ཞེས་སྦྱར་རོ། །གསུམ་པ་སྲེ་བའི་སྤང་བ་ལ། གཞན་འདྲ་བ་ལ། ནག་པོ་ཕྱེད་ཀྱི་ཆ་ལས་སྲང་ཕྱེད་ཡན་ཆད་ཀྱི་ལྷག་པ་ཞེས་སྦྱར་རོ། །ནག་པོ་དཀར་པོ་སོགས་ཆ་མཉམ་པའམ། ཉུང་བ་ལ་ལྟུང་བ་མེད་ལ། དཀར་པོ་མང་ན་ཉེས་བྱས་དང༌། འཁོབ་ལྷག་ན་ཉེས་པ་མེད་དོ། །འདིར་བཤད་པ་རྣམས་ཀྱང་མཚོན་པ་ཙམ་ཡིན་ལ། གང་ན་དཀོན་ཤིང་རིན་ཆེ་བ་དེ་ལྟུང་བ་བསྐྱེད་པའི་དངོས་པོར་ཤེས་པར་བྱའོ། །བཞི་པ་ལོ་དྲུག་གི་ནང་དུ། སྟན་གཉིས་བྱེད་པའི་སྤང་བ་ལ། གཞི་ནི་དངོས་པོ་ནི། གླིང་པའི་སྟན་ལ་ཡིན་ཞེས་སྦྱར། གཞན་སྔ་མ་དང་འདྲ། བདག་ཉིད་སྟན་གཞན་ཡོད་པའམ། རང་དགར་བཏང་བ་དང༌། སྟན་གཉིས་པ་བྱེད་པའི་གནང་བ་མ་ཐོབ་པ། སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པ། སྦྱོར་བ་དང༌། བསམ་པ་དང༌། མཐའ་གསུམ་སྔ་མ་བཞིན་ནོ། །ལྔ་པ་བདེ་བར་གཤེགས་པའི་མཐོ་གང་གིས་མ་བསླན་པའི་སྤང་བ་ལ། དངོས་པོ་གདིང་བ་རང་གི་ཡིན་པ། རུང་ཚད་ལྡན་གསར་པ་གདིང་བ་བཏིང་བ་དེ་ཙམ་ཡོད་གཞན་མ་ཀླན་པའོ། །ཀུན་སློང་ལོངས་སྤྱོད་པར་འདོད་པ། སྦྱོར་བ་ལོངས་སྤྱོད་པར་བརྩམས་པ། མཐར་ཐུག་ལོངས་སྤྱོད་པའོ། །དྲུག་པ་ལམ་རྒྱང་གྲགས་ལས་ལྷག་པར་ཐོགས་པའི་སྤང་བ་ལ། གཞི་ལ། དངོས་པོ་བལ་རུང་ཚད་ལྡན། རང་དབང་བ་ལ་ངོ་བོ་མ་སྤོས་པ། ལམ་སའམ་ཆུ་ལ་རྟེན་པ་རྒྱང་གྲགས་གཅིག་ཡན་ཆད་དུ་ལོངས་པ། རང་རྫུ་འཕྲུལ་དང་སྤྲུལ་པའི་སྐབས་མིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པ། ཀུན་སློང་འགྲོ་བར་འདོད་པ། སྦྱོར་བ་འགྲོ་བར་བརྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །འདིར་ཚད་ནི་མིའི་ཁུར་གྱི་ཚད་དུ་ལོངས་པ། སྲང་ཉིས་སྟོང་དགོས་པར་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། །བདུན་པ་བལ་རྨེལ་བའི་སྤང་བ་ལ། བལ་ཞེས་སྦྱར་ནས་གཞན་འཁྲུར་འཇུག་པའི་སྤང་བ་བཞིན་ནོ། །མཐར་ཐུག་ནི། འདབ་བལ་གཅིག་ཙམ་རྨེལ་བ་རྫོགས་པའོ། །བརྒྱད་པ་གསེར་དངུལ་ལེན་པའི་སྤང་བ་ལ། གཞི་ནི་རིན་པོ་ཆེ་དངོས་སམ་དེ་དང་འདྲ་བ་ཐ་སྙད་བཏགས་སུ་རུང་བ་ཚད་དང་ལྡན་པ། རང་གི་ཡིན་པ། རུང་བ་མ་བྱས་པ། ཀུན་སློང་བདག་གིར་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རེག་པར་བརྩམ་པ། མཐར་ཐུག་བདག་གིས་བྱས་པ། བསྐོས་པའི་ཁྱད་པར་ཡང་འདི་ལོང༌། འདི་ནས་འདི་ཙམ་ལོང༌། འདི་ཁྱེར། འདི་ནས་འདི་ཙམ་ཁྱེར། འདི་ཞོག་འདི་ནས་འདི་ཙམ་ཞོག དེ་སྦྱར་བས་ནི་བཅོ་བརྒྱད་དོ་ཅེས་པ་ལྟར་རོ། །རུང་བ་ཇི་ལྟར་བྱ་ཞེ་ན། སྦྱིན་བདག་ལ་ཡིད་གཏད་དེ་བཅང་བ་དང༌། རང་གི་ཞལ་ལྟ་བྱེད་པ་བདག་པོར་ཁས་ལེན་དུ་གཞུག་པ་དང༌། ཡུལ་ཆོས་བདུན་ལྡན་གྱི་དྲུང་དུ་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །དགུ་པ་མངོན་མཚན་ཅན་གྱི་སྤང་བ་ལ། ཡུལ་ནི་ཁྱིམ་པ་ཐ་སྙད་ལྔ་ལྡན། རྫས་ཐ་དད་པ། ཉེ་དུ་མིན་པ། དངོས་པོའམ་རིན་པོ་ཆེ་རང་དབང་བ་ཚད་དང་ལྡན་པའོ། །ཀུན་སློང་བརྙེད་པ་ཐོབ་འདོད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་བསྐྱེད་པར་བརྩམས་པ། མཐར་ཐུག་ཁྲུ་གང་དུ་ལོངས་པ་ཐོབ་པའོ། །བཅུ་པ་ཉོ་ཚོང་བྱེད་པའི་སྤང་བ་ལ། གཞན་སྔ་མ་དང་འདྲ་བ་ལ། གཞན་འབྲས་བུ་ལ་སོགས་པ་ཡིན་པ་ཞེས་སྦྱར་རོ། །བཅུ་ཚན་གསུམ་པའི་སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་དང་ནི་རས་ཆེན་དང༌། །སྔོས་བསྒྱུར་དང་ནི་བསོག་འཇོག་གོ །ཞེས་གསུངས་པ་ལ། དང་པོ་ལྷུང་བཟེད་ཞག་བཅུ་འཆང་སྤང་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། གཞི་ནི་རང་གི་ལྷུང་བཟེད་རུང་བ་ཚད་ལྡན། དབང་བྱར་ཡོད་པ། བྱིན་གྱིས་བརླབས་པ་དང་འབྲེལ་པའམ་མ་འབྲེལ་ཀྱང་རྗེས་སུ་ཞུགས་པ་དང་བཅས་པ། ལྷུང་བཟེད་འབྲེལ་མེད་མ་ཡིན་པའོ། །ཀུན་སློང་རང་གི་ཆེད་དུ་འཆང་འདོད་པ། མཐར་ཐུག་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའོ། །གཉིས་པ་ལྷུང་བཟེད་ཚོལ་བའི་སྤང་བ་ལ། ཡུལ་ནི་ཁྱིམ་པ་ཐ་སྙད་དྲུག་ལྡན། དངོས་པོ་ལྷུང་བཟེད་རུང་བ་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ། རང་གི་ལྷུང་བཟེད་རུང་ཚད་ལྡན་ལོངས་སྤྱོད་བཟོད་དབང་བྱར་ཡོད་པ། འབྲེལ་མེད་པ་མ་ཡིན་པ། ཀུན་སློང་ནི་སློང་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་ལག་ཏུ་ཐོབ་པ། ལྟུང་བ་འདི་ཕྱིར་བཅོས་པའི་ཚེ། ལྷུང་བཟེད་དེ་དགེ་འདུན་ལ་སྤང་བའི་ཚེ་ན། ལྷུང་བཟེད་རྙིང་པ་གཅིག་བྱུང་བ། རང་གི་གཏན་དུ་བཅང་དགོས་པ་དེ་ལ་ལྷུང་བཟེད་འབྲེལ་མེད་ཅེས་ཀྱང་བྱའོ། །གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་ལ། ཡུལ་ཐག་པ་ཁྱིམ་པ་ཆོས་དྲུག་ལྡན། དངོས་པོ་གོས་ཀྱི་རྒྱུ་རུང་ཚད་ལྡན་རང་དབང་བ། ཀུན་སློང་ཡིད་བཅུགས་དང༌། རྐུ་སེམས་ལས་གཞན་པས་མཐག་ཏུ་འཇུག་འདོད་པ། སྦྱོར་བ་རང་ངམ་གཞན་གྱི་ངག་དྲུག་ལྡན། མཐར་ཐུག་གོས་གྲུབ་པ། དགག་བྱ་ནི་འདོད་པ་ཆེ་བས་སོ། །བཞི་པ་འཐག་པ་བསྐྱེད་པ་ལ། ཡུལ་སྦྱིན་བདག་དང༌། ཐ་ག་པ་ཁྱིམ་པ་ཆོས་ལྔ་ལྡན། དངོས་པོ་གོས་ཀྱི་རྒྱུ། དོག་པ་རུང་ཚད་ལྡན། ཁྱིམ་པ་དེ་ཉིད་ཀྱི་ཡིན་པ་བཟོ་རྩོམ་མ་བྱས་སྦྱིན་བདག་དང་ཐ་ག་པས་མ་གནང་བ། ཀུན་སློང་འཐག་པ་བསྐྱེད་དུ་འཇུག་པ། མཐར་ཐུག་དོག་པ་ཟད་པའམ། རྔན་པ་མ་བྱིན་པ་གང་རུང་གི་རྒྱུ་ལས་གོས་ཐོབ་པའོ། །ལྔ་པ་བྱིན་འཕྲོག་གི་སྤང་བ་ལ། ཡུལ་རྫོགས་པའི་སྡོམ་ལྡན་མཚན་མཐུན་པ་ཐ་སྙད་གསུམ་ལྡན་རྒྱུད་ཐ་དད་པ། ལུས་ཐ་མལ་པར་གནས་པ་དྲུག་ལྡན་ནོ། །དངོས་པོ་དགེ་སློང་ཡོ་བྱད་རུང་ཚད་ལྡན། ཡུལ་དེ་དབང་བའོ། །ཀུན་སློང་རྐུ་སེམས་མིན་པར་བསྟན་དུ་བྲལ་བར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་ལུས་ངག་གང་ཡང་རུང་བས་འཕྲོག་པར་བརྩོམ་པ། མཐར་ཐུག་ཡུལ་གྱི་ལུས་ལས་བྲལ་བའོ། །དྲུག་པ་དགོན་པའི་འབྲས་སྤང་ལ། གཞི་ལ་ཡུལ་གྱི་ཡན་ལག་ནི། ཆོས་གོས་གསུམ་གང་ཡང་རུང་བ། རུང་ཚད་ལྡན་སོགས་རང་གིས་བྱིན་གྱིས་བརླབས་ལ། བདག་ཉིད་མི་འབྲལ་བའི་གནང་བ་ཐོབ་པ། སྲ་བརྐྱང་བཏིང་བ་དང༌། བར་ཆད་དང་ལྡན་པ་མིན་པ། དགོན་པ་བ་ཡིན་པ། གནས་ཆོས་གོས་སོགས་ཡོད་པ་ལས་ཐ་དད་པ། ཀུན་སློང་ཐ་དད་དུ་འདུག་པར་འདོད་པ། མཐར་ཐུག་བདུན་པའི་སྐྱ་རེངས་ཤར་བའོ། །བདུན་པ་དབྱར་གྱི་རས་ཆེན་བཞག་འཕྱིས་ལ། དངོས་པོ་རང་གི་རས་ཆེན་སོགས་རུང་ཚད་ལྡན་སོགས་རྙིང་པ་མིན་པ། བདག་ཉིད་རས་ཆེན་ཡོད་པ་ལ་མ་གཏད་པ། ཀུན་སློང་འཆད་པར་འདོད་པ། མཐར་ཐུག་མ་གནང་བའི་དུས་ཀྱི་སྐྱ་རེངས་ཤར་བ། བརྒྱད་པ་རས་ཆེན་བཙལ་སྔས་ལ། ཡུལ་ཁྱིམ་པ་ཐ་སྙད་དྲུག་ལྡན། དངོས་པོ་དེ་ཉིད་ཡིན་པ། དུས་བཙལ་དུ་མ་གནང་བའི་དུས་ཡིན་པ། ཀུན་སློང་ཚོལ་བར་འདོད་པ། སྦྱོར་བ་དྲུག་ལྡན། མཐར་ཐུག་གོས་ཐོབ་པ། འདིར་སྟན་རས་ཆེན་བཙལ་བའི་དུས་ནི། དབྱར་ཁས་ལེན་གྱི་དུས་ཀྱི་ཟླ་བ་གཅིག་ཚུན་ཆད་ཡིན་པ། གོས་བཞག་པའི་དུས་ནི། དགག་དབྱེ་ཟིན་ནས་ཟླ་བ་ཕྱེད་ཚུན་ཆད་ཡིན་པའོ། །དགུ་པ་སྟོན་ཟླ་ཐ་ཆུང་ཞེས་པ་བརྙེད་པ་ལས་འབྱུང་བའི་སྤང་བ་ལ། ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། དངོས་པོ་དབྱར་རྙེད་རུང་ཚད་ལྡན། ས་མིན་པ་བདག་ཉིད་དབྱར་ཁས་བླངས་པ་དང༌། རང་ཉིད་གོས་སྐབས་ལེན་འདོད་པ། དུས་དབྱར་གྱི་ནང་ཡིན་པ། དགག་བྱ་ནི། བརྙེད་པའི་མཐའ་བཅུ་མིན་པ། ཀུན་སློང་བདག་གིར་བྱེད་པར་འདོད་པ། སྦྱོར་བ་བརྩོམ་པ། མཐར་ཐུག་བརྙེད་པ་ཐོབ་པའོ། །དགག་བྱ་དབྱར་གྱེས་པ། སྦྱིན་བདག་མ་དད་པའོ། །འདི་ལ་ཡང་བགོད་སྔས་དང༌། བཞག་ཕྱིས་གཉིས་ཡོད་ལ། བརྙེད་པ་དགོད་པའི་དུས་ནི་དགག་དབྱེའི་ཉིན་པར་ཕྱི་དེ་ཉིན་པར་ཡིན་པའོ། །བཅུ་པ་སྔོས་བསྒྱུར་ལ། ཡུལ་ཁྱིམ་བདག་ཐ་སྙད་ལྔ་ལྡན། རང་དང་དངོས་པོ་ལས་རྫས་ཐ་དད་པ། དངོས་པོ་ཁ་ཟས་ལས་གཞན་པའི་རྙེད་པ་རུང་ཚད་ལྡན། དགེ་སློང་ཆོས་ལྔ་ལྡན་ལ་སོགས་སྔོས་པ། ཀུན་སློང་རྐུ་སེམས་དང་ཡིད་བཅུག་ལས་གཞན་པས་བསྒྱུར་བར་འདོད་པ། སྦྱོར་བ་རང་ལས་སྒྱུར་བ་བརྩམ་པ། མཐར་ཐུག་ལག་ཏུ་ཐོབ་པའོ། །བཅུ་གཅིག་པ་བསོག་འཇོག་གི་སྤང་བ་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། གཞི་ནི། སྨན་རྣམ་པ་བཞི། རང་གི་ངོ་བོ་གྲུབ་པ། རུང་ཚད་ལྡན་བྱིན་ལེན་རང་གི་ཡིན་པ། ཀུན་སློང་འཆང་བར་འདོད་པ། སྦྱོར་བ་འཆང་བར་བརྩོམ་པ། མཐར་ཐུག་རང་གི་དུས་ལས་འདས་པ་སྟེ། ཚད་ནི་སྔ་དྲོ་བྱིན་ལེན་ཅན་གྱི་ཟས་བྱིན་གྱིས་མ་བརླབས་ན། གུང་ཚིགས་ཡོལ་བ་དང༌། ཕྱི་དྲོའི་བྱིན་ལེན་བྱས་པ། ཐུན་ཚོད་ཀྱི་མཐའ་ལས་འདས་པ་དང༌། ཞག་བདུན་པ་སྐྱ་རེངས་བརྒྱད་པ་འདས་པའོ། །འདིར་རས་ཆེན་བཙལ་སྔས་དང་བཞག་འཕྱིས་གཅིག་ཏུ་བྱའོ། །སྤང་བ་རྣམས་བཤད་ཟིན་ཏོ། །སྡེ་ཚན་བཞི་པ་འབའ་ཞིག་པ་ལ། བཅུ་ཚན་དགུ་ལས། དང་པོ་སྡོམ་ནི། བརྫུན་སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཞེས་པའོ། །དང་པོ་ཤེས་བཞིན་དུ་བརྫུན་སྨྲ་བའི་ལྟུང་བྱེད་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་གཞི་ལ་ཡུལ་ནི། ཐ་སྙད་ལྔ་ལྡན་རང་ལས་རྒྱུད་ཐ་དད་པ། དངོས་པོ་ཕམ་ལྷག་སྦོམ་པོ་ཉེས་བྱས་བཞི་དང༌། བཤེས་ངོར་འཆའ་བ་དང༌། ཟས་ཆུང་བསྐུར་འདེབས། བསླབ་པ་ལས་ཉེར་འཇོག་སྤང་བ་སོགས་ལས་གཞན་པའི་རྫུན། ཀུན་སློང་ཤེས་བཞིན་སྨྲ་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱིས་སྨྲས་པ། མཐར་ཐུག་དོན་གོ་བའོ། །གཉིས་པ་སྐྱོན་སྨྲ་བའི་ཡུལ། དགེ་སློང་ཆོས་དྲུག་ལྡན། དངོས་པོ་སྐྱོན་བསྒྲགས་པ། ཀུན་སློང་སྐྱོན་བརྗོད་པ། སྦྱོར་བ་ངག་ཐ་སྙད་དྲུག་ལྡན་གྱིས་སྨྲས་པ། མཐར་ཐུག་དོན་གོ་བའོ། །གསུམ་པ་དགེ་སློང་གིས་ཕྲ་མ་བྱེད་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་སྐྱོན་དུ་སྒྲགས་པ། ཀུན་སློང་ཕྲ་མ་བྱེད་འདོད་པ། སྦྱོར་བ་མཐར་ཐུག་འདྲའོ། །བཞི་པ་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན་གཉིས་ཡན་ཆད་དངོས་པོ་རྩོད་པ་བཞི་ལས་གང་ཡང་རུང་བ། ཆོས་ལྡན་གྱིས་ཞི་བར་བྱས་པ། གོ་བྱ་ཆོས་དྲུག་ལྡན། ཞི་བྱེད་ཀྱི་ལས་མ་གཏོགས་པ། བདག་ཉིད་ཀྱང་ཞི་བྱེད་ཀྱི་ལས་མ་གཏོགས་པ། ལྟ་བ་སྨྲ་བ་མ་ཡིན་པ། ཀུན་སློང་བརྩོད་པ་དཀྲུག་པར་འདོད་པ། སྦྱོར་བ་མཐར་ཐུག་འདྲའོ། །ལྔ་པ་སྟོན་པའི་ལྟུང་བྱེད་ལ་སྔར་ལྟར་བཞི་ལས། ཡུལ་ནི་བུད་མེད་ཐ་སྙད་བཞི་ལྡན། མཚན་དོན་བྱེད་ནུས་པ། ཁྱིམ་པ་ཡིན་པ། ཉེ་དུ་མིན་པ། རྫུ་འཕྲུལ་དང་མི་ལྡན་ཞིང་ཉན་པར་འདོད་པ་དངོས་པོ་སངས་རྒྱས་སམ་ཉན་ཐོས་ཀྱི་གསུངས་པའི་ཆོས་ཡུལ་དེས་མི་ཤེས་པའོ། །དྲུག་པ་འདོན་པ་ལ། སྔར་ལྟར་བཞི་ལས། དང་པོ་གཞི་ལ་ཡུལ་ནི། མ་རྫོགས་པ་ཐ་སྙད་ལྔ་ལྡན། བསམ་པ་ཐག་པ་ནས་འདོན་པར་འདོད་པ། དངོས་པོ་འདྲ། བདག་ཉིད་ཀྱང་མཉམ་པའམ་མཇུག་ཏུ་འདོན་པ། ཀུན་སློང་འདོད་པ། སྦྱོར་བ་འདྲ། མཐར་ཐུག་སྟོན་པའོ། །བདུན་པ་གནས་ངན་ལེན་ཞེས་བརྗོད་པའི་ལྟུང་བྱེད་ལ། སྔར་ལྟར་བཞི་ལས། དང་པོ་གཞི་ལ་ཡུལ་དགེ་སློང་ཆོས་ལྔ་ལྡན། དངོས་པོ་ཕམ་ལྷག་གང་རུང་ཡུལ་དེ་ལ་བྱུང་བ། གོ་བྱ་མ་རྫོགས་པ། ཐ་སྙད་ལྔ་ལྡན་ཕམ་ལྷག་མི་ཤེས་པ། བདག་ཉིད་བསྐོ་བ་དང་གསོལ་བ་མ་བྱས་པའོ། །ཀུན་སློང་གནས་ངན་ལེན་བརྗོད་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བརྒྱད་པ་མི་ཆོས་བླ་མ་བརྗོད་པ་ལ། བཞི་ལས། གཞིའི་ཡན་ལག་ལ། ཡུལ་མ་རྫོགས་པ་ཐ་སྙད་ལྔ། བདེན་པ་མ་ཐོབ་པ། དངོས་པོ་མིའི་ཆོས་བླ་མ་མཚན་ཉིད་ཅན་རང་གིས་མ་ཐོབ་པ། ཀུན་སློང་ཐོབ་པར་འདོད་པ་གཉིས་པོ་འདྲའོ། །དགུ་པ་བཤེས་ངོར་འབྱེད་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་ནི། ཆོས་དྲུག་ལྡན། རང་དང་དེ་ལས་རྫས་ཐ་དད་པ། དངོས་པོ་དགེ་འདུན་ཆོས་ལྔ་ལྡན་གྱི་ཟས་བྱིན་པའི་རྙེད་པ་རུང་ཚད་ཡང་དག་པར་བསྔོས་པ་བདག་ཉིད་དགེ་འདུན་གྱི་རུང་བའི་ལས་དེ་ལ་གཏོགས་པ་གོ་བྱ་ཐ་སྙད་ལྔ་ལྡན་རྒྱུད་ཐ་དད་པ། ཀུན་སློང་བསྐུར་བར་འདོད་པ། གཉིས་པོ་ནི་འདྲའོ། །བཅུ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་ལ། གཞི་ནི་དངོས་པོ་འདུལ་བར་གཏོགས་པའི་བསླབ་པའི་གཞི་ཡིན་ལ། གོ་བྱ་དགེ་སློང་ཆོས་དྲུག་ལྡན། ཀུན་སློང་ཁྱད་དུ་གསོད་འདོད་པ། གཉིས་པོ་ནི་འདྲའོ། །བཅུ་ཚན་གཉིས་པ་ལ་སྡོམ་ནི། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་པ་དང༌། །ཕྱིས་གནོན་འབྱུང་བ་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །དང་པོ་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་ལ། དངོས་པོ་ས་བོན་དང་སྐྱེ་བ་རང་གི་ཆོས་སུ་གྲུབ་པ། མ་ཉམས་པ་རུང་བ་མ་བྱས་པ། བདག་ཉིད་རྫུ་འཕྲུལ་དང་སྤྲུལ་པའི་སྐབས་མིན་པ། ཀུན་སློང་ཉམས་པར་འདུན་པ། སྦྱོར་བ་རང་ངམ་བསྐོས་པ་བརྩམས་པ། མཐར་ཐུག་ཉམས་པར་གྱུར་པའོ། །གཉིས་པ་འཕྱ་བའི་ལྟུང་བྱེད་ལ། ཡུལ་དགེ་སློང་ཆོས་དྲུག་ལྡན། ཞལ་ལྟ་བཞིན་བྱས་པའམ་བྱེད་བཞིན་པ། བདག་ཉིད་ལ་གནས་མལ་སོགས་སྟོབས་པ་མིན་པ། བདག་ཉིད་ངན་པའི་གྲངས་སུ་བགྲངས་པ། ཀུན་སློང་འཕྱ་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །གསུམ་པ་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཚན་མཐུན་པ་ཐ་སྙད་གསུམ་དང་ལྡན་པ། ལུས་ཐ་མལ་པར་གནས་པ། བདག་ཉིད་ལ་ཆོས་དང་ལྡན་པར་བསྒོ་བ་པོ་ཡིན་པ། རང་གི་སྡེ་པའི་གྲངས་སུ་བགྲངས་པ། ཀུན་སློང་གཟོན་པར་འདོད་པའོ། །གཉིས་ནི་གོང་མ་བཞིན་ནོ། །བཞི་པ་ཁྲི་དང་ཁྲིའུ་སོགས་ཕན་ཕུན་དུ་གྱུར་པའི་ལྟུང་བྱེད་ལ། གཞི་ནི་དངོས་པོ་དགེ་འདུན་གྱི་གནས་མལ་རུང་ཚད་ལྡན། ཕན་ཕུན་གྱི་ཉེན་དང་བཅས་པ། རང་ངམ་བསྐོས་པའི་བཏིང་ངམ་བསྡུ་བར་ཁས་བླངས་པ། བདག་ཉིད་རྫུ་འཕྲུལ་སོགས་དང་བར་ཆད་དང་ལྡན་པ། དོན་ཁྱད་པར་སྒྲུབ་པའི་སྐབས་མིན་པ། ཀུན་སློང་མལ་ཆ་མི་བསྡུ་བར་འདོད་པ། སྦྱོར་བ་གཞན་དུ་འགྲོ་བ་བརྩོམ་པ། མཐར་ཐུག་འདོམ་བཞི་བཅུ་རྩ་དགུ་ལས་འདས་པའམ། ཕན་ཕུན་དུ་གྱུར་པའོ། །ལྔ་པ་རྩྭ་མ་བཏིང་བའི་ལྟུང་བྱེད་ནི། གཞི་ལ་གནས་དགེ་འདུན་གྱི་གཙུག་ལག་ཁང་ཆུད་ཟ་བའི་ཉེན་དང་བཅས་པ་གནས་ཀྱི་མཚན་ཉིད་དུ་གྲུབ་པ། དངོས་པོ་རྩྭ་མི་བཏིང་བ་ཡིན་པ་སྦྱར། གཞན་སྔ་མ་དང་འདྲ། དྲུག་པ་སྐྲོད་པའི་ལྟུང་བྱེད་ལ། གཞི་ལ་གནས་ནི། དགེ་འདུན་གྱི་གཙུག་ལག་ཁང་གནས་མཚན་ཉིད་དུ་གྲུབ་པ། ཡུལ་དགེ་སློང་དྲུག་ལྡན་དེར་ཞུགས་པ། ཀུན་སློང་ཕན་འདོད་མ་གཏོགས་པ་སྐྲོད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བསྐྲོད་པར་བརྩོམ་པ། མཐར་ཐུག་ཉེ་འཁོར་ལ་འདས་པའོ། །བདུན་པ་ཕྱིས་ནོན་བྱེད་པའི་ལྟུང་བྱེད་ལ། གཞན་འདྲ་བ་ལ་ཀུན་སློང་ན་བ་སོགས་མིན་པར་ཕྱིས་ནོན་བྱེད་འདོད་པ། སྦྱོར་བ་ལུས་ངག་གང་རུང་གིས་རྩོམ་པ། མཐར་ཐུག་ཡུལ་གྱིས་དོན་གོ་བའོ། །བརྒྱད་པ་ཁྲིའུ་རྩ་བས་བྱུང་བའི་ལྟུང་བྱེད་ལ། གནས་གཙུག་ལག་ཁང་གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཐོག་རྡོལ་བའི་ཉེན་དང་བཅས་པ། དངོས་པོ་ཁྲིའམ་ཁྲིའུ་ཚད་ལྡན། རྩ་བ་ཕུར་བུ་ལྟ་བུ་མ་ཡིན་པ། བཀན་པ་སོགས་མ་ཡིན་པ། ཀུན་སློང་ཉལ་འདུག་བྱེད་པ། སྦྱོར་བ་ཉལ་འདུག་བྱེད་པར་ལུས་ཀྱིས་རྩམ་པ། མཐར་ཐུག་རྫོགས་པའོ། །དགུ་པ་སྲོག་ཆགས་འདེབས་པའི་ལྟུང་བྱེད་ལ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ། ཐ་མལ་པའི་དམིགས་པ་སྣང་དུ་རུང་བ། རྩ་རག་ཤིང་ལ་སོགས་པའི་གཞི་དང་བཅས་པ། ཀུན་སློང་གཞན་བྱེད་དུ་ལོངས་སྤྱོད་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་ལོངས་སྤྱོད་པར་རྩམ་པ། མཐར་ཐུག་ཤི་བའོ། །བཅུ་པ་རིམ་པ་གཉིས་སུ་རྩིག་པའི་ལྟུང་བྱེད་ལ། གཞི་ལ་དངོས་པོ་གཙུག་ལག་ཁང་སྤྱོད་ལམ་བཞི་ཤོང་བ། འཇིགས་ཉེན་དང་བཅས་ཤིང་གཞན་གྱིས་བཟོ་རྩོམ་མ་བྱས་པ། བདག་ཉིད་ཆར་ཆུ་སྐྱབས་པའི་སྦྱོར་བ་མ་བྱས་པ་དང༌། ས་བོན་བདག་གིས་མ་བསྐུལ་བ། དུས་ནི་འཇིམ་པ་སྦྱར་བ་སོགས་མ་བྱས་ན་ཉི་མ་ཐ་དད་ལའང་བསྐྱེད་པས། དེ་དག་བྱས་ན་ཉི་མ་གཅིག་གི་དུས་ཡིན་པའོ། །ཀུན་སློང་རྩིག་པར་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་རྩོམ་པ། མཐར་ཐུག་རིམ་པ་བཞི་སྣ་འབྱོར་བའོ། །བཅུ་ཚན་གསུམ་པ་ལ་སྡོམ་ནི། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། དགེ་སློང་མས་སྦྱོར་བཅུག་པའོ། །དང་པོ་མ་བསྐོས་ཆོས་སྟོན་གྱི་ལྟུང་བྱེད་ལ། ཡུལ་དགེ་སློང་མ་ནི་རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། ལུས་རྟེན་དུ་རུང་བ། ཐ་མལ་བར་གནས་པ། རྫུ་འཕྲུལ་ཅན་མིན་པ་སྟེ་བདུན་དང་ལྡན་པའོ། །བསམ་པ་ཐག་པ་ནས་ཉན་འདོད་པ། དངོས་པོ་ལུང་གི་ཤླཽ་ཀ་གཅིག་ཡན་ཆད་གང་རུང་བདག་ཉིད་ལ་ཐོས་པ་བདག་ཉིད་སྟོན་པར་མ་བསྐོས་པའམ། བསྐོས་ཀྱང་ཡོན་ཏན་དྲུག་དང་མི་ལྡན་པ། བདག་ཉིད་ཆོས་བླ་མའི་མཐུ་དང་ལྡན་པ་མིན་པའོ། །ཀུན་སློང་ཆོས་སྟོན་པར་འདོད་པའོ། །སྦྱོར་བ་ངག་དྲུག་ལྡན་ནོ། །མཐར་ཐུག་དོན་གོ་བའོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་དང་དངོས་པོ་གཉིས་འདྲ། གཞན་འཇིགས་པ་དང་བཅས་པ། དུས་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བ། མཚན་ཐོག་ཐག་སྟོན་པའི་དུས་མ་ཡིན་པ། གཞན་གསུམ་འདྲའོ། །གསུམ་པ་ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ནོ་ཞེས་བསྐུར་པ་འདེབས་པའི་ལྟུང་བྱེད་ལ། དགེ་སློང་ཆོས་དྲུག་ལྡན། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་པ་མ་ཡིན་པ། གོ་བྱ་ཐ་སྙད་གསུམ་ལྡན། ལུས་ཐ་མལ་པར་གནས་པ་རྒྱུད་ཐ་དད་པ། ཀུན་སློང་བསྐུར་བར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བཞི་པ་དགེ་སློང་མའི་གོས་བཟོ་བའི་ལྟུང་བྱེད་ལ། གཞི་ལ་ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། དངོས་པོ་གོས་རུང་བ་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱི་ཡིན་པ། དེས་བདག་ལ་ངག་གིས་སྩོལ་བ། སྔར་བཟོ་བཅོས་མ་བྱས་པ་ཀུན་སློང་བཟོ་བྱེད་པར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་བཟོ་རྩོམ་རྫོགས་པའོ། །ལྔ་པ་དགེ་སློང་མ་ལ་གོས་སྦྱིན་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་མ་ཆོས་བརྒྱད་ལྡན། དགེ་འདུན་ལ་གོས་འབུལ་བ་ལེན་པ་སོགས་ལྔ་མ་ཡིན་པ། རྫས་ཐ་དད་པ། དངོས་པོ་གོས་རུང་བ་ཚད་ལྡན་རང་གི་ཡིན་པ། རང་གི་སེམས་ཡངས་པ་དང་དད་པ་ཅན་མ་ཡིན་པ་དང་རུང་བའི་ཕྱིར་རྗེ་བ་མིན་པ། ཀུན་སློང་སྟེར་བར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་དེས་ཐོབ་པའོ། །དྲུག་པ་དགེ་སློང་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད། གཞི་ལ་ཡུལ་དགེ་སློང་མ། ཉེ་དུ་མ་ཡིན་པ། མ་གཏོགས་པའི་བདུན་ལྡན། བདག་ཉིད་ལ་ཕན་འདོགས་པ་མ་ཡིན་པའི་བདུན་ལྡན། ཐབས་ཡོད་པ། ལམ་ལ་བརྟེན་པ། རྒྱང་གྲགས་སུ་ལོངས་པ། འཇིགས་པ་དང་བཅས་པ་མ་ཡིན་པ། དུས་ཉི་མ་གཅིག་གི་དུས་ཡིན་པ། ཀུན་སློང་ལམ་གཅིག་ལ་འགྲོ་འདོད་པ། སྦྱོར་བ་འགྲོ་བར་བརྩོམ་པ། མཐར་ཐུག་རྒྱང་གྲགས་ལས་འདས་པའོ། །བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་ལ། ལམ་ཆུ་ལ་བརྟེན་པ་ཞེས་བྱ་བ་དང༌། འགྲམ་གཉིས་འཇིགས་པ་དང་བཅས་པ་མིན་པ་ཞེས་པ་དང༌། ཐད་ཀར་རྒྱང་གྲགས་སུ་ལོངས་པ་མ་ཡིན་པ་ཞེས་སྦྱར། གཞན་འདྲ། བརྒྱད་པ་དབེན་པ་ན་འདུག་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་བུད་མེད་ནི་མཚན་དོན་བྱེད་ནུས་པ། ཐ་སྙད་ཕྱེད་དང་ལྔ་དང་ལྡན་པ། ལུས་བརྟེན་དུ་རུང་བ། རྫུ་འཕྲུལ་མ་ཐོབ་པ། ཉེ་དུ་མ་ཡིན་པ། གྲོགས་དང་མི་ལྡན་པ། ལུས་ཐ་མལ་པར་གནས་པ། བདག་ཉིད་ཕན་འདོགས་མ་ཡིན་པ། འདུག་པའི་སྤྱོད་ལམ་ཅན། གནས་ནི་ས་ཕྱོགས་དབེན་པར། སྐྱབས་ཡོད་འདོམ་གང་གི་ནང་ཡིན་པ། བདག་ཉིད་ཀྱང་འདུག་པ། ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པ། མཐར་ཐུག་འཕོངས་བརྩོད་ས་ལ་བཞག་པའོ། །དགུ་པ་དབེན་པར་དགེ་སློང་མ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་ལ། བདག་ཉིད་འགྲེང་བ་དང༌། ཡུལ་དགེ་སློང་མ་ཞེས་སྦྱར། གཞན་སྔ་མ་ཁོ་ནའོ། །བཅུ་པ་དགེ་སློང་མས་སྦྱོར་དུ་བཅུག་པ་བཟའ་བའི་ལྟུང་བྱེད་ལ། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན་རྫས་ཐ་དད་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་བཏུང་བ་འགྲོན་གཅིག་གི་ཚད་དུ་ལོངས་པ། སྦྱིན་བདག་དེ་ཉིད་ཀྱི་ཡིན་པ། བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཡོན་ཏན་གྱིས་བཅུག་པ། སྦྱོར་བྱེད་དགེ་སློང་མ་ཆོས་བརྒྱད་ལྡན། བདག་ཉིད་འགྲོན་དུ་མ་བསམས་པར་གསོས་ཀྱང་ལྷག་པའོ། །ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་བརྩམས་པ་མཐར་ཐུག་མགུལ་དུ་མིད་པའོ། །བཅུ་ཚན་བཞི་པ་ལ་སྡོམ་ནི། ཡང་ཡང་དང་ནི་འདུག་གནས་དང༌། །ཕྱེ་དང་བཅའ་དང་སྟོབས་པ་དང༌། །འདུས་དང་དུས་མིན་བསོག་འཇོག་དང༌། །ཁ་ནས་མིད་དང་གསོད་པ་ཉིད། །ཅེས་པའོ། །དང་པོ་ཡང་ཡང་ཟ་བའི་ལྟུང་བྱེད་ལ། གཞི་ལ་ལུས་རྟེན་གཉིས་ཀ་ཐ་སྙད་ལྔ་ལྡན། བདག་ཉིད་དང་གསུམ་ཀ་ཕན་ཚུན་རྫས་ཐ་དད་པ། ནར་མར་སྦྱོར་བ་མ་ཡིན་པ། བསམ་པ་ཐག་པ་ནས་འབོད་པ་ཡིན་པ། ཟས་དེ་གཉིས་ཀ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། ཀུན་སློང་སོགས་གསུམ་ནི་འདྲ། གཉིས་པ་མུ་སྟེགས་ཅན་གྱི་འདུག་གནས་སུ་ཟ་བའི་ལྟུང་བྱེད་ལ། གཞི་ལ་གནས་མལ་དེའི་བདག་པོ་ཁྱིམ་པ་ཆོས་ལྔ་ལྡན། དེའི་མཆོད་གནས་མུ་སྟེགས་ཅན་ཐ་སྙད་གསུམ་ལྡན་བཞིར་ལོངས་པ། གནས་ནི་གནས་ཀྱི་མཚན་ཉིད་དུ་གྲུབ་པ། ཡ་མཚན་ཅན་གྱི་སྤྱིའི་གནས་ཡིན་པ། དངོས་པོ་བཟའ་བ་ལྔའི་ཁོངས་སུ་གཏོགས་པ། བདག་ཏུ་གནས་པ་དེ་ཉིད་ཀྱི་ཡིན་པ། རྟེན་ནད་པ་དང་སྟབས་པ་མ་ཡིན་པ། ཞག་གཅིག་གནས་ཤིང་ཟས་གཅིག་ཟོས་པ་གསུམ་ནི་འདྲའོ། །གསུམ་པ་སྦྱིན་བདག་གཅིག་ལས་བླངས་པ་ཚད་ལས་འདས་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། ཡོངས་སུ་དཔགས་པ་དང་ཅི་བདེ་བར་སྟོབས་པ་མ་ཡིན་པ། དངོས་པོ་འདྲ་བ་ལ་བྲེ་ཕྱེད་དང་ལྔ་ལས་བྲེ་ཕྱེད་དང་ཕུལ་ཕྱེད་ཡོད་པ། ཕུལ་ཕྱེད་དང་ལྔ་ཡན་ཆད་གཡོས་སུ་བྱས་པ། གནས་གནོས་པ་དེ་ལས་གཞན་ལ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་མགུལ་དུ་མིད་པ། བཞི་པ་ཟས་སྤངས་པ། ལྷག་བོར་མ་བྱས་པར་ཟ་བའི་ལྟུང་བྱེད་ལ། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་ཚད་ལྡན་ལྷག་བོར་མ་བྱས་ཤིང་དཀོན་ཟས་མ་ཡིན་པ། བདག་ཉིད་སྤངས་པ་ཡོངས་སུ་རྫོགས་པ་ཡིན་ཅིང༌། ནད་པ་མ་ཡིན་པ། དུས་སྤང་བའི་མཚན་གྱིས་དུས་ཡིན་པ། མུ་གེའི་དུས་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩམས་པ། མཐར་ཐུག་མགུལ་དུ་མིད་པའོ། །འདིར་ལྷག་བོར་གྱི་མཚན་ཉིད་ཇི་ལྟ་བུ་ཅེ་ན། ཡུལ་དགེ་སློང་ཆོས་དྲུག་ལྡན། དངོས་པོ་དུས་སུ་རུང་བའི་བཟའ་བ་དང་བཅའ་བ་རུང་ཚད་ལྡན་བྱིན་ལེན་ཅན་ལྷག་བོར་བྱས་པ་མིན་པ་གནས་བྱིན་ལེན་བཞིན་ནོ། །བདག་ཉིད་སྤོང་བ་ཡོངས་རྫོགས་ཡིན་པ་དང༌། ནད་པ་དང་མུ་གེ་བྱུང་བ་མ་ཡིན། བསམ་པ་ལྷག་བོར་བྱེད་འདོད་པ། ཆོ་ག་ནི་སྤྱོད་ལམ་བརྟན་པ་སོགས་བྱས་ཏེ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ། འཚལ་མ་འཚལ་ལགས་ཤིང༌། སྤངས་ཏེ་ཡོངས་སུ་རྫོགས་ཤིང༌། བཅའ་བ་དང་བཟའ་བ་རྙེད་ཅིང་འཕེལ་བར་འཚལ་ན། ལྷག་བོར་བགྱིས་ཏེ་བདག་ལ་སྩལ་དུ་གསོལ། ཞེས་ལན་ཅིག་བརྗོད་དོ། །ཡུལ་དེ་སྤངས་ན་མི་ཟ། མ་སྤང་ན་ཁམ་གཉིས་སམ་གསུམ་ནས་སྤོང་བའི་ཚིག་བརྗོད། སྒྲ་དོན་ནི། ལྷག་མར་བྱས་ཤིང་བོར་བས་ན། ལྷག་བོར་ཞེས་བྱའོ། །དགོས་པ་ཡང་ཡང་ཟ་བའི་ཉེས་པ་མི་འབྱུང་བ་དང་བཅས་པའི་ས་མཚམས་ཟིན་པའོ། །ལྔ་པ་སྤངས་པ་སྟོབས་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་ནི་དགེ་སློང་ཆོས་དྲུག་ལྡན། སྤངས་པ་ཡོངས་རྫོགས་ནད་པ་མ་ཡིན་པ། དངོས་པོ་དང་དུས་འདྲེ། ཀུན་སློང་སྟོབས་པར་འདོད་པ། སྦྱོར་བ་ངག་དྲུག་ལྡན་གྱིས་བརྩམས་པ་མཐར་ཐུག་དོན་གོ་བའོ། །དྲུག་པ་གནས་ཁང་སོ་སོར་འདུས་ཤིང་ཟ་བའི་ལྟུང་བྱེད་ལ། གཞི་ལ་གནས་ནི་མཚམས་ནང་ཡིན་པ། གཞན་དགེ་འདུན་དུ་ལོངས་པ་ཡོད་པ། གཞན་དགེ་སློང་ཆོས་ལྡན་གསུམ་ཡན་ཆད་དུ་ལོངས་པ། ཡུལ་དགེ་སློང་ཆོས་ལྔ་ལྡན་གསུམ་ཡན་ཆད་དུ་ལོངས་པ། རང་རང་ལྷན་ཅིག་ཟ་བ་པོ་ཡིན་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་ཚད་ལྡན། མུ་སྟེགས་ཅན་དང་དུས་སྟོན་ཆེན་པོའི་ཟས་ལས་གཞན་པ། ཟས་གཅིག་པ་མ་ཡིན་པ། བདག་ཉིད་ན་བ་དང་ལས་བྱས་པ། ལམ་དུ་ཞུགས་པ་སྲ་བརྐྱང་བཏིང་བ་མ་ཡིན་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩོམ་པ་མཐར་ཐུག་མགུལ་དུ་མིད་པ། འདི་ལ་དགག་བྱ་ནི་དགེ་འདུན་བྱེ་བར་འགྱུར་བའི་དགག་བྱ་ཡོད་དོ། །བདུན་པ་དུས་མིན་པར་ཟ་བའི་ལྟུང་བྱེད་ལ། གཞི་ནི་དུས་དེ་རིང་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་ཡིན་པ་དང༌། མུ་གེའི་དུས་མིན་པ་དང༌། དངོས་པོ་དུས་སུ་རུང་བ་དང༌། མགུལ་དུ་མིད་པར་མངོན་པ་བདག་ཉིད་ནད་པ་དང་ཟན་མེད་པ་དང༌། མཚན་ཉིད་པ་གཉིས་པ་མ་ཡིན་པ་དང༌། གསུམ་ནི་འདྲའོ། །ཞུ་བ་ལས། དགེ་སློང་གི་འཚལ་མ་ལན་གཅིག་འཚལ་བས་ལྟུང་བ་བཞི་འབྱུང་བ་ཡོད་དེ། བྱིན་ལེན་མ་བྱས་པ་དང༌། རུང་བ་མ་ཡིན་པ་དང༌། བསོག་འཇོག་བྱས་པ་དང༌། དུས་མ་ཡིན་པར་ཟ་ནའོ། །ཞེས་གསུངས། འདིར་དུས་རུང་ནི་ཤ་དང་ཕྱེ་དང་ཐུད་ལ་སོགས་པ་བཟའ་བ་དང༌། རྒུན་འབྲུམ་དང༌། ཁམ་བུ་དང༌། སྟར་ག་དང༌། གྲོ་མ་དང༌། སེ་འབྲུ་དང༌། བུ་རམ་ཤིང་ལ་སོགས་པ་བཟའ་བ་དང༌། ཞོ་དང་འོ་མ་དང༌། སྐྱོ་མའི་ཐུག་པ་ལ་སོགས་པའོ། །བརྒྱད་པ་གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་ནི། དངོས་པོ་ནི་སྨན་བཞི་ལས་གང་རུང་ཡིན་པ། རུང་བ་ཚད་དང་ལྡན་པ། རང་ངམ་རང་དང་འདྲ་བས་གསོག་འཇོག་བྱས་པ། ངོ་བོ་ནི་ཡོངས་སུ་རྫོགས་པ། ཀུན་སློང་ཟ་བར་འདོད་པ། སྦྱོར་བ་ཟ་བར་རྩམ་པ། མཐར་ཐུག་མགུལ་དུ་མིད་པའོ། །འདིར་གསོག་འཇོག་ནི། དུས་རུང་ཀྱི་ཟས་ལ་སྔ་དྲོ་བྱིན་ལེན་བྱས་བྱིན་ལེན་མ་ཞིག་བར་གུང་ཚིགས་ཡོལ་བ་དང༌། ཐུན་ཚོད་དུ་རུང་བའི་སྨན་བྱིན་ལེན་ཅན། ཐུན་ཚོད་ལས་འདས་པ་ལྟ་བུ་དང༌། ཞག་བདུན་པའི་སྨན་བྱིན་ལེན་ཅན་དང༌། བྱིན་རླབས་ཅན་ཞག་བརྒྱད་པའི་སྐྱ་རེངས་ཤར་བ་ལྟ་བུའོ། །འདིར་ཟས་ལ་ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པ་སྟེ། ཆོ་གའི་སྒོ་ནས་རུང་བ་མ་ཡིན་པའི་ཟས་བཞིའོ། །བཞི་ཀ་ལ་དངོས་པོ་ནི་སྨན་རྣམ་པ་བཞི་ལས། དངོས་པོ་དེའི་སྟ་གོན་དུ་གནས་པ། རང་ངམ་རང་དང་མཚུངས་པའི་དགེ་སློང་ལ། དེ་དང་དེ་ཡིན་པ་གཅིག་དགོས་སོ། །ཁྱད་པར་ལག་ཉ་ལ། དངོས་པོ་སྨན་བཞི་ལས་གང་ཡང་རུང་བ་བྱིན་ལེན་མ་བྱས་སམ། བྱས་ཀྱང་ཞིག་པ། བཏོན་ནི་རྐྱེན་དགོས་ཁྱད་པར་ཅན་མེད་པར་དགེ་སློང་རང་དང་འདྲ་བས་ལག་ཏུ་བླངས་པ་གཅིག་དགོས་སོ། །དེ་ཡང་བྱིན་ལེན་མ་བྱས་པར་ཟ་བའི་བསམ་པས་ལག་ཉར་བླངས་པ་ལ་ནི་བྱིན་ལེན་མ་བྱས་པར་ཟ་བའི་སྦྱོར་བའི་ལྟུང་བར་འགྱུར་ལ་ཐུན་ཚོད་དུ་རུང་བའི་ལྟུང་བ་ངོ་བོ་མ་རྫོགས་པའི་སྔ་རོལ་སྦྱར་ཚགས་སོགས་བྱས་པ་ངོ་བོ་རྫོགས་པ་དང༌། བྱིན་ལེན་བྱས་ཏེ་ཟ་བར་བྱའོ་སྙམ་པའི་བསམ་པ་རང་ངམ་རང་དང་འདྲ་བས་ལས། ལག་ཉར་བླངས་པ་ན་དེ་ཉིད་ཀྱི་ཚེ། ལག་ཉའི་ཉེས་པ་ཁོ་ནར་འགྱུར་ཞིང་དེ་ཕྱིས་གཞན་ལ། སྔོས་པ་སོགས་མ་བྱས་པར་བྱིན་ལེན་བྱས་ཏེ། ཟོས་ན་ལག་ཉར་བླངས་པ་ལྟུང་བ་ཉེས་བྱས་སུ་འགྱུར་རོ། །ལོངས་སྤྱོད་འདོད་ཀྱི་བསམ་པ་མེད་པ་ནི། ལག་ཉའི་ཉེས་པ་མི་འབྱུང་ངོ༌། །དེས་ན་བྱིན་ལེན་ལ་གཉིས་ཏེ། ལག་ཉའི་འགེགས་བྱེད་ཀྱི་བྱིན་ལེན་དང༌། བཟའ་ཆེད་ཀྱི་བྱིན་ལེན་ནོ། །དང་པོ་ནི། སྨན་བཞི་པོ་ངོ་བོ་ཉིད་ཀྱི་སྒོ་ནས་རྫོགས་པ་མ་གྲུབ་པ་སྟེ། དགེ་སློང་རང་གི་སྦྱར་ཚགས་སོགས་བྱ་བའི་ཆེད་དུ་བྱ་བ་ཡིན་ལ། གཉིས་པ་ནི། སྨན་བཞི་པོ་ངོ་བོ་རྫོགས་པར་གྲུབ་ཟིན་པ་སྟེ། བསྙེན་པར་མ་རྫོགས་པས་སྦྱོར་ཚགས་སོགས་བྱས་སམ། རང་གིས་བྱས་པ་ཡིན་ཀྱང་ཕྱིས་ངོ་བོ་རྫོགས་པ་ན་སྔར་གྱི་བྱིན་ལེན་ཞིག་པས་སླར་ཡང་བྱེད་དགོས་པ་ཡིན་ནོ། །གཉིས་པ་མཚམས་བཙོས་ནི། རང་ངམ་རང་དང་འདྲ་བའི་འཇུག་ཟློག་ལ་དབང་བའི་མཚམས་དངོས་སམ་དེའི་ཉེ་འཁོར་རུང་ཁང་གི་མཚན་ཉིད་དང་མི་ལྡན་པའི་སར། དངོས་པོའི་ཁྱད་པར་རྗེན་པ་བཙོས་པའོ། །ཞག་ལོན་ནི། དེ་འདྲའི་གནས་སུ་ཞག་ཕྱི་མའི་སྐྱ་རེངས་ཤར་བའོ། །བཞི་པ་དགེ་སློང་གིས་བཙོས་པ་ནི་གནས་གཙང་མར་རང་ངམ་རང་དང་ཟས་ཀྱི་ཆོ་ག་འདྲ་བའི་དགེ་སློང་ལོངས་སྤྱོད་པའི་བཟའ་བ་རང་ངམ་བསྐོས་པའི་དགེ་སློང་གིས་བཙོས་པའོ། །དངོས་པོའི་ཁྱད་པར་རྗེན་པའོ། །དགུ་པ་ལ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ལ། གཞི་ལ་དངོས་པོ་སྨན་བཞི་པོ་རུང་ཚད་ལྡན། བྱིན་ལེན་མ་བྱས་པའམ་བྱས་ཀྱང་ཞིག་པའོ། །གནས་ནི་སྒྲ་མི་སྙན་མ་ཡིན་པ། ཀུན་སློང་བྱིན་ལེན་མ་བྱས་པར་ཟ་བར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་མགུལ་དུ་མིད་པའོ། །ཞར་ལ་བྱིན་ལེན་བྱེད་པའི་ཚུལ་ནི། བྱིན་ལེན་སྟོབས་པ་པོ་ནི། སྤྱིར་བཏང་དུ་བསྙེན་པར་མ་རྫོགས་པ་གཅིག་དགོས་ལ། དམིགས་བསལ་རང་རྣམ་དག་ཡིན་ན། ལྷས་སྦྱིན་གྱིས་ཀྱང་སྟོབས་སུ་རུང་ལ། དགེ་སློང་མ་ལ་དགེ་སློང་མས་ཀྱང་སྟོབས་སུ་རུང༌། དགེ་སློང་ཕ་ལ་མས་སྟོབས་སུ་རུང༌། དེ་ཡང་བསམ་པ་ཐག་པ་ནས་སྟོབས་པར་འདོད་ལ། གྱེན་དུ་འདེགས་པའི་ནུས་པ་ཡོད་པ། བློ་གཡས་གཡོན་དང་མཐོ་བའི་ཕྱོགས་ན་འདུག་པ་མིན་པར་མདུན་དྲང་ཐད་ན་འདུག་པ། རྟེན་ནི་དགེ་སློང་མའི་སྡོམ་པ་ཡན་ཆད་གསོ་རུང་དང་ལྡན་པ། ལག་པ་གཉིས་བཀན་ཏེ་བྱིན་ལེན་ནོད་འདོད་པའོ། །གནས་ནི་མཚམས་གཞན་གྱིས་བར་མ་ཆོད་པའོ། །མཚམས་གཞན་ལྔ་སྟེ། མེ་དང་ཆུ་བུ་ག་སོགས་ནམ་མཁའ་དང༌། བདག་པོ་མི་གཅིག་པའི་ས་མཚམས་གཞན་དང༌། རགས་པ་མཚམས་གཞན་རྣམས་སོ། །སྨན་ངོ་བོ་དང་ཆོ་གའི་སྒོ་ནས་མི་རུང་བ་རྣམས་ལ། བྱིན་ལེན་མི་ཆགས་པ་མིན་ཤིང་བྱིན་ལེན་བྱ་དགོས་ཏེ། མ་བྱས་ན་བྱིན་ལེན་མ་བྱས་པར་ཟོས་པ་དང༌། རུང་བ་མིན་པ་ཟོས་པའི་ཉེས་པ་སོགས་སུ་འགྱུར་བར་བཤད་པའི་ཕྱིར། བྱིན་ལེན་ཉམས་པའི་རྒྱུ་ནི་བརྒྱད་དེ། ཕྲོགས་དང་འགྲིབ་དང་རེག་པ་དང༌། །དགེ་སློང་མིན་པར་གྱུར་པ་དང༌། །དངོས་པོར་འགྱུར་དང་སྐྱེ་བར་འགྱུར། །དོར་བས་ཀྱང་ནི་བྱིན་ལེན་ཉམས། །ཞེས་སོགས་བརྒྱད་དོ། །གཞན་གྱིས་ཕྲོགས་པ་དང༌། མ་ཕྲོགས་པར་ལེན་མི་ནུས་པའི་སར་འགྲིལ་བ་དང༌། རང་གི་མ་རེག་པར་རང་དང་ཟས་ཀྱི་ཆོ་ག་མི་གཅིག་པའི་གང་ཟག་གིས་རེག་པ་དང༌། ཟས་ཆོ་ག་མི་གཅིག་པ་དང༌། བསམ་པ་ཐག་པ་ནས་བསྔོས་པ་དང༌། རང་དགེ་སློང་མིན་པར་གྱུར་པ་དང༌། སྨན་གཞན་དུ་གྱུར་པ་དང༌། མཚན་གྱུར་པ་དང༌། ཐག་རིང་པོར་དོར་བའོ། །བཅུ་པ་ཟས་བསོད་པ་སློང་བའི་ལྟུང་བྱེད་ལ། གཞི་ལ་ཡུལ་ཁྱིམ་པ་ཆོས་དྲུག་ལྡན། དངོས་པོ་ནི་སྨན་རྣམས་པ་བཞི་ལས་གང་ཡང་རུང་བ། ཡུལ་དུས་དེར་བསོད་པ་སྟེ་བཟང་པོར་གྲགས་པའོ། །བསམ་པ་ནི་སློང་བར་འདོད་པའོ། །སྦྱོར་བ་བརྩམས་པ། མཐར་ཐུག་མགུལ་དུ་མིད་པའོ། །བཅུ་ཚན་ལྔ་པ་ལ་སྡོམ་ནི། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་བཀྲུགས་འགྲོ་བ་དང༌། །བརྡེག་དང་ཟས་དང་གནས་ངན་ལེན། །ཞེས་གསུངས། དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ནི། སྔར་འདེབས་པ་དང་འདྲ་བ་ལས། ཁྱད་པར་ནི་འདི་ལ་རང་ཕྱེད་ཅེས་སྦྱར་རོ། །གཉིས་པ་ཉལ་པོ་བྱེད་པར་བཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ལ། གཞི་ལ་གནས་གཞན་ཡིན་པ། གེགས་བྱེད་གཞན་མེད་པ། མངོན་སུམ་ཡིན་པ། བདག་གིར་བར་ཆད་དང་མི་ལྡན་པར་འདུག་པ། ཡུལ་ནི་སྐྱེས་པ་དང་བུད་མེད་ཁྱིམ་པ་ཕྱེད་དང་ལྔ་ལྡན། ཡུལ་རྟེན་དུ་རུང་བ། རྫུ་འཕྲུལ་མ་ཐོབ་པ། སྤྲོད་པར་ཞུགས་པའམ་ཕྱོགས་པའོ། །ཀུན་སློང་འདུག་པར་འདོད་པ། སྦྱོར་བ་རྩོམ་པར་འདོད་པ། མཐར་ཐུག་འདུག་པ་རྫོགས་ཤིང་ཚོར་བའོ། །གསུམ་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ལ། འགྲེང་བ་དང་འདུག་པ་རྗེ་ཞིང༌། མངོན་སུམ་ཡིན་ཞེས་པ་དང་དབེན་པ་ཞེས་རྗེ། གཞན་འདྲ། བཞི་པ་གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད་ལ། ཡུལ་ནི་མུ་སྟེགས་ཀྱི་སྟོན་པ་བསླབ་པ་ཅན་ཐ་སྙད་གསུམ་ལྡན། ནོར་རྫས་ཐ་དད་པ། ཉེ་དུ་ནད་པ་རབ་ཏུ་བྱུང་འདོད། ཆོས་འདི་པ་ལ་འཚོ་བ་ལྟོས་པ་བཞི་མ་ཡིན་པ། དངོས་པོ་དུས་སུ་རུང་བའི་བཟའ་བའམ་བཅའ་བ་རུང་བ་ཚད་ལྡན། རང་གི་ཡིན་པ། དམན་པ་མ་ཡིན་པ། ཀུན་སློང་སྡིགས་པ་དང་བྲལ་འདོད་མ་ཡིན་པར་སྟེར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་དེས་ཐོབ་པའོ། །ལྔ་པ་དམག་ལ་བལྟ་བའི་ལྟུང་བྱེད་ལ། གཞི་ནི་ཡུལ་ཁྱིམ་པ་ཐ་སྙད་ལྔ་ལྡན། དམག་གི་མཚན་ཉིད་དུ་གྲུབ་པ། གཡུལ་བསྐྲད་པའི་ཕྱིར་དུ་ཆས་པ་མ་ཡིན་པ། བདག་ཉིད་རྐྱེན་དགོས་ཁྱད་པར་ཅན་དང་མི་ལྡན་པ། དེ་ན་གནས་པའི་དོན་མ་ཡིན་པ། ཀུན་སློང་ལྟ་འདོད་པ། སྦྱོར་བ་བལྟ་བར་བརྩམས་པ། མཐར་ཐུག་ཉེ་འཁོར་ལས་དེས་མཐོང་བའོ། །དྲུག་པ་དམག་ན་གནས་པའི་ལྟུང་བྱེད་ལ། ཡུལ་རྟེན་སྔ་མ་བཞིན། གནས་ནི་དམག་གི་གནས་ཉེ་འཁོར་དང་བཅས་པ། ཀུན་སློང་གནས་པར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་སྐྱ་རེངས་ཤར་བའོ། །བདུན་པ་བཤམས་པ་དཀྲུགས་པ་ལ། ཡུལ་རྟེན་ནི། སྔ་མ་བཞིན་ནོ། །དུས་ནི་དམག་ནང་ན་གནས་པའི་དུས་ཡིན་པ། ཀུན་སློང་ནི་རང་དགར་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་འདོད་པའོ། །རྒྱུན་མ་ཆད་པར་སྦྱོར་བ་རེག་པའམ། གཡུལ་བཤམས་པ་དཀྲུགས་པའམ། བལྟ་བར་བརྩམས་པ། མཐར་ཐུག་དེའི་བྱ་བ་རྫོགས་པའོ། །བརྒྱད་པ་བརྡེག་པའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་དྲུག་ལྡན། ཀུན་སློང་ནི་གསོད་སེམས་ལས་གཞན་པའི། རྙོག་པ་ཅན་གྱི་སེམས་ཀྱིས་བརྡེག་འདོད་པ། སྦྱོར་བ་ལུས་དངོས་སམ་དེ་དང༌། འབྲེལ་བའི་དབྱུག་པ་ལྟ་བུའམ། དེས་འཕངས་པའི་ཡུངས་ཀར་སོགས་ཀྱིས་བརྡེག་པར་བརྩོམ་པ། མཐར་ཐུག་བརྡེག་བྱེད་ཇི་སྙེད་ཀྱི་ལུས་ལ་རེག་པ་ན། དེ་སྙེད་ཀྱི་ལྟུང་བར་འགྱུར་རོ། །བརྡེག་ཀྱང་མ་ཕོག་ན་བརྡེག་བྱེད་ཀྱི་གྲངས་དང་མཉམ་པའི་ཉེས་བྱས་སུ་འགྱུར་རོ། །དགུ་པ་བརྡེག་པར་བཟས་པའི་ལྟུང་བྱེད་ལ། བརྡེག་པ་དང་བརྡེག་པར་བཟས་པའི་རྗེ་བ་མ་གཏོགས་པ་སྔ་མ་བཞིན་ནོ། །བཟས་པ་ཅེས་པ་ནི་བརྡེག་པར་བརྩོམ་པའོ། །བཅུ་པ་གནས་ངན་ལེན་ཆབ་པའི་ལྟུང་བྱེད་ལ། གཞི་ལ། གང་གི་གནས་ངན་ལེན་འཆབ་པའི་ཡུལ་ནི། དགེ་སློང་རྫོགས་པའི་སྡོམ་པ་དང་ལྡན་པ་ལྟ་མཚན་མཐུན་པ། ཐ་སྙད་གསུམ་དང་ལྡན་པ། རྒྱུད་ཐ་དད་པ། ལུས་ཐ་མལ་པར་གནས་པ་སྟེ་ཐ་སྙད་གསུམ་ལྡན་ནོ། །དངོས་པོ་ཕམ་ལྷག་གང་རུང་ཡུལ་དེ་ལ་བྱུང་བ། གནས་ནི་མཐོལ་ཡུལ་མཚན་ཉིད་པ་ཡོད་པའི་གནས་སོ། །ཀུན་སློང་ནི་རྐྱེན་སོགས་མེད་པར་འཆབ་འདོད་པ། མཐའ་ནི་མཚན་མོའི་མཐའ་ལས་འདས་པའོ། །བཅུ་ཚན་དྲུག་པ་ལ་སྡོམ་ནི། བདེ་དང་མེ་དང་བདུན་གནས་དང༌། །བསྙེན་པར་མ་རྫོགས་ཆོས་སྨྲ་དང༌། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཅེས་གསུངས། བདེ་དང་ཅེས་པ། ཟན་གཅོད་དུ་འཇུག་པའི་ལྟུང་བྱེད་ལ། གཞི་ལ་སྦྱིན་བདག་ནི་ཁྱིམ་པ་ཡིན་པ། ཐ་སྙད་ལྔ་ལྡན་ལུས་ཐ་མལ་དུ་གནས་པ། བདག་དང་ཟན་གཅོད་པའི་ཡུལ་གཉིས་ཀ་ལས་ཐ་དད་པ། ཡུལ་དེ་ལ་བསམ་པ་ཐག་པ་ནས་སྟེར་བ་པོ་ཡིན་པའོ། །ཟན་གཅོད་པའི་ཡུལ་ནི། དགེ་སློང་ཆོས་བརྒྱད་ལྡན་གྱི་སྟེང་དུ་དེས་ཕན་པའི་ནད་ཅན་མ་ཡིན་པ། གང་གཅད་པའི་ཟས་ནི་དུས་རུང་གི་ཟས་རུང་ཚད་ལྡན། སྦྱིན་བདག་གིས་དེ་ལ་བསྔོས་པ་ཡིན་པ། ཀུན་སློང་ནི་རང་དགས་ཟན་གཅོད་དུ་འཇུག་འདོད་པ། སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱི་ཟན་གཅོད་དུ་འཇུག་པའི་ཚིག་སྨྲ་བ། མཐར་ཐུག་དོན་གོ་བའོ། །གཉིས་པ་མེ་ལ་རེག་པའི་ལྟུང་བྱེད་ལ། དངོས་པོ་གང་ལ་རེག་པ་ནི། འཇིག་རྟེན་ན་གྲགས་པའི་མེ་ཡིན་པ། བུད་ཤིང་མཚན་ཉིད་པ་ལས་བྱུང་བ་ཡིན་པ། མེ་མ་མུར་དང༌། མེ་ལྕེ་གང་ཡང་མ་ཡིན་པ། རྟེན་ནི་དེས་ཕན་པའི་ནད་ཅན་མ་ཡིན་པ། ཆོས་ལྡན་གྱི་ཆེད་དུ་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ། ཀུན་སློང་ངར་དགར་རེག་འདོད་པ། སྦྱོར་བ་རང་གིས་རེག་པར་བརྩོམ་པའམ་བསྐོས་པས་རེག་ཏུ་འཇུག་པ། མཐར་ཐུག་རེག་པ། དེ་ཡང་རང་ངམ་བསྐོས་པས་མེ་སྦར་བ་དང༌། གསོད་པ་དང༌། བུད་ཤིང་ནང་དུ་འཇུག་པ་དང༌། མེ་དང་བཅས་པའི་བུད་ཤིང་ཕྱིར་འདྲེན་པ་དང༌། མེ་མདག་འབྲུ་བ་དང༌། སྦར་བ་དང་མེའི་ལྕེར་བུད་ཤིང་མཚན་ཉིད་པ་འཇུག་པ་རྣམས་ལ་ལྟུང་བྱེད་དོ། །མེ་མ་མུར་དང་མེ་ལྕེ་ཙམ་ལ་ཉེས་བྱས་སོ། །ཞར་ལ་དུས་དྲན་བྱ་ཚུལ་ལ། གང་ལ་བྱ་བའི་གཞི་ནི། བཀག་པ་རྐྱེན་ལ་ལྟོས་ཏེ་གནང་བ་གཅིག་བྱ་ལ། བྱ་བའི་ངོ་བོ་ནི་ཆོས་ལྡན་གྱི་བྱ་བའི་ཆེད་དུ། མེ་ལ་རེག་པ་ལྟ་བུ་གནང་བ་ཡིན་ནོ་སྙམ་དུ་ཡིད་ལ་བྱེད་པའོ། །བྱས་པའི་དགོས་པ་ནི། དངོས་སུ་དུས་དྲན་མ་བྱས་པའི་ཉེས་བྱས་ཁེགས་ལ་རྒྱུད་ནས་གནང་མ་གནང་གི་ས་མཚམས་ཟིན་པའོ། །དེས་ན་ཆོས་ལྡན་གྱི་བྱ་བའི་ཆེད་དུ་གནང་བ་ཡིན་ཀྱང༌། དུས་དྲན་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །གསུམ་པ་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་ལ། གཞི་ལ་དངོས་པོ་ནི། དགེ་འདུན་མཚན་ཉིད་དང་ལྡན་པའི་ལས་མཚན་ཉིད་པ་ཡིན་པ། དགེ་སློང་གི་ཆེད་དུ་བྱས་པ་ཡིན་པ། བདག་ཉིད་འདུན་པ་ཕུལ་ཟིན་པ་ཡིན་པ། གོ་བྱ་ཆོས་དགེ་སློང་དྲུག་ལྡན་འདུན་པ་ལེན་པ་པོ་ཡིན་པ། ཀུན་སློང་འདུན་པ་ཕྱིར་ལ་བསྒྱུར་འདོད་པ། སྦྱོར་བ་ངག་དྲུག་ལྡན། མཐར་ཐུག་དོན་གོ་བའོ། །བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ། ཡུལ་ནི་དགེ་ཚུལ་ལྟ་བུ་ངོ་བོའི་སྒོ་ནས་བསྙེན་པར་མ་རྫོགས་པའམ། བསླབ་བྱིན་ལྟ་བུ་རྣམ་གྲངས་ཀྱི་སྒོ་ནས་བསྙེན་པར་མ་རྫོགས་པ་ཐ་སྙད་ལྔ་ལྡན་ནོ། །བདག་ཉིད་ནད་པ་དང༌། ནད་གཡོག་དང༌། བཏགས་པ་དང༌། དབྱར་ཟླ་བ་གཉིས་ལ་བབ་པའི་ཚེ། སྡིག་ཅན་ཉེ་བར་གནས་པ་རྣམས་མ་ཡིན་པ། ཡུལ་རྟེན་གཉིས་ཉལ་ཤིང་གཉིད་ལོག་པའི་སྤྱོད་ལམ་ཅན་ཡིན་པ། དུས་མཚན་མོའི་དུས་ཡིན་པ། གནས་ཚད་དུ་གྲུབ་པ་དང་གཅིག་པའོ། །ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་མཚན་མོ་གསུམ་པའི་མཐའ་ལའོ། །འདི་ལ་བར་འདོམ་གང་ཡིན་པ་དགོས་སོ། །ལྔ་པ་ཆོས་ཤེས་པ་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་ལ། བཞི་ལ་གོ་བྱ་དགེ་སློང་ཆོས་དྲུག་ལྡན་དངོས་པོ་ཆོས་ལས་ཕྱིན་ཅི་ལོག་གི་ཚིག་གོ །རྐྱེན་གསོལ་བཞིའི་ལས་མཚན་ཉིད་པ། ཀུན་སློང་སྡིག་ལྟ་མི་གཏོང་བར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་བརྗོད་པ་གསུམ་པ་ལས་འདས་པའོ། །དྲུག་པ་སྨྲ་ཤེས་པ་སྤང་བ་རྗེས་སུ་ཆགས་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་ལྟ་བ་མཐུན་པ་མ་གཏོགས་པའི་ཐ་སྙད་ལྔ་དང་ལྡན་པ། སྤོང་བ་ཕྱིར་བཅོས་མ་བྱས་པ། བདག་ཉིད་གནས་ཕྱུང་མ་ཡིན་པ། ཀུན་སློང་ནད་དང་ལྟ་བ་དང་བྲལ་འདོད་མིན་པ། སྦྱོར་བ་རྗེས་སུ་ཕྱོགས་པར་བརྩོམ་པ། མཐར་ཐུག་ལུང་འབོགས་པ་སོགས་གང་རུང་བྱས་པའོ། །བདུན་པ་དགེ་ཚུལ་བསྙིལ་བ་བསྡུད་པའི་ལྟུང་བྱེད་ལ། གཞི་ལ་ཡུལ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། མཚན་མཐུན་པ་ཐ་སྙད་གསུམ་དང་ལྡན་པ། དགེ་འདུན་གྱི་བསྙིལ་བ་དང་འབྲེལ་བ། བཟོད་པ་གསོལ་མ་ཟིན་པ། ཀུན་སློང་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་པར་བྱེད་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་དེ་ལྟར་བྱས་པའམ། ལྷན་ཅིག་ཉལ་ནས་མཚན་མོ་འདས་པའོ། །བརྒྱད་པ་ཁ་དོག་བསྒྱུར་བ་དང་ཞེས་པ་ཁ་དོག་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་ལ། གཞི་ལ་དངོས་པོ་རང་གི་ཡིན་པའི་གོས་རུང་ཚད་ལྡན་ཁ་མ་བསྒྱུར་བའོ། །སྟེང་གཡོགས་མ་ཡིན་པ། ཆུ་ཚགས་ལས་གཞན་པའོ། །བདག་ཉིད་དེ་འདྲ་གནང་བ་མ་ཡིན་པ། ཀུན་སློང་སྤྱོད་པར་འདོད་པ། སྦྱོར་བ་བརྩོམ་པ། མཐར་ཐུག་སྤྱོད་པར་འདོད་པའོ། །འདིར་མི་རུང་བའི་ཚོན་ཆེན་བརྒྱད་ནི། སུམ་བརྒྱ་པར། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང༌། །གུར་གུམ་དག་དང་ཐང་ཤིང་ལི་ཁྲི་དང༌། །སྨན་ཤིང་ལེབ་རྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །ཅེས་སོ། །དགུ་པ་རིན་པོ་ཆེ་དང་ཞེས་པ་སོགས་ལོངས་པ་གཞིར་གཏོགས་པའི་ལྟུང་བྱེད་ལ། གཞི་ལ་དངོས་པོ་ནི་རིན་པོ་ཆེའམ། དེར་སྨོས་པ་གང་རུང་ཡིན་པ། རིན་པོ་ཆེའི་ཆ་ནས་གཞན་དབང་བ། དེར་སྨོས་རང་གཞན་གང་རུང་དབང་བ། ཆུད་ཟ་བ་དང་སྦྱིན་བདག་བསོད་ནམས་འདོད་པས་སྟབས་པ་མ་ཡིན་པ། མ་ཡིན་པའི་གནས་སུ་དེའི་བསོད་ནམས་ཀྱིས་གྲུབ་པ་མ་ཡིན་པ། བདག་གི་དོན་ཁྱད་པར་ཅན་བསྒྲུབ་པ་དང༌། ཆོས་འཆད་པའི་སྐབས་མ་ཡིན་པའོ། །ཀུན་སློང་རྒོད་པའི་བསམ་པས་རེག་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་རེག་པའོ། །འདིར་རིན་པོ་ཆེར་སྨོས་པ་ནི། རོལ་མོར་དཔྱད་པའི་ལག་ཆ་གཡུལ་ངོར་སྤྱད་པའི་ལག་ཆའི་དགོས་པ་བསྒྲུབ་པའོ། །བཅུ་པ་ཚ་བའི་དུས་ཞེས་པ་ཁྲུས་བྱེད་པའི་ལྟུང་བྱེད་ལ། གང་གིས་ཁྲུས་བྱ་བའི་དངོས་པོ་ནི། འཇིག་རྟེན་ན་གྲགས་པའི་ཆུ་ཡིན་ལ། ལྟེ་བར་སླེབ་པའི་ཚད་དུ་ཕྱོགས་པ། གང་གི་ཚེ་ཁྲུས་བྱ་བའི་དུས་ནི། དབྱར་ཟླ་ར་བའི་ཚེས་གཅིག་ནས། དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་བར་སོགས་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་དང༌། དབྱར་ཟླ་འབྲིང་པོའི་བཅུ་དྲུག་ནས། དབྱར་ཟླ་ཐ་ཆུང་གི་བཅོ་ལྔའི་བར་དབྱར་གྱི་དང་པོའོ། །ཟླ་བ་གཅིག་དང་ཟླ་བ་ཕྱེད་ཅིང་གནང་བའི་དུས་མ་ཡིན་པ། བདག་ཉིད་ནད་པ། ལམ་ཞུགས་དྲི་ལྟུང་འཆར་སྐྲ་ཁར་ལེན། སྒོག་པ། རེ་རེག ཕྱག་དར་བྱས་པ་མ་ཡིན་པ། ལུས་དངོས་པོ་ཡིན་པའོ། །གནས་ནི་ཨ་སྨན་པ་རན་ཏའམ། དེ་འདྲ་བ་མ་ཡིན་པ། ཀུན་སློང་ཁྲུས་བྱེད་པར་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་ལུས་ཕྱེད་ཙམ་དུ་སོན་པའོ། །བཅུ་ཚན་བདུན་པ་ལ་སྡོམ་ནི། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་སྔངས་བྱེད་དང༌། །སྦེད་དང་གདིང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །ཞེས་གསུངས། དང་པོ་དུད་འགྲོ་གསོད་པའི་ལྟུང་བྱེད་ལ། ཡུལ་ནི་དུད་འགྲོར་གཏོགས་པ་དང༌། གཞི་མེད་པ་གཉིས་སོ། །ཀུན་སློང་དུད་འགྲོར་འདུ་ཤེས་ཏེ་གསོད་པར་འདོད་པ་དང༌། སྦྱོར་བ་རང་ངམ་བསྐོས་པས་གསང་སྔགས་སོགས་ཀྱིས་གསོད་པར་བརྩམས་པ། མཐར་ཐུག་དེའི་རྐྱེན་གྱིས་རང་གི་སྔ་རོལ་དུ་ཤི་བའོ། །གཉིས་པ་འགྱོད་པ་བསྐྱེད་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་ཆོས་བརྒྱད་ལྡན་ལ། དངོས་པོ་དགེ་སློང་མ་ཡིན་པའི་དོན་གྱིས། ཀུན་སློང་འགྱོད་པ་བསྐྱེད་འདོད། སྦྱོར་བ་ཁྱོད་ལ་དང་པོ་སྡོམ་པ་མ་སྐྱེས་སོ་ཞེས་སམ་སྐྱེས་ཀྱང་ཉམས་པ་བྱུང་ཞེས་སོགས་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བར་བརྩམས་པ། མཐར་ཐུག་དོན་གོ་བའོ། །གསུམ་པ་སོར་མོ་ཞེས་པ་ག་ག་ཚིལ་བྱེད་པའི་ལྟུང་བྱེད་ལ། ཡུལ་དགེ་སློང་ཆོས་བརྒྱད་ལྡན་གྱི་ཡུལ་ཡིན་པ། མ་ཉམས་རྨ་དང་ཟག་བྱེད་ལས་གཞན་ཡིན་པ། རྟེན་གྱི་ལུས་ཀྱང་དེ་དང་འདྲའོ། །ཀུན་སློང་ནི་གཡའ་བར་བྱ་བའི་སེམས་ཀྱིས་རེག་འདོད་རྒྱུན་མ་ཆད་པ། སྦྱོར་བ་རེག་པར་བརྩམས་པ། མཐར་ཐུག་རེག་པའོ། །བཞི་པ་ཆུ་ལ་རྩེ་བའི་ལྟུང་བྱེད་ལ། དངོས་པོ་འཇིག་རྟེན་ལ་གྲགས་པའི་ཆུ་ཡིན་པ། ལྟེ་བ་ནུབ་པའི་ཚད་དུ་ཕྱོགས་པ། ཀུན་སློང་རྒོད་བག་གིས་རྩེ་བར་འདོད་པ། སྦྱོར་བ་རང་གིས་རྩེ་བའམ་གཞན་རྩེར་འཇུག་པ། མཐར་ཐུག་རྩེས་པའོ། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ། ཡུལ་ནི་བུད་མེད་སྤྱིས་བསྐྱེད་པའི་ཐུན་མོང་པའི་ཆོས་ལྔའི་སྟེང་དུ་ཉེ་དུ་མིན་པ་བསྲུང་བ་དང་མི་ལྡན་པ། གནས་ནི་གནས་ཀྱི་མཚན་ཉིད་དུ་གྲུབ་པ། གནས་གཅིག་ཅིང་འདོམ་གང་གི་ནང་ཡིན་པ། རྟེན་ནི་གྲོགས་མཚན་ཉིད་པས་བསྲུངས་པ་མ་ཡིན་པ། དུས་མཚན་མོ། ཀུན་སློང་ཉལ་བར་འདོད་པ། སྦྱོར་བ་གཉིད་ལོག་པར་བརྩམས་པ། མཐའ་མཚན་མོ་འདས་པའོ། །དྲུག་པ་སྔངས་པར་བྱེད་པའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན། དངོས་པོ་ནི་འདི་ན་ཤ་ཟ་ཡོད་དོ། །ཞེས་སོགས་ཡིད་དུ་མི་འོང་བས་སོ། །ཀུན་སློང་སྔངས་པར་བྱེད་འདོད། སྦྱོར་བ་རང་ངམ་བསྐོས་པས་དངངས་པའི་རྒྱུ་གོ་བར་བྱེད་པ། མཐར་ཐུག་དོན་གོ་བའོ། །བདུན་པ་སྦེད་པའི་ལྟུང་བྱེད་ལ། ཡུལ་ནི་རབ་བྱུང་སྡེ་ལྔའི་སྡོམ་པ་རྣམ་པར་དག་པ་དང་ལྡན་པ། ལྟ་བ་མཐུན་པ། ཐ་སྐད་གསུམ་ལྡན། རང་ལས་རྒྱུད་ཐ་དད་པའི་ཡོ་བྱད་ཡིན་པ། དངོས་པོ་ནི་ལྷུང་བཟེད་དང་འདྲ་བ། ཕོར་བུ་དང་ཆོས་གོས་སོགས་རབ་བྱུང་གི་འཚོ་བའི་ཡོ་བྱད་གང་རུང་ཡིན་པ་རུང་ཚད་ལྡན་དེ་ཉིད་དབང་བ། ཆུད་འཛའ་བའི་རྐྱེན་དང་མི་ལྡན་པ། ཀུན་སློང་རྐུ་སེམས་དང་ཡིད་བཅུགས་ཕན་སེམས་ལས་གཞན་པས་སྦེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་སྦེད་པར་བརྩམས་པ། མཐར་ཐུག་སྦས་ཟིན་པའོ། །བརྒྱད་པ་གདིང་བ་མེད་པར་ལོངས་སྤྱོད་པའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན་རང་ལས་ནོར་ཐ་དད་པ། དངོས་པོ་གོས་རུང་ཚད་ལྡན། རང་གི་དེ་ལ་བྱིན་ནས་དེ་དབང་བ་ཡིན་པ། རྟེན་ནི་དེ་ཡིས་གནང་བ་མ་ཐོབ་པ། ཀུན་སློང་ནི་རྐུ་སེམས་དང་ཡིད་གཅུགས་ལས་གཞན་པའི་བློས་སྤྱོད་པར་འདོད་པ། སྦྱོར་བ་དེ་ལྟར་བརྩམས་པ། མཐར་ཐུག་དེའི་རྐྱེན་གྱིས་ལོངས་སྤྱོད་པའོ། །དགུ་པ་གཞི་མེད་ཅེས་པ་བསྐུར་པ་འདེབས་པའི་ལྟུང་བྱེད་ལ། གང་ལ་བསྐུར་པ་བཏབ་པའི་ཡུལ་དང་གང་ལ་གོ་བར་བྱ་བའི་ཡུལ་ནི། བསྐུར་འདེབས་ཀྱི་ལྷག་མ་བཞིན་ནོ། །ཁྱད་པར་ནི་འདིར་མཐོང་ཐོས་དོགས་གསུམ་གཞི་མེད་པར་ལྷག་མའི་དངོས་པོ་བཞིས་བསྐུར་པ་འདེབས་པའོ། །ཀུན་སློང་ནི་འདུ་ཤེས་བསྒྱུར་ཏེ་ཉམས་པར་འདུན་པས་བསྐུར་པ་འདེབས་འདོད་པ། སྦྱོར་བ་བརྩམས་པ། མཐའ་དོན་གོ་བའོ། །བཅུ་པ་བུད་མེད་དང་ཞེས་པ་ལམ་དུ་འགྲོ་བའི་ལྟུང་བྱེད་ལ། ཡུལ་ནི་བུད་མེད་མཚན་དོན་བྱེད་ནུས་པ། ལུས་ཐ་མལ་དུ་གནས་པ། རྟེན་དུ་རུང་བ་རྫུ་འཕྲུལ་ཅན་མ་ཡིན་པ། ཐ་སྙད་བཞི་ལྡན། ཁྱིམ་པ་ཡིན་པ། ཉེ་དུ་མ་ཡིན་པ། བདག་ཉིད་ལ་སེལ་བྱེད་པ་ལ་སོགས་པ་ཕན་འདོགས་པ་མ་ཡིན་པ། ངོ་མ་སྤོས་པ་སྟེ་དགུའོ། །ལམ་ནི་ས་ལས་བརྟེན་པ་ཡིན་པ། རྒྱང་གྲགས་གཅིག་གི་མཐའ་ཡིན་པ། རྟེན་ནི་རིག་པའི་སྐྱེས་པའི་མཚན་ཉིད་པ་དང་མི་ལྡན་པ། བསམ་པ་ནི་ལྷན་ཅིག་འགྲོ་འདོད་པ། སྦྱོར་བ་བརྩམས་པ། མཐའ་རྒྱང་གྲགས་ལས་འདས་པའོ། །བཅུ་ཚན་བརྒྱད་པ་ལ་སྡོམ་ནི། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་འགྲོན་དང་བསླབ་པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མ་གུས་ཆང་འཐུང་དུས་མིན་པའོ། །དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་ལ། ཡུལ་རྐུན་མ་མཚན་ཉིད་པ། ཁྱིམ་པ་ཐ་སྙད་ལྔ་ལྡན། སྐྱེས་པའི་མཚན་མ་དང་ལྡན། རྐུ་བའི་བྱ་བ་མ་སྤངས་པས་ངོ་མ་སྤྲོས་པ། བདག་ཉིད་ལ་ཕན་འདོགས་པ་མ་ཡིན་པ། གཞན་སྔ་མ་ལྟར་རོ། །གཉིས་པ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པ་བྱེད་པའི་ལྟུང་བྱེད་ལ། ཡུལ་ནི་བསྙེན་པར་རྫོགས་འདོད་ཐ་སྙད་ལྔ་ལྡན། བར་ཆད་ཀྱི་ཆོས་གཞན་དང་མི་ལྡན་ཞིང་ལོ་ཉི་ཤུ་མ་ལོན་པའོ། །གྲོགས་དགེ་འདུན་ཆོས་གསུམ་ལྡན་ནོ། །ཆོ་ག་གསོལ་བཞིའི་ལས་སོ། །རྟེན་བདག་ཉིད་ནི་བསྒྲུབ་བྱ་དེའི་མཁན་པོ་བྱེད་པའོ། །བསམ་པ་ཉི་ཤུ་མ་ལོན་པ་ལ་དེར་འདུ་ཤེས་སམ་ཐེ་ཚོམ་ཟ་བ། རང་དགར་དེའི་མཁན་པོ་བྱེད་འདོད་རྒྱུན་མ་ཆད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱི་བསྙེན་རྫོགས་བྱེད་པར་བརྩོམ་པ། མཐར་ཐུག་བརྗོད་པ་གསུམ་པའི་ཐ་མ། མཁན་པོ་དེ་ལ་ལྟུང་བྱེད། སློབ་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །དེ་ཡང་བསྒྲུབ་བྱ་ལ་སྡོམ་པ་སྐྱེ་ལ། ཕྱིས་བདག་ཉིད་ལ་མ་ལོན་པར་བསྙེན་པར་རྫོགས་པ་མི་རུང་བའི་འདུ་ཤེས་སྐྱེས་ན། དེའི་ཚེ་མངལ་ཤོལ་དང་བཅས་པའི་ཉི་ཤུ་ལོན་ན་སྔར་སྐྱེས་པའི་སྡོམ་པ་ཞིག་བར་མི་འགྱུར་ལ། མ་ལོན་ན་ཞིག་གོ །དེའི་ཕྱིར་སྐྱར་ནས་བསྙེན་རྫོགས་ལེན་དགོས་ཤིང༌། མ་སྐྱར་བར་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་བྱེད་ན་རྐུ་ཐབས་སུ་གནས་པར་འགྱུར་རོ། །གསུམ་པ་ས་རྐོ་བའི་ལྟུང་བྱེད་ལ། དངོས་པོ་ནི་འཇིག་རྟེན་ན་གྲགས་པའི་ས་ཡིན་པ། མ་ཉམས་པ། འོག་གཞི་ས་དང་འབྲེལ་བས་སར་གནས་པ། སྤར་གང་ཡན་ཆད་ཀྱི་ཚད་དང་ལྡན་པ། བདག་ཉིད་ལག་གི་བླ་སོགས་བྱེད་པར་གནང་བ་མ་ཡིན་པ། ཀུན་སློང་རང་དགར་ས་རྐོ་འདོད། སྦྱོར་བ་རང་ངམ་བསྐོས་པས་མངོན་སུམ་དུ་རྐོ་བར་བརྩམས་པ། མཐར་ཐུག་འོག་གཞི་དང་བྲལ་བའོ། །འཇིམ་པ་དང་བཅས་པའི་བརྩིག་པ་འཇིག་པ་ལའང་མཐར་ལྟུང་བྱེད་དོ། །བཞི་པ་མགྲོན་གཉེར་བ་ལ་བཏིང་དུ་འདུག་པའི་ལྟུང་བྱེད་ལ། སྦྱིན་བདག་ཁྱིམ་པ་ཆོས་ལྔ་ལྡན་གྱིས་རང་ཉིད་དུ་མགྲོན་དུ་འབོད་པ་པོ་ཡིན་ལ། རྟག་ཏུ་མགྲོན་དུ་འབོད་པ་པོ་མིན་པས་བདུན་ལྡན་ནོ། །དངོས་པོ་ནི་དུས་རུང་ཡིན་པ་རུང་ཚད་ལྡན། སྦྱིན་བདག་དེ་ཉིད་ཀྱིས་ཡིན་པ། སྔར་བཤམས་པའི་འཕྲོ་ཡིན་པ། དུས་ནི་ཇི་སྲིད་མགྲོན་དུ་གཉེར་དུས་ཟླ་བ་བཞི་ལྟ་བུ་རྫོགས་པའི་རྗེས་ལ་ཡིན་པ། བསམ་པ་ནི་མགྲོན་དུ་བོས་གཉེར་བ་ལ་རང་ཉིད་དུ་ཟ་འདོད་པ། སྦྱོར་བ་དེར་བརྩམས་པ། མཐའ་མེད་པའོ། །ལྔ་པ་བཟླས་པ་ལ་ཉེར་འཇུག་སྤང་བའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན། རང་གི་བསླབ་པ་ལས་བརྩམས་ཏེ་ཚུལ་བཞིན་སྨྲ་བ་པོ་ཡིན་པ། འདུལ་བར་ཤེས་པ། དངོས་པོ་ནི་འདུལ་བར་གཏོགས་པའི་རང་གི་བསླབ་པ་ཡིན་པའོ། །བསམ་པ་འདུ་ཤེས་བསྒྱུར་ཏེ་བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་འདོད། སྦྱོར་བ་ནི་སྨྲ་བ་པོ་ཁྱོད་ཀྱིས་མི་ཤེས་པས་གཞན་ལ་མ་དྲིས་ཀྱི་བར་དུ་མི་སློབ་བོ་ཞེས་པ་ལྟ་བུ་བསླབ་པ་ལ་མི་སློབ་ངག་སྨྲ་བའོ། །མཐར་ཐུག་དོན་གོ་བའོ། །དྲུག་པ་འཐབ་པ་དང་ཅེས་པ་ཉན་རྣ་བྱེད་པའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན། ལས་ལྟ་བ་མཐུན་པ་མ་གཏོགས་པའི་ཆོས་བདུན་ལྡན། བདག་ཉིད་ཀྱི་རྩོད་ཟླར་གྱུར་པའི་གཉིས་ཡན་ཆད་དང་གྲོས་བྱེད་པ་ཡིན་པས་དགུའོ། །དངོས་པོ་ནི་རྩོད་པ་བཞི་ལས་གང་ཡང་རུང་བ། ལྔ་ནི་དབེན་པ་སྐྱབས་ཡོད་པ། ཀུན་སློང་རང་དགར་རྩོད་པ་སད་པའི་ཆེད་དུ་ཉན་རྣ་བྱེད་འདོད་པ། སྦྱོར་བ་ཉན་པར་བརྩམས་པ། མཐར་ཐུག་དོན་གོ་བའོ། །བདུན་པ་ལས་གྲལ་ནས་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ལ། གཞི་ལ་གང་ནས་འགྲོ་བའི་གནས་དགེ་འདུན་ཆོས་ལས་མཚན་ཉིད་པའི་གནས་ཡིན་པ། བདག་ཉིད་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། དུས་ནི་གསོལ་བ་ཙམ་ཡང་མ་བྱས་པ། གང་དུ་འགྲོ་བའི་གནས་ནི་ལས་འཚམས་དེའི་ཁོངས་སུ་གཏོགས་པ། ལས་ཀྱི་སྒྲ་མི་ཚོར་བ། རྟེན་ནི་ཁ་བསྐོང་བར་འདོད་པ། དགེ་འདུན་གྱི་ནང་དུ་འདུས་པ། འདུན་པ་མ་ཕུལ། དགེ་སློང་འཁོད་པ་ལ་མ་སྨྲས་པ། ཀུན་སློང་དགེ་སློང་འཁོད་པ་ཙམ་ལ་མ་སྨྲས་པར། བཤང་གཅི་ཙམ་གྱི་ཕྱིར་ཡང་འགྲོ་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་འཚམས་ནང་ནས། དེར་རྟོགས་པའི་ནང་ཡིན་ཅིང༌། ཐོས་པའི་ཉེ་འཁོར་ལས་འདས་པ། བརྒྱད་པ་མ་གུས་པའི་ལྟུང་བྱེད་ལ། ཡུལ་ནི་སངས་རྒྱས་ཀྱི་བཀའ་འམ། དགེ་འདུན་ཆོས་བརྒྱད་ལྡན་ནམ། དེའི་ཞལ་ལྟ་པ་དགེ་སློང་ཆོས་བརྒྱད་ལྡན་གང་རུང་ཡིན་པ། དེའང་རང་ལས་བསྒོ་བ་ཡིན་པ། ཆོས་དང་ལྡན་པ་བསྒྲུབ་པར་ནུས་པ། རྟེན་ནི་མ་གུས་པས་ཞུགས་པ། ཆོས་ལྡན་གྱི་བཤད་སྦྱང་མི་བྱེད་པ། ཀུན་སློང་འགལ་བར་བྱེད་པ། མཐར་ཐུག་འགལ་བའི་བྱ་བ་རྫོགས་པའོ། །དགུ་པ་ཆང་འཐུང་བའི་ལྟུང་བྱེད་ལ། གཞི་ནི་འབྲས་བུའི་ཆང་དངོས་སམ། དེའི་སྦང་མའམ། ཕབས་མ་བཏབ་པའི་ཆང་དངོས་སམ། དེའི་ཚིགས་མ་གང་རུང་ཡིན་པ། མདོར་ན་མ་གཏོགས་པར་འགྱུར་བའི་རིགས་ཡིན་པ། ཚད་དུ་ལོངས་པ། ཀུན་སློང་ནི་མྱོས་འགྱུར་མི་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་མགུལ་དུ་མིད་ཐེབས་རེ་ལ་ལྟུང་བྱེད་རེ་རེའོ། །གཞན་ལ་གཏེར་བ་དང༌། ཙག་པ་སྦྱར་བ་ལ་སོགས་པ་ལ་ཉེས་བྱས་སོ། །ཆང་བཀོལ་བས་འཐུང་པ་ལ་ཉེས་བྱས་སོ། །ཆང་བསྐོལ་བས་འཐུངས་པ་ལ་ཉེས་པ་མེད་པ་ནི། དྲི་རོ་ནུས་པ་ཐམས་ཅད་ཉམས་པ་ལ་དགོངས་པ་ཡིན་ནོ། །རྩ་བ་མོ་ལ་ཉེས་པ་མེད་པར་གསུངས་ཀྱང༌། ཕབས་བཏབ་པའི་སངས་པོ་ནི་འཐུང་ན་ཉེས་བྱས་ཏེ། རྒྱ་ཆེར་འགྲེལ་ལས། རྩ་བ་མོ་ཞེས་བྱ་བ་ནི་འབྲས་དང༌། ཁྲེ་དང༌། གྲོ་ལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་གནས་པའི་ཙང་ཤུའོ། །ཞེས་གསུངས་པས་སོ། །བཅུ་པ་དུས་མིན་པར་འགྲོ་བའི་ལྟུང་བྱེད་ལ། གཞི་ལ་དང་པོ་གང་དུ་འགྲོ་བའི་གནས་ནི། ཁྱིམ་པ་ཆོས་ལྔ་ལྡན་གྱི་གནས་ཡིན་པ། གནས་པའི་མཚན་ཉིད་དུ་གྲུབ་པ། གང་ནས་འགྲོ་བའི་གནས་ནི། ཆོས་འདི་པའི་རབ་བྱུང་ཡོད་པའི་གནས་མཚན་ཉིད་པ། དུས་ནི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་དུས་སོ། །རྟེན་ནི་སྲ་བརྐྱང་མ་བཏིང་བ། བར་ཆད་ཀྱི་རྟེན་དང་མི་ལྡན་པ། གཞན་འདུལ་བའི་དགོངས་པ་ཁྱད་པར་ཅན་མིན། ཀུན་སློང་ནི་དུས་མིན་ལ་དེར་ཤེས་པ། འཁོད་པ་ལས་མ་སྨྲས་པར་རང་དགར་འགྲོ་འདོད་པ། སྦྱོར་བ་དེར་བརྩམས་པ། མཐར་ཐུག་རྩིག་པ་ལ་སོགས་པའི་རྭ་བས་མ་བསྐོར་བའི་ཉེ་འཁོར་འདས་པ་དང༌། བསྐོར་བ་ལས་སྒོར་རྩུགས་ནས་བསྐོར་བ་འདས་པ་དང༌། སྒོ་གླེགས་བཅད་ནས་གཏན་པའི་གནས་ལས་འདས་པ་དང༌། མ་བཅད་ན་གཏན་པའི་རྩེ་མོ། ཕུགས་སོགས་སུ་གཏན་པའི་མཐའ་ལས་འདས་པའོ། །བཅུ་ཚན་དགུ་པ་ལ་སྡོམ་ནི། ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ཁྲི་རྐང་དང༌། །བརྡལ་དང་གདིང་བ་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་གསུངས། དང་པོ་ཟས་བཅས་ཤེས་པ་ལ། སྔ་དྲོ་གྲོང་རྒྱུ་དང༌། ཕྱི་དྲོ་གྲོང་རྒྱུ་གཉིས་ལས། དང་པོ་ལ་གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ལས། དང་པོ་ལ་གང་དུ་འགྲོ་བའི་གནས་ནི། ཁྱིམ་པ་མཚན་ཉིད་དང་ལྡན་པའི་གནས་ཁྱིམ་གསུམ་ཡན་ཆད་ཡིན་པ། དུས་ནི་སྔ་དྲོའི་དུས་ཡིན་པ། རང་ཚིག་གིས་དགེ་སློང་ཆོས་བརྒྱད་ལྡན་དུ་ལོངས་པ། ཟས་ལ་སྤྱད་པའི་དུས་ཡིན་པ། སྦྱིན་བདག་གི་ནི་ཁྱིམ་པ་ཆོས་བཞི་ལྡན། རྟེན་ནི་དུས་ལ་མ་ཡོལ་བར་བྲིམས་ཤིག་ཅེས་མ་བསྒོ་བ་དང༌། བར་ཆད་ཀྱི་རྐྱེན་དང་མི་ལྡན་པའོ། །ཀུན་སློང་ནི་རང་དགར་ཁྱིམ་གསུམ་ཡན་ཆད་དུ་འགྲོ་འདོད་པའོ། །སྦྱོར་བ་དེར་བརྩམས་པ། མཐར་ཐུག་ཁྱིམ་གསུམ་པའི་ཉེ་འཁོར་དུ་སླེབ་པའོ། །ཕྱི་དྲོ་གྲོང་དུ་རྒྱུ་བ་ལ། གང་དུ་འགྲོ་བའི་གནས་ནི་མ་སྨྲས་པར་གྲོང་དུ་འགྲོ་བ་དང་འདྲ་ལ། ཁྱད་པར་ནི་ཁྱིམ་པ་བཞི་ཡན་ཆད་ཡིན་པ་ཆོས་འདི་པའི་རབ་བྱུང་འཁོད་པ་ལ་མ་སྨྲས་པ། རྐྱེན་ཁྱད་པར་ཅན་དང་མི་ལྡན་པ། ཀུན་སློང་ནི་དེར་འགྲོ་འདོད་པ། སྦྱོར་བ་འགྲོ་བར་བརྩམས་པ། མཐར་ཐུག་ཁྱིམ་བཞི་ལས་འདས་པ། གཉིས་པ་སྐྱ་རེངས་ཤེས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ལ། གཞི་ལ་གནས་ནི། རྒྱལ་པོའི་བཙུན་མོ་མཚན་ཉིད་དང་ལྡན་པ་འདུག་བཞིན་པའི་གནས། དུས་ནི་ཉི་མ་ནུབ་ནས་སྐྱ་རེངས་དང་པོ་ཤར་བའི་དུས་གང་རུང༌། རྟེན་ནི་རྐྱེན་དགོས་ཁྱད་པར་ཅན་དང༌། མི་ལྡན་ལ། བསམ་པ་ནི་འདུ་ཤེས་མ་འཁྲུལ་བར། དེར་རང་དགར་འགྲོ་འདོད་པ། མཐར་ཐུག་དུས་མིན་པར་གྲོང་དུ་འགྲོ་བའི་ལྟུང་བྱེད་བཞིན། ནུབ་གཅིག་ཡིན་ཀྱང་བཙུན་མོའི་གནས་སུ་འགྲོ་འོང་ཇི་སྙེད་བྱས་པ་དེ་སྙེད་ཀྱི་ལྟུང་བ་འབྱུང་ལ། འགྲོ་འོང་མ་བྱས་པར་འདུག་ན་སྐྱ་རེངས་ཤར་ཐེབས་རེ་ལ་ལྟུང་བ་དངོས་གཞི་རེ་རེ་བསྐྱེད་དོ། །འདི་ཡང་རབ་བྱུང་འཁོད་པ་ལ་མ་སྨྲས་ན། ཕྱི་དྲོ་གྲོང་རྒྱུ་བའི་ལྟུང་བ་འབྱུང་ཞེས་འགའ་ཞིག་གསུང་མོད། ཀུན་སློང་གིས་བྱེད་པ་འགྲེལ་བའི་དགོངས་པ་ཡིན་ནོ། །ལུང་ལས་རྒྱལ་པོའི་ཕོ་བྲང་དང༌། བཙུན་མོའི་གནས་སུ་འཇུག་པ་ལ་ཉེས་དམིགས་བཅུ་གསུངས་སོ། །ད་གདོད་ཤེས་པ་བསླབ་པ་བཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་ལ། ཡུལ་ནི་དགེ་སློང་ཆོས་བརྒྱད་ལྡན་གྱི་སྟེང་དུ། གསོ་སྦྱོང་དེ་ལ་གཏོགས་པ་དང་དགུའོ། །གང་ཁྱད་དུ་གསོད་པའི་དངོས་པོ་ནི། འདུལ་བར་གཏོགས་པའི་རང་གི་བསླབ་པའི་གཞི་ཡིན་པ། དོན་གྱི་བདག་ཉིད་ཡིན་པ་གསུམ་མོ། །དུས་ནི་གསོ་སྦྱོང་གི་དུས་སོ། །རྟེན་ནི་སོ་ཐར་གྱི་མདོ། ལན་གཉིས་ཡན་ཆད་ཐོས་ཤིང་མདོ་དེ་ལས་རང་གི་ཁྱད་དུ་གསོད་པའི་དོན་དེ་ཡོད་པར་ཤེས་པའོ། །ཀུན་སློང་ནི། བཞད་གད་ཡན་ཆད་ཀྱི་མདོའི་དོན་ཤེས། རང་བཞིན་མེད་པའི་རྣམ་པ་ཁྱད་པར་དུ་གསོད་འདོད་རྒྱུན་མ་ཆད་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱི་ཆོས་འདི་ལ། དོན་འདི་ཡོད་པར་ད་གདོད་བདག་གིས་ཤེས་སོ། །ཞེས་སོགས། ཁྱད་དུ་གསོད་པའི་ཚིག་སྨྲ་བ་བརྩམས་པ། མཐར་ཐུག་དོན་གོ་བའོ། །བཞི་པ་ཁབ་རལ་འཆོས་པའི་ལྟུང་བྱེད་ལ། གཞི་ནི་བ་སོ་དང་ལྕགས་ལ་སོགས་པ་ཁབ་རལ་གྱི་རྒྱུ་ཡིན་པ། རང་ཉིད་ཀྱི་ཡིན་པ། ཡུལ་དེར་དཀོན་པ། ཀུན་སློང་ནི་ཁབ་རལ་གྱི་དོན་དུ་བཟོ་བྱེད་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་བཟོ་རྩོམ་རྫོགས་པའོ། །ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ལ། གཞི་ནི་དགེ་འདུན་ཆོས་བརྒྱད་ལྡན་དབང་བའི་ཁྲིའམ། ཁྲིའི་རྒྱུའི་རྐང་པ་ཡིན་པ་རྒྱ་ཁྱོན་རང་གི་ཚད་དང་ལྡན་པ། བུ་གར་གཞུག་པའི་ཕྱོགས་མ་གཏོགས་པ། ཁྲུ་གང་གི་ཚད་ལས་ལྷག་པ། སྔར་ཚད་ལས་ལྷག་པའི་བཟོ་བརྩོམ་མ་བྱས་པ། ཀུན་སློང་ནི་དེར་ཚད་ལྡན་བྱེད་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་བཟོ་བརྩོམ་རྫོགས་པ། དྲུག་པ་བརྡལ་ཞེས་པ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་ལ། གཞི་ལ་གང་ལ་གོས་པར་བྱས་པའི་གནས་མལ་ནི། དགེ་འདུན་གྱི་གནས་མལ་རུང་ཚད་ལྡན། དངོས་པོ་ནི་གོས་སམ་ཆུད་ཟོས་པའི་རྫས་ཤིང་བལ་ལྟ་བུ་ཡིན་པ། སྤར་གང་གི་ཚད་དུ་ལོངས་པ། ཀུན་སློང་ནི་རང་དགར་རང་ཉིད་ཀྱི་དོན་དུ་ཤིང་བལ་གྱིས་གོས་པར་བྱེད་འདོད་པ། སྦྱོར་བ་རང་ངམ་བསྐོས་པས་བརྩམས་པ། མཐར་ཐུག་དེ་བྱས་པ། རང་ཉིད་ཀྱིས་གནས་མལ་དེ་བྱས་ན་ཉེས་བྱས་སོ། །བདུན་པ་གདིང་ཞེས་པ། གདིང་བ་ཚད་ལྡན་བྱེད་པའི་ལྟུང་བྱེད་ལ། རྒྱུ་ནི་གདིང་བའི་རྒྱུ་རུང་ཚད་ལྡན་རང་གི་ཡིན་པ། སྔར་ཚད་ལས་གནོད་པའི་བཟོ་བརྩོམ་མ་བྱས་པ། ཀུན་སློང་གདིང་བ་ཚད་ལྡན་བྱེད་འདོད་པ། སྦྱོར་བ་བརྩམས་པ། མཐར་ཐུག་གྲུབ་པའོ། །གདིང་བའི་ཚད་ནི། སྲིད་དུ་ཁྲུ་གསུམ་ཞེང་དུ་ཁྲུ་དོ་སོར་དྲུག་གོ །བརྒྱད་པ་གཡན་དགབ་པའི་ལྟུང་བྱེད་ལ། སྔ་མ་འདོན་པ་བསྒྱུར་རོ། །ཚད་ནི་སྲིད་དུ་ཁྲུ་དྲུག ཞེང་དུ་ཁྲུ་གསུམ་མོ། །འདི་ནི་དགེ་སློང་གཡན་པའི་ནད་ཅན་ལ་གནང་བ་ཡིན་ནོ། །དགུ་པ་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ལ། གདིང་བ་འདོན་པ་བསྒྱུར་རོ། །ཚད་ནི་སྲིད་དུ་ཁྲུ་དགུ། འདི་ནི་དབྱར་ཆར་སྐྱབ་པའི་གཡས་པ་ཡིན་ནོ། །ཚད་ལྷན་ཅིག་ལྟུང་བ་འབྱུང་བ་ཐམས་ཅད་ལ། སོར་གྱིས་འཇལ་བ་རྣམས་ལ་སོར་ཕྱེད་དང༌། ཁྲུས་འཇལ་བ་རྣམས་ལ་ཁྲུ་ཕྱེད་ཡན་ཆད་ཀྱིས་ལྷག་ན་དངོས་གཞིར་གསུངས་སོ། །བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལྷག་ལས་གྱུར་པའི་ལྟུང་བྱེད་ལ། འོ་ན་ཆོས་གོས་གསུམ་ལའང་དེ་ལྟར་ངེས་སམ་ཞེ་ན། གཞི་ལ་དངོས་པོ་ནི། ཆོས་གོས་གསུམ་གྱི་རྒྱུ་ཡིན་པ། རུང་ཚད་ལྡན་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་ལོངས་པ། རང་གི་ཡིན་པ་སྔར་ཚད་ལས་གནོད་པའི་བཟོ་མ་བྱས་པ། རྟེན་ནི་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཚད་ཙམ་མེད་པའོ། །ཀུན་སློང་ནི་རང་དོན་དུ་ཚད་དེ་བྱེད་འདོད་པའོ། །སྦྱོར་བ་རང་ངམ་བསྐོས་པས་དེ་ལྟར་བརྩམས་པ། མཐར་ཐུག་བཟོ་ཡོངས་སུ་རྫོགས་པའོ། །འདིར་སྟོན་པའི་ཆོས་གོས་ཀྱི་ཚད་ནི། སྟོན་པ་རང་གི་ཁྲུ་ལྔ་སྲིད་ཀྱི་ཚད། ཞེང་དུ་གསུམ་མོ། །དེ་ལ་མི་འབྲིང་གི་ཆོས་གོས་རབ་ཚད་དགུ་ཡོང་ལ། བདེ་བར་གཤེགས་པའི་སྐུ་གཟུགས་ཙམ་ཡོད་ཀྱང༌། ཆོས་གོས་གསུམ་རབ་ཚད་ལས་སུམ་འགྱུར་དུ་བྱས་ན་དངོས་པོའི་འོ། །སྡེ་ཚན་བཞི་པ་སོར་བཤགས་ལ་སྡོམ་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ཡང༌། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་པ་དང་པོ་དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ལ། གཞི་ནི་དགེ་སློང་མ་ཆོས་བརྒྱད་ལྡན། གྲོང་ངམ་དེའི་ཉེ་འཁོར་རམ། ལམ་པོ་ཆེ་གསུམ་པོ་གང་རུང་ན་འདུག་པ། དངོས་པོ་དུས་རུང་གི་བཟའ་བའམ་བཅའ་བ་རུང་ཚད་ལྡན། དགེ་སློང་མ་དེ་ཉིད་ཀྱིས་བསྒྲུབས་པ། དེ་ཡང་འབྲིམ་པའི་ཆེད་དུ་མ་བསྒྲུབས་པར་བཟའ་བྱའི་ཆེད་དུ་བསྒྲུབས་པ། བདག་ཉིད་ཀྱང་གནས་གསུམ་པོ་གང་རུང་ན་འདུག་པ། ཀུན་སློང་ལེན་པར་འདོད་པ། སྦྱོར་བ་དེར་རྩོམ་པ། མཐར་ཐུག་ཟོས་པའོ། །གཉིས་པ་ཐོད་རྒལ་དུ་འབྲིམ་པ་མ་ཟློག་པར་ཟ་བ་ལ། གཞི་ནི། ཁྱིམ་པ་ཡིན་པ་ཐ་སྙད་ལྔ་ལྡན། ལུས་ཐ་མལ་དུ་གནས་པ། རང་དང་དགེ་སློང་མ་གང་ཡང་ནོར་མི་གཅིག་པ། གཉིས་ཀའི་ཉེ་དུ་མིན་པ། མགྲོན་དང་འབོད་པ་པོ་ཡིན་པ་དང་དྲུག་གོ །ཟ་བའི་གྲོགས་ནི་དགེ་སློང་གསུམ་ཡན་ཆད་དོ། །དངོས་པོ་ནི་དུས་རུང་བ་ཚད་དང་ལྡན་པ། དགེ་སློང་མ་ཆོས་བརྒྱད་ལྡན་པས་སྐོ་བཤམ་བྱས་པ་དང་དྲུག་གོ །རྟེན་དགེ་སློང་མ་དེའི་ཚིག་གིས་མགྲོན་དུ་བོས་པ་མ་ཡིན་པ། སྐོ་བཤམ་བྱེད་པ་རང་ངམ་རང་དང་ཟས་གཅིག་པའི་གང་ཟག་དང་ལྷན་ཅིག་མི་ཟ་བ། སྔར་ཟོས་ཟིན་ཅིང་གྲལ་ལ་གནས་པའམ། རང་དང་ཅིག་ཆར་ཟ་བ་གང་ཡང་རུང་བ་ལ་མ་བཟློག་པར། གནས་ནི་གཏམ་ཐ་མལ་པས་སྒོ་རུང་བ། སྦྱིན་བདག་དེ་ཉིད་དམ། དེས་བསྔགས་པའི་གཡོག་ལ་སོགས་པ་ཟན་སྦྱོར་བ་པོའི་མངོན་སུམ་ཡིན་པ། འདུ་ཤེས་ནི་སྐོ་བཤམ་བྱེད་པ་ལ་དེར་འདུ་ཤེས་པར་འདོད་པ། སྦྱོར་བ་ནི་རང་ལ་སྐོ་བཤམ་བྱེད་པ་མ་བཟློག་པར་ཟ་བར་བརྩམས་པ། མཐར་ཐུག་མགུལ་དུ་མིད་པའོ། །འདིར་སྐོ་བཤམ་ནི་ཐོད་རྒལ་དུ་འགྲིམ་པའམ། ངོ་འགྲོན་བྱེད་པའོ། །གསུམ་པ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པ་ལ། གཞི་ལ་སྦྱིན་བདག་ནི་ཁྱིམ་པ་ཡིན་པ་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་ནོར་ཐ་དད་པ། དེ་ལས་ཟས་མི་སླང་བའི་བསླབ་པའི་སྡོམ་པས་གདམས་པ་ཡིན་པ། ཟས་ནི་དུས་སུ་རུང་བ་དང་རུང་ཚད་ལྡན། ཁྱིམ་བདག་དེ་ཉིད་ཀྱི་ཡིན་པ། སྡམ་ལྟུམ་སོགས་ཤིན་ཏུ་ཡོད་པ་མ་ཡིན་པ། རྟེན་ནི་ཁྲིམས་དེ་འཆབ་ལ་གཏོགས་པ། དེའི་སྔ་རོལ་དུ་མགྲོན་དུ་བོས་པ་མ་ཡིན་པ། ཀུན་སློང་ནི་དེ་ནས་རང་དགར་བླངས་ཏེ་ཟ་འདོད་པ། གཉིས་པ་ནི་འདྲའོ། །བཞི་པ་ནགས་མ་བརྟགས་པར་ལས་འགྱུར་བའི་སོར་གཤགས་ལ། དང་པོ་གཞི་ལ་སྦྱིན་བདག་ཁྱིམ་པ་ཆོས་བཞི་ལྡན། དངོས་པོ་དུས་སུ་རུང་ཚད་ལྡན། སྦྱིན་བདག་དེ་ཉིད་ཀྱིས་ཡིན་པ། གསུམ་པོ་ནི་འདྲའོ། །ལྔ་པ་ཉེས་བྱས་ཀྱི་སྡེ་ཚན་ལ། ཤམ་ཐབས་ལ་ནི་རྣམ་པ་བདུན། །ཞེས་པ་ཤམ་ཐབས་ཟླུམ་པོར་མ་བགོས་པ་དང༌། ཧ་ཅང་ཙེངས་པ་དང༌། ཧ་ཅང་འབྱོལ་བ་དང༌། གླང་པོའི་སྣ་ལྟར་མ་ཡིན་པ། ལྟེ་བའི་འོག་ཏུ་ཏ་ལའི་ལོ་མ་ལྟར་སྡེབས་པ་དང༌། ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེང་ཀ་ལྟར་ཕྱིར་འབྱུང་བ་དང༌། སྐྱེ་རགས་ཀྱི་བར་དུ་འབྲས་བུའི་འཕུར་མ་ལྟར་ཐུམ་བུར་འདུག་པ་རྣམས་སོ། །སྟོད་གཡོགས་ལ་ཡང་རྣམ་པ་གསུམ། །ཞེས་པ་ཧ་ཅང་ཙོངས་པ་དང༌། འབྱོལ་བ་ཟླུམ་པོ་མ་བགོས་པ་གསུམ་མོ། །ཤིན་ཏུ་གདམས་ལ་སོགས་པ་ལྔ། །ཞེས་པ། ཤིན་ཏུ་གདམས་ཤིང་ཁྱིམ་གཞན་འགྲོ་བ། སྟོད་གཡོགས་སྨད་གཡོགས་ལེགས་པར་བགོས་པ་དང༌། ཅ་ཅོའི་སྒྲ་སྐྱུངས་ཤིང་འགྲོ་བ་དང༌། ཡིད་མི་གཡེང་བ་དང༌། མིག་གཉའ་ཤིང་གང་ཙམ་དུ་བལྟ་བར་བྱས་པ་རྣམས་སོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་པ། མགོ་བོ་གོས་ཀྱི་མི་གཡོག འདོམ་མི་སྣང་མི་འབྱེད། ཆོས་གོས་ཕྲག་པ་གཉིས་ཀ་ལ་མི་བཟར། ལག་པ་གཉའ་གོང་དུ་མི་བསྣོལ། སོར་མོ་ལྟག་པར་མི་བསྣོལ་བར་བྱ་བ་རྣམས་སོ། །འཆོངས་ལ་སོགས་པ་རྣམ་པ་ལྔ། །ཞེས་པ། འཆོངས་པ་དང་སྒྱེད་པ་བརྐྱང་བསྐུམ་བྱེད་ཅིང་འགྲོ་བ་དང༌། ཙོག་པུས་འགྲོ་བ་དང༌། རྐང་པའི་བྲང་གིས་འགྲོ་བ་དང༌། དཀུར་བརྟེན་པས་ཏེ། གང་རུང་བསྒྱོངས་བྱས་ཏེ་འགྲོ་བ་རྣམས་སོ། །ལུས་ལ་སོགས་པ་རྣམ་པ་ལྔ། །ཞེས་པ། ལུས་བསྒྱུར་ཅིང་འགྲོ་བ་དང༌། ལག་པ་བསྐྱོད་ཅིང་འགྲོ་བ་དང༌། མགོ་བསྒྱུར་ཤིང་འགྲོ་བ་དང༌། གཞན་དང་ཕྲག་པ་གཉིས་སྤྲད་ཅིང་འགྲོ་བ་དང༌། གཞན་ལ་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བ་རྣམས་སོ། །འདུག་པར་བྱ་བ་དགུ་དག་དང༌། །ཞེས་པ། ཁྱིམ་དེར་འདུག་པ་ན། གཞན་གྱིས་མ་བསྒོས་པར་སྟན་ལ་འདུག་པ་དང༌། སྟན་ལ་མ་བརྟགས་པར་འདུག་པ་དང༌། གྱ་ཚོམ་དུ་ལུས་ལྗིད་ཐམས་ཅད་ཕབ་སྟེ་འདུག་པ་དང༌། འདོམ་སྣང་བར་བྱས་ཏེ་འདུག་པ་རྣམས་སོ། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་པ། ཟས་ལེགས་པར་མ་བླངས་པ་དང༌། མུ་དང་ཁ་ད་ཆད་དུ་བླངས་པ་དང༌། ཚོད་མ་སྟེ་བྱ་ན་དང༌། འབྲས་ཆན་ནམ། ཟན་མཉམ་པོ་ཡན་ཆད་བླངས་པ་དང༌། དེ་བསླབ་པ་རྒན་གཞོན་གང་ཡིན་ཀྱང་གྲལ་རིམ་བཞིན་མ་ཡིན་པར་བླངས་པ་དང༌། ལྷུང་བཟེད་ལ་མིག་གཏད་དེ་བླངས་པ་དང༌། ཟས་མངོན་དུ་མ་སླེབས་པར་ལྷུང་བཟེད་སོགས་བཟེད་པ་དང༌། ལྷག་པ་འདོད་ཕྱིར་འབྲས་ཆན་དང༌། ཚོད་མ་སོགས་གཅིག་གིས་གཅིག་ལ་འགབ་པ་དང༌། ཟས་ཀྱི་སྟེང་དུ་ཟས་ཟ་བའི་སྣོད་བཟད་པ་རྣམས་སོ། །ཟས་ལ་ལེགས་པར་བྱ་བ་དྲུག །ཅེས་པ་ཟས་ལེགས་པར་མ་ཟོས་པ་དང༌། ཁམ་ཧ་ཅང་ཆུངས་པ་དང༌། ཧ་ཅང་ཆེས་པ་དང༌། ཁམ་རན་པར་མ་ཟོས་པ་དང༌། ཟས་ཁའི་ཟས་ལ་ཧ་ཅང་བསྐུར་པ་ཞེས་སོ། །འཆའ་སྨོད་བྱེད་པ་དང༌། འཁུར་པ་གཉིས་ཀ་བཀང་སྟེ་ཟ་བ་དང༌། ལྕེས་བཀན་རྡེག་ཅིང་ཟ་བ་དང༌། ཁམ་སོས་གཅོད་ཅིང་ཟ་བ་རྣམས་སོ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་པ་ལ་ཟས་འཛར་པ་ལྡག་པ་དང༌། ཟས་ཀྱི་སྣོད་ལྕེ་རྩེས་འབྱོག་པ་དང༌། ལག་པ་ལ་ཆགས་པ་སྤྲུག་པ་དང༌། ཟས་དང་བཅས་པའི་ལྷུང་བཟེད་ལ་སོགས་པའི་སྣོད་སྐྱལ་པ་དང༌། ཟས་ལ་མཆོད་རྟེན་གྱི་དབྱིབས་འདྲ་བ་བྱས་ཏེ་གཞོམ་ཤིང་ཟ་བ་རྣམས་སོ། །འཕྱ་ལ་སོགས་པ་རྣམ་པ་བཞི། །ཞེས་པ་གཞན་གྱི་ལྷུང་བཟེད་ལ། ཕྱས་འདོགས་པའི་ཆེད་དུ་བལྟ་བ་དང༌། ལག་པ་ཟས་དང་འབགས་པས་ཆུ་སྣོད་ལ་འཇུ་བ་དང༌། དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བ་དང༌། ཁྱིམ་པའི་ཁྱིམ་དུ་དེ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་ལ་སོགས་པ་ཁྱིམ་དུ་འབོ་བ་རྣམས་སོ། །ལྷུང་བཟེད་ལའང་རྣམ་པ་བཅུ། །ཞེས་པ། ལྷུང་བཟེད་དུ་ཟས་ཀྱི་ལྷག་རོལ་ངན་པ་དོར་བ་དང༌། ལྷག་མ་སོགས་ཕན་ཆད་ནི་འོག་གཞི་མེད་པ་དང༌། ངམ་གྲོག་གི་ཁ་དང༌། བྱིན་གྱིས་གཞོལ་བའི་གཡང་ས་དང༌། བང་རིམ་གྱི་ཁ་ལ་སོགས་པར་ལྷུང་བཟེད་བཞག་པ་དང༌། འགྲེང་བཞིན་དུ་ལྷུང་བཟེད་བཀྲུ་བ་དང༌། གད་ཁ་དང་གཡང་ས་རྐན་བཟར་པོ་རྣམས་སུ་ལྷུང་བཟེད་བཀྲུ་བ་དང༌། འབབ་ཆུ་དྲུག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟེད་ཀྱིས་ཆུ་བཅུ་བ་རྣམས་ལ་ཉེས་བྱས་སོ། །འགྲེང་བ་ལ་སོགས་རྣམ་པ་ལྔ། །ཞེས་པ་ཉན་པ་པོ་ནད་པ་མ་ཡིན་པར་འདུག་པ་ལ། འཆད་པ་པོ་འགྲེང་སྟེ་ཆོས་འཆད་པ་དང༌། ཉལ་བ་ལ་འདུག་སྟེ་འཆད་པ་དང༌། ས་ཕྱོགས་མཐོན་པོ་ན་འདུག་པ་ལ་དམན་པ་ནས་འདུག་སྟེ་འཆད་པ་དང༌། མདུན་ནས་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་འཆད་པ་དང༌། ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པ་རྣམས་སོ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་པ། ནད་པ་མ་ཡིན་པར། ཉན་པ་པོ་རས་ལ་སོགས་པས་མགོ་གཡོག་པ་དང༌། གོས་རྫེས་པ་དང༌། ཆོས་གོས་ཕྲག་པ་གཉིས་ཀ་ལ་བཟར་བ་དང༌། ལག་པ་གཉའ་གོང་དུ་སྣོལ་བ་དང༌། ལག་པ་ལྟག་པར་སྣོལ་བ་རྣམས་ལ་ཆོས་འཆད་ན་ཉེས་བྱས་སོ། །དོ་ཀེར་ཅན་ལ་སོགས་པ་ལྔ། །ཞེས་པ། ཉན་པ་པོ་ནད་པ་མ་ཡིན་པར། མགོ་དོ་ཀེར་ཅན་ཏེ་སྐྲའི་ཐོར་ཅོག་དང༌། མགོ་ལ་ཞྭ་གྱོན་པ་དང༌། མགོ་ལ་དར་ལ་སོགས་པའི་ཅོད་པཎ་བཅིངས་པ་དང༌། མགོ་ལ་མེ་ཏོག་ལ་སོགས་པའི་ཕྲེང་བས་བཅིངས་པ་དང༌། མགོ་ཐོད་ཀྱིས་དཀྲིས་པ་རྣམས་ལ་ཆོས་འཆད་ན་ཉེས་བྱས་སོ། །གླང་ཆེན་ལ་སོགས་རྣམ་པ་ལྔ། །ཞེས་པ་ནི། ནད་པ་མ་ཡིན་པར་གླང་པོ་ཆེ་ལ་ཞོན་པ་དང༌། རྟ་ལ་ཞོན་པ་དང༌། ཁྱོགས་ཀྱི་སྟེང་དུ་འདུག་པ་དང༌། དེ་ལས་གཞན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷྭམ་གྱོན་པ་ལ་ཆོས་འཆད་པ་རྣམས་སོ། །ལག་ན་འཁར་བ་ལ་སོགས་དྲུག །ཅེས་པ། ནད་པ་མ་ཡིན་པར་ལག་ན་འཁར་བ་ཐོགས་པ་དང༌། ལག་ན་མདུང་ཐོགས་པ་དང༌། ལག་ན་མཚོན་ཆ་ཐོགས་པ་དང༌། ལག་ན་རལ་གྲི་ཐོགས་པ་དང༌། ལག་ན་དགྲ་སྟྭ་ཐོགས་པ་དང༌། ཁྲབ་ལ་སོགས་པ་གོ་ཆ་གྱོན་པ་ལ་ཆོས་འཆད་པ་རྣམས་སོ། །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་པ། ནད་པ་མ་ཡིན་པར་བཤང་གཅི་བྱས་པ་དང༌། ཆུའི་ནང་དུ་བཤང་གཅི་དང་མཆིལ་མ་ལ་སོགས་པ་དོར་བ་དང༌། རྩྭ་སྔོན་ཡོད་པའི་ས་ཕྱོགས་སུ་བཤང་གཅི་ལ་སོགས་པ་འདོར་བ་ལ་ཉེས་བྱས་ཏེ་གསུམ་དང༌། སྲོག་ལ་གནོད་པའི་རྐྱེན་མ་གཏོགས་པར་རང་དགར་ཤིང་ལ་མི་གང་ཙམ་ལས་མཐོ་བར་འཛེག་པ་རྣམས་སོ། །དེ་དག་གིས་དགེ་སློང་ཕའི་ལྟུང་བྱེད་ལས་འབྱུང་བའི་བསླབ་གཞི་བརྒྱ་དང་ལྔ་བཅུ་རྩ་གསུམ་གསུངས་པ་ངོས་བཟུང་བ་ཡིན་ནོ། །གཉིས་པ་དེས་རང་རྒྱུད་ཀྱིས་བསླབ་པ་ལ་གནོད་པ་ཇི་ལྟར་བྱས་པའི་ཚུལ་ལ། སྔར་བཤད་པའི་ཕམ་པ་བཞི་པོ་དེ་གང་རུང་ཅིག་བྱུང་བས་སྡོམ་པ་གཏོང་བ་ནི་མ་ཡིན་ཏེ། ཕམ་པ་སྡོམ་པའི་གཏོང་རྒྱུར་མ་གསུངས་པའི་ཕྱིར་དང༌། རྒྱ་ཆེར་འགྲེལ་ལས། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་ཟིན་ཀྱང༌། ཞེས་གསུངས་པའི་ཕྱིར། ཕམ་པ་ལ་འཆབ་བཅས་དང༌། འཆབ་མེད་གཉིས་ལས་སྔ་མ་བྱུང་ན་སྡོམ་པ་རྩ་བ་ནས་མི་གཏོང་ཀྱང༌། དགོས་པ་བསྒྲུབ་ནུས་སུ་མེད་པ་ཡིན་ཏེ། དེ་བྱུང་ན་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང༌། ཆོས་དང་ཟང་ཟིངས་ཀྱི་ལོངས་སྤྱོད་ལྷན་ཅིག་ཏུ་མི་རུང་བའི་ཕྱིར་དང༌། དེས་ལྟུང་བ་སྡེ་ལྔ་གང་ལ་སྦྱར་ཀྱང་ཉེས་བྱས་ལས་ལྷག་པ་མི་བསྐྱེད་པའི་ཕྱིར་དང༌། ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་བ་མེད་པའི་ཕྱིར་དང༌། ཕྱི་མ་ལ་ལྷ་མིའི་གོ་འཕང་ཐོབ་པའི་སྐལ་བ་མེད་པའི་ཕྱིར་དང༌། ཕྱིས་སོ་ཐར་གྱི་སྡོམ་པ་གང་བླངས་ཀྱང་མི་སྐྱེ་བའི་ཕྱིར། ཁ་ཅིག་ན་རེ། ཕམ་པ་གང་བྱུང་ཀྱང༌། དེའི་ངོ་སྐལ་གྱི་གཉེན་པོ་དེ་གཏོང་བ་ཡིན་གྱི་སྡོམ་པ་གཞན་རྣམས་དགོས་པ་བསྒྲུབ་ནུས་སུ་ཡོད་ཅེས་ཟེར་རོ། །དེ་ནི་མི་འཐད་དེ། སྡོམ་པ་མ་ཚང་བའི་དགེ་སློང་དང༌། དགེ་ཚུལ་ཡོད་པར་ཐལ་བའི་ཕྱིར་དང༌། ཕམ་པ་གང་རུང་གཅིག་བྱུང་བའི་དགེ་སློང་དེས་ཕམ་པ་ལྷག་མ་རྣམས་ལ་སྦྱར་ན་ཕམ་པ་བསྐྱེད་པར་འགྱུར་དེ་ཡང་མི་འཐད་དེ། མདོར་ཉམས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཞེས་གསུངས་པ་དང་འགལ་ལོ། །ཕམ་པ་འཆབ་མེད་བྱུང་བ་ནི། སྔར་ཡོད་ཀྱི་སྡོམ་པ་མི་གཏོང་བ་མ་ཟད་སྡོམ་པ་དགོས་པ་བསྒྲུབ་ནུས་ཡང་ཡོད་དེ། མདོར་བསླབ་པ་ཞེས་པའི་དོན་ནི། ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་གིས་སྔར་གྱི་བྲལ་འཚམས་བོར་ཏེ། དགེ་སློང་རྣམ་དག་ཐམས་ཅད་ཀྱི་གྲལ་འཇུག་ཏུ་སྡོད་པ་ལ་སོགས་པ་དམན་སྤྱོད་ལྔ་དང་དུ་ལེན་པ་དང༌། རང་ལས་བསླབ་པ་གཞོན་པ་རྣམས་ཀྱི་ཕྱག་དང༌། བཀུར་སྟི་དང་དུ་མི་ལེན་པ་སོགས། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སློབ་པའོ། །དེ་ཡང་ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་སྐལ་བ་ཡོད་པས། དེའི་ཚེ་ན་ནི་དགེ་སློང་རྣམ་དག་ཏུ་སོར་ཆུད་པར་འགྱུར་ལ། དེ་ལྟ་མིན་ན་ཕྱིར་མི་འོང་གི་འབྲས་བུ་ཐོབ་པས་ཀྱང་སོར་ཆུད་པར་མི་འགྱུར་རོ། །ལྟུང་བ་སྡེ་ལྔ་ལྷག་མ་རྣམས་ནི། འཆབ་བཅས་འཆབ་མེད་གང་བྱུང་ཡང་སྡོམ་པ་སོར་མི་རུང་དུ་བྱེད་མི་ནུས་ཏེ། བཅས་པའི་ཉེས་པ་རྣམས་ནི་མཐོལ་བས་འདག་པའི་ཕྱིར་དང༌། རང་གི་ངོ་བོ་ནི་བཤགས་པས་འདག་པའི་ཕྱིར་རོ། །གསུམ་པ་ཕྱིར་བཅོས་ལ་དོགས་པ་དཔྱད་པ་ལ། ཕམ་པ་བྱུང་ན་འཆབ་སེམས་སྐད་ཅིག་མ་གཅིག་ཡན་ཆད་སྐྱེས་ནས་ཕྱི་བཅོས་སུ་མི་དབྱུང་ལ། འཆབ་མེད་བྱུང་ན་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་ཀྱི་བར་དུ་བསླབ་པ་སྤྱོད་པའི་ཆད་ལས་ཉམས་སུ་བླང་དགོས་སོ། །སྤང་ལྟུང་མན་ཆད་ཀྱི་ལྟུང་བ་ལྷག་མ། འཆབ་པ་དང་བཅས་པ་བྱུང་ནའང་བཅབས་པའི་ཉེས་པ་ནི་མཐོལ་བས་འདག་ལ། རང་གི་ངོ་བོ་ནི་བཤད་པས་འདག་གོ །དང་པོ་མཐོལ་ཚུལ་ནི་ཡུལ་མཚན་ཉིད་དང་ལྡན་པའི་དྲུང་དུ་སྤྱོད་ལམ་གུས་པ་དང་བཅས་པས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་སྡེ་ཚན་འདི་ཞེས་བགྱི་བའི་ལྟུང་བའི་རིགས་འདི་ཞེས་བགྱི་བ། ཞག་གྲངས་འདི་ཙམ་དུ་བཅབས་པའི་བྱུང་སྟེ། ཉེས་པ་དེ་བཙུན་པའི་མདུན་དུ་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མཐོལ་ཤིང་བཤགས་ན་བདག་བདེ་བ་ལ་གནས་པར་འགྱུར་གྱི་མ་མཐོལ་མ་བཤགས་ན་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་ལ། དེའི་རྗེས་སུ་བཤགས་ཡུལ་གྱིས་ལྟུང་བ་དེ་མཐོང་ངམ། ཕྱིན་ཆད་སྡོམ་མམ་ཞེས་ལན་གསུམ་དུ་དྲི་ཞིང་རྟེན་གྱིས་ཀྱང་མཐོང་ངོ༌། །སྡོམ་མོ་ཞེས་དེའི་མཐར་བརྗོད་པར་བྱའོ། །གལ་ཏེ་ལྟུང་བ་དེ་ལ་བཅབས་པའི་ཉེས་པ་མེད་ན། ལྟུང་བ་རང་གི་ངོ་བོ་ཕྱིར་བཅོས་པས་མཐོལ་ལོ། །མི་འཆབ་བོ་ཞེས་བརྗོད་མི་དགོས་པས་ཉེས་པ་དེ་བཙུན་པའི་མདུན་དུ་བཤགས་སོ། །ཞེས་པ་རྐྱང་པས་བརྗོད་པས་ཆོག་གོ །མཐོལ་བཤགས་ཀྱང་མྱུར་དུ་བྱ་དགོས་ཏེ། འཚམས་ནང་དེ་ན་བཤགས་ཡུལ་མཚན་ཉིད་དང་ལྡན་པ་ཡོད་བཞིན་དུ་ཕྱིར་བཅོས་མི་བྱེད་ན། ལྟུང་བ་གཅིག་ཡིན་ཀྱང་ཞག་དང་པོ་ལ་མ་བཅོས་ན། ཡོད་པ་ཕྱིར་མི་བཅོས་པའི་ཉེས་པ་གཅིག་དང༌། དངོས་གཞིའི་ཉེས་པ་གཅིག་དང་གཉིས་སུ་འགྱུར་ཞིང༌། ཞག་གཅིག་པ་འདས་པ་ན། ཉེས་པ་སྔ་མ་གཉིས་པོ་དེ་ཕྱིར་མི་བཅོས་ཀྱི་ཉེས་པ་གསར་དུ་འབྱུང་ཞིང༌། སྔ་མའི་ཉེས་པ་གཉིས་དང་བཞིར་འགྱུར་ལ། དེ་ཕྱིན་ཆད་ཞག་ཇི་སྙེད་འདས་པའི་ཞག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉིས་འགྱུར་དུ་འབྱུང་ངོ༌། །ཡང་ཉེས་པ་དེ་འཆབ་བཅས་ཡིན་ན། མཐོལ་ཡུལ་མཚན་ཉིད་དང་ལྡན་པ་འཚམས་ནང་དེ་ན་ཡོད་བཞིན་དུ། མ་མཐོལ་ན་ཞག་རེ་རེ་ཞིང་ཕྱིར་མི་འཆོས་ཀྱི་འབྱུང་ཚུལ་སྔ་མ་དང་འདྲ་ལ། ཞག་རེ་རེ་ཞིང་ལྟུང་བའི་གྲངས་དུ་ཡོད་ཀྱི་འཆབ་པའི་ཉེས་པའང་དེ་སྙེད་དུ་འགྱུར་རོ། །འདིར་འཆབ་མེད་ཇི་ལྟར་འབྱུང་ཞེ་ན། ལྟུང་བ་དེ་བྱུང་ནས་འཆབ་སེམས་མངོན་འགྱུར་ཡོད་དམ་དེ་མེད་ཀྱང་རུང༌། འཆབ་སེམས་དེ་མ་སྤངས་ཤིང་འཚམས་ནང་དེ་ན། མཐོལ་ཡུལ་མཚན་ཉིད་པ་ཡོད་བཞིན་དུ། མ་མཐོལ་བར་ཞག་འདས་པའི་ཚེ་ན་འཆབ་ཉེས་དངོས་གཞིར་འགྱུར་ལ། མདུན་རོལ་ནི་སྦྱོར་བའི་ཉེས་བྱས་སུ་འགྱུར་རོ། །འཆབ་པའི་ཉེས་པ་རྣམས་ནི་ལྟུང་བ་ངོ་བོ་དེའི་སྔ་རོལ་དུ་ངེས་པར་གཤེགས་དགོས་ཏེ། ལྷག་མ་འཆབ་བཅས་དག་བྱེད་དུ་སྤོ་བ་མ་སྤྱད་པར་འགྱུར་བ་དང༌། དབྱུང་བ་མི་འཆགས་པར་གསུངས་པ་བཞིན་ནོ། །འདིར་གཤེགས་ཡུལ་དུ་རུང་བ་ལ། དགེ་སློང་ཆོས་བརྒྱད་ལྡན་གྱི་སྟེང་དུ་ལྟུང་བའི་སྡེ་ཚན་མི་མཐུན་པ་དགོས། དེ་མ་འབྱོར་ནའང་ཡུལ་རྟེན་གཉིས་ཀྱི་ལྟུང་བ་ནི་ནང་མཚན་མི་མཐུན་པ་གཅིག་ངེས་པར་དགོས་སོ། །མཐོལ་ཡུལ་དུ་རུང་ཙམ་པ་ལ་ནི། དེ་ལྟ་བུ་དགོས་པའི་ངེས་པ་མེད་དོ། །དེ་དག་གིས་སྤྱིར་བསྟན་ནས། ད་ནི་སོ་སོའི་བཤགས་པ་བྱ་ཚུལ་བཤད་པར་བྱ་སྟེ། ཕམ་པར་རྟོགས་པའི་སྦོམ་པོ་ལྕི་བ་ལ་ནི་ཐ་ན་དགེ་སློང་དྲུག་མན་ཆད་འཚམས་ནང་དེ་ན་ཡོད་པའི་དགེ་སློང་བཤགས་ཡུལ་དུ་ལྟུང་བ་མཐའ་དག་ལ་བཤགས་དགོས་ལ། ཡང་བ་ནི་བཞི་ཡན་ཆད་དང༌། ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་ལ་ནི་དགེ་སློང་ལྔ་ཡན་ཆད་ལ་ངེས་པར་བཤགས་དགོས་ལ། ལྷག་མར་གཏོགས་པའི་སྦོམ་པོ་ཡང་བ་ནི། གཅིག་གི་མདུན་དུ་བཤགས་པས་ཆོག་གོ །ལྷག་མ་དངོས་ཀྱི་ཕྱིར་བཅོས་བྱེད་ཚུལ་ལ། འཆབ་བཅས་ཡིན་ན་འཆབ་ཉེས་དག་བྱེད་དུ་ཇི་སྙེད་བཅབས་པའི་གྲངས་དང་མཉམ་པའི་སྤོ་བ་སྤྱད་དགོས་ལ་དེའི་དབྱུང་བ་འཆགས་པའི་དོན་དུ། མགུ་བ་ཞག་དྲུག་སྤྱད་ནས། དེ་ནས་ལྷག་མ་དངོས་ཀྱི་དག་བྱེད་དུ་དབྱུང་བ་ནོད་དགོས་སོ། །སྡེ་སྣོད་ཤེས་པའི་དགེ་སློང་དག་རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་ཁྱད་པར་ཅན་ལ་ནི། སྤོ་མགུ་མ་སྤྱད་ཀྱང༌། བཤགས་ཙམ་གྱིས་འདག་པར་གསུངས་སོ། །སྤང་ལྟུང་གཤེགས་པའི་ཚུལ་ལ་ལྟུང་བྱེད་ཕྱིར་བཅོས་བྱས་པའི་ཚེ་གང་ལ་བརྟེན་ནས་ལྟུང་བ་འབྱུང་བའི་རྫས་དང༌། ལྟུང་བ་དེ་ཕྱིར་བྱུང་ཕྱིན་ཆད་རྙེད་པའི་ནོར་ལྷན་པ་ཁྲུ་གང་བ་ཡན་ཆད་བཤགས་ཡུལ་མཚན་ཉིད་དང་ལྡན་པ་དེའི་དྲུང་དུ། ཞག་གཅིག་ཏུ་སྤངས་ནས་ལྟུང་བ་དེ་ཕྱིར་བཅོས་བྱེད་དགོས་ལ། དེ་ཡང་ལྷུང་བཟེད་ཚོལ་བའི་ཕྱོགས་གཅིག་དང༌། བྱིན་འཕྲོགས་གཉིས་ནི་གཏན་སྤངས་ཡིན་ནོ། །ལྟུང་བ་འདག་པའི་རྒྱུའི་གཙོ་བོ་ཡང༌། སྔོན་ཆད་ལ་འགྱོད་སེམས་དང༌། ཕྱིན་ཆད་ལ་སྡོམ་སེམས་དྲག་པོ་ངེས་པར་དགོས་ལ། དེ་གཉིས་མེད་པར་ཚིག་ཙམ་གྱིས་བཤགས་པ་བྱས་ཀྱང་ཉེས་པ་མི་འདག་གི་སྟེང་དུ་རྫུན་གྱི་ཉེས་པར་འགྱུར་རོ། །འདིར་བཤགས་པས་ལྟུང་བ་འདག་པར་གསུངས་པ་ཡང་མངོན་གྱུར་མགོ་མནན་པ་ཙམ་ཡིན་གྱི། ས་བོན་ནི་མཐོང་སྒོམ་ལམ་གྱིས་སྤང་བར་བྱ་དགོས་སོ། །དེའི་ཕྱིར་དམ་པའི་ཆོས་འདུལ་བ་ལ་ཚུལ་བཞིན་དུ་ཞུགས་ནས་དྲན་པ་དང་བག་ཡོད་པ་དང༌། བདེ་བར་གནས་པའི་རྐྱེན་དང་དགེ་བའི་བཤེས་གཉེན་ལ་བརྟེན་ནས་མི་མཐུན་ཕྱོགས་ངོ་ཤེས་པར་བྱ་སྟེ། ཉེས་པས་མ་གོས་པ་ལ་བསླབ་པར་བྱ་དགོས་ཤིང་གསོ་སྦྱོང་དང་དགག་དབྱེ་ཕྱིར་འཆོས་ཀྱིས་ཉེས་པས་གོས་ཀྱང༌། སོར་ཆུད་པའི་ཐབས་ལ་འབད་པར་བྱ་དགོས་ཏེ། ལུང་ལས་གཉིས་ནི། མཁས་པ། གསལ་བ། དགེ་བ། སྐྱེས་བུ་དམ་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །ཞེས་གསུངས་སོ། །དེ་དག་གིས་ནི་སྤང་བྱ་ལྡོག་པའི་ཚུལ་ཁྲིམས་བསྟན་ཟིན་ནོ། །གཉིས་པ་ཉམས་སུ་བླང་བྱ་འཇུག་པའི་ཚུལ་ཁྲིམས་ནི། གཞི་བཅུ་བདུན་གྱི་བཤད་པ་ལོགས་སུ་བྱས་པ་ལས་ཤེས་པར་བྱའོ། །གསུམ་པ་དེ་དག་ལ་ཇི་ལྟར་སློབ་པའི་རིམ་པ་ནི། ཐོག་མ་ཁོ་ནར་ཡུལ་ཁྱད་པར་ཅན་ལས། གཞི་ཚུལ་ཁྲིམས་རྣམ་པར་དག་པ་མནོས་ཏེ། དེ་ནས་བརྟན་མཁས་གཉིས་ཀྱི་ཡོན་ཏན་དང་ལྡན་པའི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ། རྟེན་ནས་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་བྱས་ཏེ། ཇི་ལྟར་ནོས་པའི་བསླབ་པ་ཕྲ་མོ་ཙམ་ལའང་ཁྱད་དུ་མི་གསོད་པར་མིག་འབྲས་བཞིན་དུ་གཅེས་པར་བཟུང་ནས་ཐོས་པ་དང༌། བསམ་པ་དང་བསྒོམ་པའི་རིམ་པས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་ལ་རིམ་བཞིན་འཇུག་པར་བྱའོ། །ཐུབ་བསྟན་སྙིང་པོ་ལེགས་གསུངས་འདུལ་བའི་མདོ། །མདོ་དོན་རྒྱས་པར་འགྲེལ་པ་རྣམ་འབྱེད་ལུང༌། །ལུང་རིགས་ལྟར་ལ་རྒྱུས་པ་རྩ་བའི་གཞུང༌། །གཞུང་བཞིན་བསྡུས་པའི་དོན་གསལ་ངག་ཉུང་འདི། །སྡོམ་གསུམ་གོམས་སྟབས་བརྟན་པར་བསྒྱུར་མཁས་ཤིང༌། །མང་ཐོས་རྒྱ་མཚོར་འཇུག་ལ་མངོན་དགའ་བའི། །བློ་གསལ་དབང་པོ་ཤཱཀྱ་མཆོག་ལྡན་དཔལ། །ལེགས་པའི་བློ་ཡིས་དང་བས་བསྐྲུན་པ་ཡིན། །དེ་ལས་སྐྱེས་པའི་དགེ་བ་གང༌། །གངས་རིའི་ཏོག་ལྟར་དཀར་བ་དེ། །ཀུན་ཀྱང་རྒྱལ་བའི་བསྟན་པ་ལ། །ཚུལ་བཞིན་འཇུག་པའི་དོན་དུ་བསྔོ། །བསླབ་ལ་གུས་པའི་དགེ་སློང་འགས། །གཞུང་མང་ཉན་པར་མི་ནུས་ན། །འདི་ཙམ་ཁོ་ནས་བསླབ་པའི་གནས། །མ་ལུས་ལེགས་པར་བསྡུས་པ་ཡིན། །ཞེས་པ་འདི་ནི་བསླབ་པ་ལ་གུས་པའི་དགེ་སློང་གྲགས་པ་རྒྱལ་མཚན་ཞེས་བྱ་བས་ལེགས་པར་བསྐུལ་བའི་ངོར། འདུལ་བ་འཛིན་པའི་ཐ་ཤལ། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པ། ཤཱཀྱའི་སྲས་ཀྱི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། དབང་ཕྱུག་གི་ལོ་ས་གས་ཉ་བའི་ཡར་ངོ་ལ་དཔལ་བྱ་ཡུལ་ཐུབ་ཆེན་མངོན་པར་དགའ་བའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།།  །།མངྒ་ལཾ་བྷ་ཝནྟུ།།  ༈ །ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཞག་པ་ལས། བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་པར་ངེས་པ་བཞུགས་སྷོ།།  ༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། དེ་ལྟར་ཉན་ཐོས་དང་ཐུན་མོང་གི་འདུལ་བ་རྣམ་པར་ངེས་པ་བཤད་ཟིན་ནས། ད་ནི་བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་པར་ངེས་པ་བཤད་པར་བྱ་བ་ལ་གསུམ་སྟེ། རྗེ་བཙུན་མ་ཕམ་པའི་ཞབས་ལས་འཕགས་པ་ཐོགས་མེད་ཀྱིས་ཇི་ལྟར་བླངས་པའི་རིམ་པ་དེ་ཉིད་མདོར་བསྡུས་ཏེ་བཤད་པ་དང༌། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལས་རྒྱལ་སྲས་ཞི་བ་ལྷས་བླངས་པའི་རིམ་པ་དེ་ཉིད་བརྗོད་པ་དང༌། གཉིས་པོའི་མི་འདྲ་བའི་ཁྱད་པར་མདོར་བསྡུས་ནས་བསྟན་པའོ། །དང་པོ་ལ་གསུམ་སྟེ། སྡོམ་པ་ཇི་ལྟར་ནོད་པའི་ཚུལ། མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་འཆོས་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། གང་ལས་ནོད་པ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས། གང་གིས་ནོད་པ་སློབ་མའི་ཁྱད་པར། ཇི་ལྟར་ནོད་པ་ཆོ་གའི་རིམ་པའོ། །དང་པོ་ལ་གཉིས་ཏེ། མཐུན་རྐྱེན་ཚང་དགོས་པ་དང༌། འགལ་རྐྱེན་བྲལ་དགོས་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། དེའི་སྡེ་སྣོད་ལ་མཁས་པ། སྡོམ་པ་སྟེར་བ་དང་བསླབ་བྱ་ལ་སློབ་ཏུ་འཇུག་པའི་ནུས་པ་དང་ལྡན་པའོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་ཁྱད་པར་དེ་གསུམ་དང་ལྡན་པ་ཡང་ཕར་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཤས་ཆེ་ན་སྡོམ་པ་བླང་བའི་ཡུལ་མ་ཡིན་ནོ། །དེ་གང་ཞེ་ན། སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་དང་ཆོག་མི་ཤེས་པ་སོགས་དང༌། ཚུལ་ཁྲིམས་ཀྱི་ནི་བསླབ་པ་ལས་ལྷོད་པར་བྱེད་པ་སོགས་དང༌། བཟོད་པའི་ནི། ཁྲོ་སྐྱེན་པ་དང་ཁོན་དུ་འཛིན་པ་སོགས་དང༌། བརྩོན་འགྲུས་ཀྱི་ནི་ལེ་ལོ་ཆེ་བ་སོགས་དང༌། བསམ་གཏན་གྱི་ནི་སེམས་རྣམ་པར་གཡེངས་པ་སོགས་དང༌། ཤེས་རབ་ཀྱི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཟུང་ཡང་དེ་ལ་བསྐུར་པ་འདེབས་པ་སོགས་ཏེ། དེ་དག་དང་མ་བྲལ་ན་སྡོམ་པ་ལེན་པའི་བླ་མར་མི་རུང་ངོ༌། །གཉིས་པ་སློབ་མའི་ཁྱད་པར་ལ་གཉིས་ཏེ། མཐུན་རྐྱེན་ཚང་དགོས་པའི་དང༌། འགལ་རྐྱེན་དང་བྲལ་དགོས་པའི་ཁྱད་པར་རོ། །དང་པོ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སྨོན་སེམས་དང་ལྡན་པ། དགེ་བའི་རྩ་བ་འདི་ལ་བརྟེན་ནས་དེའི་དོན་དུ་དེ་ལྟར་གྱུར་ཅིག་པའི་སྨོན་ལམ་ཡང་ཡང་བཏབ་པ་དང་ལྡན་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནས་འབྱུང་བའི་རླབས་པོ་ཆེའི་སྤྱོད་པ་རྣམས་བསླབས་ཤིང་ཤེས་ནས་དེ་ལ་སྤྲོ་བར་གྱུར་པ་དང་བཅས་པ་རྣམས་ནི་ངེས་པར་དགོས་ལ། སོ་སོར་ཐར་པ་རིགས་བདུན་གང་རུང་གི་སྡོམ་པ་དང་ལྡན་པ། ཞེས་གསུང་བའི་ལུགས་ཀྱང་ཡོད་དོ། །གཉིས་པ་ནི། བཤད་མ་ཐག་པའི་ཕྱིན་དྲུག་གི་མི་མཐུན་པའི་ཕྱོགས་ཤས་ཆུང་ཤིང༌། མི་དགེ་བ་བཅུ་ལ་བག་མེད་པར་ལོངས་སྤྱོད་པ་དང་བྲལ་བའོ། །གསུམ་པ་ལ། གསུམ་སྟེ། སྦྱོར་བ་དང༌། དངོས་གཞི། རྗེས་སོ། །དང་པོ་ནི། དེ་ལྟ་བུའི་ཁྱད་པར་ཅན་གྱི་དགེ་བའི་བཤེས་གཉེན་གྱི་རྐང་པ་གཉིས་ཀྱི་དྲུང་དུ། ཁྱད་ཆོས་དེ་དག་དང་ལྡན་པའི་བསྒྲུབ་བྱ་དེས། ཐོག་མར་ཕྱག་བྱ་ཞིང་ཡོན་ཕུལ་ནས་འདི་སྐད་ཅེས་གསོལ་བ་གདབ་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ལས་བདག་མིང་འདི་ཞེས་བགྱི་བ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ནོད་པར་འཚལ་གྱི། དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཞིང་བསྩལ་བའི་རིགས་སོ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་དགེ་བའི་བཤེས་གཉེན་དེས་བསྒྲུབ་བྱ་དེ་ལ། བྱང་སེམས་ཀྱི་སྡོམ་པ་བླངས་པའི་ཕན་ཡོན་རྗེ་བཙུན་མ་ཕམ་པས་ཚོང་དཔོན་གྱི་བུ་ནོར་བཟང་ལ་ཇི་སྐད་བཤད་པའི་ཚུལ་ཕལ་པོ་ཆེའི་མདོ་ལས་འབྱུང་བ་ལྟ་བུ་རྒྱས་པར་བརྗོད་ནས་སྡོམ་པ་ལ་སྤྲོ་བ་བསྐྱེད་པར་བྱའོ། །དེ་ཡང་འདི་ལྟར། རིགས་ཀྱི་བུ་ཁྱོད་ཉོན་ཅིག སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབྱུགས་མ་ཕྱུང་བ་རྣམས་དབྱུགས་དབྱུང་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་དང༌། སངས་རྒྱས་ཀྱི་གདུང་མི་གཅོད་པར་འདོད་དམ། དེ་ལ་ཁྱོད་ཀྱི་སེམས་བསྐྱེད་པ་བསྟན་པ་དང༌། ཡི་དམ་ཡང་བརྟན་པར་བྱའོ། །ཞེས་བརྗོད་པ་ན། བསྒྲུབ་བྱ་དེས་ཀྱང་དེ་ལྟར་འདོད་ཅིང་སྤྲོའོ་ཞེས་ལན་བཏབ་ནས། དེའི་འོག་ཏུ་རྒྱལ་བ་སྲས་བཅས་ཀྱི་སྐུ་གཟུགས་ཀྱི་རྟེན་བཤམ་པ་དང༌། འབྱོར་པའི་ཚོགས་ཅི་ཡོད་ཀྱི་སྒོ་ནས་མཆོད་པའི་ཚོགས་རྣམས་ཀྱང་སྦྱར། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་སྤྲིན་གྱི་ཕུང་པོ་བསྟིབས་པ་བཞིན་དུ་བཞུགས་པར་བསམས་ལ། ཕྱག་དང་མཆོད་པ་ནུས་པ་དང་སྦྱར་ཏེ་རྒྱས་པར་བྱའོ། །དེ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར། པུས་མོའི་ལྷ་ང་ས་ལ་བཙུགས་པའམ་ཙོག་ཙོག་པུར་འདུག་ཀྱང་རུང་སྟེ། དགེ་བའི་བཤེས་གཉེན་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་ཁྱོད་ཀྱིས་ད་ནི་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་ནས། ཡིད་ལ་འདི་ལྟར་བསམ་པ་ནི། ད་ནི་བདག་གིས་རིང་པོ་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་པ་རྙེད་པར་འགྱུར་རོ་ཞེས་ཡིད་ལ་བྱེད་ཅིང་ཅང་མི་སྨྲ་བར་འདུག་གོ །དེ་ནས་དགེ་བའི་བཤེས་གཉེན་པ་དེ། སྟན་ལ་འདུག་གམ་འགྲེང་ཡང་རུང་སེམས་མ་ཡེངས་པར་འདི་སྐད་ཅེས་བརྗོད་པ་ནི། རིགས་ཀྱི་བུ་མིང་འདི་ཞེས་བགྱི་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཐོས་སམ། ཐོས་པ་དེ་ལ་སེམས་རབ་ཏུ་དྭང་བར་བྱེད་ཅིང་བསྐུར་པ་འདེབས་པར་མི་བྱེད་དམ། སྡོམ་པ་འདི་གཞན་དག་གིས་འཛིན་དུ་བཅུག་པའམ། ཕ་རོལ་པོ་ལ་འགྲན་པའི་ཕྱིར་དུ་མ་ཡིན་ནམ། ཞེས་དྲི་བར་བྱ་ཞིང༌། དེའི་ཚེ་བསྒྲུབ་བྱ་དེས་ཀྱང་དོན་དང་མཐུན་པའི་བསམ་པས་མ་ལགས་སོ་ཞེས་བརྗོད་པར་བྱའོ། །གཉིས་པ་དངོས་གཞི་ལ་འཇུག་པ་ནི། སྦྱོར་བའི་ཆོ་ག་དེ་ལྟར་བྱས་ཟིན་པའི་འོག་ཏུ་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་རྣམས་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། གང་དག་ཕྱོགས་བཅུའི་ཞིང་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་གང་ཡིན་པ་དང༌། བསླབ་པའི་གཞི་དང་ཚུལ་ཁྲིམས་དེ་དང་དེ་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པར་གྱུར་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་འགྱུར་བ་དང༌། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སློབ་བཞིན་པའི་བསླབ་པའི་གཞི་ཐམས་ཅད་ཚུལ་ཁྲིམས་ཐམས་ཅད་ནི་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ང་ལས་ནོད་དམ། ཞེས་ལན་གཅིག་བརྗོད་པ་ན། བསྒྲུབ་བྱ་དེས་ཀྱང་ནོད་ལགས་སོ་ཞེས་དཔོན་སློབ་གཉིས་ཀས་ལན་གསུམ་གྱི་བར་དུ་བརྗོད་དོ། །སྐབས་དེར་སློབ་དཔོན་གྱིས་ཐབས་ཡིན་ནོ་དང༌། སློབ་མས་ལེགས་སོ་ཞེས་ཀྱང་བརྗོད་པར་བྱ་སྟེ། སྡོམ་པ་ཐོབ་པའི་དུས་ངོ་ཤེས་པའི་ཆེད་དུའོ། །གསུམ་པ་འཇུག་གི་ཆོ་ག་ལ་གསུམ་སྟེ། མཁྱེན་པར་གསོལ་བ། དེའི་དགོངས་པ། ཡོན་ཕུལ་ནས་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། སློབ་མ་དེ་སྟན་ལས་མ་ལངས་པར་དགེ་བའི་བཤེས་གཉེན་དེས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞབས་ལ་གཏུགས་པའི་ཕྱག་བྱས་ཤིང་མེ་ཏོག་ཕུལ་ནས། འདི་སྐད་ཅེས་བརྗོད་པ་ནི། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའ་བསྒྲུབ་བྱ་མིང་འདི་ཞེས་བགྱི་བས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་མནོས་ལགས་ཏེ། བསྒྲུབ་བྱ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ལ། བདག་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང༌། ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ལ་མཁྱེན་པར་གསོལ་ལོ་ཞེས་ལན་གསུམ་དུའོ། །གཉིས་པ་ནི། དེ་ལྟར་གསོལ་བས་བསླབ་པ་ལས་མི་འདའ་བ་དང༌། དེ་དག་གིས་དགོངས་ནས་རྗེས་སུ་འཛིན་པར་འགྱུར་བ་སྟེ། ཇི་སྐད་དུ། དེ་ཚེ་དེ་ལ་དགེ་བའི་ཕྱིར། །སངས་རྒྱས་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱིས་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི། དེ་ནས་སློབ་མས་གཏང་རག་གི་ཡོན་དང༌། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་བྱས་ནས། སློབ་དཔོན་གཉིས་ཀ་ཡང་སྟན་ལས་ལངས་ཏེ། ཕྱོགས་བཅུར་ཕྱག་བྱས་ཏེ་མེ་ཏོག་འཐོར་བར་བྱའོ། །དེ་ནས་སྤྲོ་བ་བསྐྱེད་པ་ནི། འདི་སྐད་ཅེས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི། ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། གཞན་དག་གིས་ནི་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆར་ཡང་ཞེས་སོགས་རྒྱས་པར་སྤྲོས་ནས་བརྗོད་པར་བྱའོ། །གཉིས་པ་ནི། དེ་ལྟར་སྡོམ་པ་བཟུང་ནས་བསླབ་པར་བྱ་བ་ལ། གཉིས་ཏེ། མཐུན་ཕྱོགས་ལ་སློབ་པ་དང༌། མི་མཐུན་པའི་ཕྱོགས་སྤོང་བའོ། །དང་པོ་ནི། ཇི་སྐད་དུ། གཞན་རྣམས་དང་ནི་བདག་ལའང་རུང༌། །སྡུག་བསྔལ་ཡིན་ཀྱང་གང་ཕན་དང༌། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་བདག་གཞན་གང་ཡིན་ཀྱང་ཚེ་འདིར་བདེ་བ་ཙམ་ཁྱད་པར་དུ་གསོད་དགོས་པ་བྱུང་ནའང༌། ཕྱི་མར་ཕན་པ་ཉིད་བསྒྲུབ་དགོས་པའོ། །གཉིས་པ་ལ། གསུམ་སྟེ། རྩ་བའི་ལྟུང་བ་གང་ཡིན་པ་དང༌། ཡན་ལག་གི་ཉེས་བྱས་གང་དག་གཅིག་ཡིན་པ་དང༌། ཐམས་ཅད་ཀྱང་ཀུན་སློང་ལ་རག་ལས་པར་བསྟན་པའོ། །དང་པོ་ལ་གསུམ་སྟེ། ཕམ་པའི་མིང་གིས་འདོགས་པའི་རྒྱུ་མཚན། དབྱེ་བ་སོ་སོའི་ངོས་འཛིན། སླར་ཡང་བླང་དུ་ཡོད་པས་ཕམ་པ་དང་མི་མཚུངས་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། ཉོན་མོངས་དྲུག་ལས་བྱུང་བ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པར་འདྲ་བར་དགོངས་པ་ཡིན། །ཞེས་སོ། །འདིའི་ཤུགས་ལ་ཀུན་ནས་དཀྲིས་པ་ཆུང་ངུ་དང་འབྲིང་གིས་ནི་སྡོམ་པ་མི་གཏོང་ལ། ཆེན་པོའི་ཚད་གང་ཞེ་ན། ཆོས་བཞི་པོ་འདི་དག་གང་ཡང་རུང་བ་སྤྱོད་ཅིང༌། དེ་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཆུང་ངུ་ཙམ་ཡང་མི་སྐྱེད་པར་ཡོན་ཏན་དུ་བལྟ་བའོ། །གཉིས་པ་ནི། ཇི་སྐད་དུ། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་སྟེ། འདི་དག་ནི་གོ་རིམ་བཞིན་དུ་ཆགས་པ་དང་སྡང་བ་དང་རྨོངས་པ་གསུམ་གྱིས་ཀུན་ནས་བསླང་བའོ། །གསུམ་པ་ནི། གལ་ཏེ་ཕམ་པ་དང་འདྲ་བ་དེ་ལྟ་ན་ཚེ་དེ་ལ་སླར་ཡང་སྡོམ་པ་དེ་ལེན་པའི་སྐལ་བ་མེད་དམ་ཞེ་ན། དེ་ལ་གཉིས་ཏེ། བླང་དུ་ཡོད་པ་དང༌། དེའི་ཆོ་ག་ཇི་ལྟར་ཡིན་པའོ། །དང་པོ་ནི། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་པ། གཏོང་བའི་རྒྱུ་གཉིས་པོ་གང་རུང་གིས་བཏང་ན་ཞེས་པའི་ཐ་ཚིག་སྟེ། གཉིས་པ་ནི། རྩ་བ་སྨོན་པའི་བྱང་སེམས་བཏང་བ་དང༌། རྩ་བའི་ལྟུང་བ་ཆེན་པོས་བཏང་བའོ། །འདིར་རྒྱུ་དང་པོ་ནི་ལྟུང་བར་མི་འཇོག་སྟེ། སྨོན་པའི་སྡོམ་པ་འདིར་མི་བཞེད་པའི་ཕྱིར་རོ། །སྨོན་པའང་གཏོང་ཚུལ་གཉིས་ཏེ། འཁོར་བར་སྲེད་ཅིང་མྱང་འདས་ལ་བློ་ལོག་པས་བཏང་བ་དང༌། མྱང་འདས་ལ་དགའ་བས་བཏང་བའོ། །དང་པོ་ནི། སྡིག་པ་ཤིན་ཏུ་ལྕི་བས་བསོད་ནམས་ཆ་མཐུན་གྱི་དགེ་བ་མཐའ་དག་ཏུ་མ་ཟད། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་དག་ཀྱང་འཇོམས་པར་བྱེད་ལ། ཕྱི་མ་དེས་ནི་ཐར་པ་ཆ་མཐུན་ལས་མི་ཉམས་པས་ཚེ་དེ་ལ་ཐར་པ་ཐོབ་པའི་གོ་སྐབས་སྲིད་པར་འཆད་དོ། །གཉིས་པ་ལ། གཉིས་ཏེ། གཏོང་རྒྱུས་བཏང་བ་ཇི་ལྟར་ལེན་པ་དང༌། ཟག་པ་ཆུང་འབྲིང་གིས་ཀུན་ནས་བསླང་བ་རྩ་ལྟུང་མ་ཡིན་པར་བཤད་ནས་བཤགས་པ་ཙམ་གྱིས་ཆོག་པར་བསྟན་པའོ། །དང་པོ་ལ། སྦྱོར་བ་ནི། སྨོན་སེམས་བཏང་ན་དེ་ཉིད་སླར་ཡང་བླངས་ནས་སྡོམ་པ་ལེན་པ་ལ་འཇུག་ཅིང༌། རྩ་བའི་ལྟུང་བས་བཏང་ན་ཉེས་པ་དེ་ཕྱིར་བཅོས་ནས་སྡོམ་པ་ལེན་དགོས་ཏེ། རྩ་བའི་ལྟུང་བ་དང་བཅས་བཞིན་དུ་སྡོམ་པ་སྐྱེ་ན་གཏོང་རྒྱུ་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་བཤགས་ཤེ་ན། འདིར་ཀུན་དཀྲིས་ཆེན་པོའི་བཤགས་ཚུལ་དངོས་སུ་མ་བཤད་ཀྱང༌། འགྱོད་སྡོམ་གྱི་བསམ་པ་ཉེ་བར་བཞག་ནས་དེའི་འགལ་ཟླར་གྱུར་པའི་གཉེན་པོ་ཀུན་ཏུ་སྤྱོད་པ་ལ་སློབ་པའོ། །གཞུང་གི་དངོས་བསྟན་དུ་ཀུན་དཀྲིས་ཆེན་པོའི་བཤགས་ཚུལ་མ་བཤད་པས་ན་བཤགས་པ་ཙམ་གྱིས་མི་འདག་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། བཤགས་པ་ཙམ་གྱིས་སྡོམ་པ་སོར་མི་ཆུད་པར་ཁས་ལེན་པ་ཡིན་གྱི་ཆེན་པོས་ཀུན་ནས་བསླང་བའི་ལྟུང་བ་བཤགས་པས་མི་འདག་ན་སླར་བླངས་པས་སྐྱེ་བར་འགལ་ལོ། །གཉིས་པ་ལ། སྤྱིར་བཏང་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། སྔར་བཤད་པའི་ཆོ་ག་དེ་ཉིད་ཀྱིས་ལེན་པར་བཤད་པ་ཡིན་ལ། དེའི་ཚེ་སྨོན་སེམས་ཐོབ་ཟིན་པ་དང༌། ལྟུང་བ་བཤགས་ཟིན་པ་ཞིག་དགོས་ཏེ། བྱང་ཆུབ་སེམས་དཔར་གྱུར་ཟིན་པ་དང༌། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་བྲལ་བ་ཞིག་དགོས་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། སླར་བླང་བའི་དགེ་བའི་བཤེས་གཉེན་མེད་ན། བདག་ཉིད་ཀྱིས་སྐུ་གཟུགས་ཀྱི་སྤྱན་སྔར་བླང་བའི་ཆོ་ག་ནི། བྱང་ས་ལས། ཇི་སྐད་དུ། བདག་མིང་འདི་ཞེས་བགྱི་བ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བ་འདེབས་ཏེ། དེ་དག་གི་སྤྱན་སྔར་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། འདི་ལྟར། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་བསྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་བཞིན་པ་རྣམས་བདག་གིས་ཡང་དག་པ་བླང་ངོ༌། །ཞེས་ལན་གསུམ་བརྗོད་ནས་འཇུག་ཆོག་སྔ་མ་བཞིན་དུ་བྱས་པས་སོར་ཆུད་པར་གསུངས་སོ། །དེའི་རིགས་པས་སྡོམ་པ་གསར་དུ་ལེན་པ་ལ་ཡང་དགེ་བའི་བཤེས་གཉེན་མེད་ན་དེ་ལྟར་བྱའོ། །ཞེས་ཞི་འཚོའི་ཞབས་ཀྱིས་བཤད་དོ། །གཉིས་པ་ནི། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་པ་བྱང་ཆུབ་སེམས་དཔའ་སྡོམ་པ་ལ་ལྟོས་པའི་ཉེས་པ་ནི་ཉན་ཐོས་ལྟར་ལྟུང་བ་སྡེ་ལྔ་ལ་སོགས་པར་འཇོག་པ་མ་ཡིན་གྱི། ཕམ་པ་ལྟ་བུའི་ལྟུང་བ་དང་ཉེས་བྱས་གཉིས་སུ་འདུས་པ་ཡིན་ནོ། །དེའི་ཚེ་ན་ཟག་པ་ཆུང་འབྲིང་གིས་ཀུན་ནས་བསླང་བའི་བདག་བསྟོད་སོགས་བཞི་པོ་གང་རུང་བྱུང་ན། ཐུན་ཚོད་ལས་འདས་ཀྱང་སྡོམ་པ་སླར་ལེན་དགོས་པ་མ་ཡིན་ཏེ། ཉེས་པ་དེ་ཉིད་བཤགས་པ་ཙམ་གྱིས་སྡོམ་པ་སོར་ཆུད་པའི་ཕྱིར། ཞེས་པའོ། །དེའི་ཆོ་ག་ནི། ཉན་ཐོས་ཀྱི་ཐེག་པ་པའམ་བྱང་ཆུབ་སེམས་དཔའ་གང་ཡིན་ཀྱང་རུང༌། བརྡ་ཕྲད་ཅིང་དོན་གོ་བར་ནུས་པ་གསུམ་མམ་གཅིག་གི་དྲུང་དུ། འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་འདི་བྱུང་སྟེ། དེ་དང་དེ་དག་ཚེ་དང་ལྡན་པ་ལ་བདག་འཆགས་ཤིང་འཐོལ་ཏེ། མི་འཆབ་བོ། །བཤགས་ཤིང་འཐོལ་བས་བདག་བདེ་བར་གནས་པར་འགྱུར་ཞིང༌། མ་བཤགས་མ་མཐོལ་ན་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་བརྗོད་པ་དང༌། ཡུལ་གྱིས་མཐོང་སྡོམ་ལན་གསུམ་འདྲི་བ་དང༌། རྟེན་གྱི་ཆོས་བཞིན་འདུལ་བ་བཞིན་ལེགས་པར་སྤྱི་བོས་ནོད་པར་བགྱིའོ། །ཞེས་ལན་གསུམ་བརྗོད་པར་བཤད་པ་ཡིན་ནོ། །གཉིས་པ་ཉེས་བྱས་ཀྱི་སྡེ་ཚན་བཤད་པ་ལ། གཉིས་ཏེ། བཤགས་པ་བྱེད་ཚུལ་བཤད་པས་མདོར་བསྟན་པ་དང༌། སོ་སོའི་རྐང་གྲངས་ངོས་བཟུང་བའོ། །དང་པོ་ནི། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་པ། གལ་ཏེ་འོག་ནས་འཆད་པའི་ཉེས་བྱས་རྣམས་སླར་བཤགས་པའི་ཚུལ་ཇི་ལྟ་བུ་སྙམ་པ་ལ། དེ་དག་ནི་ཕལ་ཆེར་ལུས་ངག་གི་ཉེས་པ་ཡིན་ལ། དེ་དག་ལ་ཀུན་སློང་ཉོན་མོངས་པ་ཅན་གྱིས་བསླང་བ་དང༌། ཉོན་མོངས་པ་ཅན་མ་ཡིན་པས་བསླང་བའོ། །ཕྱི་མ་ལ་ཡང༌། ཉེས་པར་འགྱུར་བ་དང་མི་འགྱུར་བ་གཉིས་གཉིས་སུ་ཡོད་པ་ལ། ཉེས་པར་གྱུར་པ་རྣམས་ཀྱི་བཤགས་ཚུལ་ནི། རྣམ་གྲངས་གཉིས་ལས། དང་པོ་ནི། སྔར་བཤད་མ་ཐག་པའི་ཆོ་ག་དེ་ཉིད་ཀྱིས་བཤགས་པས་ཀྱང་འདག ཅེས་སྦྱར་བ་དང༌། བདག་སེམས་ཤེས་པ་དང༌། རང་གི་སེམས་ངོ་ཚ་དང་ཁྲེལ་ཡོད་ཤས་ཆེན་པོས་བསྡམས་པ་ཙམ་གྱིས་ཀྱང་འདག་ཅེས་པའི་དོན་དུ་འགྲེལ་པས་འཆད་དོ། །དེར་མ་ཟད་ཟག་པ་ཆུང་འབྲིང་གིས་ཀུན་ནས་བསླང་བའི་ཉེས་པ་འཆགས་ཚུལ་གཉིས་པ་ཞིག་ཀྱང་འདིས་མཚོན་ནུས་པར་འཆད་དོ། །གཉིས་པ་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་པ་དེ། ཉེས་བྱས་བཞི་བཅུ་ལས་ལྷག་པ་འདི་དག་རེ་རེ་ལ་ཡང་ཉོན་མོངས་པ་ཅན་ཡིན་མིན་དང༌། དམིགས་བསལ་ཉེས་མེད་རེ་དང་གསུམ་གསུམ་དུ་ཕྱེ་ནས་འཆད་དོ། །དེ་ཡང་དཔེར་མཚོན་ན། མ་གུས་པ་དང་ལེ་ལོས་དཀོན་མཆོག་གསུམ་མི་མཆོད་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། བརྗེད་པས་མི་མཆོད་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་ལ། སྨྱོ་བ་དང་ཚོར་བས་གཟིར་བ་ལྟ་བུས་མི་མཆོད་པ་ནི་ཉེས་པ་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ནས་འཆད་པ་ནི། ཇི་སྐད་དུ། འདོད་པའི་སེམས་ཀྱི་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་ཅིང༌། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཚུལ་ཁྲིམས་འཆལ་བ་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང༌། །ཞེས་པ་ནི་བཅུ་ཚན་གཅིག་གོ །སྙིང་བརྩེར་བྱས་ན་མི་དགེ་མེད། །ཅེས་པ་ནི། ཉེས་པར་མངོན་པ་ཐམས་ཅད་ལ་དམིགས་ཀྱི་བསལ་བ་སྟེ། རྒྱུའི་ཀུན་སློང་སྙིང་རྗེས་བྱས་པ་ལ་ནི་ཉན་ཐོས་སོགས་ལ་གྲགས་པའི་མི་དགེ་བ་སྤྱད་ཀྱང་བྱང་ཆུབ་སེམས་དཔའ་ལ་ཉེས་པར་མི་འགྱུར་ཞིང་བསོད་ནམས་ཆེན་པོར་འགྱུར་བའོ། །དེ་ནས་ཡང་བཅུ་ཚན་གཅིག་ནི། འཚོ་བ་ལོག་པ་དང་དུ་ལེན། །འཕྱར་ནས་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་པུ་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་དང་འཆོས་མི་བྱེད། །གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། །ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག །རྙེད་བཀུར་འདོད་ཕྱིར་འཁོར་རྣམས་བསྡུད། །ཅེས་པའོ། །ཡང་བཅུ་ཚན་གསུམ་པ་ནི། ཆགས་པས་གྲེ་མོའི་གཏམ་ལ་བརྟེན། །ཏིང་ངེ་འཛིན་གྱི་དོན་མི་ཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཉན་ཐོས་ཐེག་པ་སྤང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤོང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཅེས་པའོ། །བཅུ་ཚན་བཞི་པ་ནི། ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་དང་ཡི་གེ་བརྟེན། །དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང༌། །སྡུག་བསྔལ་སེལ་བར་མི་བྱེད་པ། །བག་མེད་རྣམས་ལ་རིགས་མི་སྟོན། །བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་བསང་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །ཅེས་པའོ། །གཞན་གྱི་བློ་དང་མཐུན་མི་འཇུག །རྐྱེན་དུ་འབབ་པར་ཚར་མི་གཅོད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་པ་རྣམས་སོ། །དེ་ལྟར་ན་འདིར་བསྟན་པའི་ཉེས་པ་མཐའ་དག་ནི་ཕམ་པ་ལྟ་བུའི་ལྟུང་བ་དང་ཉེས་བྱས་གཉིས་སུ་འདུས་ལ། དེ་ཐམས་ཅད་ལ་ཡང་ཀུན་སློང་དག་གི་དབང་དུ་བྱས་ན། ཉོན་མོངས་ཅན་གྱིས་ཀུན་ནས་བསླང་བ་དང༌། དེ་མ་ཡིན་པའི་སེམས་ཀྱིས་བསླང་བ་གཉིས་སུ་ངེས། དང་པོ་ལ། གཏི་མུག་ཀུན་སློང་དུ་ཡོད་པར་འདྲ་ཡང་ཆགས་པས་ཀུན་ནས་བསླང་བ་དང་ཞེ་སྡང་གིས་ཀུན་ནས་བསླང་བ་གཉིས་སུ་འདུ། དང་པོ་ལ། རང་གི་དོན་དུ་ཆགས་པ་དང་གཞན་གྱི་དོན་ལ་ཆགས་པ་གཉིས་སུ་ཡོད་ཀྱང༌། ཕྱི་མ་ལ་ནི་བྱང་སེམས་ཀྱི་ཉེས་པའི་ཀུན་སློང་དུ་མི་འགྱུར་བར་བཤད་དོ། །སྔ་མ་དེ་དག་ལ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་གསུམ་གསུམ་དུ་བཤད་པ་ཡིན་མོད། ཉེས་བྱས་ཞེ་གསུམ་པོ་རྣམས་ལ་ནི་ཉོན་མོངས་ཆེན་པོས་ཀུན་ནས་བསླང་ཡང་ཉེས་བྱས་ལས་ལྷག་པ་ཉིད་དུ་མི་འགྱུར་བ་ནི་གཞུང་གི་དངོས་བསྟན་ནོ། །དེ་ལ་རང་གི་བློས་བརྟགས་པ་ནི། དེ་ཡང་ལུས་ངག་ཏུ་ཐོན་པའི་ཆ་ནས་དང༌། འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱར་གང་བསྟན་པ་དེའི་ལྡོག་པ་ནས་ཡིན་གྱི། ཉེས་བྱས་དེ་དག་ཀུན་ནས་སློང་བྱེད་ཀྱི་ཡིད་ཀྱི་ཉེས་པའི་ཆ་ནས་སྨོན་སེམས་ཀྱི་འགལ་ཟླར་སོང་བ་དང༌། དེའི་དོན་གྱིས་སྡོམ་པའི་གཏོང་རྒྱུར་སོང་བ་ནི་ཤིན་ཏུ་མང་སྟེ། དཔེར་ན་ཀུན་དཀྲིས་དྲག་པོས་ཐེག་པ་ཆེན་པོའི་ཆོས་སྤངས་པའི་ཡིད་ཀྱི་ཉེས་པ་བཞིན་ནོ། །དེ་དུས་ཀྱི་ངག་གི་རིག་བྱེད་དེ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ལ་ལྟོས་པའི་ཉེས་པར་འཇོག་པ་ཡིན་ནོ། །གཉིས་པ་ཉོན་མོངས་པ་ཅན་མ་ཡིན་པས་ཀུན་ནས་བསླང་བ་ལ་ཡང་གཉིས་ཏེ། ལུང་མ་བསྟན་གྱིས་དང༌། སྙིང་རྗེས་བསླང་བའོ། །དང་པོ་བསྡམ་བྱའི་ཉེས་བྱས་དང༌། ཕྱི་མ་ནི་ལྟུང་མེད་དུ་བཤད་ཟིན་པ་དེ་ཉིད་དོ། །གསུམ་པ་ཉེས་མེད་བསྟན་པས་འཇུག་བསྡུ་བ་ནི། སྙིང་རྗེ་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་པ་སྟེ། མདོ་སྡེ་ལས། བྱང་ཆུབ་སེམས་དཔའི་ཉེས་པ་ནི་ཕལ་ཆེར་ཞེ་སྡང་ལས་འབྱུང་གི འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པ་ཤེས་པར་བྱའོ། །ཞེས་གསུངས་ལ། དོན་ནི་གོང་དུ་བཤད་ཟིན་པ་ཉིད་དོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཚུལ་ལ། གཉིས་ཏེ། སྡོམ་པ་བཏང་བའི་ཕྱིར་འཆོས་པ་དང༌། ཉམས་པ་སོར་ཆུད་པའོ། །དང་པོ་ལ། རྩ་བ་སྨོན་སེམས་ཉམས་པས་བཏང་བ་དང༌། རྩ་བའི་ལྟུང་བ་བྱུང་བས་བཏང་བའོ། །དང་པོ་ལ་ནི་ཐོག་མར་སྨོན་སེམས་བླང་དགོས་ཤིང༌། དེའི་སྔོན་དུ་ཐར་པ་ལས་བློ་ལོག་ནས་སྨོན་སེམས་བཏང་བའི་སྡིག་པ་བཤགས་དགོས་ཏེ། དེ་བཏང་བའི་ཉེས་པ་དེ་ནི་མཚམས་མེད་ལས་ཀྱང་ལྕི་བར་བཤད་པའི་ཕྱིར་དང༌། དེས་ཐར་པ་ཆ་མཐུན་དང་བསོད་ནམས་ཆ་མཐུན་གྱི་ཚོགས་མ་ལུས་པ་འཇོམས་པས་དེའི་ངན་འགྲོ་མུ་མཐའ་མེད་པར་བཤད་པའི་ཕྱིར། སྡིག་པ་དེ་དགེ་བའི་བཤེས་གཉེན་ནམ་རྟེན་གྱི་སྤྱན་སྔར་འགྱོད་སྡོམ་གྱི་སེམས་དྲག་པོ་ཡིད་ལ་ཉེ་བར་བཞག་ནས། ངག་ཏུ། བདག་འདི་ཞེས་བགྱི་བས་བྱང་ཆུབ་ཏུ་སྨོན་པའི་སེམས་བཏང་བའི་ཉེས་པ་དེ་མཐོལ་ལོ་འཆགས་སོ་ཞེས་སོགས་སྔ་མ་བཞིན་དུ་བརྗོད་པ་ལན་གྲངས་ཚད་མེད་པར་བྱ་ཞིང༌། དེའི་འོག་ཏུ་སེམས་ཅན་མང་པོ་ལ་བྱམས་པ་དང་སྙིང་རྗེ་སྦྱིན་པ་རྣམ་བཞི་སོགས་ཀྱི་སྒོ་ནས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སོར་ཆུད་པར་བྱས་ལ། དེ་ནས་བདག་གིས་སེམས་ཅན་མ་ལུས་པའི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་པའི་འདུན་པ་རྩེ་གཅིག་པར་བྱས་པས་ནི་སྨོན་པའི་སེམས་སོར་ཆུད་དོ། །སེམས་བསྐྱེད་འདི་དགེ་བའི་བཤེས་གཉེན་གྱི་མདུན་དུ་ཁས་བླངས་ཀྱང་བར་མ་དགེ་བ་ཡིན་གྱི། སྡོམ་པར་ནི་མི་བཞེད་དེ། ལུགས་འདིར་སྨོན་པའི་སྡོམ་པ་དང་དེ་ལ་ལྟོས་པའི་རྩ་ལྟུང་མ་བཤད་པའི་ཕྱིར་རོ། །ཡང་ཕམ་པ་ལྟ་བུའི་ལྟུང་བས་བཏང་བ་སླར་ལེན་པའི་ཚེ་ཡང་ལུས་ངག་གི་ཉེས་པ་དེ་དང་དེའི་ཀུན་སློང་ཉོན་མོངས་པ་དང་བཅས་པ་ལ་འགྱོད་སྡོམ་གྱི་སེམས་ཉེ་བར་བཞག་པའི་བཤགས་པ་སྔོན་དུ་འགྲོ་དགོས་ཏེ། ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་བཅས་བཞིན་པ་ལ་འཇུག་སྡོམ་མི་སྟེར་བ་དང༌། བླངས་ཀྱང་མི་སྐྱེ་བར་གོང་དུ་བཤད་ཟིན་པའི་ཕྱིར་དང༌། ཟག་པ་འབྲིང་གི་ཉེས་པ་བཤགས་དགོས་པར་བཤད་ན་ཆེན་པོ་ལྟ་ཅི་སྨོས་པའི་ཕྱིར། དེ་ནས་དེའི་འོག་ཏུ་སྡོམ་པ་ལེན་པའི་ཆོ་ག་ནི་སྔ་མ་བཞིན་ནོ། །དེ་ལྟར་བྱང་ས་ལས་འབྱུང་བའི་སེམས་བསྐྱེད་ཀྱི་རྣམ་པར་བཞག་པ་འདི་ལ་ནི་བོད་སྔ་མ་རྣམས་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཅེས་གསུང་ཞིང༌། དེའི་གོ་བ་ཡང་སྨོན་པ་སེམས་བསྐྱེད་ལ་སྡོམ་པ་མི་འཆད་པ་ནི་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དག་གི་ལུགས་ཏེ། སྨོན་པ་བཏང་ནས་ཉན་རང་དུ་སེམས་བསྐྱེད་པ་ལ་རྩ་བའི་ལྟུང་བ་མི་འབྱུང་བར་བཞེད་པའི་ཕྱིར་རོ། །གཉིས་པ་ལ། གསུམ་སྟེ། དང་པོར་ལེན་པའི་ཚུལ། བར་དུ་བསྲུང་བའི་ཚུལ། ཐ་མ་ཕྱིར་འཆོས་པའི་ཚུལ་ལོ། །དང་པོ་ལ། གསུམ་སྟེ། གང་གིས་སྟེར་བ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། གང་ལ་སྟེར་བ་སློབ་མའི་མཚན་ཉིད། ཇི་ལྟར་ནོད་པ་ཆོ་གའི་རྣམ་གཞག་གོ །དང་པོ་ནི། རྟག་པར་དགེ་བའི་བཤེས་གཉེན་ནི། ཐེག་ཆེན་དོན་ལ་མཁས་པ་དང༌། །སྲོག་གི་ཕྱིར་ཡང་མི་བཏང་བ། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །ཅེས་བཤད་པ་དེའོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་བདེ་བར་འདོད་པའི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ཡོད་ན་འགྲོ་བ་རིགས་དྲུག་ཆར་གྱི་རྟེན་ལ་སྐྱེ་བས་སྔ་མ་ལས་རྟེན་གྱི་གང་ཟག་རྒྱ་ཤིན་ཏུ་ཆེ་བའོ། །གསུམ་པ་ལ། སྦྱོར་བ་དང༌། དངོས་གཞི་རྗེས་སོ། །དང་པོ་ལ། ཡན་ལག་རྣམ་པ་བདུན་ལས། དང་པོར་ཕྱག་འཚལ་བ་ནི། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་ནས་ནི་བདག་ཕྱག་འཚལ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་སོགས་རྒྱས་བསྡུས་ཅི་རིགས་པར་བྱའོ། །གཉིས་པ་མཆོད་པའི་ཡན་ལག་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་སོགས་རྒྱས་བསྡུས་ཅི་རིགས་པར་བྱའོ། །གསུམ་པ་སྡིག་པ་བཤགས་པའི་ཡན་ལག་འདི་ནི། རྒྱལ་པོ་སྡིག་ཅན་དང་ཤན་པ་སོགས་རྟེན་དམན་པ་ལ་སྐྱེ་ཞིང་སྟེར་བར་ཡང་བཤད་ལ། དེའི་ཚེ་སྡིག་བཤགས་རྒྱས་པར་སྔོན་དུ་འགྲོ་བ་གལ་ཆེ་བ་ཡིན་ཏེ། དེ་མ་བཤགས་པར་ནི་མཐའ་དག་བསྒྲལ་འདོད་ཀྱི་བློ་མི་འབྱུང་བས་སྨོན་པའི་སྡོམ་པ་ཙམ་ཡང་མི་སྐྱེ་བའི་ཕྱིར་རོ། །དེས་ན་འདི་ལྟར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོར་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་དག་པས་མགོན་ལ་བཤགས། །ཞེས་པ་ནས། འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་པའི་བར་གྱི་དོན་རྒྱས་པར་བཤད་ནས་བློ་སྦྱང་བར་བྱའོ། །བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་ནི། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་པ་ནས། སེམས་ཅན་ཐམས་ཅད་བདེ་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་བསམ་པ་དག་པ་ནས་བརྗོད་དོ། །དེས་ནི་བྱེ་བྲག་ཏུ་ཕྲག་དོག་གི་སྒྲིབ་པ་འདག་པར་འགྱུར་རོ། །ཡན་ལག་ལྔ་པ་ནི། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མ་སྦར་དུ་གསོལ། །ཞེས་བརྗོད་པས་ནི་ཆོས་སྤོང་གི་ཉེས་པ་འདག་པར་བྱེད་དོ། །ཡན་ལག་དྲུག་པ་ནི། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལོངས་པར་མི་འགོད་ཅིང༌། །བསྐལ་པ་གྲངས་མེད་བཞུགས་སུ་གསོལ། །ཞེས་བརྗོད་པ་ནི་སངས་རྒྱས་ལ་མ་དད་པའི་ཉེས་པ་སེལ་བར་བྱེད་དོ། །ཡན་ལག་བདུན་པ་ནི། དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་འདི་དག་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་པ་ནས། ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་མཚོའི་གཞིར་ཡང་ཤོག །ཅེས་པ་ནི་བསྔོ་བའི་ཡན་ལག་ཏེ། འདི་དང་ཕྱག་མཆོད་གསུམ་གྱིས་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་མངོན་པར་འདུ་བྱེད་དོ། །བཟང་སྤྱོད་དུ་བསྔོ་བའི་ཡན་ལག་སྨོན་སེམས་ལ་བཤད་ཀྱང༌། འདིར་ནི་འཇུག་པའི་ཕྱོགས་ཀྱི་སྨོན་ལམ་བཏབ་པའོ། །དེའི་ཤེས་བྱེད་ཀྱང་སྨོན་པ་ནི་སྡོམ་པའི་ངོ་བོ་ཉིད་དུ་འགྱུར་བ་ལ་དགོངས་པའོ། །གཉིས་པ་དངོས་གཞི་ནི། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་དགེ་བའི་བཤེས་གཉེན་ནམ་རྟེན་གསུམ་གྱི་སྤྱན་སྔར་ཡན་ལག་བདུན་པོའི་དོན་དྲན་བཞིན་པའི་ངང་ནས། རང་གི་འབྱོར་ཚོགས་དང་མཐུན་པར་ཡིད་འཁུལ་ངེས་ཀྱི་མཆོད་པ་བཤམས་ནས་ཚིག་འདི་སྐད་དུ། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་པ་ན་ཐ་མལ་སྡོམ་པ་སྐྱེས་པ་ཡིན་ལ། དེ་ཡང་དབང་པོ་རབ་ཏུ་གྱུར་པ་ལ། སྨོན་འཇུག་གཉིས་ཀའི་སྡོམ་པ་ཅིག་ཆར་དུ་སྐྱེས་ཤིང༌། བློ་ཇི་ལྟར་དམའ་ཡང་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་སྐྱེས་པར་འཆད་དགོས་པ་ཡིན་ནོ། །གསུམ་པ་འཇུག་གི་བྱ་བ་ལ། གཉིས་ཏེ། རང་དགའ་བ་སྒོམ་པ་དང༌། གཞན་དགའ་བ་སྒོམ་དུ་འཇུག་པའོ། །དང་པོ་ནི། དེང་དུ་བདག་ཚེ་འབྲས་བུ་ཡོད། །མིའི་སྲིད་པ་ལེགས་པར་ཐོབ། །སངས་རྒྱས་སྲས་སུ་དེང་བདག་གྱུར། །ཞེས་བརྗོད་དོ། །གཉིས་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེར་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པའོ། །གཉིས་པ་བར་དུ་བསྲུང་བའི་ཚུལ་ལ། གཉིས་ཏེ། མཐུན་རྐྱེན་བསྟེན་པ་དང༌། འགལ་རྐྱེན་སྤང་བའོ། །དང་པོ་ནི། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་མི་ཉམས་པར་བསྲུང་བ་དང༌། དགེ་བའི་བཤེས་གཉེན་བསྟེན་པ་དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀློག་པ་དང༌། ཟག་པ་དང་བཅས་པའི་གནས་ལས་སེམས་བསྲུང་ཞིང༌། རྒྱུན་དུ་བག་ཡོད་བསྟེན་པ་ལ་འགྲུས་པར་བྱ་དགོས་ཏེ། ཇི་སྐད་དུ། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོངས་མི་ནུས། །ཞེས་གསུངས་སོ། །གཉིས་པ་ལ། གཉིས་ཏེ། རྩ་ལྟུང་གི་རྐང་གྲངས་ངོས་བཟུང་བ་དང༌། ཡན་ལག་གི་ཉེས་པ་སྤོང་ཚུལ་མདོར་བསྡུས་པའོ། །དང་པོ་ནི། བསླབ་བཏུས་ལས། ཇི་སྐད་དུ། རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་བཟུང་བ་དང༌། འགའ་ཞིག་གི་ལུགས་གནས་པར་བྱ་བའི་ཕྱིར་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ། །དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང༌། །ངུར་སྨྲིག་འཕྲོག་དང་རྡེག་པ་དང༌། །བཙོན་རར་འཇུག་པར་བྱེད་པ་དང༌། །རབ་ཏུ་བྱུང་ལས་འབེབས་པ་དང༌། །མཚམས་མེད་ལྔ་པོ་བྱེད་པ་དང༌། །ལོག་པར་ལྟ་བ་འཛིན་པ་དང༌། །གྲོང་ལ་སོགས་པ་འཇིག་པ་ཡང༌། །རྩ་བའི་ལྟུང་བར་རྒྱལ་བས་གསུངས། །བློ་སྦྱངས་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང༌། །སངས་རྒྱས་ཉིད་ལ་ཞུགས་པ་དང༌། །རྫོགས་པའི་བྱང་ཆུབ་ཟློག་པ་དང༌། །སོ་སོར་ཐར་པ་ཡོངས་སྤངས་ཏེ། །ཐེག་པ་ཆེ་ལ་སྦྱོར་བ་དང༌། །སློབ་མའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང༌། །རང་གི་ཡོན་ཏན་བརྗོད་པ་དང༌། །རྙེད་པ་དང་ནི་བཀུར་སྟི་དང༌། །ཚིགས་བཅད་རྒྱུ་ཡིས་གཞན་སྨོད་དང༌། །བདག་ནི་ཟབ་མོ་བཟོད་པའོ་ཞེས། །ལོག་པ་ཉིད་ནི་སྨྲ་བ་དང༌། །དགེ་སྦྱོང་ཆད་པས་གཅོད་འཇུག་དང༌། །དཀོན་མཆོག་གསུམ་གྱི་སྦྱིན་བྱེད་དང༌། །སྦྱིན་པ་ལེན་པར་བྱེད་པ་དང༌། །ཞི་གནས་འདོར་བར་བྱེད་པ་དང༌། །ཡང་དག་འཇོག་གི་ལོངས་སྤྱོད་ནི། །ཁ་བཏོན་བྱེད་ལ་སྦྱིན་པ་རྣམས། །དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །བྱང་ཆུབ་སེམས་ནི་ཡོངས་འདོར་དང༌། །ཆགས་དང་སེར་སྣ་མི་བཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང༌། །སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་རྡེག་པ་དང༌། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་བརྗོད་པའོ། །ཞེས་གསུངས་སོ། །འདིའི་དོན་ལ། གསུམ་སྟེ། རྩ་ལྟུང་གི་རྐང་གྲངས། ལུང་གང་ལས་འབྱུང་བ། ལྟུང་བ་དེ་སྡོམ་པའི་གཏོང་རྒྱུ་ཡིན་མིན་གྱི་དཔྱད་པའོ། །དང་པོ་ནི། བོད་སྔ་མ་རྣམས་བྱང་ཆུབ་སེམས་དཔའི་རྒྱལ་པོ་ལ་འབྱུང་བའི་ལྟུང་བ་ལྔ། བློན་པོ་ལ་འབྱུང་བ་དྲུག