མཁས་འཇུག་རྣམ་བཤད་དྲི་ལན་དང་བཅས་པ།

༼ཡ༽༄༅། །མཁས་པ་ལ་འཇུག་པའི་སྒོའི་རྣམ་བཤད་དྲི་ལན་དང་བཅས་པ་བཞུགས་སོ།། 

།སྭསྟི། ཆོས་ཀུན་ཞི་བའི་དངོས་ཉིད་དུ། །གཟིགས་དང་དངོས་དེས་འགྲོ་བ་ཀུན། །ཁྱབ་པར་གཟིགས་ལ་ཆགས་ཐོགས་ཀྱི། །སྒྲིབ་བྱེད་ལས་གྲོལ་སངས་རྒྱས་ལ། །ཐོག་མ་ཁོ་ནར་ཕྱག་བགྱིས་ནས་ནི་གང་བཤད་པ་འདིའི་བྱེད་པོ་འཇམ་པའི་དབྱངས་ལས་གཉིས་ཡོད་མིན་ཕྱིར་དེ་དེའི་དཔེ་ཟླར་མི་བགྲང་ཐུབ་པ་ཀུན་ཀྱང་འཇམ་པའི་དཔལ་ཉིད་ཕྱིར་ན་དེ་འདི་མཚུངས་འདྲར་འོས་མིན་པ། །དེ་ཕྱིར་དེ་ཡི་དཔེ་རྒྱན་རིག་གནས་མཁའ་ལ་ཐོགས་མེད་བརྒྱུ་མཛད་རྒོལ་དང་ཕྱིར་རྒོལ་དྲེགས་པའི་ཉི་ཟླ་ཟ་བྱེད་མཁྱེན་འདིར་རང་རང་གནས་སུ་ཉི་ལྟར་ཁེངས་ལྡན་ཚོགས་འགའ་གཡོ་དང་ཟོལ་གྱིས་རྒོལ་མོད་འགྲན་པར་ནུས་མ་ཡིན། །སྐྱེ་བོ་ཀུན་གྱིས་མཐོང་ཅན་མིན་ཞེས་བཀྱོན་ཞལ་གྱུར་མོད་ཅུང་ཟད་ཤེས་དང་དཔྱོད་ལྡན་ཀུན་གྱིས་གང་ཁྱོད་ཀྱི་ནི་དཔལ་དང་བརྗིད་ལ་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྐད་ཀྱིས་རིགས་པར་དུས་ཀུན་དུ་ནི་འདུད་བྱེད་པོ། །རིག་གནས་རྒྱ་མཚོའི་ཕ་རོལ་སོན་འགའ་ཉིན་བྱེད་ཀྱིས་བསྐྱངས་པད་ཕྲེང་རྒྱན་གྱིས་དྲེགས་མོད་ངེས་དོན་སྦྲང་རྩིའི་བཅུད་ཆེན་པོ་ནི་གང་ཁྱོད་ཀྱིས་འཛིན་འདི་ལས་གཞན་ཡོད་མིན་པས་དེར་ནི་གུས་པའི་གཙུག་གིས་ཕྱག་བགྱིའོ། །མཆོད་པར་བརྗོད་ནས་རྩོམ་པར་དམ་བཅའ་བ། །མཁས་རྣམས་འཇུག་སྒོ་ཞེས་བྱའི་བསྟན་བཅོས་འདིར། །རྣམ་བཤད་ཁ་སྐོང་མང་པོས་མ་རྒྱན་ན། །ལ་ལའི་སོམ་ཉི་ཟ་བ་དེ་སྤང་བྱ། །དེ་ལ་འདིར་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཞེས། འཇིག་རྟེན་ལས་འདས་པའི་གཟི་བརྗིད་དང༌། རྫུ་འཕྲུལ་གྱི་མཐུ་དང༌། ཁ་བ་ཅན་འདིར་དེ་ལས་སྔོན་དུ་མ་བྱོན་པའི་རིག་གནས་ལྔ་མཁྱེན་པ་ཞེས། སྙན་པའི་གྲགས་པས་སའི་སྟེང་མ་ལུས་པར་ཁྱབ་པ་དེས། སྔོན་དུ་མ་འགྱུར་བའི་སྒྲ་དང༌། སྙན་དངགས་དང༌། སྡེབ་སྦྱོར་དང༌། ཟློས་གར་དང༌། མིང་གི་མངོན་བརྗོད་ལ་སོགས་པའི་གཞུང༌། །རྒྱ་དཔེ་ཉིད་ཀྱི་ངོས་ལ་བསླབ་སྦྱངས་མཛད་ནས་བོད་ལ་མཁོ་བའི་བསྟན་བཅོས་སྤྱིར་ཡང་མང་པོ་དག་དང༌། བྱེ་བྲག་ཏུ་བོད་འདིར་བསྟན་བཅོས་རྩོམ་པའི་སྒོ་དོད་བྱུང་བའི་ཚེ་ན། རྩོམ་འཆད་རྩོད་པ་གསུམ་ཆར། འཕགས་ཡུལ་དུ་གྲགས་པ་དང་ཤས་ཆེར་མཐུན་པ་ཉིད་བྱ་དགོས་པའི་ཡན་ལག་ཏུ་མཁས་པ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་འདི་མཛད་དོ། །འདི་ལ་དོན་གསུམ་སྟེ། སྔོན་དུ་འགྲོ་བ་ཐོག་མའི་དོན། སྐབས་སུ་བབ་པ་གཞུང་གི་དོན། མཐར་ཕྱིན་པ་འཇུག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། རང་གཞུང་གི་མཚན་དོན་ལ་རྨོངས་པ་སེལ་བྱེད། །རང་གཞུང་མཛད་པོ་དམ་པར་རྟོགས་བྱེད། བརྩམ་བྱ་མ་ལུས་པ་མཐར་སོན་བྱེད་དོ། །དང་པོ་ནི། རྒྱ་གར་ཏེ་ལེགས་སྦྱར་སྐད་དུ། བིདྱཱ་ཞེས་པ། རིག་པ། གསལ་བ། མཁས་པ། གཡེར་པོ་སོགས་དོན་དུ་མར་འཇུག་ཅིང༌། ག་ཏ་ནི་མཁས་པ་དེར་སོང་བ་དང༌། གཤེགས་པ་དང༌། སླེབ་པའོ། །ཇི་སྐད་དུ། གཤེགས་པ་རྟོགས་པའི་དོན་ཕྱིར་དེ། །ཞེས་རྟོགས་པ་ཁྱད་པར་གསུམ་ལྡན་དང༌། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཞེས་སྤངས་པ་ཁྱད་པར་གསུམ་ལྡན་ལ་ངོས་བཟུང་བ་ནི། སུ་ག་ཏ་ཞེས་པའི་སྒྲ་ལས་དྲངས་པའོ། །ཨཱ་བ་ཏ་ར་ནི་འཇུག་པ་དང༌། མུ་ཁ་ནི་སྒོ་སྟེ། དེ་ཡང་འདི་ལྟར་མཁས་པ་རྣམས་འཇུག་པ་དང༌། མཁས་པ་རྣམས་ལ་འཇུག་པ་དང༌། མཁས་པས་འཇུག་པ་དང༌། མཁས་པའི་ཕྱིར་འཇུག་པ་དང༌། མཁས་པ་ལ་སྦྱངས་ནས་འཇུག་པ་དང༌། མཁས་པའི་མདུན་སར་འཇུག་པ་དང༌། མཁས་པ་ལ་གནས་པའི་ཚུལ་གྱི་འཇུག་པ་དང༌། ཞེས་སྦྱར་ནས། མཁས་པ་ཞེས་པའི་མིང་ལ་སི་སོགས་ཀྱི་རྐྱེན་བྱིན་ནས་འཇུག་པ་ཞེས་པའི་ཚིག་དང་སྦྲེལ་བས། བསྟན་བཅོས་འདིའི་མཚན་ལ་སྒྲ་བཤད་འཇུག་གཉིས་ཀ་ཡོད་པར་སྒྲུབ་བོ། མཁས་པ་ལ་འཇུག་པ་ཞེས་པའི་མིང༌། དབུ་མ་ལ་འཇུག་པའི་འགྲེལ་པས་བཤད་པ་དང་བསྟུན་ན་འཇུག་ཚུལ་གཉིས་ཏེ། ཟབ་པའི་ཚུལ་གྱིས་དང༌། རྒྱ་ཆེ་བའི་ཚུལ་གྱིས་སོ། །དང་པོ་ནི། གནས་ཚུལ་ཇི་ལྟ་བ་གཏན་ལ་ཕབ་པའི་སྒོ་ནས་དང༌། གཉིས་པ་ནི། རྣམ་ཤེས་ལ་སྣང་ཚུལ་ཇི་སྙེད་པ་བཤད་པ་ལས་ཏེ། འོག་ནས། མཁས་གང་ཤེས་བྱའི་དེ་ཁོ་ན། །ཞེས་ཚིགས་སུ་བཅད་པ་ཅིག་གི་དོན་བཤད་པ་ན་རྟོགས་པར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། རྩ་བ་དང༌། རང་འགྲེལ་གཞུང་ཇི་ལྟ་བ་བཞིན་དུ་སོར་བཞག་པ་དང༌། རྟོགས་པར་དཀའ་བ་འགྲེལ་བཤད་ཀྱིས་ཁ་བསྐང་བའོ། །དང་པོ་ནི། བླ་མ་དང་སོགས་དང༌། གཉིས་པ་ནི། དེ་ལ་བསྟན་བཅོས་ཞེས་སོགས་གཞུང་ཇི་ལྟ་བ་བཞིན་དུ་ཀློག་པ་དང་བྲི་བར་བྱ་ལ། གསུམ་པ་ནི། བསྟན་བཅོས་འདི་ཉིད་ཀྱི་མཆོད་པར་བརྗོད་པ་འདི་ཡང༌། དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་དང༌། མཚམས་སྦྱར་དང༌། བརྒལ་ལན་ཏེ། བཤད་ཐབས་རྣམ་པ་ལྔའི་སྒོ་ནས་འཆད་དགོས་པ་ཉིད་བསྟན་བཅོས་རྩོམ་པ་པོའི་དགོངས་པ་སྟེ། བོད་དུ་བསྟན་བཅོས་རྩོམ་པ་རྣམས་ཀྱིས་དེ་ལྟ་བུའི་རྟོག་དཔྱོད་སྔོན་ཏུ་བཏང་བའི་མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་ཐོག་མར་བཀོད་ནས། རྩོམ་མི་ཤེས་པ་རྣམས་ལ་བཀྱོན་ཞལ་དུ་མཛད་པའི་ཚུལ་འོག་ནས་རྒྱས་པར་འབྱུང་བས་སོ། །འདི་ཡང་མངོན་པར་རྟོགས་པའི་རྒྱན་དུ། ཡུམ་གྱི་མདོ་དོན་འགྲེལ་བའི་ཚེ། བཤད་ཐབས་ལྔ་པོ་དེའི་སྒོ་ནས་མཛད་ཅིང༌། རྒྱན་དེའི་མཆོད་བརྗོད་དང༌། དགོས་འབྲེལ་དང༌། བསྡུས་དོན་ལྟ་བུ་དོན་ཚན་རེ་རེ་ཡང་ལྔ་པོ་དེའི་སྒོ་ནས་འགྲེལ་མཛད་དག་གིས་བཀྲལ་བ་དེ་ཉིད་ཁུངས་སུ་མཛད་པའོ། །དེ་ཡང་འདིར། མཆོད་བརྗོད་ཀྱི་དགོས་པ་ནི། རྩོམ་པ་པོ་སྐྱེས་བུ་དམ་པར་རྟོགས་པ་དང༌། རང་དང༌། གདུལ་བྱ་གཞན་དག་ཀྱང་མཆོད་ཡུལ་གྱི་ཡོན་ཏན་ལ་དད་པ་སྐྱེས་ནས་བསོད་ནམས་ཀྱི་ཚོགས་རྫོགས་པའོ། །བསྡུས་པའི་དོན་ནི། རྩོམ་པ་པོ་འདིས་ནི། བླ་མ་དང༌། སྟོན་པ་སངས་རྒྱས་དང༌། འཇམ་པའི་དབྱངས་གསུམ་ཀ་དབྱེར་མེད་ཉིད་དུ་གཟིགས་ཤིང་མཁྱེན་ནས། ཐོག་མ་ཁོ་ནར་རྗེ་བཙུན་གྲགས་པའི་ཞབས་ཉིད་ལ་ཕྱག་མཛད་པ་སྟེ། རིགས་གཏེར་དང༌། སྡོམ་གསུམ་རབ་དབྱེར་འབྱུང་བ་བཞིན་ནོ། །འདི་ཡང༌། ཎ་མ་འདུད་པ་ལའོ་ཞེས་པའི་བྱིངས་ལས་ན་མོ་ཞེས་སྒྲུབ་པའོ། །བསྟོད་པའི་ཡོན་ཏན་ནི་སོ་སོར་རིག་པ་བཞི་དང༌། མི་འཇིགས་པ་བཞི་སྟེ། རྒྱུད་བླར། ཇི་ལྟར་ནོར་བུ་ཉི་ཟླ་སྒྲོན་གློག་ལ། །བརྟེན་ནས་མིག་དང་ལྡན་པ་ལྟ་བར་བྱེད། །དེ་བཞིན་དོན་ཚིག་ཆོས་སྤོབས་འོད་མཛད་པའི། །ཐུབ་ལ་བརྟེན་ནས་འདི་ནི་རབ་ཏུ་བཤད། །ཅེས་པ་ཉིད་ཁུངས་སོ། །ཚིག་དོན་ནི། ཆོས་ཤེས་པ་ཕུང་ཁམས་སྐྱེ་མཆེད་སོགས་མིང་གི་རྣམ་གྲངས་མཐའ་དག་གོ །དོན་ནི། དུ་མ་སྤུངས་པ་དང༌། ཉེར་སྤྱོད་འཛིན་པ་དང༌། སྐྱེ་སྒོ་འབྱེད་པ་སོགས་མཚན་ཉིད་སོ་སོ་བ་རྣམས་སོ། །ངེས་པའི་ཚིག་ནི། ལྷ་ལ་སོགས་པའི་སྐད་ཤེས་དང༌། །ཞེས་གསུངས་པས། ལེགས་སྦྱར་གྱི་མདོ་ལས། གསུངས་པའི་སྒྲ་བཤད་འཇུག་རྣམས་ཏེ། སྤོབས་པ་ནི། འོག་ནས་འཆད་དོ། །མཚམས་སྦྱར་ནི། ཏེ་དང༌། ནས་དང༌། དང་སོགས་དངོས་ཤུགས་ཅི་རིགས་པར་འབྱུང་བ་རྣམས་ཡིན་ལ། མི་འཇིགས་པ་ནི། རང་ལ་འདུན་པ་དང་མི་འདུན་པའི་འཁོར་ཚོགས་རྒྱ་མཚོའི་དབུས་སུ། རང་དོན་སྤངས་པ་དང་རྟོགས་པ། གཞན་དོན་སྤང་བྱ་དང་ལམ་དམ་བཅའ་བ་ལ། འཇིག་མེད་སེང་གེའི་སྒྲ་དབྱངས་སྒྲོགས་པའོ། །འདི་ལྟ་བུ་ལ་བརྒལ་ལན་སྦྱོར་ཚུལ་ནི་མཐའ་གཅིག་ཏུ་མ་ངེས་ཀྱི། རྣམ་དཔྱོད་བཟང་པོས་ཇི་ལྟར་བརྟགས་ཀྱང་རུང་བས་ན་འདི་ལྟར། གལ་ཏེ། བསྟོད་པའི་ཡོན་ཏན་བྱམས་སྙིང་རྗེ་དང༌། མངོན་ཤེས་རྫུ་འཕྲུལ་སོགས་གང་གི་སྒོ་ནས་བསྟོད་པས་ཆོག་པ་ལ། འདིར་བཞི་ཚན་གཉིས་པོ་ཁོ་ན་སྐབས་སུ་བབ་པ་ཅི་ཞེ་ན། སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་པའི་གསུང་རབ་ཀྱི་དགོངས་འགྲེལ་རང་གིས་རྩོམ་པ་དང༌། གཞན་ལ་མི་ཟད་པའི་སྤོབས་པས་འཆད་པ་ལ་ནི། སངས་རྒྱས་ཀྱི་གསུང་མཐའ་དག་གམ། ཕྱོགས་རེ་ཙམ་ལ་ཡིན་ཀྱང་རུང༌། བཞི་ཚན་གཉིས་པོ་འདིའི་ཐ་ན་རྗེས་མཐུན་པ་ཙམ་ཞིག་དང་ལྡན་དགོས་པར་སྟོན་པ་ཡིན་ཏེ། དེ་དག་མེད་པར་འཆད་རྩོམ་ལ་འཇུག་པར་བཀྱོན་ཞལ་དུ་མཛད་པ་ནི། བསྟན་བཅོས་འདིའི་དགོངས་པའི་གཙོ་བོ་གཅིག་ཏུ་སྣང་བའི་ཕྱིར། མི་ཟད་པའི་སྤོབས་པ་དེ་ཡང་གང་ཞེ་ན། རིག་པ་དང་གྲོལ་བར་སྨྲ་ནུས་པ་སྟེ། མཛོད་ལས། བཞི་པ་རིགས་པ་ཐགས་ཐོགས་མེད། །ཅེས་འབྱུང་ངོ༌། །གསུམ་པ་ལ་གཉིས་ཏེ། རྩོམ་པར་དམ་བཅའ་དངོས་དང༌། རྩོམ་པ་པོ་ཉིད་ཀྱི་མཚན་དང་ཡོན་ཏན་བརྗོད་པའོ། །དང་པོ་ལ། གཞུང་ཇི་ལྟ་བ་བཞིན་ཐད་སོར་བཞག་པ་དང༌། ཊཱི་ཀ་བྱེད་པས་ཁ་བསྐང་བའོ། །དང་པོ་ནི། འགའ་ཞིག་སོགས་གཞུང་ཐད་སོར་འཇོག་ལ། འདིར་དགོས་པའི་དོན་ནི། རྩོམ་པ་མཐར་ཕྱིན་པའི་ཆེད་དུ་སྟེ། ཤེས་རབ་སྡོང་བུ་ལས། དམ་པ་རྣམས་ནི་ཁས་འཆེ་མང་པོ་མི་བྱེད་ལ། །གལ་ཏེ་དཀའ་བས་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་བཞིན་དུ་ནི། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་འབྱུང་བ་ཉིད་ཁུངས་སོ། །བསྡུས་པའི་དོན་ནི། འཕགས་ཡུལ་དུ་ལེགས་སྦྱར་གྱི་འཆད་རྩོམ་མཛད་པ་ཁོ་ནར་མ་ཟད། བོད་ཡུལ་དུ་བོད་སྐད་ཀྱིས་དེ་ལྟར་བྱེད་པ་ལའང་སྒྲའི་རྣམ་གཞག་སོགས་རྗེས་མཐུན་པར་ཤེས་དགོས་པའི་དོན་ནོ། །མཚམས་སྦྱར་ནི་དང་ཞེས་དང༌། ནས་ཞེས་པ་གང་བྱུང་སྟེ། ཚིག་གོང་འོག་གཉིས་ཀ་འདྲེན་པར་བྱེད་དོ། །བརྒལ་ལན་ནི། ཕལ་ཆེར་རྨོངས་ཤེས་གསུངས་ན། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དག་གི་འཆད་རྩོམ་ལ་ཧ་ཅང་ཐལ་བ་མ་ཡིན་ནམ་ཞེ་ན། ཀ་ཅོག་ཞང་གསུམ་གྱི་འགྱུར་ལ་སྒྲའི་རྣམ་གཞག་ཐད་སོར་མ་བཞག་པ་འགའ་ཞིག་ཡོད་ཅེས་གསུང་བ་དང༌། ལོ་ཆེན་དང་རྔོག་ལོའི་འགྱུར་ལའང་འགྱུར་བཅོས་བྱས་པ་བྱུང་མོད་ཀྱང༌། ཕལ་ཆེར་རྨོངས་པ་ཞེས་པའི་ཚིག ཆེན་པོ་དེ་དག་ལ་སྦྱར་ན་རྩོམ་པ་པོ་རང་ལ་བསྔགས་པ་རང་གི་ཆེ་བ་བརྗོད་པར་མི་འགྱུར་བ་དེའི་ཕྱིར། སྔོན་རྒྱལ་པོའི་བཀའ་ཁྲིམས་ལས། བོད་ཀྱི་བསྟན་བཅོས་མི་རྩོམ་པར་བཅས་པ་ལ། རྙིང་མའི་བསྟན་བཅོས་ཁ་ཅིག་རྒྱ་གར་ལས་ཁུངས་ཕྱུང་ནས་རྒྱུད་དུ་བྱས་པ་དང༌། གསར་མའི་རྒྱུད་གཞུང་ལའང་ར་ལི་ཉི་ཤུ་སོགས་དེ་ལྟ་བུ་དག་སྣང་བ་དང༌། བཤད་བརྒྱུད་པ་དག་ལའང་ཕྱ་བསྡུས་ཐོག་མར་རྒྱ་སྐད་སྨོས་ནས་བརྩམས་པ་སོགས་འགྲེལ་པ་དང་འགྲེལ་བཤད་མང་དུ་བྱུང་བ་རྣམས་ལ་དགོངས་པའོ། །གསུམ་པ་ཊཱི་ཀས་ཁ་བསྐང་སྟེ་བཤད་པ་ནི། འགའ་ཞིག་སོགས་འབྲས་བུ་གཉེར་བ་ཉིད་ལས་ཤེས་པར་འགྱུར་བ་ནི་འདི་ལྟར་འདི་སྒྲ་དང་ཞེས་པ་སྤྱིར་བསྟན་པ་ཡིན་ལ། དེའི་རྣམ་པར་བཞག་པ་ནི་གསུམ་དུ་འདུ་བ་ཡིན་ཏེ། རང་བཞིན་དང༌། རྐྱེན་དང༌། རྣམ་འགྱུར་རོ། །བྱིངས་ནི་གཉིས་སུ་ངེས་ཏེ། མིང་དང༌། རང་བཞིན་ནོ། །རྐྱེན་ནི་གཉིས་ཏེ། སི་སོགས་དང༌། ཏི་སོགས་སོ། །རྣམ་འགྱུར་ནི། སྒྲུབ་གཞི་རང་བཞིན་དང༌། མིང་ལ་སྒྲུབ་བྱེད་སི་སོགས་དང༌། ཏི་སོགས་བྱིན་ནས་བསྒྲུབས་པས་ཚིག་གི་རྣམ་འགྱུར་དུ་མ་དག་ཏུ་འགྲོ་བའོ། །དེ་ལ་བྱིངས་དང༌། ཁམས་དང༌། དབྱིངས་ནི་དོན་གཅིག་མིང་གི་རྣམ་གྲངས་ཏེ་རྒྱུའི་དོན་ནོ། །དབྱེ་ན། བྷཱུ་ཡོད་པ་ལའོ་ཞེས་སོགས་ནས་དགུ་བརྒྱ་དང་བཅུ་སོགས་ཀྱི་བཤད་པ་འབྱུང་ངོ༌། །སྒྲུབ་གཞིའི་མིང་ལ་ནི་རྟགས་ཤེས་ཀྱང་བཤད་ལ། དེའི་མཚན་ཉིད་ནི། བྱིངས་དང༌། རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་བཤད་ལ། དེ་ལ་དབྱེ་ན། དེ་བ་ལྟ་བུ་བྱིངས་ལས་བསྒྲུབས་པ་དང༌། ཉེར་སྒྱུར་གྱི་ནང་ཚན་པྲ་ཏི་སོགས་ཉི་ཤུའམ། སུམ་ཅུར་བཤད་པ་ལྟ་བུ་དང༌། རྟགས་ནི། དབྱངས་དང༌། གསལ་བྱེད་སྲོག་མེད་ཀྱི་དབང་ལས། ཕོ་མོ་མ་ནིང་གི་རྟགས་གསུམ་དང༌། གསུམ་པོ་གང་ཡང་མ་ཡིན་པ་མི་ཟད་པའི་རྐྱེན་ཅན་དག་ཀྱང་འཆད་དོ། །གཉིས་པ་རྣམ་དབྱེ་ནི། སི་སོགས་དང༌། ཏི་སོགས་གཉིས་ཀ་ལ་རྣམ་དབྱེར་འབྱེད་པ་ནི་དུས་སམ། དོན་གཉིས་ཀ་རྣམ་པར་དབྱེ་བས་ནའོ། །གཉིས་པོ་དེའི་གནས་སྐབས་ལས་ཕྱེ་ན། ཇི་སྐད་དུ། དེ་ལ་ཕན་པའམ་བྱེད་ལྡན་ནམ། །ཞེས་དེ་ཕན་གྱི་རྐྱེན་དང༌། བྱེད་ལྡན་རྐྱེན་ཞེས་སོ་སོར་ཕྱེ་ནས། དེ་ཕན་ལ་ཉི་ཤུ་རྩ་གསུམ་གྱི་དབྱེ་བ་མཛད་དོ། །གསུམ་པ་རྣམ་འགྱུར་ནི། ཇི་སྐད་དུ། སྔ་མ་དང་ཕྱི་མ་དག་གི་དོན་ཉེ་བར་དམིགས་པས་ན་ཚིག་གོ །ཞེས་ཏེ། སྔ་མ་བྱིངས་ཀྱི་ཚོགས་རྣམས་དང༌། ཕྱི་མ་ཏིང་སོགས་བརྒྱ་དང་བརྒྱད་བཅུ་པོ་གང་རུང་སྦྱར་བས་དངོས་པོ་ཞེས་པ་ལྟ་བུའི་མིང་དང༌། དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཞེས་པ་ལྟ་བུའི་ཚིག་འབྱུང་བ་དང༌། ཡང་སྔ་མ་རྟགས་གསུམ་མམ། བཞི་གང་རུང་དང༌། སི་སོགས་ཉེར་གཅིག་པོ་གང་རུང་སྦྱར་བས། ཤིང་ཞེས་དང༌། ཤིང་ལ་ཞེས་སོགས་དོན་རྣམ་པར་དབྱེ་ནུས་ཀྱི་ཚིག་དང་མིང་གཞན་ཡང་འབྱུང་བའོ། །དེ་ཡང་བྱིངས་ལས་མིང་ཚིག་སྒྲུབ་པའི་ཚེ། བྱེད་ལྡན་གྱི་རྐྱེན་དང༌། མིང་ལས་ཚིག་དང༌། མིང་གཞན་ཡང་སྒྲུབ་པའི་ཚེ། དེ་ཕན་གྱི་རྐྱེན་འཇུག་ལ། དེ་ཡང་ཀ་བ་རིང་པོ་སོགས་རང་དང་མཐུན་པའི་མིང་སྒྲུབ་པ་ལ་ཡིན་གྱི། ཀ་བུམ་སོགས་མི་མཐུན་པ་ལ་ནི་དེ་ཕན་མི་འཇུག་པའི་ཚུལ་དང༌། གཞན་ཡང་བྱིངས་དང་མིང་ལས་གང་བསྒྲུབས་པ་དེ་ཡང༌། ཉེར་སྒྱུར་ཐོག་མར་བཞག་པ་ལས་དོན་གཞན་དང་གཞན་དག་ཏུ་འགྱུར་བ་ཡོད་པ་ནི། ཇི་སྐད་དུ། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང༌། །ཉེར་སྒྱུར་དབང་གིས་འགྱུར་བ་སྟེ། །གངྒཱའི་ཆུ་ནི་དངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་ལུང་འདྲེན་པར་མཛད་དོ། །བརྡ་སྤྲོད་པའི་གཞུང་གི་ལུས་རྣམ་པར་བཞག་པ་ནི་དེ་ཙམ་དུ་འདུས་ལ། དེ་ནས་རྣམ་པར་ཕྱེ་བ་དང་ཞེས་པ་ནི། རྣམ་དབྱེའི་རྣམ་གྲངས་བཤད་མ་ཐག་པ་དེ་དག་ལས་གཞན་དུ་མི་སྤྲོ་ལ། བྱེད་ཚིག་ནི། གོང་དུ་སྨོས་པ་ལྟར་སི་སོགས་ཉེར་གཅིག་བྱིན་པ་ལས། དང་པོ་དོན་ཙམ་སྟོན་པ་དང༌། གཉིས་པ་ལས་སུ་བྱ་བ་སོགས་གཙོ་ཆེ་བ་བདུན་དང༌། བོད་པ་སྟེ་བརྒྱད་པོ་རེ་རེ་ལ་གཅིག་གཉིས་མང་པོའི་ཚིག་ཏུ་སྦྱར་བས། ཉེར་གཅིག་དང་ཉེར་བཞིར་ཡང་འགྱུར་བའོ། །དང་པོ་དོན་ཙམ་སྟོན་པའི་མིང་ཡང༌། འཇིག་རྟེན་ན་གྲགས་པས་ཆོག་པ་མ་ཡིན་གྱི། མིང་ཡང་ཕལ་ཆེར་བྱིངས་ལས་སྒྲུབ་དགོས་པས། ལེགས་སྦྱར་གཞིར་བཞག་པའི་དང༌། བོད་སྐད་ཀྱང་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ་དང༌། སྒྲ་སྦྱོར་བམ་པོ་གཉིས་པ་ལས་འབྱུང་བ་དག་དགོས་ཀྱི། དེ་ལས་གཞན་པའི་འདོད་རྒྱལ་ཐོག་མའི་མིང་སོགས་ཀྱིས་ཆོག་པ་མ་ཡིན་ནོ། །སྐབས་འདིར་སྔ་མ་དག དང་པོ་དང་བོད་པ་ནི། རང་མིང་ཙམ་ལས་གཞན་པའི་བྱེད་པ་དང་མི་ལྡན་པས་ན། བྱེད་ལྡན་དུ་མི་འཆད་ལ། ལ་ལ་དག དྲུག་པ་ཡང་དེར་མི་འཆད་པ་ནི། མིང་ལ་རྣམ་དབྱེ་དྲུག་པ་རྣམས་བྱིན་པས། ཤིང་གི་འབྲས་བུ་ཞེས་པ་ལྟ་བུ་གཅིག་གྲུབ་ཀྱང་བྱེད་ལྡན་དུ་མི་འཆད་པ་ནི། སྐབས་དེར་བྱིན་པའི་རྐྱེན་ངེས་པར་དབྱེ་དགོས་པའི་མདོ་ཡོད་པ་ལ་དགོངས་པ་ཡིན་ཏེ། ཨ་བྷི་ས་མ་ཡ་ཞེས་སོགས་དེར་ལེགས་སྦྱར་ལ་དྲུག་སྒྲ་གཅིག་ཀྱང་མ་བྲིས་པ་བཞིན་ནོ། །མུ་སྟེགས་གཞོན་ནུ་མ་ལེན་གྱི་ལུང་འདྲེན་པ་དག་གིས་ནི། ཇི་སྐད་དུ། འབྲེལ་པ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་ནི་རྣམ་དབྱེ་ལས། །དོན་གྱིས་ཐོབ་པར་བྱས་པ་ཡིན། །ཞེས་པ་དང་ཕྱོགས་མཐུན་ལ། རྣམ་གྲངས་སུ་ན། དྲུག་པ་བྱེད་ཚིག་ཅན་དུ་འཆད་མི་འཆད་ཀྱི་དབྱེ་བ་ནི། དུར་སིང་དང༌། སློབ་ཕན་གྱི་དབྱེ་བ་ལས་སམ་ཞེས་ཀྱང་བརྟག་པར་བྱ་བ་དག་གོ །དཔེ་དང་ཞེས་སོགས་ནི། རིག་གནས་ཐུན་མོང་བ་ཁོ་ནའི་དབང་དུ་བྱས་པ་མ་ཡིན་གྱི། སྤྱིར་གཞུང་ལུགས་འཆད་རྩོམ་ཀུན་གྱི་དབང་དུ་བྱས་པ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། གདུལ་བྱ་ཆོས་འཁོར་གཉིས་ལ་རིམ་གྱིས་འཇུག་པའི་དཔེར། དེད་དཔོན་མཁས་པས་ནོར་བུ་སྦྱོང་ཚུལ་གྱིས་བསྟན་པ་དང་རྒྱུད་བླར་དྲི་བཅས་དེ་བཞིན་ཉིད་སེམས་ཅན་ལ་བཞུགས་ཚུལ་དང༌། དྲི་མེད་དེ་བཞིན་ཉིད་སངས་རྒྱས་ལ་བཞུགས་ཚུལ་དཔེ་དགུ་དང་བཅུ་གཉིས་ཀྱི་སྒོ་ནས་བཤད་པ་དང༌། ཕྲིན་ལས་ཀྱི་འཇུག་ཚུལ་བརྒྱ་བྱིན་རྔ་སྒྲ་སོགས་དཔེ་དགུའི་སྒོ་ནས་བཤད་པ་ལྟ་བུ་དང༌། གནས་ཚུལ་དང་སྣང་ཚུལ་གྱི་རྣམ་གཞག་འཆད་པ་ན། སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་ལ་སོགས་པ་གསུངས་པའི་དང༌། ཚད་མར། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང༌། མི་མཐུན་ཕྱོགས་ལས་བཟློག་ཚུལ་གྱི་དཔེ་འཆད་པའི་ཚེ། དཔེ་འགོད་ལུགས་དང༌། དཔེ་དོན་སྒྲིག་ཚུལ་མ་ནོར་བར་ཤེས་དགོས་ཞེས་གསུངས་པའི་དོན་ཡིན་མོད། བོད་འདིར་མ་འོངས་ལུང་བསྟན་དུ་མཛད་པ་སྟེ། དེང་སང་གི་དུས་སུ་སྒྱུ་མ་སོགས་ཀྱི་དཔེ་བརྒྱད་པོ་དོན་ཡོད་པའི་དཔེར་འཆད་ཀྱིན་འདུག་པ་དང༌། ཆོས་འཁོར་གྲངས་ངེས་ཀྱི་དཔེ་དང༌། བདེ་གཤེགས་སྙིང་པོ་དང༌། གཟུགས་ཀྱི་སྐུ་དང༌། ཕྲིན་ལས་ཀྱི་དཔེར་གསུངས་པ་རྣམས་གཞུང་གི་དངོས་བསྟན་ལས་ཀྱང་ཕྱིན་ཅི་ལོག་ཏུ་འཆད་ཀྱིན་འདུག་པ་དང༌། མི་མཐུན་པའི་དཔེས་རྟགས་དང་ཆོས་ལོག་གི་འབྲེལ་པ་ངེས་པར་བྱེད་ཅེས་པ་ལྟ་བུའོ། །ཚིག་གི་རྒྱན་ཞེས་པ་སྙན་དངགས་ཁོ་ནའི་དབང་དུ་བྱས་པ་མ་ཡིན་གྱི། ལོ་ཙཱ་བ་ཆེན་པོ་དག་གིས་སཾ་སྐྲྀ་ཏ་དང་མཐུན་པར་སྦྱར་བའི་ཚིག་གི་སྒོ་ནས་འཆད་རྩོམ་བྱེད་དགོས་ཀྱང་དེ་མི་ཤེས་པ་མང་ཞེས་པའི་དོན་དང༌། དབྱེ་བསྡུ་ནི། རྒྱས་པར་དབྱེ་བ་དང༌། དབྱེ་བ་དེའི་དོན་འདུ་ངེས་སུ་བསྡུ་བ་སྟེ། ངོ་བོའི་སྒོ་ནས་དང༌། དགོས་པའི་སྒོ་ནས་དང༌། ཡུལ་ཅན་གྱི་སྒོ་ནས་དང༌། ཡུལ་གྱི་སྒོ་ནས་དང༌། རིགས་ཀྱི་དབྱེ་བ་དང༌། བྱེ་བྲག་གི་དབྱེ་བ་སོགས་རྒྱས་པར་ཤེས་དགོས་པ་སྟེ། དེ་ལྟར་མ་ཤེས་ན་ཀུན་རྫོབ་ཇི་སྙེད་པའི་ཆ་ལ་རྨོངས་པར་འགྱུར་བ་དང༌། ཐེག་པ་མཆོག་ལ་འཇུག་པའི་ཚེ་ཡང༌། སྦྱང་གཞི་དང༌། སྦྱོང་བྱེད་ངོ་སྤྲོད་ཚུལ་མི་ཤེས་པས་ན། ཆོས་མངོན་པར། སྤྱིར་ཀུན་བཏགས་སོགས་ཤེས་བྱ་མ་ལུས་པའི་དབྱེ་བ་དང༌། ཁྱད་པར་དུ་ཕུང་སོགས་སོ་དྲུག་ཏུ་དབྱེ་བ་དང༌། བསྡུ་ན། རྫས་བཏགས་སུ་དང༌། བདེན་གཉིས་སུ་དང༌། གཟུགས་ཆོས་ཡིད་གསུམ་དུ་བསྡུས་པ་ལྟ་བུ་སོགས་ལེགས་པར་ཤེས་དགོས་པ་ལས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་དང༌། གྲངས་ངེས་ནི། ཡོད་མེད་ལྟ་བུ་ཕན་ཚུན་སྤངས་པ་ཡིན་གྱི་ངོ་བོའི་སྒོ་ནས་མ་ཡིན་པ་དང༌། གཞལ་བྱ་རང་སྤྱི་ལྟ་བུ་ཡུལ་ཅན་གྱི་ཚད་མ་ཡུལ་ལ་འཇུག་ཚུལ་ལས་ཡིན་གྱི། ཡུལ་གྱི་གྲངས་ངེས་མ་ཡིན་པ་དང༌། ཚད་མིན་གྱི་བློ་ལ་གསུམ་དུ་གྲངས་ངེས་པ་དེ། རིགས་ཀྱི་གྲངས་ངེས་ཡིན་པ་དེ་མི་ཤེས་པར། ཡིད་དཔྱོད་སོགས་ལྔར་འབྱེད་པ་རིགས་ཀྱི་གྲངས་ངེས་སུ་འདོད་པ་ལྟ་བུ་ལ་དགོངས་སོ། །གོ་རིམ་ངེས་པ་ནི། གཞུང་ལུགས་འཆད་རྩོམ་གྱི་ཚེ། དགོས་པའི་དབང་གིས་འབྲས་བུ་དཀོན་མཆོག་གསུམ་སྔར་བསྟན་ནས། རྒྱུ་དྲི་བཅས་དེ་བཞིན་ཉིད་རྗེས་སུ་བསྟན་པ་དང༌། རྒྱུ་སྦྱོར་བ་བཞི་སྔར་བསྟན་ནས། འབྲས་བུ་ཆོས་སྐུ་རྗེས་སུ་བསྟན་པ་དང༌། ཡུལ་མཁྱེན་གསུམ་སྔར་བསྟན་ནས། ཡུལ་ཅན་སྦྱོར་བ་བཞི་རྗེས་སུ་བསྟན་པ་དང༌། ཡུལ་ཅན་ཚད་མ་སྔར་བསྟན་ནས། གཞལ་བྱ་རྗེས་སུ་བསྟན་པ་དང༌། བསྡུས་དོན་སྔར་བཤད་ནས། ཚིག་དོན་རྗེས་སུ་འཆད་པ་དང༌། ཚིག་དོན་སྔར་བཤད་ནས། བསྡུས་དོན་རྗེས་སུ་འཆད་པ་ལྟ་བུ་དངོས་བསྟན་ལ་ངེས་པ་མེད་ཀྱང༌། གནས་སྐབས་སོ་སོའི་དགོས་པ་ལ་ལྟོས་ནས་གོ་རིམ་ངེས་པར་འཆད་དགོས་ཀྱང་དེ་མི་ཤེས་པར་བོད་འདི་ན་འཆད་རྩོམ་ལ་འཇུག་པ་མང་ཞེས་དགོངས་པའོ། །གཉིས་པ་རྩོམ་པ་པོའི་མཚན་བསྟན་པ་ལ། རྩ་བས་མདོར་བསྟན་པ་དང༌། དེ་ཉིད་འགྲེལ་པས་རྒྱས་པར་བཤད་པ་དང༌། འགྲེལ་བཤད་ཀྱིས་ཁ་བསྐང་བའོ། །དང་པོ་གཉིས་ནི། སུ་ཞིག་གིས་བསྟན་ན་ཞེས་པ་ནས་ཞེས་བྱ་བའི་དོན་ཏོ། །ཞེས་པའི་བར་ནི་གཞུང་ཇི་ལྟ་བ་བཞིན་དུ་བྲི་བར་བྱ་ལ། གསུམ་པ་ནི། མང་དུ་