ལས་དང་པོ་པ་ལ་འབྱུང་བ་བརྒྱད་དེ་བཅུ་དགུ་ཡིན་ནོ། །ཞེས་སོགས་རྣམ་གྲངས་དུ་མས་འཆད་མོད། རྐང་གྲངས་བཅུ་བཞིར་འདུས་པ་ཡིན་ཏེ། རྒྱལ་བློན་གཉིས་ཀ་ལ་ཐུན་མོང་བ་བཞི་དང༌། ཐུན་མོང་མ་ཡིན་པ་རེ་རེ་སྟེ་དྲུག །ལས་དང་པོ་པའི་བརྒྱད་རྣམས་སོ། །རྟེན་གྱི་གང་ཟག་འདི་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། སོ་སོར་ངེས་པ་ནི་མ་ཡིན་ཏེ། བྱང་སེམས་ཀྱི་སྡོམ་པ་སྤྱི་ལ་ལྟོས་པའི་སྤང་བྱ་ཡིན་པས་སོ། །རྐང་གྲངས་ཀྱི་དབྱེ་བསྡུ་ཡང་ཀུན་སློང་གཅིག་པ་རྣམས་གཅིག་ཏུ་བསྡུས་པའོ། །གཉིས་པ་ནི། བཅུ་བཞི་པོའི་ནང་ནས་བཅུ་གསུམ་ནི་ཐོགས་མེད་ཀྱི་བཞེད་པ་དང་མ་འདྲེས་པ་ཡིན་ལ། རང་གི་ཡོན་ཏན་བརྗོད་པ་དང༌། ཞེས་སོགས་རྐང་པ་གསུམ་ནི་བྱང་ས་དང་ཐུན་མོང་གི་བཤད་པའོ། །དེ་དག་ཀྱང་ནམ་མཁའི་སྙིང་པོའི་མདོ་ལས་བྱང་སེམས་སོ་སྐྱེའི་རྩ་བའི་ལྟུང་བར་གསུངས། བྱང་ཆུབ་སེམས་ནི་ཞེས་སོགས་ཀྱིས་བསྟན་པའི་ལྟུང་བ་བཞི་ནི་མདོ་གཞན་དང་བསྟན་བཅོས་མཛད་པའི་སློབ་དཔོན་གཞན་གྱི་ལུགས་ཡིན་ལ། དེ་ཡང་འདི་ལྟར། བྱང་ཆུབ་ཀྱི་སེམས་གཏོང་བ་རྩ་བའི་ལྟུང་བ་ཡིན་པར་ནི་ཐབས་ལ་མཁས་པའི་མདོ་ལས་གསུངས་པ་ཡིན་པར་བཤད་ལ། ལྷག་མ་གསུམ་ནི་ཐོགས་མེད་ཞབས་ཀྱི་ལུགས་སུ་བྱང་ཆུབ་སེམས་དཔའི་ས་ལས་འབྱུང་བ་དེ་ཉིད་དོ། །གལ་ཏེ་འོ་ན། ཆགས་དང་སེར་སྣ་ཞེས་སོགས་ཀྱིས་བསྟན་པའི་ལྟུང་བ་གསུམ་པོ་དེ་རྩ་བའི་ལྟུང་བར་འཆད་དམ་ཞེ་ན། དེར་ཁས་ལེན་པ་ཡིན་ཏེ། གོང་དུ་དྲངས་པའི་མདོར་བསྟན་གྱི་ལུང་ལས་གསལ་བས་སོ། །དེའི་ཕྱིར་ཐོགས་མེད་ཞབས་ཀྱིས་རྩ་ལྟུང་དུ་བཤད་པ་རྣམས་ལུགས་འདིའི་ཡང་རྩ་བའི་ལྟུང་བར་བཞེད་ལ། འདི་ནས་བཤད་པ་དག་ནི་དེར་མ་འདུས་ཏེ། བྱང་ཆུབ་ཀྱི་སེམས་འདོར་བ་རྣམས་འདིར་ནི་སྨོན་སེམས་ཀྱི་སྡོམ་པའི་ལྟུང་བར་བཤད་པས་སོ། །གསུམ་པ་ནི། ལུགས་འདིར་རྩ་བའི་ལྟུང་བ་ལ་ཀུན་སློང་དྲག་ཞན་གྱིས་འབྱེད་པ་ནི་མ་བཤད་མོད་ཀྱང༌། ཉོན་མོངས་ཅན་གྱིས་ངེས་པར་སློང་དགོས་པ་ནི་ཡིན་ཏེ། བྱ་བ་མ་ཡིན་པ་བྱེད་པའི་ཆ་ནས་ལྟུང་བར་འཇོག་དགོས་པས་སོ། །ཉོན་མོངས་པ་དེ་ཡང་དུག་གསུམ་ལས་ནང་སེམས་ཅན་ལ་ཆགས་པ་ཙམ་ནི་རྩ་ལྟུང་ཀུན་ནས་སློང་བྱེད་དུ་མི་འཇོག་སྟེ། དེས་ནི་སེམས་ཅན་སྡུད་པར་བྱེད་ཀྱི་དེ་དང་འགལ་བར་མི་བྱེད་པས་སོ། །ཕྱི་རོལ་ཡོ་བྱད་ལ་ཆགས་པས་ནི་བརྒྱུད་ནས་ལྟུང་བ་སློང་ནུས་པར་མ་ཟད་དངོས་སུ་ཡང་སློང་ནུས་པར་བཤད་པ་དེ་ཉིད་ཡིན་ལ། མདོར་ན་སྨོན་སེམས་གཏོང་བྱེད་དུ་མ་གཏོགས་པའི་ཉོན་མོངས་པ་དྲག་ཞན་གང་གིས་ཀུན་ནས་བསླང་བ་ཡིན་ཀྱང་རྩ་བའི་ལྟུང་བར་བཤད་པ་དེ་དག་གིས་ནི་ཐུན་ཚོད་ལས་འདས་ན་འཇུག་པའི་སྡོམ་པ་གཏོང་བ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོ་ཉིད་ལས། སྔོན་བསྐྱེད་པའི་དགེ་བའི་རྩ་བ་ཐལ་བ་བཞིན་དུ་ཀློག་སྟེ། ཞེས་བཤད་པ་དང༌། ཐོགས་མེད་ཞབས་ཀྱིས་ཀྱང་རྩ་ལྟུང་གང་ཡིན་ཐམས་ཅད་ཀྱང་འཇུག་སྡོམ་གཏོང་བྱེད་དུ་བཤད་པ་དང་ཆ་འདྲ་བས་སོ། །དེ་ལྟ་ནའང་སྨོན་པའི་སྡོམ་པ་ནི་མི་གཏོང་སྟེ། སེམས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མ་ལོག་གི་བར་དེ་སྲིད་དུ་དེ་གཏོང་བར་མི་ནུས་པས་སོ། །བྱང་ཆུབ་ཀྱི་སེམས་འདོར་བ་ཞེས་བྱ་བའི་ལྟུང་བ་དེས་ནི་ཐུན་ཚོད་འདས་ན་སྡོམ་པ་རིལ་གྱིས་གཏོང་སྟེ། སྨོན་པ་བཏང་བ་ན་འཇུག་པའི་གནས་མེད་པས་སོ། །རྩ་ལྟུང་གཞན་དག་གིས་སྨོན་པ་མི་གཏོང་ན་མདོ་དང་གཞུང་ལས་དགེ་བའི་རྩ་བ་འཆད་པར་བཤད་པ་དེ་ཅི་ཞེ་ན། དེ་ནི་སྤྱིར་དགེ་བ་སྦྱོར་བྱུང་དང་བྱེ་བྲག་ཏུ་སྔོན་བྱང་སེམས་ཀྱི་བསླབ་བྱ་ལ་བསླབ་པའི་དགེ་རྩ་ལ་འཆད་དགོས་པ་ཡིན་ཏེ། སྔོན་བསྐྱེད་པའི་དགེ་བའི་རྩ་བ་ཞེས་བཤད་པའི་ཕྱིར་དང༌། དགེ་བ་སྐྱེས་ཐོབ་ནི་ལོག་ལྟ་མ་ཡིན་པས་འཇོམས་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་དུ། ནམ་མཁའི་སྙིང་པོའི་མདོ་དེ་ནི། །ཐོག་མ་ཉིད་དུ་བལྟ་བར་བྱ། །གང་ཕྱིར་རྟག་ཏུ་སྤྱད་པ་ནི། །དེ་ལས་རྒྱ་ཆེར་རབ་སྟོན་པས། །བསླབ་པ་ཀུན་ལས་བཏུས་པ་ཡང༌། །ངེས་པར་ཡང་དང་ཡང་དུ་བལྟ། །ཞེས་པ་ནས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་ངོ༌། །གསུམ་པ་ཉམས་པ་ཕྱིར་འཆོས་པའི་ཚུལ་ལ། གཉིས་ཏེ། ཉམས་བྱེད་ཀྱི་ཉེས་པ་བཤགས་པའི་ཚུལ་དང༌། བཏང་བ་སླར་ཡང་ལེན་པའི་ཚུལ་ལོ། །དང་པོ་ནི། བསླབ་བཏུས་ལས། ཇི་སྐད་དུ། འདི་དག་གིས་ངེས་པར་འབྱུང་བ་ཡང་མདོ་འདི་ལས་གསུངས་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོའི་མིང་ཐོས་ནས་ལྟུང་བ་མ་བཤགས་ན་ངན་སོང་དུ་ལྟུང་བས་འཇིགས་པའི་ཕྱིར་ནམ་མཁའི་སྙིང་པོ་མཐོང་བར་འདོད་ཅིང་རྩ་བའི་ལྟུང་བ་འཆགས་པར་འདོད་པ་དེས། ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་བརྗོད་ན་སྐལ་བ་ཇི་ལྟ་བ་བཞིན་དུ་དེ་རང་གི་གཟུགས་ཀྱིས་གནས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་མདུན་དུ་བྲམ་ཟེའི་གཟུགས་སམ་བུ་མོའི་གཟུགས་ཀྱིས་ལྟུང་བ་དེ་འཆགས་སུ་འཇུག་གོ །ཐེག་པ་ཆེན་པོ་ལ་སྤྱོད་པ་ཡང་ཉེ་བར་སྟོན་ཏོ། །ཕྱིར་མི་ལྡོག་པའི་སའི་བར་ལ་ཡང་རབ་ཏུ་འཇོག་གོ །དེ་ལྟར་ན་ནམ་མཁའི་སྙིང་པོ་ནི་ཐབས་དང་ཡེ་ཤེས་དང་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །ཞེས་སོ། །དེ་ལྟ་བུའི་གཟུགས་ཀྱིས་མ་མཐོང་ན་ཇི་ལྟར་བྱ་བ་ནི། མདོ་དེ་ཉིད་ལས། ཇི་སྐད་དུ། གསོལ་བ་འདེབས་པ་གང་ཡིན་པ་དེ་དག་ལ་མངོན་སུམ་དུ་སྟོན་པར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེ་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ། མཆོད་པ་བཤམས་ནས་ལྷའི་བུ་སྐྱ་རེངས་ལ་གསོལ་བ་གདབ་པར་བྱ་སྟེ། ཚིག་འདི་སྐད་དུ། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་སྐལ་བ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང༌། ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་བརྗོད་ནས་དེའི་ཚེ་མལ་དུ་གཉིད་ལོག་པར་བྱ་སྟེ། འཛམ་བུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། དེ་གཟུགས་ཀྱིས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་གཞུག་གོ །ཞེས་གསུངས། འདི་ནི་སྐྱ་རེངས་ལ་ནམ་མཁའི་སྙིང་པོའི་དྲུང་དུ་འཕྲིན་པའི་ཚུལ་དུ་བསྐུལ་བ་ཡིན་ལ། ཉེས་པ་འདག་པའི་ཐབས་མངོན་སུམ་མམ་རྨི་ལམ་དུ་སྟོན་རྒྱུ་ནི་ཟབ་པ་ཤེས་རབ་དང་ཐབས་རྒྱ་ཆེ་བའོ། །དང་པོ་ནི། སྟོང་པ་ཉིད་སྟོན་པའོ། །གཉིས་པ་ནི། འགྱོད་སྡོམ་ཡིད་ལ་བཞག་ནས་ངག་ཏུ་མཐོལ་བཤགས་ཀྱི་ཚིག་བརྗོད་པའོ། །དེ་དག་ནི་ཇི་སྐད་དུ། རྨི་ལམ་འཕགས་པ་ནམ་སྙིང་པོའོ། །ཞེས་སོགས་ཀྱི་དོན་ཡིན་ལ། ཉེས་པ་བཤགས་ཚུལ་འདི་ནི་གཞན་ལས་ཟབ་ཅིང་སྟོབས་ཆེ་བ་ཡིན་ཏེ། གཙོ་བོར་སྟོང་པ་ཉིད་ཀྱི་དབང་དུ་བྱས་པའོ། །ཆོས་བཞི་བསྟན་པའི་མདོ་ལས་འདི་ལྟར་གསུངས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་དང༌། གཉེན་པོ་ཀུན་དུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི། མི་དགེ་བའི་ལས་སྤྱད་པ་དེ་ལ་འགྱོད་པ་མང་བ་ཡིན་ནོ། །གཉེན་པོ་ཀུན་ཏུ་སྤྱོད་པ་ནི། མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ལ་ཤིན་ཏུ་བརྩོན་པའོ། །ཉེས་པ་ལས་ལྡོག་པའི་སྟོབས་ནི། སྡོམ་པ་ཡང་དག་པར་བླངས་ནས་མི་བྱེད་པའི་སྡོམ་པ་ཐོབ་པའོ། །རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། རྟེན་དེ་སྟོབས་དང་ལྡན་པ་ལ་ནི་སྡིག་པས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །ཞེས་གསུངས། སྟོབས་བཞི་པོ་དེའི་ནང་དུ་ནི་ཉེས་པ་བཤགས་པ་དང་སྡོམ་པ་སོར་ཆུད་པ་གཉིས་ཀ་འདུས་པ་ཡིན་ཏེ། སྔ་མ་གཉིས་ཀྱི་ཉེས་པ་དག་བྱེད་དང༌། ཕྱི་མ་གཉིས་ཀྱིས་སྡོམ་པ་བླངས་ནས་བསྲུང་ཐབས་བསྟན་པས་སོ། །གཉིས་པ་བཏང་བ་ལེན་པའི་ཚུལ་ལ། གཉིས་ཏེ། རྩ་ལྟུང་བཅུ་བཞི་དང་བྱང་སའི་གསུམ་གྱིས་འཇུག་སྡོམ་བཏང་བ་སླར་ལེན་པའི་ཚུལ་དང༌། བྱང་ཆུབ་སེམས་འདོར་གྱིས། སྨོན་སེམས་བཏང་བ་སླར་ཡང་ལེན་པའི་ཚུལ་ལོ། །དང་པོ་ལ། ཉེས་པ་བཤགས་པ་དང༌། སྡོམ་པ་ལེན་པའོ། །དང་པོ་ནི། འགྱོད་སྡོམ་གྱི་ཡིད་སྔོན་དུ་བཏང་ནས་ཕུང་པོ་གསུམ་པའི་མདོ་འདོན་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། སྨོན་པའི་སེམས་ཡང་དང་ཡང་དུ་གོམས་པར་བྱེད་པ་སྟེ། ཇི་སྐད་དུ། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང༌། །རྒྱལ་དང་བྱང་ཆུབ་སེམས་བསྟེན་པས། །ལྟུང་བའི་ལྷག་མ་དེ་ཞི་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། རྩ་ལྟུང་གི་ཐུན་ཚོད་འདས་ན། དེ་ལྟར་གཤེགས་པས་མཚོན་པའི་ཡན་ལག་བདུན་པ་སྔོན་དུ་བཏང་ནས་བཤེས་གཉེན་ནམ་རྟེན་གྱི་དྲུང་དུ། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་གནས་པ་ལྟར། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་པས་སྡོམ་པ་སླར་སྐྱེས་པ་ཡིན་ནོ། །གཉིས་པ་ཡང༌། ཉེས་པ་བཤགས་ཚུལ་དང༌། སྡོམ་པ་ལེན་པའི་ཚུལ་ལོ། །དང་པོ་ལ། ཉེས་པ་འདི་ནི་ཤིན་ཏུ་ལྕི་བ་ཡིན་ཏེ། ཇི་སྐད་དུ། འདི་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་སོ། །དག་བྱེད་ཀྱི་ཐབས་ལ་ཉེས་པ་རང་གི་ངོ་བོ་རང་གི་ངོ་བོ་དག་བྱེད་དང་རྣམ་སྨིན་དག་བྱེད་གཉིས་ལས། དང་པོ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་ཡང་དང་ཡང་དུ་གོམས་པ་ཉིད་ཡིན་ལ། གཉིས་པ་ནི། བདག་མེད་མངོན་སུམ་དུ་རྟོགས་པའོ། །གཉིས་པ་སླར་ལེན་པའི་ཚུལ་ནི། སེམས་གཏོང་གིས་ཐུན་ཚོད་འདས་པ་ལ། འགྱོད་སྡོམ་ཉེ་བར་བཞག་ནས་བཤགས་པས་མཚོན་པའི་ཡན་ལག་བདུན་པོ་སྔོན་དུ་བཏང་ནས་ཚིག་འདི་སྐད་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་བརྗོད་པ་དང༌། འཇུག་ནི་སྔ་མ་བཞིན་ནོ། །འདིས་སྨོན་སེམས་སོར་ཆུད་ཅིང་སྤྱིར་ཉེས་པ་མང་པོ་འདག་པར་ནི། ཇི་སྐད་དུ། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་པ་ཡིན་མོད་ཀྱང༌། སྔར་སེམས་བསྐྱེད་བཏང་བའི་རྣམ་སྨིན་ངན་སོང་དུ་སྐྱེ་ངེས་ཀྱི་ལས་བསགས་པ་ཐམས་ཅད་ནི་དེས་སྦྱོང་ནུས་པ་མ་ཡིན་ཏེ། གཞན་དུ་ན་སྨོན་སེམས་ཀྱི་སྡོམ་པ་དང་བཅས་བཞིན་དུ་ངན་སོང་དུ་སྐྱེ་བའི་ལས་སོག་པ་མེད་པར་ཐལ་བ་དང༌། དེ་ཡང་མེད་ན་ནི་རྒྱལ་པོ་ནས་ཤན་པའི་བར་སྡོམ་མིན་ཅན་དག་གིས་སྨོན་སེམས་བསྲུང་ནུས་པར་བཤད་པ་དང་འགལ་བ་དང༌། ལུང་ལས་ཀྱང་དེ་ལྟར་ལྟུང་བ་སྟོབས་ལྡན་དང༌། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་འབྱུང་བ་དེའི་གོ་བ་ཡང༌། སྨོན་སེམས་ལན་དུ་མར་བཏང་ནས་དུ་མར་བླངས་ཀྱང་སྐྱེ་བ་ནི་ཡིན་མོད། སེམས་བསྐྱེད་བཏང་བའི་རྣམ་སྨིན་ངན་སོང་དུ་སྐྱེ་ངེས་དེ་སེམས་བསྐྱེད་པ་ཙམ་གྱི་འབྱིན་མི་ནུས་པ་ལ་དགོངས་པའོ། །དེས་ན་སྨོན་སེམས་ཐུན་གཅིག་གིས་ཀྱང་མཚམས་མེད་པ་ལྔ་ལྟ་བུའི་སྡིག་པ་འབྱང་བར་ནུས་ཀྱང༌། སྨོན་སེམས་བཏང་བའི་རྣམ་སྨིན་འབྱིན་མི་ནུས་པ་ནི། ཇི་སྐད་དུ། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །ཞེས་སོགས་འཐད་པ་དང་བཅས་པའི་ལུང་ལས་ཤེས་ཤིང༌། དེ་ལྟར་ཤེས་པ་ན་སེམས་མ་སྐྱེད་པའི་གང་ཟག་གིས་བྱས་པའི་སྡིག་པ་མཐའ་དག་ལས་ལྕི་བ་ཞིག་བྱང་སེམས་ལས་དང་པོ་པ་ལ་འབྱུང་བར་བཤད་དེ། དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་དང༌། རིགས་པ་ཡང༌། བླ་ན་མེད་པའི་དགེ་བ་ལ་འགྲོ་བ་ཐམས་ཅད་མགྲོན་དུ་བོས་པ་བསླུས་པའི་སྡིག་པ་ལས་ལྕི་བའི་ཉེས་པ་ནི་མི་སྲིད་ལ། དེ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་ལ་མི་འབྱུང་བའི་ཕྱིར། དཔེར་ན། ཁྱིམ་པ་ལས་ལྕི་བའི་སྡིག་པ་རབ་བྱུང་ལ་འབྱུང་སྲིད་པ་ཡང་དགེ་འདུན་དབྱེན་དང་ཆོས་སྤོང་གི་ལས་བཞིན་ནོ། །དེ་བས་ན་སེམས་བསྐྱེད་ནས་ཀྱང་རྣམ་སྨིན་དེ་ཟད་པར་བྱེད་པའི་ཐབས་སུ་ནི་གཙོ་ཆེར་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཐོས་བསམ་སྒོམ་གསུམ་གང་རུང་གིས་བསྡུས་པ་དག་རང་རྒྱུད་ལ་སྐྱེད་པ་དང༌། ཕུང་པོ་གསུམ་པའི་མདོ་དང་དེ་བཞིན་གཤེགས་པའི་ཡིག་བརྒྱ་དང་ནམ་སྙིང་གི་མདོ་ལས་འབྱུང་བའི་སྡུག་བསྔལ་ཞི་བར་བྱེད་པའི་གཟུངས་སྔགས་དང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་འབྱུང་བའི་བདུད་ཚར་གཅོད་ཅིང་ཉོན་མོངས་སེལ་བའི་གཟུངས་སྔགས་སུ་བཤད་པ་དེ་དག་གི་བཟླས་བརྗོད་ལ་འབད་པར་བྱའོ། །དེ་ལྟར་བཤད་པ་ན་སྨོན་སེམས་མ་བཏང་ན་འཇུག་སེམས་ཀྱི་གཏོང་རྒྱུར་བཤད་པ་དེ་དག་གི་ཉེས་པ་ནི་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱི་སྨོན་པའི་སེམས་བསྐྱེད་པ་ཙམ་གྱིས་འདག་པར་གྲུབ་བོ། །གསུམ་པ་ལ། རང་གིས་བརྟགས་པའི་འཐད་པ་དང༌། ལྟ་བའི་ཁྱད་པར་ལས་སོ་སོར་འབྱེད་པའི་དགོངས་དོན་བསམ་པ། སྔགས་ལུགས་ཀྱི་སེམས་བསྐྱེད་ལེན་ཚུལ་ལུགས་གཉིས་པོ་གང་དང་མཐུན་དཔྱད་པའོ། །དང་པོ་ནི། ལུགས་གཉིས་པོའི་རྩ་བའི་ལྟུང་བ་ལ་མང་ཉུང་གི་ཁྱད་པར་དང༌། ལེན་པའི་རྟེན་གྱི་གང་ཟག་ལ་རྒྱ་ཆེ་ཆུང་གི་ཁྱད་པར་སོགས་མང་པོ་པ་དེ་དག་གི་རྩ་བ་ནི་སྡོམ་པའི་ངོ་བོ་ལ་རྒྱ་ཆེ་ཆུང་གི་ཁྱད་པར་བཞེད་པས་རབ་ཏུ་ཕྱེ་བ་ཡིན་ལ། ཁྱད་པར་དེ་ཡང་གང་ཞེ་ན། ལུགས་སྔ་མས་ནི་སྨོན་པའི་སྡོམ་པ་གཞུང་དུ་མ་བཤད་ཅིང༌། དེའི་དོན་གྱིས་དེ་ལ་ལྟོས་པའི་ལྟུང་བ་དང་ཁྱད་པར་གྱི་བསླབ་བྱ་ལ་སློབ་ཚུལ་རྒྱས་པར་མ་གསུངས་སོ། །སྨོན་སེམས་བཏང་བ་སྡོམ་པའི་གཏོང་རྒྱུར་བཤད་ཀྱང་ལྟུང་བ་མ་བཤད་པ་ཡང་དོན་དེ་ལ་ཐུག་ཅིང༌། རྩ་བའི་ལྟུང་བ་དང་བྱང་ཆུབ་སེམས་གཏོང་གང་གིས་སྡོམ་པ་གཏོང་ཡང་ཐུན་ཚོད་འདས་པ་ལ་ལྟོས་པའི་བཤད་པ་བསླབ་བཏུས་ལས་འབྱུང་བ་ལྟར་ལུགས་སྔ་མ་ལ་མེད་དོ། །དེའི་ཕྱིར་སྡོམ་ལྡན་གྱི་བྱང་སེམས་ལས་དང་པོ་པ་ལ་རང་ཉིད་ཞི་བདེ་དོན་གཉེར་གྱི་བསམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་ལན་གཅིག་སྐྱེས་པ་ན་ཐུན་ཚོད་མ་འདས་ཀྱང་སྡོམ་པ་གཏང་ཟིན་པ་ཉིད་ཀྱི་ཕྱིར་སྡོམ་པ་དང་མི་ལྡན་པ་ལ་སེམས་གཏོང་གི་ལྟུང་བ་རྒྱུད་ལ་ལྡན་པའི་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །ལུགས་ཕྱི་མ་ལ་ནི་དམན་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཀྱང་ཐུན་ཚོད་མ་འདས་ན་བྱང་ཆུབ་སེམས་དཔའི་སྡོམ་ལྡན་དུ་བཞག་པ་དེའི་ཚེ་བྱང་ཆུབ་ཀྱི་སེམས་བཏང་བའི་ཉེས་པ་དེ་སྡིག་པ་ཤིན་ཏུ་ལྕི་བར་འཆད་དགོས་པ་ཡིན་ནོ། །བྱང་ཆུབ་སེམས་དཔར་ཁས་བླངས་ནས་མཐའ་ཡས་པའི་སེམས་ཅན་ཡལ་བར་དོར་བའི་ཕྱིར་དང༌། རྟེན་དེ་ལ་སྡོམ་པའི་གཏོང་རྒྱུ་མ་བྱུང་བས་སྡོམ་ལྡན་དུ་ཡང་འཆད་པའི་ཕྱིར། དེས་ན་ལུགས་སྔ་མས་བྱང་སེམས་ཀྱི་སྡོམ་ལྡན་ལས་དང་པོ་པ་དམན་པར་སེམས་བསྐྱེད་པ་དེས་ངན་འགྲོ་མུ་མཐའ་མེད་པ་ལ་སོགས་པའི་སྡིག་ལྟུང་བསགས་པར་མི་བཞེད་དེ། དེ་འདྲ་དེས་འཁོར་བ་སྤངས་པའི་མྱང་འདས་མྱུར་བ་ཉིད་ཀྱིས་མངོན་དུ་བྱེད་པར་བཞེད་པའི་ཕྱིར་རོ། །སྨོན་སེམས་བཏང་བ་ཙམ་གྱིས་སྡིག་པ་སྟོབས་པོ་ཆེ་སོག་མི་སོག་ཅི་རིགས་སུ་བཤད་པ་དེ་ནི་མདོ་ཐ་དད་ཀྱི་དགོངས་པ་ཡིན་པར་ཞི་བའི་ལྷས་བཞེད་དེ། ཇི་སྐད་དུ། མི་གང་བྱང་ཆུབ་སེམས་བཏང་ཡང༌། །དེ་ལས་ཐར་བར་མཛད་པ་ནི། །ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེས་གསུངས་སོ། །འོ་ན་ལུགས་སྔ་མས། ཇི་སྐད་དུ། བསྐལ་པ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་བཤད་པ་དེ་ཁས་མི་ལེན་ནམ་ཞེ་ན། དེ་ནི་སྨོན་པའི་སྡོམ་པ་ཡང་དག་པར་བླངས་པའི་དབང་དུ་བྱས་པར་བཞེད་ཅེས་འཆད་དགོས་པ་ཡིན་ལ། བྱང་ས་ལས་ནི་སྡོམ་པ་དེ་ལེན་པའི་ཆོ་ག་མ་གསུངས་སོ། །ལུགས་ཕྱི་མ་ལ་ནི་རྩ་བའི་ལྟུང་བ་ཙམ་དུ་འགྱུར་བ་ནི་ཐུན་ཚོད་ལ་མི་ལྟོས་ཏེ། ལྟུང་བ་བསྐྱེད་པ་དེ་ལ་རྟེན་སྡོམ་ལྡན་དགོས་པའི་ཕྱིར། སྡོམ་པ་གཏོང་བ་ལ་ནི་ལྟུང་བ་དེ་ཐུན་ཚོད་ལས་འདས་པ་དགོས་ཏེ། བསླབ་བཏུས་སུ་མདོ་དྲངས་པ་ལས། ཉེ་བ་འཁོར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་ཡང་ཕྱེ་བའི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ན་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །དེ་བཞིན་དུ་ཕྱེའི་དུས་བྱུང་བ་ཕྱི་འཕྲེད་ཀྱི་དུས་སུ་དང་དེར་བྱུང་བ་སྲོད་ཀྱི་དུས་སུ་དང་དེར་བྱུང་ནམ་ཕྱེད་ཀྱི་དུས་སུ་དང་དེར་བྱུང་བ་ཐོ་རངས་ཀྱི་ནུས་སུ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ན་བྱང་ཆུབ་སེམས་དཔའ་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །ཞེས་གསུངས། འདི་དངོས་བསྟན་སྨོན་སེམས་ཀྱི་ལྟུང་བ་ལ་བཤད་ཀྱང་འཇུག་སྡོམ་དང་འགལ་བའི་ལྟུང་བས་འཇུག་སྡོམ་གཏོང་བ་ཐུན་ཚོད་ལ་རག་ལས་པ་ཡང་མཚོན་པར་ནུས་སོ། །དེ་ལྟར་ན་ལུགས་ཕྱི་མར་འཇུག་སྡོམ་བཏང་ཡང་སྨོན་པའི་སྡོམ་པ་དང་ལྡན་པ་སྲིད་ལ། ལུགས་སྔ་མར་ནི་དེ་བཏང་ནས་སྨོན་སེམས་དང་ལྡན་པ་སྲིད་ཀྱང་སྨོན་པའི་སྡོམ་པ་ཅན་གྱི་བཤད་པ་མེད་དོ། །གཉིས་པ་ནི། ཡང་ཇི་སྐད་དུ། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ། དབུ་མ་སེམས་ཙམ་ལུགས་གཉིས་ཡོད། །དེ་གཉིས་ལྟ་བ་ཐ་དད་པས། །ཆོ་ག་ཡང་ནི་ཐ་དད་ཡིན། །ཞེས་ལྟ་བའི་ཁྱད་པར་ལས་ཆོ་ག་མི་འདྲ་བར་བཤད་པ་དེའི་དོན་ཅི་ཞེ་ན། གཟུང་བ་ཆོས་ཀྱི་བདག་མེད་པའི་ལྟ་བ་ཙམ་ལས་མེད་པའི་སྨོན་པའི་སྡོམ་པ་སྤྱོད་འཇུག་ལས་བཤད་པའི་ཆོ་གས་བླངས་ན་སྐྱེ་བ་ཡིན་མོད། སྡོམ་པ་དེ་བསྲུང་བར་ནི་དཀའ་སྟེ། རང་རྒྱལ་གྱི་ལྟ་བ་ལས་མ་འདས་པས་རང་དོན་ཡིད་བྱེད་ཀྱི་བསམ་པ་འགོག་མི་ནུས་པའི་ཕྱིར། དེ་ལྟར་དཀའ་ཡང་སེམས་ཙམ་གྱི་ལྟ་བ་ཅན་སྨོན་སེམས་ཡུན་རིང་དུ་སྦྱངས་ནས་འཇུག་པའི་སྡོམ་པ་ལེན་དགོས་ཏེ། ཐོག་མ་ཉིད་ནས་སྨོན་འཇུག་གཉིས་ཀའི་སྡོམ་པ་བླངས་ན་མི་སྐྱེ་བ་མ་ཡིན་མོད་ཀྱང་དེ་གཉིས་ཀའི་གཏོང་རྒྱུ་རང་དོན་ཡིད་བྱེད་ཀྱི་བསམ་པ་བསྲུང་དཀའ་བའི་ཕྱིར། འཛིན་པ་ཆོས་ཀྱི་བདག་མེད་པའི་ལྟ་བ་ཅན་ལ་ནི་ཐོག་མ་ཉིད་ནས་སྨོན་པའི་སྡོམ་པ་བསྲུང་སླ་བ་ཡིན་ཏེ། ཐེག་ཆེན་གྱི་ལྟ་བ་རྟོགས་ནས་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་དཀའ་བའི་ཕྱིར། ཇི་སྐད་དུ། ཆོས་ཀུན་སྟོང་ཉིད་རྟོགས་པ་ན། །འགྲོ་ལ་སྙིང་རྗེ་རྒྱུན་མི་འཆད། །ཅེས་པ་ལྟར་རོ། །རྣམ་པ་གཅིག་ཏུ་ན་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་གཞུང་ལྟར་ན་བྱང་སེམས་ལས་དང་པོ་པས་དམན་པར་སེམས་བསྐྱེད་པ་ཙམ་གྱིས་རྫོགས་བྱང་ལས་ལོག་པ་ཡིན་མོད། དེ་ཡི་ངན་འགྲོ་མུ་མཐའ་མེད། །ཅེས་པ་ལྟ་བུའི་སྒོ་ནས་འཁོར་བ་མཐའ་མེད་དུ་བྱས་པར་མི་འདོད་དེ། མཐར་ཐུག་གི་མྱང་འདས་སུ་སེམས་བསྐྱེད་པའི་ཕྱིར། དམན་པ་ལ་མྱང་འདས་གོ་ཆོད་པོ་མེད་པའི་གཞུང་ལྟར་ན་དེ་འདྲ་དེས་འཁོར་བ་མཐའ་མེད་དུ་བྱས་པ་ཡིན་ཏེ། ཐར་པ་གོ་ཆོད་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། དོན་དེ་ལ་དགོངས་ནས་སེམས་ཙམ་ལུགས་ཀྱི་ཆོ་ག་ལ་སྨོན་པའི་སྡོམ་པ་མ་བཤད་ཅིང༌། དབུ་མ་པའི་ལུགས་ལ་སྨོན་པའི་སྡོམ་པ་ངེས་པར་བཞེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཡིན་གྱི། བྱང་ས་ནས་གསུངས་པའི་སྡོམ་པ་དེ་སེམས་ཙམ་པ་ཁོ་ནས་ནོད་དགོས་པ་དང༌། བྱང་སའི་མཐར་ཐུག་གི་ལྟ་བ་སེམས་ཙམ་དུ་གནས་པར་འཆད་པ་ནི་མ་ཡིན་ཏེ། དེ་ལྟར་བཤད་ན་མདོ་སྔགས་ཀྱི་གཞུང་ཆེན་པོ་རྣམས་དང་འགལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཡང་འདི་སྙམ་དུ་སྔགས་ནས་གསུངས་པའི་སེམས་བསྐྱེད་ཀྱི་ཆོ་ག་དེ་དག་གཉིས་པོ་གང་དང་མཐུན་ཞེ་ན། སྤྱིར་སྔགས་ནས་སེམས་བསྐྱེད་དང་དེའི་སྡོམ་པ་གཉིས་སུ་འབྱེད། དང་པོ་ལ་ཡང་བྱང་ཆུབ་ཀྱི་སེམས་དང་དེ་སྐྱེད་པ་ཞེས་བྱ་བ་གཉིས་སུ་འབྱེད། དང་པོ་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སུ་འཆད། དང་པོ་ལ་ཡང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བཤད་པ་ཀུན་རྫོབ་ཀུནྡ་ལྟ་བུ་དང༌། ཕར་ཕྱིན་དང་ཐུན་མོང་གི་བཤད་པ་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་གཉིས་འཆད། དོན་དམ་བྱང་སེམས་ལ་ཡང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་བཤད་པ་སེམས་ཀྱི་རྡོ་རྗེ་ལ་དང༌། ཐུན་མོང་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་འཆད་པ་གཉིས་སུ་འབྱེད། དེ་སྐྱེད་པ་ལ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ། །དང་པོ་ལ་སྔགས་ནས་ཀུནྡ་ལྟ་བུ་ཟག་མེད་ཀྱི་བདེ་བའི་རྟེན་དུ་འཛིན་པ་དང༌། ཕར་ཕྱིན་ནས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་སུ་འབྱེད། གཉིས་པ་ལ་ཡང༌། སྔགས་ནས་སེམས་ཀྱི་རྡོ་རྗེ་གཞིའི་དུས་ནས་གསལ་བར་བཞུགས་ཀྱང་གསར་དུ་ངོ་འཕྲོད་པའི་ཚུལ་གྱིས་འཛིན་པ་དང༌། ཕར་ཕྱིན་བས་ས་དང་པོ་ནས་དོན་དམ་སེམས་བསྐྱེད་ཀྱི་མཐའི་ས་མཚམས་ངོས་འཛིན་པ་གཉིས་སུ་ཡོད་དོ། །གཉིས་པ་སེམས་བསྐྱེད་ཀྱི་སྡོམ་པ་ངོས་འཛིན་ཚུལ་ལ། སྤྱིར་གཞུང་ལུགས་ཕལ་ཆེ་བའི་ནང་ནས་བྱང་ཆུབ་མཆོག་གི་སེམས་བསྐྱེད་དང་དེའི་སྡོམ་པ་གཉིས་སུ་ཕྱེ་ནས། དང་པོ་ནི་བཤད་མ་ཐག་པ་དེ་དག་ཏུ་འདུས་ལ། སྡོམ་པ་ནི་སེམས་བསྐྱེད་དེ་དང་དེ་དག་ཉམས་པར་བྱེད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་སྤོང་ཞིང༌། གོང་དུ་འཕེལ་བའི་མཐུན་རྐྱེན་བསླབ་བྱ་ལ་སློབ་པར་ཁས་བླངས་པའི་སེམས་པ་ས་བོན་དང་བཅས་པའོ། །དེ་ལའང་ཀུན་རྫོབ་ཏུ་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་པ་དང་དོན་དམ་པའི་སེམས་བསྐྱེད་ནས་དེའི་བསླབ་བྱ་ལ་སློབ་པའོ། །སེམས་བསྐྱེད་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་འབྱེད་ཀྱང་སྡོམ་པ་ནི་མཐའ་དག་འཇུག་པ་སེམས་བསྐྱེད་དུ་འདུས་ལ། འཇུག་པ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པ་དང་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བ་གཉིས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་བསླབ་བྱ་མཐའ་དག་ལྷག་པའི་ལྷ་དང་ཡེ་ཤེས་ཀྱི་རྣམ་པས་བྱིན་གྱིས་བརླབས་ན་ལོངས་སྤྱོད་པ་ཡིན་ལ། གཉིས་པ་ནི། ཐུན་མོང་གི་མདོ་སྡེ་ལས་འབྱུང་བ་རྣམས་སོ། །དེ་ལྟར་བཤད་པ་ན་སྔགས་སུ་ནི་སྨོན་པའི་སྡོམ་པ་བཞེད་ཀྱང་ཐོག་མར་སེམས་བསྐྱེད་ནས་སྡོམ་པ་དེའི་འོག་ཏུ་འཛིན་པར་མངོན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །ཞེས་བྱང་ས་ནས་འབྱུང་བ་དང་ཕལ་ཆེར་མཐུན་པར་གསུངས་པ་མང་ངོ༌། །སློབ་དཔོན་ཞི་བ་ལྷ་ནི་སྨོན་འཇུག་གཉིས་ཀ་ལ་སྡོམ་པ་བཞེད་ཅིང༌། དེ་ཡང་ལྷན་ཅིག་ཏུ་ལེན་པར་བཞེད་མོད། སྡོམ་པས་མ་ཟིན་པའི་འཇུག་པ་མི་བཞེད་ཀྱང་སྨོན་པ་ནི་བཞེད་དེ། ཇི་སྐད་དུ། བྱང་ཆུབ་སྨོན་པའི་སེམས་ལ་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །དེང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །ཞེས་གསུངས་སོ། །གལ་ཏེ་སྡོམ་པ་འདི་བྱང་ཆུབ་ཀྱི་བར་དུ་ལེན་པར་མི་རིགས་ཏེ། ཚེ་རབས་གཞན་དུ་ཡང་དག་པར་བླངས་པ་མི་དྲན་པས་ན་ཉེས་པས་ཉམས་པར་བྱེད་སླ་བའི་ཕྱིར་ཞེས་པ་ལ། བསླབ་བཏུས་སུ། བྱང་ཆུབ་སེམས་དཔའ་མི་འཁྲུགས་པའི་སྨོན་ལམ་རྗེས་སུ་གནང་བས་ན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་སྨོན་ལམ་གདབ་པར་བྱའོ། །དེ་བཞིན་དུ་བསླབ་བྱ་རྒྱ་ཆེས་པས་ཤེས་པ་དང་བསྲུང་བར་དཀའ་ཡང༌། ལས་དང་པོ་པས་ལྟུང་བ་མི་འབྱུང་བའི་གནད་ཤེས་པར་བྱས་ནས་བསླབ་པ་ཙམ་གྱིས་ཆོག་པ་ཡིན་ཏེ། བསླབ་བཏུས་ལས། ཇི་སྐད་དུ། བདག་ལྟ་བུ་བློ་ཞན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས་དེ་ལ་ཇི་ལྟར་བྱ་བའི་རིགས་ཤེ་ན། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདིར་རིག་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་གསུངས་ཤིང༌། དེ་ཉིད་རྒྱས་པར་འཆད་པ་ན་ལུས་དང་ལོངས་སྤྱོད་དང་དགེ་བ་གསུམ་པོ་རེ་རེ་ལ་ཡང་བསྲུང་བའི་ཚུལ་དང་དག་པར་བྱ་བའི་ཚུལ་དང་སྤེལ་བར་བྱ་བའི་ཚུལ་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བ་རིན་ཆེན་གྱི། །དབུ་སེམས་ཁྱད་པར་ལྟ་བ་ཡིས། །འབྱེད་ཀྱི་ཆོ་གས་མ་ཡིན་ཕྱིར། །ཆོ་ག་གང་གིས་བླངས་ཀྱང་རུང༌། །སྡོམ་པ་དང་ནི་བསླབ་བྱ་ལ། །ཁྱད་པར་འགའ་ཡང་ཡོད་མ་ཡིན། །འཇིགས་མེད་འབྱུང་གནས་སྦས་པ་ཡི། །ལུང་ལས་འབྱུང་ལྟར་འཐད་ཅེས་གསུང༌། །ཐོགས་མེད་གཞུང་དུ་སྨོན་པའི་སེམས། །བཏང་ལ་ལྟུང་བར་མ་བཤད་ཅིང༌། །གཞན་ལས་བྱང་སེམས་སྡོམ་ལྡན་གྱི། །ལྟུང་བ་རྣམས་ཀྱི་གཙོ་བོར་བཤད། །དེ་ཕྱིར་ཆོ་ག་གཉིས་པོ་ཡི། །སྡོམ་ལ་ཁྱད་པར་ཡོད་པ་གྲུབ། །འཇུག་པའི་སྡོམ་པས་མ་སྦྲེལ་ན། །རང་སངས་རྒྱས་ཀྱི་ལྟ་བ་ཙམ། །རྟོགས་པའི་བྱང་ཆུབ་སེམས་དཔའ་ནི། །ཐེག་ཆེན་རིགས་སུ་ངེས་མི་ནུས། །སྟོང་ཉིད་རྟོགས་པའི་ལྟ་བ་ཅན། །བྱང་ཆུབ་སྨོན་པའི་སེམས་ལྡན་པ། །འཇུག་པའི་སྡོམ་པས་མི་ཟན་ཀྱང༌། །ཐེག་པ་ཆེན་པོར་རིགས་ངེས་སོ། །དེ་ལྟར་ཤེས་ན་སེམས་བསྐྱེད་ཀྱི། །ལུགས་གཉིས་ལྟ་བས་འབྱེད་པ་ལ། །འཐད་པ་གྲུབ་མོད་ཐོགས་མེད་གཞུང༌། །སེམས་ཙམ་ཉིད་དུ་ཁས་མི་འཆེ། །དེ་ལྟར་སེམས་བསྐྱེད་ལུགས་གཉིས་པོ། །མ་འདྲེས་སོ་སོར་འབྱེད་པའི་ཚུལ། །ཤེས་ནས་ཉམས་སུ་ལེན་པ་ལ། །སྤྲོ་བ་གོང་ནས་གོང་འཕེལ་ཤོག །དེ་སྐད་འདི་ནི་ཆེན་པོ་འགའི། །གསུང་གིས་བསྐུལ་ནས་ལེགས་པའི་བློས། །ཉེ་བར་སྦྱར་བའི་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  ༄༅། །ན་མོ་བཛྲ་དྷ་རཱ་ཡ། དེ་ལྟར་བྱང་ཆུབ་སེམས་དཔའི་འདུལ་བ་རྣམ་པར་ངེས་པ་བཤད་ནས། རིག་པ་འཛིན་པའི་འདུལ་བ་ལ་འཇུག་པ་བཤད་པ་ནི་དོན་རྣམ་པ་གསུམ་སྟེ། ལས་དང་པོ་པས་སྡོམ་པ་ཇི་ལྟར་བླང་བ། བླངས་ནས་ཇི་ལྟར་བསྲུང་བ། གལ་ཏེ་ཉམས་ན་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་སྡོམ་པའི་ངོ་བོ་ངོས་བཟུང༌། དེ་འཐོབ་བྱེད་དབང་གི་ཆོ་ག་ལ་ལྟོས་པར་བསྟན། སྡོམ་པའི་དབྱེ་བ་མི་འཐད་པའི་ལོག་རྟོག་དགག་པའོ། །དང་པོ་ལ། རིག་འཛིན་སྡོམ་པའི་མཚན་ཉིད་ནི། རང་འཐོབ་བྱེད་ཀྱི་རྒྱུ་དབང་གི་ཆོ་ག་ལས་བྱུང་བའི་ཡེ་ཤེས་སམ། ཡེ་ཤེས་དེའི་དམ་ཚིག་གིས་བསྡུས་པའི་སེམས་པ་ས་བོན་དང་བཅས་པའོ། །དབྱེ་བའི་སྒོ་ནི་དུ་མར་འགྱུར་ཏེ། རྒྱུད་སྡེའི་སྒོ་ནས་དབྱེ་བ། དབང་གི་སྒོ་ནས་དབྱེ་བ། གྲངས་ངེས་ཀྱི་སྒོ་ནས་དབྱེ་བ། རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྒྱུད་སྡེ་བཞིའི་བྱེ་བྲག་གིས་བཞིར་འགྱུར་བ་ལས། དང་པོ་བྱ་རྒྱུད་ཀྱི་དབང་དུ་བྱས་པའི་རིག་འཛིན་གྱི་སྡོམ་པ་ནི། རང་ཐོབ་བྱེད་བྱ་བའི་རྒྱུད་ཀྱི་དབང་གི་ཆོ་ག་ལས་བྱུང་ཞིང༌། རྒོད་པས་ཚིམ་པའི་ཆགས་པ་ལམ་དུ་བྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སམ་དེའི་དམ་ཚིག་གིས་བསྡུས་པའི་སེམས་པའོ། །སྤྱོད་པའི་རྒྱུད་ཀྱི་དབང་དུ་བྱས་པའི་སྡོམ་པ་སོགས་གསུམ་གྱི་མཚན་ཉིད་ནི། རང་འཐོབ་བྱེད་རྒྱུད་སྡེ་སོ་སོའི་དབང་གི་ཆོ་ག་ལས་བྱུང་ཞིང༌། བལྟས་པས་ཚིམ་པའི་ཆགས་པ་ལམ་བྱེད་ཀྱི། ཞེས་དང༌། ལག་བཅངས་ཀྱིས་ཚིམ་པའི་ཆགས་པ་ལམ་བྱེད་ཀྱི་ཞེས་དང༌། གཉིས་གཉིས་འཁྱུད་ཀྱི་ཆགས་པ་ལམ་བྱེད་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་སམ། ཞེས་སོགས་སྔ་མ་བཞིན་ནོ། །དེ་རེ་རེ་ལ་ཡང་ཀུན་རྫོབ་དམ་ཚིག་སྡོམ་པ་དང༌། དོན་དམ་བདེ་ཆེན་གྱི་སྡོམ་པ་གཉིས་གཉིས་སུ་འབྱེད་པ་ལས། དང་པོ་རྣམས་འདི་རྣམ་ཤེས་ཀྱི་དབང་དུ་བྱས་པ་ཡིན་ལ། གཉིས་པ་རྣམས་ནི་ཡེ་ཤེས་ཀྱི་དབང་དུ་བྱས་པའི་སྡོམ་པའོ། །བདེ་བ་ཆེན་པོ་ཞེས་པ་ཡང་ཐ་མལ་པའི་ཆགས་པའི་བདེ་བ་ལ་ལྟོས་ནས་ཆེན་པོར་བཞག་པ་ཡིན་ཏེ། བྱིས་པའི་བདེ་བ་དང་རྣམ་ཤེས་ཀྱི་བདེ་བ་ལ་ལྟོས་ནས་ཆེན་པོར་གྱུར་པའི་ཕྱིར། རྒྱུད་སྡེ་འོག་མ་དང་འབྲེལ་བའི་བདེ་བ་གསུམ་ནི་དབང་གོང་མའི་བདེ་བ་ལ་ལྟོས་ནས་ཆུང་ངུར་ཡང་བཞག་དགོས་ཏེ། བདེ་བ་དེ་མངོན་དུ་བྱེད་པའི་ཐབས་ལ་བཟང་ངན་གྱི་ཁྱད་པར་ཡོད་པའི་ཕྱིར་དང༌། བདེ་བ་གསུམ་པོ་འདི་ནི་དགའ་བ་དང་པོ་གསུམ་དང་སྦྱོར་དགོས་པར་བཞེད་པའི་ཕྱིར། གཉིས་པ་དབང་གི་དབྱེ་བ་ལ། བུམ་དབང་དང་འབྲེལ་བ་ཕྱི་ཡུལ་གྱི་སྤང་བྱ་སྤོང་བའི་སྡོམ་པ། གསང་དབང་དང་འབྲེལ་བ་ནང་ལུས་ལ་བྱང་ཆུབ་ཀྱི་སེམས་མི་ཉམས་པར་འཛིན་པའི་སྡོམ་པ། དབང་གསུམ་པ་དང་འབྲེལ་བ་གསང་བ་ཆོས་འབྱུང་གི་དབུས་སུ་བདེ་སྟོང་ཟུང་དུ་འཇུག་པའི་སྡོམ་པ་དབང་བཞི་པ་དང་འབྲེལ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྤྲོས་པའི་མཚན་མ་འགོག་པའི་སྡོམ་པ་རྣམས་སོ། །འདི་དག་རེ་རེ་ལ་ཡང་ཀུན་རྫོབ་པ་དམ་ཚིག་གི་སྡོམ་པ་དང༌། དོན་དམ་པ་བདེ་བའི་སྡོམ་པ་གཉིས་གཉིས་སུ་འབྱེད་ལ། བདེ་བ་ལ་ཡང་དགའ་བ་བཞིའི་རིམ་པས་སོ་སོར་ཕྱེ་བ་ཡིན་ཏེ། ཇི་སྐད་དུ། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་སོ། །དབང་བཞིའི་དགའ་བ་བཞི་དང་རྒྱུད་སྡེ་བཞིའི་དགའ་བ་བཞི་ལ་ཁྱད་པར་ཅི་ཞེ་ན། རྒྱུད་སྡེ་འོག་མ་གསུམ་དང་འབྲེལ་བའི་དགའ་བ་བཞི་པོ་དེའི་དྲི་མ་ཡང་དབང་དང་པོ་གསུམ་གྱིས་འདག་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། རྒོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་དུ། །ལག་བཅངས་ལ་ནི་ཤེས་རབ་ཉིད། །ཅེས་སོ། །གསུམ་པ་གྲངས་ངེས་ཀྱི་སྒོ་ནས་ཕྱེ་བ་ནི། དྲང་དོན་ཀུན་རྫོབ་པའི་སྡོམ་པ་དང༌། ངེས་དོན་དོན་དམ་པའི་སྡོམ་པ་གཉིས་ལས། དང་པོ་ནི། སྤང་བྱ་སྤོང་བ་དང་བསླབ་བྱ་ལ་སློབ་པར་ཁས་ལེན་པའི་སེམས་པ་རྣམ་ཤེས་ཀྱི་ངོ་བོར་གྱུར་པ་རྣམས་ཏེ། དེ་ལའང་ཉེས་སྤྱོད་སྡོམ་པ་དང༌། དགེ་བའི་ཆོས་བསྡུད་པ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་དབྱེ་བས་དུ་མར་འགྱུར་རོ། །གཉིས་པ་ནི། དབང་གོང་མ་དག་གི་ཐབས་ཀྱིས་མངོན་དུ་བྱས་པའི་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ཏེ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམས་པར་ཡང་དག་གནས། །ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་སོ། །བཞི་པ་ནི། རྒྱ་ཆེ་བསྐྱེད་རིམ་གྱི་སྡོམ་པ་དང༌། ཟབ་པ་རྫོགས་རིམ་གྱི་སྡོམ་པའོ། །དང་པོའི་སྐབས་སུ་ནི་དམ་ཚིག་གི་ཚོགས་རྣམས་བསྲུང་བ་གཙོ་ཆེ་ཞིང༌། བདེ་སྟོང་གི་ཡེ་ཤེས་བསྒོམ་པ་གཙོ་ཆུང་བའི་ཕྱིར་ན་རྟེན་གྱི་གང་ཟག་གཙོ་བོར་ལས་དང་པོ་དང་འཇིག་རྟེན་པའི་དབང་དུ་བྱས་པའོ། །གཉིས་པ་དེའི་སྐབས་སུ་ནི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་ཅིང༌། དྲང་དོན་གྱི་དམ་ཚིག་བསྲུང་དགོས་པ་ཤས་ཆུང་བ་ཉིད་ཀྱི་ཕྱིར་ན་རྟེན་གྱི་གང་ཟག་སྤྱོད་པ་བྱེད་པའི་དུས་ལ་བབ་པ་དང་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་པའོ། །གཉིས་པ་ནི། དམ་ཚིག་དང་སྡོམ་པའི་དབྱེ་བ་སོ་སོར་ཕྱེ་བ་དེ་ལྟ་ན་ཐོག་མར་སྐྱེ་བ་དང་ཕྱིས་རྫོགས་པར་འཐོབ་པའི་དུས་ནི་གང་དང་གང་ཞེ་ན། དམ་ཚིག་གི་ཚོགས་བསྲུང་བ་དང་དྲང་དོན་གྱི་དབང་དུ་བྱས་པའི་སྡོམ་པ་ནི་ཐོག་མར་སློབ་མ་སྟ་གོན་དུ་གནས་པའི་ཚེ་སྔགས་ཀྱི་ཚུལ་ལ་འཇུག་པར་ཁས་བླངས་པ་དེ་ནས་སྐྱེ་བའི་མགོ་ཟུག་པ་ཡིན་ཏེ། གསང་སྔགས་ཀྱི་ཚུལ་ལ་སྤྲོ་བ་སྐྱེས་ནས་འཇུག་པར་ཁས་བླངས་པའི་ཕྱིར་རོ། །དོན་དམ་པའི་དབང་དུ་བྱས་པའི་སྡོམ་པ་ནི་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ཞེས་བྱ་བའི་མིང་ཅན་ཟླ་བ་དང་རྡོ་རྗེ་ཟུང་དུ་འཇུག་པ་སྙིང་ཁར་བསྒོམ་པ་དེ་ནས་སྐྱེ་བའི་མགོ་བཟུང་སྟེ། མཐར་ངེས་དོན་དོན་དམ་པའི་དབང་བཞི་པ་ཡོངས་སུ་རྫོགས་པའི་དུས་དེར་མ་ལུས་པར་འཐོབ་པ་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་འདི་ནི་ཆས་ཕྲ་ཞིང༌། །རྡོ་རྗེ་ཞེས་སློབ་དཔོན་གྱིས་བཀའ་སྩོལ་བའི་ཕྱིར། སྡོམ་པ་དེ་གཉིས་ཀའི་ཆ་ཤས་ནས་ནི་ཐོབ་པའི་གནས་སྐབས་དུ་མར་ལྟ་སྟེ། རྒྱུད་སྡེ་རེ་རེ་དང་འབྲེལ་བའི་སྟ་གོན་དང་སྡོམ་བཟུང་དང་འཇུག་པ་དང་དབང་བསྐུར་སོ་སོའི་སྐབས་སུ་སྡོམ་པ་དེ་གཉིས་ཀའི་ཆ་ཤས་རེ་རེ་བ་དག་ངེས་པར་འཐོབ་པའི་ཕྱིར། དཔེར་ན་གུར་ནས་འབྱུང་བའི་ཡན་ལག་བདུན་པ་ལན་གསུམ་དུ་ཁས་ལེན་པ་དང༌། དུས་ཀྱི་འཁོར་ལོ་ནས་བརྟུལ་ཞུགས་ཉེར་ལྔ་ལན་གསུམ་དུ་བཟུང་བ་དང༌། རིག་ལྔའི་སྡོམ་བཟུང་ལན་གསུམ་གྱིས་ཁས་བླངས་པའི་ཚེ་བཞིན་ནོ། །སྡོམ་པ་གཉིས་པོའི་འཛིན་ལུགས་དང་སྐྱེ་ལུགས་མི་འདྲ་བར་འབྱུང་བའི་ཤེས་བྱེད་ཀྱང༌། སྔ་མ་ནི་དམ་བཅའ་ཁས་བླངས་པས་འཐོབ་པ་ཡིན་ལ། ཕྱི་མ་ནི་ཡེ་ཤེས་ཉམས་སུ་མྱོང་བའི་སྟོབས་ཀྱིས་འཐོབ་པ་ཡིན་པ་ལས་སོ། །དེ་ལྟ་མོད་ཀྱི་རྒྱུད་སྡེ་གཅིག་གི་དབང་དུ་བྱས་པའི་ངེས་དོན་གྱི་སྡོམ་པ་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ། དེའི་དབང་དུ་བྱས་པའི་དམ་ཚིག་གི་སྡོམ་པ་ཡང་ཡོངས་སུ་རྫོགས་པར་སྐྱེས་པ་ནི་སྲིད་པ་མ་ཡིན་ཏེ། དམ་ཚིག་གི་སྡོམ་པ་ནི་རང་རང་ལ་ལྟོས་པའི་ངེས་དོན་གྱི་སྡོམ་པ་དེ་མ་སྐྱེས་པ་སྐྱེད་པར་བྱེད་པ་དང༌། སྐྱེས་ཟིན་མི་ཉམས་པར་བསྲུང་བའི་ཐབས་སུ་གྱུར་པས་སོ། །དཔེར་ན་ངེས་དོན་དོན་དམ་པའི་དབང་བཞི་པ་སྐྱེས་མ་ཟིན་པ་དེ་སྲིད་དུ་དེའི་དམ་ཚིག་ཇི་སྐད་དུ། ངེས་པར་རྡོ་རྗེའི་རིགས་ལ་སྲོག་གཅོད་བྱ་སྟེ། ཞེས་སོགས་ལ་ངེས་དོན་གྱི་སྒོ་ནས་བཤད་པ་བྱས་པའི་དམ་ཚིག་དེ་མ་ཐོབ་ཅིང་དེ་མ་བསྲུངས་པ་ལས་ལྟུང་བར་མི་འགྱུར་བ་བཞིན་ནོ། །དྲང་དོན་གྱི་དམ་ཚིག་བསྲུངས་པས་ངེས་དོན་གྱི་སྡོམ་པ་མི་ཉམས་པ་ལ་ཕན་པའི་ཤེས་བྱེད་ནི། དཀྱིལ་འཁོར་དུ་འཇུག་པའི་སྔ་རོལ་གྱི་དམ་ལ་བཞག་པ་དང༌། གསང་བར་གདམས་པ་དེ་ཐམས་ཅད་ནི་ངེས་དོན་གྱི་སྡོམ་པ་དེ་བསྲུང་བ་ཁོ་ནའི་དོན་ཅན་ཡིན་ཏེ། མ་གསང་ན་དམ་ཚིག་ཉམས་པར་བཤད་པའི་གསང་རྒྱུ་དེ་དང༌། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་གཤེགས་རྒྱུར་བཤད་པ་དེ་ངེས་དོན་གྱི་སྡོམ་པ་ཉིད་ལ་ངོས་འཛིན་དགོས་པའི་ཕྱིར། གལ་ཏེ་འོ་ན་རྒྱུད་སྡེ་བཞི་ཀ་དང་འབྲེལ་བའི་སྡོམ་པ་མཐའ་དག་རང་རང་གི་སྐབས་ནས་འབྱུང་བའི་དབང་ཡོངས་སུ་རྫོགས་པར་ཐོབ་པ་ལ་རག་ལས་པ་དེ་ལྟ་ན། རྒྱུད་སྡེ་སོ་སོའི་དབང་བསྐུར་གྱི་རིམ་པ་གང་ཞེ་ན། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཇི་སྐད་དུ། ཆུ་དང་ཅོད་པན་གྱི་ནི་དབང༌། །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང༌། །སྤྱོད་པའི་རྒྱུད་ལ་བཤད་པ་ཡིན། །ཕྱིར་མི་ལྡོག་པ་སློབ་དཔོན་དབང༌། །རྣལ་འབྱོར་རྒྱུད་ལ་རབ་ཏུ་གསལ། །བུམ་པ་གསང་བ་ཤེས་རབ་དང༌། །བཞི་པ་བླ་ན་མེད་པའོ། །ཞེས་ཀུན་ལ་གྲགས་པ་ལྟར་རང་རང་གི་དབང་གི་ཆོ་ག་ཚད་ལྡན་དག་ཏུ་གསལ་བས། འདིར་རྒྱས་པར་སྤྲོ་དགོས་པ་མ་ཡིན་ནོ། །གསུམ་པ་ལོག་རྟོག་བསལ་བ་ལ་གསུམ་སྟེ། སྡོམ་པ་ལ་དྲང་ངེས་གཉིས་སུ་འབྱེད་པ་མི་འཐད་པའི་དང༌། བཞིར་འབྱེད་པ་མི་འཐད་པའི་དང༌། རྒྱུད་སྡེ་འོག་མ་རྣམས་ལ་སྤྱིར་སྔགས་ཀྱི་སྡོམ་པ་དང་ཁྱད་པར་ངེས་དོན་གྱི་སྡོམ་པའི་ཁུངས་མེད་དོ། །ཟེར་བའི་ལོག་རྟོག་བསལ་བའོ། །དང་པོ་ནི། བོད་ཕྱི་མ་དག་ན་རེ། རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་བཟུང་ལས་མ་གཏོགས་པའི་སྔགས་ཀྱི་སྡོམ་པ་འཛིན་པའི་ཆོ་ག་མ་བཤད་པས་ན་སྡོམ་པ་ཡང་དེ་ལས་གཞན་འཆད་རྒྱུ་མེད་ལ། རྩ་བའི་ལྟུང་བ་ཡང་བཅུ་བཞི་ལས་གཞན་མ་བཤད་པས་ན་རྫོགས་རིམ་གྱི་སྡོམ་པ་མི་འཐད་དེ། བཅུ་བཞི་ནི་བུམ་དབང་གི་བསྲུང་བའི་དམ་ཚིག་ཏུ་བཤད་པས་སོ། །ཞེས་འཆད་དོ། །དེ་མི་འཐད་པ་ལ་གསུམ་སྟེ། རིགས་ལྔའི་སྡོམ་བཟུང་གིས་ངེས་དོན་གྱི་སྡོམ་པ་མ་བཟུང་བ་མི་འཐད། རྩ་ལྟུང་བཅུ་བཞིའི་ནང་ན་ངེས་དོན་གྱི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་མེད་པ་མི་འཐད། ངེས་དོན་གྱི་སྡོམ་པའི་ལུང་ཁུངས་མེད་པ་མི་འཐད་པའོ། །དང་པོ་ནི། སྤྱིར་ཡང་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པ་མཐའ་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་སྒྲུབ་དགོས་ན་ཡེ་ཤེས་དེའི་ངོ་བོར་སྐྱེས་པའི་སྡོམ་པ་ཅི་ཡི་ཕྱིར་མི་འཐད། ཕ་རོལ་དུ་ཕྱིན་པའི་ཐེག་པ་པ་དག་ཀྱང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པའི་ཚེ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་རྣམ་བྱང་གི་ཡོན་ཏན་མཐའ་དག་ཆོས་དབྱིངས་ཀྱི་ངོ་བོར་ཁས་ལེན་ན་རིག་པ་འཛིན་པའི་སྐབས་འདིར་ཅིའི་ཕྱིར་མི་འཐད། ཁྱད་པར་དུ་རྡོ་རྗེ་སློབ་དཔོན་དང༌། དཀྱིལ་འཁོར་དང་དབང་རྫས་དང་སློབ་མ་ཐམས་ཅད་ལ་བདེན་པ་གཉིས་གཉིས་སུ་དབྱེ་དགོས་བཞིན་དུ་སྡོམ་པ་ལ་ཅིའི་ཕྱིར་གཉིས་གཉིས་སུ་མི་འབྱེད། དཔེར་ན་རྣམ་ཤེས་ལ་སྣང་བའི་དཀྱིལ་འཁོར་དང་དབང་རྫས་དང་སློབ་དཔོན་སོགས་ཀུན་རྫོབ་ཀྱི་དང༌། དེ་དག་སྟོང་པ་ཉིད་དུ་སྦྱངས་ནས་ཡེ་ཤེས་ཀྱིས་ངོ་བོ་གསལ་བཏབ་ཅིང་ཡོན་ཏན་མཐའ་དག་གནས་གྱུར་གྱི་ཚུལ་གྱིས་བསྒྲུབས་པའི་དཀྱིལ་འཁོར་སོགས་དོན་དམ་པའི་དེ་དང་དེར་འཆད་དགོས་པ་བཞིན་ནོ། །དེ་དག་ཀྱང་ཀུན་རྫོབ་ཏུ་འདོད་ན་ནི་མ་རིག་པས་རྣམ་པར་བསླད་པའི་དཀྱིལ་འཁོར་སོགས་སུ་ཁས་ལེན་དགོས་པར་འགྱུར་རོ། །རིགས་ལྔའི་སྡོམ་བཟུང་གི་ཆོ་གས་ངེས་དོན་གྱི་སྡོམ་པ་མ་བཟུང་བ་མི་འཐད་དེ། རྣལ་འབྱོར་གྱི་རྒྱུད་ལས་ཀྱང༌། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །ཞེས་པའི་དོན་ལ། ཇི་སྐད་དུ། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་དང༌། དེ་དག་འཛིན་པའི་དབང་ཐོབ་ནས་འཛིན་རྒྱུའི་གཙོ་བོ་དེ་ངོས་འཛིན་པ་ན། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་དང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་སོགས་བཤད་ན་རྣལ་འབྱོར་བླ་མའི་སྐབས་སུ་ལྟ་ཅི་སྨོས་པའི་ཕྱིར་དང༌། ཕྱག་རྒྱ་ལ་ཡང་ལས་དང༌། ཡེ་ཤེས་དང་ཕྱག་རྒྱ་ཆེན་མོ་གསུམ་དུ་འབྱེད་པ་དེའི་ཚེ་ཕྱི་མ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འཆད་དགོས་པའི་ཕྱིར་དང༌། གུར་གྱི་ཡན་ལག་བདུན་པའི་ནང་ན་ཡང་དོན་དམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ཡན་ལག་གཅིག་ཏུ་འཆད་དགོས་པའི་ཕྱིར། གཉིས་པ་ནི། རྩ་ལྟུང་གི་ནང་ན་ངེས་དོན་ལ་ལྟོས་པའི་ལྟུང་བ་མ་བཤད་པ་མི་འཐད་དེ། སྤྱིར་ནི་ལས་དང་པོ་པས་བཅུ་བཞི་པོ་ཐམས་ཅད་བསྲུང་བ་དེ་བདེ་སྟོང་གི་ཡེ་ཤེས་བསྲུང་བའི་ཐབས་ཡིན་པའི་ཕྱིར་དང༌། ལས་དང་པོ་པ་སྡོམ་ལྡན་ལ་བཅུ་བཞི་པོ་གང་རུང་བྱུང་ན་བདེ་ཆེན་གྱི་ཡེ་ཤེས་ཉམས་པར་ཁས་ལེན་དགོས་པའི་ཕྱིར། དཔེར་ན། ཇི་སྐད་དུ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །ཞེས་སྨྲ་རྒྱུ་དེ་ངེས་དོན་གྱི་རྡོ་རྗེ་སེམས་དཔའ་ལ་ངོས་བཟུང་བ་ཡིན་ལ། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་ཀྱང་བཤད་པ་བཞིན་ནོ། །བྱེ་བྲག་ཏུ་ནི། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་དང༌། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཞེས་བཤད་པ་དེ་དག་ནི་ངེས་དོན་གྱི་སྡོམ་པ་ཉིད་ལ་ལྟོས་ནས་ལྟུང་བར་འཇོག་དགོས་པ་ཡིན་ཏེ། ལས་དང་པོ་པའི་སྡོམ་པ་དང་འཛིན་སྟངས་དངོས་སུ་འགལ་བའི་རྩ་ལྟུང་ཡིན་པས་སོ། །གལ་ཏེ་འཕགས་པ་མ་ཡིན་པ་ལ་ནི་ཡེ་ཤེས་དེ་མེད་ལ། དེ་ལ་ནི་དེའི་འགལ་ཟླར་གྱུར་པའི་རྩ་ལྟུང་མི་འབྱུང་བའི་ཕྱིར་ན་རྣམ་པར་གཞག་པ་དེ་དག་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། མཚོན་བྱ་དོན་གྱི་ཡེ་ཤེས་སོ་སོའི་སྐྱེ་བོ་ལ་མེད་ཀྱང་སྡོམ་པ་ནི་མཚོན་བྱེད་དཔེའི་ཡེ་ཤེས་ལམ་དུ་བྱེད་པའི་དབང་དུ་བྱས་ནས་འཆད་དགོས་པའི་ཕྱིར་དང༌། ཡེ་ཤེས་དེ་ལ་ནི་མཚན་འཛིན་གྱི་རྟོག་པས་བར་དུ་གཅོད་ནུས་པའི་ཕྱིར། འོ་ན་ཡེ་ཤེས་དེས་སྟོང་པ་ཉིད་དངོས་སུ་རྟོགས་སམ་དོན་སྤྱིའི་ཚུལ་གྱིས་རྟོགས། དང་པོ་ལྟར་ན་འདས་ལམ་དུ་འགྱུར་ལ། གཉིས་པ་ལྟར་ན་རྟོགས་པར་འགྱུར་ཏེ། དོན་སྤྱིའི་ཡུལ་ཅན་གྱི་བློ་ཡིན་པས་སོ། །དེ་ལྟ་ན་ངེས་པའི་དོན་དུ་མི་འགྱུར་རོ་ཞེ་ན། ཕ་རོལ་ཏུ་ཕྱིན་པས་དེ་ལྟར་བརྟག་ནུས་ཀྱང་འདིར་མ་ཡིན་ཏེ། དགའ་བ་བཞི་པའི་མཐར་སྐྱེས་པའི་ཡེ་ཤེས་དེ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཉིད་དུ་ཁས་ལེན་དགོས་པས་སོ། །འོ་ན་འཕགས་རྒྱུད་ལ་སྡོམ་པ་དེ་མི་སྲིད་པར་ཁས་ལེན་ནམ་ཞེ་ན། བསྲུང་བྱ་ཐམས་ཅད་ལས་ངེས་པར་གྲོལ་ཡང་སྡོམ་པ་བཞིན་དུ་ཁས་ལེན་ཏེ། འཁོར་ལོ་སྡོམ་པ་བཞིན་ནོ། །གསུམ་པ་ནི། ངེས་དོན་གྱི་སྡོམ་པ་ལ་ལུང་གི་ཁུངས་མེད་དོ་ཞེས་ཟེར་བ་དེ་དག་ནི་གཞུང་ལུགས་གང་དང་གང་གི་ཡང་བསྟན་བྱའི་གཙོ་བོ་ངེས་དོན་ཉིད་ལ་བྱེད་དགོས་པ་མ་ཤེས་པ་དང༌། ཁྱད་པར་དུ་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་དོན་རིགས་པར་མ་བརྟགས་པ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། རྡོ་རྗེ་སྙིང་པོས་གསོལ་བ། སྡོམ་པ་ཞེས་བྱ་གང་གིས་དང༌། །དམ་ཚིག་གང་གིས་གནས་པར་བགྱི། །ཞེས་པའི་ལན་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་ཡང་དག་གནས། །ཞེས་དང༌། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་སོགས་ངེས་དོན་གྱི་དབང་དུ་བྱས་པའི་དམ་ཚིག་བསྲུང་དགོས་པར་བཤད་པའི་ཕྱིར་དང༌། གུར་ལས། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །ཞེས་དང༌། འཁོར་ལོ་སྡོམ་པའི་ངོས་འཛིན་བདེ་བ་མཆོག་ལ་བཤད་དགོས་པའི་ཕྱིར། དེ་ལས་གཞན་དུ་སྡོམ་པ་ལ་སྤོང་སེམས་ཀྱིས་ཁྱབ་པ་དང༌། དམ་ཚིག་གིས་ཁྱབ་པར་ཁས་ལེན་པ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་དུ་སྡོམ་པ་མེད་པར་འགྱུར་བ་དང༌། དགེ་བ་ཆོས་བསྡུད་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ངོས་བཟུང་རྒྱུ་མེད་པར་འགྱུར་རོ། །དེ་ལྟར་བཤད་པ་ན་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་འདི་ནི་སྔགས་ལུགས་ཀྱི་དོན་དམ་བདེན་པ་དངོས་དང༌། ངེས་དོན་མཐར་ཐུག་པ་ཉིད་དུ་ཁས་ལེན་ཞིང༌། འདི་ཉིད་བསྐྱེད་རྫོགས་ཀྱི་ལྷ་དང་ཡེ་ཤེས་མཐའ་དག་སྒྲུབ་པའི་གཞིར་གྱུར་པ་ཡིན་ཞིང༌། འདི་ལས་མ་གཏོགས་པའི་ཀུན་རྫོབ་ཀྱི་ཆོས་གང་ཡང་ཡོད་པར་ཁས་མི་ལེན་ཞིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་མིང་ཅན་ཡང་དེ་ཉིད་དོ། །འདི་འདྲ་དེ་གཞི་གདོད་མ་ནས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་ཡོད་ཀྱང༌། སྔགས་ལུགས་ཀྱི་ཐབས་མཁས་ལ་བརྟེན་ནས་མངོན་དུ་མ་གྱུར་པ་དེའི་ཚེ་ནི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ཞིང༌། དེ་ལ་བརྟེན་ནས་དེ་མངོན་དུ་གྱུར་པའི་ཚེ་ནི་བདེ་བ་ཆེན་པོ་དང་སྔགས་ཀྱི་སྡོམ་པ་ཞེས་བྱ་སྟེ། སྤྱིར་མཚན་རྟོག་མཐའ་དག་དང༌། ཁྱད་པར་ཡིད་མི་བདེ་བ་ལས་སྐྱོབ་པར་ནུས་པའི་ཕྱིར། མངོན་དུ་གྱུར་པའི་གནས་སྐབས་ལ་ཡང་དུ་མར་ལྟ་སྟེ། རྒྱུད་སྡེ་གསུམ་དང་དབང་གསུམ་གྱི་དགའ་བ་དང་པོ་གསུམ་ལྟ་བུ་མཚན་རྟོག་དང་འདྲེས་མར་སྐྱེ་བ་དང༌། ངེས་དོན་གྱི་དབང་བཞི་པ་དང་དགའ་བ་བཞི་པའི་གནས་སྐབས་ལྟ་བུ་རྟོག་པ་དང་བྲལ་བར་སྐྱེས་པའོ། །ཕྱི་མ་འདི་ལའང་མཚོན་བྱེད་དཔེ་དང་མཚོན་བྱ་དོན་གཉིས་དང༌། དོན་ལའང་སློབ་པ་དང་མི་སློབ་པའི་དབྱེ་བས་གཉིས་སུ་འབྱེད་ཅིང༌། ངེས་དོན་དོན་དམ་པའི་རིག་པ་འཛིན་པ་དང་རྫོགས་པའི་སངས་རྒྱས་ཀྱང་དེ་ཉིད་དོ། །དེས་མཚོན་ནས་དོན་དམ་པའི་སེམས་ཅན་ཀྱང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ལ་འདོད་དགོས་ཏེ། སོ་སོ་སྐྱེ་བོའི་དུས་ན་རྫོགས་པའི་སངས་རྒྱས་ཀྱི་སྒྲུབ་གཞིར་གྱུར་པ་ནི་དེ་ལས་གཞན་མེད་པའི་ཕྱིར། དཔེར་ན་སྟོང་པའི་ངང་ལས་ས་བོན་ནམ་ཕྱག་མཚན་དང༌། མངོན་བྱང་ལས་སྒྲུབ་དགོས་པ་བཞིན་ནོ། །འོ་ན་ཇི་སྐད་དུ། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད། །རྣམ་པ་ཐམས་ཅད་སྡོམ་པ་གཅིག །ཅེས་བཤད་པས་དབང་གི་ཆོ་ག་ལ་མ་ལྟོས་པའི་ངེས་དོན་གྱི་སྡོམ་པ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ནི་རྒྱུ་ལ་འབྲས་བུའི་མིང་གི་བཏགས་པ་སྟེ། རང་བཞིན་རྣམ་དག་ལ་སངས་རྒྱས་ཞེས་བཤད་པ་བཞིན་ནོ། །གཉིས་པ་ནི། གཞན་དག་ན་རེ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཅེས་བྱ་བའི་སྡོམ་པ་བཞིར་བྱེད་པ་མི་འཐད་དེ། དེ་འདྲའི་མིང་ཅན་གྱི་སྡོམ་པ་དང་རྩ་ལྟུང་གི་བཤད་པ་གང་ཡང་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་མི་འཐད་པ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི། དུས་ཀྱི་འཁོར་ལོར་དབང་བདུན་བསྐུར་བའི་ཚེ་སློབ་མ་དེ་སྔགས་ཀྱི་དགེ་བསྙེན་དང༌། དབང་གོང་མ་བཞི་བསྐུར་བ་ལས་སྔགས་ཀྱི་དགེ་ཚུལ་དང་དགེ་སློང་དང་གནས་བརྟན་དང་སྐྱེ་དགུའི་བདག་པོ་ཉིད་དུ་འགྱུར་བར་བཤད་པ་ལས་དོན་དེ་གྲུབ་པ་དང༌། གོང་མའི་སྡོམ་པ་ལ་ལྟོས་པའི་རྩ་ལྟུང་གི་བཤད་པ་ཡང་གསང་དབང་གི་སྡོམ་པ་ལ་ལྟོས་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཏོང་བ་རྩ་བའི་ལྟུང་བར་བཤད་པ་དང༌། དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི། ཞེས་ཚོགས་འཁོར་གྱི་དུས་སུ་དམ་ཚིག་གི་རྫས་ཇི་ལྟར་རྙེད་བཞིན་མི་བསྟེན་པ་རྩ་ལྟུང་དུ་བཤད་པ་དང༌། དབང་གསུམ་པའི་སྡོམ་པ་ལ་ལྟོས་ནས་ཀྱང༌། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་དང༌། དབང་བཞི་པའི་སྡོམ་པ་ལ་ལྟོས་ནས། མིང་སོགས་བྲལ་བའི་ཆོས་རྣམས་ལ། །ཞེས་སོགས་རྒྱ་ཆེར་བཤད་པའི་ཕྱིར། རིགས་པ་ནི། དབང་གོང་མ་ལ་ལྟོས་པའི་སྡོམ་པ་ཁས་མི་ལེན་ན་བུམ་དབང་ལ་ལྟོས་པའི་སྡོམ་པ་ཅིའི་ཕྱིར་ཁས་ལེན། རིགས་ལྔའི་སྡོམ་པ་བཟུང་བ་དེ་ཉིད་དེའི་སྡོམ་པའོ་ཞེ་ན། དེ་ནི་བུམ་དབང་ཁོ་ནའི་སྡོམ་བཟུང་དུ་མི་འགྲུབ་སྟེ། སྡོམ་པ་དེ་མ་བཟུང་བར་དབང་གོང་མ་བསྐུར་དུ་མི་རུང་བའི་ཕྱིར་དང༌། དབང་གོང་མ་མ་རྫོགས་པར་རིགས་ལྔའི་སྡོམ་པ་ཡང་མི་རྫོགས་པའི་ཕྱིར། གལ་ཏེ་རྫོགས་ན་དབང་གོང་མ་བསྐུར་བ་ལ་མ་ལྟོས་པར་ངེས་དོན་གྱི་རྒྱལ་བ་རིགས་ལྔ་སྒྲུབ་ནུས་པར་འགྱུར་རོ། །ཡང་རྣམ་པ་གཅིག་ཏུ་ན་རིགས་ལྔའི་སྡོམ་བཟུང་བྱས་ཟིན་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱི་དབང་གི་གསོལ་བ་གདབ་ན། སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པའང་བླ་ན་མེད་པ་སྩོལ། །ཞེས། བླ་ན་མེད་པའི་སྒྲས་ཅི་ཞིག་བསྟན་པ་བསམ་དགོས་སོ། །གསུམ་པ་ནི། རྒྱུད་སྡེ་འོག་མ་གཉིས་སུ་སྤྱིར་སྔགས་ཀྱི་སྡོམ་པ་ཡང་བཤད་པར་དཀའ་ན། ངེས་དོན་གྱི་སྡོམ་པ་ལྟ་ཅི་སྨོས་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། དེ་དག་ཏུའང་ངེས་དོན་གྱི་སྡོམ་པ་འཛིན་དགོས་པར་ནི་རྒྱུད་སྡེ་གོང་མ་ལས་བཤད་པའི་ཕྱིར། སཾ་པུ་ཊ་ལས། ཇི་སྐད་དུ། རྒོད་དང་བལྟས་དང་ལག་བཅངས་དང༌། །གཉིས་གཉིས་མཁྱུད་དང་རྣམ་པ་བཞིས། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་གསུངས་ལ། དེའི་དོན་ནི་དཔེར་ན། རྒོད་པའི་ཆགས་པ་ལམ་དུ་བྱེད་ཅེས་པའི་དོན། ཆགས་པ་དེའི་སྟེང་གི་གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ལ་ཆགས་པ་ཆེན་པོ་ཞེས་བྱ་ཞིང༌། དེ་ཉིད་ལམ་དུ་བྱེད་པའི་དབང་དང་སྡོམ་པས་ཁྱད་པར་དུ་བྱས་པའི་རྒྱུད་ལ་བྱ་རྒྱུད་དུ་འཇོག་ཅེས་པའོ། །སྲིན་བུའི་ཚུལ་གྱིས་ཞེས་པ་ནི། ཤིང་གི་སྲིན་བུ་ཤིང་ལ་གནས་ནས་གནས་སའི་ཤིང་དེ་ཉིད་ཟོས་ཏེ་མེད་པར་བྱེད་པ་བཞིན་དུ་ཆགས་པ་རིགས་བཞིའི་ངོ་བོར་གྱུར་པའི་ཡེ་ཤེས་དེ་དང་དེས་ཀྱང་རང་གི་གནས་སུ་ཆགས་པ་རིགས་བཞི་པོ་དེ་དང་དེ་ལ་གནས་བཅས་ནས་དེ་ཉིད་ཟོས་ཏེ་མེད་པར་བྱེད་པ་ཞེས་བྱ་བའི་དོན་ནོ། །དེ་ཁོ་ནར་མ་ཟད་རྣལ་འབྱོར་གྱི་རྒྱུད་དུ་ནི། དཀྱིལ་འཁོར་དང་ལྷ་དང་བདག་གི་དེ་ཁོ་ན་ཉིད་རྒྱས་པར་གསུངས་པ་དང༌། རྣམ་སྣང་མངོན་བྱང་ལས་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་འཛིན་ཚུལ་བཤད་པ་དང༌། བདག་འབུལ་བའི་ཚིག་བརྗོད་པ་ལ་སྡོམ་པ་འཛིན་པའི་ཆོ་གར་བཤད་ཅིང༌། དེའི་དོན་གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འཛིན་པ་ལ་འཆད་དགོས་པའི་ཕྱིར་དང༌། བྱ་བའི་རྒྱུད་དུ་བདག་ཉིད་ལྷར་མི་སྐྱེད་ཀྱང་བདག་གི་དེ་ཁོ་ན་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་ངོས་འཛིན་དགོས་པ་དང༌། མདུན་དུ་ལྷ་སྒྲུབ་པའི་ཚེ་ཡང་རང་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་མི་གཡོ་བ་དང༌། མཚན་འཛིན་གྱི་རྟོག་པ་འགོག་དགོས་པར་བཤད་པ་ལས་ཤེས་སོ། །གཉིས་པ་མི་ཉམས་པར་བསྲུང་བའི་ཚུལ་ལ་གཉིས་ཏེ། སྤང་བྱ་ལྟུང་བའི་རྣམ་གྲངས་བསྟན་པ་དང༌། དེས་རང་རྒྱུད་ལ་མ་གོས་པར་བྱ་བའི་ཚུལ་ལོ། །དང་པོ་ལ་བཞི་སྟེ། བྱ་བའི་རྒྱུད་ལས་གསུངས་པའི་ལྟུང་བའི་རྐང་གྲངས་དང༌། སྤྱོད་རྒྱུད་ལས་དང༌། རྣལ་འབྱོར་རྒྱུད་ལས་དང༌། བླ་ན་མེད་པའི་རྒྱུད་ལས་གསུངས་པའི་རྐང་གྲངས་སོ། །དང་པོ་ལ་གཉིས་ཏེ། འཇམ་དཔལ་རྩ་རྒྱུད་ལས་གསུངས་པ་དང༌། གསང་བ་སྤྱི་རྒྱུད་ལས་གསུངས་པའོ། །དང་པོ་ནི། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་ངས་འདིར་ཆད་པ་ལྟ་བ་དང༌། དཀོན་མཆོག་གསུམ་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་སྤོང་བ་དང༌། དབང་བསྐུར་བ་སྤོང་བ་དང༌། བླ་མ་ལ་འཁུ་བ་ཞེས་བྱ་བ་ལྔ་པོ་འདི་ནི་རྩ་བའི་ལྟུང་བ་ཡིན་པར་བསྟན་ཏེ། ཆོས་དེ་དག་ལས་གང་ཡང་རུང་བ་ཞིག་སྤྱོད་ན། དེ་སླར་སྦྱང་བ་མ་བྱས་ན་ནི་སྔགས་པའི་ཐ་སྙད་མེད་ཅིང༌། དངོས་གྲུབ་ཀྱི་ས་བོན་ཉམས་པ་དང༌། ཚིག་པ་དང་རུལ་བར་བརྗོད་དོ། །ཞེས་གསུངས། གཉིས་པ་ནི། ཇི་སྐད་དུ། དེ་ནས་བླ་མས་སློབ་མ་རྣམས། །མ་ཡེངས་ལེགས་པར་བཀོད་ནས་སུ། །ཤེས་རབ་ཕ་རོལ་ཕྱིན་བཀླགས་ནས། །དམ་ཚིག་འདི་དག་བསྒོ་བར་བྱ། །དེ་རིང་ཕན་ཆད་ཁྱེད་རྣམས་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རིག་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བརྟན་པར་བྱ། །རྟག་པར་ཐེག་པ་ཆེན་པོ་ལ། ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་པར་བྱ། །ལྷ་རྣམས་ཀུན་ལ་སྡང་མི་བྱ། །དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་འགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་བརྟན་པ་ཉེ་བར་བཞག །ཐེག་ཆེན་ལ་ནི་དགའ་རྣམས་ཀྱིས། །བསོད་ནམས་དག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། །དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང༌། །དེ་ཡང་བདག་གིས་རྟོགས་པར་བྱ། །ཞེས་འབྱུང་ངོ༌། །དེ་ཡང་དྲི་མེད་འོད་ལས། རྒྱུད་སྡེ་བཞི་ཀ་ཡང་རྩ་བའི་ལྟུང་བ་བཅུ་བཞི་པ་ཅན་དུ་མཚུངས་པར་བཤད་པ་ལྟར་ན། གོང་དུ་ཇི་སྐད་བཤད་པ་དེ་དག་བཅུ་བཞིར་བསྡུ་བའི་ཚུལ་ནི་འདི་ལྟར། དཀོན་མཆོག་ལ་དད་པ། སྔགས་ལ་དད་པ། ཐེག་པ་ཆེན་པོ་ལ་མོས་པ། བླ་མ་སོགས་ཞིང་ཁྱད་པར་ཅན་ལ་མོས་པ་སྟེ་བཞི་དང༌། ལྷ་རྣམས་ལ་མི་སྡང་བ། དུས་མཚམས་སུ་མཆོད་པ། གཞུང་གཞན་མི་མཆོད་པ། གློ་བུར་བ་མཆོད་པ་སྟེ་བཞི་དང༌། བྱམས་པ་མི་བཏང་བ། བསོད་ནམས་ལ་འབད་པ། གསང་སྔགས་ལ་བརྩོན་པ། དམ་ཚིག་གཞན་བསྲུང་བ་སྟེ་བཞི་དང༌། སྔགས་རྒྱ་མི་སྦྱིན་པ། རྒྱུད་གསང་ཞིང་རྟོགས་པར་བྱ་བ་རྣམས་སོ། །གཉིས་པ་སྤྱོད་པའི་རྒྱུད་ལས་འབྱུང་བ་ལ། རྣམ་སྣང་མངོན་བྱང་ལས་འབྱུང་བ་རྣམས་སྔ་མ་བཞིན་རྐང་གྲངས་བཅུ་བཞི་ཉིད་དུ་བསྡུ་བར་བྱ་སྟེ། མི་དགེ་བ་བཅུ་དང༌། དམ་པའི་ཆོས་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེར་སྣ་བྱེད་པ་དང༌། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་སྐད་དུ་ཡང་རྣམ་སྣང་མངོན་བྱང་ལས། བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོར་སྤྱོད་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་གཞི་ཞེས་བྱ་ལ། དེ་ལ་གང་ཞེ་ན། ལུས་ཀྱི་གསུམ་དང༌། ངག་གི་བཞི་དང༌། ཡིད་ཀྱི་གསུམ་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མོའོ། །ཞེས་དང༌། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡང་ཉམས་པར་མི་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང༌། བྱང་ཆུབ་ཀྱི་སེམས་གཏོང་བ་དང༌། སེར་སྣ་བྱེད་པ་དང༌། སེམས་ཅན་ལ་གནོད་པ་བྱེད་པའོ། །ཞེས་གསུངས། སྐབས་འདིར་གཞན་དག་ན་རེ། བྱ་སྤྱོད་གཉིས་སུ་སེམས་བསྐྱེད་ཀྱི་སྡོམ་པ་ལས་གཞན་པའི་སྔགས་ཀྱི་སྡོམ་པ་འཛིན་པའི་ཆོ་ག་དང༌། བཟུང་བ་ལས་ཐོབ་པའི་བཤད་པ་གང་ཡང་མེད་དོ། །ཞེས་གསུང་བ་ནི་མི་འཐད་དེ། བྱ་བའི་རྒྱུད་དུ་སྔགས་ཀྱི་སྡོམ་པ་མེད་ན་དབང་བསྐུར་བ་སྤོང་བ་རྩ་བའི་ལྟུང་བར་འཆད་མི་རིགས་པ་དང༌། རྣམ་སྣང་མངོན་བྱང་ལས། དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་དང༌། དེའི་དམ་ཚིག་བསྲུང་བའི་ཚུལ་རྒྱས་པར་གསུངས་པ་རྣམས་མི་འཐད་པར་འགྱུར་རོ། །ཁ་ཅིག་ན་རེ། མངོན་བྱང་ལས་བཤད་པ་འདི་ཡང་སེམས་བསྐྱེད་ཀྱི་སྡོམ་པའོ། །ཞེས་ཟེར་མོད། ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པར་ནི་འདི་མི་རིགས་ལ། དོན་དམ་སེམས་བསྐྱེད་ཀྱི་སྡོམ་པ་བཤད་པ་ཉིད་ཀྱིས་སྔགས་ཀྱི་སྡོམ་པར་གྲུབ་པ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས་བྱང་ཆུབ་སེམས་འགྲེལ་ལས་བཤད་པ་བཞིན་ནོ། །གསུམ་པ་རྣལ་འབྱོར་རྒྱུད་ལས་འབྱུང་བ་ལ་གཉིས་ཏེ། བཤད་པའི་རྒྱུད་ལས་འབྱུང་བ་དང༌། རྩ་བའི་རྒྱུད་ལས་བཤད་པའོ། །དང་པོ་ནི། རྐང་གྲངས་བཅུ་བཞི་པ་ཚན་པ་གཉིས་སུ་བཤད་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ཞེས་བྱ་བའི་བཤད་རྒྱུད་དུ། བཟུང་རྒྱུའི་སྡོམ་པ་བསྒྲགས་པའི་ཚེ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པོར་གྱུར་པའོ། །ཞེས་པ་ནས་མཆོད་པའི་ལས་ཀྱང་ཅི་ནུས་བགྱིད། །ཅེས་པའི་བར། རིགས་ལྔ་སོ་སོའི་དམ་ཚིག་བཅུ་བཞི་དངོས་སུ་བཤད་ནས། དེ་དང་འགལ་བའི་ལྟུང་བ་བཅུ་བཞི་འགྱུར་བའི་ཚུལ་སློབ་དཔོན་ཀུན་སྙིང་གིས་བཤད་པ་དང༌། ཡང་རྒྱུད་དེ་ཉིད་ལས། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་བཤད་ལ། དེ་དུས་ཀྱི་བཅུ་བཞིའི་ངོས་འཛིན་ནི། རྒྱུད་དེ་ཉིད་དུ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་པ་ནས། འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་པའི་བར་ལ་ངོས་འཛིན་པ་དང༌། ཡང་རྒྱུད་དེ་ཉིད་ལས། དེ་ལ་དམ་ཚིག་གང་ཞེ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །གཙོ་བོ་དེ་དག་ལྷུར་བླང་བྱ། །འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་སེམས་ངེས་པར་དོར་མི་བྱ། །ལྷ་རྣམས་ལ་ནི་སྨད་མི་བྱ། །སྔགས་དང་ཕྱག་རྒྱ་ནམ་ཡང་མིན། །རྡོ་རྗེ་སློབ་དཔོན་བརྙས་མི་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །བཞོན་པ་མཚོན་ཆ་ཕྱག་མཚན་དང༌། །དམན་མ་ལུས་ཀྱི་གྲིབ་མ་རྣམས། །གྱ་ནོམ་དུ་ནི་བརྫི་མི་བྱ། །ནམ་ཡང་བཟའ་བར་མི་བྱའོ། །བདག་གིས་སྔོན་ནི་ཇི་ལྟར་མཐོང༌། །སེམས་ཅན་གཞན་ལ་བརྗོད་མི་བྱ། །སྔགས་དང་ཕྱག་རྒྱ་བསླབ་པ་ནི། །ནམ་ཡང་དོར་བར་མི་བྱའོ། །སེམས་ཅན་བསད་པར་མི་བྱ་ཞིང༌། །ཐེག་པ་གཞན་ལ་དགའ་མི་བྱ། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །བྱ་བ་མ་ཡིན་རྟག་ཏུ་སྤང༌། །ཁྱེད་ཀྱི་དམ་ཚིག་སྡོམ་པ་ཡིན། །ཞེས་པའི་བར་གྱི་བཅུ་བཞི་པོ་དེ་ལ་ངོས་འཛིན་པའི་ལུགས་དང༌། ནམ་མཁའི་སྙིང་པོའི་མདོ་ལས་གསུངས་པའི་བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅུ་བཞི་ལ་ངོས་འཛིན་པའི་ལུགས་དག་སྔོན་གྱི་མཁས་པ་རྣམས་ལ་བྱུང་ངོ༌། །གཉིས་པ་རྩ་རྒྱུད་ལས་འབྱུང་བ་ནི། རིགས་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔའི་དང༌། རིགས་ལྔ་སོ་སོའི་དམ་ཚིག་གོ །དང་པོ་ནི། དེ་ཉིད་བསྡུས་པ་ལས། སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པ་ཡིས་ནི་བསྲུང་བར་བྱ། །བསྲུངས་ན་བསོད་ནམས་ཆེན་པོ་ནི། །ཐམས་ཅད་ཀུན་ཏུ་སྐྱེ་བར་འགྱུར། །གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཕྱག་བསྐྱོད་ལ་སོགས་གཟུང་འདི་ནི། །སྐུ་ཡི་གསང་བར་རིག་པར་བྱ། །རྡོ་རྗེ་ཚིག་གི་སྦྱོར་བ་ཡིས། །སྨྲ་བ་ཆོས་ཀྱི་ཕྱག་རྒྱ་ཆེ། །འདི་ནི་གསལ་བར་གསུངས་གསང་བ། །རྡོ་རྗེ་ཚིག་ནི་སྒྲ་མེད་པའོ། །རང་གི་སེམས་ནི་རབ་རྟོགས་པས། །ཟླ་བ་ལ་ནི་རྡོ་རྗེ་སྒོམ། །རྣམ་གསུམ་གཅིག་ཏུ་སྒོམ་པ་ནི། །ཐུགས་ཀྱི་གསང་བ་འདི་ཞེས་བྱ། །གསང་བ་གསུམ་གྱི་ཆོ་ག་ཡིས། །ཕྱག་རྒྱ་ཐམས་ཅད་ཤིན་ཏུ་བསྡུས། །དེ་བས་རྣམ་པ་ཐམས་ཅད་དུ། །གསང་བ་རྣམ་གསུམ་རྣམ་པར་སྦ། །སྐུ་དང་གསུང་དང་ཐུགས་གསང་བ། །མཁས་པས་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་སོ། །གཉིས་པ་ནི། རྩ་བའི་རྒྱུད་དེ་ཉིད་ལས། གང་དག་འདོད་ཆགས་སྙོམས་འཇུག་པ། །དེ་ནི་འདོད་ཆགས་ཉིད་ཀྱིས་སྦྱང༌། །འདི་ནི་སངས་རྒྱས་ཕྱག་རྒྱ་ཆེ། །ཡེ་ཤེས་དམ་ཚིག་ཡིན་པར་བཤད། །འདོད་ལ་སྐྱོ་བར་མི་བྱ་བ། །དམ་ཚིག་ཤིན་ཏུ་ཚུལ་ཆེན་ཏེ། །དེ་བཞིན་གཤེགས་པའི་རིགས་དག་ལ། །རྒྱལ་བ་རྣམས་ཀྱང་འདའ་མི་མཛད། །ཅེས་དང༌། སེམས་ཅན་དོན་ཕྱིར་མི་ཁྲོ་བའང༌། །ཁྲོ་བ་ཆེན་པོ་རབ་སྟོན་པ། །འདི་ནི་རྡོ་རྗེ་རིགས་ཆེན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་དང༌། རང་བཞིན་དག་པར་ཤེས་ནས་ནི། །དགོས་པ་དེ་དང་དེ་དག་བྱེད། །འདི་ནི་པདྨའི་རིགས་ཅན་གྱི། །དམ་ཚིག་འདའ་བར་དཀའ་བའོ། །ཞེས་དང༌། ཉུང་ངམ་ཡང་ན་མང་ཡང་རུང༌། །ཇི་ལྟར་འདོད་པ་བཞིན་དུ་ནི། །སྦྱིན་པ་ཉིན་གཅིག་བཞིན་དུ་ཡང༌། །བྱ་བ་འདི་ནི་དམ་ཚིག་གོ །ཞེས་གསུངས་སོ། །བཞི་པ་བླ་མེད་ཀྱི་རྒྱུད་ལས་འབྱུང་བ་ལ་གཉིས་ཏེ། ལྟུང་བའི་རྐང་གྲངས་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ལ་རྩ་བའི་ལྟུང་བ་དག་གི་རྐང་གྲངས་དང༌། ཡན་ལག་གི་རྐང་གྲངས་སོ། །དང་པོ་ནི། རྒྱུད་སྡེ་སོ་སོ་ནས་རྩ་བའི་ལྟུང་བར་གསུངས་པ་རྣམས་གཞུང་དུ་བསྡེབས་པ་ནི། ཇི་སྐད་དུ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུང༌། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་ན་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང༌། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་དང་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོགས་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་འབྱུང་ངོ༌། །གཉིས་པ་ཡན་ལག་གི་ལྟུང་བའི་རྐང་གྲངས་ལ། རྒྱུད་སྡེ་དག་ཏུ་གྲངས་སོ་སོར་བཅད་ནས་བཤད་པ་ནི་རྙེད་པར་དཀའ་ལ། བསྟན་བཅོས་མཛད་པ་དག་གི་གཞུང་ལས་འབྱུང་བ་ནི། བཞི་ཚན་དང་བརྒྱད་ཚན་དང་ཉི་ཤུ་རྩ་བརྒྱད་དུ་བཤད་པ་གསུམ་ལས། དང་པོ་ནི། སྙིང་པོའི་ཞབས་ཀྱི་མཛད་པ་ལས། ཇི་སྐད་དུ། ཡན་ལག་དམ་ཚིག་བསྟན་པ་ནི། །རྣལ་འབྱོར་པ་ནི་སྔགས་པ་ཡིས། །སྔགས་ལ་ནན་གྱིས་ལེན་པ་ན། །ནན་གྱིས་ལེན་པ་བཞི་རུ་བཤད། །གཞན་གྱི་བུད་མེད་ལེན་པ་དང༌། །རང་གི་རྣལ་འབྱོར་མ་ཉིད་ལ། །ཆགས་པའི་དབང་གིས་འཇུག་པ་དང༌། །བྱིན་གྱིས་རླབས་པར་མི་བྱེད་པར། །ཐ་མལ་སྤྱོད་པས་འཇུག་པ་དང༌། །རྟགས་དང་མི་ལྡན་འཇུག་པར་ནི། །རྣལ་འབྱོར་ཆགས་པའི་ལམ་པ་ཡིས། །དང་པོ་ཆགས་པ་གདུལ་བ་དང༌། །ཟབ་མོའི་དོན་ལ་འཇུག་བྱའི་ཕྱིར། །ཤིན་ཏུ་ཆགས་པ་ཆེ་གྱུར་ལ། །བདེ་གཤེགས་རྒྱས་པར་བསྟན་པ་ཡིན། །རྣལ་འབྱོར་གྲོལ་བའི་ལམ་པ་ལ། །གོང་མ་དེ་བཞིན་མ་བསྟན་ཏེ། །ལས་དང་རྣལ་འབྱོར་དུས་སུ་ནི། །ཡིད་ཀྱིས་ལྷ་མོ་གཟུགས་མཛེས་མ། །ཚོགས་ཀྱི་འཁོར་ལོའམ་སྤྱོད་དུས་སུ། །མོས་པས་དེ་བསམ་དམ་ཚིག་ཡིན། །ཞེས་འབྱུང་ངོ༌། །གཉིས་པ་བརྒྱད་ཚན་ལ་ཡང༌། གཞུང་གི་དབྱེ་བ་གཉིས་ལས་དང་པོ། སྦོམ་པོ་བརྒྱད་པ་ཞེས་བྱ་བའི་གཞུང་ལས། ཇི་སྐད་དུ། ཤེས་རབ་སྟོབས་ཀྱིས་ལེན་པ་དང༌། །དེ་ཡི་བདུད་རྩི་སྟོབས་ཀྱིས་ལེན། །སྣོད་མིན་ལ་ནི་གསང་བསྟན་དང༌། །ཚོགས་ཀྱི་ནང་དུ་བརྩོད་པ་དང༌། །དད་ལྡན་ལ་གཞན་ཆོས་སྟོན་དང༌། །ཉན་ཐོས་ནང་དུ་ཞག་བདུན་གནས། །རྫུན་གྱི་རྣལ་འབྱོར་ང་རྒྱལ་བྱེད། །དད་མེད་མི་ལ་ཆོས་སྟོན་པ། །འདི་རྣམས་སྦོམ་པོའི་ལྟུང་བར་བཤད། །ཅེས་འབྱུང་ངོ༌། །བརྒྱད་ཚན་གཉིས་པ་ཡན་ལག་གི་ཉེས་པ་བརྒྱད་པ་ཞེས་བྱ་བའི་གཞུང་ལས་ནི། ཇི་སྐད་དུ། ཡན་ལག་དམ་ཚིག་ཅེས་བྱ་བ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་སྟེན་པར་དགའ་བ་དང༌། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང༌། །སེམས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང༌། ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང༌། །སྦྱོར་བ་ལེགས་པར་མ་བྱས་པའི། །སྐལ་མིན་གསང་བ་བསྟན་པ་དང༌། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་བསྟན་པ་དང༌། །བསྙེན་སོགས་དག་པར་མ་བྱས་པར། །དཀྱིལ་འཁོར་ལས་ལ་འཇུག་པ་དང༌། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་པ་མེད་པར་འདའ་བ་དང༌། །ཞེས་འབྱུང་ལ། རྣམ་གྲངས་གསུམ་པོ་དེ་དག་ནི་འཕགས་ཡུལ་གྱི་གཞུང་རྣམ་དག་ཏུ་མཁས་པ་རྣམས་ཀྱིས་འཆད་དོ། །གསུམ་པ་ཉི་ཤུ་རྩ་བརྒྱད་པའི་སྡེ་ཚན་ནི། རྩ་ལྟུང་འགྲེལ་ཆེན་དུ་གྲགས་པ་ལས་འབྱུང་སྟེ། དེ་ཡང་འདི་ལྟར་ཡན་ལག་གི་ལྟུང་བ་བཅོ་ལྔ་པ་དང༌། བདུན་པ་དང༌། དྲུག་པ་ཞེས་བྱ་བའི་སྡེ་ཚན་གསུམ་ལས། དང་པོ་ནི། ཇི་སྐད་དུ། རང་ལྷ་བླང་དོར་ལྟུང་བ་མིག །དེ་ཉིད་དུས་འདས་རི་བོང་ཅན། །ལྷ་གཞན་དགའ་བ་ཡོན་ཏན་ནོ། །རིག་བྱེད་དངོས་ལ་ཞེན་པ་ཡིན། །མ་རྫོགས་རྫོགས་བྱེད་མདའ་ཡིན་ནོ། །འཇིག་རྟེན་ཆོས་ཕྱིར་དབང་པོ་དེར། །ཁྱད་དུ་གསོད་པ་ཡང་ནི་རི། །གོང་མིན་ཚུལ་སྟོན་བཀྲ་ཤིས་སོ། །ཕྲིན་ལས་མ་གཏོགས་གཟའ་ཞེས་གྲགས། །དོན་མེད་གནས་པ་ཕྱོགས་ཡིན་ནོ། །བརྩེ་བ་གཏོང་བ་དྲག་པོ་སྟེ། །དམན་པའི་སྤྱོད་པ་ཉི་མའོ། །ཟང་ཟིང་རྟོག་པ་ཡན་ལག་གོ །ཡོངས་སུ་མི་འཛིན་ས་ཞེས་བྱ། །རང་སྤྱོད་འདོར་བ་ཚེས་ཤེས་གྲགས། །ཞེས་འབྱུང་ངོ༌། །གཉིས་པ་བདུན་ཚན་ནི། ཇི་སྐད་དུ། དམ་པ་ཉེར་བསྟེན་ཅིག་ཤོས་མིན། །སྣོད་དང་ལྡན་པ་རྣམ་པར་བརྟག །འདོད་ཕྱིར་གཞན་ལ་གནོད་པ་སྤང༌། །དཀོན་མཆོག་ལ་སོགས་ནོར་ལ་མིན། །གཞན་དོན་སྐད་ཅིག་ཡལ་མི་འདོར། །བྱང་ཆུབ་མིན་པར་དགེ་མི་འཇུག །རྣམ་ཤེས་འཕོ་བ་དེ་ཉིད་ཤེས། །གཞན་དུ་ཡན་ལག་ཉེས་པའོ། །ཞེས་འབྱུང་ངོ༌། །དྲུག་ཚན་ནི་ཇི་སྐད་དུ། གཞན་ཡང་སྔགས་ཀྱི་ཐེག་པར་བལྟ་བར་བྱ་བ་དང༌། སྤྱོད་པ་ངེས་པར་གནས་པ་ལ་ཐེ་ཚོམ་བསྐྱེད་པ་དང༌། ཐེག་པ་གསུམ་གྱི་གདུལ་བྱའི་རིམ་པ་དང་སྦྱར་ནས་མི་འདུལ་བར་གཅིག་ཏུ་སྦྱོར་བ་དང༌། དེ་ཁོ་ན་ཉིད་བཅུ་ལ་མི་གནས་པར་དཀྱིལ་འཁོར་གྱི་ལས་དང་སློབ་མ་སྨིན་པར་བྱེད་པ་དང༌། བདུད་བརྟག་པའི་ཐབས་ལ་མཁས་པར་མི་བྱེད་པ་དང༌། རྩ་བ་དང་ཡན་ལག་གི་སྡོམ་པ་ཞིག་གམ་མ་ཞིག་བསམ་པར་བྱ་བ་དུས་ལས་འདས་པ་དང༌། མདོར་ན་ཕྲ་མོའི་ཉེས་བྱས་ཀྱང་ཁྱད་དུ་བསད་དེ་དུས་འདས་ན་གཞི་དེ་ལས་འཕེལ་བ་ཡང་དུག་ཆུང་ངུས་རྨ་མཆེད་པ་བཞིན་ཏེ། དེ་བས་ན་དེ་དག་ཀྱང་ཡན་ལག་གི་ཉེས་པའོ་ཞེས་འབྱུང་ངོ༌། །དེ་ལྟར་ཚན་པ་གསུམ་པོ་དེའི་སྟེང་དུ། གོང་དུ་བགྲངས་པའི་སྦོམ་པོ་བརྒྱད་དང་རྩ་བ་བཅུ་བཞི་སྟེ་ལྔ་བཅུ། དེའི་སྟེང་དུ་ཉེས་མེད་དང་ཤན་འདྲ་བ་ཞེས་པའི་མིང་ཅན་གཉིས་བསྣན་པ་དེ་ལ་ནི། སྙིང་པོ་རྒྱན་ལས། ཇི་སྐད་དུ། དངོས་གྲུབ་ཐམས་ཅད་བྱུང་བའི་གནས། །ལྔ་བཅུ་རྩ་གཉིས་སྦྱོར་བ་དག །སྒྲུབ་པ་པོ་ཡིས་བཟུང་བར་བྱ། །ཞེས་བཤད་པས་གཞུང་རྩོད་པ་མེད་པ་དག་གི་ཐ་སྙད་དུ་གསལ་ལོ། །ཇི་སྐད་བཤད་པ་དེ་དག་ནི་དྲང་དོན་ཀུན་རྫོབ་པའི་སྡོམ་པ་དག་དང་ཐུན་མོང་བའི་འགལ་ཟླར་གྱུར་པའི་ཉེས་པ་དག་ཡིན་ལ། ངེས་དོན་དོན་དམ་པའི་སྡོམ་པ་དག་གི་ཐུན་མོང་མ་ཡིན་པའི་དམ་ཚིག་ནི་དགེས་པ་རྡོ་རྗེ་ལས། ཇི་སྐད་དུ། དམ་ཚིག་དང་སྡོམ་པ་ཇི་ལྟར་གནས་པར་བགྱི་བ་ལགས། བཀའ་སྩལ་པ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་བླང༌། །ཕ་རོལ་བུད་མེད་བསྟེན་པར་བྱ། །ཞེས་དང༌། དུས་ཀྱི་འཁོར་ལོར། ངེས་པར་རྡོ་རྗེའི་རིགས་ལ་སྲོག་གཅོད་བྱ་སྟེ། ཞེས་པ་ནས། ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་ལ་བསྟེན་པར་བྱ། ཞེས་པའི་བར་རྣམས་དྲང་ངེས་ཀྱི་སྒོ་ནས་འཆད་དགོས་པ་དང༌། རྡོ་རྗེ་གུར་ལས། ཕྱག་རྒྱ་བཅིང་བ་རྣམ་པར་སྤང༌། །མཆོད་རྟེན་ལས་ནི་མི་བྱ་ཞིང༌། །རྡོ་རྗེ་གསུམ་མཆོག་ཕྱག་མི་འཚལ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །ཞེས་པ་ལྟ་བུ་རྒྱུད་སྡེ་ལས་མང་དུ་གསུངས་པ་དག་ངེས་པར་བཟུང་དགོས་ཏེ། རིག་པ་འཛིན་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་ཉམས་པར་འཛིན་པ་ཡིན་ལ། དེའི་སྡོམ་པ་ནི་སྔགས་ཀྱི་སྡོམ་པ་སྟེ། མཚན་རྟོག་ལས་ཡིད་སྐྱོབ་བྱེད་ལ་འཆད་དགོས་པའི་ཕྱིར་རོ། །གཉིས་པ་དེ་རྣམ་པར་བཤད་པ་ལ་གསུམ་སྟེ། རྩ་བ་བཅུ་བཞི་བཤད་པ་དང༌། ཐུན་མོང་དུ་གྲགས་པའི་ཡན་ལག་བརྒྱད་བཤད་པ་དང༌། འགྲེལ་ཆེན་གྱི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གངས་ཅན་ན་རྩ་ལྟུང་གི་བཤད་པའི་སྲོལ་འཇམ་དཔལ་གྲགས་པའི་འགྲེལ་ཆེན་དུ་གྲགས་པ་དང༌། དེ་དང་མི་མཐུན་པར་འཆད་པ་རྣམ་བཤད་འཁྲུལ་སྤོང་ཞེས་བྱ་བའི་ལུགས་གཉིས་ལས། འཁྲུལ་སྤོང་གི་རྣམ་པར་བཞག་པ་ནི་རྒལ་ལན་དང་བཅས་ཏེ་རྒྱས་པར་གཞན་དུ་བསྟན་ཟིན་ནོ། །དཔལ་རང་བྱུང་རྡོ་རྗེས་མཛད་པའི་དམ་ཚིག་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་ནི་འགྲེལ་ཆེན་དང་མཐུན་པར་འཆད་པ། དེ་ཉིད་ཀྱི་ནང་ནས་མདོར་བསྡུས་ཏེ་བཤད་པར་བྱ་བ་ལ། སྤྱིའི་དོན་དང༌། སོ་སོའི་དོན་ནི། དང་པོ་ནི། རྡོ་རྗེ་ཐེག་པའི་དམ་ཚིག་མཐའ་དག་གི་གཞིར་གྱུར་པས་ན་རྩ་བ་ཞེས་བྱ་ལ། དེ་ཆད་ཅིང་ཉམས་ན་སྔགས་ཀྱི་དངོས་གྲུབ་ལས་ལྟུང་བའི་ཕྱིར་ལྟུང་བ་ཞེས་བྱའོ། །དབྱེ་ན་བཅུ་བཞིར་ངེས་པ་ལས། དེ་རེ་རེ་ལ་ཡང་ལྕི་ཡང་གི་རིམ་པས་ཕྱེ་ན། ཕམ་པ་ལྟ་བུ་དང༌། ལྟུང་བ་ཉིད་དང༌། སྦོམ་པོ་དང་ཉེས་བྱས་དང༌། ཉེས་མེད་གནང་བ་སྟེ་ལྔའོ། །དེ་དག་གི་ངོས་འཛིན་ནི། གཅིག་ལ་དཔེར་མཚོན་ན། གསུམ་གཅིག་ལྡན་གྱི་རྡོ་རྗེ་སློབ་དཔོན་ལ་སྦྱོར་བ་བདུན་དང་ལྡན་པས་འཚོ་བ་ཕྲལ་ན་ལྟུང་བ་དང༌། དུས་ལས་འདས་ཤིང་མ་བཤགས་ན་ཕམ་པ་དང༌། འཚོ་བ་མ་བྲལ་བའི་སྦྱོར་བ་དང་པོ་གསུམ་དང་ལྡན་ན་སྦོམ་པོ་དང༌། སྦྱོར་བ་གཞན་དྲུག་མ་ཚང་བའི་ལུས་ངག་གི་སྦྱོར་བ་བག་མེད་པར་གྱུར་པ་ཙམ་ལ་ཉེས་བྱས་དང༌། དགོས་པ་ཁྱད་པར་ཅན་གྱི་དོན་དུ་ན་ཉེས་མེད་གནང་བ་ཞེས་བྱའོ། །སྦྱོར་བ་བདུན་ནི། ཉོན་མོངས་པ་གང་ཡང་རུང་བས་ཀུན་ནས་བསླང་པ་དང༌། དེ་ལ་དེར་ཤེས་པ་དང༌། ལུས་ངག་གི་སྦྱོར་བ་མ་སྡམས་པ་དང༌། འཚོ་བ་ཕྲལ་བ་དང༌། ཤེས་ཤིང་འགྱོད་པ་མེད་པ་དང༌། དེ་ལ་ཡི་རང་བ་དང༌། བདག་ཉིད་མ་འཁྲུལ་བའོ། །སྦྱོར་བ་བདུན་པོའི་དངོས་གཞི་ཚང་ཡང་བཤགས་སྡོམ་ཚད་ལས་མ་འདས་ན་རྩ་བའི་ལྟུང་བར་གྱུར་ཀྱང་ཕམ་པ་མ་ཡིན་པས་ན། རྩ་བའི་ལྟུང་བ་ཉིད་ཅེས་བྱའོ། །བདུན་པོའི་དངོས་གཞིར་མ་སླེབ་ན་ནི་རྩ་བའི་ལྟུང་བ་དངོས་མ་ཡིན་ཏེ། སྦོམ་པོ་དང་ཉེས་བྱས་ནི་ཡན་ལག་གི་ལྟུང་བ་དག་ལའང་བཞག་པའི་ཕྱིར་རོ། །བཤགས་སྡོམ་འདས་པའི་ཚད་ཀྱང༌། གསུམ་ལྡན་གྱི་བླ་མ་ལ་ལོ་གཅིག་འདས་པ་དང༌། གཉིས་ལྡན་ལ་གཉིས་དང༌། གཅིག་ལྡན་ལ་ལོ་གསུམ་འདས་ན་བཤགས་དུས་འདས་པས་ཕམ་པ་དངོས་སུ་འཇོག་ལ། ཕམ་པར་འདྲ་ཡང་ཡུལ་དང༌། བསམ་པ་དང༌། སྦྱོར་བ་དང༌། དུས་དང༌། གྲངས་མང་ཉུང་གི་བྱེ་བྲག་ལས་ལྕི་ཡང་དུ་མར་འགྱུར་རོ། །དོན་འདི་ལ། འཁྲུལ་སྤོང་མཛད་པ་སོགས་གཞན་དག ཕམ་པ་དང་སྦོམ་པོ་སོགས་ཀྱི་དབྱེ་བ་དང༌། ལྟུང་བའི་དངོས་གཞི་བྱུང་ནས་ཀྱང་ཕམ་པར་འགྱུར་བ་དུས་ལ་ལྟོས་པ་སོགས་ལ་ལུང་རྣམ་དག་གི་ཁུངས་མེད་དེ་ཞེས་གསུངས་མོད། སློབ་དཔོན་འཇམ་དཔལ་གྲགས་པའི་གཞུང་རྩོད་མེད་སྙིང་པོའི་རྒྱན་ལས། ཇི་སྐད་དུ། གསུམ་གཉིས་གཅིག་གི་ལུས་ངག་ཡིད། །སྦྱོར་བའི་ཉེས་པ་རབ་རྫོགས་བྱེད། །གཅིག་གཉིས་གསུམ་གྱི་ལོར་གནས་ལ། །དུས་ཀྱི་ཆེ་སོགས་རྣམ་པར་བཞག །ཅེས་དང༌། སྲོག་དང་ལུས་དང་ལོངས་སྤྱོད་དང༌། །ལྟུང་དང་སྦོམ་ལྕི་ཉེས་བྱས་རིམ། །སྲོག་སོགས་ཉེས་པའི་ཁྱད་པར་ཤེས། །ཞེས་དང༌། ཆུང་ངུའི་ཉེས་པ་ཡུན་རིང་པོ། །ཀུན་ལ་ཚེ་དང་འདྲ་བ་ཡིན། །དེ་ལྟར་ཉེས་པའི་རྣམ་པ་ཀུན། །འཕེལ་དང་ལྟུང་སོགས་རབ་རྫོགས་པས། །ལོ་གཅིག་དང་ནི་ཐུན་མཚམས་ལས། །འགྱུར་བར་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས་པས་ན་རྣམ་པར་བརྟག་དགོས་སོ། །གཉིས་པ་སོ་སོའི་དོན་ལ་བཅུ་བཞི་ལས། དང་པོ་ནི། འདིར་སློབ་དཔོན་ནི། དབང་བསྐུར་རྒྱུད་བཤད། མན་ངག་ནོད་པར་བྱས་པ་ནི་གསུམ་ལྡན་ནོ། །དེ་བཞིན་དུ་གང་རུང་གཉིས་ཐོབ་པ་དང༌། གང་རུང་གཅིག་གནོས་པ་སྟེ་གསུམ་མོ། །དེ་ལ་བརྙས་པར་བྱས་ན་རྩ་བའི་ལྟུང་བ་དང་པོ་ཞེས་བྱའོ། །དེའི་དབྱེ་བ་ནི། ཡུལ་དང༌། བསམ་པ་དང༌། སྦྱོར་བ་དང༌། དུས་དང༌། ཉེས་པ་དང༌། ལན་གྲངས་ཀྱི་དབྱེ་བས་དུ་མར་འགྱུར་ལ། ཡུལ་ནི་གཅིག་ལྡན་སོགས་གསུམ་མོ། །བསམ་པ་ནི་ཆགས་སྡང་རྨོངས་པ་གསུམ་མོ། །སྦྱོར་བ་ནི་ལུས་ངག་ཡིད་གསུམ་མོ། །དུས་ནི་བཤགས་ཚད་ལས་འདས་པ་དང༌། ཐོས་བསམ་སྒོམ་གསུམ་ལ་གནས་པའི་དུས་ལྟ་བུའོ། །ཉེས་པ་ནི་ལྟུང་བ་སོགས་ལྔའམ། སྲོག་དང་ལུས་དང་ལོངས་སྤྱོད་ལས་གྱུར་པའོ། །ལན་གྲངས་ནི་ལན་གཅིག་ནས་མང་པོའི་བར་དུ་གྱུར་པའོ། །གཉིས་པ་ནི། བདེ་བར་གཤེགས་པའི་བཀའ་ལས་འདས་པ་ནི་བླ་མ་དང་སངས་རྒྱས་ཀྱི་བཀའ་ལས་འདས་ན་རྩ་བའི་ལྟུང་བ་སྟེ། འདི་ཡང་དམ་པའི་ཆོས་སྤོང་གི་ཉེས་པ་ལ་འཆད་པ་དང༌། མི་དགེ་བ་བཅུ་སྤྱོད་པ་ལ་འཆད་པ་དང༌། གསུང་རབ་ཀྱི་དྲང་ངེས་མི་ཕྱེད་པར་སྒྲ་ཇི་བཞིན་པ་ལ་ཞེན་པ་ལ་འཆད་པ་དང༌། སྡོམ་པ་འོག་མའི་བཅས་པ་ཁྱད་དུ་གསོད་པ་རྣམས་ལ་འཆད་པའི་ལུགས་དག་གཞུང་སོ་སོ་ནས་བྱུང་ངོ༌། །གསུམ་པ་ནི། རྡོ་རྗེ་སྤུན་ལ་ཁྲོ་བ་ཞེས་པ་ལ། རྡོ་རྗེའི་སྤུན་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཇི་སྐད་དུ། བསྟན་དང་རྡོ་རྗེ་ཐེག་པ་ལ། །ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་སྤུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ །ཞེས་པ་ལྟར་ཡིན་ལ། ཁྲོས་པ་ནི། སེམས་ཁོང་ནས་འཁྲུགས་པ་ཡོངས་སུ་རྫོགས་པ་སྟེ། འདི་ནི་སེམས་ཀྱི་ཉེས་པ་ཉིད་དུ་བཤད་པ་མང་བས་ན། ཇི་སྐད་དུ། ཁྲོས་ནས་ནི། ཉེས་པར་བརྗོད་པ་ཞེས་འབྱུང་བ་དེ་ནི་གཞུང་ཇི་ལྟ་བ་མ་ཡིན་ནོ། །བཞི་པ་ནི། སེམས་ཅན་ལ་བྱམས་པ་ཞེས་བྱ་བ་ནི། བདེ་བ་དང་ཕྲད་པར་འདོད་པའི་སེམས་བྱུང་ཞིག་ཡིན་ལ། དེ་སྤོང་བ་ནི། ཐམས་ཅད་ལ་དུས་གཅིག་ཏུ་སྤོང་དགོས་པ་ནི་མ་ཡིན་ཏེ། ཤན་པ་ལྟ་བུས་ཀྱང་རང་གི་བུ་དང་ཆུང་མ་སོགས་ལ་དེ་མི་སྤོང་བའི་ཕྱིར། དེས་ན་སེམས་ཅན་ཉི་ཚེ་བ་ལ་བདེ་བ་དང་བྲལ་འདོད་ཀྱི་བློ་སྐྱེས་པའོ། །དེ་ཡང་འདི་དང་གོང་འོག་ནས་འབྱུང་བའི་སེམས་ཁོ་ནའི་ཉེས་པ་རྣམས་ལ་ནི་ཐུན་ཚོད་ལས་འདས་པ་དགོས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་བྱང་ཆུབ་ཀྱི་སེམས་བཏང་བའི་རྩ་ལྟུང་འབྱུང་བ་ལ་དུས་ཀྱི་དྲུག་ཆ་ཐལ་དགོས་པར་བཤད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལུས་ངག་གི་སྦྱོར་བས་རྫོགས་པ་རྣམས་ནི་དུས་འདས་ལ་ལྟོས་མི་དགོས་ཏེ། ཐེག་པ་ཐུན་མོང་གི་འདུལ་བ་ཞེས་འབྱུང་བའི་ལྟུང་བ་རྣམས་ཀྱི་དངོས་གཞི་འགྲུབ་ཚུལ་དང་རིགས་པ་མཚུངས་པས་སོ། །ལྔ་པ་ནི། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ཞེས་པ། ཀུན་ད་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་འཆད་པ་དང༌། སྨོན་པ་བྱང་ཆུབ་ཀྱི་སེམས་ལ་འཆད་པའི་ལུགས་གཉིས་བྱུང་ཡང་འགལ་བ་མེད་དེ། རྫོགས་རིམ་གྱི་སྡོམ་པ་ལ་ལྟོས་ནས་ནི་སྔ་མ་ལྟར་ཡིན་ལ། སྔགས་ཀྱི་སྡོམ་པ་ཙམ་ལ་ནི་ཕྱི་མ་ལྟར་ཡང་འཐད་པའི་ཕྱིར། འོ་ན་འདི་བྱང་སེམས་ཀྱི་སྡོམ་པའི་རྩ་ལྟུང་དུ་བཤད་པ་དང་ཁྱད་པར་ཅི་ཞེ་ན། སྨོན་སེམས་འདི་སྔ་མ་ལས་ངོ་བོ་བཟང་ཞིང༌། འགལ་ན་ཉེས་པ་ལྕི་བ་ཡིན་ཏེ། ཚེ་འདི་ཉིད་ལ་ཟུང་འཇུག་གི་སྐུ་དོན་དུ་གཉེར་བའི་སྨོན་ལམ་བཏབ་ནས་དེའི་སྡོམ་པ་དབང་ལས་ཐོབ་པའི་ཕྱིར་རོ། །དྲུག་པ་ནི། གྲུབ་པའི་མཐའ་ལ་སྨོད་ཅེས་པ། ཐེག་པ་ཆེ་ཆུང་ངམ་ཡང་ན་ཕྱི་ནང་གི་གྲུབ་མཐའ་ལ་ཕྲག་དོག་དང་སྡང་སེམས་ཀྱིས་ཀུན་ནས་བསླང་ནས་ཚིག་ངན་པར་བརྗོད་པ་སྟེ། རྣམ་སྣང་མངོན་བྱང་ལས། གྲུབ་པའི་མཐའ་ཡི་བློ་སྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་སྨད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་དགོས། །ཞེས་སོ། །བདུན་པ་ནི། ཡོངས་སུ་མ་སྨིན་སེམས་ཅན་ཞེས་པ། སྤྱིར་ཐེག་པ་གོང་མ་གོང་མར་རྒྱུད་ཡོངས་སུ་མ་སྨིན་པ་ལ་དེ་དང་དེའི་གསང་ཚིག་སྒྲོགས་པ་ཡང་ཉེས་པར་བཤད་པ་མང་མོད། འདིར་ནི་རྒྱུ་དུས་སུ་དབང་སོ་སོས་ཡོངས་སུ་མ་སྨིན་པ་ལ་དབང་སོ་སོ་དང་འབྲེལ་བའི་གསང་བ་རྣམས་བསྒྲགས་པ་དང་བསྟུན་ན། ཕ་རོལ་པོས་དོན་གོ་བ་དེའི་ཚེ་ལྟུང་བ་དངོས་གཞིའོ། །དེ་ལྟ་མོད་ཀྱི། དབང་བསྐུར་བ་དང་སྡོམ་པ་འཛིན་པའི་སྣོད་དུ་མ་གྱུར་པ་དག་ལ་དཀྱིལ་འཁོར་དུ་འཇུག་པ་ཙམ་ནི་གནང་བ་ཡིན་ནོ། །བརྒྱད་པ་ནི། སྔགས་པ་རང་གི་ཕུང་པོ་ལྔ་གདོད་མ་ནས་རང་བཞིན་གྱི་སངས་རྒྱས་སུ་གནས་པ་ལ་བླ་མ་དམ་པས་དབང་བསྐུར་བའི་དུས་སུ་སངས་རྒྱས་ལྔར་རབ་ཏུ་གནས་པ་བགྱིས་པ་ལ། སེམས་ཀྱིས་བརྙེས་པ་ཐུན་ཚོད་ལས་འདས་པའམ། དེས་ཀུན་ནས་བསླང་བའི་ལུས་ངག་གི་བྱ་བ་ཡོངས་སུ་རྫོགས་པའི་ཚེ་ནའོ། །རང་བཞིན་གྱི་སངས་རྒྱས་ཇི་ལྟར་ཡིན་པ་དང༌། སངས་རྒྱས་ལྔར་རབ་ཏུ་གནས་པ་ཇི་ལྟར་བགྱིས་ཤེ་ན། ཕུང་པོ་ལྔའི་རང་བཞིན་རྣམ་དག་གི་ཆ་གདོད་མ་ནས་སངས་རྒྱས་ལྔའི་ངོ་བོར་གནས་པ་ཡིན་ཏེ། ཇི་སྐད་དུ། ཆོས་རྣམས་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་བྱོས། །ཞེས་སོ། །རབ་ཏུ་གནས་པ་ནི། སློབ་དཔོན་དང་སློབ་མ་གཉིས་ཀས། མ་དག་པའི་ཕུང་པོ་ལྔ་སྟོང་པ་ཉིད་དུ་སྦྱངས་ནས། སྟོང་པ་དེའི་ངང་ཚུལ་ལས་མ་གཡོས་བཞིན་དུ། སློབ་མའི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་སངས་རྒྱས་ལྔར་བསྐྱེད་ནས། ཡན་ལག་བཞི་ཡོངས་སུ་རྫོགས་པར་བསྒྲུབས་པ་དེ་འཁོར་བ་ཇི་སྲིད་ཀྱི་བར་དུ་རབ་ཏུ་གནས་པར་བྱས་པ་ཡིན་ནོ། །དགུ་པ་ནི། རང་བཞིན་དག་པའི་ཆོས་ཤེས་པ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ན་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་མི་འཐད་དོ་སྙམ་དུ་ལོག་པར་རྟོག་པ་སྟེ། ལྐོག་གྱུར་གྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པའམ་རྟོག་པ་ནི་ཐེ་ཚོམ་ལས་མ་འདས་པས་སོ། །འདི་ནི་ཀུན་རྫོབ་ལ་ལོག་པར་རྟོག་པ་སྟེ། དོན་དམ་ལ་ལོག་པར་རྟོག་པ་ནི་བཅུ་གཅིག་པར་བཤད་དོ། །ཡང་ན། འདི་ནི་ཆོས་ཐམས་ཅད་རང་གི་ངོ་བོས་སམ། གཞན་གྱི་ངོ་བོས་སྟོང་པར་བཤད་པའི་ཚུལ་ལ་ལོག་པར་རྟོག་པ་ཡིན་ལ། བཅུ་གཅིག་པ་ནི། རང་སྟོང་མེད་དགག་གི་ཆའམ། གཞན་སྟོང་ཡེ་ཤེས་ཀྱི་ཆ་གང་རུང་ལ་མཚན་མར་ཞེན་པ་ཉིད་སྒྲིབ་པའི་གཉེན་པོའོ་ཞེས་གྲུབ་པའི་མཐའ་འཇོག་པའོ། །བཅུ་པ་ནི། གདུག་པ་ཅན་ཞེས་པ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཆོས་ལས་ཕྱིར་ཕྱོགས་པའི་གང་ཟག་དག་ཡིན་ལ། དེ་ལ་དེའི་བསམ་སྦྱོར་དང་རྗེས་སུ་མཐུན་པའི་བྱམས་པ་ཐུན་ཚོད་ལས་འདས་ན་དངོས་གཞིའོ། །གལ་ཏེ་བྱམས་པ་སྤོང་བ་རྩ་ལྟུང་དུ་བཤད་པ་དང་འདི་མི་འགལ་བ་ཅི་ཞེ་ན། གཞན་ལ་བྱམས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ཡིན་པ་དང༌། གདུག་པ་ཅན་སྒྲོལ་བ་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཡིན་པས་སོ་སོར་བསྟན་པ་ཡིན་མོད། འགལ་བ་མ་ཡིན་ཏེ། འདི་ཡང་རྒྱུའི་ཀུན་སློང་སྙིང་རྗེ་ལས་ཡིན་པའི་ཕྱིར། འོ་ན་འདི་ལ་དུས་ཀྱི་ཀུན་སློང་ཞེ་སྡང་དགོས་ཏེ། སྲོག་གཅོད་ཀྱི་ལས་ལམ་མཐར་ཕྱིན་པ་ཞེ་སྡང་ལ་རག་ལས་པའི་ཕྱིར་སྙམ་ན། ཉེས་པ་མེད་དེ། ཇི་སྲིད་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་མི་ལྡན་པ་དེ་སྲིད་དུ་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་བཤད་པའི་བསྒྲལ་བ་ཞེས་བྱ་བ་འདི་མི་ནུས་ཤིང༌། མི་རུང་ལ་ཡེ་ཤེས་དེ་སྐྱེས་ནས་ནི་ཞེ་སྡང་གི་ཉེས་པར་མི་འགྱུར་བའི་ཕྱིར། སྔགས་ཀྱི་ནུས་པས་བསད་པའི་དུག་བཞིན་ནོ། །མུ་སྟེགས་སོགས་ཀྱི་ངན་གཡོའི་བསྟན་བཅོས་ནས་འབྱུང་བའི་བསྒྲལ་བ་ནི་རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ་མི་འཆད་དོ། །བཅུ་གཅིག་པའི་ངོ་བོ་ནི་བཤད་མ་ཐག་པ་དེ་ཉིད་དེ། དེའི་ཤེས་བྱེད་ཀྱང༌། སྟོང་པ་ཉིད་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ཡུལ་ལས་འདས་ཤིང༌། ཡོད་མེད་ལ་སོགས་པ་སྤྲོས་པའི་མཚན་མ་གང་དུ་ཡང་མ་གྲུབ་པས་སོ། །རྣལ་འབྱོར་སྤྱོད་པ་པའི་ལུགས་ཀྱི་སྟོང་པ་ཉིད་ཀྱིས་ཀྱང་འདིའི་སྐབས་ཀྱི་གོ་ཆོད་ན་ནི་སྤྲོས་པའི་བཟུང་བྱར་མ་གྲུབ་པ་འགལ་ཏེ། ལུགས་དེ་ལ་ཆོས་དབྱིངས་བདེན་པར་གྲུབ་པའི་ཕྱིར་རོ། །མི་ཆོད་ན་ནི་སྔགས་ཀྱི་ལུགས་འདིར་སྟོང་པ་ཉིད་ཀྱི་ངོས་འཛིན་ཆོས་དབྱིངས་ཡེ་ཤེས་ལ་བྱེད་པར་འགལ་ལོ་ཞེ་ན། དེས་དེའི་གོ་ཤིན་ཏུ་ཡང་ཆོད་ཅིང༌། དེ་དོན་དམ་པའི་བདེན་པ་ཡིན་ཀྱང༌། དེ་མཚན་མར་འཛིན་པ་སྤང་བྱར་མི་འགལ་ཏེ། སངས་རྒྱས་ལ་མཚན་མར་འཛིན་པ་སྤང་བྱར་བཤད་པ་བཞིན་ནོ། །བཅུ་གཉིས་པ་ནི། དད་པ་དང་ལྡན་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་མངོན་པར་དགའ་བ་སྟེ། གཞན་རྒྱུད་ཀྱི་སེམས་དེ་དང་ལྡན་པའི་གང་ཟག་གཞན་གྱི་སེམས་ཡོན་ཏན་སྔ་མ་དང་མི་ལྡན་པར་བྱེད་དོ། །བཅུ་གསུམ་པ་ནི། དམ་ཚིག་ཅེས་པ་ནི་བཟའ་བ་དང༌། མི་འབྲལ་བ་དང༌། བསྟེན་པ་དང༌། ལོངས་སྤྱོད་པའི་དམ་ཚིག་ཏུ་བཤད་པ་རྣམས་བསྟེན་པའི་སྐབས་སུ་བབ་པ་དང༌། མཐུ་ཡོད་བཞིན་དུ་མི་བསྟེན་པ་ནི་ཐུན་ཚོད་ལས་འདས་པའི་ཚེ་ན་དངོས་གཞིའོ། །འདི་དང་བཅུ་བཞི་པ་སོགས་སུ་གསང་སྔགས་ཀྱི་ཀུན་སྤྱོད་ལ་ཁྱད་དུ་བསད་པའི་བློས་ཀུན་ནས་བསླང་བ་དགོས་ཞེས་གསུང་ངོ༌། །ཤ་ལྔ་དང་བདུད་རྩི་ལྔ་ལ་ཁྱད་གསོད་ཀྱི་བསམ་པས་མི་བསྟེན་པ་འདི་ནི་དབང་གཉིས་པ་ལ་ལྟོས་པའི་རྩ་བའི་ལྟུང་བ་སྟེ། བུམ་དབང་གི་བཟའ་བའི་དམ་ཚིག་ཏུ་བཤད་ཀྱང༌། བུམ་དབང་ལས་ཐོབ་པའི་སྡོམ་པ་དེ་གཏོང་བར་ནུས་པ་མ་ཡིན་ཏེ། ཤ་ལྔ་དང་བདུད་རྩི་ལྔ་བསྟེན་པའི་སྡོམ་པ་ནི་བུམ་དབང་ལས་ཐོབ་པ་མ་ཡིན་པའི་ཕྱིར། བཅུ་བཞི་པ་ནི། དྲང་དོན་གྱི་དབང་དུ་བྱས་ན། བུད་མེད་ལ་རིགས་ཀྱི་སྒོ་ནས་སྨོད་པ་དང༌། ངེས་དོན་གྱི་དབང་དུ་བྱས་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་སྨོད་པ་སྟེ། ཤེས་རབ་རང་བཞིན་ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་བཅུ་བཞི་པོ་དེའི་ནང་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ཉེས་པར་བཤད་པ་ཡང་མང་མོད་ཀྱང༌། ཉེས་པ་ཆེ་ཆུང་གི་ཁྱད་པར་དང༌། སྡོམ་པའི་རྩ་བ་དང་འགལ་མི་འགལ་སོགས་ཀྱི་སྒོ་ནས་འབྱེད་དགོས་པ་ཡིན་ཏེ། བཤད་པ་དེ་དག་ནི་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པའི་རྩ་བའི་ལྟུང་བར་མི་འཆད་པ་དང༌། རྣམ་སྨིན་ཀྱང༌། མནར་མེད་ཀྱི་དམྱལ་བ་ལས་ལྕི་བར་མི་འཆད་པའི་ཕྱིར་རོ། །འགྲེལ་ཆེན་གྱི་དགོངས་པ་ལ། རྩ་ལྟུང་དང་པོ་ཁོ་ན་ལས་གཞན་ལ་ཕམ་པ་མི་འཆད་པར་འདོད་པ་དང༌། རྩ་ལྟུང་དངོས་གཞི་དང་ཕམ་པ་དོན་གཅིག་པར་འཆད་པ་དག་དང༌། རྩ་ལྟུང་དངོས་གཞིས་སྡོམ་པ་མི་གཏོང་ཞིང༌། ཕམ་པས་གཏོང་བར་འདོད་པ་དང༌། འཚོ་བ་དང་ཕྲལ་བ་ཞེས་པའི་དོན། སྲོག་དང་བྲལ་བ་ལ་འདོད་པ་སོགས་མི་མཐུན་པ་དུ་མ་སྣང་ཡང༌། ཕམ་པ་དང་རྩ་ལྟུང་དངོས་གཞི་སོ་སོར་འབྱེད་པ་ཉིད་དགོངས་པ་ཡིན་ཏེ། དངོས་གཞི་ཙམ་ལ་ནི་བཤགས་བསྡམས་ཀྱིས་འདག་པ་དང༌། སྡོམ་པ་སླར་བླང་དུ་ཡོད་པ་དང༌། དེའི་རྒྱུ་མཚན་གྱིས་རྣམ་སྨིན་རྡོ་རྗེའི་དམྱལ་བ་མྱོང་བའི་ངེས་པ་མེད་པར་བཤད་ལ། དངོས་གཞིའི་ལྟུང་བ་དེ་བཤགས་ཚད་དུས་ལས་འདས་པ་ན་ཕམ་པ་ལྟ་བུའི་ཉེས་པར་བཤད་ཅིང༌། དེའི་དོན་ཀྱང་འདུལ་བ་ནས་ཕམ་པ་འཆབ་བཅས་བྱུང་བ་ལ་ཆད་ལས་ཉམས་སུ་ལེན་པ་དང༌། སྡོམ་པ་སླར་བླང་དུ་མེད་པ་དང་འདྲ་བར། འདིར་ཡང་བཤགས་ཚད་དུས་ལས་འདས་ན་བཤགས་ཀྱང་མི་འདག་པ་དང༌། དེའི་རྒྱུ་མཚན་གྱིས་རྣམ་སྨིན་རྡོ་རྗེའི་དམྱལ་བ་མྱོང་ངེས་པ་དང༌། ཚེ་དེ་ལ་སྡོམ་པ་སླར་བླང་དུ་མེད་པར་དགོངས་པའོ། །ལྷག་མ་བཅུ་གསུམ་པོ་ལའང་ཕམ་པའི་རྣམ་བཞག་བཞེད་པ་ཉིད་ལེགས་པ་ཡིན་ཏེ། བཅུ་གསུམ་པོའི་བཤགས་ཚད་དུས་ངེས་པ་ཅན་ལས་འདས་ན་བཤགས་པས་མི་འདག་པ་ལས་འོས་མེད་ཅིང༌། དེའི་ཚེ་ན་སྡོམ་པ་སླར་བླང་དུ་མེད་པར་རིགས་པས་སོ། །གལ་ཏེ་དུས་ལས་འདས་ཀྱང་འདག་སྟེ། ཚེ་རབས་འཁོར་བ་ཐོགས་མེད་ཀྱི་མཚམས་མེད་ལྔ་བཤགས་དགོས་པར་བཤད་པ་བཞིན་ནོ། །ཞེ་ན། དེ་ལྟ་ན་ཕམ་པ་འཆབ་བཅས་ཀྱང་བཤགས་པས་འདག་པར་ཐལ་བ་དང༌། དེ་ལ་དགེ་སློང་གི་སྡོམ་པ་ཚེ་དེ་ཉིད་ལ་སླར་ཡང་བླང་དུ་ཡོད་པར་ཐལ་བ་དང༌། དུས་འདས་ནས་ཀྱང་བཤགས་སུ་ཡོད་ན། བཤགས་ཚད་དུས་འདས་ཀྱི་རྣམ་གཞག་ཀྱང་མི་འཐད་པར་འགྱུར་རོ། །དེའི་ཚེ་ལྷག་མ་རྣམས་ཀྱི་དུས་འདས་ཀྱི་ཚད་གང་ཞེ་ན། རྡོ་རྗེའི་སློབ་དཔོན་གཅིག་ལྡན་འཚོ་བ་དང་ཕྲལ་བའི་བཤགས་ཚད་ལོ་གསུམ་ཚུན་ཆད་དུ་བཤད་པའི་རིགས་པས་བཀའ་འདས་སོགས་ལྷག་མ་རྣམས་ལ་ཡང་དེ་བཞིན་ནོ། །འཚོ་བ་ཞེས་པ་ཡང་སྲོག་ཁོ་ནའི་ལ་འཆད་པའི་ངེས་པ་མེད་དེ། ཇི་སྐད་དུ། སྲོག་དང་ལུས་དང་ལོངས་སྤྱོད་རྣམས། །ཞེས་གསུམ་དུ་ཕྱེ་ནས་བཤད་པའི་ཕྱིར་རོ། །གཉིས་པ་ཡན་ལག་གི་ལྟུང་བ་བརྒྱད་བཤད་པ་ལ། རྩ་ཚིག་གོང་དུ་དྲངས་པ་དེ་དག་ལས་ཅུང་ཟད་མི་མཐུན་པ་འགྲེལ་ཆེན་དུ་འབྱུང་བ་ནི། ཇི་སྐད་དུ། དེ་ནས་ཕྱོགས་མཐུན་ཡན་ལག་ནི། །དམ་མེད་རིག་མ་བསྟེན་མི་བྱ། །ཚོགས་ཀྱི་འཁོར་ལོར་རྩོད་པ་སྤང༌། །མ་གསུངས་པ་ཡི་རིག་མ་ལ། །དམ་ཚིག་བདུད་རྩི་བླང་མི་བྱ། །གསང་ཆོས་དུས་ལྡན་བསྟེན་པར་བྱ། །ཆོས་འདི་གྲེ་མོའི་གཏམ་མི་བྱ། །ཉན་ཐོས་ནང་དུ་ཞག་བདུན་མིན། །རྣལ་འབྱོར་ཡེ་ཤེས་མི་ལྡན་པར། །རྡོ་རྗེ་འཛིན་པར་ཁས་མི་བླང༌། །དུས་མིན་གསང་ཆོས་བསྟན་པ་མིན། །འདིར་འགལ་ཡན་ལག་ལྟུང་བར་བརྗོད། །ཅེས་འབྱུང་ལ། གོང་དུ་དྲངས་པའི་བརྒྱད་ཚན་གཉིས་པོ་དང་ངོས་འཛིན་མི་མཐུན་པ་ཆེར་མེད་པས། ཕན་ཚུན་བསྒྲིབས་པ་ལས་ཚིག་གི་དོན་ནི་ཕལ་ཆེར་ཤེས་ནུས་པས་རྣམ་པར་མ་སྤྲོས་སོ། །ཡན་ལག་ཅེས་པའི་དོན་ནི་རྩ་བར་གྱུར་པ་མ་ཡིན་པས་ན་འདིའི་ཉེས་པས་སྡོམ་པ་མི་གཏོང་ཡང་དངོས་གྲུབ་ཀྱི་གེགས་སུ་འགྱུར་བའོ། །འདི་ཡང་བཤགས་ཚད་མ་འདས་ཀྱི་བར་དུ་ནི་ཉེས་བྱས་ཀྱི་མིང་ཅན་དུ་འཇོག་ལ། འདས་པའི་ཚེ་ན་སྦོམ་པོའི་མིང་ཐོབ་པས་སྦོམ་པོ་བརྒྱད་ཅེས་པའི་མིང་གིས་ཀྱང་བསྟན་ནོ། །འདིའི་བཤགས་པ་དུས་ལས་འདས་ཀྱང༌། ཕམ་པ་དང་འདྲ་བར་རྒྱུད་གསོར་མི་རུང་དུ་བྱེད་པ་ནི་མ་ཡིན་ཏེ། དེ་ཙམ་གྱིས་སྡོམ་པ་མ་བཏང་བའི་ཕྱིར། དེ་ལྟ་ན་ཡང་བཤགས་པའི་ཚད་ཇི་ཙམ་ཞིག་གིས་འདས་པ་དེ་ཙམ་གྱི་དུས་དང་མཉམ་པར་བཤགས་པའི་ཐབས་ལ་འབད་དགོས་པ་སྟེ། དུས་ཀྱི་འཁོར་ལོ་ལྟར་ན། དགེ་འདུན་ལྷག་མའི་ལྟུང་བ་དང་འདྲ་བར་ཆད་ལས་ལ་གནས་དགོས་པར་དགོངས་སོ། །རྩ་བ་དང་ཡན་ལག་གི་ཉེས་པའི་དངོས་གཞི་ཙམ་དུ་འདྲ་ཡང༌། ལྕི་ཡང་གི་རིམ་པ་ནི་ཀུན་སློང་གི་ཉོན་མོངས་ལ་ཆེ་ཆུང་གི་དབང་གིས་མང་པོར་འགྱུར་བ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་ཡིད་གཙོ་བོར་གྱུར་པའི་ཕྱིར་རོ། །ཉན་ཐོས་ཀྱི་འདུལ་བར་ནི་ཀུན་སློང་གི་རིམ་པ་ཇི་ལྟར་ཡོད་ཀྱང༌། བཅས་པ་རྣམ་པར་འཇོག་པའི་ཚེ་ལུས་ངག་གི་སྦྱོར་བ་རྫོགས་པ་ཉིད་གཙོ་ཆེ་བས་ན། བཅས་ལྟུང་གི་ལྕི་ཡང་ཀུན་སློང་གི་བསམ་པས་འབྱེད་པ་མ་ཡིན་ནོ། །གསུམ་པ་ལ་གསུམ་སྟེ། བཅོ་ལྔ་པའི་སྡེ་ཚན་དང༌། བདུན་པའི་སྡེ་ཚན་དང༌། དྲུག་པའི་སྡེ་ཚན་ནོ། །དང་པོ་ནི། གོང་དུ་དྲངས་པའི་རྩ་ཚིག་དེ། དམ་ཚིག་རྒྱ་མཚོ་ཞེས་བྱ་བའི་བསྟན་བཅོས་སུ་ཚིག་ཉུང་ངུས་བཤད་པ་འདི་ལྟ་སྟེ། མཆོད་དང་བསྙེན་བསྒྲུབ་དུས་ལས་འདས། །རང་གི་ལྷ་ལའང་བླང་དོར་བྱ། །ལྷ་གཞན་འཇིག་རྟེན་པ་ལ་དགའ། །དངོས་པོ་ཐེར་ཟུག་ཞེན་ཞིང་བསྒོམ། །དབང་མ་རྫོགས་པར་གཞན་ལ་བསྐུར། །གསང་སྔགས་རྙེད་བཀུར་དོན་དུ་བསྟེན། །འོག་མའི་བསླབ་པ་ཁྱད་དུ་གསོད། །ཉིད་ཕྱིར་རང་ཚུལ་གོང་མར་སྟོན། །ནུས་མིན་ཕྲིན་ལས་བརྩོན་པ་དང༌། །དོན་མེད་སྙོམས་ལས་ཀྱིས་གནས་བྱེད། །དམན་པའི་སྤྱོད་པ་བྱེད་ལ་དགའ། །འཇིག་རྟེན་གཡེང་བས་དུས་འདས་དང༌། །ཉམས་པ་ཡལ་བར་འདོར་བྱེད་ཅིང༌། །རང་ཚུལ་སྤྱོད་པ་འདོར་བྱེད་པ། །འདི་རྣམས་ལྟུང་བར་གསུངས་པ་ཡིན། །ཞེས་པ་འདི་ཙམ་གྱིས་གོང་དུ་གྲངས་པའི་རྩ་ཚིག་གོ་བར་ནུས་པས་རྣམ་པར་མ་སྤྲོས་སོ། །གཉིས་པ་བདུན་ཚན་ནི། དང་པོ་ལྔ་ནི་རྩ་ཚིག་ཇི་ལྟ་བ་བཞིན་ཡིན་ལ། བྱང་ཆུབ་མིན་པར་དགེ་མི་འཇུག །དགེ་བ་ཇི་སྙེད་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ཟིན་པར་བྱེད་པའོ། །རྣམ་ཤེས་འཕོ་བའི་དེ་ཉིད་ཤེས། །ཞེས་པ་ནི། འཆི་བའི་དུས་ཤེས་པ་དང༌། དུས་ལ་མ་བབ་པར་མི་འཕོ་བ་དང༌། འོད་གསལ་ལས་ལྡང་བའི་དུས་ཤེས་པའོ། །ཞེས་གསུངས། གསུམ་པ་དྲུག་ཚན་ནི། གོང་དུ་དྲངས་པའི་སྒྲ་ཇི་བཞིན་པ་དེ་ཉིད་དོ། །བཞི་པ་ངེས་དོན་གྱི་སྡོམ་པའི་དམ་ཚིག་ཕྱོགས་ཙམ་བསྟན་པ་དེའི་དོན་བཤད་པ་ལ། ཐོག་མར་སྲོག་གཅོད་པ་ཞེས་སོགས་ལ། ཕྱི་ནང་གི་དབྱེ་བས་གཉིས་གཉིས་སུ་ཕྱེ་ནས་བཤད་པར་བྱ་བ་ལས། མཚམས་མེད་ལྔ་དང༌། བླ་མ་དང་བསྟན་པ་ལ་གནོད་པ་བྱས་ཏེ་དམྱལ་བར་འགྲོ་ངེས་ཀྱི་ལས་བྱེད་པ་ལ་སྔགས་པ་མངོན་ཤེས་དང་ལྡན་པ། སྟོང་པ་ཉིད་ཀྱི་དོན་རྟོགས་པ་དང༌། འཇིག་རྟེན་ཆོས་བརྒྱད་ཀྱི་མཚན་འཛིན་ལས་གྲོལ་བས་མངོན་སྤྱོད་ཀྱི་ལས་བྱེད་པ་དང༌། དེ་བཞིན་དུ་ལྟ་བ་ངན་པ་ལས་དབྱུང་བའི་ཕྱིར་རྫུན་གྱི་ཚིག་སྨྲ་བ་དང༌། ཆགས་པས་ཡི་དྭགས་དང་དུད་འགྲོར་འགྲོ་བཟློག་པའི་ཕྱིར་ནོར་དང་བུད་མེད་འཕྲོག་པ་དང༌། རིགས་ཀྱི་ང་རྒྱལ་སྤང་བའི་ཕྱིར་ཤ་ལྔ་དང་བདུད་རྩི་ལྔ་བསྟེན་པའོ། །ནང་ངེས་པའི་དོན་དུ་ནི། སྲོག་ཅེས་པ་ལས་ཀྱི་རླུང་དང་རྣམ་པར་རྟོག་པ་གཅོད་པ་དང༌། རྫུན་གྱི་ཚིག་ནི་གཞོམ་དུ་མེད་པའི་སྒྲས་སེམས་ཅན་ལ་ཆོས་སྟོན་པ་དང༌། གཞན་གྱིས་མ་བྱིན་པའི་བདེ་བ་ཆེན་པོ་ལེན་པ་དང༌། ཕ་རོལ་བུད་མེད་འཕྲོག་པ་ནི་ཕྱག་རྒྱ་ཆེན་མོ་དབང་དུ་བྱེད་པ་དང༌། ཆང་དང་སྒྲོན་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་དང༌། ཡུལ་རྣམས་ཞེས་པ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་མངོན་དུ་བྱེད་པ་ཞེས་བྱ་བའི་དོན་ནོ། །འོ་ན་འདི་དག་རིགས་ལྔ་པོ་གང་གི་དམ་ཚིག་གང་ཞིག་ཡིན་ཞེ་ན། ཇི་སྐད་དུ། རྡོ་རྗེའི་རིགས་ལ་སྲོག་གཅོད་དེ། །ཞིང་བཅུ་རླུང་དང་རྟོག་པར་གསུངས། །རིན་ཆེན་རིགས་ལ་མ་བྱིན་ལེན། །ནོར་དང་བུད་མེད་ཐེག་པ་ཆེ། །པད་མའི་རིགས་ལ་ཕྱག་རྒྱ་བཞི། །བུད་མེད་ཉིད་ཡིན་དེ་བསྟེན་པའོ། །ལས་ཀྱི་རིགས་ལ་རྫུན་དུ་སྨྲ། །སྟོང་པ་ཉིད་ཀྱི་ཆོས་སྟོན་པའོ། །འཁོར་ལོའི་རིགས་ལ་ཆང་དང་ནི། །ཡུལ་གྱི་བདུད་རྩི་བསྟེན་པའོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སྤང་བྱའི་གྲངས་རྣམ་པར་བཞག་པ་བཤད་ནས། གཉིས་པ་དེ་དག་གིས་མ་གོས་པར་སྒྲུབ་པ་ལ་གཉིས་ཏེ། ཉེས་པའི་གནས་སྤོང་བ་དང༌། གཉེན་པོའི་སྟོབས་སྐྱེད་པའོ། །དང་པོ་ནི། རྩོད་མེད་ཀྱི་གཞུང་སྙིང་པོའི་རྒྱན་ལས་ཇི་སྐད་དུ། ཉིན་མཚན་ཀུན་དུ་རབ་བསྒྲིམས་ནས། །གལ་ཏེ་ལྟུང་སོགས་བྱུང་གྱུར་ན། །ཡི་གེ་བརྒྱས་ནི་བྱིན་གྱིས་བརླབ། །ཇི་སྲིད་དུས་ལས་མ་འདས་པར། །དག་པའི་གནས་ལ་ཉེར་གནས་བྱ། །འགྱོད་བཅས་ཉེས་པ་འཕེལ་མེད་འགྱུར། །ཞེས་དང༌། སྔགས་པ་རྟག་ཏུ་བག་མེད་པར། །ཉེས་པ་བཏང་སྙོམས་མི་བཞག་ཅིང༌། །བག་ཡོད་པ་ནི་ཀུན་ཏུ་སྒྲུབ། །བླ་མ་དང་ནི་འགྲོགས་པ་དང༌། །ཚངས་པ་མཚུངས་པར་སྤྱོད་རྣམས་དང༌། །ཀུན་དུ་བལྟ་བས་དམ་ཚིག་བསྲུང༌། །སློབ་དཔོན་ལ་སོགས་དམ་ཚིག་ལ། །འཚོ་བ་འཕྲོག་ལ་སོགས་པ་ཡི། །ཡན་ལག་གཙོ་བོ་བྱུང་གྱུར་ན། །ལྷག་པར་ཉེས་པ་འཕེལ་འགྱུར་བས། །དངོས་དེ་བྱིན་གྱིས་བརླབས་ནས་ནི། །འབད་པས་མྱུར་དུ་སྦྱང་བར་བྱ། །སྦོམ་སོགས་ཕྲ་བ་ཕྲ་བའི་མཐར། །ཉེས་པ་རྟག་ཏུ་བསམ་པར་བྱ། །ཞེས་གསུངས་སོ། །གཉིས་པ་གཉེན་པོའི་སྟོབས་བསྐྱེད་པ་ནི། དེ་ཉིད་ལས། ཇི་སྐད་དུ། གཉེན་པོའི་སྟོབས་ནི་དོར་མི་བྱ། །རྣམ་པ་ཀུན་དུ་རབ་བསྡམས་ཏེ། །རྣལ་འབྱོར་ལ་ནི་བརྩོན་པར་བྱ། །སེམས་ཅན་ཀུན་ལ་ཕན་བསམ་ཞིང༌། །རང་གི་དམ་ཚིག་བཟུང་བ་དང༌། །མཆོད་པའི་ལས་ལ་མངོན་བརྩོན་བྱ། །ཞེས་སོགས་རྒྱས་པར་གསུངས་མོད། མདོར་བསྡུ་ན། ཐུན་བཞིའི་རྣལ་འབྱོར་དང༌། ཐུན་མཚུངས་ཀྱི་ཆོས་སྤྱོད་ལ་འབད་པར་བྱའོ། །གཉེན་པོ་དེ་བསྟེན་པའི་ཐབས་སུ་ནི་དམ་ཚིག་བསྲུང་བའི་ཕན་ཡོན་བསམ་དགོས་པ་ཡིན་ཏེ། ཇི་སྐད་དུ། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམ་པར་ཡང་དངོས་གྲུབ་འཐོབ། །ཅེས་དང༌། དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ལ་འགྲུབ། །ཅེས་དང༌། འདུས་པའི་རྒྱུད་དུ། དཔལ་གསང་བ་འདུས་པ་ལ་དགའ་བས། དམ་ཚིག་ལ་གནས་ཤིང་བསྒྲུབས་ན་ཚེ་འདི་ཉིད་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་སོ། །གནས་སྐབས་ཀྱི་ཕན་ཡོན་ཀྱང༌། དམ་ཚིག་བསྡུས་པ་ལས། ཇི་སྐད་དུ། དམ་ཚིག་མ་ཉམས་པའི་ཕན་ཡོན་ནི། ཚེ་རིང་བ་དང༌། ལོངས་སྤྱོད་ཆེ་བ་དང༌། ཅི་བསམ་འགྲུབ་པ་དང༌། མཐུ་དང་བྱིན་རླབས་ཆེ་བ་དང༌། བཀྲ་ཤིས་པར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཚུལ་ལ་གཉིས་ཏེ། ཉེས་པ་བཤགས་པ་དང༌། སྡོམ་པ་སླར་ལེན་པའོ། །དང་པོ་ལ། བཤགས་བྱའི་ཉེས་བྱས་ནི་གཉིས་ཏེ། ཕམ་པར་གྱུར་ཟིན་པ་དང༌། དེར་མ་གྱུར་པའི་ལྟུང་བའོ། །དང་པོ་ལ་ནི། བཤགས་པའི་ཚུལ་རྒྱས་པར་བཤད་པ་རྣམས་ཀྱིས་ཉེས་པ་བསྲབས་པར་འགྱུར་མོད། ཚེ་དེ་ལ་སྡོམ་པ་སླར་གསོ་བའི་སྐལ་བ་མེད་པ་དང༌། རྣམ་སྨིན་རྡོ་རྗེའི་དམྱལ་བ་མྱོང་ངེས་སུ་འཆད་དགོས་པ་ཉིད་འགྲེལ་ཆེན་གྱི་དགོངས་པ་ཡིན་ཏེ། ཉན་ཐོས་ཀྱི་ཕམ་པ་འཆབ་བཅས་དང་ཆ་མཐུན་པའི་རྩ་ལྟུང་གི་དབྱེ་བ་བཤད་པའི་དགོངས་པ་དང༌། དགོས་པ་ལ་བརྟགས་པས་སོ། །གཉིས་པ་དེར་མ་གྱུར་པའི་ལྟུང་བ་ལ་ལྕི་ཡང་གི་རིམ་པ་མང་པོ་དག་ལས། ཡང་བ་རྣམས་ལྟ་ཅི་སྨོས། ཤིན་ཏུ་ལྕི་བ་རྩ་བའི་ལྟུང་བ་དངོས་གཞི་ཡང་བཤགས་པས་འདག་པར་བཤད་པ་ཡིན་ཏེ། དུས་ཀྱི་འཁོར་ལོ་ལས། ཇི་སྐད་དུ། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། ཞེས་དང༌། གཤིན་རྗེའི་གཤེད་ཀྱི་རྒྱུད་ལས། གལ་ཏེ་བག་མེད་གྱུར་པ་ཡིས། །བླ་མའི་དམ་ཚིག་ལས་ཉམས་ན། །དེས་ནི་དཀྱིལ་འཁོར་བྲིས་བྱས་ལ། །བདེ་གཤེགས་རྣམས་ལ་ཉེས་པ་བཤགས། །ཞེས་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་ཙམ་ཞིག་སྔོན་འགྲོ་དང༌། དངོས་གཞི་འཁོར་དང་བཅས་པ་ཆ་ཚང་བ་ལས་ཉེས་པ་བཤགས་པར་གསུངས་པ་དང༌། ཡང་བཟླས་བརྗོད་དང་སྦྱིན་སྲེག་ལ་བརྟེན་ནས། ཉེས་པ་འདག་པའི་ཚུལ་ཡང་བཤད་པ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། ཇི་སྐད་བཤད་པའི་དམ་ཚིག་རྣམས། །གལ་ཏེ་ཉམས་བར་གང་གྱུར་པ། །དེ་ནི་རང་གི་སྙིང་པོའི་སྔགས། །ཆིག་འབུམ་དུ་ནི་བཟླས་བརྗོད་བྱ། །ཡང་ན་མེས་རྨོངས་བྱེད་པའི་གཟུངས། །སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང༌། །ཡང་ན་ཞི་བའི་སྦྱིན་སྲེག་བྱ། །ཡང་ན་དཀྱིལ་འཁོར་དུ་ཡང་འཇུག །ཅེས་སོ། །ཡང་བླ་མ་མཉེས་པར་བྱ་བ་ཚུལ་བཞིན་དུ་བསྒྲུབས་པས་ཀྱང་རྩ་ལྟུང་འདག་བྱེད་ཀྱི་ཐབས་མཆོག་ཏུ་གསུངས་པ་ཡིན་ཏེ། བཅུ་བཞི་པའི་གཞུང་ལས། མཉམ་པར་བཞག་པས་བླ་མ་ལ། །ཅི་འབྱོར་པ་ཡིས་མཆོད་བྱས་ལ། །ཞེས་དང༌། སྙིང་པོ་རྒྱན་ལས་རྩ་ལྟུང་དག་བྱེད་ཀྱི་ཆོ་ག་ཉི་ཤུ་རྩ་ལྔ་གསུངས་པའི་བཅུ་བདུན་པ་འཆད་པ་ན། ཇི་སྐད་དུ། རྡོ་རྗེ་ཡེ་ཤེས་འཐོབ་བྱེད་ཅིང༌། །སྐྱེ་བོ་ཀུན་གྱིས་བཀུར་འགྱུར་བ། །དེ་ལྟའི་ཡོན་ཏན་འཐོབ་བྱེད་པའི། །བླ་མ་ལ་ནི་བཀུར་སྟི་དང༌། །རྙེད་པ་དང་ནི་རིམ་གྲོ་དང༌། །གུས་པ་ཆེན་པོ་རབ་བསྟེན་ན། །སྡིག་ཀུན་རྣམ་འདག་ཉིད་དུ་འགྱུར། །ཞེས་དང༌། གཞུང་ལས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་སོ། །དུས་ཀྱི་འཁོར་ལོའི་དགོངས་པ་ལས་ནི། བྱིས་པ་འཇུག་པའི་དབང་བདུན་ཙམ་ལ་གནས་པའི་སྔགས་པ་ལ་རྩ་བའི་ལྟུང་བ་བྱུང་ན་ཉེས་པ་དེའི་དག་བྱེད་དུ་འགྱོད་སྡོམ་དང༌། དཀྱིལ་འཁོར་གྱི་ལྷ་གྲངས་ཇི་སྙེད་པའི་རིག་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་བཟླས་པ་སྔོན་དུ་བཏང་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་བདག་ཉིད་འཇུག་པ་དང༌། བུམ་པ་དང་གསང་བའི་དབང་ལ་གནས་པའི་སྔགས་པ་ལ་རྩ་བའི་ལྟུང་བ་བྱུང་ན། འཇུག་པ་ཡན་ཆད་ཇི་སྐད་བཤད་པ་དེ་དག་གི་སྟེང་དུ་ཆད་ལས་ཉམས་སུ་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། རྗེས་སུ་གནང་བ་ཐོབ་ནས་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། ཞེས་སོ། །ཆད་པ་དེ་དུས་ནམ་གྱི་ཚེ་འབྱུང་ན། རྗེས་སུ་གནང་བ་ཞེས་པ་དབང་བསྐུར་བ་ཐོབ་པའི་རྗེས་སུའོ། །དེ་ཡང་ཉན་ཐོས་ཀྱི་དགེ་སློང་ཕམ་པ་ཅན་ཇི་སྲིད་ཆད་པའི་ལས་མནོས་ནས་མི་སྤྱོད་པ་དེ་སྲིད་དུ། དགེ་སློང་གི་ཚོགས་པ་མི་དབང་ཞིང༌། དེ་ལྟར་སྤྱོད་པའི་ཚེ་དགེ་སློང་ཀུན་གྱི་གྲལ་མཐར་བཞག་ནས་ཆད་ལས་ལ་གནས་དགོས་པ་དེ་བཞིན་དུ། འདིར་ཡང་བུམ་གསང་གི་སྡོམ་པ་ཅན་ལ་རྩ་ལྟུང་བྱུང་ན། ཇི་སྲིད་འཇུག་པ་དང་དབང་གིས་རྗེས་གནང་མ་ཐོབ་པ་དེ་སྲིད་དུ་ཚོགས་ཀྱི་གྲལ་མི་དབང་ལ། དེ་ཐོབ་ནས་རིག་པ་འཛིན་པ་ཐ་ཆུང་ཉིད་དུ་ཁས་ལེན་དགོས་པའོ། །ཡུན་ཇི་ཙམ་གྱི་བར་དུ་ཞེ་ན། ཇི་སྐད་དུ། བརྟུལ་ཞུགས་ངེས་པའི་དབང་གིས་ཞེས་པ། བསོད་ནམས་ཀྱི་ཚོགས་བསགས་པ་དང་ཚུལ་ཁྲིམས་རྣམ་པར་དག་པའི་དབང་གིས་ཉེས་པ་ལས་གྲོལ་བར་གྱུར་པ་དེ་སྲིད་དུའོ། །བསོད་ནམས་ཀྱི་ཚོགས་ནི་བྱིས་པ་འཇུག་པའི་དབང་བདུན་ལས་ཡིན་ཏེ། དེའི་ཡན་ལག་ཏུ་བསོད་ནམས་ཀྱི་ཚོགས་མང་པོ་མངོན་པར་འདུ་བྱེད་དགོས་པའི་ཕྱིར། ཚུལ་ཁྲིམས་ལ་ནི་དབང་གོང་མ་ལ་ཡིན་ཏེ། མཆོག་ཏུ་མི་འགྱུར་བའི་ཚུལ་ཁྲིམས་ཐོབ་པ་མི་ཉམས་པར་བསྲུང་དགོས་པའི་ཕྱིར་རོ། །འདིས་ནི་ས་ཐོབ་པ་དེའི་ཚེ་སྔོན་གྱི་གྲལ་མཚམས་སུ་འདུག་པར་དབང་བ་ཡིན་ཏེ། ཉན་ཐོས་ཀྱི་འདུལ་བར་ཆད་པའི་ལས་ཀྱི་བསླབ་པ་བྱིན་པ་དང་མཚུངས་པར་འཆད་པས་སོ། །སྐབས་འདིའི་ཉེས་པ་དག་བྱེད་དུ་ས་ཐོབ་དགོས་པ་ནི་མ་ཡིན་ཏེ། ཆད་ལས་ཉིད་ཀྱིས་འདག་པར་བཤད་པའི་ཕྱིར། དབང་གོང་མ་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་པོ་ལ་གནས་པའི་སྔགས་པ་ལ་རྩ་བའི་ལྟུང་བ་བྱུང་ན། བཤད་མ་ཐག་པའི་ཆད་ལས་དེ་ཙམ་གྱིས་ཆོག་པ་མ་ཡིན་ཞིང༌། ཆད་པ་དེ་ལེན་པར་ཡང་མ་གནང་སྟེ། ཇི་སྐད་དུ། གོང་མ་ལ་ནི་དག་པ་མེད། །ཅེས་བཤད་པས་སོ། །འོ་ན་དེའི་ཚེ་ཇི་ལྟར་བྱ་ན། བཤད་མ་ཐག་པ་ལྟར་བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཚོགས་མངོན་པར་འདུ་བྱེད་པའི་དབང་བདུན་དང༌། གོང་མ་བཞི་པོ་ཇི་སྙེད་པ་ཡང་དག་པར་བླངས་ནས་རྩ་ལྟུང་གི་ཉེས་པ་དེ་སྦྱོང་བར་བྱེད་དོ། །ཇི་ལྟར་ཞེ་ན། རང་གི་སེམས་རྣམ་པར་དག་པའི་སླད་དུ་རྣལ་འབྱོར་ཡན་ལག་དྲུག་པ་གོམས་ཤིང་མཐར་ཕྱིན་པར་བྱས་པའི་སྟོབས་ཀྱིས་སོ། །དེ་ལྟར་ལྟུང་བ་དག་ཟིན་པའི་འོག་ཏུ་སླར་སྡོམ་པ་བླང་བའི་དོན་དུ་དབང་བཞི་རྫོགས་པར་ལེན་དགོས་པ་ཡིན་ཏེ། རྩ་ལྟུང་གི་ཉེས་པ་མ་དག་པར་མི་སྐྱེ་བའི་ཕྱིར་དང༌། དེ་མ་དག་པར་ཡང་སྡོམ་པ་སྐྱེ་ན་དེས་སྡོམ་པ་མི་གཏོང་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ན་སྡོམ་པ་སླར་གསོ་བའི་ཚེ། ཉེས་པ་དག་བྱེད་ཀྱི་དབང་དང༌། སྡོམ་པ་འཐོབ་བྱེད་ཀྱི་དབང་སོ་སོ་ཐ་དད་དུ་དགོས་པར་མངོན་ཏེ། སྔགས་ཀྱི་ཚུལ་ལ་དགེ་སློང་དུ་འགྱུར་བ་ནི་དབང་གོང་མ་ལ་ལྟོས་པའི་ཕྱིར་དང༌། ཉེས་པ་དག་བྱེད་དུ་ཡང་དབང་གོང་མ་ལེན་དགོས་པར་ནི་བཤད་མ་ཐག་པའི་ཕྱིར། དབང་བདུན་པོ་ནི་སླར་གསོ་བ་དང་ལས་དང་པོ་པ་གང་ལ་ཡིན་ཀྱང༌། གཙོ་བོར་དྲི་མ་སྦྱོང་བྱེད་ཡིན་གྱི། སྡོམ་པ་འཐོབ་བྱེད་དངོས་མ་ཡིན་ཏེ། ཇི་སྐད་དུ། སྡིག་པའི་དྲི་མ་འཕྲོག་པའི་དབང་བསྐུར་བདུན་པོ་འདི་དག་དཀྱིལ་འཁོར་དུ་ནི་རབ་སྦྱིན་བྱ། ཞེས་སོ། །དེ་ལྟ་ན་ཡང་འདི་ལས་སྡོམ་པ་གཏན་མི་འཐོབ་པ་ནི་མ་ཡིན་ཏེ། སྔགས་ཀྱི་དགེ་བསྙེན་དུ་བཤད་པའི་ཕྱིར་དང༌། རྩ་ལྟུང་འབྱུང་བའི་རྟེན་དུ་བཤད་པས་སོ། །དོན་དེ་དག་ཀྱང་ཇི་སྐད་དུ། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། རྗེས་སུ་གནང་བ་ཐོབ་ནས། ཞེས་སོགས་གསུངས་སོ། །དེར་ཡོན་ཏན་ལྡན་པ་ཞེས་པ་འགྱོད་སྡོམ་ལ་བཤད་པས། སྔགས་ཀྱི་དགེ་བསྙེན་གྱིས་ནི་དབང་ལ་མ་ལྟོས་པར་འགྱོད་བཤགས་ཙམ་གྱིས་རྩ་ལྟུང་འདག་ཅིང༌། འདུལ་བར་དགེ་བསྙེན་ལ་ཆད་ལས་མ་བཤད་པ་དང་སྒོ་བསྟུན་ནས་འདིར་ཡང་ཆད་ལས་མ་བཤད་ཅིང༌། དབང་བདུན་པོ་བླངས་པ་ཉིད་ཀྱིས་སྡོམ་པ་སོར་ཆུད་པར་འགྱུར་རོ། །དེ་ལྟར་ཉེས་པ་བཤགས་པའི་ཚུལ་བཤད་ནས། སྡོམ་པ་སླར་ལེན་པའི་ཚུལ་ལ། ཐུན་མོང་མ་ཡིན་པ་དུས་ཀྱི་འཁོར་ལོའི་ཚུལ་ལས་འབྱུང་བ་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ལ། རིག་པ་འཛིན་པ་སྤྱི་འགྲོའི་དབང་དུ་བྱས་ཏེ་བཤད་ན། རྩ་ལྟུང་གི་ཉེས་པ་ཇི་ལྟར་ལྕི་ཡང༌། འདག་བྱེད་ཀྱི་ཆོ་ག་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ། བདག་ཉིད་འཇུག་པ་ཡན་ཆོད་ཀྱིས་ཆོག་པ་ཡིན་ལ། འདིའི་སྔོན་དུ། དཀྱིལ་འཁོར་བདག་པོའི་བཟླས་པ་འབུམ། །ཞེས་པ་ལྟ་བུ། སྔོན་འགྲོ་རྣམས་ལེགས་པར་ཚང་དགོས་པ་ཡིན་ཏེ། སྙིང་པོའི་རྒྱན་དུ། ཉེས་པ་དག་བྱེད་ཀྱི་ཆོ་ག་འཆད་པ་ན། །དཔའ་བོས་དོན་ཡོད་རྡོ་རྗེ་ཅན། །བསྙེན་སོགས་རིམ་པ་སྔོན་འགྲོ་བས། །དཀྱིལ་འཁོར་བཞེངས་ཏེ་བདག་འཇུག་གོ །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་སྟ་གོན་གྱི་སྐབས་སུ་རིགས་ལྔའི་སྡོམ་བཟུང་ལན་དུ་མ་བྱས་ཀྱང༌། ལྟུང་བ་བཤགས་པའི་ཡན་ལག་ཏུ་འགྱུར་གྱི། སྡོམ་པ་ལེན་པའི་ཆོ་ག་དངོས་མ་ཡིན་ནོ། །དེ་ནས་སླར་ལེན་པའི་ཆོ་ག་དངོས་ལ་འཇུག་པ་ན། རྒྱུད་སྡེ་བཞི་པོ་རང་རང་གི་གཞུང་ནས་བཤད་པའི་སྡོམ་བཟུང་གི་ཚིག་གང་ཡིན་པ་དེ་ལན་གསུམ་བརྗོད་པས་སྡོམ་པ་བཟུང་བར་བྱ་སྟེ། དེ་ཡིས་སྡོམ་པ་སྐྱེ་བའི་མགོ་རྩོམ་པས་སོ། །སྡོམ་པ་ཡོངས་སུ་རྫོགས་པ་ལ་ནི་རང་རང་གི་ལུགས་ལས་འབྱུང་བའི་དབང་ཡོངས་སུ་རྫོགས་པར་ལེན་དགོས་ཏེ། ཇི་སྐད་དུ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་གསུངས་པས་སོ། །གལ་ཏེ་དང་པོ་སྡོམ་པ་ལེན་པ་སློབ་དཔོན་གཞན་ལ་ངེས་པར་ལྟོས་པ་ཡིན་མོད། སླར་གསོ་བ་སློབ་དཔོན་གཞན་ལ་ལྟོས་དགོས་པ་ཡིན་ནམ། བདག་འཇུག་ཙམ་གྱིས་ཆོག་པ་ཡིན་ཞེ་ན། གཞུང་སོ་སོ་ནས་བདག་འཇུག་གིས་ཀྱང་ཆོག་པ་ལྟ་བུའི་བཤད་པ་མང་ཞིང༌། སྔ་མ་རྣམས་དེ་ལྟར་བཞེད་མོད། འདིར་བརྟགས་པ་ནི་ལུགས་གཉིས་ལས། བོད་ཕྱི་མ་རིགས་ལྔའི་སྡོམ་བཟུང་གི་ཚིག་ལན་གསུམ་པའི་མཐར་སྔགས་སྡོམ་རྫོགས་པར་སྐྱེས་པར་བཞེད་པ་ལྟར་ན་ནི། སློབ་དཔོན་གཞན་ལ་མ་རག་པར་དབང་བླངས་པ་ཙམ་གྱིས་ཆོག་པར་མ་ཟད། དེ་ལེན་དགོས་པའི་ངེས་པ་ཡང་མི་སྣང་སྟེ། སྡོམ་བཟུང་གི་ཚིག་ཙམ་ལས་སྡོམ་པ་རྫོགས་པས་སོ། །བོད་སྔ་མ་དབང་ལས་སྡོམ་པ་ཐོབ་དགོས་པར་བཞེད་པ་ལྟར་ན་ནི། རྩ་ལྟུང་དག་བྱེད་དུ་བསྙེན་པ་ནས་དཀྱིལ་འཁོར་བཞེངས་པ་དང་དེར་བདག་ཉིད་འཇུག་པའི་བར་རྣམས་སློབ་དཔོན་གཞན་ལ་མ་ལྟོས་པར་བདག་ཉིད་ཀྱི་བྱ་དགོས་ཏེ། རང་གི་ཉེས་པ་འདག་པའི་ཐབས་ཡིན་པས་སོ། །དབང་ནི་སློབ་དཔོན་གཞན་ལས་ལེན་དགོས་ཏེ། སྡོམ་པ་སྔར་མེད་གསར་དུ་ལེན་དགོས་པའི་ཕྱིར། ཡི་དམ་གྱི་ལྷ་ལ་དངོས་སུ་གནང་བ་ཐོབ་པ་ཡིན་ན་ནི། མིའི་སློབ་དཔོན་གཞན་ལ་མ་ལྟོས་པར་རང་གིས་ཀྱང་རུང་བར་བལྟའོ། །དཀྱིལ་འཁོར་ཡང་དང་པོར་སྨིན་བྱེད་རྡུལ་ཚོན་ལ་ངེས་པར་ལྟོས་དགོས་པའི་ལུགས་ལྟར་ན། ཕྱིས་གསོ་བའི་ཚེ་ཡང་དེ་ལྟར་དགོས་པ་ཡིན་ཏེ། སྡོམ་པ་སྔར་མེད་གསར་པ་འཐོབ་བྱེད་དུ་མཚུངས་པའི་ཕྱིར། དུས་ཀྱི་འཁོར་ལོ་ལྟར་ན། གོང་མའི་སྡོམ་པ་འཐོབ་བྱེད་སློབ་དཔོན་གྱིས་དཀྱིལ་འཁོར་བཞེངས་པ་ལ་ལྟོས་པ་མ་ཡིན་ཏེ། མཆོག་གི་དབང་བཞི་ནི། རྡུལ་ཚོན་ལ་མི་ལྟོས་པའི་ཕྱིར་དང༌། རིག་འཛིན་དངོས་ཀྱི་སྡོམ་པ་འཐོབ་བྱེད་ནི་བཞི་པོ་དེར་ངེས་པའི་ཕྱིར། སྤྱི་འགྲོའི་ལུགས་ལྟར་ན་ཡང༌། སླར་གསོ་བ་པོ་རང་ཉིད་ཀྱིས་བསྙེན་སོགས་དག་པར་བྱས་ནས་བཞེངས་པའི་དཀྱིལ་འཁོར་དུ་བདག་ཉིད་ཞུགས་པ་དེར་སློབ་དཔོན་གྱིས་ཀྱང་ཞུགས་ཤིང་དབང་བླངས་ནས། སློབ་མ་ལ་སྡོམ་པ་སླར་གསོ་བའི་དབང་བསྐུར་བ་མི་འགལ་ཞིང༌། སློབ་དཔོན་དེས་བཞེངས་པའི་དཀྱིལ་འཁོར་དུ་སློབ་མ་དེ་དབང་བསྐུར་ནས་སྡོམ་པ་གསོ་བ་ཡང་ངེས་པར་རིགས་པས་ན། བདག་འཇུག་ཅེས་པའི་ཚིག་ཙམ་ལ་བརྟེན་ནས་རང་གི་དབང་ལེན་པ་ཁོ་ན་ལ་གོ་བར་མི་བྱ་སྟེ། བདག་འཇུག་ནི་དཀྱིལ་འཁོར་དུ་རང་ཉིད་འཇུག་པའི་མིང་ཡིན་ཞིང༌། སྔགས་ཀྱི་སྡོམ་པ་མི་འཛིན་པས་ཀྱང་སྡིག་པ་དག་བྱེད་དུ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་མི་ནོད་བས་ཀྱང་དེར་འཇུག་ཏུ་རུང་བར་རྡོ་རྗེ་རྩེ་མོ་ལས་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་རང་གིས་ཞུགས་པ་ལ་དབང་གཞན་གྱིས་བསྐུར་བ་མི་འཐད་ན། རང་ཉིད་ཞུགས་པ་ལ་དབང་གི་ལྷའི་ཚོགས་ལས་དབང་ལེན་པ་ཡང་མི་འཐད་པར་འགྱུར་རོ། །ཡང་རྩ་བའི་ལྟུང་བ་དངོས་གཞི་བྱུང་བར་མ་གྱུར་ཀྱང༌། ཉེས་བྱས་དང་སྦོམ་པོ་སོགས་བཤགས་ཚད་མ་འདས་ཀྱང༌། མ་བཤགས་ན་དངོས་གྲུབ་ལ་ཐག་རིང་ཞིང༌། རྣམ་སྨིན་གྱི་རྒྱུར་འགྱུར་བས་ན། བཤགས་པའི་ཆོ་ག་རྣམས་དགོས་ཀྱང༌། ལེན་པའི་ཆོ་ག་མེད་མི་རུང་དུ་དགོས་པ་མ་ཡིན་ཏེ། སྡོམ་པ་མ་བཏང་བར་ཡོད་པའི་ཕྱིར་རོ། །དེ་དག་ཀྱང་བཤགས་ཚད་ལས་འདས་ན་སྡོམ་པ་མི་གཏོང་ཡང༌། དགོས་པ་སྒྲུབ་མི་ནུས་པས་དངོས་གྲུབ་ལས་ཐག་རིང་བར་འགྱུར་རོ། །དུས་ལས་འདས་པ་དེ་ཡང་བཤགས་ན་ནི། འདས་པའི་དབང་གིས་དངོས་གྲུབ་ལས་རིང་ཡང༌། བཤགས་པའི་དབང་གིས་ན་རྣམ་སྨིན་མི་འབྱིན་པ་ཡིན་ཏེ། ཚུལ་བཞིན་དུ་བཤགས་པའི་དགོས་པ་ནི་རྣམ་སྨིན་རྒྱང་བསྲིངས་བ་དེ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་ཉེས་བྱས་སོགས་བཤགས་དུས་འདས་ཏེ། མ་བཤགས་པའི་སྔགས་པ་ཚེའི་དུས་བྱས་ན་ཕྱི་མར་རྣམ་སྨིན་མི་མྱོང་བར་ངེས་པའམ། ཡང་ན་སྡོམ་པ་དང་ལྡན་བཞིན་དུ་རྣམ་སྨིན་མྱོང་བའམ། ཚེ་འཕོས་པ་སྔགས་སྡོམ་གཏོང་བའི་རྒྱུར་འདོད་པ་གང་ཡིན་ཞེས་བརྟག་གྲང་ན། མཐའ་གཅོད་པར་དཀའ་བ་ཡིན་མོད། འོན་ཀྱང་ཉེས་པ་སྔ་མ་དེས་རྐྱེན་བྱས་ནས་གཏོང་རྒྱུ་གཞན་བྱུང་སྟེ། རྣམ་སྨིན་མྱོང་བའམ། ཡང་ན་རྐྱེན་བཟང་པོ་སྟོབས་ལྡན་གཞན་གྱིས་མཚམས་སྦྱར་ནས་རྣམ་སྨིན་མི་མྱོང་བ་ཡང་སྲིད་དེ། རྩ་ལྟུང་མ་ཡིན་པའི་ལྟུང་བ་རྣམས་ནི་རྣམ་སྨིན་རྡོ་རྗེའི་དམལ་བ་འབྱིན་བྱེད་ཡིན་ཀྱང༌། འབྱིན་ངེས་མ་ཡིན་པའི་ཕྱིར་རོ། །ཡང་གལ་ཏེ་རྩ་བའི་ལྟུང་བ་འདི་དག་གི་ཀུན་སློང་ཉོན་མོངས་པ་ཅན་ཁོ་ནར་ངེས་སམ། མ་ངེས་ན་ནི་རྡོ་རྗེའི་དམྱལ་བ་མྱོང་བྱེད་དུ་འགལ་ཏེ། དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ནི་ངན་སོང་གི་རྣམ་སྨིན་འབྱིན་བྱེད་དུ་འགལ་བའི་ཕྱིར། ངེས་ན་ནི། ཐེག་པ་དམན་པའི་ཡིད་བྱེད་ཀྱིས་སྨོན་སེམས་བཏང་བ་དང༌། སྟོང་པ་ཉིད་ལ་མཚན་མར་འཛིན་པ་སོགས་དགེ་བ་དང་ལུང་དུ་མ་སྟན་པའི་སེམས་དག་ཀྱང་རྩ་བའི་ལྟུང་བར་བཤད་པ་མ་ཡིན་ནམ་ཞེ་ན། ཐུན་མོང་གི་མངོན་པ་ལ་གྲགས་པའི་ཉོན་མོངས་པ་ཅན་གྱིས་ཀུན་ནས་མ་སླང་བ་དག་ཀྱང་སྲིད་མོད། ཐུན་མོང་མ་ཡིན་པའི་འདུལ་བ་ལས་སྟོང་པ་ཉིད་ལ་འཇིགས་པས་སྤངས་ན་ཆོས་སྤོང་གི་ལས་དང༌། སྟོང་པ་ཉིད་ལ་མངོན་པར་ཞེན་ན་གསོར་མི་རུང་བའི་དུག་དང༌། དམན་པའི་མྱང་འདས་དོན་གཉེར་གྱི་བློས་བྱང་ཆུབ་ཀྱི་སེམས་བཏང་ན་བྱང་སེམས་ལས་དང་པོ་པ་དེའི་ངན་འགྲོ་མུ་མཐའ་མེད་པ་ལ་སོགས་པར་ཡང་གསུངས་སོ། །དེ་ཁོ་ནར་མ་ཟད་ཐེག་པ་ཐུན་མོང་གི་གཞུང་ན་དམྱལ་བ་འཕེན་བྱེད་ལ་ཞེ་སྡང་གིས་ངེས་པར་ཀུན་ནས་བསླང་བའི་ལས་དགོས་ལ། འདིར་རྡོ་རྗེའི་དམྱལ་བར་འཕེན་བྱེད་ཀྱི་རྩ་ལྟུང་ལ། ཀུནྡ་བྱང་ཆུབ་ཀྱི་སེམས་གཏོང་བ་ལྟ་བུ་ཞེ་སྡང་གིས་ཀུན་ནས་མ་སླང་བའི་ལས་ཀྱང་བཤད་པས་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་སོ་སོར་འབྱེད་དགོས་སམ་ཞེས་བརྟག་པར་བྱའོ། །ད་ནི་འོ་ན་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བསྙེན་པར་རྫོགས་པའི་དགེ་སློང་ཞིག་གིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་ཡང་དག་པར་བླངས་ནས། རྡོ་རྗེ་ཐེག་པའི་དབང་བཞི་བསྐུར་བ་ལས་བྱུང་བའི་སྡོམ་པ་དང་ལྡན་པའི་རིག་པ་འཛིན་པ་དེའི་རྒྱུད་ལ་སྡོམ་པ་གསུམ་པོ་ལྡན་པའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་ལྟར་བླངས་པའི་དུས་ཀྱི་སྡོམ་པ་གསུམ་ནི་ཕྱི་མ་ཕྱི་མ་རྣམས་རྒྱ་ཆེ་ཞིང༌། སྔ་མ་སྔ་མ་རྣམས་ཀྱི་སྤང་བྱ་སྤོང་ཚུལ་དང་ཡོན་ཏན་མངོན་དུ་བྱེད་ཚུལ་གོང་མ་དེ་དང་དེར་འདུ་བས་ན་སྔ་མ་རྣམས་ཡར་ལྡན་གྱི་ཚུལ་གྱིས་ཡོད་དོ། །རྒྱ་ཆེ་བ་ཇི་ལྟར་ཡིན། རྒྱ་ཆེ་ཆུང་མཉམ་པ་རྣམས་ལ་བཟང་ངན་གྱི་དབྱེ་བ་དང༌། ངོ་བོ་གཅིག་དང་ཐ་དད་ཀྱི་ཚུལ་ཇི་ལྟ་བུ་ཅེ་ན། འདི་ལྟར་དགེ་སློང་གི་སྡོམ་པ་ནི་ལུས་ངག་གི་སྤང་བྱ་འཁོར་བཅས་སྤོང་བའི་ཚུལ་ཁྲིམས་ཚེ་ཇི་སྲིད་འཚོ་བ་ཞིག་གོ །སེམས་བསྐྱེད་ཀྱི་སྡོམ་པ་ནི། སྤང་བྱའི་ཁྱད་པར་སྔ་མའི་སྟེང་དུ་ཡིད་ཀྱི་མི་དགེ་བ་གསུམ་འཁོར་དང་བཅས་པ་གཙོ་བོར་སྤོང་ཞིང༌། བླང་བྱའི་ཁྱད་པར་དགེ་བའི་ཆོས་བསྡུད་པ་དང༌། བྱེད་ལས་ཀྱི་ཁྱད་པར་སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དུས་ཀྱི་ཁྱད་པར་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་བླངས་པ་ཞིག་གོ །རིག་པ་འཛིན་པའི་སྡོམ་པ་ནི། སྤང་བྱ་དང་བླང་བྱའི་ཁྱད་པར་སྔ་མ་རྣམས་ཀྱི་སྟེང་དུ། ཐ་མལ་དང་ལྷར་ཞེན་གྱི་རྣམ་པར་རྟོག་པ་ཡང་སྤོང་ཞིང༌། ཐབས་ཀྱི་ཁྱད་པར་རིམ་པ་གཉིས་ལ་གནས་ཏེ། བདེ་ཆེན་གྱི་ཡེ་ཤེས་མི་ཉམས་པར་འཛིན་པའི་ཚུལ་ཁྲིམས་དུས་ཀྱི་ཁྱད་པར། ནམ་མཁའ་མ་ཞིག་གི་བར་དུ་གནས་པ་ཞིག་གོ །དེ་ལྟར་ཡིན་པ་དེའི་ཚེ་ན། བླ་མེད་ཀྱི་རིག་པ་འཛིན་པ་དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་དང༌། སེམས་བསྐྱེད་ཀྱི་སྡོམ་པའི་ནང་ཚན་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཞེས་བྱ་བ་དེའི་ཡང་ཕྱོགས་གཅིག་ཏུ་གྱུར་པའི་ལུས་ངག་གི་སྤང་བྱ་བདུན་སྤོང་གི་ཚུལ་ཁྲིམས་དེ་དང༌། རིག་པ་འཛིན་པའི་ཡང་དེ་ལྟ་བུར་གྱུར་པའི་སྤང་བྱ་བདུན་སྤོང་གི་ཚུལ་ཁྲིམས་གསུམ་པོ་དེ་ངོ་བོ་གཅིག་པ་ཡིན་ཏེ། སྤོང་བ་དེ་གསུམ་ཀ་ལུས་ངག་གི་སྤང་བྱ་བདུན་སྤོང་བའི་སེམས་བྱུང་སེམས་པར་རིགས་གཅིག་པའི་ཕྱིར། དཔེར་ན་གང་ཟག་གཅིག་གི་ཤེས་རྒྱུད་ལ། རྒྱུའི་ཀུན་སློང་ཞེ་སྡང་གིས་བསླང་བའི་སྲོག་གཅོད་སྤོང་བའི་སེམས་པ་རྫས་གཞན་གཉིས་ཅིག་ཅར་དུ་མི་འབྱུང་བ་བཞིན་ནོ། །དེ་ལྟར་ངོ་བོ་ཅིག་པ་མི་འཐད་དེ། ཀུན་སློང་གསུམ་པོ་འགལ་བའི་ཕྱིར། ཞེ་ན། རྒྱུ་དུས་ཀྱི་ཀུན་སློང་མི་མཐུན་ཡང༌། དེ་དུས་ཀྱི་ཀུན་སློང་གོང་ནས་གོང་དུ་གནས་གྱུར་པ་ཡིན་ཏེ། རིག་པ་འཛིན་པས་ནི་ཚུལ་ཁྲིམས་གསུམ་ཀ་ཡང་རྡོ་རྗེ་ཐེག་པའི་སེམས་བསྐྱེད་དང་མཚུངས་ལྡན་དུ་བྱས་ཏེ་བསྲུང་བའི་ཕྱིར། དེ་སྐད་དུ་ཡང་རྒྱུད་ལས། གསེར་འགྱུར་ནུས་པའི་རང་བཞིན་གྱིས། ལྕགས་དང་ཟངས་སུ་གྱུར་པ་དང༌། །དངུལ་ཡང་གསེར་དུ་འགྱུར་བ་བཞིན། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་པ་དེ་བཞིན་ནོ། །ཞེས་སོ། །འདི་ནི་རིག་པ་འཛིན་པའི་རྒྱུད་ཀྱི་སྡོམ་པ་གསུམ་པོ་རིག་པ་འཛིན་པའི་སེམས་བསྐྱེད་ཀྱིས་དེ་དུས་ཀྱི་ཀུན་སློང་བྱས་པར་མཚུངས་པའི་ཚུལ་ཁྲིམས་སུ་སྟོན་པ་ཡིན་གྱི། དེའི་རྒྱུད་ཀྱི་དགེ་སློང་དང་སེམས་བསྐྱེད་ཀྱི་སྡོམ་པ་སྔགས་ཀྱི་སྡོམ་པ་ཡིན་ཞེས་སྟོན་པ་ནི་མ་ཡིན་ཏེ། གོང་དུ་བཤད་པ་དེ་ལྟར་བླངས་པའི་སྡོམ་པ་གསུམ་པོ་དེ་ནི་གང་ལས་ལེན་པའི་ཡུལ་མི་མཐུན། ཇི་ལྟར་ལེན་པའི་ཆོ་ག་མི་འདྲ། ཇི་སྙེད་བླངས་པའི་སྤང་བྱ་དང་སྡོམ་པ་ལ་ཁྱབ་ཆེ་ཆུང་གི་ཁྱད་ཞུགས། ཇི་སྲིད་དུ་བླངས་པའི་དུས་ལ་རིང་ཐུང་གི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ། །དེ་ལྟར་སྡོམ་པ་གོང་མ་ལ་གནས་པས་རྟེན་དེ་ལ་ཇི་ཙམ་མནོས་པའི་སྡོམ་པ་འོག་མ་རྣམས་མིག་འབྲས་བཞིན་དུ་བསྲུང་དགོས་ཏེ། ཐེག་པ་གོང་མ་གོང་མར་སེམས་བསྐྱེད་པ་ན་སྡོམ་པ་གསུམ་པོའི་དུས་ཀྱི་ཀུན་སློང་གནས་ཡོངས་སུ་གྱུར་པའི་ཚུལ་གྱིས། འོག་མའི་རྒྱུའི་ཀུན་སློང་གི་སྐྱོན་ཟིལ་གྱིས་མནན་ནས་སྤོང་བ་དང་བསྡུད་པའི་ཡོན་ཏན་མཐའ་དག་ཡར་ལྡན་གྱི་ཚུལ་དུ་ལྡན་པའི་ཕྱིར་རོ། །དེ་ལྟར་དེ་བརྩམས་པ་ལས་ནི། བྱུང་བའི་དགེ་བས་ཟག་མེད་ཀྱི། །བདེ་ཆེན་མཚན་མར་འཛིན་པ་ཡི། །སྤྲིན་ཚོགས་ཀུན་ལས་གྲོལ་གྱུར་ཅིག །ཅེས་ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་བཤད་པ་ལས། སྔགས་ཀྱི་འདུལ་བ་རྣམ་པར་ངེས་པ་སྟེ་ལེའུ་གསུམ་པའོ།།  །།འདིར་སྨྲས་པ། ཉན་ཐོས་ཉེ་དབང་ཚོགས་ཀྱིས་ཕྱག་བྱས་པའི། །ཐུབ་དབང་བརྒྱ་བྱིན་འདེགས་པའི་ས་བསྲུངས་བུ། །བཅས་མཚམས་མང་པོའི་འདུལ་སྦྱོང་མཁན་དེ་ཡིས། །རབ་དུལ་སྟོབས་ཀྱིས་ཕྱུག་པ་བསྟན་པའི་གཞི། །ཚུལ་ཁྲིམས་རྩ་ལག་རྒྱས་པ་འདི་མེད་ན། །ཕན་བདེའི་ལོ་འདབ་ནམ་ཡང་མ་རྙིངས་ཤིང༌། །ངེས་དོན་བདུད་རྩི་འབྱུང་བའི་འབབ་ངོགས་མཆོག །ཐུབ་བསྟན་སུམ་རྩེན་དཔག་བསམ་སུ་ཡིས་འཛིན། །སྡུག་བསྔལ་རླབས་ཕྲེང་མང་པོས་ཉེར་འཁྱུད་པའི། །རྒྱ་མཚོར་ལྷུང་བའི་མཐའ་ཡས་འགྲོ་བ་ཀུན། །སྒྲོལ་མཁས་བཟང་པོ་སྤྱོད་པའི་གྲུ་བཟུང་ནས། །བྱང་ཆུབ་སྤྱོད་པའི་འདུལ་བ་འདི་ན་དགེ །སྙིང་སྟོབས་སྲན་ཚུགས་གྱུར་པའི་དཔའ་བོ་ཡིས། །བྱང་ཆུབ་སྤྱོད་པའི་ཕྱག་རིང་མ་རྐྱང་ན། །སྡུག་བསྔལ་མེ་མཚེར་ལྷུང་བའི་བུ་སྡུག་ཀུན། །བཟང་པོས་སྤྱོད་པའི་གནས་སུ་སུ་ཡིས་འདྲེན། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་འོད་འཕྲོ་བ། །རིམ་གཉིས་ཤིང་རྟ་འདྲེན་པའི་ཁ་ལོ་པས། །ཆོས་དབྱིངས་ནམ་མཁའི་ངོས་སུ་དྲངས་པ་ན། །འགྱུར་མེད་བདེ་བའི་ལམ་དུ་གསལ་བར་རྒྱུ། །གཡོ་མེད་ཕྱག་རྒྱ་ཆེན་པོའི་རྣམ་རོལ་གྱིས། །འཕོ་མེད་ཟླ་གཞིན་གང་བའི་རྫོགས་སངས་རྒྱས། །འགྱུར་མེད་བདེ་འབྱུང་གཙུག་ཏུ་ཤར་བ་ན། །མཐའ་མེད་ས་གསུམ་འཁོར་ལོ་འཛིན་པའི་དཔལ། །ཐེག་གསུམ་འདུལ་བ་རྣམ་པར་ངེས་པའི་གཏམ། །དགག་སྒྲུབ་ཚིག་ཕྲེང་མང་པོས་མ་དཀྲུགས་པར། །ངེས་དོན་ཚུལ་བཞིན་བཤད་པའི་དགེ་བ་དེས། །བསྟན་པའི་སྙིང་པོ་དར་ཞིང་རྒྱས་པར་ཤོག །ཅེས་ཐེག་པ་གསུམ་གྱི་འདུལ་བ་རྣམ་པར་ངེས་པ་དཔག་བསམ་འདོད་འཇོ་ཞེས་བྱ་བ་འདི་ནི། འཛམ་གླིང་གི་རྒྱན་གཅིག་སྤྲུལ་པའི་སྐུ་ཀརྨ་པག་ཤིའི་དབོན་རྒྱུད་དུ་འཁྲུངས་པ། དཔལ་འཚུར་ཕུའི་གུ་ཤྲཱི་དོན་གྲུབ་ཆོས་ཀྱི་རྒྱ་མཚོའི་གསུང་གིས་ནན་ཏན་དུ་བསྐུལ་བའི་ཞལ་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཉིད་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།། དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*