ཐོས་ཤིང་དང༌། གོམས་པ་ནི། གང་ཞིག་གཟིགས་པའི་ཡུལ་དེ་དང་དེ་དག་ལ་ཐོས་པ་དང་བསམས་པའི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པའོ། །མན་ངག་དབང་གིས་དཔལ་ལྡན་ཞེས་པ་ངེས་པའི་དོན་ལ་བསྒོམས་བྱུང་གི་ཤེས་རབ་འཁྲུངས་པའོ། །ཀུན་དགའ་ནི། མཁས་པ་དང་ཤེས་རབ་ཅན་ཀུན་དགྱེས་པའི་ས་གཞིའི་ཁང་བཟངས་སོ། །ལེགས་བཤད་ཀྱི་རྩེ་མོ་ཐོན་ཅིང་ལུང་རིགས་ཀྱི་གོས་བཟང་བཀླུབས་པས་ན་རྒྱལ་མཚན་ཏེ། རྩོམ་པ་པོའི་མཚན་ནོ། །ཡུལ་འདི་དང༌། དུས་འདི་ན་རྩོམ་འཆད་རྩོད་གསུམ་ལ་འཇུག་པའི་ཚུལ་རགས་པ་ཙམ་ཞིག་འཆད་པ་ལ། མཁས་པར་སློབ་འདོད་པ་རྣམས་ཀྱིས་དགའ་བ་དང་སྤྲོ་བ་སྐྱེད་དེ་ཐོས་པས་ཉོན་ལ། བསམ་པས་དོན་ཡོངས་སུ་ཚོལ་བར་གྱིས་ཤིག་པའོ། །བསྟན་བཅོས་བརྩམས་ཟིན་པའི་འོག་ཏུ་མཚན་སྟོན་རིགས་ཀྱི། ཐོག་མ་ཉིད་ནས་སྨོས་པ་ཅི་ཞེ་ན། དེ་ལྟར་སྨོས་པ་ནི་མཛད་པ་པོ་ཚད་ལྡན་གྱི་སྤྱི་ལུགས་ཏེ། བཅོམ་ལྡན་འདས་ཀྱི་རབ་འབྱོར་ལ་བཀའ་སྩལ་པ་ཞེས་དང༌། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། འཁོར་བཞི་པོ་དེ་དག་དགའ་བའི་ཕྱིར་ཞེས་དང༌། རྣམ་འགྲེལ་དུ། བདག་ལ་འདི་ནི་ཞེས་དང༌། འཇུག་པར། དེ་ཕྱིར་བདག་གིས་ཞེས་དང༌། ཞི་བ་ལྷས། བདག་ལ་ཞེས་པ་ལྟ་བུ་དང་མཚུངས་པ་ཡིན་མོད་འདིར་དགོངས་པ་ཁྱད་པར་ཅན་ནི། བསྟན་བཅོས་རྩོམ་པ་ལ་འཇིགས་མེད་སེང་གེའི་ང་རོ་སྒྲོག་པའི་དོན་དུ་ཆོས་ཀྱི་དུང་འབུད་པ་དང་མཚུངས་པ་སྟེ། མདོ་སྡེའི་རྒྱན་གྱི་ཐོག་མར། དོན་ཤེས་སྟོན་པར་བྱེད་ཅེས་པ། མཛད་པ་པོ་རྗེ་བཙུན་ཉིད་ལ་ངོས་འཛིན་དགོས་པ་དང༌། ཆོས་ཀྱང་དོན་རྣམས་ཕྱེ་བས། །མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་གསུངས་པ་ཉིད་ཁུངས་སོ། །དེ་ལྟར་བཤད་པ་དེས་ནི་བསྟན་བཅོས་འདིའི་དགོས་པའི་དོན་བསྟན་པ་ལས། རྣམ་དཔྱོད་ཅན་དག་འཆད་རྩོད་རྩོམ་གསུམ་ལ་སྤྲོ་བ་སྐྱེ་བ་ཉིད་དོ། །གསུམ་པོ་ལ་སྤྲོ་བ་བསྐྱེད་དགོས་པའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་དང༌། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཞེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་དེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་གསུངས་པས། ངེས་དོན་གྱི་དབང་དུ་བྱས་པའི་འཆད་རྩོམ་ལ་བསྔགས་པ་དང༌། རིག་གནས་ཐུན་མོང་བ་དག་ལ་མཁས་པར་བསྔགས་དགོས་པ་ཡང༌། ཇི་སྐད་དུ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གི་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དག་ཚར་བཅད་རྗེས་བཟུང་བྱ་ཕྱིར་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེར་བརྩོན་བྱ། །ཞེས་གསུངས་པ་དང༌། ཁྱད་པར་དུ། ཕས་ཀྱི་རྒོལ་བ་ཚར་བཅད་པའི་ཕྱིར་དུ་རྩོད་པ་ནི། སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་ཅན་བདག་མེད་པ་ཉིད་རྟོགས་པ་དང༌། སྒྲིབ་པ་གཉིས་སེལ་བའི་ཐབས་ཀྱི་མེད་ན་མི་འབྱུང་བའི་རྒྱུ་ཡིན་པ་དེ་ཤེས་པའི་མཁས་པ་སངས་རྒྱས་པས། རང་ལུགས་ཀྱི་དེ་ཁོ་ན་ཉིད་དང་མི་མཐུན་པ་དང་སུན་འབྱིན་པ་ནི། སྔ་མ་འཆད་རྩོམ་གཉིས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། སངས་རྒྱས་གསུངས་པའི་དེ་ཁོ་ན་ཉིད་ལ་མཁས་པས། རང་གི་གྲུབ་པ་དང་གཞན་གྱི་ཕྱོགས་སུན་འབྱིན་པའི་གྲུབ་དོན་ནི། ཡུལ་གྱི་གནས་ཚུལ་ལ་ཞུགས་པས་མཐར་དངོས་པོ་ཐམས་ཅད་འདིའི་ཕྱོགས་སུ་ལྡང་ནུས་པ་དང༌། གྲུབ་དོན་གོམས་པར་བྱས་པས་མཐའ་མེད་དུ་འཕེལ་བའི་ཕྱིར། མུ་སྟེགས་བྱེད་པས་སངས་རྒྱས་པར་རྩོད་པ་དང༌། དངོས་པོར་སྨྲ་བ་འོག་མས། གོང་མའི་དེ་ཁོ་ན་ཉིད་ལ་རྩོད་པ་ནི་དོན་མེད་པ་ཉིད་དེ། ཤེས་བྱེད་སྔ་མ་ལས་བཟློག་པ་ཉིད་ཀྱིས་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་མཛད་པས། དེ་ཕྱིར་སྔ་ཡང་ནུས་མེད་རྣམས། །དེ་བདག་གྱུར་ལ་ཕྱིས་ནུས་མེད། །ཅེས་དང༌། དེ་གོམས་པ་ལས་བདག་གྱུར་པས། །ལ་ལའི་ཟག་པ་ཟད་པར་འགྱུར། །ཞེས་དང༌། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞི་བ་ལྷས། འཇིག་རྟེན་པ་ཡིས་དངོས་མཐོང་ཞིང༌། །སྒྱུ་མ་ལྟ་བུ་མིན་པས་འདིར། །རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །རྣལ་འབྱོར་པ་ཡང་བློ་ཁྱད་ཀྱི། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ཉིད་ཁུངས་སོ། །རྩོད་པའི་ཚེ་རིགས་པ་འཇུག་ཚུལ་ཡང༌། ཐོགས་མེད་མཆེད་དང༌། ཕྱོགས་གླང་ཡབ་སྲས་དང༌། ཟླ་བའི་ཞབས་སོགས་ཀྱི་བཞེད་པ་སོ་སོ་བ་དག་འོག་ནས་རྒྱས་པར་འབྱུང་ངོ༌། །དེ་ལྟར་འཆད་རྩོད་རྩོམ་གསུམ་ལ་འཇུག་པའི་དགོས་དོན་བསྟན་ནས། གསུམ་པོ་དེ་བྱ་བའི་ཡན་ལག་ཏུ་ཤེས་པར་བྱ་བའི་ཡུལ་བསྟན་པ་ནི། སྒྲའི་བསྟན་བཅོས་ཞེས་སོགས་ཏེ་དེ་ལྟར་ཕལ་ཆེར་ནི་ཆོས་ཀྱི་རྗེ་མ་བྱོན་པའི་གོང་དང༌། བྱོན་པའི་རང་དུས་འདིར་ཡང༌། ལོ་ཙཱ་བ་གཞན་གྱིས་སྒྱུར་མ་ཟིན་པའི་རྒྱ་དཔེ་ཉིད་ལ་གཟིགས་ཤིང་བསླབ་སྦྱངས་མཛད་ནས། མ་འོངས་པ་རྣམ་དཔྱོད་ཅན་དང་བརྩོན་འགྲུས་ཅན་འབྱུང་འགྱུར་རྣམས་ཀྱིས་མཐར་ཕྱིན་པར་སྦྱངས་ནས་སྒྱུར་ཞིག་པར་གོ་བ་དང༌། རེ་ཞིག་བོད་ཀྱི་འཆད་རྩོམ་ལ་མཁོ་བ་རྣམས་རྒྱ་དཔེ་ཉིད་ལས་ཁོལ་དུ་བཏོན་ནས་བསྒྱུར་བ་ནི། དཎྜིའི་ཚིག་རྒྱན་ཞེས་པ་མེ་ལོང་ལས་བསྡུས་ནས་འོག་ནས་འབྱུང་བའི་ཚིག་རྒྱན་རྣམས་དང༌། རིན་ཆེན་འབྱུང་གནས་ལས་བསྡུས་པ་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་གཏེར་རྣམས་མཛད་པ་དང༌། སྒྲ་ལ་འཇུག་པ་དང༌། སྒྲ་ཉེར་མཁོ་བཏུས་པ་རྣམས་མཛད་ཅེས་གྲགས་ལ། བཟོ་དང༌། གསོ་བ་རིག་པ་དང༌། སྐྱེས་རབས་ཆེ་ཆུང་དང༌། རྩིས་དང་དུས་ཀྱི་འཁོར་ལོ་སོགས་འགྱུར་ཟིན་ཀྱང༌། དུས་དེར་བསླབ་སྦྱངས་བྱེད་པ་ཉུང་བས་ན། རྗེ་ཉིད་ཀྱིས་གཟིགས་ཤིང་མཁྱེན་པ་ལ་ཡ་མཚན་དུ་མཛད་ནས་མ་འོངས་པའི་རྣམ་དཔྱོད་ཅན་དག་ལ་བསྐུལ་བར་གདམས་པའོ། །དུས་དེར་རྣམ་འགྲེལ་མ་གཏོགས་པའི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་འགྲེལ་རྣམས་དང༌། སྡེ་སྣོད་གསུམ། རྒྱུད་སྡེ་བཞི། མན་ངག་གི་གཞུང་ལུགས་བཤད་ཉན་ཤིན་ཏུ་དར་ཡང༌། རང་ཉིད་ཀྱི་གཟིགས་རྒྱ་དེ་དག་སྨོས་པ་ནི། དེ་དང་དེ་དག་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དུ་མ་གཟིགས་ནས། དེ་དག་སུན་ཕྱུང་བའི་ཕྱིར་རང་གི་བསྟན་བཅོས་རྩོམ་པ་དང༌། མཁྱེན་པ་ཅན་གཞན་ལ་ཡང་རྟོག་དཔྱོད་གཏོང་ཞིག་པར་བསྐུལ་བ་སྟེ། དེ་ཡང་འདི་ལྟར། དུས་དེར་རྣམ་འགྲེལ་རྒྱན་དང་བཅས་པ་ཡ་མཚན་ཅན་འགྱུར་ཟིན་ཀྱང༌། རྣམ་ངེས་ཆོས་མཆོག་ལ་སོགས་པའི་བསླབ་སྦྱངས་ཀྱིས་བྲེལ་ནས་ཟུར་ཙམ་ཡང་མ་དར་བ་ལས། ལྷག་པའི་དགོངས་པས་ཁ་ཆེ་པཎ་ཆེན་ལས་གསན་པ་དང༌། འགྱུར་བཅོས་དང༌། ཐ་ནའང་ཆོས་ཀྱི་ཐུན་མ་ཆག་པར་གསུང་བའི་དམ་བཅའ་བརྟན་པོ་དང༌། གཞུང་འཛིན་པ་མང་པོ་དག་ལྟ་ཅི་སྨོས། རེ་རེ་ཙམ་ལའང་འཚོ་བའི་ཡོ་བྱད་ལྷག་པར་སྦྱར་ནས། དེང་སང་གི་བར་དུ་ཚད་མ་རྣམ་འགྲེལ་ཉི་མ་ཤར་བ་ལྟ་བུར་མཛད་པ་ནི། ཇི་སྐད་དུ། ཆོས་ཀྱི་གྲགས་པའི་གཞུང་ལུགས་བླ་ན་མེད། །རིགས་པའི་མཐར་ཐུག་ཚད་མ་རྣམ་འགྲེལ་འདི། །སྒྲ་དོན་ཇི་བཞིན་བློ་ཡིས་ལེགས་རྟོགས་ནས། །སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ། །ཞེས་གསུངས་སོ། །ཆོས་ཀྱི་རྗེས་དེ་ལྟར་མཛད་པའི་འོག་ཏུ་དུས་ཕྱིས་བོད་འདིར་རྒྱ་དཔེ་མཛོ་ཁལ་ཙམ་ལ་བོད་དཔེ་ལྟར་གཟིགས་ཤིང་བསླབ་སྦྱངས་མཛད་པ་དང༌། མཛད་ནས་པཎྜི་ཏ་ལ་མ་ལྟོས་པར་འགྱུར་མཛད་པ་ལ་ཐགས་ཐོགས་མེད་པ་ཁ་ཅིག་བྱོན་ཞིང༌། དེ་ལྟར་བྱོན་པས་ན། ས་ལོ་རང་གིས་གཟེངས་བསྟོད་དེ་ལྟར་མཛད་པ་ལ་ཁྱད་དུ་སོད་པར་བྱེད་པ་དག་མང་མོད། རྗེས་བྱོན་དེ་ཀུན། ས་ལོའི་རྣམ་ཐར་གྱི་མིག་ལྟོས་ལས་བྱུང་བར་ཤེས་དགོས་པ་དང༌། བཀའ་དྲིན་དུ་མི་བཟོ་ནའང༌། ཁོང་གི་ཚད་མ་རྣམ་འགྲེལ་གཅིག་པུའི་ཕྲིན་ལས་འཇུག་ཚུལ་འདི་ལ་དྲེགས་པ་ཅན་སུ་ཞིག་གིས་བསྐྲུན་པར་ནུས་ཏེ། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། ཅེས་སོགས་ལྟར་རོ། །ཚད་མའི་གཞུང་ལུགས་མཁས་པར་སྦྱངས། །ཞེས་གཟེངས་བསྟོད་པའི་མཛད་ལས་ནི། རིགས་པའི་གཏེར་རྩ་འགྲེལ་ལས་བྱུང་བ་དག་སྟེ། འདི་མ་བརྩམས་གོང་དུ་བོད་ཀྱི་ཚད་བསྡུས་གཞུང་ལུགས་དང་ཆེས་མི་མཐུན་པ་ལོ་བརྒྱའི་བར་དུ་དར་བར་གྱུར་པ་དེ་དག་རིགས་པར་སུན་ཕྱུང་བ་ཉིད་དུ་རྣམ་དཔྱོད་ཅན་ལ་ལ་དག་གིས་གོ་བར་ནུས་མོད། ནོར་པ་སྔ་མ་དག་འགྲིབས་པར་མ་གྱུར་གྱི་སྟེང་དུ་བྱིས་པ་མགུ་བྱེད་ཀྱི་ཚིག་གི་ཕྲེང་བ་ངན་པ་བས་ཀྱང་ཆེས་ངན་པར་གནས་པ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་པའི་བྱིས་པ་དག་གི་དུས་དང་བློ་གྲོས། གྲོན་དུ་བྱེད་པ་ཆེས་ཤིན་ཏུ་མང་པོ་དག་ལ་བསླབ་སྦྱངས་དང་ཁ་ཚོན་དུ་བྱེད་པ་འདི་ལ། ཇི་ལྟ་དགོངས་ཞེས་བརྟགས་པར་བྱེད་པ་ཁོ་ནའོ། །དེ་ལྟར་བསྟན་བཅོས་འདི་ཉིད་ཀྱི་དབང་དུ་བྱས་པའི་དགོས་པའི་དོན་ཐོག་མར་བསྟན་ཟིན་ནས། བསྡུས་པའི་དོན་ལ་གཉིས་ཏེ། རྩ་འགྲེལ་གཞུང་ཇི་ལྟ་བ་བཞིན་དུ་བྲི་བར་བྱ་བ་དང༌། གལ་ཆེ་བའི་དོན་ཚན་ཁ་ཅིག་འགྲེལ་བཤད་ཀྱིས་ཁ་བསྐང་བའོ། །དང་པོ་ནི། མཁས་གང་ཤེས་བྱའི་དེ་ཁོ་ན། །ཞེས་པ་ནས། ཕལ་ཆེར་འདི་དག་ནང་དུ་འདུ། །ཞེས་པའི་བར་དག་གོ །གཉིས་པ་ལ་གཉིས་ཏེ། རྐང་པ་དང་པོ་གཉིས་ཤེས་བྱ་ཇི་ལྟ་བ་ལ་ངེས་པར་མཁས་དགོས་པའི་དོན་ལ་སྦྱར་བ་དང༌། རྐང་པ་ཕྱི་མ་དག་གིས་རྣམ་དཔྱོད་ཀྱི་རྩལ་གྲུབ་པས་ནི་ཤེས་བྱ་ཇི་སྙེད་པའི་ཚོགས་ལའང་བརྩོན་འགྲུས་རྩོམ་དགོས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕྱི་རོལ་པ་དང་ཐུན་མོང་གི་དབང་དུ་བྱས་པ་དང༌། ཐུན་མོང་མ་ཡིན་པ་སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དུ་གྲགས་པ་མུ་སྟེགས་ཀྱི་དང༌། ཕྱི་ནང་གང་དུ་ཡང་མི་འདུ་བ་ཀླ་ཀློའི་ཆོས་སུ་གྲགས་པ་དག་གོ །དང་པོ་ནི། མཆོད་པའི་ཡུལ་འཇིག་རྟེན་ན་གྲགས་པའི་ལྷ་གསུམ་དང༌། ཉམས་སུ་བླང་བྱའི་ཆོས་རིག་བྱེད་ཀྱི་བསྟན་བཅོས་བཞི་པོ་དག་ཏུ་མཐུན་པར་འདོད་ལ། དེ་ཡང་སྐྱེས་བུས་མ་བྱས་པར་འདོད་པ་དང༌། དྲང་སྲོང་རྒྱས་པ་སོགས་བྱེད་པ་པོ་སོ་སོའི་བྱས་པར་འདོད་པ་དག་ལས། རྒྱང་འཕན་མ་གཏོགས་ཕལ་ཆེར་གྱིས་སྐྱེ་བ་སྔ་ཕྱི་དང་ཐར་པ་ཁས་ལེན་ཞིང༌། འཁོར་བའི་རྩ་བ་ཆགས་སྡང་དང༌། གཉེན་པོ་བྱམས་སོགས་ཚད་མེད་དང༌། སེམས་གནས་པའི་ཐབས་དགུ་སོགས་ཞི་གནས་དང༌། ལྷག་མཐོང་ཞི་རགས་ཀྱི་རྣམ་པ་ཅན་དུ་གྱུར་པའི་ཡིད་བྱེད། བདུན་པོ་དག་ཁས་བླངས་ནས་བསྒྲུབས་ཏེ་གྲུབ་པ་ན་སྲིད་རྩེའི་བར་དུ་སྐྱེ་ཞིང༌། ཅི་ཡང་མེད་མན་ཆོད་ལ་རེ་ཞིག་སྲེད་པ་དང་བྲལ་བར་བྱེད་པ་ནི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གསང་སྔགས་པར་གྲགས་པ་དག་སྟེ། དེ་ལ་ཡང་ཆགས་པ་ལམ་དུ་བྱེད་པ་དབང་ཕྱུག་གི་དང༌། ཞེ་སྡང་ལམ་དུ་བྱེད་པ་ཁྱབ་འཇུག་གི་དང༌། གཏི་མུག་ལམ་དུ་བྱེད་པ་ཚངས་པའི་རྗེས་འབྲང་དང༌། གསུམ་ཀ་ཆ་སྙོམས་པར་ལམ་དུ་བྱེད་པ་ལྷ་གསུམ་ཀ་ལ་ཆ་སྙོམས་པར་སྐྱབས་སུ་འཛིན་པ་དག་ཏུ་བཤད་ལ། ཇི་སྐད་བཤད་པ་དེ་དག་དང་མིང་དང་དོན་གྱི་ཕྱོགས་རེ་ཙམ་མཐུན་པ་སངས་རྒྱས་པ་ལ་ཡང་ཡོད་མོད་ཀྱི། ཕྱི་ནང་གི་ཁྱད་པར་བདག་མེད་རྟོགས་པའི་ཤེས་རབ་ཡོད་མེད་ཀྱིས་འབྱེད་པའི་ཕྱིར་ན་ཕྱི་རོལ་པ་ལ་ཐར་ལམ་ཡོད་པ་མ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོང་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འཇུག་པ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །རྨོངས་པའི་འཐིབས་པོ་དྲུང་ཕྱུང་ནས། །སྲིད་པ་དག་ནི་བཟློག་པར་བགྱིད། །ཅེས་གསུངས་སོ། །གཉིས་པ་ནི། དུས་ཀྱི་འཁོར་ལོར། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས། །ཞེས་དང༌། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་འཇུག་པར་འགྱུར། ཞེས་སོགས་སུ་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་ཀླ་ཀློའི་ཆོས་གསར་དུ་འཇུག་ཅིང༌། ཞུགས་པ་དེ་ཐམས་ཅད་དུ་ཡང་རིགས་ལྡན་དྲག་པོ་བྱོན་ནས། རྫོགས་ལྡན་ལ་སོགས་པ་དུས་བཞིའི་དབྱེ་བས་ཀླ་ཀློའི་ཆོས་བཅོམ་ནས་འཇམ་པའི་དབྱངས་ཀྱི་བསྟན་པ་ལ་བཀོད་དེ་སྤེལ་བར་གསུངས་ལ། ཆོས་དེ་ཡང་ཀླ་ཀློ་རང་གི་ལུགས་ལ་གསང་སྔགས་སུ་རློམ་ཞིང༌། རིགས་ལྡན་དྲག་པོས་བསྟན་པ་དེ་ཡང་དུས་ཀྱི་འཁོར་ལོའི་བསྟན་པ་ཉིད་དུ་འཆད་དགོས་པ་དེའི་ཚེ། བསྟན་པ་དེའི་ནང་དུ་ནི་མུ་སྟེགས་ཀྱི་ཆོས་ལུགས་ཀུན་དང༌། སངས་རྒྱས་པའི་གྲུབ་མཐའ་བཞི་དང༌། རྒྱུད་སྡེ་བཞིའི་སྙིང་པོར་གྱུར་པ་ཀུན་མ་ཚང་བ་མེད་པར་བཞུགས་སོ། །དེ་ལྟར་ན་དུས་བཞིའི་རྣམ་གཞག་ཕྱི་མ་འདི་ནི་རིགས་ལྡན་དྲག་པོའི་བསྟན་པ་ཡོངས་རྫོགས་ཀྱི་དབང་དུ་བྱས་པ་དང༌། དུས་བཞི་ཆེན་པོའི་རྣམ་གཞག་ཚེ་ལོ་བརྒྱ་པ་ཡན་ཆད་དུ་བཞག་པ་ནི་མངོན་པར་མཐོ་བའི་ཆོས་ཀྱི་དབང་དུ་བྱས་པར་ནི་གསལ་མོད། བོད་ཕྱི་མ་ལ་ལའི་གསུང་གིས་ཤེར་ཕྱིན་གྱི་མདོ་སྒྲ་ཇི་བཞིན་པར་འཆད་པའི་བསྟན་བཅོས་རྣམས་རྩོད་ལྡན་གྱི་ཆོས་སོ་ཞེས་སོགས་དུས་བཞིའི་རྣམ་གཞག་མཛད་པ་ལ་ནི་ལུང་གི་ཁུངས་ཡོད་པར་མ་མཐོང་ངོ༌། །དེ་བཞིན་དུ་བོད་ཡུལ་དུ་ཡང་བོན་ཞེས་བྱ་བ། མུ་སྟེགས་དང༌། སངས་རྒྱས་ཀྱི་ཆོས་གང་དུ་ཡང་མི་གཏོགས་པ། སངས་རྒྱས་ཀྱི་ཆོས་བོད་དུ་མ་འགྱུར་བའི་གོང་ཉིད་ནས་བྱུང་བ་དང༌། ཕྱིས་ཞང་ཞུང་ནས་བྱུང་བ་ཐམས་ཅད་བསྡོམས་ནས་ཆོས་ལ་འདྲ་ལེན་བྱས་ཏེ་ཐེག་པ་རིམ་དགུའི་རྣམ་གཞག་བྱས་པ་རྣམས་ནི་ཆོས་ལས་ཕྱི་རོལ་ཏུ་གྱུར་པར་ཁས་བླངས་པ་དང༌། ཆོས་ལ་འདྲ་ལེན་བྱས་པ་དེ་དག་གིས་ཡང་ལུང་མེད་པའི་ཕྱིར་ཐར་པའི་ལུང་དུ་མི་རུང་ངོ༌། །གསང་སྔགས་རྙིང་མར་གྲགས་པ་དག་ལ་ཐེག་པ་རིམ་དགུའི་རྣམ་གཞག་ལོ་ཙཱ་བ་ཡེ་ཤེས་སྡེས་མཛད་པའི་ལྟ་བའི་ཤན་འབྱེད་ལས་བྱུང་ཡང༌། གསང་འདུས་ནས་གསུངས་པའི་རྣལ་འབྱོར་གྱི་རིམ་པ་དང་དོན་གཅིག་ཏུ་འདྲེས་པའི་ཕྱིར་ཐེག་པ་སོ་སོར་འཇོག་བྱེད་ཀྱི་ལྟ་བའི་དབྱེ་བར་མི་རུང་ཡང༌། དབུ་མའི་ལྟ་བ་གང་ན་ཡོད་པའི་ཆོས་དེར་ཐར་པའི་ལམ་ཡོད་དོ་ཞེས་པ་དེ་ནི་ཆོས་ཀྱི་རྗེ་ཉིད་ཀྱི་གསུང་ཡིན་ལ། གསང་སྔགས་པ་ལ་སྒོམ་པས་ཉམས་མྱོང་གི་ལྟ་བ་ཕར་ཕྱིན་པ་ལས་ལྷག་པ་ཡོད་ཀྱང་ཐེག་པ་སོ་སོར་འཇོག་བྱེད་ཀྱི་ལྟ་བ་ནི་མ་ཡིན་ནོ། །ཞེས་པ་ཉིད་དགོངས་པའོ། །གསར་རྙིང་གི་ཁྱད་པར་ཡང༌། མདོ་དང་རྒྱུད་སྡེ་འོག་མ་དག་ལ་ནི་ཡོད་པ་མ་ཡིན་གྱི་བླ་མེད་ཁོ་ནའི་དབང་དུ་བྱས་ལ། དེ་ཡང་སློབ་དཔོན་བདག་ཉིད་ཆེན་པོའི་ཐུགས་ལས་འགྱུར་བ་དང༌། ཕྱིས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་རྒྱ་དཔེ་ཉིད་ལས་བསྒྱུར་བའི་ཁྱད་པར་གྱིས་འབྱེད་ལ། གསང་བ་སྙིང་པོ་ལེའུ་ཉི་ཤུ་རྩ་གཉིས་པ་དང༌། ཕུར་པ་རྩ་བའི་དུམ་བུ་སོགས་ཁ་ཅིག་རྒྱ་དཔེ་ཉིད་ལས་འགྱུར་བ་དང༌། གསར་མའི་བསྟན་བཅོས་འགའ་ཞིག་གིས་ཁུངས་སུ་མཛད་པ་ཡོད་ཀྱང་ཐུགས་འགྱུར་དང་རིགས་མཐུན་པ་རྣམས་རྙིང་མའི་ཆོས་སུ་བཞག་པའོ། །ཡང་བོད་ཡུལ་དུ་རྒྱ་ནག་མཁན་པོའི་ཆོས་ལུགས་སམ་ལམ་ཅིག་ཅར་བ་དང་ལྟ་བ་ཡས་འབབས་ཞེས་བྱ་བའི་མིང་ཅན་ཅི་ཡང་ཡིད་ལ་མི་བྱེད་པ་ཞེས་བྱ་བའི་ཉམས་ལེན་གཅིག་པུས་སངས་རྒྱ་བའི་ལམ་དུ་ཆོག་པར་འཛིན་པ་གཅིག་བྱུང་བ་དེ་ནི་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་སུན་ཕྱུང་ནས། ཕྱིན་ཆད་བོད་ཡུལ་དུ་ལྟ་བ་ཀླུ་སྒྲུབ་ཀྱི་ལུགས་དང་མཐུན་པར་བྱོས་ཤིག ཅེས་བཀའ་ཁྲིམས་བཅས་པ་དེ་ལ་ལམ་རིམ་གྱིས་པ་ཞེས་གྲགས་པའོ། །སྐབས་འདིར། ཆོས་རྗེའི་གསུང་གིས། ལམ་ཅིག་ཅར་བའི་ལུགས་འདི་དང༌། ཕྱིས་བྱུང་གི་ཆོས་ལུགས་དཀར་པོ་ཆིག་ཐུབ་ཏུ་གྲགས་པ་འདི་དག་དོན་གཅིག་ལ་འདུ་བ་ཡིན་ཅེས་རྣམ་གྲངས་དུ་མར་གསུངས་པ། བོད་ཕྱི་མ་གཞན་དག་ན་རེ། ས་སྐྱ་པས་བཤད་པའི་ཚེ་དེ་ལྟར་བསྒྲགས་ཀྱང་རང་ལུགས་ཀྱི་སྒོམ་དངོས་གཞི་དང་ཞི་ལྷག་ཟུང་འཇུག་གི་ངོས་འཛིན་ཅི་ཡང་ཡིད་ལ་མི་བྱེད་པ་ཉིད་དུ་བཤད་པས། རྒྱ་ནག་མཁན་པོའི་ཆོས་ལུགས་ཉིད་སླར་འོངས་པའོ་ཞེས་ཟེར་བ་དག་སྣང་མོད། འདི་དག་ལ་རང་གཞན་གྱི་དབྱེ་བ་ཕྱེད་པར་འཆད་ཤེས་པ་དག་མི་སྣང་བས་མདོ་ཙམ་བཤད་ན། ཆོས་ཀྱི་རྗེ་ནི། ནཱ་རོའི་ཆོས་དྲུག་གཞུང་ཇི་ལྟ་བ་བཞིན་དུ་བཞུགས་པ་ལ་དགག་པ་ཅི་ཡང་མི་མཛད་ཀྱི། ཆིག་ཐུབ་འདི་མདོ་སྔགས་གང་གི་ལུགས་སུ་བྱེད་བརྟགས་ནས་དང་པོ་ལྟར་ན། ཐོས་བསམ་དང་འཇིག་རྟེན་པའི་སྒོམ་བྱུང་སྔོན་དུ་འགྲོ་དགོས། ཕྱི་མ་ལྟར་ན་སྔགས་ཀྱི་དབང་བསྐུར་དང་བྱིན་རླབས་སྔོན་དུ་འགྲོ་དགོས། དེ་དག་དང་བྲལ་བའི་ཐེག་ཆེན་ལམ་གྱི་དངོས་གཞི་ནི་སངས་རྒྱས་ཀྱིས་མ་གསུངས། ཡིད་ལ་མི་བྱེད་པ་ཙམ་གཅིག་པུས་ཆོག་པ་ནི་མ་རིག་པ་ཉིད་ལམ་དུ་བྱས་པར་སོང་བས་དུད་འགྲོ་འཕེན་འགྲུབ་ཀྱི་རྒྱུ་ལས་མ་འདས། ཡང་སྦྱོར་བའི་ལམ་སྔ་མ་དེ་དག་མེད་ཀྱང༌། འཇིག་རྟེན་པའི་ལམ་གྱིས་ས་འོག་མ་ལ་ཆགས་བྲལ་བྱས་རྗེས་སུ་ཆིག་ཐུབ་རྐྱང་པས་ཆོག་པར་འདོད་ན་ཡང་གཟུགས་མེད་ཁམས་སམ་ཉན་ཐོས་ཀྱི་འགོག་པ་གང་རུང་དུ་ལྟུང་བ་ལས་མ་འདས། འགོག་པ་འདི་ཡང་མྱང་འདས་གཉིས་དང་འགོག་སྙོམས་ལ་ཟེར་བ་མ་ཡིན་གྱི། ཆད་པའི་མྱང་འདས་སོ། །གལ་ཏེ། སྒོམ་ཆེན་པ་དག་ལ་པཎྜི་ཏའི་དཔྱད་སྒོམ་དང༌། ཀུ་ས་ལིའི་འཇོག་སྒོམ་དུ་གྲགས་པ་གཉིས་ལས། ཁོ་བོ་ཅག་ནི་ཕྱི་མའི་ལུགས་ཁོ་ནའོ་ཟེར་མོད། ས་སྐྱ་པའི་བཞེད་པ་ནི་མཉམ་གཞག་དངོས་གཞིའི་དུས་སུ་རྣམ་རྟོག་རྒྱུན་ཆགས་ཀྱི་གཉེན་པོ་ཁོ་ན་ལ་མངོན་དུ་བྱེད་དགོས་མོད། སྦྱོར་བའི་དུས་སུ་ཀུན་ཏུ་རྨོངས་པ་མ་རིག་པའི་གཉེན་པོར་ཆགས་པ་གཅོད་པའི་ལམ་ཞེས་བྱ་བ་ཅིག་སྔོན་དུ་གཏོང་དགོས་ཏེ། དེ་མེད་ན་རྒྱ་ནག་མཁན་པོའི་ལུགས་སུ་ཐལ་བས་སོ་ཤེས་བཞེད། གལ་ཏེ། ཆིག་ཐུབ་ཀྱི་ཁུངས་ནི་དཔལ་ས་ར་ཧའི་དོ་ཧའི་གཞུང་ཉིད་ཡིན་ལ། གཞུང་དེར་མདོ་སྔགས་གཉིས་ཀའི་ལུགས་བཤད་པས་ཁྱེད་ཀྱི་བརྗོད་པ་ལ་ཉེས་པས་མ་གོས་སོ་ཞེ་ན། དེ་ལས་དེ་ལྟར་བཤད་མོད། ཁྱེད་ཀྱི་ཕྱག་ལེན་ལ་གཉིས་ཀ་མ་བྱུང་བས་ནོངས་སོ་ཞེས་བཞེད་པ་དང༌། པུ་ཏོ་བའི་གསུང་སྒྲོས་ལས། མཉམ་གཞག་དངོས་གཞིའི་ཚེ་ན་ཡང་ཐོས་བསམ་གྱི་རིགས་པས་དཔྱད་པའི་སྟོང་པ་ཉིད་ཁོ་ན་ལ་མཉམ་པར་འཇོག་དགོས་ཞེས་གསུང་པ་གཅིག་བྱུང་བ་དེ། ཟླ་བ་གྲགས་པའི་བཞེད་པར་རློམ་ཡང༌། དེའི་བཞེད་པ་མ་ཡིན་ཏེ། ཐོས་བསམ་གྱི་ཡུལ་དུ་བྱས་པ་ནི་རྟོག་པས་བཟོས་པ་འབའ་ཞིག་ལས་གཞན་མེད་ལ། དོན་དམ་པའི་བདེན་པ་ཡིན་ངོ་ཤེས་པ་ཞིག་ནི་བློའི་ཡུལ་ལས་འདས་པར་བཞེད་པས་སོ། །དེའི་འཕྲོས་ནི་འོག་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །རྒྱ་ནག་མཁན་པོ་ནི། སངས་རྒྱས་དང་སེམས་ཅན་གཉིས་ཀ་འཛིན་པ་ཀུན་དང་བྲལ་བའི་ཆོས་ཀྱི་དབྱིངས་ཉིད་དུ་གནས་པ་ལ། ལས་དགེ་སྡིག་སོགས་བྱ་བྱེད་གང་གིས་ཀྱང་འཁོར་བ་ཉིད་དུ་འགྲུབ་པར་བྱེད་ལ། སངས་རྒྱས་དང་མྱང་འདས་ནི་སེམས་ཀྱི་ཡིད་བྱེད་དང༌། ལུས་ངག་གི་བྱ་བྱེད་སྤངས་པའི་ལྟ་བ་རྐྱང་པས་འགྲུབ་པར་བྱེད་དོ། །ལྟ་བ་དེའི་ཚེ་ན་ཡུལ་ལ་བདེན་པ་གཉིས་དང༌། ཡུལ་ཅན་ལ་རྣམ་ཤེས་ཡེ་ཤེས་གཉིས་དང༌། འབྲས་བུ་ལ་འཁོར་འདས་གཉིས་དང༌། ལམ་རིམ་ལ་ཐོས་བསམ་དང༌། སྒོམ་བྱུང་དང༌། སངས་རྒྱས་ཀྱི་སྐུ་ལ་ཆོས་སྐུ་དང་གཟུགས་སྐུ་དང༌། ལམ་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ་སོ་བ་དག་མི་དགོས་པར། ཡིད་བྱེད་སྤངས་པ་གཅིག་པུས་ཆོག་པའི་ཤེས་བྱེད་ཀྱི་མདོ་སྡེ་བརྒྱད་ཅུའི་ཁུངས་འདྲེན་པར་བྱེད། དེའི་ཚེ་ཡང་སེམས་ཅན་གྱི་གནས་ཚུལ་འཛིན་མེད་གཅིག་པུ་དེ་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་དང་འབྲེལ་བ་ན། འཁོར་བའི་ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོ་ཉིད་དུ་འགྱུར་ལ། སྒོ་གསུམ་པོའི་བྱ་བྱེད་ཀུན་དང་བྲལ་བའི་ལམ་ལ་ཡུན་རིང་དུ་གོམས་པ་ན། འབྲས་བུ་སངས་རྒྱས་སྒྲུབ་པ་པོ་དང༌། གྲུབ་པའི་འབྲས་བུ་མྱོང་བ་པོ་ནི་དངོས་ཡིན་ལ། འཁོར་བའི་བྱེད་པོ་དང་རྣམ་སྨིན་མྱོང་པོ་ནི་འཁྲུལ་ངོར་བཏགས་པ་ཙམ་སྟེ་གནས་ཚུལ་ལ་མྱང་འདས་ལས་གཞན་ཁས་མི་ལེན་པས་སོ། །འདོད་པ་འདི་ནི་གྲངས་ཅན་གྱིས་ཏེ། བདག་ཤེས་རིག་གི་སྐྱེས་བུ་ཞེས་པའི་མིང་ཅན་དེ་དོན་དམ་པའི་སྐྱེས་བུ། དེ་ཉིད་རྣམ་འགྱུར་ཀུན་ལ་ལོངས་སྤྱོད་པའི་ཚེ་འཁོར་བ་པ་དང༌། ལོངས་སྤྱོད་དེས་སུན་ཕྱུང་ནས་ཤེས་རིག་གཅིག་པུར་གནས་པའི་ཚེ་མྱ་ངན་ལས་འདས་པར་འདོད་ཅིང༌། རྣམ་འགྱུར་ཀུན་ཀྱང་ཇི་སྲིད་སྐྱེས་བུ་དེའི་ལོངས་སྤྱད་བྱར་གྱུར་པ་དེ་སྲིད་དུ་ཀུན་རྫོབ་ཀྱི་བདེན་པ་དང༌། སྐྱེས་བུ་ལོངས་སྤྱོད་བྱ་དེས་ཡིད་སུན་ནས་དེ་ཀུན་གཙོ་བོའི་ངང་དུ་ཐིམ་པ་ན་དོན་དམ་པའི་བདེན་པ་གཅིག་པུ་ལས་གཞན་མེད་པར་འདོད་པ་དེ་དང༌། མཁན་པོའི་ལུགས་འདི་ཆ་འདྲ་བར་བྱུང་མོད། ཤེས་རིག་དེ་གང་ཟག་གི་བདག་ཏུ་འདོད་མི་འདོད་ཀྱི་ཁྱད་པར་ལས་ཏེ། མཁན་པོ་ནི་ཆོས་འདི་པ་དག་གི་ནང་ནས་ཀྱང་ཐེག་པ་ཆེན་པོ་པ་ཉིད་དུ་ཁས་ལེན་པས་སོ། །དེ་ལྟར་ཤེས་དགོས་པ་དེའི་ཕྱིར། བོད་ཀྱི་མཁས་པ་སྔ་ཕྱི་མང་པོས་ཞི་ཕྱག་རྫོགས་གསུམ་ལ་ཅིག་ཅར་བ་འདི་མ་ལུས་པའམ་ཆ་ཤས་འདྲེས་པ་ཞེས་གསུང་བ་ཤིན་ཏུ་མང་བས་ན། ཆོས་བདག་སོ་སོ་བ་དག་གིས་འདྲེས་མ་འདྲེས་ཀྱི་ཚུལ་ཤིན་ཏུ་གསལ་བར་འཆད་པ་ལ་མཁས་པར་བྱོས་ཤིག དེ་ལྟར་ཕྱི་རོལ་པ་དང་ཕྱི་མིན་ནང་མིན་པ་དག་གི་ལྟ་བ་སོ་སོའི་དབྱེ་བ་མདོ་ཙམ་དུ་བསྟན་ཟིན་ནས། གཉིས་པ། ནང་པའི་གྲུབ་མཐའ་སོ་སོ་བ་དག་གི་ལྟ་བའི་འཆད་ཚུལ་ལ། སྤྱིར་ནང་པ་མཐའ་དག་རང་རང་གི་ལྟ་བ་དབུ་མར་འཆད་པ་ལ་མི་མཐུན་པ་མེད་ཀྱང༌། གྲུབ་མཐའ་བཞི་ཀའི་རྩེ་མོར་གྱུར་པའི་དབུ་མ་པ་ཉིད་དུ་འཆད་དགོས་མ་ཡིན་པ་དེ་ཤེས་པར་བྱས་ནས་དེའི་ཚེ། བྱེ་མདོ་གཉིས་ཀྱི་བདག་མེད་དང་པོའི་ལྟ་བ་ནི་ནང་པ་མཐའ་དག་ལ་ཁྱབ་བྱེད་དུ་འཇུག་པའི་བདག་མེད་ཀྱི་ལྟ་བ་ལས་རྩིང་བ་ཞིག་ཁས་ལེན་པ་མ་ཡིན་ཏེ། དེ་དག་གིས་མཐར་འཛིན་གྱི་ལྟ་བ་ཡིན་ངོ་ཤེས་པ་ཞིག་ངོས་བཟུང་ནས། དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་ཤེས་པ་སྐད་ཅིག་ཆ་མེད་ལ་ལྟ་བ་དེས་འཛིན་དུ་འདོད་པའི་ཕྱིར། དེ་བས་ན། མཛོད་ཀྱི་གནས་དགུ་པར་བཤད་པའི་བདག་མེད་ཀྱི་ལྟ་བ་དེ་ལས་ལྷག་པའམ་མི་མཐུན་པ་ཞིག་དབུ་མ་ལ་འཇུག་པར་ཡང་བཤད་པ་མེད་ལ། བོད་ཕྱི་མས་ཁྱད་འདོན་བཤད་པ་ནི། ཐོགས་མེད་མཆེད་དང་རྣམ་འགྲེལ་མཛད་པའི་སྲོལ་ལས་བྱུང་བའི་གང་ཟག་གི་བདག་ཏུ་བཤད་པ་དེ་ཟླ་གྲགས་རང་ལུགས་ལ་ཚད་གྲུབ་ཏུ་འཆད་པའི་གསང་ཚིག་གོ །སྡེ་པ་གཉིས་པོའི་ཆོས་ཀྱི་བདག་མེད་ངོས་འཛིན་ནི་ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲན་དུ་འདོད་ལ། སྡེ་པ་གཉིས་ཀས་ཀྱང་ཡུལ་གྱི་ངོས་འཛིན་ཁྱད་མེད་ཀྱང་ཡུལ་ཅན་རྣམ་བཅས་དང་རྣམ་མེད་རྗེན་ཆར་གྱིས་འབྱེད་དོ། །རྗེ་བཙུན་གྱིས་ནི། མདོ་སྡེ་པ་ལ་ཐེག་པ་ཆེ་ཆུང་གཉིས་སུ་ཕྱེ་ནས་ལྗོན་ཤིང་དུ་ཕྱི་མའི་ཆ་ནས་ངོས་བཟུང་བ་ནི་སློབ་དཔོན་བྱང་ཆུབ་བཟང་པོ་དང་མཐུན་ནོ། །བྱེ་སྨྲའི་གཞུང་ནས་ཉན་རང་གི་ལམ་བགྲོད་ཚུལ་དུ་བཤད་པ་དེ་ནི་འབྲས་བུ་མངོན་དུ་བྱེད་ནུས་སུ་རྩོད་པ་མེད་ལ། སངས་རྒྱས་ཀྱི་སར་བགྲོད་ལུགས་སུ་བྱས་པ་རང་བཟོ་ཁོ་ནའོ་ཞེས་གསུང་བ་ཤིན་ཏུ་མང་མོད། ཅུང་ཟད་བརྟག་དགོས་པ་ཡིན་ཏེ། བསྐལ་པ་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་སྔོན་དུ་སོང༌། བསམ་གཏན་གྱི་རབ་མཐའ་ལ་བརྟེན་པའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་གཉིས་ཀ་སྤོང་ནུས་སུ་བཤད་པ་ལ་ནི་སུས་ཀྱང་མི་རྒོལ་ཞིང༌། ལམ་ལྔ་པོ་སྟན་ཐོག་གཅིག་ཏུ་བགྲོད་ཚུལ་ཐེག་པ་ཆེན་པོ་དང་མི་མཐུན་ཡང་ཁོང་ལ་ས་བཅུའི་རྣམ་གཞག་མི་དགོས་པ་ལ་ཐུག་ཅིང༌། ཐོག་མར་འོག་མིན་དུ་སངས་རྒྱ་ཚུལ་མ་བཤད་པས་ཟེར་མོད་ཀྱང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་བྱེ་སྨྲའི་ལུགས་འདི་གཞིར་བཞག་ནས་དཀའ་བ་ལོ་དྲུག་གི་ཚེ་འོག་མིན་དུ་སངས་རྒྱས་པར་འཆད་པ་དང༌། འོད་གསལ་གྱི་རིམ་པའི་སྐབས་ཀྱི་བཤད་པ་ལ་ཐོ་རངས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱ་བ་དེ་འོད་གསལ་བའི་རིམ་པ་ཉིད་ཀྱིས་བྱེད་དགོས་པར་བཤད་པ་སོགས་མང་དུ་བྱུང་བས་ན། བྱེ་སྨྲའི་ལུགས་ཀྱི་འཚང་རྒྱ་ཚུལ་དེ་རྣམ་པ་ཀུན་ཏུ་འདོར་དགོས་པ་ནི་མ་ཡིན་ནོ། །དེ་ནས་ཐེག་པ་ཆེན་པོ་པར་གྲགས་པ་ལ་སེམས་ཙམ་དབུ་མ་གཉིས་སུ་ཕྱེ་ནས། དང་པོའི་ལྟ་བ་ནི་མངོན་པའི་གཞུང་ལུགས་དག་ན་འཛིན་པ་ཆོས་ཀྱིས་བདག་མེད་རྟོགས་དགོས་པའི་རྣམ་གཞག་མ་བྱུང་ཞིང་ཕྱི་རོལ་དོན་དུ་སྣང་བའི་རྣམ་རིག་ཙམ་ལས་གཞན་པའི་ཕྱི་རོལ་གྱི་དོན་མེད་པ་དང༌། རྣམ་རིག་ཙམ་བདེན་གྲུབ་ཏུ་ཁས་ལེན་པ་ནི་དེའི་ལྟ་བར་བཤད་ལ། དེ་ཙམ་གྱིས་ཐེག་པ་ཆེན་པོ་པར་འཇོག་ནུས་པ་ནི་མ་ཡིན་ཏེ། དེ་ཙམ་ཞིག་ནི་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པ་ལ་ཡང་ཡོད་དགོས་པར་མངོན་རྟོགས་རྒྱན་དུ་གསུངས་པ་དང༌། བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱས་པར་བཤད་པ་ཙམ་གྱིས་དེར་འཇོག་མི་ནུས་པ་ནི། བྱེ་བྲག་ཏུ་སྨྲ་བའི་གཞུང་ལས་ཀྱང་ཐེག་པ་ཆེན་པོར་ངེས་པའི་དབང་དུ་མཛད་ནས་སྤྱོད་པ་དེ་རྒྱས་པར་གསུངས་པ་དང༌། ཐེག་པ་ཆེ་ཆུང་ངུ་རིགས་ངེས་མ་ངེས་གཉིས་ཚན་དུ་དབྱེ་བ་ནི་བྱེ་སྨྲ་དང་སེམས་ཙམ་གྱི་གཞུང་གཉིས་ཀ་ན་ཡོད་པ་དང༌། བོད་སྔ་མ་མང་པོ་དག་སེམས་ཙམ་གྱི་གཞུང་ནས་འཛིན་པ་ཆོས་ཀྱི་བདག་མེད་བཤད་པའི་རྒྱུ་མཚན་གྱིས་ཡིན་པར་འདོད་པ་ནི། མདོ་སྡེ་རྒྱན་སོགས་སུ་དབུ་མའི་ལྟ་བ་འཁྲུལ་མེད་བཤད་པ་དེ་སེམས་ཙམ་གྱི་ལྟ་བར་འཁྲུལ་བས་ནོངས་པ་དང༌། བོད་ཕྱི་མ་དག་ཐོགས་མེད་མཆེད་ཀྱི་གཞུང་ནས་ཆོས་ཀྱི་བདག་མེད་གོ་ཆོད་པོ་མ་བཤད་པར་འདོད་བཞིན་དུ། སེམས་ཙམ་པ་ལ་ཐེག་ཆེན་པས་ཁྱབ་པར་ཁས་ལེན་པ་ནི་ལུང་གི་ཁུངས་མ་བྱུང་ངོ༌། །རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་མཐའ་གང་ཡིན་སེམས་ཙམ་པར་མ་ངེས་པ་ནི་བླ་མེད་རྡོ་རྗེའི་ཐེག་པ་ལས་རྣམ་ཤེས་འཁྲུལ་པ་ལ་གང་སྣང་འཁྲུལ་ཤེས་དེ་ཉིད་དུ་འདུ་བ་དང༌། ཡེ་ཤེས་འཁྲུལ་མེད་ལ་གང་སྣང་ཡེ་ཤེས་དེ་ཉིད་ཀྱིས་བསྡུས་པར་ཆེས་ཤིན་ཏུ་འཆད་དགོས་པ་ལས་དང༌། སེམས་ཙམ་པས་ནི་བག་ཆགས་བརྟན་བྱུང་གི་ཤེས་པ་ཇི་སྙེད་པ་འཁྲུལ་མེད་དང་བདེན་གྲུབ་ཏུ་ཁས་ལེན་པས་སོ། །བཞི་པ་དབུ་མའི་ལྟ་བ་ངོས་འཛིན་ལ་གཉིས་ཏེ། ཕར་ཕྱིན་ལུགས་དང་སྔགས་ལུགས་སོ། །དང་པོ་ལ་གཉིས་ཏེ། འཁོར་ལོ་བར་པའི་སྒྲ་ཇི་བཞིན་པ་རང་སྟོང་གི་དབུ་མ་དང༌། འཁོར་ལོ་གསུམ་པའི་སྒྲ་ཇི་བཞིན་པ་གཞན་སྟོང་གི་དབུ་མ་དག་ལས། དང་པོ་ནི། གཞུང་རིགས་ཚོགས་དང༌། འགྲེལ་པ་ཐལ་རང་དུ་གྲགས་པ་དག་གིས་རྒྱས་པར་བཤད་ལ། གཉིས་པ་ནི། གཞུང་བྱམས་ཆོས་དང༌། འགྲེལ་པ་ཐོགས་མེད་མཆེད་ཀྱིས་རྒྱས་པར་གང་བཤད་དེ་དག་ཐམས་ཅད་དང༌། སྔགས་ཀྱི་དབུ་མ་ནི་རྟག་པའི་མཐའ་འགོག་པའི་ཚེ་ཀུན་རྫོབ་མཐའ་དག་རང་སྟོང་དུ་མི་འཆད་པ་ནི་གང་ན་ཡང་མེད་ལ། ཐོས་བསམ་གྱི་རིགས་ངོར་དོན་དམ་པའི་བདེན་པ་མཐའ་དག་ཀྱང་རང་སྟོང་དུ་གཏན་ལ་ཕབ་པས་ཤེས་བྱ་མཐའ་དག་གི་སྟེང་དུ་རྣམ་རྟོག་གི་འཛིན་པ་འགོག་པ་ལ་ཆུན་ཤིན་ཏུ་ཆེ་བ་ཡིན་མོད། སྒོམ་བྱུང་མཉམ་གཞག་གི་ཚེ་ན། མཁས་མི་མཁས་སུ་ཞིག་གིས་འཁྱོག་པོ་དང་དྲང་པོ་ཇི་ལྟར་བཤད་ཀྱང་གཞུང་འགྲེལ་ཉིད་ལས་གསུངས་པའི་གཞན་སྟོང་གི་ལྟ་བའི་ངོས་འཛིན་ཚུལ་ལས་གཞན་དུ་འདས་པ་མེད་དོ། །དབུ་མ་ཐལ་རང་གི་ལུགས་རྩོད་མེད་ལེགས་ལྡན་དང་ཟླ་གྲགས་ནི་ལྟ་བ་དངོས་གཞིའི་ཚེ་ན་ཡུལ་ཡུལ་ཅན་གཉིས་ཀ་ཆུ་ལ་ཆུ་བཞག་བཞིན་དུ་སོང་ནས་མེད་པར་དགག་པ་འབའ་ཞིག་ལས་གཞན། གཞལ་བྱ་དང་འཇལ་བྱེད་སོ་སོར་མི་འབྱེད་པ་ནི་མཐོང་ལམ་གྱི་ཚེ་ནས་ཀྱང་ཡིན་ལ། སངས་རྒྱས་ཀྱི་སར་ནི་མཉམ་གཞག་དེ་ལས་ལྡང་བར་མི་སྲིད་དོ། །འཇུག་པར་ནི་ཉན་རང་དགྲ་བཅོམ་གྱི་མཉམ་བཞག་ནས་ལྷག་བཅས་དང་ལྷག་མེད་ཀྱི་དབྱེ་བ་མི་འབྱེད་པར་མཉམ་གཞག་དེ་ཉིད་ཀྱི་ངང་ལ་བསྐལ་པ་གྲངས་མེད་ལས་ཀྱང་ལྷག་པར་གནས་པ་ནི་དམན་པའི་མྱང་འདས་མཐར་ཐུག་མངོན་དུ་བྱས་པའི་དོན་ཡིན་ལ། དེ་ཉིད་ཀྱང་མཐར་ཐུག་སངས་རྒྱ་དགོས་པར་ནི་སངས་རྒྱས་གཞན་དོན་ལ་དུས་རྟག་ཏུ་བཞུགས་པ་དོན་ཡོད་པའི་རྟགས་ཀྱིས་གྲུབ་པར་མཛད་པ་ནི་མཐར་ཐུག་ཐེག་པ་གཅིག་གི་དོན་དུ་བཞེད་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར་རང་ལུགས་ཀྱི་བོད་ཕྱི་མ་གང་དག་མདོ་སྔགས་ཀྱི་དབུ་མའི་ལྟ་བ་ལ་འཁོར་ལོ་བར་མཐའི་དབྱེ་བ་སོ་སོར་ཡོད་པ་དེ་མ་བྱེད་པར་རྣལ་འབྱོར་དབང་ཕྱུག་གི་ལྟ་བ་སྔར་སེམས་ཙམ་དུ་གནས་པ་ལ་ཕྱིས་དབུ་མར་གནས་གྱུར་ཞེས་སོགས་ཀྱི་སྤྲོས་པས་ནི་གཞན་ཟེར་དབྱངས་སུ་བླངས་པས་ན་རྗེ་བཙུན་ཡབ་སྲས་ཀྱི་གཞུང་འགྲེལ་དུ་བཤད་པ་རྣམས་དང་འགལ་ཏེ། དེ་དག་ཏུ་བཤད་པའི་ལྟ་གྲུབ་བརྒྱད་ཀྱི་དབྱེ་བའི་ནང་ན་མེད་དགག་འབའ་ཞིག་པ་དེ་འདྲ་ཟུར་ཙམ་ཡང་མ་གསུངས་པས་སོ། །བོད་ཕྱི་མ་ལས་ཀྱང་ཕྱི་མར་གྱུར་པ་དག་མཐུན་པར་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་སོ་ཞེས་མཐུན་པར་འཆད་པ་ནི། གཞན་སྟོང་གིས་འཆད་ཚུལ་ལས་མ་འདས་ཏེ། ཡུལ་གྱི་སྤྲོས་པ་མཐའ་དག་བཀག་པའི་ཤུལ་དུ་ཡུལ་ཅན་གྱི་སྤྲོས་པ་ལྷག་མར་བཞག་པའི་ཕྱིར་རོ། །དེ་ལྟར་མང་དུ་བཤད་པས་ཅི་ཞིག་བྱ་སྙམ་ན། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ལ་ནི་དོན་ཤེས་པ་ཉིད་གཙོ་བོར་འཇོག་པ་ཡིན་ཏེ། མདོ་སྡེ་རྒྱན་དུ། དོན་ཤེས་པ་ནི་ཆོས་རྣམས་ཀུན། །ཤེས་པ་ཞེས་ནི་བརྗོད་པ་ཡིན། །ཞེས་དང་རྣམ་འགྲེལ་དུ། དེའི་ཕྱིར་དེའི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི། །འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །ཅེས་གསུངས་པ་དང༌། དེའི་ཕྱིར་སློབ་ལམ་དུ་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ་སྔོན་དུ་མ་སོང་ཡང་ཆོས་ཀྱི་བདག་མེད་གོམས་པ་མཐར་ཕྱིན་པའི་ཚེ་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པས་ན་རིག་པའི་གནས་ཇི་ལྟ་བུ་ཞིག་འཆད་ཀྱང་སྒྲིབ་ཐོགས་མི་འབྱུང་ཞིང༌། སྔོན་མ་གྲགས་པ་མང་པོ་དག་རྩོམ་ནུས་པ་ཡིན་ནོ། །གཉིས་པ་ནི། བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་པ་འདི་ལ་ཅུང་ཟད་སྤྲོས་ན། བོད་ཕྱི་མ་གང་དག་གི་བསམ་པ་ལ། ཆོས་ཀྱི་རྗེས་ང་བརྒྱད་རྩ་འགྲེལ་སོགས་མཛད་པ་ནི། སྔོན་འཕགས་ཡུལ་དུ་རིག་པའི་གནས་ལྔ་ལ་བསླབ་སྦྱངས་མཐར་ཕྱིན་ནས། གསུང་རབ་མང་པོའི་འགྱུར་མཛད་ཀྱི་ལོ་ཆེན་རྣམས་ལ་ཕྲག་དོག་པའོ་སྙམ་དུ་སེམས་ཞིང་ཚིག་ཏུ་དེ་ལྟར་ཟེར་བ་ནི། བློ་ཆུང་གང་དག་རང་རང་གི་བློ་གྲོས་ངན་པའི་དཔེ་ཙམ་གྱིས་ཉེ་བར་གཞལ་བ་ཡིན་མོད། དུས་དེ་ཙམ་ན་སུས་ཀྱང་བསྐྲུན་པར་མི་ནུས་པའི་ཡོན་ཏན་དང་ཕྲིན་ལས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པས་ཕྱུག་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ་འདི་ལྟ་བུ་ནི་རྒྱལ་པོ་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་སྲས་བཞིན་དུ་ལྷུན་གྱིས་གྲུབ་ཅིང༌། རྣམ་པར་བྱང་བའི་ཕྱོགས་གང་ཡང་རྒྱ་མཚོ་ཆེན་པོ་ལ་ཆར་དང་ཆུ་བོ་དག་མངོན་དུ་འོང་བའི་རྣམ་པས་བརྟེན་པ་ཅན་ལྟ་བུར་གྱུར་པ་དེ་འདྲ་དེ་ལ་ནི་གཞན་ལ་ཕྲག་དོག་པ་དང༌། རང་གིས་རང་ཉིད་ལ་བསྔགས་པ་ལན་བརྒྱར་བརྗོད་པའི་སྒོ་ནས་ཆེ་ཐབས་ཚོལ་བའི་དགོངས་པ་ག་ལ་མངའ། རྗེ་འདི་ཉིད་ཀྱི་བསླབ་སྦྱངས་དང་ཕྲིན་ལས་སྐྱོང་བའི་དུས་དེ་ཙ་ན། སྤྱིར་མདོ་སྔགས་ཀྱི་བསླབ་སྦྱངས་པ་ས་སྐྱ་པ་ལས་གཞན་ན་དཀོན་པ་དང༌། རིག་པའི་གནས་ཕྱི་མ་དག་ལ་ནི་བོད་ཉིད་དུ་བསླབ་སྦྱངས་ལྟ་ཅི་སྨོས། བོད་སྐད་དུ་དཔྱིས་ཕྱིན་པ་འགྱུར་བ་ཡང་མེད་པས་ན། རྗེ་ཉིད་ཀྱིས་སློབ་དཔོན་འགའ་ཞིག་ལ་བརྟེན་མ་བརྟེན་ཅི་རིགས་པར་རྒྱ་དཔེ་ཉིད་ལ་བསླབ་སྦྱངས་དང༌། སྔར་འགྱུར་བ་དག་ལ་ཞུས་ཆེན་དང༌། གཏན་མ་འགྱུར་བ་དག་ལ་ཁོལ་འདོན་གྱི་འགྱུར་དང༌། སྒྲ་ཚད་དང༌། ཚིག་རྒྱན་དང༌། སྡེབ་སྦྱོར་དང༌། མངོན་བརྗོད་ཀྱི་བསྟན་བཅོས་གསར་རྩོམ་མང་པོ་མཛད་ནས། མཛད་པ་དེ་དག་ལ་ཁེངས་མ་སྐྱུངས་པར་སྒྲ་པ་ང་ཡིན་ཞེས་སོགས་ཀྱི་སྒོ་ནས་གཟེངས་བསྟོད་པ་ནི། རང་ཉིད་ཀྱི་རྣམ་དཔྱོད་དང་ཕྲིན་ལས་གོང་འཕེལ་དུ་བགྱི་བ་དང༌། བུ་སློབ་བརྒྱུད་མར་འབྱུང་བ་དག་ཀྱང་རང་གིས་ཇི་ལྟར་མཛད་པ་དེ་ལྟ་བུའི་མིག་ལྟོས་བཟང་པོར་སྦྱོར་བའི་དོན་ལས་གཞན་མ་ཡིན་ནོ། །དེ་ལྟར་མཛད་པའི་ཕྱག་རྗེས་སུ་ཅི་ཞིག་བྱུང་བ་ནི། ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་བསྟན་བཅོས་ནི། རྔོག་ལོ་རྒྱུད་པར་བཅས་པ་དག་གིས་སྤྱི་ཙམ་ནས་ཤིན་དུ་དར་བར་མཛད་མོད། དར་ཚུལ་ནི་གཞུང་ཉིད་དུ་འབྱུང་བའི་མདོ་སེམས་ཀྱི་འཆད་ཚུལ་དེ་མཛད་པ་པོའི་དགོངས་པ་མ་ཡིན་པས་ན་འཇིག་རྟེན་གྱི་གྲགས་པ་སོར་འཇོག་པ་དང༌། འགྲེལ་མཛད་དག་ལས་ཀྱང་རྒྱན་གྱི་མཁན་པོ་ཙམ་མ་གཏོགས་གཞན་ལ་ལེགས་བཏུས་ཙམ་མིན་པ་མཐའ་གཅིག་ཏུ་མི་རྩི་བ་དང༌། རང་གི་འཆད་ཚུལ་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་རྟེན་ལྷན་སྐྱེས་ལ་གྲགས་པ་ཉིད་ཐད་སོར་འཇོག་པ་དང༌། རྣམ་འགྲེལ་དུ་གཅིག་དུ་བྲལ་གྱི་རིགས་པ་གསུངས་པ་དེ་ཤེས་བྱ་མཐའ་དག་རང་སྟོང་གིས་གཏན་ལ་འབེབས་བྱེད་ཉིད་དུ་སྦྱོར་བ་དང༌། ཉམས་སུ་མྱོང་བྱའི་དོན་དམ་བདེན་པ་ནི་གཉིས་མེད་ཀྱི་ཡེ་ཤེས་ཉིད་ལ་སྦྱར་ནས་ངོ་བོ་ཉིད་མེད་པའི་ནང་ཚན་ཞི་འཚོ་སོགས་དང་མཐུན་པར་འཆད་པ་དང༌། གཞན་སེལ་དང༌། འགལ་འབྲེལ་དང༌། མཚན་མཚོན་གྱི་རྣམ་གཞག་སོགས་འགྲེལ་མཛད་གཞན་ལ་མ་རག་པར། རང་ཁོ་ནའི་རྣམ་དཔྱོད་ཀྱིས་རྩལ་ཐོན་དུ་མཛད་པ་ཡིན་ཏེ། ཇི་སྐད་དུ། གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང༌། །ཇི་བཞིན་ལེགས་པར་མི་གསལ་བ། །ཚད་མའི་དེ་ཉིད་དཀའ་བ་རྣམས། །ཇི་བཞིན་དུ་ནི་རྣམ་ངེས་བྱ། །ཞེས་རྩོམ་པར་དམ་བཅས་ནས་རྒྱས་པར་འཆད་པ་ཡིན་ལ། འཆད་ཚུལ་དེ་དག་ལ་ཆོས་ཀྱི་རྗེས། ཇི་སྐད་དུ། གངས་རིའི་ཁྲོད་གནས་སྨྲ་རྣམས་ཀྱི། །རྟོག་གེ་ངན་འཇོམས་བསྟན་བཅོས་ཆེན་པོ་འདི་བྱས་སོ། །ཞེས་དང༌། སྡེ་བདུན་རིགས་པའི་དེ་ཉིད་འདི་ཡིན་ཞེས། །རྒན་པོའི་ལུགས་ངན་དོར་ནས་ངས་འདི་བཤད། །ཅེས། རིགས་པའི་གཏེར་གྱི་དོན་བསྡུར་ཐུགས་དགྱེས་སྤྲོ་དང་བཅས་དེ་གསུངས་པ་ཡིན་མོད། དེང་དུས་ནི་ཚད་མའི་བརྡ་སྐད་གཞན་ཟེར་ཁོ་ནའི་རྗེས་སུ་འབྲང་བ་ལས་མ་གཏོགས། ཕྱོགས་སྔ་ཕྱིའི་གཙང་ཤན་གསལ་པོ་དང་ཞིབ་མོར་ཕྱེད་པ་ཤིན་ཏུ་དཀོན་ནོ། །རྗེ་ཉིད་ཀྱི་མཛད་པ་དེས་རང་གི་སློབ་རྒྱུད་དག་མིག་ལྟོས་བཟང་པོ་ལ་ཇི་ལྟར་བཀོད་པའི་ཚུལ་ནི། དཔོན་ཆེན་ཤཱཀྱ་བཟང་གིས་རྗེའི་དགོངས་པ་བཞིན་ཤོངས་སྟོན་སྐུ་མཆེད་ལ་བདག་པོའི་རྐྱེན་སྦྱར་ནས། སྒྲའི་གཙུག་ལག་དཔྱིས་ཕྱིན་པའི་གྲུབ་འབྲས་སུ་དཔང་ལོ་ཆེན་པོ་བྱོན་ཏེ། ཀ་ཙན་འགྲེལ་པ་དང་བཅས་པ་སོགས་རིག་པའི་གནས་ཀྱི་གཞུང་ལུགས་མཐའ་དག་དཔྱིས་ཕྱིན་པར་གསར་དུ་འགྱུར་ནས། ཉན་བཤད་ཀྱིས་གཏན་ལ་ཕབ་ཅིང༌། བརྡ་སྤྲོད་པའི་སྙིང་པོ་གསལ་བ་རྩ་འགྲེལ་དང༌། ཚོགས་གསུམ་གསལ་བ་རྒྱས་བསྡུས་དང༌། མེ་ལོང་གི་རྣམ་བཤད་རྒྱས་པ་སོགས་མཛད་པའི་ཕྱག་རྗེས་ཀྱི་སློབ་རྒྱུད་ནི། ལོ་ཆེན་རྩེ་མོ་དང༌། གྲགས་པ་དང༌། བློ་གྲོས་རྣམ་གཉིས་དང༌། ནམ་མཁའ་བཟང་པོ་དང༌། བསོད་ནམས་བཟང་པོ་དང༌། བློ་བརྟན་བཞི་པ་དཔོན་སློབ་དང༌། ཐུགས་རྗེ་དཔལ་དང༌། རྡོ་རྗེ་དཔལ་དང༌། སཾ་གྷ་ཤྲཱི་སོགས། ས་སྐྱ་པ་ཁོ་ནའི་བཤེས་གཉེན་རྒྱུ་སྐར་གྱི་ཕྲེང་བ་ལྟར་བྱོན་ཏེ། སོ་སོ་ནས་འགྲེལ་བཤད་རྒྱས་བསྡུས་ཅི་རིགས་པར་མཛད་པ་དང༌། ཐར་ལོ་ས་སྐྱ་པའི་བཤེས་གཉེན་དུ་ཁས་མི་ལེན་ཀྱང༌། སློབ་མ་བུ་སྟོན་རིན་པོ་ཆེས། རྗེ་ཉིད་ཀྱི་མཛད་པའི་སྤྱན་ལྟོས་ལ་རྗེས་སུ་བསྙགས་ཏེ་མཁས་པར་སྦྱངས་ནས་རང་འགྱུར་མང་པོ་དང༌། མ་འོངས་པའི་བཤད་ཉན་རྒྱུན་མི་ཆད་པ་ལ་དགོངས་ནས། ཀ་ལཱ་པའི་རྣམ་བཤད་པོད་ཆེན་དུ་ལོང་པ་མཛད། སློབ་མ་སྒྲ་ཚད་པས་དར་རྒྱས་སུ་མཛད་ཅིང༌། བློ་བརྟན་བཞི་པས་ཀྱང་དེ་ལྟར་དགོངས་ནས་ཀ་ལཱ་པའི་རྣམ་བཤད་པོད་ཆེན་གཉིས་སུ་ལོངས་པ་དག་མཛད་དོ། །དེ་དག་ཀུན་ཀྱང་རྗེ་ས་ལོ་ཉིད་ཀྱི་སྐུ་དྲིན་ལས་ཡིན་ལ། ཀ་ཙན་གཉིས་པོ་མ་འགྱུར་གོང་དུ་སྨྲ་སྒོ་མཚོན་ཆ་བྱོན་པ་ལ་ནི་ཀ་ཙན་དང་མ་མཐུན་ཞེས་རྒོལ་བ་དང༌། ཚད་མར་བྱེད་པ་གཉིས་ཀ་མང་དུ་བྱོན་ལ་ཐོན་མིའི་གཞུང་དག་ལ་ནི་སུས་ཀྱང་རྒོལ་བར་མི་མཛད་དོ། །མཁས་པར་བྱ་བའི་ཡུལ་བཟོ་དང་གསོ་བ་ནི། བོད་སྔ་མ་དག་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་ཐ་སྙད་མཛད་པ་དེའི་ཚེ་ཆེ་བའི་ནང་དུ་བགྲང་ཞིང༌། ཕྱི་ནང་ཐུན་མོང་བའི་གསོ་བ་ནི་རིག་བྱེད་ལས་འབྱུང་བ་སྟེ། ཇི་སྐད་དུ། ཚངས་པས་ཚེ་ཡི་རིག་བྱེད་དྲན། །ཞེས་གྲགས་པ་དང༌། བོད་དུ་འགྱུར་བ་ལ་རྟ་དབྱངས་དང་ཕ་ཁོལ་ལ་སོགས་པའི་མིང་ཅན་གྱིས་མཛད་པའི་ཡན་ལག་བརྒྱད་ཆེན་དང༌། དེའི་འགྲེལ་པ་ཁ་ཆེ་ཟླ་དགས་མཛད་པ་དག་དང༌། རྟ་དཔྱད་ཀྱི་བསྟན་བཅོས་ཤ་རི་ཧོ་ཏྲ་ཞེས་གྲགས་པ་རྣམས་ནི་ཕྱི་ནང་ཐམས་ཅད་ཀྱིས་ཐུན་མོང་དུ་འཛིན་ལ། སངས་རྒྱས་པའི་ཐུན་མོང་མ་ཡིན་པ་ནི་ལུང་སྨན་གྱི་གཞི་དང༌། གསེར་འོད་དམ་པ་ཞེས་འཆད་པ་ལ་ནི་སུས་ཀྱང་མི་རྒོལ་མོད། བོད་དུ་རྒྱུད་བཞིར་གྲགས་པ་ནི། སངས་རྒྱས་སྨན་གྱི་བླས་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཏུ་དྲང་སྲོང་རྣམ་པ་གཉིས་སོགས་འཁོར་ཚོགས་རྒྱ་མཚོ་སྤྲུལ་ནས་གསུངས་པར་འཆད་པ་དང༌། དེ་དག་ནས་བྱུང་བའི་རྣམ་གཞག་མཐའ་དག་ཡན་ལག་བརྒྱད་ཆེན་རྩ་འགྲེལ་དང་མི་མཐུན་པ་མེད་ཀྱི་སྟེང་དུ། རྩ་འགྲེལ་དེ་དག་ཏུ་མ་གྲགས་པའི་རྩ་ཆུའི་བརྟག་པ་སོགས་ཤིན་ཏུ་མཁོ་ཞིང་འཁྲུལ་མེད་མང་དུ་བྱུང་བ་རྣམས་ལ་ནི། སངས་རྒྱས་ཀྱིས་གསུངས་པ་ཡིན་མིན་གྱི་བཤད་པ་མང་དུ་མཛད་ཀྱང༌། གསོ་བའི་རིག་གནས་འཁྲུལ་མེད་དུ་མངོན་སུམ་གྱིས་གྲུབ་པས་ན། བློ་བཟང་རྣམས་ཀྱི་མཁས་པར་བྱ་བའི་ཡུལ་དུ་ངེས་པར་ལེན་དགོས་ཤིང༌། འདི་སྐབས་ཀྱི་ཕྱག་ལེན་རྒྱལ་པོའི་སྐོར་མཛོད་ལྟ་བུ་ནི་རྗེ་བཙུན་གྲགས་པའི་ཞབས་ཀྱིས་མཛད་དོ། །བཟོ་རིག་པའི་གཙོ་བོ་ལྷ་དང་གཞལ་ཡས་ཁང་གི་ཆག་ཚད་ཀྱི་རྣམ་པར་བཞག་པ་རྣམས་ནི་བོད་དུ་འགྱུར་བའི་རྒྱུད་འགྲེལ་ནས་འབྱུང་བ་ལྟར། དེང་དུས་སུ་ཡང་ཕྱག་ལེན་དུ་མཛད་པ་འདི་ཉིད་ཡིན་ལ། གསེར་འགྱུར་གྱི་རྩི་སོགས་འཁྱུད་དཔྱད་ཀྱི་བྱེ་བྲག་མང་པོ་དང༌། ས་འོག་གཏེར་དང་མིག་སྨན་རིལ་ལུ་སོགས་ཐུན་མོང་གི་དངོས་གྲུབ་ལ་ཉེ་བར་མཁོ་བ་རྣམས་དང༌། འཇིག་རྟེན་པ་དག་ལ་ཐུན་མོང་མ་ཡིན་པར་གྱུར་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་བཅོ་བརྒྱད་སོགས་ཀྱི་མིང་ཙམ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་ལས་བྱུང་བ་རྣམས་ཀྱང་བཟོ་རིག་པའི་གནས་སུ་བསྡུ་བར་བྱའོ། །རྗེ་འདི་ཉིད་ཀྱིས་ཀྱང་བཟོ་རིག་པའི་ཆག་ཚད་དུ། དབུ་རྩེ་རྙིང་མའི་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་མཚན་དཔེའི་བཀོད་པ་འཁྲུལ་སྣང་གི་ཤཱཀྱ་མུ་ནེའི་སྐུ་དང་མཚུངས་པར་ཕྱག་ལེན་དུ་མཛད་ཅིང༌། བསམ་ཡས་སུ་འཇམ་དབྱངས་ཕྱག་མཚན་གྱི་རི་མོར་གྲགས་པའི་བཀོད་པ་མཚན་མོའི་དུས་དང་པིར་མ་འཛོམ་པར་མཛད་ཀྱང༌། དེ་དུས་ཀྱི་རི་མོ་མཁན་གཞན་གྱིས་བསྐྲུན་མི་ནུས་པ་ནི་དཔེ་ཙམ་མོ། །ནང་རིག་པའི་ཚུལ་ལ་ཕྱག་རྗེས་སུ་ཐོན་པ་ནི། མདོ་སྔགས་གཉིས་ལས་སྔགས་ཀྱི་ཚུལ་གཙོ་ཆེ་ལ། དེ་ལ་ཡང་ཐོས་བསམ་བསྒོམ་གསུམ་ལས་བསྒོམ་པ་གཙོ་བོར་མཛད་ལ། དེའི་གྲུབ་དོན་དུ་འཇའ་ལུས་ཀྱི་སྐུར་གྱུར་པ་དང༌། མཚན་དང་དཔེ་བྱད་ཀྱི་ཡང་རྩེ་དབུའི་གཙུག་གཏོར་དང༌། སྨིན་མཚམས་ཀྱི་མཛོད་སྤུ་སོགས་གདུལ་བྱའི་སྐྱེ་བོ་གཞན་ལ་མངོན་དུ་གྱུར་པ་དང༌། རྡོ་རྗེའི་ལུས་ཀྱི་གནས་ལུགས་མངོན་སུམ་དུ་གཟིགས་ནས་དེའི་མན་ངག་གི་བསྟན་བཅོས་མཛད་པ་རྣམས་སོ། །གཞན་ཕྱོགས་པའི་བཤེས་གཉེན་ཆོས་རྒྱུས་ཅན་དུ་ཁས་འཆེ་བ་དག་ན་རེ། ཆོས་རྗེ་འདི་པའི་མཁྱེན་རབ་ཀྱི་རྒྱ་ཁྱོན་ལོ་ཙཱ་བ་བུ་དཔང་གཉིས་ལས་མི་ལྷག་ཅིང༌། སྒྲའི་ཕྱོགས་ལ་གཞན་ལྷག་ཅིང་ནང་རིག་པའི་བསྟན་བཅོས་ཀྱང༌། མཁས་པ་གཞན་དང་མཉམ་པ་ཙམ་ཡང་མ་མཛད་པ་དང༌། ཚད་མའི་ཕྱོགས་ནི་ཚད་བསྡུས་རྣམས་ལས་འབྱུང་བ་དག་ཆེས་ཞིབ་ཅིང་དཔྱད་པས་རྣམ་པར་དག་ལ། རིགས་པའི་གཏེར་ནི་ཆེས་ཤིན་ཏུ་རྩིང་པས་སྒྲ་ཇི་བཞིན་པར་སྐྱོང་མི་ནུས་པས་སློབ་རྒྱུད་ཚད་ལྡན་དག་ཀྱང་མ་བྱུང་ངོ་ཞེས་ཟེར་མོད། སྒྲའི་ཕྱོགས་ལ་ནི་གཞུང་འགྲེལ་མ་འགྱུར་བ་ཉིད་ལའང་གཟིགས་ནས་མཁྱེན་ཅིང་འཆད་པ་ལ་དང༌། བོད་ཀྱི་ཆོས་སྐད་ཇི་སྙེད་པ་དང་སྦྱོར་བའི་སཾ་སྐྲྀ་ཏའི་སྐད་མ་ལུས་པ་ལ་ཐོགས་པ་མི་མངའ་བ་ཙམ་གཞན་དེ་དག་ལ་ཡང་མངའ་བས་སྐུར་འདེབས་སུ་མི་རུང་མོད། ཕྱོགས་གཅིག་ལ་དཔེར་མཚོན་ན་རྗེ་ཉིད་ཀྱིས་ཕྱག་བྲིས་སུ་མཛད་པའི་རྒྱུད་གསུམ་གྱི་གླེགས་བམ་ལཉྫ་དང་དྷ་རི་སོགས་སྤེལ་མ་གན་ཤོག་ལ་གསེར་གྱི་སྣག་ཚས་བསྐྲུན་པའི་ཕྱག་རྗེས་ལའང་སུ་ཞིག་གིས་འགྲན་པར་ནུས། རྗེ་ཉིད་དང་ལོ་ཙཱ་བ་བུ་དཔང་སྟེ་གསུམ་ཀ་རྒྱ་དཔེས་ཕྱག་མ་འཐོགས་ན་པཎྜི་ཏ་གཞན་ལ་ལྟོས་མེད་དུ་རང་འགྱུར་མཛད་ནུས་པར་མཉམ་དུ་ཆུག རྗེ་འདིའི་གོང་རོལ་དུ་དེ་ལྟ་བུའི་ཚུལ་གྱིས་འགྱུར་མཛད་སུ་ཡང་བྱོན་པའི་བཤད་པ་མི་སྣང་བས་དང་པོའི་སྲོལ་འབྱེད་འདི་ལ་སུ་ཞིག་གིས་འགྲན་པར་ནུས། རིགས་པའི་གཏེར་ལ་ནི་རང་ཕྱོགས་པར་ཁས་བླངས་ནས་རྩ་བ་སུན་འབྱིན་གྱི་འགྲེལ་བྱེ་མི་ཉུང་བ་དག་ཀྱང་སྣང་མོད། དེ་ཙམ་གྱིས་ལུགས་དེ་ཧྲུལ་པོར་བྱེད་ནུས་པ་མ་ཡིན་ཏེ། ཚུལ་བཞིན་དུ་འཛིན་བྱེད། འུ་ཡུག་པ། ཏེའུ་ར་པ། མདོངས་སྟོན། ནོར་བཟང༌། ཉ་བརྩོན། དཀོན་གྲགས། གཡག་རོང་རྣམས་ཀྱིས་རྒྱས་བཤད་དུ་མཛད་པ་ལ་སུ་ཞིག་གིས་རྒོལ་བར་ནུས། ནང་རིག་པ་ལ་ཡང་ཡི་གེའི་རྩོམ་མང་ཉུང་ཙམ་གཙོ་བོ་མ་ཡིན་གྱི། སྒྲུབ་རྒྱུད་འཛིན་པའི་དངོས་ཀྱི་སློབ་མ་དང༌། དེ་ལས་བརྒྱུད་པ་བར་མ་ཆད་དུ་བྱོན་པ་ཉིད་གཙོ་བོ་ཡིན་པས་ན། དངོས་སློབ་འཕགས་པ་རིན་པོ་ཆེ་དང༌། ཚོགས་བསྒོམ་ཀུན་དགའ་དང༌། སྨར་ཆོས་རྒྱལ་དང༌། ལྷོ་པ་ཀུན་མཁྱེན་སོགས་ནས་ཐ་དད་དུ་རྒྱུད་པ། སྙན་རྒྱུད་བཞི་དང༌། ཚད་མ་བཞིའི་སྒོ་ནས་ཉམས་ལེན་དེང་སང་གི་བར་དུ་རྒྱུན་མ་ཆད་པར་ཚུགས་པ་འདི་ལ་སུ་ཞིག་གིས་འགྲན་པར་ནུས། གཞན་ཡང་མཁས་པར་བྱ་བའི་ཡུལ་ལ་རིག་པའི་གནས་ཆུང་བ་ལྔར་གྲགས་པ་ནི། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་ཏེ་སཾ་སྐྲྀ་ཏའི་སྐད་ཕལ་ཆེར་ལ་མ་རྨོངས་ཀྱང་སྒྲ་མི་ཤེས་ན་དོན་ལ་རྨོངས་པས་སྔོན་གྱི་འགྱུར་མཛད་ཕལ་ཆེ་བས་འགྱུར་གྱི་ཚེ་པཎྜི་ཏ་རེ་ལ་ངེས་པར་ལྟོས་དགོས་བྱུང་བའོ། །ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས་ཞེས་ཏེ། དེ་མི་ཤེས་ན་དེ་ལ་རྨོངས་པའོ། །སྡེབ་སྦྱོར་ཤེས་ན་ཚིག་རྒྱན་ལ་མི་རྨོངས་ཏེ། དེ་མི་ཤེས་ན་དེ་ལ་རྨོངས་པའོ། །ཟློས་གར་ཤེས་ན་གཏམ་རྒྱུད་ལ་མི་རྨོངས་ཞེས་ཏེ། དཔེར་ན་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས་འབྱུང་བ་དཔག་བསམ་འཁྲི་ཤིང་གི་ལེའུ་ཕྱི་མར་དྲངས་པ་ལྟ་བུའོ། །སྙན་དངགས་ཤེས་ན་སྤོབས་པ་མཆོག་ལ་མི་རྨོངས་ཞེས་ཏེ། དེ་མི་ཤེས་ན་བསྟན་བཅོས་རྩོམ་པའི་སྤོབས་པ་ཞན་པའོ། །ཡང་རྩིས་ཤེས་ན་འཇིག་རྟེན་གྱི་བདེ་སྐྱིད་ལ་མི་རྨོངས་ཞེས་ལ་ལ་དག་ཟེར་ཏེ། ཕྱི་ནང་ཐུན་མོང་དུ་གྲགས་པ་རྣམས་དང༌། ཕྱི་པའི་ཐུན་མོང་མ་ཡིན་པ་གཡུལ་ལས་རྒྱལ་བ་ལྟ་བུ་རྣམས་ལ་སྐར་རྩིས་སུ་གྲགས་ཏེ། དེ་དག་ལ་རྗེ་བཙུན་གྲགས་པའི་ཞབས་དང་རྗེ་ཉིད་ཀྱི་དབོན་བརྒྱུད་དུ་བྱོན་པ་དག་གིས་ཕྱག་རྗེས་སུ་བཞག་པ་མང་ངོ༌། །ནག་རྩིས་དང་ཇུ་ཞག་ཏུ་གྲགས་པ་སྣོད་བཅུད་གཉིས་ཀའི་རྣམ་གཞག་སྟོན་པ་དེ་དག་ནི་ཤཱཀྱ་མུ་ནེས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ལས་ལོ་གསུམ་གྱིས་སྔ་བ་ཤིང་ཕོ་བྱི་བ་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་རི་བོ་རྩེ་ལྔར་གསུངས་པ་དེ་ཤིན་ཏུ་དར་བར་གྱུར་ནས། ལོ་བཞི་པ་མེ་ཡོས་ལ་རྒྱ་ནག་ཏུ་ས་གཡོ་བ་ལ་སོགས་པ་འཇིག་རྟེན་ཕལ་པས་མི་ཤེས་པའི་ལྟས་སྣ་ཚོགས་པ་བྱུང་བའི་ཚེ། རྩིས་དེའི་མཁན་པོ་ན་རེ། ལྟས་འདི་དག་ནི་དེང་དུས་ཉི་མ་ནུབ་ཀྱི་ཕྱོགས་སུ་གསེར་གྱི་མི་གཅིག་སྐྱེ། དེའི་བྷེལ་ཁ་རང་རེའི་འདིར་འོང་བའི་སྔ་ལྟས་ཡིན་ཞེས་ལུང་བསྟན་ནོ། །དེ་ལྟ་བུའི་རིག་གནས་དག་ཀྱང་མ་ལུས་པ་གཟིགས་ཤིང་མཁྱེན་པ་ལ་དགོངས་ནས། ཇི་སྐད་དུ། དུས་སྦྱོར་ང་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང༌། །ཞེས་གསུངས་སོ། །མདོར་ན་མཁས་པར་བྱ་བའི་ཡུལ་རིག་པའི་གནས་ལྔ་པོ་ལ་མཁས་པར་སྦྱངས་ཤིང་ཚིག་དང་དོན་མཐའ་དག་ལ་སོམ་ཉི་དང་བྲལ་བར་གྱུར་པ་དེ་ལ་ནི་མཁས་པ་མཁས་པ་ཞེས་བྱ་བ་དང༌། པཎྜི་ཏ་ཆེན་པོ་ཞེས་བྱ་བའི་མིང་འཐོབ་པས་ན་མཁས་པའི་རབ་དང༌། ཡང་རིག་པའི་གནས་ཀུན་ལ་ཐོག་མ་ཉིད་ནས་མ་སྦྱངས་པའམ། སྦྱངས་ནས་བརྗེད་ཀྱང་རུང་གཙོ་བོར་ནི་ནང་རིག་པ་ལས་བརྩམས་པའི་ངེས་པའི་དོན་ལ་མ་རྨོངས་པའི་ཚད་མ་སྐྱེས་ཤིང༌། སྐྱེས་པ་དེའི་བྱེད་པ་རང་རྒྱུད་ལ་མ་ཉམས་པར་ཡོད་པ་དེ་སྲིད་དུ་ནི་མཁས་པའི་བར་མ་དང༌། རྩིས་ལྟ་བུ་རིག་པའི་གནས་ཆུང་ཤོས་ལ་ཡང་གཞན་ངོར་ཤེས་བློ་ཙམ་མ་ཡིན་པར། རང་གི་ཤེས་རབ་དཔང་པོར་བཟུང་ནས་བསླབ་སྦྱངས་དེ་ལ་གང་ཡོད་ཀྱི་མཐའ་ཆོད་པར་ཤེས་པ་ནི་མཁས་པའི་ཆུང་ངུ་ཞེས་བྱ་ལ། གསུམ་པོ་དེ་གང་རུང་དུ་འཇོག་པའི་ཁྱད་ཆོས་ནི་རང་རང་ལ་ལྟོས་པའི་འཆད་རྩོད་རྩོམ་གསུམ་གྱི་མཐུ་དང་ལྡན་པར་དགོས་པ་ནི་བསྟན་བཅོས་མཛད་པ་འདིའི་དགོངས་པའོ། །མཁས་པ་འབྲིང་དུ་བཞག་པ་དེ་ཡང་སོ་སྐྱེ་དང་དམན་པའི་འཕགས་པ་ལ་ལྟོས་ནས་ཡིན་གྱི། ཐེག་ཆེན་གྱི་འཕགས་པ་ལ་ལྟོས་ནས་ནི་མཁས་པ་ཆེན་པོར་འཇོག་ནུས་ཏེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ་རྐྱང་པས་སེལ་བར་མི་ནུས་པའི་མ་རིག་པ་ནི་མི་སྲིད་པའི་ཕྱིར་རོ། །དེ་བས་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཞེས་པ་ནི། ཚིག་ཚོལ་བའི་སྐབས་སུ་གདུལ་བྱ་གཞན་རྗེས་སུ་འཛིན་པར་མི་ནུས་པའི་དོན་ཡིན་གྱི། རང་དོན་ཆོས་སྐུ་མངོན་དུ་བྱེད་པའི་མེད་མི་རུང་གི་ཤེས་རབ་ཏུ་དགོས་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན། བསྟན་བཅོས་འདིའི་ལུས་རྣམ་པར་བཞག་པ་ལ་མཁས་པར་བྱ་བའི་ཡུལ་བདེན་པ་གཉིས་ཤེས་ཚུལ་དང༌། མཁས་པར་བྱེད་པའི་ཡུལ་ཅན་རྩོམ་འཆད་རྩོད་གསུམ་ལ་མཁས་དགོས་པར་བསྟན་པ་དང་གཉིས་ལས། དང་པོ་དེ་གོང་དུ་རྒྱས་པར་བཤད་ཟིན་ནས། གཉིས་པ་ལ། མིང་གི་སྒོ་ནས་མདོར་བསྟན་པ་དང༌། དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། མཁས་པར་བྱ་བའི་སྒོ་ནི་གསུམ་སྟེ་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། རྩོམ་པ་ལ་མཁས་པར་བྱ་དགོས་པ་དང༌། འཆད་པ་ལ་དང༌། རྩོད་པ་ལ་མཁས་པར་བྱ་དགོས་པའོ།།  །།མངྒ་ལཾ།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། བདུད་རྩིའི་དགྲ་བོས་མ་མྱངས་རོ་བརྒྱ་པ། །ངོ་མཚར་ཐུགས་རྗེའི་དཔག་བསམ་ལ་འཁྲུངས་ནས། །ཡིད་འོངས་སློབ་མའི་སྙིང་ལ་སྟེར་བརྩོན་པ། །བརྩེ་ཆེན་མཁྱེན་པའི་ལྷ་ཁྱོད་འདིར་སྤྱོན་ཤིག །ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་ལ་འཇུག་པའི་རབ་ཏུ་བྱེད་པ་འདི་བཤད་པར་བྱའོ། །འདི་ལ་དོན་གསུམ་སྟེ། སྡེབ་སྦྱོར་གྱི་གཞི་འགོད་པ་དང༌། སྡེབ་སྦྱོར་སོ་སོའི་མིང་བཤད་ནས་དེ་དག་གི་དོན་མི་འདྲ་བ་རྣམས་ངོས་བཟུང་བ་དང༌། རང་བློས་དཔྱད་པའི་སྡེབ་སྦྱོར་བརྩམས་པའོ། །དང་པོ་ནི། ཇི་སྐད་དུ། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལས། མ་གསུམ་ལྕི་བ་ན་གསུམ་ཡང༌། །བྷ་ཐོག་ལྕི་བ་ཡ་ཐོག་ཡང༌། །ཛ་དབུས་ལྕི་བ་ར་དབུས་ཡང༌། །ས་མཐའ་ལྕི་བ་ཏ་མཐའ་ཡང༌། །ཞེས་གསུངས་སོ། །དེའི་དོན་ནི། ཡི་གེ་ལྕི་བ་གསུམ་བར་མ་ཆད་པར་སྒྲིགས་པ་དེ་ལ་ནི་མིང་འདོགས་པ་ན་མ་ཞེས་བྱ་ལ། དཔེར་བརྗོད་པ་ནི། ཨཱ་ཨཱི་ཨཱུ་ཞེས་པ་ལྟ་བུའོ། །ཡི་གེ་ཡང་བ་གསུམ་མཚར་དུ་དངར་བ་དེ་ལ་ནི་ན་ཞེས་བྱ་བའི་མིང་འདོགས་ལ། དཔེར་བརྗོད་པ་ནི། ཨ་ཨི་ཨུ། ཞེས་པ་ལྟ་བུའོ། །ཐོག་མར་ལྕི་བ་གཅིག་དང་དེ་ནས་ཡང་བ་གཉིས་ཏེ་མཚར་དུ་དངར་བ་དེ་ལ་ནི། བྷ་ཞེས་བྱ་བའི་མིང་འདོགས། དཔེ་ནི། ཨཱ་ཨི་ཨུ་ཞེས་པ་ལྟ་བུའོ། །ཐོག་མར་ཡི་གེ་ཡང་བ་གཅིག་དང༌། དེ་ནས་ལྕི་བ་གཉིས་ཏེ་གསུམ་མཚར་དུ་སྒྲིགས་པ་དེ་ལ་ནི། མིང་ཡ་ཞེས་བྱ་ལ། དཔེ་ནི། ཨ་ཨཱི་ཨཱུ། ཞེས་པ་ལྟ་བུའོ། །ཡི་གེ་ཡང་བ་གཉིས་ཀྱི་དབུས་སུ་ལྕི་བ་གཅིག་བཅུག་པ་དེ་ལ་ནི། ཛ་ཞེས་བྱ་ལ། དཔེ་ནི། ཨ་ཨཱི་ཨུ་ཞེས་པ་ལྟ་བུའོ། །ཡི་གེ་ལྕི་བ་གཉིས་ཀྱི་དབུས་སུ་ཡང་བ་གཅིག་བཅུག་པ་དེ་ལ་ནི་ར་ཞེས་བྱ་ལ། དཔེ་ནི། ཨཱ་ཨི་ཨཱུ་ཞེས་པ་ལྟ་བུའོ། །ཡི་གེ་ཡང་བ་གཉིས་ཀྱི་མཐར་ལྕི་བ་གཅིག་བཞག་པ་དེ་ལ་ནི་ས་ཞེས་བྱ་ལ། དཔེ་ནི། ཨ་ཨི་ཨཱུ། ཞེས་པ་ལྟ་བུའོ། །ཡི་གེ་ལྕི་བ་གཉིས་ཀྱི་མཐར་ཡང་བ་གཅིག་བཞག་པ་དེ་ལ་མིང་ཏ་ཞེས་བྱ་ལ། དཔེ་ནི། ཨཱ་ཨཱི་ཨུ་ཞེས་པ་ལྟ་བུའོ། །ཚིགས་བཅད་སོ་སོའི་རྐང་པ་གཅོད་མཚམས་ནི། ངེས་པར་ངལ་གསོ་བའི་གནས་ཡིན་ལ། བྷ་ལ་སོགས་པའི་བརྒྱད་པོའི་རིའི་མཐར་ཡང་ངལ་གསོའི་གནས་འབྱུང་བ་ཡང་སྲིད་དོ། །དེ་ཡང་ངལ་གསོ་བ་དང་སྡོད་པ་ཅེས་བྱ་བ་མིང་གི་རྣམ་གྲངས་ཡིན་ལ། དེ་ཡང་ཡི་གེ་ལྕི་བ་ཁོ་ན་ལ་འབྱུང་བ་ཡིན་ཏེ། ཐུང་བ་གཅིག་ཡུན་དུ་བཀླག་པ་ལ་སྡོད་པའི་སྒྲ་དོན་མ་ཚང་བའི་ཕྱིར་རོ། །ཡང་འདི་ལྟར་ཡི་གེ་ཡང་བ་རྣམས་ལ་ནི་ལ་ཞེས་བྱ་བའི་མིང་འདོགས། ལྕི་བ་རྣམས་ལ་ནི་ག་ཞེས་བྱ་བའི་མིང་འདོགས་པ་དང༌། ལྕི་བའི་མཐར་ངལ་གསོ་ན་བ་ཞེས་བྱ་བའི་མིང་འདོགས་པ་དང༌། ཡང་བའི་མཐར་ངལ་གསོ་ན་ཀ་ཞེས་བྱ་བའི་མིང་འདོགས་པ་ཡིན་ནོ། །སྤྱིར་ངལ་གསོའི་ཡི་གེ་ནི་ཡི་གེ་རིང་པོ་རྣམས་ཀྱི་ནང་ནས་འདི་ཁོ་ན་ཡིན་ཞེས་པའི་ངེས་པ་མེད་ཀྱང༌། བྷ་ལ་སོགས་པ་རེ་རེའི་མཐར་ཨོ་ཡིག་རིང་པོ་བྱུང་ན་ངལ་གསོ་བས་ཁྱབ་པ་ཡིན་ཏེ། དཔེར་ན། ན་མོ་མཉྫུ་གྷོ་ཥཱ་ཡཱ་ཞེས་པ་ལ་ཡི་གེ་བདུན་སྣང་བ་ལས་གསུམ་ནི་ཛ་དབུས་ལྕི་བ་ཞེས་པ་དེ་ཡིན་ལ། དེའི་དེ་མ་ཐག་ཏུ་ཛཱུ་ཞེས་པའི། ཨོ་ཡིག་དེ་ངལ་གསོ་བའི་གནས་ཡིན་པས་རིང་པོ་ཁོ་ན་བྱའོ། །ཡང་དེ་དུས་ཀྱི་ཡི་གེ་ཕྱི་མ་གསུམ་ནི་ཏ་མཐའ་ཡང་ཞེས་པ་དེ་ཡིན་ལ། འོན་ཀྱང་ཡི་གེ་གསུམ་པ་ལ་གཅོད་མཚམས་བྱུང་བའི་ཕྱིར་ངལ་གསོའི་གནས་ཡིན་པས་ཡ་རིང་པོར་བྱས་པ་ལྟ་བུའོ། །འོ་ན་ཡང་བ་དང་ལྕི་བའི་ཁྱད་པར་དང་དབྱེ་བ་གང་ཞེ་ན། ཡི་གེ་ཐུང་ངུ་རྣམས་ནི་ཡང་བ་ཞེས་བྱ་སྟེ། ཡི་གེ་གཅིག་ཁོ་ན་ཡིན་པས་གཅིག་གི་ཚད་ཁོ་ནར་ཀློག་པའི་ཕྱིར། དེའི་དབྱེ་བ་ནི་རྣམ་པ་ལྔ་སྟེ། ཨ་ཨི་ཨུ་རྀ་ལྀ་འོ། །ཡི་གེ་རིང་པོ་རྣམས་ལ་ནི་ལྕི་བ་ཞེས་བྱ་སྟེ། ཡི་གེ་གཉིས་ལ་སོགས་པ་སྡོམས་པའི་ངོ་བོ་ཡིན་པས་གཉིས་ལ་སོགས་པའི་ཡུན་ཚད་དུ་ཀློག་དགོས་པའི་ཕྱིར། དེ་ལ་དབྱེ་ན་གཉིས་ཏེ། རིང་པོ་དང༌། ཤིན་ཏུ་རིང་པོའོ། །དང་པོ་ལ་རྣམ་པ་བརྒྱད་ཡིན་ཏེ། ཨཱ་ཨཱི་ཨཱུ་རཱྀ་ཨེ་ཨཻ་ཨོ་ཨཽ་རྣམས་སོ། །གཉིས་པ་ཡང་རྣམ་པ་དགུ་ཡིན་ཏེ། སྔ་མ་བརྒྱད་པོའི་མཐར་གསུམ་ནི་ཨཾ་ག་བཏགས་པ་ཡིན་ལ། དེའི་མིང་པ་ལླུ་ཏའི་རྟགས་ཅན་ཞེས་བྱ་ལ། བརྒྱད་པོ་དེ་དང་དགུ་པ་ལཱྀ་རྣམས་སོ། །དེ་ལྟར་དབྱངས་ཡིག་ཉི་ཤུ་རྩ་གཉིས་སོ། །སྨྲ་སྒོ་ལས། སྒྲིམ་དང་གློད་ལ་རིང་པོ་མེད། །ཅེས་རྀ་ལྀ་གཉིས་ལ་རིང་པོ་མེད་པར་བཤད་མོད། འདིར་བཤད་པ་ནི་སྡེབ་སྦྱོར་གྱི་ལུགས་སོ། །གསལ་བྱེད་ཀྱི་ཡི་གེ་ནི་སུམ་ཅུ་རྩ་བདུན་ཏེ། ཀ་ནས་ཀྵའི་བར་སོ་གསུམ་པོའི་སྟེང་དུ། རྗེས་སུ་ང་རོ་དང༌། རྣམ་བཅད་དང༌། ལྕེ་རྩ་ཅན་དང༌། མཆུ་ཅན་ཏེ། བཞི་བསྣན་པའོ། །ཡི་གེ་ལྕི་ཡང་གི་ཁྱད་པར་ཤན་ཕྱེད་པའི་དོན་དུ། པྲསྟ་ར་ཞེས་པའི་རི་མོ་འགོད་པར་བྱ་ལ། དེ་ཡང་ཇི་ལྟར་ཞེ་ན། ཡི་གེ་ཡང་བ་རྣམས་ཀྱི་འོག་ཏུ་ཤད་ཀྱི་རྣམ་པ་ཅན་གྱི་རི་མོ་དྲང་པོ་བྲི། ལྕི་བ་རྣམས་ཀྱི་འོག་ཏུ་རི་མོ་འཁྱོག་པ་ཤད་ཀྱི་རྣམ་པ་ཅན་བྲི། ཤིན་ཏུ་ལྕི་བ་དགུའི་འོག་ཏུ་རི་མོ་སུམ་འཁྱོག་ཤད་ཀྱི་རྣམ་པ་ཅན་བྲིའོ། །གཉིས་པ་ནི། གང་ལ་སྡེབ་སྦྱོར་བྱ་བའི་ཡུལ་གྱི་ཚིག་ནི་རྣམ་པ་གཉིས་ཏེ། ཚིགས་སུ་བཅད་པ་དང༌། ལྷུག་པའོ། །དང་པོ་ལ་གཉིས་ཏེ། ཡི་གེ་བགྲང་བ་འཕེལ་བ་ཞེས་བྱ་བ་དང༌། ཕྱི་མོ་བགྲང་བ་བསྐྱེད་པ་ཞེས་བྱ་བའོ། །དང་པོ་ལ་ཡི་གེ་གཅིག་ནས་ཉི་ཤུ་རྩ་དྲུག་གི་བར་རྐང་པ་རེ་རེ་ལ་ཡོད་པའི་ཚིགས་བཅད་དང༌། ཉི་ཤུ་རྩ་བདུན་ཕན་ཆད་གྲངས་ཀྱི་ངེས་པ་མེད་པ་རྒྱུན་ཆགས་ཞེས་བྱའོ། །དེ་དག་གི་མིང་ནི། ཡི་གེ་གཅིག་ལ་བརྗོད་པ་ཞེས་བྱ། གཉིས་པ་ལ་ཤིན་ཏུ་བརྗོད་པ། གསུམ་པ་ལ་ལྷ་གཅིག་བར་མ། བཞི་པ་རབ་གནས། ལྔ་པ་ལེགས་པར་རབ་གནས་ཞེས་བྱའོ། །དྲུག་པ་དབྱངས་སྒྲོགས། བདུན་པ་རབ་དགའ། བརྒྱད་པ་རྗེས་སུ་བསྔགས་པ། དགུ་པ་བྲི་ཧ་ཏི། བཅུ་པ་འཕྲེང་ལྡན། བཅུ་གཅིག་པ་གསུམ་བསྔགས། དེ་དག་ནི་རྐྱང་པ་ཡིན་ནོ། །དེ་ནས་བཅུ་གཉིས་པ་སྐྱེ་འགྲོ། བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ། བཅུ་བཞི་པ་མིང་ལྡན། བཅུ་ལྔ་པ་ཤིན་ཏུ་མིང་ལྡན། བཅུ་དྲུག་པ་ལེགས་སྤྱོད། བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད། བཅོ་བརྒྱད་པ་བསྟན་འཛིན། བཅུ་དགུ་པ་ཤིན་ཏུ་བསྟན་འཛིན། ཉི་ཤུ་པ་བྱེད་ལྡན། ཉེར་གཅིག་པ་ཤིན་ཏུ་བྱེད་ལྡན། ཉེར་གཉིས་པ་ཀུན་བྱེད། ཉེར་གསུམ་པ་རྣམ་བྱེད། ཉེར་བཞི་པ་ལེགས་བྱེད། ཉེར་ལྔ་པ་ཤིན་ཏུ་ལེགས་བྱེད། ཉེར་དྲུག་པ་ལྷག་པར་བྱེད་པ་ཞེས་བྱ་བ་རྣམས་སོ། །འདི་དག་ལ་ནི་རྐང་པ་ཅན་ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་ཚང་བའི་དོན་ཏོ། །ཡི་གེ་ཉེར་བདུན་པ་ཕན་ཆད་ནི་རྒྱུན་ཆགས་སུ་འགྱུར་ལ། དེའི་དབྱེ་བ་ནི་གཏུམ་པའི་ཆར་འབེབས་ཞེས་བྱ་བ་དང༌། ཆུ་རྒྱུན་དང་ཆུ་གཏེར་དང༌། སྦྲུལ་དང༌། ཆར་སྤྲིན་དང༌། རོལ་པའི་འབྱུང་གནས་དང༌། ཤིན་ཏུ་ཀླུབ་པ་དང༌། དུང་ཞེས་བྱ་བ་རྣམས་སོ། །དེ་བཞིན་དུ་རབ་བསགས་ཅེས་བྱ་བའི་སྡེབ་སྦྱོར་ལ་ཡང་དབྱེ་བ་དེ་དག་རྣམས་སོ། །དེ་ལྟར་བཤད་པ་དེ་ནི་སྤྱིའི་མིང་ཡིན་ལ། དེ་དག་གི་ནང་ཚན་སོ་སོའི་མིང་ནི། དྲུག་པ་དབྱངས་སྒྲོགས་ཀྱི་བྱེ་བྲག དབུས་ཕྲ་དང་ཆུ་སྲིན་མགོ་ཞེས་བྱ་བ་གཉིས་སོ། །བདུན་པ་རབ་དགའི་བྱེ་བྲག་ནི། གཞོན་ནུ་རོལ་པ་གཅིག་པོའོ། །བརྒྱད་པ་རྗེས་སུ་བསྔགས་པའི་བྱེ་བྲག་ནི། འདྲ་མཚུངས་དང༌། གཞལ་དཔག་དང༌། རྐང་བཀྲ་དང༌། གློག་གི་ཕྲེང་བ་དང༌། བྲམ་ཟེའི་བུ་ཞེས་བྱ་བ་རྣམས་སོ། །དགུ་པ་བྲི་ཧ་ཏའི་བྱེ་བྲག་ནི་གཤོལ་གདོང་དང་ལྟོ་འགྲོའི་བུ་ཞེས་བྱ་བ་གཉིས་སོ། །བཅུ་པ་འཕྲེང་ལྡན་གྱི་བྱེ་བྲག་ནི། དག་པར་སྣང་བ་དང༌། ལྔ་པ་ཎ་ཧ་དང༌། རྨ་བྱའི་འགྲོས་དང༌། གསེར་ལྡན་དང༌། ཉན་ཐོས་མ་ཞེས་བྱ་བ་རྣམས་སོ། །བཅུ་གཅིག་པ་གསུམ་སྔགས་ལ། ཉེར་འཁོད་དང༌། དབང་པོའི་རྡོ་རྗེ་དང༌། ཉེ་དབང་རྡོ་རྗེ་དང༌། དྲན་པའི་དབང་པོ་ཞེས་བྱ་བ་གསུམ་ཡོད་ལ། དེ་ལ་དབྱེ་ན། འཇོ་བ་པོ་དང༌། ས་ལི་ནི་དང༌། རྦ་རླབས་ཀྱི་ཕྲེང་བ་དང༌། བུང་བ་རོལ་པ་དང༌། ཤིང་རྟ་དྲེག་པ་དང༌། ལེགས་འོངས་དང༌། ཟླུམ་པོ་དང༌། བཟང་ལྡན་དང༌། བྱ་ཁྲ་དང༌། ཉེར་གནས་ཞེས་བྱ་བ་རྣམས་སོ། །བཅུ་གཉིས་པ་སྐྱེས་འགྲོ་བའི་བྱེ་བྲག་ལ་དབྱེ་ན། ཟླ་བའི་ལམ་དང༌། རྒྱུད་གནས་དང༌། དབང་པོའི་རྒྱུད། ཁ་སྦྱོར་དང༌། ཆུ་འཐོར་འགྲོ་དང༌། ཏེ་ཏྲ་ཀ་དང༌། དལ་མྱུར་དང༌། ལྟོ་ཕྱེ་རབ་ཏུ་ལྟུང་བ་དང༌། མེ་ཏོག་ཕྲེང་རྒྱུད་དང༌། ཡི་གེ་ཉུང་ངུ་དང༌། སྣ་ཚོགས་ལྷ་མོ་དང༌། ཆུ་སྲིན་ཕྲེང་བ་དང༌། དལ་གྱིས་འབབ་པ་དང༌། ཡ་མུ་ན་དང༌། ཕྲེང་བ་གསར་སྟོན་ཞེས་བྱ་བ་རྣམས་སོ། །བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོ་བའི་བྱེ་བྲག་ནི། རབ་ཏུ་དགའ་ལྡན་དང༌། དགའ་མཛེས་དང༌། མྱོས་པའི་རྨ་བྱ་དང༌། ཡིད་འོང་ངང་པ་དང༌། འཇམ་པའི་ངག་ཅེས་བྱ། བཅུ་བཞི་པ་ནུས་ལྡན་གྱི་བྱེ་བྲག་ལས་ཕྱེ་ན། གནོད་མེད་དང༌། གཞན་གྱི་མི་ཐུབ་པ་དང༌། མཚོན་ཆ་ཁ་འབུས་དང༌། དཔྱིད་ཀྱི་ཐིག་ཆེན་དང༌། ནོར་འཛིན་ཞེས་བྱ་བ་རྣམས་སོ། །བཅོ་ལྔ་པ་ཤིན་ཏུ་ནུས་ལྡན་གྱི་བྱེ་བྲག་ནི། རི་བོང་ཅན་གྱི་ཆ་དང༌། མེ་ཏོག་གི་ཕྲེང་བ་དང༌། ཡོན་ཏན་ནོར་བུའི་ཚོགས་དང༌། ཕྲེང་ལྡན་མ་དང༌། ཚིག་ལྡན་ཞེས་བྱ་བ་རྣམས་སོ། །བཅུ་དྲུག་པ་ལེགས་སྤྱད་ཀྱི་བྲེ་བྲག་ནི། གླང་ཆེན་མཆོག་རྩེན་དང༌། ལེ་བརྒན་རྩི་ཞེས་བྱ་བ་རྣམས་སོ། །བཅུ་བདུན་པ་ཤིན་ཏུ་ལེགས་སྤྱོད་ཀྱི་བྲེ་བྲག་ནི། རྩེ་མོ་ཅན་མ་དང༌། ཡངས་ལྡན་མ་དང༌། བདུད་རྩི་ཞེས་བྱ་བ་དང༌། སྨྱུག་མདའ་ལྟུང་བ་ཞེས་བྱ་བ་དང༌། རི་དྭགས་མོ་ཞེས་བྱ་བ་དང༌། དལ་གྱི་སྣོན་ཞེས་བྱ་བ་དང༌། ཁུ་བྱུག་ཅེས་བྱ་བ་རྣམས་སོ། །བཅོ་བརྒྱད་པ་བསྟན་འཛིན་གྱི་བྱེ་བྲག་ནི། མེ་ཏོག་གཡོ་བའི་འཁྲིལ་ཤིང་དང༌། ལྕགས་མདའ་ཞེས་བྱ་བ་གཉིས་སོ། །བཅུ་དགུ་པ་ཤིན་ཏུ་བསྟན་འཛིན་གྱི་བྲེ་བྲག་ནི། སྤྲིན་རྣམས་སྒྲ་སྒྲོགས་པ་ཞེས་བྱ་བ་དང༌། སྟག་རྣམ་པར་རྩེན་པ་ཞེས་བྱ་བ་གཉིས་སོ། །ཉི་ཤུ་པ་བྱེད་ལྡན་ལ། ཁ་མཛེས་དང༌། ཟླུམ་པོ་ཞེས་བྱ་བ་གཉིས་སོ། །ཉེར་གཅིག་པ་རབ་ཏུ་བྱེད་ལྡན་ལ་དབྱེ་ན། མེ་ཏོག་ཕྲེང་འཛིན་ཞེས་བྱ་བ་གཅིག་པོའོ། །ཉེར་གཉིས་པ་ཀུན་བྱེད་ལ་དབྱེ་ན། ཟབ་མོའི་དབྱངས་ཞེས་བྱ་བ་གཅིག་པོའོ། །ཉེར་གསུམ་པ་རྣམ་འབྱེད་ལ་དབྱེ་ན། རྟ་རོལ་པ་དང༌། ཉན་ཐོས་རྩེན་མ་གཉིས་སོ། །ཉེར་བཞི་པ་ལེགས་བྱེད་ནི། ལུས་ཕྲ་ཞེས་བྱ་བ་གཅིག་པོའོ། །ཉེར་ལྔ་པ་ཤིན་ཏུ་ལེགས་བྱེད་ནི། ཁྲུང་ཁྲུང་རྐང་ཞེས་བྱ་བ་གཅིག་པོའོ། །ཉེར་དྲུག་པ་ལྷག་པར་བྱེད་ལ་དབྱེ་ན། ལྟོ་འགྲོ་རྣམ་བསྒྱིང་དང༌། ཟློག་ཕྱོགས་འབབ་ཅེས་བྱ་བ་གཉིས་སོ། །ཇི་སྐད་བཤད་པའི་མིང་ཅན་དེ་དག་ཐམས་ཅད་ནི། མཉམ་པའི་རྒྱུད་འཕེལ་བ་ཞེས་བྱ་བ་ཡིན་ནོ། །དེ་ནས་གཉིས་པ་ཕྱེད་མཉམ་པའི་རྒྱུད་འཕེལ་གྱི་དབྱེ་བ་ནི་མྱུར་བའི་དབུས་དང༌། ཤུག་ལྡན་དང༌། བཟང་པོའི་སྣང་བ་དང༌། རྟོགས་ལྡན་དང༌། ཀུན་སྒྲགས་དང༌། ཟློག་པའི་ཀུན་སྒྲགས་དང༌། རི་དྭགས་མཆོངས་དང༌། གཞན་གྱི་ཁ་དང་མེ་ཏོག་རྒྱས་པའི་རྩེ་མོ་དང༌། ནུས་ལྡན་མ་དང་གཙུག་ཕུད་ཅན་དང༌། རྐང་པ་འཁྱོག་པོ་ཞེས་བྱ་བ་རྣམས་སོ། །དེ་ནས། གསུམ་པ། མི་མཉམ་པའི་སྡེབ་སྦྱོར་གྱི་དབྱེ་བ་ནི། ཁ་སྒོ་དང༌། རྐང་བཞི་འཕེལ་དང༌། སྟེང་འགྲོ་དང༌། དལ་གྱི་འགྲོ་བ། ཞེས་བྱ་བ་རྣམས་སོ། །དེ་ལྟར་རྒྱུད་འཕེལ་གྱི་མིང་བསྟན་ཟིན་ནས་བསྐྱེད་པའི་སྡེབ་སྦྱོར་གྱི་དབྱེ་བ་ནི། འཕགས་པ་དང༌། རོ་ལངས་ཅན་དང༌། ཕྱི་མོ་མཉམ་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །དང་པོ་ལ་དབྱེ་ན། ཕན་བྱེད་དང༌། སྤང་མ་དང༌། གྱ་གྱུ་དང༌། ཁ་སྒོ་གྱ་གྱུ་དང༌། ལུས་རྟེན་གྱི་གྱུ་དང་དབྱངས་དང༌། ཉེ་བའི་དབྱངས་དང༌། འཕགས་པའི་དབྱངས་ཞེས་བྱ་བ་རྣམས་སོ། །རོ་ལངས་ཅན་ལ་དབྱེ་ན། ཉེ་བའི་སྡེབ་སྦྱོར་དང༌། ཀུན་ནས་སྲབ་པ་དང༌། སྔོན་འཕེལ་དང༌། ཕྱི་འཕེལ་དང༌། རབ་ཏུ་འཕེལ་དང༌། གཞན་གྱི་མཐའ་ཅན་དང༌། མཛེས་རྒོད་མ་རྣམས་སོ། །གསུམ་པ་ཕྱི་མོ་མཉམ་པ་ལ་དབྱེ་ན། མི་གཡོ་བ་དང༌། བརྟན་པ་དང༌། ཉེ་བར་བཀྲ་བ་དང༌། ཁྱད་པར་ཚིགས་བཅད་དང༌། ནགས་ཁྲོད་གནས་དང༌། བཀྲ་བ་དང༌། རྐང་འཁྲུགས་དང༌། ལུས་མེད་བརྩེན་དང༌། ཤིན་ཏུ་གསལ་མཛེས་ཞེས་བྱ་བ་རྣམས་སོ། །དེ་དག་གིས་ནི་སྡེབ་སྦྱོར་གྱི་མིང་རྣམས་བཤད་ཟིན་ཏོ། །གཉིས་པ་ངོ་བོ་ངོས་བཟུང་བ་ནི་འདི་ལྟར། ཡི་གེ་བགྲང་བ་འཕེལ་བ་སྟེ། །ཚེག་བར་རེ་རེ་གཅིག་ཏུ་བགྲང༌། །ཕྱི་མོ་བགྲང་བ་བསྐྱེད་པ་སྟེ། །ཕྱི་མོ་དུ་ཡོད་གྲངས་ཀྱི་ནི། ཡི་གེ་ལྕི་བའང་གཉིས་སོགས་བགྲང༌། །གཉིས་ཀའང་དབྱངས་ཡིག་བགྲང་བྱེད་ཀྱི། །གསལ་བྱེད་བགྲང་བ་མི་བྱའོ། །རྐང་པ་དང་པོ་སྡེབ་སྦྱོར་ལྟར། །རྐང་བཞི་མཚུངས་ན་མཉམ་པ་ཡིན། །དབྱེ་ན་རྐྱང་པ་རྐང་ཅན་གཉིས། །དང་པོ་གཅིག་ནས་ལྔ་ཡི་བར། །གཉིས་པ་དྲུག་ནས་ཉེར་དྲུག་བར། །ཏ་ཡ་གསུམ་སྡོད་དབུས་ཕྲ་ཡིན། །གཞོན་ནུ་རོལ་པ་ཛ་ས་ལྕི། །ལྕི་ཡང་སྤེལ་ནས་ལན་བཞི་སྦྱར། །རྗེས་སུ་བསྔགས་པའི་འདྲ་མཚུངས་ཏེ། །དེ་ཉིད་ཟློག་པ་གཞལ་དཔག་ཡིན། །བྷ་གཉིས་ལྕི་བ་གཉིས་རྐང་ཁྲ། །མ་གཉིས་ལྕི་བ་གཟུང་བཟློག་ཕྲེང༌། །བྷ་ཏ་ཡང་ལྕི་བྲམ་ཟེའི་བུ། །ར་ན་ས་ནི་བཤོལ་གདོང་ཡིན། །ན་ན་མ་ནི་ལྟོ་འགྲོ་བུ། །མ་ས་ཛ་ཀ་དག་པར་སྣང༌། །མ་ན་ཡ་ལྕི་བ་ཎ་ཧ། །ར་ཛ་ར་ག་རྨ་བྱའི་འགྲོས། །བྷ་མ་ས་ག་གསེར་ལྡན་འགྱུར། །མ་བྷ་ས་ག་མྱོས་མ་ཡིན། །ར་ཛ་ཛ་ག་ག་ཉེར་འཁོད། །ཏ་གཉིས་ཛ་མཐར་ལྕི་བ་གཉིས། །དབང་པོའི་རྡོ་རྗེའི་ཚིགས་བཅད་ཡིན། །ཛ་ཏ་ཛ་མཐར་ལྕི་བ་གཉིས། །ཉེ་དབང་རྡོ་རྗེ་ཞེས་བྱར་འདོད། །རྡོ་རྗེ་རྣམ་གཉིས་བསྲེས་པ་ལ། །ཉེར་བསྐྱེད་ཅེས་བྱ་དྲན་དབང་འདོད། །བྷ་གསུམ་ག་གཉིས་སྡེབས་པ་ལ། །འཇོ་བ་པོ་ཞེས་ཚིག་མཁན་འདོད། །མ་ལྕི་ར་གཉིས་ལྕི་རིག་བྱེད། །རི་ལ་འཇོག་པ་ས་ལི་ཡིན། །མ་ལྕི་ས་ར་ལྕི་སྔོན་བཞིན། །ངལ་གསོ་རླུང་གི་རྦ་རླབས་ཕྲེང༌། །མ་ལྕི་ན་གཉིས་ལྕི་སྔོན་བཞིན། །འཇོག་པ་བུང་བ་རོལ་པ་ཡིན། །ར་ན་ར་མཐར་ཡང་དང་ལྕི། །སྔར་བཞིན་ངལ་གསོ་ཤིང་རྟ་དྲེགས། །ར་ན་བྷ་མཐར་ལྕི་དང་ལྕི། །ལེགས་པར་སྦྱར་ལེགས་འོང་ཡིན། །ན་གཉིས་པ་མཐར་ལྕི་བ་ཟུང༌། །སྡེབས་ལེགས་དེ་ནི་ཟླུམ་པོར་བཞེད། །ན་ན་ར་མཐར་ཡང་དང་ལྕི། །སྦྱར་བའི་སྡེབ་སྦྱོར་བཟང་ལྡན་ཡིན། །ར་ཛ་ར་མཐར་ཡང་དང་ལྕི། །སྦྱར་བ་གཉིས་ཞེས་བློ་དབང་འདོད། །ཛ་ས་ཏ་མཐར་ལྕི་བ་ཟུང༌། །སྦྱར་བ་ཉེ་བར་གནས་ཞེས་ཟེར། །ར་ན་བྷ་ས་ཟླ་བའི་ལམ། །ཛ་ཏ་ཛ་ར་རྒྱུད་གནས་ཡིན། །ཏ་ཏ་ཛ་ར་དབང་པོའི་རྒྱུད། །ན་གཉིས་ལྕི་གཉིས་ར་ལྕི་བ། །བརྒྱད་དང་བཞི་སྡོད་ཁ་སྦྱོར་ཡིན། །ཛ་ས་ལན་གཉིས་དྲུག་པ་ལ། །ངལ་གསོ་བ་ནི་ཆུ་འཐོར་འགྲོ། །ས་བཞི་སྦྲེལ་བ་ཏོ་ཏྲ་ཀ །ན་བྷ་བྷ་ར་དལ་མྱུར་ཡིན། །ཡ་བཞི་ལྟོ་འཕྱེ་རབ་ཏུ་ལྟུང༌། །མེ་ཏོག་ཕྲེང་རྒྱུད་ར་བཞི་པ། །ས་ཛ་ས་གཉིས་ཡི་གེ་ཉུང༌། །མ་ལྕི་ལྕི་བ་ར་གཉིས་ལྕི། །མདའ་རིར་ངལ་གསོ་སྣ་ཚོགས་ལྷ། །མ་ལྕི་ན་ཡ་ལྕི་བ་གཉིས། །བཞི་བརྒྱད་འཇོག་པ་ཆུ་སྲིན་ཕྲེང༌། །ན་གཉིས་ར་གཉིས་དལ་གྱི་འབབ། །ན་ཛ་ཛ་ར་ཡ་མུ་ན། །ན་ཛ་བྷ་ཡ་ཕྲེང་བར་སར། །མ་ན་ཛ་ར་ལྕི་ཡོན་ཏན། །ཕྱོགས་སུ་སྡོད་པ་རབ་སྤྲོ་མ། །ཛ་ལྕི་ན་ཛ་ར་ཆུ་གཏེར། །དགུ་ལ་ངལ་གསོ་དགའ་མཛེས་ཡིན། །མ་ལྕི་བྷ་ཏ་ཡ་སྔོན་བཞིན། །ངལ་གསོ་མྱོས་པའི་རྨ་བྱའོ། །ས་ཛ་ས་གཉིས་ལྕི་བ་གཅིག །ཡིད་འོངས་ངང་པའི་སྡེབ་སྦྱོར་ཡིན། །ས་ཛ་གཉིས་ལྟབས་མཐར་ལྕི་བ། །འཇམ་པའི་ངག་གི་སྡེབ་སྦྱོར་ཡིན། །མ་མཐར་གཉིས་ལྕི་ན་གཉིས་མ། །རྐང་ལྡན་དེ་ནི་སྣོད་མེད་ཡིན། །ན་གཉིས་མཐར་ལྕི་ཛ་གཉིས་ལྕི། །བདུན་འཇོག་གཞན་གྱི་མི་ཐུབ་པ། །ན་གཉིས་ལྕི་བ་ལན་གཉིས་བསྒྱུར། །མཚོན་ཆ་ཁ་འབུས་བདུན་པར་སྡོད། །ཏ་བྷ་ཛ་གཉིས་ལྕི་བ་གཉིས། །དཔྱིད་ཀྱི་ཐིག་ལེའི་སྡེབ་སྦྱོར་ཡིན། །ས་མཐར་ཡང་ལྕི་ན་ར་གཉིས། །མདའ་དང་གཟའ་སྡོད་ནོར་འཛིན་ཡིན། །ཡང་བ་བཅུ་བཞི་སྦྲེལ་བའི་མཐར། །གཅིག་ལྕི་རི་བོང་ཅན་གྱི་ཆ། །དེ་ཉིད་རོ་དང་གཟའ་གནས་སུ། །ངལ་གསོ་བ་ནི་མེ་ཏོག་ཕྲེང༌། །དེ་ཉིད་ནོར་ལྷ་ཐུབ་པ་རུ། །ངལ་གསོ་ཡོན་ཏན་ནོར་བུའི་ཚོགས། །ན་གཉིས་ལྕི་གཉིས་ར་གཉིས་ལྕི། །ནོར་དང་རིར་འཇོག་ཕྲེང་ལྡན་མ། །ན་ཛ་བྷ་ཛ་ར་སྦྲེལ་ལོགས། །རྒྱ་མཚོ་ཞེས་བྱའི་སྡེབ་སྦྱོར་ཡིན། །བྷ་ར་ཡ་དང་ན་གཉིས་པ། །གླང་ཆེན་ཕྱོགས་བརྩེན་རི་ཕུག་སྡོད། །ཛ་ན་བྷ་ཛ་ར་ལྕི་བ། །ལེབ་རྒན་རྩི་ཞེས་རྒྱུད་མཁན་འདོད། །ཡ་མ་ན་ས་བྷ་ཡ་ལྕི། །རྩེ་ལྡན་མ་དེ་རོ་དྲག་སྡོད། །ཛ་ས་ཡང་ལྕི་ན་ར་གཉིས། །ཡང་ལྡན་ནོར་ལྷ་བུ་གར་སྡོད། །དེ་ཉིད་ལག་པ་ཡོན་ཏན་དང༌། །ཚིག་མཐར་སྡད་ན་བདུད་རྩི་ཡིན། །བྷ་ར་ན་ལྕི་ན་ན་ལྕི། །སྨྱུག་འདབ་ལྷུང་བ་ཕྱོགས་ཐུབ་སྡོད། །ན་ས་མ་ལྕི་ཛ་གཉིས་ལྕི། །རོ་ཆུ་དབྱངས་སྡོད་རི་དྭགས་མོ། །མ་ལྕི་ན་ས་ར་གཉིས་ལྕི། །ཆུ་དུས་རིར་འཇོག་དལ་གྱིས་མནོན། །ན་ཛ་ལྕི་ན་བྷ་བྷ་ལྕི། །རི་རོ་ཆུ་སྡོད་ཁུ་བྱུག་ཡིན། །མ་དང་ལྕི་གཉིས་ན་ས་ར། །ར་ལྕི་འཁྲིལ་ཤིང་གནས་གསུམ་སྡོད། །ན་གཉིས་ར་བཞི་སྦྲེལ་བ་ལ། །ལྕགས་མདའ་ཞེས་བྱའི་ཚིག་ལྡན་འབྱུང༌། །ཡ་མ་ན་ས་ར་གཉིས་ལྕི། །དུས་དྲུག་རིར་སྡོད་སྤྲིན་རྣམས་སྒྲོགས། །མ་ས་ཛ་ས་ཏ་གཉིས་ལྕི། །ཉི་མ་རྟ་ལ་སྡོད་པ་ནི། །སྟག་གམ་སེང་གེ་རྣམ་པར་བརྩེན། །ཁ་མཛེས་མ་ར་ལྕི་ན་གཉིས། །ལྕི་དང་ཏ་ས་གནས་གསུམ་སྡོད། །ར་ཛ་གསུམ་སྦྲེལ་ལྕི་དང་ཡང༌། ཟླུམ་པོ་ཞེས་ནི་མཁས་རྣམས་འདོད། །མ་ར་ན་གཉིས་ར་གཉིས་ཀྱི། །བདུན་སར་ལྕི་སྡོད་ཕྲེང་རྒྱུད་འཛིན། །བྷ་ར་ན་ལྕི་ཛ་བ་གཉིས། །ཟབ་མོའི་དབྱངས་ཞེས་རབ་ཏུ་གྲགས། །ན་ཛ་བྷ་ཡང་ལྕི་ཛ་ས། །ཛ་ས་གཉིས་སྡོད་རྟ་རོལ་པ། །མྱོས་བརྩེན་མ་གཉིས་ལྕི་གཉིས་ན། །ཡང་གཉིས་ན་གསུམ་ལྕི་གསུམ་སྡོད། །ལུས་ཕྲ་བྷ་ལྕི་ལྕི་དང༌། །ན་གཉིས་ལྕི་བ་བྷ་གཉིས་ན། །ཡ་རྣམས་མདའ་དང་དབྱངས་རྣམས་ཉི་མར་སྡོད། །བྷ་ལྕི་ལྕི་དང་བྷ་དང་ལྕི་གཉིས་ན་གཉིས་ཡང་བ་གཉིས། །ན་གཉིས་ལྕི་བ་གཞིར་འཇོག་ཁྲུང་ཁྲུང་རྐང༌། །མ་གཉིས་ལྕི་གཉིས་ན་གཉིས་ཡང་གཉིས་པ་དང་ཛ་ཡིག་གཉིས། །ལྕི་བ་གཞི་སྡོད་ལྟོས་འགྲོ་རྣམ་པར་བསྒྱིང༌། །ཡི་གེ་ཉི་ཤུ་རྩ་བདུན་ནས། །འབྲེལ་ལྡན་སྡེབ་སྦྱོར་རྒྱུད་ཆགས་ཡིན། །ན་གཉིས་ར་བདུན་སྦྱར་བ་ནས། །ཇི་སྲིད་ར་ནི་བཅུ་བཞིའི་བར། །རེ་རེ་སྤེལ་བས་གཏུམ་པ་ནས། །དུང་གི་བར་དུ་གྲགས་པ་ཡིན། །རབ་བསགས་རྒྱུད་ཆགས་འདྲ་བ་ལ། །འོན་ཀྱང་ཁྱད་པར་ཡ་ལ་སྦྱོར། །མཉམ་པའི་རྒྱུད་འཕེལ་བཤད་ཟིན་ཏོ། །ཚིག་རྐང་ཟླ་བ་ཡོན་ཏན་མཚུངས། །ལག་པ་རྒྱ་མཚོའི་མཚན་ཉིད་གཅིག །ཕྱེད་མཉམ་སྤྱི་ཡི་མཚན་ཉིད་ཡིན། །ས་གསུམ་ལ་ག་ཟུང་མིན་པ། །ཟུང་ལ་བྷ་གསུམ་ག་གཉིས་པ། །འདི་ནི་ཉེར་བཀྲའི་སྡེབ་སྦྱོར་ཡིན། །རྐང་པ་བྷ་གསུམ་ག་གཉིས་དང༌། །ན་ཛ་ཛ་ཡ་ཕྲུགས་ལ་སྦྲེལ། །མྱུར་བའི་དབུས་ཞེས་མཁས་རྣམས་འདོད། །རྐྱང་པ་ས་གསུམ་ག་ཟུང་ལ། །བྷ་གསུམ་ག་གཉིས་ཤུག་ལྡན་མ། །ར་ཛ་ར་ག་རྐྱང་ཟུང་ལ། །མ་ས་ཛ་ག་བཟང་པོའི་སྣང༌། །རྟོག་ལྡན་ས་ཛ་ས་ཅི་རྐྱང༌། །ཕྲུགས་ལ་བྷ་ར་ན་གཉིས་ལྕི། །ཀུན་སྒྲགས་ཏ་གཉིས་ཛ་ག་ག །ཟུང་ལ་ཛ་ཏ་ཛ་ག་ག །ཡར་འཚམ་དེ་ལས་ཟློག་པ་ནི། །ཟློག་པའི་ཀུན་བསྒྲགས་ཞེས་སུ་གྲགས། །ས་གསུམ་ཡང་ལྕི་རྐྱང་པ་ལ། །ན་བྷ་བྷ་ར་ཟུང་རི་དྭགས། །ན་གཉིས་ར་ལ་ག་རྐྱང་པར། །ཟུང་ལ་ན་ཛ་ཛ་ར་ཁ། །ན་གཉིས་ར་ཡི་རྐྱང་ཟུང་ལ། །ན་ཛ་ཛ་ར་ག་མེ་ཏོག་རྒྱས། །ནུས་ལྡན་རྐྱང་པར་ར་ཛ་གཉིས། །ཟུང་ལ་ར་ཛ་ལན་གཉིས་ག །རྐྱང་པ་ཉི་ཤུ་བརྒྱད་མཐར་ལྕི། །ཟུང་ལ་སུམ་ཅུའི་མཐར་ལྕི་བ། །གཙུག་ཕུད་ཅེས་བྱ་དེ་ཟློག་ན། །རྐང་པ་འཁྱོག་པོ་ཞེས་བྱར་འགྱུར། །ཕྱེད་མཉམ་འཕེལ་བ་བཤད་ཟིན་ཏོ། །མི་མཉམ་འཕེལ་བའི་མཚན་ཉིད་ནི། །སྡེབ་སྦྱོར་མཚན་ཉིད་མི་འདྲ་བའི། །རྐང་བཞི་ལྡན་པ་མི་མཉམ་པའོ། །ཡི་གེ་བརྒྱད་ལས་སྡེབས་པ་འགའ། །ཁ་སྒོ་བཟློག་ན་བླ་བྲེ་ཡིན། །ཐོག་མའི་རྐང་པ་ཡི་གེ་བརྒྱད། །དེ་བཞི་བསྐྱེད་རྐང་བཞི་འཕེལ། །སྔོན་གཉིས་ཕྱོགས་ཕྱོགས་བཞི་གསུམ། །གསུམ་པ་འགྱུར་བ་སྟེང་འགྲོ་ཡིན། །བཅུ་བཞི་བཅུ་གསུམ་དགུ་ཉི་ཤུ། །གསུམ་པའི་རྐང་པ་སོ་སོར་འགྱུར། །རྒྱུད་འཕེལ་དབྱེ་བ་བཤད་ཟིན་ཏོ། །དེ་ནས་བསྐྱེད་པའི་དབྱེ་བ་ནི། །འཕགས་པ་ཕལ་ཆེར་མི་མཉམ་མཚུངས། །རོ་ལང་ཅན་ནི་ཕྱེད་མཉམ་འདྲ། །ཕྱི་མོ་མཉམ་པ་མཉམ་པ་བཞིན། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་འདི་རྣམས་མཁས་པ་ཆེན་པོ་ཤནྟི་པས་མཛད་པའི་བསྟན་བཅོས་རིན་ཆེན་འབྱུང་གནས་བོད་དུ་མ་འགྱུར་བའི་གོང་དུ་དཔལ་ལྡན་ས་སྐྱ་པཎྜི་ཏས་སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ་ཞེས་བྱ་བའི་བསྟན་བཅོས་སུ་ལེགས་པར་བསྒྱུར་ནས་དྲངས་པ་དེ་ཉིད་འདིར་བྲིས་པའོ། །གསུམ་པ་དེ་དག་གི་དཔེར་བརྗོད་རིང་བློས་སྦྱར་བ་ལ། སྡེབ་སྦྱོར་རྣམས་ཀྱི་ཐོག་མར་དབུས་ཕྲའི་དཔེར་བརྗོད་ལ་བོད་སྐད་དུ་སྦྱར་བ་དང༌། སཾ་སྐྲྀ་ཏའི་སྐད་དུ་སྦྱར་བའོ།།  །།ན་མོ་མཉྫུ་ཤྲཱི་ཡེ། འཇིགས་མེད་སེང་གེའི་ཁྲི་ལ་ངེས་འཁོད་ནས། །ཇི་ལྟའི་དོན་ལ་ཆགས་པ་མི་མངའ་ཞིང༌། །ཇི་སྙེད་ཆོས་རྣམས་ཐོགས་པ་མེད་གསུང་བ། །སྨྲ་མཁས་སྟོན་པ་དེ་ལ་ཕྱག་འཚལ་ལོ། །བརྩེ་ཆེན་སྟོན་པ་དེ་ཡི་བསྟན་པ་ལ། །སྔོན་གོམས་གྱུར་པས་ངང་གིས་བག་ཡོད་ཅིང༌། །ཚུལ་ཁྲིམས་ཁང་བཟང་ཐོས་པའི་རྒྱལ་མཚན་གཡོ། །བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་ཀྱིས། །སྤྲིང་ཡིག་ཕོ་ཉ་རྣམ་དཔྱོད་ལང་ཚོ་ཅན། །འབེལ་གཏམ་སྐྱེ་མཆེད་མཚར་བ་འདིར་འོངས་ནས། །ཡིད་གཅུགས་གཏམ་གྱི་སྦྱོར་བ་མང་བྱས་ཏེ། །ཀུན་དགའི་བཞད་ཕྲེང་སྤེལ་བ་འདི་ཡིན་ནོ། །དེ་ཡང་འདི་ལྟར། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་དགེ་བའི་བཤེས་གཉེན་གྱི་གཟུགས་སུ་བྱོན་ནས། གངས་ཅན་པ་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་སྤྲུལ་པ་ནི། རྗེ་བཙུན་ས་སྐྱ་པཎྜི་ཏ་ཞེས་མཚན་རྣམ་པར་དཀར་བ་དེ་ཉིད་ཡིན་ལ། དེས་མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་བསྟན་པ་རིན་པོ་ཆེའི་བྱི་དོར་དང༌། གཅེས་སྤྲས་སུ་བགྱི་བ་དག་མཛད་པ་ལས། འདིར་ནི་རེ་ཤིག་མཁས་པ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་ཀྱི་དཀའ་བའི་གནས་ལས་བརྩམས་པའི་དྲི་བ་ཉི་ཤུ་རྩ་གཅིག་པོ་མང་དུ་གསན་པའི་རྣ་བ་ཡངས་ཤིང༌། རྣམ་པར་དཔྱོད་པའི་སྤྱན་ཟུང་གསལ་པོ་དང་ལྡན་པ་དག་གིས་རྣམ་པར་བརྟགས་ནས་ཕྲིན་དུ་སྤྲིངས་པ་དག་གི་མཆིད་ལན། ཇི་ལྟར་དྲིས་པའི་གོ་རིམ་དང་མཐུན་པར་རང་གི་བློའི་ནུས་པས་ཇི་ཙམ་དཔག་པར་ནུས་པ་དེ་ཙམ་ཞིག་གདབ་པར་བྱའོ། །དེ་ཡང་བསྟན་བཅོས་འདིའི་ལེའུ་དང་པོར། མིང་ཚིག་གི་མཚན་ཉིད་སྟོན་པ་ན། སྒྲ་སྤྱི་སྣང་བ་ཞེས་གསུངས་པའི་སྒྲ་སྤྱི་འདིས་སྒྲའི་གོ་ཆོད་དམ་མི་ཆོད། ཅེས་པ་ནི་དྲི་བ་དང་པོའོ། །ལན་ལ་གཉིས་ཏེ། འདྲི་བ་པོའི་བསམ་པ་བརྟག་པ་དང༌། དེའི་དངོས་ལན་གདབ་པའོ། །དང་པོ་ནི། སྒྲ་སྤྱི་ནི་རྟག་པ་ཡིན་ལ། ཚོགས་གསུམ་པོ་ནི་སྒྲ་ཡིན་པའི་ཕྱིར་སྙམ་དུ་བསམས་པའོ། །གཉིས་པ་ལ། སྤྱིར་བཤད་པ་དང༌། བསྟན་བཅོས་རྩོམ་པ་པོའི་དགོངས་པ་བཤད་པའོ། །དང་པོ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་མངོན་པ་ལས། ཚོགས་གསུམ་ཀ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་བཤད་པས་སྒྲར་མི་རུང་ལ། ཆོས་མངོན་པ་པ་མ་ཡིན་པའི་མདོ་སྡེ་པ་དག་གིས་ཚིག་སྒྲའི་སྐྱེ་མཆེད་དུ་འདོད་དོ། །ཞེས་མཛོད་ཀྱི་རྣམ་བཤད་བྱེད་པ་དག་ཟེར་ཞིང༌། རིགས་པ་མཁྱེན་པའི་གཞུང་ན། ཡི་གེ་སྒྲའི་སྐྱེ་མཆེད་དུ་བཤད་ནས། མིང་ཚིག་གཉིས་སྒྲའི་སྐྱེ་མཆེད་དུ་མི་འཆད། བརྡ་སྤྲོད་པའི་གཞུང་དུའང༌། ཡི་གེ་ལ་སྐྱེ་མཆེད་དུ་བཞག་པའི་བཤད་པ་བྱུང་ཞིང༌། མིང་ཚིག་གཉིས་དེར་འཆད་པའི་བཤད་པ་གསལ་པོ་མ་བྱུང༌། གསང་སྔགས་བླ་མེད་ཀྱི་གཞུང་ལས། ཡི་གེ་ལའང་ངེས་དོན་དོན་དམ་པའི་ཡི་གེ་དང༌། དྲང་དོན་ཀུན་རྫོབ་པའི་ཡི་གེ་གཉིས་སུ་ཕྱེ་ནས། དང་པོ་ཁོ་ན་ཡི་གེའི་མཆོག་ཏུ་གྱུར་ཅིང༌། རང་གི་ངོ་བོ་གཉིས་མེད་ཀྱི་ཡེ་ཤེས་སུ་བཤད་པའི་ཕྱིར། སྒྲའི་སྐྱེ་མཆེད་དུ་མི་བཞེད། རྣལ་འབྱོར་སྤྱོད་པ་པ་དག་གི་གྲུབ་པའི་མཐའ་ལ། ཚོགས་གསུམ་གྱི་ངོ་བོ་རྣམ་པར་རིག་བྱེད་ཉིད་དུ་ཁས་ལེན་པ་ཡིན་ལ། དེ་ལྟ་ནའང་མི་ལྡན་པའི་འདུ་བྱེད་དུ་འཆད་པ་དང་མི་འགལ་བ་ནི། ལུགས་དེས་བདེན་པ་གཉིས་ཀ་རྣམ་པར་རིག་པ་ཙམ་དུ་ཁས་ལེན་པའི་རྒྱུ་མཚན་གྱིས་ལྡན་མིན་འདུ་བྱེད་ཀྱང་རྣམ་རིག་ལས་མ་འདས་སོ། །གཉིས་པ་ནི། བསྟན་བཅོས་མཛད་པ་འདི་ནི། ཚོགས་གསུམ་དུ་སྣང་བའི་རྣམ་རིག་ལ་དེ་དང་དེར་འཆད་པའི་གྲུབ་པའི་མཐའ་དང་བསྟུན་པར་སྣང་ལ། དེའི་ཚེ་ན་ཤེས་བྱ་ཐམས་ཅད་མིང་དོན་གཉིས་སུ་བསྡུས་ནས། དེ་དག་བློ་ལ་འཆར་བའི་ཚུལ་ཡང་གཉིས་ཏེ། སྒྲ་སྤྱིའི་ཚུལ་དུ་སྣང་བ་དང༌། དོན་སྤྱིའི་ཚུལ་དུ་སྣང་བའོ། །དེའི་ནང་ནས་ཚོགས་གསུམ་དུ་སྣང་བའི་རྣམ་རིག་ནི་སྒྲ་སྤྱིའི་རྣམ་པ་ཅན་ཡིན་ཏེ། མིང་དོན་གཉིས་ཀྱི་ནང་ནས་མིང་དུ་འཇོག་པའི་ཕྱིར། དེའི་ཚེ་སྒྲ་སྤྱི་དང་དོན་སྤྱི་གཉིས་ཀ་རྟག་པར་འཆད་པ་ནི་རྟོག་གེ་པ་དག་གི་སྤྱི་ལུགས་སུ་གྱུར་པ་ཡིན་པས་དེ་དང་བསྟུན་ན། སྣང་བ་ཞེས་པའི་ཚིག་གི་ནུས་པ་ཐོན་པར་བྱ་དགོས་ཏེ། གསུམ་ཀ་ཡང་མིང་དུ་སྣང་བའི་རྣམ་རིག་ཡིན་པས་སོ། །དེ་ལྟ་ནའང་བསྟན་བཅོས་མཛད་པ་འདིས་ནི་སྒྲ་སྤྱི་ཁོ་ན་དངོས་ཀྱི་རྗོད་བྱེད་དུ་རིག་པའི་གཏེར་ལས་བཤད་དོ། །དེའི་ཕྱིར་སྒྲ་གོ་ཆོད་པ་མ་ཡིན་ཀྱང༌། རྗོད་བྱེད་མཚན་ཉིད་པའོ། །དཔང་ལོ་ཙཱ་བས་གཞུང་འདི་ལ་སྐྱོན་བརྗོད་པའང་སྒྲ་སྤྱི་སྣང་བ་རྟག་པར་འཁྲུལ་པའོ། །དྲི་བ་གཉིས་པ་ནི། ཡང་རྣམ་པར་བཤད་པའི་སྒོ་བསྡུ་བར། ཚིག་གང་ཡིན་པ་དེ་ནི་མིང་ཡང་ཡིན་ལ། ཡི་གེ་ཡང་ཡིན་ནོ་ཞེས་གསུངས་པ་དང་འདི་དག་མི་འགལ་བའི་ཚུལ་ཇི་ལྟར་ཡིན་ཞེས་པའོ། །འདི་ལ་གཉིས་ཏེ། དྲི་བའི་བསམ་པ་དང༌། ལན་ནོ། །དང་པོ་ནི། འདིར་དེ་གསུམ་ལ་གཞི་མཐུན་མི་སྲིད་པར་བཤད་པ་དང༌། དེར་དེ་གསུམ་པོ་ལ་གཞི་མཐུན་སྲིད་པར་བཤད་པ་ལ་འགལ་བ་ཇི་ལྟར་སྤོང་ཞེས་པའོ། །གཉིས་པ་ལ། སྤྱིར་བཤད་པ་དང༌། དངོས་ལན་གདབ་པའོ། །དང་པོ་ནི། སྤྱིར་མིང་ཚིག་གཉིས་ལ་གཞི་མཐུན་སྲིད་དེ། བུམ་པ་མི་རྟག་ཅེས་པའི་སྒྲ་སྤྱི་བསལ་བདེ་ཚིག་ཏུ་འཆད་པར་མཐུན་ལ། དེ་ཉིད་བུམ་པ་སྐད་ཅིག་མར་གྱུར་པའི་དོན་སྤྱི་བསལ་བ་དེའི་མིང་དུ་ཡང་ཁས་ལེན་དགོས་པས་སོ། །དོན་གྱི་ངོ་བོ་སྟོན་པར་བྱེད་པའི་སྒྲ་སྤྱི་སྣང་བ་མིང་གི་མཚན་ཉིད་དུ་ཁས་ལེན་པ་དེའི་ཚེ་ནི། དེ་དང་ཡི་གེ་ལ་ཡང་གཞི་མཐུན་སྲིད་པ་ཡིན་ཏེ། ཡི་གེ་ཨ་ཐུང་ལྟ་བུ་གཅིག་ལ་ཡང་མཚན་ཉིད་དེ་ཚང་བའི་ཕྱིར། ཇི་ལྟར་ཞེ་ན། ལུང་དང་རིགས་པ་ལས་སོ། །དང་པོ་ནི། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ལས། དོན་རྣམས་བརྗོད་པར་བྱེད་པའི་ཕྱིར། ཡི་གེ་ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས། བརྗོད་པ་ཡང་དེ་ཡིན་ཏེ། དོན་ཡང་དག་པར་བརྗོད་པའི་ཕྱིར་རོ། །གཉིས་པ་ནི། དོན་དམ་བརྗོད་བྲལ་གྱི་ཡི་གེ་ཨ་དང༌། ཀུན་རྫོབ་བརྗོད་བཅས་ཀྱི་ཡི་གེ་ཨ་གཉིས་ཀ་ལ་མིང་རེ་རེ་དགོས་ཏེ། གཞན་དུ་ན་ཐ་སྙད་མི་ཐོགས་པའི་ཕྱིར་རོ། །དེའི་ཚེ་ན་དེ་དང་དེའི་མིང་ནི་ཨ། ཞེས་པའི་སྒྲ་སྤྱི་སྣང་བ་དེ་ལས་གཞན་ཡོད་པ་མ་ཡིན་ཏེ། སྨྲ་སྒོ་ལས། རྣམ་གྲངས་དུ་མ་མེད་པ་དང༌། ཞེས་དང༌། མངོན་པ་ཀུན་ལས་བཏུས་ལས། ཡི་གེ་ནི་རྣམ་གྲངས་སུ་གཏོགས་པ་དོན་གཞན་དུ་འགྱུར་བ་མེད་པའི་ཕྱིར། ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། འདིར་ཚོགས་གསུམ་འགལ་བར་བཤད་པའི་རྒྱུ་མཚན་དང༌། བསྡུ་བའི་དོན་བསམ་པའོ། །དང་པོ་ནི། བསྟན་བཅོས་འདིར་དོན་གྱི་ངོ་ཁྱད་སྟོན་པ་དང་མི་སྟོན་པའི་སྒྲ་སྤྱི་སྣང་བ་ཙམ་གྱིས་ཚོགས་གསུམ་སོ་སོར་འཇོག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་བྱིན་ནས་མིང་དུ་མ་བསྒྲུབས་པའི་ཡི་གེ་སོ་སོ་བ་དང༌། དེ་ཉིད་ཏི་སོགས་ཀྱི་རྐྱེན་གྱིས་བསྒྲུབས་པའི་མིང་དང༌། མིང་དེ་ལའང་སི་སོགས་དོན་གྱི་རྐྱེན་གྱིས་མིང་གཞན་བསྒྲུབས་ནས་ཚིགས་ཏུ་སྦྱར་བ་དང་གསུམ་པོ་ལ་གོ་རིམ་བཞིན་དུ། ཡི་གེ་དང༌། མིང་དང༌། ཚིག་ཏུ་བཞག་པ་ཡིན་ཏེ། རྐྱེན་གྱིས་མ་བསྒྲུབས་པའི་ཡི་གེ་རྐྱང་པ་དང༌། ཡི་གེ་དེ་འདྲ་མང་པོ་འདུས་ནས་བརྗོད་པར་འདོད་པའི་དོན་གཅིག་སྟོན་པ་དང༌། ཡི་གེ་མང་པོ་ཅན་གྱི་མིང་དུ་མ་འདུས་པ་ལས་དོན་དེའི་ཁྱད་པར་སྟོན་པ་ལ་ཚིག་ཏུ་བཞག་པས་སོ། །དེ་སྐད་དུ་ཡང་གཞུང་འདི་ཉིད་ལས། མདོར་ན་རྣམ་དབྱེས་མི་སྒྲུབ་ཅིང༌། །བྱེད་པའི་ཚིག་གིས་ཁམས་བསྒྲུབས་ནས། །བརྗོད་བྱ་སྟོན་པ་ངག་ཅེས་བཤད། །ཅེས་དང༌། བརྡ་སྤྲོད་ཀྱི་གཞུང་གཞན་ལས་ཀྱང༌། བྱིངས་ལས་མིང་སྒྲུབ་ཀྲྀཏ་ཀྱི་རྐྱེན། །མིང་ལས་མིང་གཞན་སྒྲུབ་པ་དེ་ཕན་རྐྱེན། །ཞེས་གསུངས་པས་སོ། །དེ་སྐད་དུ་ཡང༌། དཔེར་ན། བརྗོད་བྱའི་དོན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་ཀྱི་དོན་བྱེད་ནུས་པ་ལྟ་བུ་གཅིག་ལ་རྗོད་བྱེད་ནི་ཚོགས་གསུམ་གྱི་དབྱེ་བས་གསུམ་མོ། །དེའི་ཡི་གེ་ནི་བ་དང་ཨུ་དང་མ་དང་པ་རྣམས་སོ། །དེ་རྣམས་སོ་སོ་བས་ནི་སྐབས་ཀྱི་བརྗོད་འདོད་ཀྱི་དོན་སྟོན་པ་ཡོད་པ་མ་ཡིན་ཏེ། དེས་ལྟོ་ལྡིར་བ་གོ་བར་མི་ནུས་པའི་ཕྱིར། དེ་ལ་དགོངས་ནས། བསྟན་བཅོས་འདིར། ཇི་སྐད་དུ། དངོས་སུ་བརྗོད་འདོད་མི་སྟོན་ཅིང༌། །བརྗོད་པ་ཀུན་གྱི་གཞིར་གྱུར་པ། །ཡི་གེ ཞེས་གསུངས་སོ། །བུམ་པ་ཞེས་པའི་སྒྲ་སྤྱི་སྣང་བ་ནི་དེའི་མིང་སྟེ། རང་གི་གདགས་གཞི་ཡི་གེ་མང་པོ་འདུས་ཤིང༌། མིང་མང་པོ་འདུས་པ་ལ་མ་རེག་པར་བརྗོད་འདོད་དེའི་ངོ་བོ་ཙམ་ཞིག་སྟོན་པའི་ཕྱིར། དེ་ལ་བསམས་ནས། ཇི་སྐད་དུ། ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན། ཞེས་སོ། །ལྟོ་ལྡིར་བའི་དངོས་པོ་ཞེས་པའི་སྒྲ་སྤྱི་སྣང་བ་ནི་ལྟོ་ལྡིར་བ་ལ་ལྟོས་པའི་ཚིག་ཡིན་ཏེ། རང་གི་གདགས་གཞི་མིང་གཉིས་འདུས་པ་ལས་བྱུང་ཞིང༌། སྐབས་ཀྱི་དོན་དེའི་ངོ་ཁྱད་སྦྱར་ནས་སྟོན་བྱེད་ཡིན་པའི་ཕྱིར། དེ་སྐད་དུ་ཡང༌། དེ་ཡི་ཁྱད་པར་དག སྟོན་པ་ཚིག་ཅེས་རབ་ཏུ་བཤད། །ཅེས་སོ། །དེ་ལྟར་ན་བརྗོད་བྱ་ལྟོ་ལྡིར་བ་ལྟ་བུ་གཅིག་ལ་ལྟོས་པའི་རྗོད་བྱེད་གསུམ་པོ་ནི་འགལ་བ་ཁོ་ནའོ། །གཉིས་པ་ནི། བསྡུ་བའི་ལུང་དེའི་དོན་ཚིག་ཡིན་ན་མིང་དང་ཡི་གེ་ཡིན་པས་ཁྱབ་པར་སྟོན་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་དང༌། གཞུང་གོང་མའི་འཕྲོས་ལས་གསལ་བའི་ཕྱིར། འོ་ན་ཅི་ཞེ་ན། ཚིག་གང་ཡིན་པ་དེ་ནི་མིང་ཡང་ཡིན་ལ། ཡི་གེ་ཡང་ཡིན། ཞེས་བྱ་སྟེ། དེ་དག་འདུས་པ་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར། དཔེར་ན་གོང་བུ་གང་ཡིན་པ་དེ་རྡུལ་ཡང་ཡིན་པ་བཞིན་ནོ། །དེ་སྐད་དུ་ཡང་སྨྲ་བའི་སྒོ་ལས། ཇི་ལྟར་རྡུལ་དང་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་གི་རབ་ཏུ་གྲུབ་པར་འགྱུར། །ཞེས་དང༌། གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང༌། །དེ་དག་ཁྱད་པར་བརྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་སོ། །དྲི་བ་གསུམ་པ་ནི། ཡང་མདོ་རྒྱ་ཆེ་རོལ་པ་ནས་དབྱངས་ཡིག་བཅུ་གཉིས་ཁོ་ནར་བཤད་ལ། འདིར་དེ་འདྲ་མ་བཤད་པས་དེའི་དགོངས་པ་གང་ཡིན། ཞེས་པ་འདི་ལ་གཉིས་ཏེ། དངོས་ལན་གཞུང་ཉིད་ཀྱིས་ཐོན་པ་དང༌། ཅུང་ཟད་སྤྲོས་ནས་བཤད་པའོ། །དང་པོ་ནི། གཞུང་འདི་ཉིད་ལས། ཡི་གེ་ཞེས་བཤད་དབྱངས་གསལ་བྱེད། །དེ་ཡི་དབྱེ་བསྡུ་འདིར་མ་བཤད། །ཅེས་པའོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་འདིར་ནི་དབྱངས་ཡིག་བཅུ་དྲུག་ཏུ་ཁས་ལེན་དགོས་པ་ཡིན་ཏེ། འདི་ཉིད་ཀྱི་རང་འགྲེལ་དུ། སྨྲ་སྒྲོ་སོགས་ལས་ཤེས་པ་བྱ། །ཞེས་གསུངས་ལས། དེར་ནི་ཇི་སྐད་དུ། ང་རོ་བཅུ་དྲུག་དག་ཏུ་འདོད། །ཅེས་བཤད་པའི་ཕྱིར་དང༌། རྩོད་བྲལ་གྱི་རྒྱུད་སྡེ་རྣམས་སུ་ལྷ་བསྐྱེད་པ་དང་སྔགས་བཏུ་བའི་ཚེ་བཅུ་དྲུག་གི་གྲངས་ངེས་པར་བཤད་པའི་ཕྱིར་རོ། །སྤྱིར་ནི་དགོས་པ་དང་རྒྱུ་མཚན་མི་འདྲ་བའི་དབང་གིས་དབྱངས་ཡིག་གི་གྲངས་ལ་ངེས་པ་མི་སྣང་སྟེ། དུས་ཀྱི་འཁོར་ལོ་དབྱངས་ཡིག་སུམ་ཅུར་ཕྱེ་བ་དང༌། ལྔར་བསྡུས་པའི་སྐབས་གཉིས་བྱུང་བ་དང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དབྱངས་ཡིག་བཅུ་གཉིས་ཁོ་ན་བཤད་པ། དེ་བཞིན་གཤེགས་པའི་ས་བཅུ་གཉིས་དང་སྦྱོར་བར་སྔགས་དོན་རྣམས་གཟིགས་སུ་བཤད་པ་དང༌། སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ། དབྱངས་ཡིག་ཉི་ཤུ་རྩ་གཉིས་སུ་བཤད་པའི་ཚུལ། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་ལས་གསལ་བར་གསུངས་པ་དང༌། སྒྲའི་བསྟན་བཅོས་ཀ་ལཱ་པ་ལས། དབྱངས་ཡིག་བཅུ་བཞི་ཁོ་ནའི་གྲངས་ངེས་གསུངས་པ་དང༌། དབྱངས་འཆར་གྱི་སྐབས་སུ། ཚེས་གྲངས་སོ་སོ་དང༌། རླུང་གི་རྒྱུ་བ་སོ་སོ་ལ་དབྱངས་འཆར་ཚུལ་གྱི་དབང་གིས་དབྱངས་ཀྱི་གྲངས་ངེས་མི་འདྲ་བ་སྣ་ཚོགས་གསུངས་པ་བཞིན་དུ། རྒྱ་རོལ་གྱི་དགོངས་པ་ཡང་དེ་དང་འདྲའོ། །དྲི་བ་བཞི་པ། སྐབས་འདིར་སྔོན་ཆད་མ་ཐོབ་པའི་ལེགས་པར་བཤད་པ་ཇི་ཙམ་ཡོད་ཅེས་པ་འདི་ལ། དྲི་བའི་བསམ་པ་བརྟག་པ་དང༌། དེའི་ལན་བསམ་པའོ། །དང་པོ་ནི། སྐབས་འདིར་ཞེས་པ་ཚོགས་གསུམ་གྱི་རྣམ་དབྱེ་འཆད་པ་འདི་ལ་དགོངས་སམ། སྤྱིར་མཁས་པ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་འདི་ལ་བསམས་པ་ཡིན། དང་པོ་ལྟར་ན། ཁོ་བོས་དེའི་ལན་བསམ་པར་མི་ནུས་ལ། གཉིས་པ་ལྟར་ན། སྤྱིར་བཀའ་དང་བསྟན་བཅོས་དག་ཏུ་མ་ཐོན་པའི་ལེགས་པར་བཤད་པ་ནི་བསྟན་བཅོས་འདིས་འཆད་པར་མི་འདོད་དོ། །དེ་ལྟ་ན་ཡང་གངས་ཅན་གྱི་ལྗོངས་འདིར་བསྟན་བཅོས་འདི་མ་བྱོན་པའི་གོང་རོལ་དུ་རྩོམ་པ་དང༌། འཆད་པ་དང༌། རྩོད་པའི་ཚུལ་གསུམ་ལེགས་པར་མི་འཆད་པས། བསྟན་བཅོས་འདིས་ནི་མཁས་པའི་བྱ་བ་གསུམ་ལ་ཇི་ལྟར་འཇུག་པའི་ཚུལ་གཞུང་ཇི་ལྟ་བ་བཞིན་དུ་འཆད་པ་ནི་བསྟན་བཅོས་འདིའི་དགོས་པའོ། །དེ་ཡང་ཇི་ལྟར་ཞེ་ན། རྩོམ་པ་ནི་ཚིག་རྒྱན་གྱི་གཞུང་ཇི་ལྟ་བ་བཞིན་དུ་རྩོམ་པའི་ཚུལ་གངས་ཅན་དུ་སྔོན་ཆད་མ་ཤེས་པའི་རྒྱུ་མཚན་གྱིས་བཤད་པ་ཡིན་ཏེ། བསྟན་བཅོས་འདིའི་སྔོན་རོལ་དུ་ཚིག་རྒྱན་གྱི་བསྟན་བཅོས་བོད་དུ་འགྱུར་བ་མེད་ཅིང༌། དེའི་དོན་བླངས་ནས་བཤད་པ་ཡང་མེད་ལ། འདིར་ནི་ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་གི་ལེའུ་དང་པོ་སྔོན་མ་འགྱུར་བ་བསྒྱུར་ནས་བཤད་པ་མཛད་པའི་ཕྱིར་དང༌། དེ་བཞིན་དུ་སྡེབ་སྦྱོར་དང༌། མིང་གི་མངོན་བརྗོད་ཀྱང་བསྟན་བཅོས་རྩོམ་པ་པོ་འདིའི་སྔོན་རོལ་དུ་འགྱུར་བྱེད་གཞན་གྱིས་བསྒྱུར་བ་མེད་ཅིང༌། གངས་ཅན་པ་གཞན་གྱི་རྣ་བའི་སྤྱོད་ཡུལ་དུ་མ་ལྷུང་བའི་ཕྱིར་དང༌། གཞུང་ཇི་ལྟར་འཆད་པའི་ཚུལ་ཡང་སྒྲའི་བསྟན་བཅོས་དང༌། མདོ་སྡེའི་རྒྱན་དང༌། མངོན་པ་ཀུན་ལས་བཏུས་དང༌། རྣམ་བཤད་རིགས་པ་ནས་ཇི་སྐད་འབྱུང་བ་བཞིན་དུ་འཆད་པའི་ཚུལ་རྣམས་བསྟན་བཅོས་འདིས་བཤད་པ་ཡིན་ལ། སྒྲའི་བསྟན་བཅོས་ནི་སྨྲ་སྒོ་མ་གཏོགས་གཞན་རྣམས་ཕྱོགས་འདིར་དེའི་སྔོན་དུ་འགྱུར་བ་ཡང་མེད་ལ། དེའི་དོན་བླངས་ནས་འཆད་པ་ཡང་བསྟན་བཅོས་རྩོམ་པ་པོ་འདི་ལས་གཞན་མེད་པའི་ཕྱིར་དང༌། རྩོད་པའི་ཚུལ་ནི། རྟོག་གེའི་བསྟན་བཅོས་ལ་ཇི་ལྟར་འབྱུང་བ་བཞིན་འདིར་བཤད་པ་ཡིན་ལ། དེ་ཡང་སྔོན་གངས་ཅན་དུ་བྱོན་པའི་ཆེན་པོ་རྣམས་ཀྱིས་ཕལ་ཆེར་བཤད་ཟིན་མོད། དེ་ལྟ་ན་ཡང་དེ་དག་གིས་གསལ་བར་མ་ཐོས་པ་ལྟག་ཆོད་དང༌། ཚར་བཅད་ཀྱི་གནས་རྣམས་དང༌། རྟགས་དང་དམ་བཅའི་ཚེར་མ་འབྱིན་ཚུལ་དང༌། ཐལ་འགྱུར་ལྟར་སྣང་ལ་ལན་འདེབས་པའི་ཚུལ་དང༌། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པའི་སྐབས་ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་པས་བསལ་བའི་གོ་ཆོད་ན་དེའི་ཚེ་ཁས་བླངས་དང་རང་ཚིག་གནོད་སྒྲུབ་ཏུ་འགྱུར་བའི་སྐྱོན་ཡོད་པ་སོགས་ཀྱི་རྣམ་གཞག་མཛད་པའི་ཕྱིར་རོ། །དེ་ལྟར་ན་སྔོན་ཆད་མ་ཐོན་པའི་ལེགས་པར་བཤད་པ་བསྟན་བཅོས་འདིས་ཇི་ལྟར་ཐོན་པའི་ཚུལ་མདོར་བསྟན་པ་ནི་དེ་ཙམ་མོ། །དྲི་བ་ལྔ་པ་འཆད་པའི་སྐབས་སུ། མདོ་འཆད་པ་དང་བསྟན་བཅོས་འཆད་པ་ལ་འཆད་ཐབས་མི་འདྲ་བའི་སྤྱི་ཇི་ལྟ་བུ་ཡིན། ཞེས་པ་འདི་ལ། དྲི་བའི་བསམ་དོན་ལ་བརྒལ་ཞིང་བརྟག་པ་དང༌། བསམ་དོན་ཤེས་ནས་དངོས་ལན་གདབ་པའོ། །དང་པོ་ནི། མདོ་ཞེས་བྱ་བའི་མིང་ནི། དོན་གང་ལ་འཇུག་པའི་ངེས་པ་མི་སྣང་སྟེ། སྒྲའི་མདོ་ལྟ་བུ་ཕྱི་རོལ་པའི་གཞུང་དང༌། ཚད་མའི་མདོ་དང༌། འདུལ་བའི་མདོ་ཞེས་པ་ལྟ་བུ་ནང་པའི་དགོངས་འགྲེལ་མཁན་པའི་བསྟན་བཅོས་དང༌། ཇི་སྐད་དུ། ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་པ་ལྟ་བུ་སྡེ་སྣོད་གསུམ་གྱི་ཟླས་ཕྱེ་བའི་མདོ་སྡེ་ལ་ཟེར་བ་དང༌། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མདོ་སྡེ་ནི། དེ་བཞིན་གཤེགས་པས་མདོར་བསྡུས་པའི་ཚུལ་གྱིས་གསུངས་པ་རྣམས་ལ་ཟེར་བ་དང༌། སྤྱིར་ཡང་མདོ་དང་མདོ་སྡེ་གཉིས་ལ་སྐད་དོད་ལོགས་པ་མི་སྣང་བ་དང༌། མདོ་སྔགས་ཞེས་གཏམ་དུ་བྱེད་པ་དག་སྣང་ཡང་རྒྱུད་སྡེ་བཞི་ཀ་མདོར་བཤད་པ་ཤིན་ཏུ་མང་བའི་ཕྱིར། བསྟན་བཅོས་ཞེས་པ་ཡང་སངས་རྒྱས་ཀྱི་བཀའ་ཉིད་གཙོ་བོར་གྱུར་པ་དང༌། དགོངས་འགྲེལ་མཁན་པོས་བྱས་པ་ལའང་ནང་རིག་པའི་དབང་དུ་བྱས་པ་གཅིག་དགོས་པར་བཤད་པ་དང༌། ཐ་སྙད་བཏགས་པ་ཙམ་ལ་ནི་ངེས་པ་མེད་པས། དེའི་ཕྱིར་མདོ་དང་བསྟན་བཅོས་ཀྱི་འཆད་ཐབས་འདི་ཡིན་ཞེས་ངོས་བཟུང་བར་མི་ནུས་སོ། །དེ་ལྟར་རྣམ་པར་བརྟགས་པ་ན་སངས་རྒྱས་ཀྱི་བཀའ་དང༌། དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་དག་འཆད་ཚུལ་གྱི་ཁྱད་པར་ཅི་ཞེས་པ་ཙམ་ཞིག་དྲི་བའི་དོན་དུ་བཟུང་ངོ༌། །གཉིས་པ་ནི། བཀའ་ལ་གཉིས་ཏེ། འཆད་བྱེད་ཀྱི་གཞུང་གཞན་ལ་མི་ལྟོས་པར་བཤད་པས་ཆོག་པ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་རྒྱས་པ་ལྟ་བུ་དང༌། འགྲེལ་བྱེད་གཞན་ལ་ལྟོས་པ་ལ་ཡང་གཉིས་ཏེ། བཀའི་དགོངས་པ་བཀའ་ཉིད་ཀྱིས་འགྲེལ་དགོས་པ་དང༌། བསྟན་བཅོས་མཁན་པོ་གཞན་གྱིས་ཀྱང་རང་སྟོབས་ཀྱིས་འགྲེལ་ནུས་པའོ། །དང་པོ་ནི། བཤད་པའི་རྒྱུད་རྣམས་དང༌། མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུ་ཐེག་ཆེན་ཐུན་མོང་མ་ཡིན་པའི་བཀའི་དགོངས་འགྲེལ་དང༌། འདུལ་བ་ལུང་སྡེ་བཞི་ལྟ་བུ་ཐེག་པ་ཐུན་མོང་གིའོ། །དང་པོའི་འགྲེལ་ཚུལ་ནི། མཐའ་དྲུག་དང༌། དགོངས་ལྡེམ་དགོངས་བརྒྱད་པོ་གང་རུང་གི་སྒོ་ནས་ངེས་པར་འགྲེལ་པ་ཡིན་ལ། གཉིས་པའི་དབང་དུ་བྱས་ན་ཚིག་གི་དང༌། དོན་གྱི་དང༌། མ་ཚང་བ་ཁ་འགེངས་པའི་དང༌། དཀའ་བའི་གནས་རྣམས་ཞུས་ལན་གྱིས་གཏན་ལ་འབེབས་པའི་ཚུལ་གྱིས་འགྲེལ་ལོ། །དེ་ལྟར་ན་དྲང་ངེས་དང༌། མཐའ་དྲུག་སོགས་དང༌། མ་ཚང་བ་ཁ་འགེངས་པ་ནི་བཀའི་དགོངས་པ་བཀའ་ཉིད་ཀྱིས་བཀྲལ་བ་ལ་རག་ལས་པ་ཡིན་ཏེ། བསྟན་བཅོས་བྱེད་པའི་སློབ་དཔོན་དག་གིས་བཀའ་ལ་མ་རག་པར་དེ་ལྟར་འཆད་མི་ནུས་པའི་ཕྱིར། དཔེར་ན་འཁོར་ལོ་གསུམ་གྱི་དྲང་ངེས་འབྱེད་པ་བཀའ་ཉིད་ལ་རག་ལས་པ་བཞིན་ནོ། །གཉིས་པ་བཀའི་དགོངས་པ་བསྟན་བཅོས་མཁན་པོས་ཀྱང་བཀྲལ་བས་ཆོག་པ་ལ་གཉིས་ཏེ། ཐེག་པ་ཆུང་ངུའི་དང༌། ཆེན་པོའི་དགོངས་འགྲེལ་ལོ། །དང་པོ་ནི། གྲུབ་མཐའ་སྨྲ་བ་འོག་མ་གཉིས་ཀྱི་བསྟན་བཅོས་རྣམས་ཏེ། དེ་དག་གིས་ནི་རང་རང་གི་བཤད་བྱའི་བཀའ་དེ་དག་སྒྲ་ཇི་བཞིན་པ་ཉིད་དུ་འགྲེལ་གྱི། དེ་ལས་གཞན་དུ་འགྲེལ་དགོས་པ་དང་འགྲེལ་ནུས་པ་གཉིས་ཀ་མེད་དེ། དཔེར་ན་བྱེ་བྲག་ཏུ་སྨྲ་བས་ཐེག་པ་ཐུན་མོང་གི་འདུལ་བ་དང༌། ཐེག་པ་ཆུང་ངུའི་མངོན་པ་སྒྲ་ཇི་བཞིན་པར་འགྲེལ་བ་དང༌། མདོ་སྡེ་པས་ཐུན་མོང་གི་འདུལ་བ་དང༌། ཐེག་པ་ཆུང་ངུའི་མདོ་སྡེ་སྒྲ་ཇི་བཞིན་པར་འགྲེལ་བ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། ཐོགས་མེད་སྐུ་མཆེད་ཀྱི་འགྲེལ་ཚུལ་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་འགྲེལ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཚིག་གི་སྒོ་ནས་དང༌། དོན་གྱི་ཆ་ནས་འགྲེལ་ཚུལ་ལོ། །དང་པོ་ནི། བཤད་ཐབས་ཡན་ལག་ལྔའི་སྒོ་ནས་ཏེ། བྱམས་པ་དང་ཐོགས་མེད་ཀྱི་བཞེད་པ་དབྱིག་གཉེན་གྱི་རྣམ་བཤད་རིགས་པར་བཀོད་པ་དེ་ཉིད་དོ། །དོན་གྱི་འགྲེལ་ཚུལ་ལ་གཉིས་ཏེ། སྤྱོད་པའི་ཆ་དང༌། ལྟ་བའི་ཆའོ། །དང་པོ་ནི། ཕལ་ཆེར་སྒྲ་ཇི་བཞིན་པ་ཉིད་ཀྱི་སྒོ་ནས་བཀྲལ་བས་ཆོག་ལ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་པ་ལྟ་བུ་འགའ་ཞིག་ནི། དགོངས་པ་ཅན་རྣམ་པ་བཞིའི་སྒོ་ནས་འགྲེལ་དགོས་པ་ཡང་སྲིད་མོད། དེ་ཡང་བཀའ་ཉིད་ལ་མ་ལྟོས་པར་བཀྲལ་བ་མ་ཡིན་པ་ནི་དེ་དག་གི་མཚན་གཞི་ངོས་བཟུང་བ་ན་གསལ་བ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། འཁོར་ལོ་དང་པོ་ནས་བཤད་པའི་ལྟ་བའི་ཆ་ནི་སྒྲ་ཇི་བཞིན་པར་འཆད་ཀྱང་དྲང་བའི་དོན་ཏེ། དེ་ལས་ལྷག་པའི་ལྟ་བ་གཞན་ལ་དྲང་དགོས་པས་སོ། །འཁོར་ལོ་བར་པའི་ལྟ་བ་ནི་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་ཏེ། ཇི་བཞིན་པར་བཟུང་ན་སྐུར་པ་འདེབས་པའི་ལྟ་བར་འགྱུར་བས་སོ། །འཁོར་ལོ་གསུམ་པའི་ལྟ་བ་ནི་སྒྲ་ཇི་བཞིན་པར་འགྲེལ་ཏེ། ལེགས་པར་རྣམ་པར་ཕྱེ་བའི་ལྟ་བ་ཡིན་པས་སོ། །གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་འགྲེལ་ཚུལ་ལ་གཉིས་ཏེ། སྤྱོད་པའི་ཆ་དང༌། ལྟ་བའི་ཆའོ། །དང་པོ་ནི། སྔ་མ་དང་ཁྱད་པར་མེད་ལ། འདི་ནི་སངས་རྒྱས་ཀྱི་ཐོག་མཐའ་གང་གི་ནང་ན་འདུག་ཀྱང་འདྲ་སྟེ། བསོད་ནམས་མ་ཡིན་པ་བཟློག་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱའོ། །གཉིས་པ་ནི། འཁོར་ལོ་བར་པའི་ལྟ་བ་ནི་སྒྲ་ཇི་བཞིན་པ་སྟེ། སྤྲོས་པའི་མཚན་པ་མཐའ་དག་འགོག་པའི་ཕྱིར་རོ། །དེ་འདྲ་དེ་ནི་གསུང་གི་ཐོག་མཐའ་གང་ན་འདུག་ཀྱང་ལྟ་བ་ཀུན་བཟློག་པའི་འཁོར་ལོ་ཞེས་བྱའོ། །ཡང་མཚན་མ་ལ་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཞེས་པ་ལྟ་བུ་སྤྲོས་མེད་ལ་སྤྲོས་པར་བཞག་པ་དེ་ཉིད་ཀྱང་གནས་སྐབས་སུ་སྒྲ་ཇི་བཞིན་པར་ཁས་ལེན་དགོས་པ་ཡིན་ཏེ། ཡང་དག་ཀུན་རྫོབ་ཀྱི་ཐེམ་སྐས་ལ་བརྟེན་ནས་དོན་དམ་པའི་ཁང་བཟངས་སུ་འཇུག་དགོས་པའི་ཕྱིར། དེ་འདྲ་དེ་ནི་བཀའ་ཐོག་མཐའ་གང་ན་འདུག་ཀྱང་བདག་བཟློག་པའི་འཁོར་ལོ་ཞེས་བྱའོ། །གཉིས་པ་དགོངས་འགྲེལ་གྱི་བསྟན་བཅོས་འཆད་ཚུལ་ལ། དགོངས་འགྲེལ་གྱི་བསྟན་བཅོས་མཁན་པོ་ཚད་ལྡན་ཞིག་གིས་བྱས་པའི་བསྟན་བཅོས་ནི་ཇི་འདྲ་ཞིག་ཡིན་ཀྱང་རུང༌། འགྲེལ་བྱེད་མཁན་པོ་ཚད་ལྡན་ཇི་འདྲ་ཞིག་གིས་འཆད་ཀྱང་འདྲ་སྟེ། ཚིག་གི་ཆ་རྣམས་ནི་འོག་ནས་འབྱུང་བ་ལྟར་བརྡ་སྤྲོད་པའི་གཞུང་དང་མཐུན་ཞིང༌། དོན་གྱི་ཆ་རྣམས་ནི་སྒྲ་ཇི་བཞིན་པ་ཉིད་ཀྱི་སྒོ་ནས་འཆད་དགོས་པ་ཡིན་ཏེ། དཔེར་ན་བྱམས་པའི་གཞུང་གི་འགྲེལ་པ་ཐོགས་མེད་མཆེད་ཀྱིས་མཛད་པ་དང༌། ཀླུ་སྒྲུབ་ཞབས་ཀྱི་གཞུང་འགྲེལ་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་མཛད་པ་དེ་དང་དེ་དག་བཞིན་ནོ། །མདོར་ན་བཀའ་འཆད་ན་ནི་མཐའ་དྲུག་ཚུལ་བཞི་དང༌། དགོངས་ལྡེམ་དགོངས་ཀྱི་སྒོ་ནས་ཀྱང་འཆད་ལ། བསྟན་བཅོས་ནི་དེ་དང་དེའི་སྒོ་ནས་འཆད་དགོས་པ་མི་སྲིད་དོ། །ཞེས་བྱ་བ་ནི་དངོས་ཀྱི་ལན་ནོ། །དྲི་བ་དྲུག་པ། མདོ་རྒྱུད་བསྟན་བཅོས་ཀུན་ལ་ངེས་པར་དགོས་པའི་འཆད་ཐབས་གང་དག་ཡིན་ཞེས་པ་ལ། ལན་ནི་གཉིས་ཏེ། ཚིག་མི་འཁྲུལ་བའི་འཆད་ཐབས་དང༌། དོན་གོ་སླ་བའི་འཆད་ཐབས་སོ། །དང་པོ་ནི། སྐད་ཀྱི་བྱིངས་གང་ལ་རྐྱེན་དང་རྣམ་དབྱེ་གང་བྱིན་པ་དང༌། ཉེར་བསྒྱུར་གང་བཞག་པ་ལ་བརྟེན་ནས་མིང་གང་དུ་གྲུབ་པ་དང༌། མིང་དེ་ལ་ཡང་རྐྱེན་གང་དང་གང་བྱིན་པ་དང༌། ཡི་གེ་ཕྲི་བ་དང་བསྣན་པ་ལས་དོན་གྱི་ཁྱད་པར་གང་དང་གང་སྟོན་པའི་ཚུལ་ལེགས་པར་ཤེས་ནས་མིང་གི་སྒྲ་བཤད་པ་དང༌། དེ་ལའང་སྒྲ་བཤད་འཇུག་གི་མུ་བཞི་དང༌། འདོད་རྒྱལ་དང༌། དོན་ལྡན་གྱི་དབྱེ་བ་དང༌། ཚིག་གི་སྦྱོར་བ་བཅུ་དང༌། ཚིག་གི་ཕྲད་དང༌། རྣམ་པར་དབྱེ་བ་བདུན་ནམ་བརྒྱད་དང༌། དེ་ལས་ཕྱེ་བ་ཉི་ཤུ་རྩ་གཅིག་ལ་སོགས་པ་མ་དོར་བར་ཤེས་པ་དེ་ལ་ཞུས་ཆེན་ཤེས་པ་ཞེས་བྱ་ཞིང༌། དེ་དག་མ་འཁྲུལ་བའི་ནི། གཞུང་རྩོམ་པ་དང་འཆད་པ་དང༌། སྐད་རིགས་མི་མཐུན་པར་འགྱུར་བྱེད་པ་སོགས་དེ་དང་དེ་དག་ལ་མེད་དུ་མི་རུང་བ་ཡིན་ཏེ། དཔེར་ན་འདུལ་བའི་མདོ་ལྟ་བུ་རྣམ་དབྱེ་མ་འདྲེས་པར་བརྩམས་པ་དང༌། མདོ་སྡེའི་རྒྱན་གྱི་བཤད་པར་དམ་བཅའ་དབྱིག་གཉེན་ཞབས་ཀྱིས་སྒྲའི་རྣམ་དབྱེ་བདུན་གྱིས་བཤད་པ་བཞིན་ནོ། །བོད་ཀྱི་སྐད་ལའང༌། སྔོན་གྱི་ལོ་ཙཱ་བ་ཆེན་པོ་དག་གིས་མཛད་པའི་བརྡ་དག་པར་བྱེད་པའི་བསྟན་བཅོས་དག་ལས་འབྱུང་བ་མཐའ་དག་དང༌། ཁྱད་པར་རྣམ་དབྱེ་དང༌། ཚིག་ཕྲད་དང༌། བྱ་བྱེད་ཀྱི་འཛིན་ཚུལ་དང༌། རྟགས་གསུམ་གྱི་འཇུག་ཚུལ་དང༌། བརྡ་གསར་རྙིང་གི་ཤན་ལེགས་པར་ཕྱེད་དགོས་པ་རྣམས་སོ། །དེ་སྐད་དུ་ཡང༌། གཞུང་ལུགས་གང་དང་གང་འཆད་པ། །བྱེད་པའི་ཚིག་གིས་རབ་སྦྱར་ཏེ། །ཚིག་དོན་ལེགས་པར་སྦྲེལ་ནས་ནི། །འཆད་པ་བརྡ་སྤྲོད་གསར་རྙིང་ལུགས། །ཞེས་གསུངས་སོ། །གཉིས་པ་དོན་གོ་སླ་བར་འཆད་ཐབས་ནི། དབྱིག་གཉེན་ཞབས་ཀྱིས་གསུངས་པའི་བཤད་ཐབས་ཡན་ལག་ལྔ་གའམ། མཚམས་སྦྱར་དང་བརྒལ་ལན་གྱི་སྒོ་ནས་གཏན་ལ་འབེབས་པའི་ཚུལ་ནི། འཆད་པ་པོ་རིགས་པ་དང་འབྲེལ་བར་སྨྲ་བ་ཁོ་ན་ལ་རག་ལས་པའི་ཕྱིར་ཐམས་ཅད་ལ་འབྱུང་དཀའ་བས། དགོས་བསྡུས་ཚིག་གསུམ་ནི་མེད་མི་རུང་གི་ཡན་ལག་ཡིན་ལ། དེ་ཡང་ཚིག་གི་དོན་ནི་ཚིག་གི་འབྲུ་གཉེར་བ་ཉིད་ཡིན་པས། འཆད་པ་པོར་ཁས་བླངས་ཕྱིན་ཆད། མཁས་རྨོངས་ཀུན་གྱིས་ངེས་པར་བྱེད་མོད། འཆད་པ་པོ་མཁས་པས་ཉན་པ་པོའི་རྒྱུད་ལ་དོན་གྱི་ངེས་པ་མྱུར་དུ་སྐྱེད་པ་ལ་ནི་ཚིག་དོན་གྱི་ཐོག་མར་བསྡུས་དོན་ཞིག་ངེས་པར་འཆད་དགོས་ཏེ། ཇི་སྐད་དུ། བསྡུས་དོན་ཉིད་ཀྱིས་དོན་གོ་བ། །དེ་འདྲ་གང་གིས་ཤེས་དེ་མཁས། །ཞེས་འབྱུང་བ་ལྟར་རོ། །བསྡུས་དོན་དངོས་སུ་བྱུང་ན་དགོས་དོན་ནི་ཚིག་གིས་ཟིན་པར་མ་བྱུང་ཡང་དོན་གྱིས་གྲུབ་སྟེ། ཇི་སྐད་དུ། དགོས་པའི་དོན་ནི་བསྡུས་དོན་ལས། །ཞེས་འབྱུང་བ་ལྟར། བསྡུས་དོན་ཙམ་ལ་བརྟེན་ནས་བཤད་བྱ་དེའི་དོན་བདེ་བླག་ཏུ་རྟོགས་ལ། དེ་ལྟར་རྟོགས་པ་དེ་བཤད་བྱ་དེའི་དགོས་པར་གྲུབ་པའི་ཕྱིར། ཇི་སྐད་དུ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་འབྱུང་བ་ལྟར་རོ། །དྲི་བ་བདུན་པ། ལུས་རྣམ་གཞག་བཀོད་པ་ལ་དགོས་པ་ཤིན་ཏུ་ཆེ་བ་དེ་ལྟ་བུ་ཡོད་ན། རྩོམ་པ་པོ་ཀུན་གྱིས་མི་འཆད་པ་ཅི། ཞེས་པ་སངས་རྒྱས་ཀྱི་བཀའ་ལ་ནི་མདོར་བསྟན་ཡོད་མེད་གཉིས་ལས། ཡོད་པ་རྣམས་ལ་ནི་རྣམ་པར་བཞག་སླ་བ་དང༌། བཤད་སླ་བ་སོགས་ཕན་ཡོན་རྣམ་པ་བཅུ་ཡོད་པ་ཐོགས་མེད་ཞབས་ཀྱིས་གསུངས་ལ། དོན་དེ་ཐུགས་ལ་བཞག་ནས། དབྱིག་གཉེན་ཞབས་ཀྱིས། སངས་རྒྱས་ཀྱི་མདོ་འཆད་པའི་ཚེ། བསྡུས་དོན་བཀའ་ཉིད་ན་མེད་པ་རྣམས་ལའང་བསྡུས་དོན་རེ་ངེས་པར་སྦྱར་ནས་འཆད་དགོས་པར་གསུངས་སོ། །དེ་ཡང་མངོན་པར་རྟོགས་པའི་རྒྱན་དང༌། ས་སྡེ་ལྔ་ལྟ་བུ་སངས་རྒྱས་ཀྱི་བཀའ་སོ་སོའི་གོ་རིམ་དང་མཐུན་པར། དེ་དག་གི་ཚིག་དོན་འཆད་པའི་བསྟན་བཅོས་རྣམས་ལ་བཤད་བྱའི་མདོ་དེ་དག་གི་བསྡུས་དོན་རེ་སྦྱར་ནས་བཤད་ན་འཆད་སླ་བར་སྟོན་པ་ཡིན་གྱི། དབུ་མའི་རྩ་བ་དང༌། རིགས་པ་དྲུག་ཅུ་པ་ལྟ་བུ་བཀའི་ངེས་དོན་གྱི་སྙིང་པོ་གཅིག་ཉིད་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་སྟོན་པ་རྣམས་ལ་ནི་བཤད་བྱ་དེའི་བསྡུས་དོན་ཐོག་མར་བླངས་ནས་འཆད་མི་དགོས་ཏེ། དེ་ལྟར་འཆད་མི་ནུས་ཤིང་འཆད་པའི་སྐབས་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ནའང་གཞུང་དེ་དང་དེ་འགྲེལ་བྱེད་གཞན་གྱིས་འཆད་པ་ན། གཞུང་དེ་དང་དེའི་བསྡུས་དོན་ཐོག་མར་བླངས་ནས་བཤད་ན་སྐབས་སུ་བབ་པ་ཚིག་གསལ་ལྟ་བུ་དང༌། སྐབས་མི་བབ་པ་འཇུག་པ་ལྟ་བུའོ། །དེ་ལྟར་སྤྱིར་བཤད་ནས། དངོས་ལན་བསྡུས་པ་ནི། བཤད་བྱ་དེ་ཚིག་དོན་གྱི་སྒོ་ནས་འཆད་པའི་གཞུང་རྣམས་ཀྱིས་ནི་དེའི་ཐོག་མར་བསྡུས་དོན་གྱི་སྒོ་ནས་བཤད་ན་དགོས་པ་ཁྱད་པར་ཅན་དེ་དག་ཡོད་པར་སྟོན་པ་ཡིན་གྱི། བཤད་བྱ་དེ་བསྡུས་དོན་རྐྱང་པའི་སྒོ་ནས་འཆད་པ་དང༌། དེའི་དོན་གྱི་ཕྱོགས་གཅིག་བརྒལ་ལན་གྱི་སྒོ་ནས་གཏན་ལ་འབེབས་པའི་གཞུང་རྣམས་ཀྱིས་ནི་བཤད་བྱ་དེ་བསྡུས་དོན་གྱི་སྒོ་ནས་འཆད་མི་དགོས་པ་ནི་དབྱིག་གཉེན་ཞབས་ཀྱི་དགོངས་པ་དང༌། རྗེ་བཙུན་ས་སྐྱ་པས། བསྡུས་དོན་ལ་བསྔགས་པ་མཛད་པའི་དགོངས་པ་ནི་གཞུང་འཆད་པ་པོ་རྣམས་ཀྱི་གང་འཆད་ཀྱང་བསྡུས་དོན་གྱི་སྒོ་ནས་བཤད་པ་བྱོས་ཤིག་ཅེས་བྱ་བའི་དོན་ཡིན་གྱི། རྩོམ་པ་པོ་ཀུན་གྱིས་བསྟན་བཅོས་གང་རྩོམ་པའི་ཐོག་མར་ལུས་རྣམ་གཞག་བྱེད་དགོས་པའི་དོན་མ་ཡིན་ལ། བོད་ཀྱི་འཆད་པ་པོ་རྣམས་ཀྱིས་ནི་དེ་ལྟར་འཆད་པ་ཡང་ཡིན་ཏེ། ཕལ་ཆེར་ས་བཅད་ཀྱི་སྒོ་ནས་འཆད་པའི་ཕྱིར་རོ། །དེ་ལྟ་ན་ལུས་རྣམ་གཞག་ལ་བསྡུས་དོན་གྱིས་ཁྱབ་ཀྱང༌། བསྡུས་དོན་ལ་ལུས་རྣམ་གཞག་གིས་མ་ཁྱབ་སྟེ། གཞུང་སོ་སོའི་ས་བཅད་བཞིན་ནོ། །དྲི་བ་བརྒྱད་པ། གཟུངས་ཀྱི་སྒོ་འདི་དག་འཕགས་པ་ས་ཆེན་པོ་ལ་ཆུད་པ་ཁོ་ནའི་ཡིན་པའི་རྒྱུ་མཚན་ཅི་ཡིན། ཞེས་པ་འདི་ལ། དྲི་བའི་བསམ་པ་ནི། བསྟན་བཅོས་འདིར་དེ་སྐད་ཅེས་བཤད་ཀྱང༌། མདོ་སྡེའི་རྒྱན་ལས། རྣམ་སྨིན་ཐོས་དང་གོམས་པ་དང༌། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །ཞེས་ལམ་མ་ཞུགས་ནས་ཀྱང་གཟུངས་དང་པོ་གཉིས་ཡོད་པར་བཤད་པ་དང༌། མོས་སྤྱོད་ནས་བཟོད་པའི་རྒྱུར་གྱུར་པའི་གཟུངས་ཡོད་པར་བཤད་པ་དང་འགལ་བར་དོགས་པའོ། །འདི་ལ་དངོས་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ནི། བསྟན་བཅོས་འདི་ན། ཇི་སྐད་དུ། གཟུངས་ཀྱི་སྒོ་འདི་དག་འཕགས་པ་ས་ཆེན་པོ་ལ་གཏོགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། དིང་སང་འདིའི་ཆ་ཤས་ཙམ་ཡང་སྒྲུབ་པར་དཀའ། ཞེས་པ་ཙམ་ཞིག་བཤད་ཀྱི། ཁོ་ན་ཞེས་བྱ་བའི་ངེས་བཟུང་གིས་ཚིག་མི་སྣང་ངོ༌། །ཞེས་པ་ཉིད་ཀྱིས་ལན་ཐེབས་སོ། །གཉིས་ནི། གཟུངས་ཀྱི་སྒོ་འདི་དག་ཅེས་བྱ་བའི་མང་ཚིག་ཡོད་ལ། དེ་ལ་ནི་གཟུངས་ཀྱི་སྒོ་ཆེན་པོ་ཚང་དགོས་པ་དང༌། འདི་ཞེས་བྱ་བའི་ཉེ་ཚིག་ཡོད་ལ། དེ་ནི་གོང་བཤད་མ་ཐག་པའི་ཨ་ར་པ་ཙ་ནའི་དོན་བསྒོམས་པ་ལས་བྱུང་བའི་མི་རྟོག་ཡེ་ཤེས་ལ་སྙག་པའི་ཕྱིར་ན་རྣམ་སྨིན་དང་ཐོས་པ་གོམས་པའི་གཟུངས་དང༌། མོས་སྤྱོད་ཀྱི་གཟུངས་རྣམས་ལ་ཧ་ཅང་ཐལ་བ་མེད་དོ། །དྲི་བ་དགུ་པ། འབེལ་གཏམ་གྱི་སྐབས་སུ་ལང་ཀར་གཤེགས་པ་ལས། ཁྱོད་ཀྱི་གྲུབ་མཐའ་རྣམ་པ་དུ། །ཞེས་དྲིས་པའི་ལན་དུ། ཉན་ཐོས་དང༌། རང་རྒྱལ་དང༌། ཐེག་ཆེན་གསུམ་དུ་བཤད་པས་ན། རང་སངས་རྒྱས་ལ་ཉན་ཐོས་ལས་ལོགས་སུ་གྲུབ་མཐའ་ཡོད་པར་མངོན་ལ། དེ་ལྟ་ན་མི་འཆད་པའི་རྒྱུ་མཚན་གང༌། ཞེས་པ་ལ། དྲི་བའི་བསམ་པ་ནི། གཞུང་འདིར། བདེ་བར་གཤེགས་པའི་གཞུང་ལུགས་ལ། །ཉན་ཐོས་དང་ནི་ཐེག་ཆེན་གཉིས། །ཞེས་པ་རང་ལུགས་སུ་ཡང་ཁས་ལེན་པར་འདུག་པས་སོ་སྙམ་དུ་བསམ་པ་ཡིན་ལ། འདི་ལ་དངོས་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ནི། རགས་པའི་རྣམ་གཞག་ལ་རང་སངས་རྒྱས་ཀྱི་གྲུབ་མཐའ་དེ་གྲུབ་མཐའ་གསུམ་པར་བཤད་ཀྱང༌། ཉན་ཐོས་དང་ཐེག་ཆེན་གྱི་གྲུབ་མཐའ་གཉིས་ལས་ལོགས་སུ་བགྲང་མི་དགོས་ཏེ། རང་སངས་རྒྱས་ཀྱི་སྡེ་སྣོད་བཤད་ཀྱང༌། ཉན་ཐོས་དང་ཐེག་ཆེན་གྱི་སྡེ་སྣོད་གཉིས་ལས་ལོགས་སུ་བགྲང་མི་དགོས་པ་བཞིན་ནོ། །གཉིས་པ་ནི། དེའི་གྲུབ་མཐའ་ཉན་ཐོས་ལས་ལོགས་སུ་གྱུར་པ་ཅིག་ཡོད་པ་ནི་ངེས་པར་ཁས་ལེན་དགོས་ཏེ། ལྟ་སྤྱོད་གཉིས་ཀ་དེ་ལས་ལོགས་སུ་བཤད་པས་སོ། །དེ་ལྟ་ན་ཡང་ཆོས་འདི་པ་དག་གི་གྲུབ་མཐའི་དབྱེ་བ་འཆད་པ་ན། ཉན་ཐོས་པའི་གྲུབ་མཐའ་གཉིས་དང༌། ཐེག་པ་ཆེན་པོ་པའི་གྲུབ་པའི་མཐའ་གཉིས་ཏེ། གཞན་ཁོ་ན་འཆད་ཀྱི། རང་སངས་རྒྱས་ཀྱི་གྲུབ་པའི་མཐའ། །ཞེས་ལྔ་པ་མི་འཆད་པ་ནི་ཆེན་པོ་དག་གི་སྤྱི་ལུགས་སོ། །གྲུབ་མཐའ་སྨྲ་བ་སོ་སོའི་འཇོག་མཚམས་ཀྱི་གཙོ་བོ་ནི་ལྟ་བའི་རིམ་པས་ཡིན་ལ། རང་རྒྱལ་ལ་ཉན་ཐོས་ལས་ལྷག་ཅིང་དབུ་མ་ལས་དམན་པའི་ལྟ་བ་གཅིག་ཡོད་པར་ནི་མངོན་པར་རྟོགས་པའི་རྒྱན་དུ་འཆད་ལ། དེར་བཤད་པའི་ལྟ་བ་དེ་ཡང་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གཉིས་སུ་མ་འདུས་པའི་ལྟ་བ་མ་ཡིན་ཏེ། དེ་འདྲ་དེ་ནི་གཟུང་བ་ཆོས་ཀྱི་བདག་མེད་པའི་ལྟ་བ་ཡིན་ཅིང༌། དེ་ཡང་རྣལ་འབྱོར་སྤྱོད་པ་པ་དག་གི་ལྟ་བའི་ནང་དུ་འདུས་པའི་ཕྱིར། རྗེ་བཙུན་ས་སྐྱ་པས། རང་རྒྱལ་དང་སེམས་ཙམ་པ་ལྟ་བ་མཚུངས་པར་བཤད་པ་ལ། རྒོལ་བ་དག་ན་རེ། འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་སེམས་ཙམ་གྲུབ་པའི་མཐའ། །མཚུངས་པར་རྟོགས་པའི་མཁས་པ་མཚར། །ཞེས་རྩོད་པ་ལ། ལུགས་འདིའི་རྗེས་སུ་འཇུག་པ་དག་གིས་ནི། ལན་འདེབས་པ་མ་སྣང་ལ། ལུགས་འདི་ལ་སྡང་བ་དག་གིས་ལན་ཡང་བཏབ་པ་དག་སྣང་མོད། དེ་ལ་ནི་ཡིད་རྟོན་པར་མི་ནུས་སོ། །དྲི་བ་བཅུ་པ། རྟོག་གེ་སྡེ་ལྔའི་ཁུངས་གང་ནས་བཙལ། ཞེས་པ་ལ། ལྔ་པོའི་ཐ་སྙད་ནི་རྩོད་བྲལ་གྱི་གཞུང་ཆེན་པོ་གང་ནས་འབྱུང་གི་ངེས་པ་མི་སྣང་ལ། རྗེ་བཙུན་གྱིས་ནི། རྩ་བའི་རྒྱུད་ལས། སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །བདག་དང་གསོ་བ་སེམས་ཅན་དང༌། །དུས་དང་གང་ཟག་ཉིད་དང་ནི། །ཞེས་པས་འཆད་པར་བཞེད་ལ། བསྟན་བཅོས་མཛད་པ་འདིས་ནི། གཞུང་འདིར་བཤད་པ་ནི། རིག་བྱེད་གྲངས་ཅན་འུག་ཕྲུག་པ། །ཟད་བྱེད་ཚུར་རོལ་མཛེས་པའོ། །ཞེས་དང༌། རིགས་པའི་གཏེར་དུ། ཐུབ་པ་སེར་སྐྱ་རྐང་མིག་པ་དང་འུག་པའི་བུ། །མཁའ་གོས་ཅན་དང་ཚུ་རོལ་མཛེས་པའི་གཞུང་འཛིན་པ། །ཞེས་རྣམ་གྲངས་གསུམ་པོ་དེ་ཡང་ཅུང་ཟད་མི་མཐུན་པར་སྣང་ཞིང༌། རྗེ་བླ་མ་དམ་པ་ནི། ཚངས་པ་པ། དབང་ཕྱུག་པ། གཅེར་བུ་པ། རྒྱང་འཕན་པ། གྲངས་ཅན་པ་རྣམས་ལ་རྟོག་གེ་སྡེ་ལྔར་འཆད་ཅིང༌། དེ་ཉིད་དྭ་ཧའི་འགྲེལ་པ་མཻ་ཏྲི་པས་མཛད་པ་ལས་བཤད་དོ། །ཞེས་བཤད། སློབ་དཔོན་ཕྱྭ་པ་ནི། གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། གཅེར་བུ་པ། རྒྱང་འཕན་པ་དང་ལྔ་ལ་རྟོག་གེ་སྡེ་ལྔའི་རྣམ་གཞག་མཛད་ཅིང༌། གྲུབ་མཐའི་རྣམ་དབྱེ་མཛད་པ་པོ་བོད་དུ་ཕྱིས་བྱོན་པ་ཕལ་ཆེར་འདི་དང་མཐུན་ནོ། །དེའི་ཕྱིར་ལྔའི་ཐ་སྙད་དང་ངོས་འཛིན་མཐུན་སྣང་དུ་གྲུབ་པ་གཅིག་གཞུང་ཆེན་དག་ནས་མ་བྱུང་བར་གསལ་ལོ། །འདིར་རང་གི་བློས་བརྟགས་པ་ནི། རིགས་པ་མཁྱེན་པའི་གཞུང་ན། ཚད་མ་གྲུབ་པའི་ལེའུར་ཕྱི་རོལ་པའི་ཐར་ལམ་འདོད་ཚུལ་མི་འདྲ་བ་བཞིར་བཤད་ཀྱང༌། གསུམ་དུ་འདུས་པ་དང༌། རིག་བྱེད་མཐའ་པའི་ཐར་པ་འདོད་ཚུལ་དེ་བཞི་དང༌། ཐར་པ་ཁས་མི་ལེན་པ་རྒྱང་འཕན་པའི་གྲུབ་མཐའ་དང་ལྔ་ཁོ་ན་བཤད་པ་དང༌། རང་དོན་རྗེས་སུ་དཔག་པར། རིག་བྱེད་པ་དང༌། གྲངས་ཅན་དང༌། གཅེར་བུ་པ་དང༌། རྒྱང་འཕན་དང་བཞི་ནི་གྲུབ་མཐའ་མི་འདྲ་བ། གཞུང་ཚུགས་པ་བཞིན་བྱུང་ཞིང༌། བྱེ་བྲག་པ་དང༌། རིགས་པ་ཅན་པ་གཉིས་གྲུབ་མཐའི་འགངས་གཅིག་ཅིང༌། རྟོག་གེའི་གཞུང་ཚུགས་པར་སྨྲ་བས་གཅིག་སྟེ། དེ་ལྟར་ལྔ་པོ་དེ་ལས་གཞན་རྟོག་གེའི་གཞུང་ཚུགས་པར་སྨྲ་བ་མ་བཤད་པའི་ཕྱིར་ལྔ་ཉིད་དུ་རིགས་སོ། །དྲི་བ་བཅུ་གཅིག་པ། རྟོག་གེ་འབར་བར་མུ་སྟེགས་ཀྱི་ལྟ་བ་ཐམས་ཅད་བརྒྱར་བསྡུས་ཞེས་གསུངས་པ་དེ། རྟོག་གེ་འབར་བའི་གཞུང་ཚིག་གང་གིས་བསྟན། ཞེས་པ་ལ། དངོས་ཀྱི་ལན་དང༌། ཅུང་ཟད་དཔྱད་པའོ། །དང་པོ་ནི། དོན་དེ་གཞུང་འདིས་སྟོན་ནོ་ཞེས་པ་དང༌། དེ་ལྟར་སྟོན་བྱེད་ཀྱི་དེའི་གཞུང་མེད་དོ། །ཞེས་བྱ་བའི་ངེས་པ་གཉིས་ཀ་འདྲེན་པར་མི་ནུས་ལ། དེ་ལྟ་ན་ཡང་བརྒྱའི་ཐ་སྙད་ཇི་ལྟར་ཡིན་ཀྱང༌། དོན་མི་འཁྲུལ་བ་ནི་སྔོན་གྱི་མཐར་རྟོག་པའི་ལྟ་བ་བཅོ་བརྒྱད། ཕྱི་མའི་མཐར་རྟོག་པའི་ལྟ་བ་བཞི་བཅུ་རྩ་བཞི་སྟེ། དྲུག་ཅུ་རྩ་གཉིས། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི། དེ་དག་གི་རྩ་བར་གྱུར་པའི་ལྟ་བ་ལྔ་ལས་འཇིག་ལྟ་ལ་ཉི་ཤུར་ཕྱེ་ཞིང༌། ལྷག་མ་བཞི་དང་བརྒྱའི་གྲངས་ངེས་ནི་གཞུང་ཆེན་མང་པོ་དག་ན་གསལ་ལ། རྟོག་གེ་འབར་བའི་སྤྱི་ཁྱབ་ནས་ཀྱང་ཐོན་པར་སེམས་སོ། །གཉིས་པ་ནི། རྗེ་བཙུན་གྱིས་དག་ལྡན་ལས་བཤད་པ་ནི། ཇི་སྐད་དུ། ལོག་པར་ལྟ་བ་བསམ་གྱིས་མི་ཁྱབ་པ་ནི་རྟོག་གེ་ལ་འབར་སུམ་བརྒྱ་དྲུག་ཅུ་རྩ་གསུམ་དུ་བསྡུས་ལ། དེ་ཡང་དྲུག་ཅུ་རྩ་གཉིས་སུ་འདུ། དེ་ཡང་འཇིག་ཚོགས་ལ་ལྟ་བ་ཉི་ཤུར་འདུ། དེ་ཡང་རྟོག་གེའི་སྡེ་ཚུགས་པར་ལྔར་འདུ། དེ་ཡང་རྟག་ཆད་གཉིས་སུ་འདུ། ཞེས་གསུང་ལ། དེ་ཡང་སུམ་བརྒྱ་དང་དྲུག་ཅུ་རྩ་གསུམ་གྱི་ཐ་སྙད་ནི་ཤིན་ཏུ་མང་ལ། བརྒྱའི་ཐ་སྙད་ནི་འདིར་འབྱུང་བ་དེ་མ་གཏོགས་དེ་ལས་གཞན་གསལ་བར་མ་གྲགས་པས་བརྒྱ་དང་སུམ་བརྒྱ་ལ་ཡི་གེ་པས་འཁྲུལ་གཞི་བྱུང་བ་ཡིན་ནམ་ཞེས་ཀྱང་བརྟག་པར་བྱའོ། །དྲི་བ་བཅུ་གཉིས་པ་རྟག་ཆད་ཀྱི་ལྟ་བ་གཉིས་སུ་འབྱེད་པ་ནི་དེ་གཉིས་འགལ་བ་ལས་ཕྱེ་བ་ཡིན་ན། དབུ་མ་སྣང་བ་ལས། དེ་བས་ན་གདོན་མི་ཟ་བར་གང་ལ་མེད་པར་འཛིན་པ་ཡོད་པ་དེ་ལ་ཡོད་པའི་འཛིན་པ་ཡང་ཡོད་པས་མཐའ་འདི་གཉིས་ཀར་འགྱུར་རོ། །ཞེས་མི་འགལ་བ་ལྟ་བུར་བཤད་པ་འདི་གང་ལ་དགོངས། ཞེས་པ་ལ། དངོས་ཀྱི་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ནི། རྟག་ལྟ་ཡིན་ན་ཆད་ལྟ་ཡིན་པར་འགལ་ཡང་ཆད་ལྟ་ཁས་ལེན་པ་པོ་དེ་ཡིན་ན་ངེས་པར་རྟག་པའི་ལྟ་བ་ཁས་བླངས་པས་ཁྱབ་སྟེ། རང་བཞིན་གྱིས་ཡོད་པར་ཁས་བླངས་པའི་ཆོས་ཤིག་སྐབས་གཞན་དུ་མེད་པར་འགྱུར་སྲིད་པ་དང༌། གྱུར་ཟིན་པ་གང་རུང་དུ་ཁས་བླངས་པ་ཁོ་ན་ལ་འཆད་པའི་ལྟ་བར་འཇོག་པའི་ཕྱིར། དཔེར་ན་རྒྱང་འཕན་གྱིས་མ་ཤི་བར་དུ་བདག་ཡོད་པར་ཁས་བླངས་ནས། ཤི་བ་ན་དེ་མེད་པར་འགྱུར་བ་ཉིད་དུ་ཁས་བླངས་པའི་ཚེ་ན་རྟག་ཆད་ཀྱི་ལྟ་བ་གཉིས་ཀ་ཁས་བླངས་པ་ཡིན་ཏེ། རྟག་པ་དང་ཆད་པར་ཡང་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། སྤྱིར་མཐར་འཛིན་གྱི་ལྟ་བ་ལ་གཉིས་ཏེ། རྟག་ཆད་ཀྱི་མཐར་འཛིན་པ་དང༌། སྤྲོས་པའི་མཐར་འཛིན་པའོ། །དང་པོ་ནི། འཇིག་ཚོགས་ལ་ལྟ་བའི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་རྟག་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ་ལ་ནི་རྟག་པའི་ལྟ་བ་དང༌། སྔར་ཡོད་དེ་ཉིད་ཕྱིས་ཆད་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ལ་འཆད་པའི་ལྟ་བ་ཞེས་འཇོག་པ་དེ་ནི་རང་གི་སྡེ་པ་ཐམས་ཅད་པའི་ཐུན་མོང་གི་ལུགས་སོ། །དབུ་མ་པ་དག་གི་ཐུན་མོང་མ་ཡིན་པའི་ལུགས་ནི་བུམ་སོགས་ཀྱི་ཆོས་གང་དང་གང་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་པའི་དང༌། ཕྱིས་དེ་མེད་པར་སོང་བ་ཉིད་དུ་ཁས་བླངས་ན་ཆད་པའི་ལྟ་བར་འགྱུར་ཏེ། ཇི་སྐད་དུ། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་སོ། །རང་བཞིན་གྱིས་ཡོད་མ་མྱོང་བའི་ཆོས་ཤིག་རང་བཞིན་གྱིས་མེད་པ་ཉིད་དུ་ཁས་ལེན་པ་ནི་མེད་པ་ལ་མཚན་མར་འཛིན་པའི་ལྟ་བར་འགྱུར་བ་ཡིན་གྱི། ཆད་པའི་ལྟ་བར་འགྱུར་བ་མ་ཡིན་ཏེ། ཡོད་པ་ཞིག་མེད་པར་སོང་བ་ལ་ཆད་པ་ཞེས་བྱ་ཡི། མོ་གཤམ་གྱི་བུ་ལྟ་བུ་ཡོད་མི་སྲིད་པ་ཞིག་མེད་པར་ཁས་བླངས་པ་ལ་ཆད་པའི་དོན་མེད་པའི་ཕྱིར། གཉིས་པ་ནི། དབུ་མའི་ལྟ་བ་མཐར་ཐུག་གཏན་ལ་འབེབས་པའི་ཚེ་བདེན་པ་དང་རང་བཞིན་སོགས་ལ་མ་ལྟོས་པར་ཡོད་མེད་དང་ཡིན་མིན་སོགས་གང་དུ་འཛིན་ཀྱང་འདྲ་སྟེ། དེ་ལྟར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཡིན་མིན་གང་ཡིན་ཀྱང་མཐར་འཛིན་པའི་ལྟ་བ་ཞེས་བྱ་སྟེ། སྤྲོས་པའི་མཐར་འཛིན་པའི་ཤེས་རབ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དྲི་བ་བཅུ་གསུམ་པ། བོད་ཁ་ཅིག་དཔྱོད་པ་པ་ཡང་ཆད་ལྟ་བར་བྱེད་པར་སྣང་ཞིང༌། འདིར་ནི་དེར་མི་རུང་བར་བཤད་ན་དེའི་འཐད་པ་གང་ཞིག་ཡིན། ཞེས་པའི་དངོས་ལན་ནི། མུ་སྟེགས་ཆད་ལྟ་བར་འཇོག་པའི་གོ་དོན་ནི་བཤད་མ་ཐག་པ་དེ་ཉིད་ཡིན་ལ། དཔྱོད་པ་པ་ནི་རྟོག་གེ་སྡེ་ལྔའི་ནང་ནས་རྟག་སྨྲ་བ་བཞིའི་ནང་ཚན་རིག་བྱེད་པ་ཡིན་ལ། དེའི་ནང་ནས་དྲང་སྲོང་རྒྱལ་དཔོག་གི་སློབ་མ་ཡིན་པས་རྒྱལ་དཔོག་པ་ཞེས་ཀྱང་བྱ་ལ། དེའི་འདོད་པ་ནི་ཤི་བའི་ཚེ་བདག་ཆད་པར་མི་འདོད་ཅིང༌། ཁྲུས་ཀྱིས་སྡིག་པ་འདག་པ་དང༌། སྐྱེས་བུ་རྟག་པ་བྱེད་པ་པོ་ཡིན་པ་དང༌། མཐར་སྐྱེས་བུའི་ངང་དུ་ཐིམ་པ་ཡིན་པར་ཁས་ལེན་ནོ་ཞེས་བཤད་པའི་ཕྱིར་ཆད་ལྟ་བར་མི་རིགས་སོ། །འོན་ཀྱང་དཔྱོད་པ་པས་རིག་བྱེད་སྐྱེས་བུས་མ་བྱས་པ་དང༌། དེ་ཡང་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་ཡིན་ལ། དོན་དེ་ལ་བསམས་ནས་དཔྱོད་པ་པ་ལ་རྒྱུ་མེད་དུ་སྨྲ་བ་ཞེས་བྱ་ལ། དེ་ཙམ་ལ་དཔགས་ནས་ཆད་ལྟ་བར་འཆད་པ་དག་ཡོད་པ་སྲིད་དོ། །དྲི་བ་བཅུ་གཉིས་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། གྲངས་ཅན་སྒྲ་རྣམས་ཡོན་ཏན་མེད། །སེར་སྐྱ་པ་རྣམས་སྟོད་པའི་ཚུལ། །ཞེས་དེ་གཉིས་ཐ་དད་པར་གསུངས་ལ། འདིར་དེ་གཉིས་གཅིག་པར་བཤད་པས་འགལ་བ་ཇི་ལྟར་སེལ། ཞེས་པ་ལ། དངོས་ལན་དང༌། ལུང་དེ་དང་མི་འགལ་བའི་ཤེས་བྱེད་དོ། །དང་པོ་ནི། སེར་སྐྱ་པ་དང་གྲངས་ཅན་ནི་དོན་གཅིག་མིང་གི་རྣམ་གྲངས་ཁོ་ན་ཡིན་ཏེ་དེ་ལ་གྲུབ་མཐའ་བྱེ་བྲག་མི་འདྲ་བ་ཡོད་པར་འཆད་པ་པོ་ཚད་ལྡན་སུ་ཡང་མ་བྱུང་བའི་ཕྱིར། དེ་ལྟ་ན་ཡང་གྲངས་ཅན་དང་སེར་སྐྱ་ལ་ནི་སྟོན་པ་དང༌། དེའི་གྲུབ་མཐའ་སྨྲ་བའི་ཁྱད་པར་ཡོད་པ་ཉིད་ཀྱི་ཕྱིར་གཞུང་ནའང་སེར་སྐྱ་རྣམས་ནི་ཞེས་པ་ཡོད་ཀྱི། སེར་སྐྱ་པ་རྣམས་ཞེས་པ་མེད་དོ་ཞེས་པ་ཙམ་གྱིས་ཀྱང་དངོས་ལན་ཐེབས་པར་ནུས་སོ། །གཉིས་པ་ནི། གཞུང་རྐང་པ་གཉིས་པོ་དེས་གྲངས་ཅན་དང་སེར་སྐྱ་པ་གྲུབ་མཐའ་སྨྲ་བ་སོ་སོར་སྟོན་པ་མ་ཡིན་ཏེ། དེའི་ཤེས་བྱེད་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། དེས་དེ་ལྟར་བསྟན་པ་འོ་ན། དབང་ཕྱུག་ལ་སོགས་ཡོན་ཏན་འདོད། །ཅེས་པ་དང༌། དབང་ཕྱུག་པ་ཡི་བསྟན་པ་ལ། །ཞེས་པའི་གཞུང་སྔ་ཕྱི་གཉིས་ཀྱིས་ཀྱང་དབང་ཕྱུག་པའི་གྲུབ་མཐའ་མི་འདྲ་བ་གཉིས་བསྟན་པར་ཐལ་བ་དང༌། ཚངས་པ་འདོད་པ་བྲམ་ཟེ་རྣམས། །ཞེས་པ་དང༌། བདག་ཡོད་བྲམ་ཟེ་མཆོག་རྣམས་སོ། །ཞེས་པས་ཀྱང་གྲུབ་མཐའ་སྨྲ་བ་རིགས་མི་འདྲ་བ་གཉིས་བསྟན་པར་ཐལ་ལོ། །འོ་ན་ཅི་ཞེ་ན། གཉིས་པ་ནི། གཞུང་འདིའི་ཐོག་མར་རང་ལུགས་ཀྱི་གྲོལ་བ་དང༌། དེ་སྒྲུབ་པའི་ལམ་གཉིས་སོ་སོར་ངོས་བཟུང་ནས། དེའི་འོག་ཏུ་ཕྱི་རོལ་པའི་ཐར་པ་འདོད་ཚུལ་ངོས་འཛིན་པ་ནི། ཇི་སྐད་དུ། དབང་ཕྱུག་ལ་སོགས་ཡོན་ཏན་འདོད། །གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད། །ཚངས་པ་འདོད་པ་བྲམ་ཟེ་རྣམས། །འདི་རྣམས་དེ་ཉིད་རྣམ་གསུམ་གནས། །ཞེས་པའོ། །དེའི་འོག་ཏུ་ཐར་པ་དེའི་ལམ་གྱིས་འདོད་ཚུལ་འཆད་པ་ནི། ཇི་སྐད་དུ། སེར་སྐྱ་རྣམས་ནི་སྟོན་པའི་ཚུལ། །དབང་པོ་ཐུབ་རྣམས་ནམ་མཁའི་ཚུལ། །ཟད་བྱེད་རྒྱལ་བའི་གཟུགས་བརྙན་རྣམས། །དད་པས་འབད་དེ་གཞོལ་བའོ། །དབང་པོ་ལྔ་དང་ཉེར་ལྡན་པའི། །བདག་ཡོད་བྲམ་ཟེ་མཆོག་རྣམས་སོ། །དབང་ཕྱུག་པ་ཡི་བསྟན་པ་ལ། །ལྷོ་བྱང་ནུབ་ཏུ་གནས་པ་དེ། །དེ་ཡང་ནུས་ཅན་མཉམ་སྦྱོར་བར། །བྱེད་ཅིང་མིག་ནི་འཛུམ་བལྟའོ། །ཟླ་བའི་གྲུབ་མཐའ་བ་རྟག་ཏུ། །འཕྲོག་པོ་ལ་ནི་གུས་གཞོལ་བ། །ཞེས་སོགས་གསུངས་པ་ཡིན་ལ། དེ་ཉིད་འགོག་པ་ནི། གལ་ཏེ་ཡེ་ཤེས་མི་ཤེས་ན། །ཡེ་ཤེས་ཤིན་ཏུ་ཐལ་བར་འགྱུར། །བདེན་དང་ཏིང་འཛིན་ལམ་འདི་ནི། །སྲིད་གང་ཡིན་པར་སླར་འཆིང་ངོ༌། །ཞེས་གསུངས་སོ། །དེའི་ཕྱིར། གྲངས་ཅན་སྒྲ་རྣམས་ཞེས་པ་ལ་གོ་བ་རྙེད་རྒྱུ་མི་འདུག་ཅིང༌། གཞུང་ན་སྨྲ་རྣམས་ཞེས་པ་ཁོ་ན་མཐོང་བས། སྒྲ་རྣམས་ཞེས་པ་ཡི་གེ་པའི་སྐྱོན་དུའང་ལྟའོ། །དྲི་བ་བཅོ་ལྔ་པ། རྒྱལ་རིགས་གཞུང་དུ་སྨྲ་བའི་མུ་སྟེགས་ཀྱི་བྱུང་ཚུལ་ཇི་ལྟར་ཡིན་ཞེས་པ་ལ། རང་མི་རིགས་པའི་ཆོས་ལུགས་ལ་གནས་ནས། རིགས་པའི་གཞུང་ལུགས་ལ་གནས་པ་གཞན་ཚར་གཅོད་པ་ལ་རྒྱལ་རིགས་ངན་པའི་གཞུང་ལུགས་ཞེས་བྱ་བའི་ཐ་སྙད་གཅིག་རྒྱ་གར་ན་ཡོད་པར་སྣང༌། དོན་དེ་ལ་དགོངས་ནས། ཇི་སྐད་དུ། བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །ཞེས་གསུངས་པ་ཡིན་ལ། རྒྱང་འཕན་ནི་ལུགས་དེ་ལ་གནས་པ་ཡིན་ཏེ། རང་ཉིད་མི་རིགས་པའི་ཆོས་ལྷ་དང་སྐྱེ་བ་སྔ་ཕྱི་མེད་པ་དང༌། ལས་རྒྱུ་འབྲས་མི་བདེན་པ་སོགས་ལ་གནས་ནས། གཞན་དག་དེ་ལྟར་ཁས་ལེན་པ་ལྟར་ཚར་གཅོད་པར་བྱེད་པའི་ཕྱིར་རོ། །ལུང་རིགས་མེད་པར་དབང་ཆེ་འབའ་ཞིག་གིས་རང་ཕྱོགས་འཇོག་ཅིང༌། གཞན་ཕྱོགས་སུན་འབྱིན་པའི་ཕྱིར་རྒྱལ་རིགས་ཀྱི་གཞུང་ལུགས་པ། ཞེས་གྲགས་སོ། །དེ་ཡང་རིག་བྱེད་སྨྲ་བ་དག་གིས་ནི་རྒྱང་འཕན་པ་འདིས་རིག་བྱེད་ལྟ་བུ་ཚད་མར་གྱུར་པའི་ལུང་དང༌། སྒྲུབ་པ་དང་སུན་འབྱིན་སྐྱོན་དང་བྲལ་བ་དག་ལ་མ་བརྟེན་པར་གཟུ་ལུམས་འབའ་ཞིག་གིས་གྲུབ་པའི་མཐའ་ཁས་ལེན་པས་ན་རྒྱང་འཕན་པ་འདི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་ངན་པ་ཐ་ཤལ་དུ་འཇོག་པ་ཡིན་པར་སྣང་ལ། རྣམ་འགྲེལ་མཛད་པས། རིག་བྱེད་པ་ལ་སྐྱོན་བརྗོད་པ་ན། །གསལ་བར་དབང་ཕྱུག་སྤྱོད་པ་ཡིན། །ཞེས་དང༌། བྱ་བ་རྒྱལ་རིགས་ལུགས་ཡིན་ནོ། །ཞེས་རྒྱང་འཕན་པ་དང་མཚུངས་པར་སྟོན་པའོ། །མདོར་ན་རྒྱང་འཕན་ལ་རིག་བྱེད་ལྟ་བུ་གདོད་མ་ནས་ཀྱི་ལུང་ཁས་ལེན་རྒྱུ་མེད་པས་དེའི་ཕྱིར་རྒྱང་འཕན་ལ་རྒྱལ་རིགས་ངན་པའི་གཞུང་ལུགས་པ་ཞེས་པའོ། །དྲི་བ་བཅུ་དྲུག་པ། རིག་བྱེད་པའི་ནང་ཚན་གསང་བ་པ་དང་དཔྱོད་པ་པ་གཉིས་འདིར་དོན་གཅིག་པར་བཤད་ལ། རྟོག་གེ་འབར་བར་རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བ་ཉིད་ལས་གཞན་སྤྱོད་པ་ཅན་ཞེས་དེ་གཉིས་མི་གཅིག་པར་བཤད་པ་ཅི་ཞེས་པ། འདི་ལ་དངོས་ཀྱི་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ནི། འདིར་མིང་གི་རྣམ་གྲངས་སུ་བཤད་པ་དེ་དག་ནི་ཡིན་ཁྱབ་མཉམ་པའི་རྣམ་གྲངས་པར་བཤད་པ་མ་ཡིན་གྱི། གྲུབ་མཐའི་སྒོ་གཅིག་པའི་སྒོ་ནས་དེར་བཤད་པ་ཡིན་ཏེ། དཔེར་ན་གཞུང་འདི་ཉིད་དུ་བྱེ་བྲག་པ་དང༌། རིགས་པ་ཅན་པ་མིང་གི་རྣམ་གྲངས་སུ་བཤད་པ་བཞིན་ནོ། །གཉིས་པ་ནི། གཞུང་འདིར་ནི་རིགས་པ་ཅན་དང་དཔྱོད་པ་པ་རྣམ་གྲངས་པར་བཤད་ལ། རྟོག་གེ་འབར་བའི་ནང་ན་དྲངས་སྣང་བ་དེ་ནི་རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བ་དང༌། སྤྱོད་པ་ཅན་གཉིས་སུ་གྲུབ་མཐའ་མི་གཅིག་པའི་ལུང་དུ་སོང་ངོ༌། །སོང་བ་དེ་ལས་ཅིར་འགྱུར་ཞེ་ན། སྤྱོད་པ་ཅན་ཞེས་པ་ནི་ཚངས་པར་སྤྱོད་པ་པ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་སྤྱིར་རིག་བྱེད་མཐའ་པ་དང་སྤྱོད་པ་ཅན་གཉིས་སུ་ཕྱེ་ཞིང༌། མཐའ་པ་ལའང་མཐའ་རྒྱུར་སྨྲ་བ་དང༌། གསང་མཐའ་པ་གཉིས་སུ་ཕྱེ་ནས། དེ་དག་དང་དཔྱོད་པ་པ་གྲུབ་མཐའི་སྒོ་གཅིག་ཏུ་འཆད་ཅིང༌། སྤྱོད་པ་ཅན་ནི་སྤྱིར་ཚངས་པ་པ་དང་གྲུབ་མཐའི་སྒོ་གཅིག་ཅིང༌། དེ་ལའང་སྒྲའི་ཚངས་པ་པ་དང༌། བརྡ་སྤྲོད་པ་དང་ཚངས་པར་སྤྱོད་པ་པ་ཞེས་བྱ་བ་རྣམས་ཡོད་པར་འཆད་དོ། །དེའི་ཚེ་ན་ཚངས་པར་སྤྱོད་པ་པ་དང༌། དཔྱོད་པ་པ་གཉིས་ལ་ནི་ཐར་པ་ཁས་ལེན་མི་ལེན་དང༌། དྲི་མ་སེམས་ཀྱི་གནས་ལུགས་སུ་འདོད་མི་འདོད་དང༌། སྐྱེས་བུ་རྟག་པ་བྱེད་པ་པོར་འདོད་མི་འདོད་ཀྱི་ཁྱད་པར་ཡོད་ལ། རིག་བྱེད་པ་ཙམ་དང༌། དཔྱོད་པ་པ་ལ་ནི་དེ་ལྟ་བུའི་ཁྱད་པར་བཤད་དཀའ་བའི་ཕྱིར། དཔྱོད་པ་པ་ནི་རིག་བྱེད་མཐའ་པའི་གྲུབ་མཐའ་ཇི་ལྟ་བ་བཞིན་དུ་འཛིན་པར་རིགས་པ་མཁྱེན་པས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རིག་བྱེད་ཚད་མ་དང་ནི་འགའ་བྱེད་སྨྲ། །ཞེས་དེ་ལྟར་ཁས་བླངས་པ་གཉིས་ནང་འགལ་དུ་བཤད་པ་དང༌། སྐྱེས་བུ་རྟག་པ་བྱེད་པོ་ཉིད། །ཅེས་དང༌། དེ་བདེན་དོན་ཞེས་ཁས་ལེན་པ། །ཞེས་དེ་གཉིས་ནང་འགལ་དུ་བཤད་པའི་ཕྱིར་རོ། །དེ་ལྟ་ནའང་དབུས་པ་བློ་གསལ་ན་རེ། མཁས་པ་འཇུག་པའི་སྒོར་རིག་བྱེད་པ་དང་གསང་བ་པ་རྣམ་གྲངས་སུ་འཆད་པ་ནི་ཆེས་མི་རུང་སྟེ། གསང་བ་པ་ནི་སེམས་ཙམ་དུ་སྨྲ་ལ། སྔ་མ་ནི་དེ་འགོག་པའི་ཕྱིར་ཏེ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པར། གསང་བ་པའི་འདོད་པ་འཆད་པ་ན། དེ་ཕྱིར་འདི་དག་ཐམས་ཅད་ནི། །རྣམ་ཤེས་གྱུར་པར་ཡང་དག་སྣང༌། །ཞེས་ཀུན་རྫོབ་ཀྱི་སྣང་བ་སེམས་ཡིན་པ་དང༌། གཉིས་མེད་ཀྱི་ཤེས་པ་བདག་ཏུ་བཤད་ལ། རིག་བྱེད་པས་ནི་དེ་འགོག་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། ཡང་འདིར་གཞན་དག་མི་ཤེས་པའི། །དྲི་མས་གོས་པའི་བློ་ཅན་རྣམས། །སེམས་ཙམ་ཚུལ་ནི་མི་རིགས་ཏེ། །ཐོས་པས་གནོད་པའི་ཕྱིར་ཞེས་སྨྲ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །ཉེས་པ་དེ་ཡང་ཡོད་པ་མ་ཡིན་ཏེ། མཁས་འཇུག་ཏུ་ནི་དེ་གཉིས་རྟོག་གེ་སྡེ་ལྔའི་ནང་ནས་རིག་བྱེད་པ་ཙམ་དུ་འདྲ་བར་སྟོན་པ་ཡིན་གྱི། དེ་གཉིས་ཀྱི་གྲུབ་མཐའ་ཁྱབ་མཉམ་དུ་མི་འཆད་པའི་ཕྱིར་རོ། །དྲི་བ་བཅུ་བདུན་པ། བཙུན་པ་དགེ་བསྲུངས་ཇོ་བོ་མདོ་སྡེ་པར་བཤད་ཅིང༌། བོད་དག་སེམས་ཙམ་པར་འཆད་ན་གཉིས་པོ་གང་འཐད་པར་མངོན། ཞེས་པ་ལ་དངོས་ཀྱི་ལན་དང༌། འཕྲོས་དོན་ནོ། །དང་པོ་ནི། བཙུན་པ་དགེ་བསྲུངས་རང་ཉིད་སྡེ་པ་གང་ཡིན་ཀྱང༌། ཕྱི་རོལ་དོན་སྒྲུབ་ཅེས་བྱ་བའི་བསྟན་བཅོས་དེ་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་ཉིད་དུ་གསལ་ཏེ། ཕྱི་རོལ་གྱི་དོན་ཁས་བླངས་ནས་བློ་ཚུལ་གཉིས་སུ་སྒྲུབ་པའི་རིགས་པ་ལ་གནོད་བྱེད་བརྗོད་པའི་ཕྱིར་དང༌། དོན་སྣང་གི་ཤེས་པས་ཕྱི་རོལ་དོན་གྱི་རྣམ་པ་དངོས་སུ་རིག་པ་བཀག་ནས། ཕྱི་རོལ་གྱི་དོན་ཉིད་དངོས་སུ་རིག་པར་འབད་ནས་བསྒྲུབས་པའི་ཕྱིར། ཇི་ལྟར་ཞེ་ན། དེས་དེ་ལ་འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་བརྗོད་པར་ནི་ཀུན་གྱིས་འཆད་པར་ནུས་པ་དེ་ཡིན་ལ། དེ་བཀག་པས་མདོ་སྡེ་པའི་ལུགས་བཀག་པར་འགྲོ་བའི་ཤེས་བྱེད་ནི། ཇི་སྐད་དུ། ཕྱི་རོལ་ལ་ནི་བརྟེན་ནས་སུ། །ཚུལ་གཉིས་བརྗོད་ཡིན་དེ་ཡང་ནི། །ལྷན་ཅིག་མྱོང་བའི་ངེས་པས་འགྲུབ། །ཅེས་དང༌། ཕྱི་རོལ་དོན་སྒྲུབ་ཉིད་ལས་ཀྱང༌། །ཤེས་པ་རྣམ་བཅས་སྨྲ་བ་དང༌། །འདི་ལ་རྩོད་པ་ཡོད་མ་ཡིན། །ཞེས་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་དེ་མདོ་སྡེ་པས་ཀྱང་ཁས་ལེན་པ་ཉིད་དུ་བཤད་པའི་ཕྱིར་རོ། །རྩ་བའི་རྟགས་གཉིས་པ་གྲུབ་པའི་ཤེས་བྱེད་ནི་གཞུང་དེ་ཉིད་ལས། ཐམས་ཅད་མཁྱེན་པ་ཇི་ལྟ་བུ། །རང་སེམས་ཙམ་ཞིག་རྣམ་ཤེས་པས། །རང་རིག་ཁོ་ནར་ཟད་ན་གོ །རང་སེམས་ཙམ་ཞིག་རྣམ་ཤེས་ཕྱིར། །ཐམས་ཅད་མཁྱེན་ཞེས་བཏགས་པར་ཟད། །ཅེས་དང༌། གཉིས་རྣམ་གྲོལ་བའི་ཤེས་པ་ལ། །རྣམ་པ་ཀུན་ཏུ་ཀུན་རིག་ཅེས། །བྱ་བ་འདི་ནི་ཡ་མཚན་ཆེ། །དེ་ཕྱིར་འཛིན་པའི་ངོ་བོར་ཡོད། །ཅེས་བཤད་པ་ལས་སོ། །གཉིས་པ་ནི། གཞུང་འདི་མདོ་སྡེ་པར་འཁྲུལ་བའི་གཞི་ནི། ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་འདི་བློ་རྣམ་བཅས་བསྒྲུབ་ཀྱི་རིགས་པ་ཡིན་པ་མ་གོ་བར་སེམས་ཙམ་པས་མདོ་སྡེ་པའི་ངོར་ཕྱི་རོལ་དོན་འགོག་གི་རིགས་པར་ཕྱིས་ཀྱི་རྟོག་གེ་པ་ཐམས་ཅད་ཀྱིས་འཁྲུལ་ལོ། །དེ་དེའི་རིགས་པ་ཡིན་པའི་ཤེས་བྱེད་ནི། དེའི་གྲུབ་མཐའི་རྩ་བ་ལ་དོན་སྣང་གི་ཤེས་པས་དོན་དངོས་སུ་མ་རིག་པ་དེ་སྒྲུབ་པར་འདོད་པ་ཡིན་ལ། དེ་གྲུབ་པ་ན་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལས་ཁྱད་པར་དུ་ཕྱེ་བ་ཡིན་ལ། དེའི་ཚེ་ན་ཕྱི་དོན་གཞལ་བྱ་ལ་རང་རིག་འབྲས་བུར་གྲུབ་པའོ། །ཡང་གཞུང་དེ་ཉིད་ལས། སྣང་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཞེས་པས་ཀྱང་མདོ་སྡེ་པར་འཁྲུལ་བ་དག་ཡོད་མོད། དེ་ལྟར་གྲུབ་ཟིན་པ་གཞུང་དེའི་རང་ལུགས་ཡིན་ན་ལྷན་ཅིག་དམིགས་ངེས་ལ་སྐྱོན་གསུམ་བརྗོད་པ་དང་འགལ་བའི་ཕྱིར། དེས་ན་གཞུང་དེའི་བསམ་དོན་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་ཀྱིས་དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་དངོས་སུ་རིག་པ་འགོག་མི་ནུས་ཏེ། བྱེ་བྲག་ཏུ་སྨྲ་བའི་ངོར་ནི་རྟགས་དེ་འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་དང་བཅས། མདོ་སྡེ་པའི་ངོར་ནི་གྲུབ་ཟིན་སྒྲུབ་པའི་ཕྱིར་རོ། །ཞེས་པའོ། །དྲི་བ་བཅོ་བརྒྱད་པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། འདུས་བྱས་བེམ་པོ་ཡོད་མ་ཡིན། །ཞེས་གསུངས་ཤིང༌། འགྲེལ་པར་ཡང་བེམ་པོ་ནི་འདུས་ནས་བྱས་པ་མི་འཐད་དེ། དེ་དག་འདུ་བའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དཔེར་ན་རྡུལ་དང་རྡུལ་བཞིན་ནོ། །ཞེས་གསུངས་པའི་དགོངས་པ་སྒྲ་ཇི་བཞིན་པ་ཡིན་ནམ་མ་ཡིན། ཞེས་པ་ལ། གཉིས་ཏེ། གཞན་ལ་གྲགས་པ་དང༌། རང་གི་ལན་བསམ་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བས་ལྡན་པ་མ་ཡིན་པའི་འདུ་ཤེས་བེམ་པོར་འདོད་པ་ཁྱད་པར་དབྱེ་བ་ཡིན་ནོ་ཞེས་འཆད་པ་དང༌། ཡང་ལ་ལ་དག་བསྟན་མེད་ཐོགས་མེད་ཀྱི་གཟུགས་བེམ་པོར་ཡོད་པ་མ་ཡིན་ཞེས་བྱེ་སྨྲ་ལས་ཁྱད་པར་དུ་ཕྱེ་ནས་འཆད་པ་དག་སྣང་ངོ༌། །གཉིས་པ་ལ་གཉིས་ཏེ། ངག་དོན་བསྡུས་པ་དང༌། འགྲེལ་ཚིག་དེའི་དོན་བསམ་པའོ། །དང་པོ་ནི། བེམས་པོའི་གོ་བ་ནི་རྡུལ་དུ་གྲུབ་པ་ཡིན་ལ། འདུས་བྱས་རགས་པ་རྣམས་ནི་དེར་ཡོད་པ་མ་ཡིན་ཏེ། རྡུལ་དུ་གྲུབ་པ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་རྡུལ་ཞེས་བྱ་བ་ནི་འབྱུང་བ་བཞི་པོ་གང་རུང་དུ་ངེས་ལ། བཞི་པོ་དེ་ཕན་ཚུན་ནས་འདུས་ཏེ་རགས་པ་བརྩམས་པའི་ཚེ་ན་བཞི་པོ་དེ་ལས་མ་གཏོགས་པའི་རྡུལ་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་ཡན་ལག་ཅན་རྫས་གཞན་འགོག་བྱེད་ཀྱི་རིགས་པས་གནོད་པའི་ཕྱིར། དེས་ན་དབང་ཤེས་ལ་དངོས་སུ་སྣང་བ་འདི་གཟུགས་ལ་སོགས་པའི་རྣམ་པ་ཡིན་གྱི། གཟུགས་སོགས་དངོས་མ་ཡིན། རྣམ་པ་དེ་གཏོད་བྱེད་ཀྱི་རྒྱུ་ནི་རྡུལ་ཕྲན་ཁོ་ན་ཡིན་གྱི། རགས་པ་པ་མ་ཡིན་པའི་ཕྱིར་ན་རྡུལ་ཕྲན་མ་ཡིན་པའི་རགས་པ་བེམས་པོར་ཡོད་པ་མ་ཡིན་ནོ། །གལ་ཏེ་རགས་པ་ཡིན་པ་ལ་བེམས་པོར་འགལ་བ་དེ་ལྟ་ན་རི་བོ་ལ་སོགས་པས་སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པར་ཐལ་བ་མ་ཡིན་ནམ་ཞེ་ན། དེ་ཡང་བྱེ་བྲག་པའི་བསམ་པ་ཡིན་པ་མདོ་སྡེ་པས་བཀག་ཟིན་པ་ཡིན་ནོ། །དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བ་རྡུལ་རྫས་བརྒྱད་ཁས་ལེན་པ་ལས་ཁྱད་པར་དུ་བྱེ་ནས། མདོ་སྡེ་པ་ཕྱི་རོལ་དོན་གྱི་གནས་ཚུལ་རྡུལ་ཕྲན་བཞི་པོ་ཁོ་ནར་གནས་པ་ཡིན་ནོ་ཞེས་བྱ་བ་འདི་ངེས་སོ། །གཉིས་པ་ནི། གང་བེམས་པོ་ཡིན་ན་རྡུལ་ཕྲན་འདུས་ནས་བྱས་པ་མ་ཡིན་པས་ཁྱབ་ཏེ། རྡུལ་ཕྲན་རེ་རེ་བ་དེ་དག་ཕན་ཚུན་འདུ་ཞིང་ཕྲད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར། དཔེར་ན་ཆུ་རྡུལ་རྐྱང་པ་དང་ཆུ་རྡུལ་གཞན་འདུས་པ་དེའི་ཚེ་ན་དེ་གཉིས་འདུས་པ་ལས་བྱུང་བའི་བེམས་པོ་གཞན་ཡོད་པ་མ་ཡིན་པ་བཞིན་ནོ། །འདུ་བའི་རྣམ་པར་རྟོག་པ་མེད་པ་ཅི་ཞེ་ན། རགས་པ་རྩོམ་པའི་ཚེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པའི་རྒྱུ་མཚན་གྱིས་སོ། །ཞེས་བྱ་བའི་དོན་ནོ། །འོ་ན་རགས་པ་བརྩམས་མ་བརྩམས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། དོན་སྣང་གི་རྣམ་པར་ཤེས་པ་ལ་དོན་གྱི་རྣམ་པར་གཏོད་མི་གཏོད་ཀྱི་ཁྱད་པར་ཡོད་དོ། །དྲི་བ་བཅུ་དགུ་པ། བསྟན་བཅོས་མཛད་པ་འདིའི་དགོངས་པ་ཕྱོགས་གླང་ཡབ་སྲས་ལྟ་བ་མཐུན་པ་གཅིག་ཡིན་དགོས་ན། ཡེ་ཤེས་སྙིང་པོ་ཀུན་བཏུས་ཀྱི་འགྲེལ་པར། ཕྱོགས་གླང་རྣམ་བཅས་པར་བཤད་པ་ཇི་ལྟར་བྱ་སྟེ། འགྲེལ་པ་དེར་དེ་ལ་རྣམ་པ་དང་བཅས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་དག་གི་འདོད་པ་སྟེ། རྣམ་པ་གཞན་གྱི་དབང་དུ་སྟོན་པས། ཇི་སྐད་དུ། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་དོན་སྣང་གང་ཡིན་པ། །དོན་མིན་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་སྨྲའོ། །ཞེས་གསུངས་སོ། །དིང་སང་བོད་རྣམས། དོན་ཡིན་ཞེས་བྱ་བའི་འབྲུ་གནོན་པ་ནི་མ་གོ་བར་གསལ་ལོ། །ཞེས་བྱ་བ་འདི་ལ་དངོས་ཀྱི་ལན་དང༌། ཅུང་ཟད་སྤྲོས་པའོ། །དང་པོ་ནི། ཕྱོགས་ཀྱི་གླང་པོ་རྣམ་བདེན་པར་བཤད་མི་རུང་སྟེ། བརྒྱད་སྟོང་དོན་བསྡུས་སོགས་དེས་མཛད་པའི་བསྟན་བཅོས་དུ་མ་དང་འགལ་བའི་ཕྱིར། རྣམ་བཅས་པར་བཤད་པ་ཙམ་གྱིས་རྣམ་བདེན་པར་མི་འགྲུབ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་པ་རྣམས་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་མཐའ་མི་འཐད་པ་དང༌། འགྲེལ་པ་དེའི་དོན་བསམ་པའོ། །དང་པོ་ནི། བོད་ཀྱི་གྲུབ་མཐའི་རྣམ་དབྱེ་བྱེད་པ་པོ་བཅོམ་ལྡན་འདས་རལ་གྲི་དཔོན་སློབ་ལ་སོགས་པ་ལ་ལ་དག དབུ་མ་ཐལ་རང་གཉིས་ལ་སྲོལ་འཛིན་གྱི་སློབ་དཔོན་དང༌། སྲོལ་འབྱེད་ཀྱི་བསྟན་བཅོས་སོ་སོ་བ་ཡོད་པ་བཞིན་དུ། རྣམ་བདེན་རྫུན་གཉིས་ལའང་དེ་ལྟར་ཡོད་པ་ཞིག་དགོས་སོ་སྙམ་དུ་རློམ་ནས། ཕྱོགས་ཀྱི་གླང་པོ་རྣམ་བདེན་པ་དང༌། ཚད་མའི་མདོ་དེའི་གཞུང་དུ་སྨྲ་བར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། རྣམ་བདེན་བརྫུན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ངེས་དོན་གྱི་རྒྱ་མཚོར་འཇུག་པའི་ཐེམ་སྐས་ཀྱི་རིམ་པ་ཁོ་ན་ཡིན་གྱི། གྲུབ་མཐའ་སོ་སོ་བ་མ་ཡིན་པའི་ཕྱིར། ཇི་སྐད་དུ། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་སོ། །དེ་ལས་གཞན་དུ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། བྱམས་པ་དང་ཐོགས་མེད་མཆེད་ཀྱི་གཞུང་ཐ་ན་ཉི་ཤུ་པའི་རབ་ཏུ་བྱེད་པ་ཙམ་ཞིག་གི་གོ་རང་རྒྱུད་ལ་མ་སྐྱེས་པར་ཐལ། རྣམ་བདེན་པ་ཡིན་པའི་ཕྱིར། དཔེར་ན་མདོ་སྡེ་པ་བཞིན། འདོད་ན། རྣལ་འབྱོར་སྤྱོད་པ་པའི་གཞུང་རྩོམ་པར་བྱེད་པའི་སློབ་དཔོན་ཡིན་པ་ཉམས་སོ། །ཞེས་བྱ་བའི་ཐལ་བ་བཟློག་པར་དཀའོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་རྣམ་བརྫུན་པའི་ལྟ་བ་འཁྲུངས་པ་དེ་ལྟ་ནའང༌། ཚད་མའི་མདོར། རྣམ་བརྫུན་གྱི་ལྟ་བ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་གསལ་པོར་གསུངས་པ་མེད་དོ། །ཞེས་པ་ཙམ་ཞིག་འཆད་པར་རིགས་སོ། །གཉིས་པ་ནི། དོན་མིན་ཞེས་དམིགས་པ་བརྟག་པའི་གཞུང་གི་ཡི་གེའི་དོན་མ་ཡིན་ཏེ། དེ་ལྟར་ཡིན་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་རོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བའི་ངོར་ཤེས་འདོད་ཆོས་ཅན་མི་འགྲུབ་ཅིང༌། མདོ་སྡེ་པའི་ངོར་བསྒྲུབ་བྱ་གྲུབ་ཟིན་པའི་ཕྱིར་རོ། །གནོད་བྱེད་ནི། རང་གི་འགྲེལ་པ་དང་འགལ་ཞིང་རིགས་པས་གནོད་པའོ། །དང་པོ་ནི། ནང་གི་ཤེས་བྱའི་ཞེས་སོགས་ཀྱི་རང་འགྲེལ་ལས། ནང་གི་རྣམ་པར་ཤེས་པ་ནི་དོན་དུ་བགྲང་བ་དང༌། དེ་ལས་སྐྱེས་པས་ཆོས་གཉིས་དང་ལྡན་པའི་ཕྱིར་ནང་ན་ཡོད་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ནོ་ཞེས་དང༌། དེ་ཉིད་ཀྱི་དོན་བསྡུ་ལས། དེ་ལྟར་ན་ནང་གི་དམིགས་པ་ནི་ཆོས་གཉིས་དང་ལྡན་པའི་ཕྱིར་ཡུལ་ཉིད་དུ་འཐད་དོ། །ཞེས་གསུངས་སོ། །རིགས་པའི་གནོད་བྱེད་ནི། རྣམ་ཤེས་ངོ་བོའི་ཕྱིར། ཞེས་པའི་ཚིག་རིགས་རྐྱང་པ་ལ་བསམས་ནས། དོན་མིན་ཞེས་སྦྱར་བར་སྣང་མོད་ཀྱང༌། རིགས་པ་མ་ཡིན་ཏེ། དེ་ལྟ་ན་མདོ་སྡེ་པའི་ངོར། དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་པའི་ཁྱབ་པ་འགལ་བར་འགྱུར་བས་སོ། །འོ་ན་ཅི་ཞེ་ན། གཞུང་དེར་དོན་ཞེས་པ་ནི་དམིགས་པའི་རྐྱེན་དང༌། དོན་སྣང་གི་ཤེས་པའི་ཡུལ་ལ་འཆད་པ་ཡིན་ལ། དེའི་མཚན་གཞི་ལ་མི་མཐུན་པ་བཞི་སྟེ། རྡུལ་ཕྲན་དང༌། རགས་པ་དང༌། རྡུལ་ཕྲན་གྱི་རྣམ་པ་དང༌། རགས་པའི་རྣམ་པ་དེ་ཡིན་ཞེས་འདོད་པ་རྣམས་སོ། །དང་པོ་གཉིས་བཀག་པའི་དོན་བསྡུ་བ་ནི། དེ་ལྟར་ཕྱི་རོལ་གཉིས་ཀ་ཡང༌། །བློ་ཡི་ཡུལ་དུ་མི་རུང་ངོ༌། །ཞེས་པའོ། །གསུམ་འགོག་པ་ནི། རྡུལ་ཕྲན་རྣམ་པ་རྣམ་རིག་གོ །དོན་མིན་ཞེས་པའོ། །བཞི་པ་རེ་ཤིག་བཏང་སྙོམས་སུ་བཞག་པ་ནི། ཁ་ཅིག་འདུས་པའི་རྣམ་པ་དག །སྒྲུབ་པ་ཡིན་པར་འདོད་པར་བྱེད། །ཅེས་པའོ། །འོ་ན་སེམས་ཙམ་པ་རང་གི་ལུགས་ལ་ཅི་ཞེ་ན། ནང་གི་ཞེས་སོགས་སོ། །དྲི་བ་ཉི་ཤུ་པ། གཞུང་ལུགས་ཁུངས་ཐུབ་མ་ནས་བཤད་པའི་དབུ་མའི་དབྱེ་བ་ལ་ཐལ་རང་གཉིས་ལས་གཞན་ཡོད་དམ་མེད། ཅེས་པ་ལ་གཉིས་ཏེ། དངོས་ཀྱི་ལན་དང༌། རྣམ་པར་སྤྲོས་པའོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་སྔ་མ་རྣམས་ཀྱིས་སྨྲས་པ་དང༌། རང་གི་བརྟགས་པའོ། །དང་པོ་ནི། གཞུང་ཕྱི་མོའི་དབུ་མར་གྱུར་པའི་མདོ་དང་བསྟན་བཅོས་རྣམས་ནི། དེ་གཉིས་པ་གང་རུང་མ་ཡིན་པའི་དབུ་མའོ། །ཞེས་གསུང་ལ། གཞན་དག་ན་རེ། དེ་དག་གི་དགོངས་པའང་ཐལ་འགྱུར་དུ་གནས་ཏེ། དེར་མི་གནས་ན་དབུ་མར་མི་རུང་བའི་ཕྱིར་རོ། །ཞེས་ཟེར་བ་དེ་དག་གི་ལྟར་ན། དབུ་མ་པ་ལ་ཐལ་འགྱུར་བས་ཁྱབ་པར་སྣང་ངོ༌། །གཉིས་པ་ནི། སྤྱིར་གྲུབ་མཐའ་སྨྲ་བ་བཞི་ཀས་རང་རང་གི་ལྟ་བ་དབུ་མར་ཁས་ལེན་ནོ། །ཞེས་གྲགས་ཀྱང༌། དེས་དྲི་བ་འདིའི་ཞེ་འདོད་རྫོགས་པ་མ་ཡིན་ཏེ། གྲུབ་མཐའ་སྨྲ་བ་བཞིའི་ཟླས་ཕྱེ་བའི་དབུ་མ་པ་ལ་བརྩམས་ནས་དྲིས་པས་སོ། །དེ་ལ་ནི་དེ་གཉིས་གང་རུང་མ་ཡིན་པ་གཞུང་ཁུངས་མ་ནས་དབུ་མ་པ་ཞེས་བྱ་བའི་ཐ་སྙད་ངེས་པ་ཡོད་དེ། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་བཞིན་ནོ། །འདི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་དུ་སྨྲ་བའི་གྲུབ་མཐར་ཁས་ལེན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སེམས་ཙམ་དུ་སྨྲ་བ་ཞེས་བྱ་བའི་དོན་ནི། ཕྱི་རོལ་དོན་དུ་སྣང་བ་གང་ཡིན་ཐམས་ཅད་སེམས་སུ་ཁས་ལེན་པའི་གྲུབ་མཐའ་ལ་ཟེར་བ་ཡིན་ལ། འདིར་ནི་ཇི་སྐད་དུ། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་གསལ་བར་གསུངས་ལ། སེམས་ཙམ་ལས་མ་བརྒལ་ན། གཉིས་སྟོང་གི་དེ་ཁོ་ན་ཉིད་འབྱུང་ས་མེད་པའི་ཕྱིར་རོ། །གཉིས་པ་རྣམ་པར་སྤྲོས་ནས་བཤད་པ་ལ་གཉིས་ཏེ། གཉིས་པོ་གང་རུང་མ་ཡིན་པའི་དབུ་མའི་མཚན་གཞི་མཐུན་སྣང་དུ་གྲུབ་པ་ཅིག་གསལ་པོར་ངོས་བཟུང་བ་དང༌། དེ་ནས་ཕལ་ཆེར་སྤྲོ་བའི་ཚུལ་མདོ་ཙམ་བསྟན་པའོ། །དང་པོ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ནི། དབུ་མའི་བསྟན་བཅོས་ཀུན་གྱི་རྩེ་མོར་གྱུར་པ་ཡིན་ཏེ། ངེས་དོན་ཀུན་གྱི་བླ་མ་གཅིག་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་བསྟན་བཅོས་ཡིན་པར་ཀུན་གྱིས་མཐུན་སྣང་དུ་གྲུབ་པའི་ཕྱིར། ཐལ་རང་གི་གཞུང་ལུགས་གཉིས་པོ་གང་དུ་ཡང་མི་གནས་ཏེ། ཐལ་རང་གི་སྲོལ་དང་པོར་འབྱེད་པའི་བསྟན་བཅོས་ཀྱང་མ་ཡིན། ཐལ་རང་གི་སྲོལ་འབྱེད་སོ་སོའི་རྗེས་སུ་འབྲང་བ་ཡང་མ་ཡིན་པའི་ཕྱིར་དང༌། ཐལ་རང་གི་སྲོལ་གཉིས་ནི་ཀླུ་སྒྲུབ་ཞབས་ཀྱིས་ཕྱེ་བའི་ལམ་སྲོལ་ལས་བྱུང་བ་ཡིན་གྱི། བྱམས་པ་དང་ཐོགས་མེད་ཀྱི་ཕྱེ་བའི་ལམ་སྲོལ་ལ་དེ་གཉིས་སུ་སུས་ཀྱང་ཕྱེ་བ་མེད་ཅིང༌། འབྱེད་ན་ཧ་ཅང་ཐལ་བའི་ཕྱིར་དང༌། རྒྱུད་བླ་མའི་བསྟན་བཅོས་འདིར། རང་སྟོང་གི་ཚུལ་གསལ་བར་མ་གསུངས་ཤིང༌། གཞན་སྟོང་གི་ཚུལ་གསལ་བར་གསུངས་པས། ཐལ་རང་གཉིས་དང་ལྟ་བ་གཏན་ལ་འབེབས་ཚུལ་མི་མཐུན་པའི་ཕྱིར་རོ། །དེ་ལྟ་ནའང༌། མདོ་སྡེའི་རྒྱན་སོགས་བར་པ་གཉིས་དང་ཁྱད་པར་མེད་པ་མ་ཡིན་ཏེ། དེ་དང་དེར་ནི་མཐར་ཐུག་ཐེག་པ་གསུམ་དུ་བསྟན་པའི་ཕྱིར། འདིར་ནི་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབས་ཤིང༌། དམན་པའི་ལྷག་མེད་ཀྱི་མྱང་འདས་ཀྱི་གོ་མི་ཆོད་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཐལ་རང་གི་དབྱེ་བ་ནི་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་རང་སྟོང་གི་ཚུལ་དུ་འགྲེལ་ཚུལ་རྐྱང་པ་ལས་ཕྱེ་བའི་དབྱེ་བ་ཡིན་གྱི། རིགས་ཀྱི་དབྱེ་བ་གོ་ཆོད་པོ་མ་ཡིན་ཏེ། ཤིང་རྟ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱི་གཞུང་ཕྱི་མོའི་དབུ་མ་ཇི་ལྟར་བཀྲལ་བའི་སྲོལ་དེ་ཐལ་རང་གང་རུང་དུ་མ་འདུས་པའི་ཕྱིར་དང༌། ཐལ་རང་གཉིས་ནི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་ཁྱད་པར་ཅུང་ཟད་མ་གཏོགས། མཐར་ཐུག་གི་ལྟ་བའི་འཇོག་མཚམས་ལ་ཁྱད་པར་མེད་པའི་ཕྱིར། རྣམ་བདེན་བརྫུན་དང་མི་འདྲ་སྟེ། དེ་གཉིས་ནི་བྱམས་པའི་གཞུང་ན་གསལ་བར་བཞུགས་ལ། འདི་གཅིག་གི་ཐ་སྙད་ལྟ་ཅི་སྨོས། དོན་གྱི་ལྟ་བ་འཇོག་མཚམས་ཀྱི་རིམ་པ་ཙམ་ཡང་གཞུང་ཕྱི་མོའི་དམ་མ་ནས་མ་བཤད་པའི་ཕྱིར། དེས་ན་དེའི་དབྱེ་བ་གོ་ཆོད་པོ་ཚད་ལྡན་གྱི་གཞུང་ལུགས་ནས་འབྱུང་བ་ནི་གཉིས་ཏེ། རྗེ་བཙུན་བྱམས་པའི་གཞུང་ལུགས་ལས་གསལ་བར་བྱུང་བའི་དབུ་མ་དང༌། ཀླུ་སྒྲུབ་ཞབས་ཀྱི་གཞུང་ལས་བྱུང་བའི་དབུ་མའོ། །དེ་རེ་རེ་ལ་ཡང་ཤིང་རྟའི་སྲོལ་འབྱེད་གཉིས་གཉིས་ཏེ། རང་སྟོང་དུ་འགྲེལ་བ་དང༌། གཞན་སྟོང་དུ་འགྲེལ་བའོ། །བྱམས་པའི་གཞུང་རང་སྟོང་དུ་བཀྲལ་བའི་བྱེད་ཚད་ལྡན་ནི་མངོན་པར་རྟོགས་པའི་རྒྱན་ཁོ་ན་ཡིན་ཏེ། འཕགས་སེང་གི་འགྲེལ་པའོ། །དེ་གཞན་སྟོང་གི་ཚུལ་དུ་འགྲེལ་བ་ནི་ཐོགས་མེད་མཆེད་ཀྱི་དགོངས་པ་ཡིན་ལ། དངོས་སུ་ནི་རིན་ཆེན་འབྱུང་གནས་ཞི་བས་མཛད་དོ། །ལུགས་ཕྱི་མ་ལས་རང་སྟོང་གི་ཚུལ་དུ་འགྲེལ་བྱེད་ནི་ཐལ་རང་གཉིས་སོ། །གཞན་སྟོང་གི་ཚུལ་དུ་འགྲེལ་བྱེད་ནི་འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ཞབས་སོ། །འོ་ན་དབུ་མ་དེ་གཉིས་ཀྱི་ལྟ་བའི་ཁྱད་པར་གང༌། ལྟ་བ་དེ་གཉིས་ཀས་ཤེས་སྒྲིབ་ཀྱི་ས་བོན་འཇོམས་ནུས་པའི་ཚུལ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། བྱམས་ཆོས་ལས་འབྱུང་བའི་ལྟ་བའི་ཡུལ་ནི། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་དོ། །ལུགས་གཉིས་པ་ལས་བྱུང་བ་ནི། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པ་ཉིད་དོ། །དེ་གཉིས་ཀ་ཡང་རང་རང་སོ་སོའི་གཞུང་ལས་བརྗོད་བྲལ་དུ་བཤད་ཀྱི། བརྗོད་བཅོས་སུ་བཤད་པ་གཅིག་ཀྱང་མེད་དོ། །དེ་དང་དེ་རྟོགས་པའི་ཤེས་རབ་ལ་ནི་ལྟ་བ་དེ་གཉིས་ཀས་ཤེས་སྒྲིབ་ཀྱི་ས་བོན་འཇོམས་ནུས་པ་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། གཉིས་ཀས་ཀྱང་མཚན་འཛིན་གྱི་རྟོག་པ་མཐའ་དག་གི་ས་བོན་དྲུངས་འབྱིན་པར་ནུས་པར་ཚད་ལྡན་གྱི་གཞུང་ལས་བཤད་པའི་ཕྱིར། དཔེར་ན་དབང་བཞི་པའི་ལྟ་བ་བཞིན་ནོ། །ལྟ་བ་དེ་གཉིས་གཏན་ལ་འབེབས་ཚུལ་མི་འདྲ་སྟེ། ལུགས་དང་པོས་ནི་ཐོག་མར་སྣང་བ་སེམས་སུ་བསྒྲུབས་པས་གཟུང་བ་ཀུན་བཏགས་ཁེགས། དེ་ནས་སེམས་སྒྱུ་མར་བསྒྲུབས་པས་འཛིན་པ་ཀུན་བཏགས་ཁེགས། དེ་ནས་སྒྱུ་མ་བརྗོད་བྲལ་དུ་བསྒྲུབས་པས་གཉིས་མེད་ཀྱི་ཡེ་ཤེས་ལ་མཚན་མར་འཛིན་པ་ཁེགས་སོ། །དེ་ལྟ་བུའི་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ཞིང༌། དེ་མངོན་དུ་བྱེད་པའི་ཐབས་ནི་གཉིས་ཏེ། ཕར་ཕྱིན་གྱི་ཐེག་པ་ལས་འབྱུང་བ་དང༌། བླ་ན་མེད་པའི་ཐེག་པ་ལས་འབྱུང་བའོ། །དང་པོ་ནི། བཤད་མ་ཐག་པ་དེ་ཡིན་ཅིང༌། གཉིས་པ་ནི། ཇི་སྐད་དུ། ཨེ་ཝཾ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་སོ། །འདི་སེམས་ཙམ་གྱི་ལྟ་བ་ཡིན་ནོ་ཞེས་ཟེར་ན་ནི། བླ་མེད་ཀྱི་ཐེག་པ་སྤྱི་དང༌། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་རྡོ་རྗེ་དང༌། དགྱེས་པ་རྡོ་རྗེའི་གཞུང་ནས་འབྱུང་བའི་ཡེ་ཤེས་དང༌། ལམ་འབྲས་བུ་དང་བཅས་པའི་མན་ངག་ནས་འབྱུང་བའི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་མན་ངག་ནས་འབྱུང་བའི་རང་རིག་པའི་ཡེ་ཤེས་ཞེས་བྱ་བ་རྣམས་ལ་སྐུར་པ་བཏབ་པར་འགྱུར་རོ། །དེའི་ཕྱིར་འཇིགས་མེད་ཆོས་སྐྱོང་ཞབས་ཀྱི་རྗེས་སུ་འཇུག་པ་དག་གིས་ནི། དབུ་མའི་ཚུལ་འདི་ལ་ཆེས་ཤིན་ཏུ་བག་ཡོད་པར་བྱའོ། །དྲི་བ་ཉེར་གཅིག་པ། མདོ་སྡེ་སྤྱོད་པའི་དབུ་མ་པ་སོགས་ཀྱི་ཐ་སྙད་འཐད་དམ་མི་འཐད་ཅེས་པའི་ལན་ནི། ཁུངས་ཐུབ་ཀྱི་གཞུང་ནས་ཐ་སྙད་གསལ་པོ་མི་འབྱུང་ཡང་བརྡ་ཆད་འདི་ནི་དབུ་མ་པ་ཆེན་པོ་རྣམས་ཀྱི་ཤིང་རྟའི་སྲོལ་ཇི་ལྟར་ཕྱེ་བའི་ཚུལ་གྱི་རྣམ་གཞག་སོ་སོར་ངེས་པའི་ཐ་སྙད་ཁྱད་པར་ཅན་ཡིན་པས། ངེས་པར་འཐད་དོ། །དེ་ཡང་རྒྱས་པར་ཕྱེ་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ཐ་སྙད་ནི། དབུ་མའི་རྒྱན་ལས་གསལ་བར་གསུངས་ལ། འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་ཚུལ་གྱི་ཆ་ནས་མ་ཡིན་གྱི། ངེས་དོན་གྱི་རྒྱ་མཚོར་འཇུག་པའི་ཐེམ་སྐས་ཀྱི་རིམ་པར་རྣལ་འབྱོར་སྤྱོད་པ་པ་ལྟར་ཁས་བླངས་པ་ལས་སོ། །ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པ་ལ། མདོ་སྡེ་སྤྱོད་པའི་དབུ་མ་པའི་ཐ་སྙད་ནི། ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེའི་ལྟ་བའི་རྗེད་བྱང་ལས་འབྱུང་ལ། དེ་ཡང་རང་ལུགས་ལ་ཕྱི་དོན་ཁས་ལེན་པའི་རྒྱུ་མཚན་གྱིས་མ་ཡིན་གྱི། སེམས་ཙམ་གྱི་རིགས་པ་ལ་མ་བརྟེན་པར། བློ་རྣམ་བཅས་ཙམ་ཞིག་ལ་བརྟེན་ནས་ངེས་དོན་གྱི་རྒྱ་མཚོར་འཇུག་པའོ། །འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པའི་ཐ་སྙད་ནི། དུས་ཕྱིས་ཟླ་བའི་ཞབས་ཀྱི་གཞུང་འགྱུར་ཕྱིན་ཆད། བོད་ཀྱི་སློབ་དཔོན་རྣམས་ཀྱིས་རང་རྒྱུད་པའི་དབུ་མ་པ་གཉིས་ཀྱི་མིང་སྔོན་ཆད་གྲགས་ཟིན་པ་དེ་ལ་དཔགས་ནས་རང་དགར་བཏགས་པ་ཡིན་ལ། དེ་ཡང་བདེན་པ་དང་པོའི་འཇོག་མཚམས་རྐྱང་པ་ཙམ་གྱིས་མ་ཡིན་ཏེ། ཡིན་ན་དབུ་མ་པ་གཞན་གཉིས་ཀྱང་དེར་ཐལ་བས་སོ། །འོ་ན་ཅི་ཞེ་ན། དབུ་མའི་གྲུབ་མཐའ་ལ་ཐོག་མར་འཇུག་པའི་ཚེ། གྲུབ་མཐའ་སྨྲ་བ་གཞན་གྱི་རིགས་པ་ལ་མ་བརྟེན་པར། འཇིག་རྟེན་གྱི་གྲགས་པ་ཉིད་ནས་དེར་འཇུག་པའོ། །འདྲི་པོའི་རྟོག་དཔྱོད་རྟ་བརྒྱའི་ཁ་ལོ་པས། །གང་དྲངས་ལན་འདེབས་བྱེད་པོ་ཚུལ་བཞིན་དུ། །ངེས་བསམས་འབེལ་གཏམ་ཉིན་མོར་བྱེད་པ་འདི། །གཞུང་བརྒྱའི་པད་ཚལ་འབྱེད་པའི་གཉེན་གཅིག་ལགས། །གཞན་དང་མི་མཉམ་རྣམ་དཔྱོད་ཉི་མ་ཡིས། །རིགས་པར་སྤྲོས་པའི་སྣང་བྱེད་བགྲང་ཡས་ཀྱིས། །བརྟག་བྱའི་གནས་ལ་སོམ་ཉི་བསལ་གྱུར་ན། །རྣམ་དཔྱོད་ལག་པས་ཐོས་པའི་མཛོད་དུ་བཟུང༌། །གྲུབ་ཟིན་བསྒྲུབས་དང་འགལ་དང་མ་ངེས་སོགས། །དཔྱོད་པར་འདོད་ན་སྒྲིན་མཛངས་ངག་གིས་རྒོལ། །ཚེར་མ་འབྱིན་བྱེད་ལུང་དང་རིགས་པ་ཡི། །ཉིན་བྱེད་སྣང་བ་མི་ཟད་འཆར་བར་འགྱུར། །རྟ་ཐུལ་གྱིས་ནི་ཚངས་ཆེན་ལ། །འབྱུང་ཆེན་གང་དུ་འགག་ཅེས་དྲིས། །མེས་པོར་རློམ་པའི་སྙེམས་པ་ཡི། །གཡོ་སྒྱུས་འབེལ་གཏམ་རླུང་ལ་བསྐུར། །ཤེད་བུ་སེར་སྐྱ་ལུང་རིགས་ཀྱི། །མཐུ་ཡོད་མིན་པས་རྒོལ་བ་ཡི། །ཡིད་འབིགས་བྱེད་པའི་ཚིག་གི་མདའ། །བརྒྱ་ཕྲག་འཕངས་པས་ངེས་པར་མནར། །དེ་དོན་བསམ་ནས་རྒོལ་བ་དང༌། །ཕྱིར་རྒོལ་རྨོངས་དང་ཁྲོ་མེད་པར། །ཟབ་ཅིང་གསལ་བའི་གཏམ་བྱས་ནས། །ཐུབ་བསྟན་དར་ཞིང་རྒྱས་པར་ཤོག །ཚིག་རྒྱན་རྒྱན་གྱི་གཞུང་བཞིན་རྩོམ་པ་དང༌། །གཞུང་ལུགས་ལུགས་བརྒྱའི་སྲོལ་ནས་འཆད་པ་དང༌། །ཤེས་འདོད་འདོད་པ་རྫོགས་པའི་རྩོད་པ་རྣམས། །གང་མཁས་མཁས་པ་འཇུག་པའི་སྒོ་ཡིན་ནོ། །འཆད་རློམ་དེ་ཀུན་རློམ་ཚིག་དབྱངས་སུ་ལེན། །རྩོད་ཚིག་སྨྲ་འདོད་ཚིག་མདའ་གཞན་ཡིད་འབིགས། །རྩོམ་ལུགས་ཕལ་ཆེར་ལུགས་ལས་བརྒལ་ཤེས་པའི། །མཁས་གྲགས་ཅན་གྱི་གྲགས་པ་བསྲུང་དཀའ་སྙམ། །བཤད་བྱའི་དོན་ལ་འཁྲུལ་པ་མེད་པ་དང༌། །འཆད་བྱེད་ཚིག་ལ་ཐོགས་པ་མེད་པ་དང༌། །བརྩམ་བྱའི་དོན་ལ་ལན་བརྒྱར་དཔྱད་པ་དང༌། །རྩོམ་བྱེད་ཚིག་ལ་དཔྱོད་ལྡན་མགུ་བ་དང༌། །བརྩད་བྱའི་དོན་གྱི་ཕ་རོལ་མཐོང་བ་དང༌། །རྩོད་བྱེད་ཚིག་གི་སྐྱོན་རྣམས་སེལ་མཁས་པའི། །སྨྲ་མཁས་སྨྲ་བའི་མཛད་པ་རྣམ་གསུམ་པོས། །གྲགས་འདོད་གྲགས་པའི་རྒྱལ་མཚན་ཅི་ཡང་འཛིན། །གང་འདིར་འབེལ་གཏམ་རྔ་བོ་ཆེས། །ཐུབ་བསྟན་དབང་པོའི་ཁྱམས་ཆེན་དུ། །ལུང་བརྒྱ་དར་ཞིང་རིགས་པ་ཡིས། །རྣམ་རྒྱལ་གླིང་གི་དགའ་སྟོན་ཤོག །ཅེས་པ་མཆོག་ལྡན་ལེགས་པའི་བློས། །གཡས་རུ་གཙང་གི་ས་ཡི་ནི། །ཐིག་ལེ་ཡིད་འོང་གསེར་མདོག་ཅན། །ཆོས་ཀྱི་མདུན་ས་དེ་ནས་སོ།།  །།མངྒ་ལཾ།།  །།བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*