སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་རོལ་མཚོ།

༼ཡ༽༄༅། །སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་རོལ་མཚོ་ཞེས་བྱ་བ་བཞུགས་སོ།།

སྙན་དངགས་ཀྱི་བསྟན་བཅོས་མེ་ལོང་ཞེས་བྱ་བའི་ལེའུ་དང་པོ་གསལ་བར་བྱེད་པའི་ཚིག་ལེའུར་བྱས་པ་དབྱངས་ཅན་གྱི་རོལ་མཚོ་ཞེས་བྱ་བ། རིག་བྱེད་རྣམ་བཞིའི་ཞལ་གྱི་སྐྱེད་ཚལ་དུ། །རིག་གནས་རྣམ་བཞིའི་མཚེམས་དཀར་སྦྲང་རྩི་ལ། །རོལ་རྩེད་རྣམ་བཞིའི་སྒེག་ལྡན་དབྱངས་ཅན་མ། །ཐ་སྙད་རྣམ་བཞིའི་སྤོབས་པ་འདིར་སྩོལ་ཅིག །ར་མཱ་ཤར་མ་ལ་སོགས་པའི། །བསྟན་བཅོས་བཏུས་ནས་སྙན་དངགས་ཀྱི། །མེ་ལོང་བསྟར་བ་ཇི་བཞིན་དུ། །དེ་ནང་ཤར་བའི་ལེགས་བཤད་ཀྱི། །རི་མོ་མ་ཉམས་འདིར་བསྟན་བྱ། །འདི་ན་ཀུན་ཏུ་མཆོག་རྣམས་ཀྱང༌། །མཆོག་གི་རྗེས་སུ་བསྟན་པ་ཡི། །ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི། །ཐ་སྙད་གཞུང་ལ་འཇུག་པར་བྱེད། །དོན་དང་ཚིག་བཟང་སྙན་དངགས་ཀྱི། །སྣང་བྱེད་རྣར་སྙན་ཡིད་འོངས་འདིས། །འཇིག་རྟེན་གསུམ་པོའི་བློ་གྲོས་ཀྱི། །མུན་པ་མཐའ་དག་སེལ་བར་བྱེད། །སྔོན་གྱི་ས་སྐྱོང་སྐྱེ་རྒུའི་མགོན། །དེ་དག་ཉེ་བར་མི་བཞུགས་ཀྱང༌། །དེ་ཡི་གྲགས་པའི་མེ་ལོང་དུ། །ལེགས་བྱས་ཉམས་པ་མེད་འདིའོ། །དེ་བཞིན་འདི་ནི་དབྱངས་ཅན་གྱིས། །རྗེས་བཟུང་རྣམས་ཀྱི་བསྟན་བཅོས་ཀྱང༌། །ངག་གི་དབང་ཕྱུག་ལ་དགའ་བའི། །འདོད་པ་འཇོ་བའི་ཁྱུ་མཆོག་ཡིན། །སྔོན་གྱི་བསྟན་བཅོས་མི་ཤེས་པར། །ཉེས་བཤད་སྦྱར་བའི་སྙན་དངགས་ཀྱི། །རྗེས་འཇུག་ལྷ་རྣམས་དགའ་བ་ཡི། །བརྟུལ་ཞུགས་མཆོག་ལ་སྦྱོར་བར་བྱེད། །དེ་ཕྱིར་སྙན་དངགས་དག་ལ་སྐྱོན། །ཆུང་བར་གྱུར་ཀྱང་ཇི་ཞིག་ལྟར། །བཏང་སྙོམས་མི་བྱ་ལུས་མཛེས་ཀྱང༌། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །སྐྱེ་བོ་བསྟན་བཅོས་མི་ཤེས་པས། །ཡོན་ཏན་སྐྱོན་དག་ཇི་ལྟར་དབྱེ། །གཟུགས་ཀྱི་དབྱེ་བ་དམིགས་པའི་སྐབས། །ལོང་བ་དག་ལ་ཡོད་དམ་ཅི། །དེ་ཕྱིར་མཁས་པས་མ་འོངས་པའི། །སྐྱེ་བོ་རྣམས་ཀྱང་མཁས་བྱའི་ཕྱིར། །རྣམ་བཀྲ་ལམ་ལྡན་ཚིག་རྣམས་ཀྱི། །བྱ་བའི་ཆོ་ག་ངེས་པར་སྦྱར། །སྙན་དངགས་ལུས་དང་རྒྱན་གྱིས་བསྡུས། །ལུས་ལ་གཞུང་གི་དབྱེ་བས་གསུམ། །སྐད་ཀྱི་དབྱེ་བས་རྣམ་པ་བཞི། །སྦྱོར་ཚུལ་སྒོ་ནས་གཉིས་སུ་ཕྱེ། །དང་པོ་ཚིགས་བཅད་ལྷུག་པ་དང༌། །སྤེལ་མ་རྣམ་པ་གསུམ་ཡིན་ནོ། །ཚིགས་བཅད་མཚན་ཉིད་དབྱེ་བ་དང༌། །སྙན་དངགས་ཆེན་པོ་ངོས་བཟུང་ནས། །རྩོམ་ཚུལ་མི་འདྲ་བཤད་པར་བྱ། །ས་སྐྱ་པཎ་ཆེན་ཚིགས་བཅད་དང༌། །ལྷུག་པ་སྤེལ་མ་གསུམ་ག་ལ། །རྒྱུན་ཆགས་སྡེབ་སྦྱོར་སྲིད་པར་བཞེད། །དེ་ཡང་སྡེབ་སྦྱོར་ཚོམས་ལས་ནི། །རྐང་པ་དག་གིས་མ་བཅད་ཅིང༌། །གང་ལ་ཡི་གེ་སྦྲེལ་ལེགས་ཡོད། །བྱ་བའི་ཚིག་གིས་གསལ་བྱས་པ། །དེ་ནི་རྒྱུན་ཆགས་ལས་གཞན་མིན། །ཞེས་པ་ཁུངས་སུ་འདྲེན་པར་མཛད། །དཔང་ལོ་ཁུངས་འདི་མེད་ཅེས་ཟེར། །མེ་ལོང་གཞུང་འདིར་རྒྱུན་ཆགས་དང༌། །རབ་བསགས་ཚིགས་བཅད་ནང་དུ་བསྡུས། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། །ཡི་གེ་ཉེར་བདུན་ཕན་ཆད་ནི། །རྒྱུན་ཆགས་དང་ནི་ཆ་བསགས་ཏེ། །གཉིས་པོའི་ཁྱད་པར་ར་དང་ནི། །མ་ཡི་འཕེལ་བ་དག་ལས་དབྱེ། །དེ་རེ་རེ་ལ་རྣམ་པ་བརྒྱད། །གཏུམ་པའི་ཆར་འབེབས་ཆུ་རྒྱུན་དང༌། །རྒྱ་མཚོ་སྦྲུལ་དང་ཆར་སྤྲིན་དང༌། །རོལ་པའི་འབྱུང་ནས་ཤིན་ཏུ་ཀླུབས། །དུང་ཞེས་བྱ་བ་རྣམས་སུ་བཤད། །འོན་ཀྱང་རྒྱུན་ཆགས་རྐང་པ་ཡིས། །བཅད་དང་མ་བཅད་རྣམ་པ་གཉིས། །མ་བཅད་པ་དང་འདིར་བཤད་པའི། །སྤེལ་མ་དོན་གཅིག་ལུས་སུ་འགྱུར། །དང་པོ་མཚན་ཉིད་དབྱེ་བའོ། །རྐང་པ་བཞི་ཅན་དེའི་མཚན་ཉིད། །ལུང་གཞན་ལས་ནི་རྐང་གཅིག་ནས། །རྐང་དྲུག་ལྡན་པའི་བར་དུ་གསུངས། །དབྱེ་བ་སྡེབ་སྦྱོར་སྒོ་ནས་གཉིས། །སྦྱོར་ཚུལ་སྒོ་ནས་བཞིར་འབྱེད་དོ། །བྲི་ཏ་ཛཱ་ཏི་ཞེས་རྣམ་གཉིས། །འཕེལ་དང་བསྐྱེད་པ་ཞེས་བྱའོ། །ས་སྐྱ་པ་ཡིས་འཇུག་པ་དང༌། །རིགས་ཞེས་བྱ་བར་བསྒྱུར་བ་ཡིན། །དབྱངས་ཡིག་བགྲངས་པ་བྲི་ཏ་སྟེ། །ཕྱི་མོ་བགྲངས་པ་ཛཱ་ཏི་ཡིན། །དབྱངས་ཐུང་ཕྱི་མོ་རེ་རེ་དང༌། །རིང་བ་ཕྱི་མོ་གཉིས་སུ་དང༌། །ཤིན་ཏུ་རིང་དང་པཱུ་ཏ་དང༌། །ཕྱི་མོ་གསུམ་གསུམ་དག་ཏུ་བགྲང༌། །སྡེབ་སྦྱོར་རིག་དེ་སྙན་དངགས་ཀྱི། །རྒྱ་མཚོ་སྒྲོལ་འདོད་རྣམས་ཀྱི་གྲུ། །བརྗོད་ཚུལ་སྒོ་ནས་ཕྱེ་བ་ལ། །དབྱེ་བ་སོ་སོའི་མཚན་ཉིད་དོ། །དང་པོ་གྲོལ་བ་རིགས་དང་མཛོད། །འདུས་པ་ཞེས་བྱ་རྣམ་པ་བཞི། །ངོས་འཛིན་མེ་ལོང་དུ་མ་བཤད། །མཁས་འཇུག་སྒོ་ལས་གསུངས་འདི་ལྟར། །ཚིགས་བཅད་གཅིག་གིས་བརྗོད་བྱའི་དོན། །རྫོགས་པ་གྲོལ་བ་ཡིན་པར་འདོད། །ཚིགས་བཅད་ཕན་ཚུན་འདུས་པ་ལས། །བརྗོད་བྱ་རྫོགས་པ་རིགས་ཞེས་བྱ། །གནས་སྐབས་གཅིག་ལ་ཡུལ་ཐ་དད། །བྱ་བ་ཐ་དད་སྟོན་པ་མཛོད། །ཡང་ན་ཚིགས་བཅད་གཅིག་གིས་ནི། །བརྗོད་བྱ་མང་པོ་སྟོན་པའོ། །ཡུལ་གཅིག་བྱ་བ་དུ་མ་ཡིས། །བསྔགས་པ་ཚོགས་པ་ཡིན་པར་འདོད། །ཡང་ན་ཚིགས་བཅད་མང་པོ་ཡིས། །བརྗོད་བྱའི་དོན་གཅིག་སྟོན་པའོ། །གཉིས་པ་སྙན་དངགས་ཆེན་པོ་ནི། །སརྒ་ཞེས་པ་ལེའུ་སྟེ། །ལེའུས་བཅིངས་པའི་ཚིགས་བཅད་ལ། །སྙན་དངགས་ཆེན་པོ་ཞེས་བརྗོད་དོ། །དེ་ཡི་སྦྱོར་བ་བསྟན་པ་ལ། །དང་པོར་རྩོམ་གྱི་སྒོ་དབྱེ་དང༌། །བར་དུ་ལུས་ཀྱི་གནས་ཚུལ་དང༌། །ཐ་མར་རྩོམ་པའི་ཚུལ་བསྟན་པའོ། །ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པ་དེ་ཡི་སྒོ། །ཚངས་པའི་ཞལ་གྱི་པདྨ་ཡི། །རིག་བྱེད་སྦྲང་རྩི་གཞིབས་མཁས་པ། །དབྱངས་ཅན་བུང་བས་བདག་བློ་ཡི། །གེ་སར་གཡོ་བ་མེད་པར་མཛོད། །ཅེས་པ་ལྟ་བུ་ཤིས་བརྗོད་དོ། །རྟོག་པའི་དྲྭ་བ་བསལ་བ་དང༌། །ཟབ་དང་རྒྱ་ཆེའི་མཁྱེན་པ་ཡིས། །གཞན་གྱི་དོན་ལ་འབད་མེད་པར། །འཇུག་མཛད་དེ་ལ་ཕྱག་བགྱིའོ། །ཞེས་པ་ཕྱག་བྱའི་དཔེར་བརྗོད་དོ། །རབ་གསལ་མཁྱེན་གསུམ་ལྗོན་པ་ལ། །སྦྱོར་བཞིའི་མེ་ཏོག་འཛུམ་ཕྲེང་ཅན། །ཆོས་སྐུ་ཕྲིན་ལས་བཅས་པ་ཡི། །འབྲས་བུ་སྨིན་མཛད་རྒྱལ་བའི་ཡུམ། །ཞེས་པ་དངོས་པོ་བསྟན་པའི་སྒོ། །གཉིས་པ་ལས་ཀྱི་གནས་ཚུལ་ལ། །སྐྱེས་པ་རབས་ཀྱི་སྡེ་ལྟ་བུ། །སྔོན་བྱུང་གཏམ་ལས་གྱུར་པའམ། །ཀུན་ཏུ་དགའ་བའི་ཟློས་གར་བཞིན། །གཅིག་ཤོས་ལེགས་པ་ལ་བརྟེན་པའི། །ཆོས་འདོད་ནོར་དང་ཐར་པ་སྟེ། །སྡེ་བཞིའི་འབྲས་བུ་དབང་གྱུར་དང༌། །མཁས་ཤིང་ཡིད་འོང་རྒྱལ་པོ་དང༌། །གྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་བའི་བསྔགས་པ་དང༌། །སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང༌། །ཆང་འཐུང་དགའ་བའི་དགའ་སྟོན་དང༌། །སླུ་བ་དང་ནི་བག་མ་དང༌། །གཞོན་ནུ་སྐྱེ་དང་འཕེལ་བ་དང༌། །གྲོས་དང་ཕོ་ཉ་བགྲོད་པ་དང༌། །གཡུལ་དང་རྒྱལ་པོ་དར་བས་ཀྱང༌། །རྒྱན་གྱུར་ཧ་ཅང་བསྡུས་མིན་པའོ། །གསུམ་པ་རྩོམ་པའི་ཚུལ་བཤད་པ། །དངོས་དང་རྩོམ་ལུགས་སོ་སོའོ། །ཉམས་དང་འགྱུར་བ་དག་གིས་གཏམ། །སརྒ་ཤིན་ཏུ་རྒྱ་ཆེ་མིན། །སྙན་འོས་བྲི་ཏ་ཛཱ་ཏི་ཡི། །སྡེབ་སྦྱོར་གྱིས་བཅིངས་ལེའུའི་མཐར། །དཀྱུས་མ་དག་དང་མི་མཐུན་པའི། །སྡེབ་སྦྱོར་སྦྱར་བས་འཇིག་རྟེན་པ། །བློ་དང་ལྡན་རྣམས་དགའ་བར་བྱེད། །སྙན་དངགས་དམ་པའི་རྒྱན་ལྡན་ནི། །བསྐལ་པའི་བར་དུ་གནས་པར་གྱུར། །གོང་དུ་བཤད་པའི་ཡོན་ཏན་ལས། །ཡན་ལག་འགའ་ཞིག་དམན་ན་ཡང༌། །གལ་ཏེ་སྦྱར་བ་ཕུན་ཚོགས་ཀྱི། །དེ་རིག་མགུ་བར་བྱེད་པ་ན། །འདིར་ནི་སྙན་དངགས་སྐྱོན་མ་ཡིན། །རྩོམ་ལུགས་སོ་སོར་བསྟན་པ་ནི། །སྙན་དངགས་མཁན་པོ་བྷ་ཧ་མ། །ཐོག་མར་རྒྱལ་པོ་ཡོན་ཏན་གྱིས། །ཉེ་བར་བཀོད་པ་དེ་ནས་ནི། །དགྲ་ལ་གནོད་པ་བྱེད་ཅེས་པའི། །ལམ་དེ་རང་བཞིན་མཛེས་པ་ཡིན། །མེ་ལོང་མཛད་པ་རང་ཉིད་ནི། །རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་བོ་དག་ཀྱང་བསྔགས་བྱས་ནས། །དེ་ལ་རྒྱལ་ཕྱིར་རྒྱལ་པོ་ནི། །ཁྱད་འཕགས་བརྗོད་པས་བདག་དགའ་སྐྱེད། །གཉིས་པ་ལྷུག་པའི་རྣམ་གཞག་ལ། །མཚན་ཉིད་དབྱེ་བ་གཞན་གྱི་ནི། །འདོད་ལུགས་དགག་པ་གསུམ་བཤད་བྱ། །རྐང་པ་མེད་པའི་ཚིག་རྒྱུན་ནི། །མཚན་ཉིད་དེ་ཡི་དབྱེ་བ་ནི། །བརྗོད་དང་གཏམ་ཞེས་བྱ་བ་གཉིས། །སྔོན་བྱུང་གཏམ་རྒྱུས་ལས་དྲངས་དང༌། །དེ་ལས་དྲངས་སམ་མ་དྲངས་ཀྱང༌། །རང་ཉིད་ངག་གིས་བརྗོད་པ་ནི། །གཉིས་པོའི་ཁྱད་པར་ཡིན་པར་བཤད། །གཞན་གྱི་འདོད་ལུགས་འགོག་པ་ནི། །རང་གིས་རང་གི་ཡོན་ཏན་ཡང༌། །ཇི་བཞིན་བསྔགས་པ་བརྗོད་པ་སྟེ། །གལ་ཏེ་རང་ངམ་གཞན་གྱིས་ཀྱང༌། །ཇི་བཞིན་མིན་པར་བརྗོད་པ་གཏམ། །ཞེས་འདི་བྷ་མ་ཧ་ཡི་ལུགས། །དེ་ཡང་ངེས་པ་མེད་མཐོང་སྟེ། །དེར་ཡང་གཞན་གྱིས་བརྗོད་མཐོང་ཕྱིར། །གཞན་གྱིས་བརྗོད་དམ་རང་གིས་ཤེས། །དབྱེ་བའི་རྒྱུ་ནི་ཅི་ཞིག་འདྲི། །གལ་ཏེ་སྒོ་དང་གཞན་སྒོ་དང༌། །ཡིད་བརྟན་ལྡན་ཉིད་བརྗོད་པ་ནི། །ཐ་དད་པ་ཡི་རྟགས་ཡིན་ན། །གཏམ་རྣམས་དག་ལའང་སྒོ་དང་ནི། །གཞན་གྱི་སྒོ་རྣམས་ཅིས་མི་འཇུག །འཕགས་པའི་དབྱངས་སོགས་སྡེབ་སྦྱོར་བཞིན། །ལམ་བྷ་སོགས་དང་ཨཱ་ཤཱ་སའི། །དབྱེ་བ་མཐོང་ཕྱིར་འགལ་ཞེ་ན། །མིང་གི་དབྱེ་བ་ཙམ་ཡིན་གྱི། །ལྷག་མ་ཐམས་ཅད་བརྗོད་པར་འདུས། །ལམ་བྷ་ཞེས་པ་གཞོན་ནུ་མ། །སྙེད་དང་ཨཱ་ཤཱ་ས་ཞེས་པ། །ཡིད་བརྟན་ཐོབ་པའི་སྐད་ཡིན་ནོ། །བྷ་མ་ཧ་སོགས་གཞན་ན་རེ། །བུ་མོ་འཕྲོག་པའི་བསྔགས་པ་དང༌། །དུས་བཏབ་གྱུར་ཀྱང་བསླུས་པ་དང༌། །རྒྱལ་པོ་མངའ་ཐང་དར་བ་སོགས། །བརྗོད་པ་ལ་ཡོད་གཏམ་ལ་མེད། །ཅེ་ན་བུ་མོ་འཕྲོགས་པ་དང༌། །བསླུ་དང་དར་བ་ལ་སོགས་ལ། །སརྒས་བཅིངས་པ་ཐམས་ཅད་ལ། །ཡོད་ཕྱིར་ཁྱད་པར་དབྱེ་མི་ནུས། །སྙན་དངགས་མཁན་པོའི་བསམ་པ་ཡིས། །བརྟགས་ནས་བརྗོད་པ་དེ་དག་ནི། །གཏམ་ལའང་སྦྱར་ཀྱང་སྐྱོན་མ་ཡིན། །འདོད་དོན་སྒྲུབ་ལ་སྙན་དངགས་ཀྱི། །རྒྱན་དུ་མི་འགྱུར་ཅི་ཡང་མེད། །དེ་ཕྱིར་གཏམ་ལའང་སྒོ་སོགས་སྦྱར། །གསུམ་པ་སྤེལ་མ་ཟློས་གར་སོགས། །ཚིགས་བཅད་ལྷུག་པར་བསྲེས་པ་སྟེ། །ཙམ་པུ་ཞེས་པའི་མིང་ཅན་ནོ། །གཉིས་པ་སྐད་ཀྱི་དབྱེ་བ་ནི། །ངག་གི་རང་བཞིན་དེ་དག་ཀྱང༌། །ལེགས་སྦྱར་དེ་བཞིན་རང་བཞིན་དང༌། །ཟུར་ཆག་འདྲེན་མ་ཞེས་བྱ་བཞི། །ཤ་ཟའི་སྐད་ཀྱང་འདི་ལ་བཤད། །ལེགས་སྦྱར་ཞེས་པ་ལྷ་ཡི་ནི། །སྐད་དུ་དྲང་སྲོང་ཆེན་པོས་གསུངས། །དེ་སྐྱེས་དེ་མཚུངས་ཡུལ་ཅན་ཞེས། །དུ་མ་རང་བཞིན་དག་གི་རིམ། །ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད། །ལེགས་བརྗོད་རིན་ཆེན་དག་གི་མཚོ། །སརྒས་བཅིངས་སོགས་གང་ལས་བྱུང༌། །རང་བཞིན་མཆོག་ཏུ་གྱུར་པར་རིགས། །སོ་སོར་སེ་སོགས་ཡུལ་ཅན་གྱི། །སྐད་རྣམས་རང་བཞིན་ཉིད་ཅེས་བྱ། །ཟུར་ཆག་གི་ནི་རྣམ་གྲངས་ལ། །སྙན་དངགས་པ་ལ་གྲགས་པ་དང༌། །སྒྲ་ཡི་བསྟན་བཅོས་ལ་གྲགས་པའོ། །དང་པོ་གནག་རྫི་སོགས་ཀྱི་ཚིག །སྙན་དངགས་པ་ལ་ཟུར་ཆག་ཉིད། །བརྡ་སྤྲོད་པ་ནི་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་ཉིད་དུ་བརྗོད། །སོ་སོའི་མཚན་ཉིད་བསྟན་པ་ནི། །ལེགས་སྦྱར་སརྒས་བཅིངས་པ་སོགས། །རང་བཞིན་ཀནྡྷ་ཀ་ལ་སོགས། །ཟུར་ཆག་ཨོ་ས་ར་སོགས་ཏེ། །ཟློས་གར་ལ་སོགས་འདྲེས་པའོ། །གཏམ་སོགས་སྐད་ནི་ཐམས་ཅད་དང༌། །ལེགས་སྦྱར་གྱིས་ཀྱང་བཅིངས་པ་སྟེ། །རྨད་བྱུང་དོན་ཅན་རྒྱ་མཚོའི་གཏམ། །འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། །ཀནྡྷ་ཨོ་ས་ར་ཞེས་དང༌། །རྨད་བྱུང་དོན་ཆེན་རྒྱ་ཆེ་བ། །བསྟན་བཅོས་སོ་སོའི་མིང་དུ་འདོད། །གསུམ་པ་སྦྱོར་ཚུལ་ལུས་གཉིས་སོ། །སྒེག་དང་རོལ་དང་གོམ་སྟབས་སོགས། །མིག་གིས་བལྟ་བའི་དོན་ཅན་དང༌། །རྣ་བར་སྙན་པའི་རོ་ཉམས་ཅན། །སྙན་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །གཉིས་ལ་རྒྱན་གྱི་ཁྱད་པར་ལ། །ཐུན་མོང་ཐུན་མོང་མིན་པ་གཉིས། །ཐུན་མོང་མིན་པའི་རྒྱན་རྣམས་ནི། །ལེའུ་འོག་མ་དག་ཏུ་འཆད། །འདིར་ནི་ཐུན་མོང་རྒྱན་བཤད་པ། །སྙན་དངགས་སྦྱོར་མཁས་ལྷོ་པ་དང༌། །ཤར་བའི་ལམ་སྲོལ་མང་མོད་ཀྱང༌། །མཐའ་དག་མེ་ལོང་དུ་མ་བརྗོད། །རྒྱན་གྱི་ཁྱད་པར་འདིར་བརྗོད་བྱ། །སྦྱར་བ་རབ་དང་མཉམ་ཉིད་དང༌། །སྙན་དང་ཤིན་ཏུ་གཞོན་པ་དང༌། །དོན་གསལ་བ་དང་རྒྱ་ཆེ་དང༌། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻ་དརྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་བཟློག་པ་ཡིས། །གཽ་ཊཱའི་ལམ་དག་མཚོན་པར་བྱེད། །དང་པོ་མཚན་ཉིད་བཟློག་ཟླ་དང༌། །སྦྱར་བའི་དཔེ་ཡིས་བཤད་པར་བྱ། །སྲོག་ཆུང་ཡི་གེ་ཤེས་ཆེར་སྦྱར། །དེ་ཡང་ཧ་ཅང་ལྷོད་མིན་ཞེས། །ལྷོ་ཕྱོགས་པ་དག་དེ་ལྟར་འདོད། །ལྷོད་པ་ཁོ་ནའི་སྦྱོར་བ་ནི། །སྦྱར་བ་ཅན་ཞེས་ཤར་ཕྱོགས་པ། །སྲོག་ཆུང་ཞེས་པ་སྡེ་པ་ལྔའི། །དང་པོ་ལྔ་དང་གསུམ་པ་ལྔ། །ལྔ་པ་ལྔ་དང་མཐར་གནས་བཞི། །དེ་ལས་གཞན་པ་སྲོག་ཆེན་ཏེ། །བརྗོད་པ་རླུང་ཤུགས་ཆེ་བས་སོ། །ལྷོད་པ་ཞེས་པ་ལ་ལི་གཉིས། །སྲོག་ཆུང་གཞན་དང་བསྲེས་པའོ། །དཔེར་ན་མཱ་ལཱ་ཏི་མཱ་ལཱ། །ལོ་ལཱ་ལི་ཀ་ལི་ལཱའོ། །ཛཱ་ཏིའི་ཕྲེང་བ་མཱ་ལཱ་ཏི། །མཱ་ལཱ་ཕྲེང་བ་ལོ་ལ་སྟེར། །ཨ་ལི་ཀ་ནི་བུང་བ་སྟེ། །ལི་ལཱ་འཁོར་རམ་ལྕི་བའོ། །སྲོག་ཆུང་ཡི་གེ་ཤས་ཆེ་བར། །ལྕི་བ་བསྲེས་པ་སྦྱར་བའི་དཔེར། །ལྷོ་པས་འདོད་པ་འདི་ལྟ་སྟེ། །མཱ་ལ་ཏི་དཱ་མ། ལཾ་གྷི་ཏཾ་བྷྲ་མ་རཻཿ །ཛཱ་ཏི་མེ་ཏོག་མཱ་ལ་ཏི། །དཱ་མ་ཕྲེང་བ་ལམ་གྷི་ཏམ། །འཁོར་ཞིང་ལྡིང་བ་བྷྲ་མ་རཻཿ །བུང་བ་རྣམས་ནི་ཞེས་པའོ། །རབ་དང་མཚན་ཉིད་དཔེར་བརྗོད་དང༌། །བཟློག་ཟླ་གསུམ་གྱིས་བཤད་པར་བྱ། །གྲགས་ཤིང་གོ་བར་སླ་བ་ནི། །རབ་དང་ཞེས་བྱའི་མཚན་ཉིད་དོ། །དབྱངས་ཅན་སོར་གདུབ་བུང་བ་ནི། །ཏམ་བུ་ར་ཡི་དར་དིར་ཅན། །དེ་འདྲ་གོ་བར་སླ་བའི་དཔེ། །ཤར་པ་རབ་ཏུ་མ་གྲགས་ཀྱང༌། །སྒྲ་བཤད་ཚང་ཙམ་དང་བའི་དཔེ། །ལག་ལྡན་འཁོད་པའི་ཆོས་ཀྱི་ཁྲི། །ལེགས་བཤད་སེ་གོལ་གཏོགས་སྒྲ་སྙན། །ཞེས་པ་སྒྲ་བཤད་ཡོད་པའི་དཔེ། །མཉམ་པ་མཚན་ཉིད་དཔེར་བརྗོད་དང༌། །བཟློག་ཟླ་གསུམ་གྱིས་བཤད་པར་བྱ། །ཡི་གེ་འཇམ་རྩུབ་བར་མ་ཡི། །སྦྱོར་བ་མི་མཉམ་དང་བྲལ་བ། །ལྷོ་པས་མཉམ་པའི་མཚན་ཉིད་འདོད། །ཤར་པ་ཡི་གེ་མི་མཉམ་ཡང༌། །དོན་དང་རྒྱན་གྱི་བཀོད་པ་ནི། །རབ་མཉམ་དེ་ཡི་མཚན་ཉིད་བཞེད། །འཇམ་པ་ཀ་ཙ་ཊ་ཏ་སོགས། །རྩུབ་པ་གྷ་ཛྷ་ཌྷ་དྷ་བྷ། །དེ་གཉིས་མཉམ་པར་བསྲེས་པ་ནི། །ཁུ་བྱུག་ཅ་ཅོ་སྒྲོག་བྱེད་ཅིང༌། །ཉར་མ་རབ་འཐོར་དང་ཞིང་དྭངས། །ཆུ་རྒྱུན་ཆུ་ཐིགས་ཀྱིས་བྲན་པའི། །མཱ་ལ་ཡ་རླུང་བདག་ལ་འོང༌། །ཡི་གེ་འཇམ་རྩུབ་མི་མཉམ་ཡང༌། །དོན་རྒྱན་མཉམ་པའི་དཔེར་བརྗོད་ནི། །ཙནྡན་གྱིས་བསྒོས་དྲི་ལྡང་ཞིང༌། །འཇམ་པ་མ་ལ་ཡ་ཡི་རླུང༌། །བདག་གི་བརྟན་འགོག་དགའ་མ་ནི། །མཆོག་གི་ཁ་ཡི་རླུང་དང་འགྲན། །པད་དཀར་འཇམ་པའི་འདབ་མ་ལ། །རྡོ་རྗེ་ཁྲོ་བོ་ཁྲོས་པའི་གདོང༌། །ལ་ལར་བཞད་པའི་དཀར་མདངས་ཅན། །ཧཱུྃ་ཕཊ་དྲག་པོའི་ཕེམ་སྒྲ་སྒྲོག །ཅེས་པ་འཇམ་རྩུབ་བསྲེས་པའི་དཔེ། །རྒྱ་མཚོ་དབུ་པའི་རླབས་ཕྲེང་ཅན། །མརྒད་བཅག་པའི་མདངས་འཕྲོ་བ། །དེ་དྲུང་དྲི་བཞོན་རྟ་བརྒྱ་ཡིས། །མགྱོགས་པར་བོས་པའི་ཙནྡན་དྲི། །ཞེས་འདི་ཚིག་སྦྱོར་རབ་རྩུབ་ཀྱང༌། །དོན་འཇམ་ལྡན་པའི་དཔེ་ཡིན་ནོ། །སྙམ་པ་མཚན་ཉིད་དཔེར་བརྗོད་དང༌། །གྲོང་ཚིག་སྤངས་པ་གསུམ་གྱིས་བཤད། །མཚན་ཉིད་སྒྲ་དང་དོན་གྱི་ནི། །ཉམས་དང་ལྡན་པའི་སྙན་དངགས་སོ། །ལྷོ་པ་འདོད་པའི་སྒྲ་ཉམས་ནི། །རྒྱལ་བ་འཇིག་རྟེན་གསུམ་གྱི་མགོན། །དེ་ལ་རབ་ཏུ་དད་བྱས་ན། །དེ་ཚེ་མངོན་མཐོའི་བདེ་ཐོབ་ཅིང༌། །དེ་ནས་རིམ་གྱིས་ལེགས་པ་འབྱུང༌། །ཞེས་སོགས་ཕྱི་མའི་ཚིག་ཤུགས་ཀྱིས། །སྔ་མའི་ཚིག་རྣམས་འདྲེན་པ་ནི། །བཻ་དརྦྷའི་སྒྲ་ཉམས་ཏེ། །རྗེས་ཁྲི་མི་འདོད་པའང་མིན། །གཽ་ཊཱ་པ་དག་རྗེས་ཁྲིད་ཉིད། །སྒྲ་ཡི་ཉམས་སུ་འདོད་པའོ། །དེ་ལ་རྗེས་ཁྲིད་དངོས་དང་ནི། །ཞར་བྱུང་ཟུང་ལྡན་བཤད་པའོ། །ཡི་གེ་གཅིག་ཉིད་རྐང་པའམ། །ཚིགས་སུ་བཅད་ལ་ལན་མང་འཁོར། །རྗེས་ཁྲིད་ཞེས་བྱའི་མཚན་ཉིད་དེ། །དབྱེ་ན་རྐང་པ་ལ་བསྐོར་དང༌། །ཚིག་ལ་བསྐོར་དང་རིང་བ་ཡི། །རྗེས་ཁྲིད་ཅེས་བྱ་རྣམ་པ་གསུམ། །ལྷོ་ཤར་གཉིས་ཀྱི་ཐུན་མོང་སྟེ། །ཤར་པ་ཁོ་ནའི་ལུགས་དང་བཞི། །ལྷ་དབང་དཀོན་མཆོག་གསུམ་བསྟེན་ན། །མི་དབང་བཞིན་དུ་ཀུན་གྱིས་བཀུར། །ཚངས་དབང་གཙུག་གི་ནོར་བུ་ཡིས། །ཞབས་དབང་རྒྱུན་དུ་ལེན་པར་འགྱུར། །ཞེས་ནི་རྐང་པ་ལ་བསྐོར་བའི། །རྗེས་ཁྲིད་ཅེས་པའི་དཔེ་མཚོན་བྱེད། །ལ་ལའི་གསུང་སྙན་ལ་ལར་སྙན་པ་ལ། །ལ་ལའི་ཚིག་གི་བདེ་བདེ་བྱས་ནས་བདེ། །དགའ་དགའི་གཏམ་གྱིས་དགའ་དགའ་བྱས་ན་དགའ། །བཟུང་བཟུང་མིན་པར་བཟུང་བཟུང་བསྐྱར་གྱིར་བཟུང༌། །ཞེས་འདི་ཚིག་ལ་བསྐོར་བ་ཡི། །རྗེས་ཁྲིད་ཅེས་བྱའི་དཔེ་ཡིན་ནོ། །དགེ་ལེགས་ཆོས་འདི་ཡིད་ལ་གོམས་བྱས་ན། །གནས་སྐབས་དགེ་ཞིང་གོང་ནས་གོང་དུ་དགེ །རང་གཞན་ཆོས་ལ་རང་བཞིན་མེད་གོམས་པས། །བདག་གཞན་ཆོས་ལ་བདག་ལྟའི་ཉེས་མི་འབྱུང༌། །ཞེས་པ་ཡི་གེ་མང་པོ་ཡིས། །བར་དུ་ཆོད་པའི་རྗེས་ཁྲིད་དོ། །དོན་གཅིག་ཚིགས་བཅད་གཅིག་གི་ནང༌། །ལན་གཉིས་འདས་པའི་དང་པོ་རྩུབ། །གཉིས་པ་ལྷོད་པའི་རྗེས་ཁྲིད་ནི། །ཤར་པ་ཁོ་ནའི་འདོད་དེ་དཔེར། །འགྲོ་མང་གདུང་ནས་གདུང་བ་སྐྱི་གཡའ་ཞིང༌། །ཞི་བའི་བདེ་ལ་འདོད་པའི་མེ་ཆེན་འབར། །འགྲོ་ལ་བརྩེ་བའི་བརྩེ་བས་ལུས་འཚོ་ཞིང༌། །མྱང་འདས་ཞི་བའི་བདེ་བས་ཡིད་རབ་བརླན། །ཞར་བྱུང་ཟུང་ལྡན་ཞེས་བྱ་བ། །དེ་ཡང་རྗེས་ཁྲིད་ཡིན་མོད་ཀྱི། །གཅིག་ཏུ་སྙན་པ་མིན་པའི་ཕྱིར། །དེ་ཡི་རྣམ་གཞག་འདིར་མི་འཆད། །གཉིས་པ་དོན་མཉམ་ཞེས་བྱ་བ། །སྒྲ་ཉམས་སྦྱར་རམ་མ་སྦྱར་ཀྱང༌། །དོན་ཉམས་ཕུན་སུམ་ཚོགས་པ་ནི། །དོན་གྱི་རང་བཞིན་བརྗོད་མཁས་པའི། །བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཉིད། །སྐབས་འདི་དང་ནི་སྐབས་གཞན་དུའང༌། །གྲོང་པའི་ཚིག་དག་སྤང་བར་བྱ། །དེ་ལ་སྤྱིར་བཏང་དམིགས་བསལ་གཉིས། །སྤྱིར་བཏང་དོན་དང་སྒྲ་དག་ལ། །གྲོང་ཚིག་ཞུགས་པའི་དབྱེ་བས་གཉིས། །དང་པོ་བསྒྲིབས་དང་མ་བསྒྲིབས་གཉིས། །ཚིག་མཛེས་གཞན་གྱིས་མ་བསྒྲིབས་པའི། །རང་གི་གྲོང་ཚིག་སྤང་བྱ་བ། །འདོད་ལྡན་དག་ལ་གཞོན་ནུ་མ། །ཁྱོད་ནི་ཇི་ལྟར་འདོད་མི་བྱེད། །ཅེས་པའོ་བསྒྲིབས་པའི་གྲོང་ཚིག་ནི། །གཡོན་མིག་གཡོ་ལྡན་གཏུམ་མོ་ནི། །ངེས་པར་བདག་ལ་བརྩེ་མེད་མ། །ཁྱོད་ལ་ཁོ་བོ་ཁྲོ་མེད་ཅེས། །གྲོང་པའི་དོན་མིན་རོ་དང་ལྡན། །གྲོང་དོན་ཞུགས་པ་ཁྱད་མེད་ཀྱང༌། །ཚིག་ཉམས་ལྡན་པས་བསྒྲིབས་པའི་ཕྱིར། །རོ་ལྡན་འདི་ནི་ལ་ལར་དགེ །སྒྲ་ལ་གྲོང་ཚིག་ཞུགས་པ་ལ། །གཅོད་མཚམས་ཉེས་དང་ཚིག་གཅིག་ནི། །གོ་བྱ་གཉིས་ལ་འཇུག་པའོ། །དེ་དག་རིམ་བཞིན་བཤད་བྱ་བ། །ཡཱ་བྷ་ཝ་ཏཿསྲི་ཡཱ་ཞེས། །བརྗོད་ན་གང་ཁྱོད་དགའ་མ་ལ། །འཁྲིག་ལྡན་མར་ནི་འཁྲུལ་བ་བཞིན། །ཡཱ་ནི་གང་ཡིན་བྷ་ཝ་ཏཿ །ཁྱོད་ཡིན་སྲི་ཡཱ་ནི་དགའ་མ། །དེ་ཡི་གཅོད་མཚམས་ཉེས་གྱུར་ན། །ཡཱ་བྷ་འཁྲིག་པ་ཝ་ཏཿལྡན། །ཞེས་བྱར་འཁྲུལ་པའི་སྐབས་སྲིད་དོ། །མི་ཕོ་མཚན་བཟངས་རྒྱས་ཁྱོད་ཀྱི། །ཆོས་དགའ་མ་ལ་ལྷག་པར་བརྩེ། །ཞེས་དང་མི་མོ་མཚན་བཟང་བས། །ཁྱིམ་གཉིས་སུ་ནི་དགའ་བ་བསྐྱེད། །ཁྱིམ་བྱ་ལྕེ་གཉིས་པ་དེ་ཡིས། །མཛའ་བ་སོ་སོར་འབྱེད་པར་བྱེད། །ཅེས་པ་གོ་བར་སླ་བའི་དཔེ། །གཞན་ལ་བསྣུན་པའི་སྐྱེ་བོ་ནི། །བིརྻ་ལྡན་པ་བི་ཤྲཱནྟ། །ཞེས་པ་གོ་བྱ་གཉིས་ཀྱི་དཔེ། །བརྩོན་འགྲུས་ལྡན་པ་རྣམ་པར་གནས། །ཁུ་བ་ལྡན་པ་རྣམ་པར་ངལ། །ཞེས་པ་གཉིས་ཀ་ཚིག་འདིས་གོ །གང་ཞིག་གང་གང་ལ་དགའ་བ། །དེ་དེ་འབད་པས་སྒྲུབ་པར་བྱེད། །ཅེས་པ་གོ་བར་སླ་བའི་དཔེ། །གཉིས་པ་དམིགས་ཀྱིས་བསལ་བ་ནི། །གང་ལ་གོ་བྱ་གཉིས་ཡོད་ཀྱང༌། །སྐབས་ཀྱིས་སྤང་མི་དགོས་པ་ཡོད། །བྷ་ག་ཞེས་པ་མཚན་མ་དང༌། །སྐལ་བ་གཉིས་ཀ་ལ་འཇུག་ཀྱང༌། །སྲིང་མོ་བསྟོད་པའི་སྐབས་དག་ཏུ། །བྷ་ག་ཝ་ཏཱི་བྷ་གི་ཞེས། །བརྗོད་པ་སྲིང་མོ་སྐལ་ལྡན་དུ། །གོ་ཡི་སྲིང་མོ་མཚན་ལྡན་ཞེས། །གོ་བ་མིན་ཕྱིར་སྐྱོན་མིན་ནོ། །ཤིན་ཏུ་གཞོན་པ་མཚན་ཉིད་དང༌། །དཔེར་བརྗོད་གཉིས་ཀྱིས་རྟོགས་པར་བྱ། །རྩུབ་མིན་ཡི་གེ་མང་བ་འདིར། །ཤིན་ཏུ་གཞོན་པ་ཉིད་དུ་འདོད། །ལྷོ་པའི་ལུགས་ཀྱི་དཔེར་བརྗོད་ནི། །སྤྲིན་གྱི་ཕྲེང་བ་ལྡན་དུས་སུ། །སྙན་པར་སྒྲོག་པའི་མགྲིན་ལྡན་མ། །རྨ་བྱ་ཡི་ནི་མཇུག་མ་དག །ཟླམ་པོར་བྱས་ནས་གར་བྱེད་དོ། །ཞེས་འདི་དོན་དང་རྒྱན་གཉིས་ཀ །རྒྱས་པར་ཡོད་པ་མ་ཡིན་ཡང༌། །ངག་ཏུ་བརྗོད་དེ་རྣ་བར་སྙན། །དེ་ཕྱིར་ཤིན་ཏུ་གཞོན་པའོ། །ཡི་གེ་འཇམ་པ་ཁོ་ན་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། །གཉིས་པ་ཤར་ཕྱོགས་པ་དག་ནི། །དེ་དེ་ཁོ་ནར་མ་ཟད་ཀྱི། །ངག་ཏུ་བརྗོད་པ་མི་བདེ་ཡང༌། །དོན་གསལ་གྱུར་ན་གཞོན་པ་ཡི། །སྙན་དངགས་ལམ་དུ་འདོད་པ་ཡིན། །རྒྱལ་པོ་སྒྲ་སྟ་རཱ་མ་ཎས། །རྒྱལ་རིགས་གཞན་དག་ཉམས་པ་བྱས། །ཞེས་སོགས་རྣ་བར་རྩུབ་ཚིག་གིས། །དོན་གང་གསལ་བར་བརྗོད་རྣམས་སོ། །དྲུག་པ་དོན་གསལ་བཤད་པ་ལ། །དངོས་དང་བཟློག་ཟླ་བཤད་པའོ། །དང་པོ་མཚན་ཉིད་དཔེར་བརྗོད་དོ། །རྒྱུ་མཚན་གཞན་ལ་མི་ལྟོས་པར། །དེ་དོན་གསལ་པོར་གོ་མཚན་ཉིད། །ས་ཆེན་རྒྱ་མཚོར་བྱིང་བ་ན། །འཕྲོག་བྱེད་ཕག་པར་སྤྲུལ་པ་ཡི། །རྨིག་པས་བརྫིས་པའི་ཀླུ་ཁྲག་གིས། །དམར་པོར་བྱས་པའི་མཚོ་ནས་བཏོན། །ཞེས་པ་དམར་པོའི་རྒྱུ་མཚན་ནི། །བརྟག་མི་དགོས་པར་གསལ་བའོ། །གཉིས་པ་བཟློག་པའི་དཔེར་བརྗོད་ནི། །ཕག་པ་ཆེན་པོ་དག་གིས་ས། །ཆུ་གཏེར་དམར་པོ་དག་ལས་ཕྱུང༌། །ཞེས་པ་དམར་པོའི་རྒྱུ་མཚན་ནི། །སླར་ཡང་བློ་ཡིས་བརྟག་དགོས་ཤིང༌། །སྒྲ་དང་རིགས་པ་ལ་འགོངས་པས། །ཤུགས་ཀྱིས་རྟོགས་པའང་མ་ཡིན་པ། །འདི་འདྲ་དོན་དང་སྙན་ངག་ཏུ། །ལམ་སྲོལ་གཉིས་ཀས་འདོད་མ་ཡིན། །བདུན་པ་རྒྱ་ཆེ་བ་ལ་གཉིས། །ལྷོ་པའི་ལུགས་དང་ཤར་པའི་འོ། །དང་པོ་མཚན་ཉིད་དཔེར་བརྗོད་དོ། །དངོས་སུ་ཚིགས་འགའ་བརྗོད་པ་ལས། །ཤུགས་ལ་ཁྱད་འཕགས་དོན་མཚོན་པ། །རྒྱ་ཆེ་ཞེས་བྱའི་མཚན་ཉིད་དེ། །འདི་འདྲ་སྙན་དངགས་ལམ་གྱི་མགོན། །དཔེར་བརྗོད་ཡིད་འོངས་འདི་ལྟར་ཡོད། །སློང་བ་རྣམས་ཀྱིས་བཀྲེན་པའི་མིག །ལན་གཅིག་ཁྱོད་གདོང་ལ་ལྷུང་བ། །ལྷ་གཅིག་གནས་སྐབས་དེ་ཡིས་སླར། །གཞན་གྱི་གདོང་ལ་བལྟ་མ་ཡིན། །ཞེས་པས་གཏོང་ཕོད་རྒྱ་ཆེ་བ། །ལེགས་པར་མཚོན་ནོ་གཞན་དག་ཀྱང༌། །རིགས་པས་མཚུངས་རྣམས་དཔག་པར་བྱ། །རྟག་ཏུ་ཕ་རོལ་གྱིས་གཙེས་པའི། །ཁ་ཞན་མ་ལས་ཁྱོད་གཅིག་ལ། །སྐྱབས་སོང་གཞན་གྱི་གདོང་པ་དང༌། །རང་སེམས་དམན་ལ་རྟོག་མི་དགོས། །ཞེས་པ་དཔའ་དཔུང་ལྡན་པར་མཚོན། །ཤར་ཕྱོགས་པ་དག་བསྔགས་འོས་ལ། །བསྔགས་པ་རྒྱ་ཆེའི་དོན་དུ་འདོད། །རྩེད་འཇོའི་དུས་སུ་ཆུ་སྐྱེས་ལ། །བསྔགས་འོས་ཁྲུས་ཀྱི་འཇུག་ངོགས་སུ། །རྒྱ་མཚོ་བསྔགས་འོས་དགའ་སྟོན་ཚེ། །གསེར་གྱི་རྒྱན་སོགས་བསྔགས་པར་འོས། །བརྒྱད་པ་བརྗིད་པ་ལྷོ་པ་དང༌། །ཤར་པའི་དབྱེ་བས་བསྟན་པར་བྱ། །དང་པོ་མཚན་ཉིད་དཔེར་བརྗོད་དོ། །ཚིགས་བཅད་ལྷུག་པ་གང་ཡང་རུང༌། །འབྲུ་མང་པོ་དང་ཟླས་དབྱེ་དང༌། །དེ་ཡི་སྐྱེས་བུ་ལ་སོགས་པ། །ཚིག་སྡུད་མང་པོ་ཅན་མཚན་ཉིད། །དེ་ལ་ལྕི་དང་ཡངས་བ་རྣམས། །མང་དང་ཉུང་བ་ཉིད་སྤེལ་བས། །རྒྱ་མཚོའི་རྦ་རླབས་ཇི་བཞིན་དུ། །མཐོ་དང་དམའ་བའི་རྣམ་པ་ཅན། །དེ་ལ་ཚིག་གི་བསྡུ་བ་ནི། །མང་པོ་དགོས་སོགས་དཔེར་བརྗོད་པ། །ནུབ་ཀྱི་རི་མགོར་ལྷུང་བ་ཡི། །མཐའ་དག་ཉི་འོད་མལ་སྟན་ཅན། །མཁྲེགས་པའི་ནུ་མ་ལ་གནས་པའི། །གོས་དམར་གཡོ་ཞིང་ཆུ་ལྡན་མ། །ཞེས་པའི་ཚིག་སྡུད་མང་པོ་ཅན། །ལྷུག་པར་མ་ཟད་ཚིགས་བཅད་ལའང༌། །ཤར་ཕྱོགས་པ་དག་སྦྱོར་བར་བྱེད། །གོ་བར་སླ་བ་འདི་ལྟར་སྦྱར། །ན་ཆུང་ནུ་མ་མཁྲེགས་པ་ལ། །གཡོག་པའི་གོས་དམར་ཇི་བཞིན་དུ། །ཆུ་བདག་ཕྱོགས་ཀྱི་ན་གཞོན་ནི། །ཐུན་མཚམས་སྤྲིན་གྱི་གོས་དམར་ཅན། །གཉིས་པ་ལྷོ་པའི་ལུགས་བཤད་པ། །ལྕི་ཡང་འཁྲུགས་པ་མ་ཡིན་པར། །མཛེས་ཤིང་ཡིད་འོང་བརྗིད་པར་འདོད། །ཆུ་འཛིན་ངོས་ཀྱི་ཕང་ན་ཆགས། །མཚམས་ཀྱི་ཉི་འོད་གོས་དང་ལྡན། །ཆུ་ལྡན་མ་ཡིས་སུ་ཡི་ཡིད། །འདོད་པས་གཟིར་བ་བྱེད་མི་འགྱུར། །ཞེས་པ་སཾ་སྐྲྀ་ཏ་ཡི་སྐད། །ལྕི་ཡང་འཁྲུགས་པ་མ་ཡིན་པར། །ལྷོ་ཕྱོགས་སྙན་དངགས་མཁན་དབང་འདོད། །སྐབས་འདིར་ཞར་བྱུང་ལྕི་ཡང་ནི། །རིན་ཆེན་འབྱུང་གནས་ལས་གསུངས་པ། །བརྩེགས་པའི་ཐོག་མར་གང་བྱུང་དང༌། །ཚེག་དྲག་ཅན་དང་ཐིག་ལེ་ཅན། །རྐང་མཐའི་ཡི་གེ་རིང་པོ་རྣམས། །འདི་དག་ལྕི་བར་བསྟན་པ་ཡིན། །རིང་བ་རྣམ་པ་གསུམ་ཡིན་ཏེ། །རིང་ཆས་རིང་པོར་མཚོན་པ་དང༌། །མཚམས་སྦྱར་ཁོ་ནས་རིང་གྱུར་དང༌། །པླུ་ཏ་ཡིས་ནི་མཚོན་པའོ། །འདི་རྣམས་རིང་དང་ཤིན་ཏུ་རིང༌། །ཧ་ཅང་རིང་པོ་ཞེས་བརྗོད་དོ། །ལཱྀ་ཡིག་རིང་པོ་རྒྱུད་མེད་ཕྱིར། །དེ་ལ་པླུ་ཏ་མི་སྦྱར། །ཐུང་དུ་པླུ་ཏས་བརྒྱན་པ། །ཤིན་ཏུ་རིང་པོ་ཡིན་པར་བཤད། །དགུ་པ་མཛེས་པའི་སྙན་དངགས་ལ། །བཻ་དརྦྷ་ལ་མཛེས་པ་དང༌། །གཽ་ཊཱ་པ་ལ་མཛེས་པའོ། །དང་པོ་མཚན་ཉིད་དབྱེ་བ་དང༌། །དཔེར་བརྗོད་གསུམ་གྱིས་བཤད་པར་བྱ། །མཚན་ཉིད་འཇིག་རྟེན་ལ་གྲགས་པའི། །དོན་ལ་མ་འདས་ཡིད་འཕྲོག་པའོ། །དབྱེ་བ་སྔོན་གྱི་གཏམ་བརྒྱུད་ལས། །དྲངས་དང་བསྔགས་འོས་བསྔགས་པའོ། །དཔེར་བརྗོད་རིམ་པ་བཞིན་བསྟན་པ། །དཀའ་ཐུབ་ཕུང་པོ་ཁྱོད་འདྲ་ཡི། །ཞབས་ཀྱི་རྡུལ་ནི་གཙང་མ་རྣམས། །ཡང་དག་བཏབ་པ་གང་ཡིན་པ། །དེ་དག་ཁོ་ན་ངེས་པར་ཁྱིམ། །བཀྲ་ཤིས་དགེ་མཚན་ལྡན་པའོ། །སྐྱོན་མེད་ལུས་ཅན་ཁྱོད་ཀྱི་ནི། །ལག་པའི་འཁྲིལ་ཤིང་བར་དག་ཏུ། །ནུ་མ་རབ་རྒྱས་འདི་དག་གི །གོ་སྐབས་རྙེད་པར་གྱུར་མ་ཡིན། །དེ་འདྲའི་ཉམས་དེ་འཇིག་རྟེན་ན། །སྲིད་ཕྱིར་འཇིག་རྟེན་ལ་མཛེས་པའོ། །གཽ་ཊཱ་བ་ཡི་མཛེས་པ་ནི། །འཇིག་རྟེན་མཚམས་ལས་འདས་པ་ཡི། །དོན་གང་འུད་ཀྱིས་བཀོད་གྱུར་པ། །དེ་ཡིས་མཁས་རྣམས་ཡིད་ཚིམས་པར། །བྱེད་འགྱུར་ཞེས་ནི་སྨྲ་བར་བྱེད། །དབྱེ་ན་སྔོན་བྱུང་གཏམ་དང་ནི། །བསྔགས་པར་འོས་པ་ལ་སྦྱར་བའོ། །དཔེར་བརྗོད་རིམ་བཞིན་བཤད་བྱ་བ། །དེང་ནས་བཟུང་སྟེ་བདག་གི་ཁྱིམ། །ལྷ་ཡི་ཁྱིམ་བཞིན་བསྟེན་པར་འོས། །ཁྱོད་ཀྱི་ཞབས་རྡུལ་ལྷུང་བ་ཡིས། །ཉེས་པ་དག་ནི་མ་ལུས་བཀྲུས། །ཁྱོད་ཀྱི་ནུ་མ་འདི་ལྟ་བུར། །རྣམ་པར་རྒྱས་པར་འགྱུར་བ་འདི། །བྱེད་པོས་ངེས་པར་མ་བརྟགས་པར། །ས་གཞི་དག་ནི་ཆུང་ངུར་བྱས། །ཕྱི་ནས་གནས་དེར་མ་ཤོང་བར། །གོང་ནས་གོང་དུ་རྩེགས་པར་གྱུར། །དེ་ལྟར་འཇིག་རྟེན་མཚམས་ལས་ནི། །བརྒལ་དང་མ་བརྒལ་རྒྱན་སྦྱར་བ། །ལྷོ་དང་ཤར་གྱི་སྙན་དངགས་ཀྱི། །ལམ་གྱི་སྲོལ་དུ་བཤད་པ་ཡིན། །བཅུ་པ་ཏིང་འཛིན་ཞེས་བྱ་བའི། །སྙན་དངགས་མཚན་ཉིད་དབྱེ་བ་དང༌། །དཔེར་བརྗོད་དག་གིས་བསྟན་པར་བྱ། །འཇིག་རྟེན་གཞུང་གི་རྗེས་འབྲངས་ནས། །མིག་དང་བུད་མེད་ལྟ་བུ་ཡི། །ཁྱད་པར་ཀུ་མུད་ཏ་སོགས་ལ། །སྦྱར་བ་དེ་ཡི་མཚན་ཉིད་དོ། །དབྱེ་ན་ཆོས་གཅིག་བཀོད་པ་དང༌། །ཆོས་མང་བཀོད་པའི་ཏིང་འཛིན་ནོ། །དང་པོ་མིག་གི་སྒྲ་བཀོད་དང༌། །གཉིས་པ་སྐྱུགས་པའི་སྒྲས་བསྟན་པའོ། །དེ་དག་རིམ་བཞིན་བཤད་བྱ་བ། །འཇིག་རྟེན་ན་ནི་ཀུ་མུད་ཏ། །ཁ་འབྱེད་ཟུམ་པ་ཞེས་གྲགས་ཀྱི། །མིག་འབྱེད་ཟུམ་པར་མ་གྲགས་ཀྱང༌། །སྙན་དངགས་མཁན་གྱིས་རྒྱན་བཏགས་པས། །ཕྱི་ནས་དེ་ལྟར་གྲགས་ཐོབ་འགྱུར། །སྐྱུགས་པ་ཞེས་བྱ་འཇིག་རྟེན་ན། །མི་གཙང་ཁྱད་པར་འགའ་ལ་གྲགས། །ཕྱི་ནས་སྙན་དངགས་མཁན་གྱིས་ནི། །ཉི་མས་འོད་ཟེར་སྐྱུགས་པ་ཞེས། །སྦྱར་ན་ཀུན་ལ་གྲགས་པར་འགྱུར། །ཉི་མའི་འོད་ཟེར་ཤར་བ་ན། །ཀུ་མུཏྟ་ནི་མིག་ཟུམ་ཞིང༌། །པད་མོའི་ཚོགས་རྣམས་མིག་བྱེ་ནས། །གེ་སར་འཛུམ་ཞིང་རྒོད་པ་ལ། །བུང་བ་གཞོན་ནུས་ལྕེ་རྩེ་རྐྱོང༌། །ཉི་ཟེར་སྐྱུགས་པ་པདྨ་ཡིས། །འཐུངས་ནས་རྡུལ་དམར་སྐྱུགས་པ་ཡི། །ཁ་ཡི་དག་བྱེད་ཟེར་མ་རྣམས། །ཤིན་ཏུ་སྐྱུག་པར་བྱེད་པ་བཞིན། །ཞེས་པ་མཛེས་སོ་མི་མཛེས་པ། །ཆུང་མ་སྐྱུག་པར་བྱེད་ཅེས་པའོ། །ཆོས་མང་བཀོད་པའི་ཏིང་འཛིན་ལ། །མཚན་ཉིད་དཔེ་དང་དོན་བཤད་པ། །རིམ་པ་བཞིན་དུ་བསྟན་པར་བྱ། །ཆོས་ཅན་གཞན་གྱི་ཆོས་དུ་མ། །གཞན་ལ་ཅིག་ཅར་བཀོད་པའི་དཔེ། །ལྕི་བའི་མངལ་ཁུར་གྱིས་ངལ་ཞིང༌། །འཁུན་པར་བྱེད་པའི་སྤྲིན་གྱི་ཕྲེང༌། །འདི་དག་གཡོ་མེད་སྟེང་གི་ནི། །ཕང་པ་དག་ཏུ་ཡང་དག་ཉལ། །གྲོགས་མོའི་ཕང་པར་ཉལ་བ་དང༌། །འཁུན་དང་ལྕི་བ་ཉིད་དང་ངལ། །ཞེས་པ་འདིར་ནི་མངལ་ལྡན་མའི། །ཆོས་མང་པོ་རྣམས་གཞན་ལ་བསྟན། །ཏིང་འཛིན་ཞེས་བྱའི་རྒྱན་གཅིག་འདི། །སྙན་དངགས་བདོག་རྒྱུ་བསྡུས་པའི་ནོར། །སྙན་དངགས་མཁན་པོ་དོན་མཐུན་གྱི། །ཚོང་པའི་ཚོགས་རྣམས་འདི་ཉིད་ལེན། །དེ་ལྟར་སྙན་དངགས་ལུགས་གཉིས་ཀྱི། །ཚུལ་ལ་བརྟགས་ནས་དེ་ལྟར་ཕྱེ། །དཔའ་བོ་ནག་མོའི་འཁོལ་ལ་སོགས། །སྙན་དངགས་མཁན་པོ་སོ་སོ་ཡི། །ཁྱད་པར་མཐའ་དག་བརྗོད་པ་ན། །དབྱངས་ཅན་མ་ཡང་ངལ་བར་བྱེད། །བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བའི་ཁྱད་པར་སུ་ཡིས་བརྗོད། །རང་བཞིན་གྱིས་གྲུབ་སྤོབས་པ་དང༌། །མང་དུ་ཐོས་པ་དྲི་མེད་དང༌། །མངོན་པར་སྦྱོར་བ་མི་དམན་པ། །སྙན་དངགས་ཕུན་སུམ་ཚོགས་པའི་རྒྱུ། །ནམ་ཡང་མཁས་པའི་གྲལ་མགོར་འདུག་འདོད་དང༌། །སྙན་གྲགས་གཏམ་གྱིས་ངེས་པར་མཐོ་འདོད་ན། །སྙོམ་ལས་སྤངས་ཏེ་དབྱངས་ཅན་སྙན་དངགས་ཀྱི། །རྒྱུད་མང་འཁྲོལ་བ་འདི་ནི་ངེས་པར་ལོངས། །སྙན་དངགས་ཀྱི་མེ་ལོང་རྣམ་པར་བཤད་པ་དབྱངས་ཅན་གྱི་རོལ་མཚོ་ལས། རྣམ་པར་ཕྱེ་བའི་ལེའུ་རྒྱས་པར་བཤད་པ་སྟེ་ལེའུ་དང་པོའོ།།  །།གང་གང་འབད་པས་གང་སྦྱར་བ། །དེ་དེའི་གཞུང་ལ་མ་བརྟགས་པར། །མཁས་མཁས་འདོད་ནས་མཁས་རློམ་གྱིས། །འགྲིག་འགྲིག་བསྒྲིགས་ནས་སྦྱར་བ་མིན། །འདི་ཉིད་བཀླགས་པ་ཙམ་གྱིས་ཀྱང༌། །མེ་ལོང་ཞེས་བྱའི་སྙན་དངགས་ཀྱི། །ཚིག་དང་དོན་རྣམས་གེགས་མེད་པར། །ཇི་བཞིན་འཆར་བའི་རོལ་མཚོའོ།།  །།  ༄༅། །རྒྱ་གར་སྐད་དུ། ཤཱ་ས་ན་ཀ་བྱ་ཨཱ་དརྴ་ཝ་ཏ་ར་མཱ་ཁཱ་ནཱ་མ། བོད་སྐད་དུ། སྙན་དངགས་ཀྱི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ་ཞེས་བྱ་བ། འཇམ་དབྱངས་དབྱངས་ཀྱི་ཕྲེང་བ་རྣ་བར་སྙན། །སྙན་གྲགས་གྲགས་པའི་འཛུམ་ཟེར་ཀུན་གྱི་རྒྱན། །རྒྱན་ཕྲེང་ཕྲེང་བ་སྤེལ་མཁས་མཆོག་གི་ལྷ། །ལྷ་དབང་དབང་པོའི་ཉེར་མཚོས་གཡོ་མེད་མཛོད། །རིག་བྱེད་དྲན་པའི་གདོང་གི་པདྨ་ཡི། །ཆུ་གཏེར་མཛེས་པའི་ཞལ་ལྡན་དབྱངས་ཅན་མ། །ཐ་སྙད་གཞུང་བརྒྱའི་དེ་ཉིད་སྩོལ་མཁས་ཁྱོད། །སྙིང་གི་རོལ་མཚོར་རྟག་པར་གནས་བྱོས་ཤིག །མངོན་བརྗོད་སྡེབ་སྦྱོར་ལང་ཚོ་ལྡན་གྱུར་ཀྱང༌། །གཞན་ཡིད་འཕྲོག་པའི་རྒྱན་དང་མི་ལྡན་ན། །སྙན་དངགས་སྒེག་མོ་མཁས་པས་ལེན་མི་འགྱུར། །དེ་ཕྱིར་ཡིད་འོངས་རྒྱན་གྱི་ཕྲེང་བ་སྤེལ། །དོན་གྱི་རྒྱན་དང་སྒྲ་རྒྱན་དང༌། །གབ་ཚིག་རྒྱན་ཅེས་བྱ་བ་གསུམ། །དང་པོ་སུམ་ཅུ་རྩ་ལྔ་པོ། །རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་སྐོར་བ་དང༌། །འགོག་དང་དོན་གཞན་བཀོད་པ་དང༌། །ལྡོག་པ་ཅན་དང་སྲིད་པ་དང༌། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང༌། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་དང༌། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་སྨྱོན་དོར་སྦྱར་བ་དང༌། །ཁྱད་པར་མཚུངས་པར་སྦྱོར་བ་དང༌། །འགལ་དང་སྐབས་མིན་བསྟོད་པ་དང༌། །ཟོལ་བསྟོད་ངེས་པར་བསྟན་པ་དང༌། །ལྷན་ཅིག་བརྗོད་དང་ཡོངས་རྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་པས་བསྟན། །དང་པོ་རིགས་དང་བྱ་བ་དང༌། །ཡོན་ཏན་དང་ནི་རྫས་བརྗོད་པའི། །དབྱེ་བས་རྣམ་པ་བཞི་ཡིན་ནོ། །ཁྱོད་ཞབས་སྒེག་མོའི་སྟབས་ཀྱིས་བཞུགས། །ཉིད་ཞལ་འཛུམ་གྱི་མངའ་མདངས་གང༌། །གང་གསུང་རྣ་བར་སྙན་ཅིང་འཇེབས། །དབྱངས་ཅན་ལྷ་མོ་མིག་གི་དཔལ། །ཞེས་པ་རིགས་ཀྱི་རང་བཞིན་བརྗོད། །མགྲིན་པའི་ནང་ནས་ཧྲཱིཿསྒྲོགས་ཤིང༌། །མིག་ཟུར་འདེགས་འཇོག་རེ་མོས་ཀྱིས། །དབྱངས་ཅན་ཞལ་སྒོར་རྩེ་འདོད་པས། །མཚན་ནས་འབོད་པའི་དབྱངས་དག་ལེན། །ཞེས་པ་བྱ་བའི་རང་བཞིན་བརྗོད། །དབྱངས་ཅན་ཞལ་གྱི་འཛུམ་ཕྲེང་གིས། །ལུས་ལ་བདེ་བ་རྒྱས་པ་དང༌། །ཡིད་ལ་དགའ་བས་གང་བ་དང༌། །བསྟན་བཅོས་རྩོམ་པ་ཐོགས་མེད་བྱེད། །ཅེས་པ་ཡོན་ཏན་རང་བཞིན་བརྗོད། །སོར་གདུབ་རྒྱན་ཕྲེང་གཡོ་ལྡན་པའི། །ཕྱག་ཉིད་སོར་མོའི་འདེགས་འཇོག་གིས། །དྲི་ཟའི་རྒྱུད་མངས་དང་འགྲོགས་པའི། །སྙན་དངགས་ཕྲེང་བ་སྒྱུར་དེ་འཁྲུངས། །ཞེས་པ་རྫས་ཀྱི་རང་བཞིན་བརྗོད། །ཡང་ན་མཱ་ལི་ཀ་ཕྲེང་ནི། །མགུལ་བར་འཕྱང་ཞིང་ཟླ་བ་ཡི། །འོད་ཟེར་ཅོད་པཎ་རྩེ་ལ་འཛིན། །དྲི་ཟའི་ན་ཆུང་དབུས་ན་མཛེས། །ཇི་ལྟར་ཇི་བཞིན་དེ་འདྲ་སོགས། །ཚིག་གིས་ཟིན་པ་དཔེ་ཡི་རྒྱན། །ཁྱོད་སྐུ་ཟླ་བ་ཇི་བཞིན་དཀར། །ཁྱོད་གསུང་དྲི་ཟའི་དབྱངས་བཞིན་སྙན། །ཉིད་ཐུགས་རྒྱ་མཚོ་ཇི་བཞིན་ཟབ། །ཀུན་མཁྱེན་ཇི་བཞིན་དབྱངས་ཅན་མཁས། །ཞེས་པ་ཆོས་དང་དཔེ་དག་ནི། །མཐུན་ཚུལ་དངོས་སུ་བསྟན་པའི་དཔེ། །ཁྱོད་གསུང་དྲི་ཟའི་དབྱངས་ཇི་བཞིན། །གང་ཐུགས་ཡིད་བཞིན་རྒྱ་མཚོ་བཞིན། །དབྱངས་ཅན་མ་དེ་ཀུན་མཁྱེན་འདྲ། །ཞེས་པ་མཐུན་ཚུལ་ཤུགས་ལ་མཚོན། །ཁྱོད་ཞལ་ཇི་བཞིན་པདྨ་ཡི། །འདབ་ཕྲེང་ཡིད་འོངས་རྣམ་པར་རྒྱས། །ཁྱོད་གསུང་ཇི་བཞིན་དྲི་ཟ་ཡི། །དབྱངས་དེ་རྣམ་པར་འཇེན་ཅིང་གཤིན། །ཞེས་པ་གྲགས་པ་བཟློག་པའི་དཔེ། །ཁྱོད་ཞལ་ཇི་བཞིན་ཟླ་བ་དཀར། །ཟླ་བ་ཇི་བཞིན་ཁྱོད་ཞལ་མཛེས། །ཁྱོད་ཐུགས་ཀུན་ལ་སྙོམས་པ་བཞིན། །ཉིན་མོར་བྱེད་པ་འགྲོ་ཀུན་ལ། །ཞེས་པ་ཕན་ཚུན་བརྗོད་པའི་དཔེ། །ཁྱོད་སྐུའི་དཀར་བ་པདྨ་དང༌། །མཚུངས་ཀྱི་གཞན་ནི་སུ་དང་མིན། །ཐུགས་རྗེའི་འཛུམ་ཟེར་ཟླ་བ་དང༌། །འདྲ་ཡི་གཞན་དང་མཚུངས་པ་མེད། །ཅེས་པ་ངེས་པའི་དཔེར་བརྗོད་དོ། །ཟླ་བ་ལ་ཡང་ཁྱོད་སྐུ་དང༌། །མཚུངས་པའི་དཀར་བསིལ་དེ་ཡོད་དམ། །དྲི་ཟའི་དབྱངས་ལའང་ཁྱོད་གསུང་གི །སྙན་པ་ཡོད་ན་དེ་འདྲའོ། །ཞེས་འདི་ངེས་པ་མེད་པའི་དཔེ། །ཁྱོད་སྐུ་མཛེས་པ་ཁོ་ན་ཡིས། །ཟླ་བའི་དཔེ་ཟླར་བྱས་པ་མིན། །སིམ་ཞིང་རེག་ན་བདེ་བ་དང༌། །ཡིད་ལ་དགའ་བ་སྟེར་བས་ཀྱང༌། །ཞེས་འདི་བསྡུས་པའི་དཔེར་བརྗོད་དོ། །ཁྱོད་ཞལ་ཡིད་འཕྲོག་ཁྱོད་ཉིད་ལ། །ཟླ་བའི་འཛུམ་ཟེར་མཁའ་ཉིད་ལ། །དེ་བས་འདི་གཉིས་ཐ་དད་དེ། །གཞན་མེད་ཅེས་པ་ཕུལ་བྱུང་དཔེ། །འཛུམ་མདངས་སྒེག་པའི་ཉམས་ཀྱིས་ནི། །དབྱངས་ཅན་དཔལ་མོ་སྙེམས་མི་འཚལ། །དཀར་བསིལ་མདངས་གསལ་ནམ་མཁའ་ཡི། །བུ་མོ་ལ་ཡང་ཉམས་འདི་ཡོད། །ཅེས་པ་འདི་ནི་རབ་བརྟགས་དཔེ། །ཡིད་འོངས་གདོང་མཛེས་པདྨ་འགའ། །འདབ་ཕྲེང་རིང་པོའི་སྨིན་ལེགས་དང༌། །གེ་སར་འཛུམ་གྱིས་གཞན་འགུགས་ན། །དབྱངས་ཅན་བཞིན་གྱི་པད་ཕྲེང་འཛིན། །ཞེས་པ་རྨད་དུ་བྱུང་བའི་དཔེ། །རབ་མཛེས་ཁྱོད་ཞལ་ཟླ་བ་ཞེས། །ཡིད་བསྡུས་བྲམ་ཟེས་ཕྱག་ཀྱང་བྱས། །རི་བོང་འཛིན་པའི་མངའ་མདངས་ལ། །ཁྱོད་ཀྱི་ཞལ་དུ་མངོན་པར་བསམ། །ཞེས་པ་འདི་ནི་རྨོངས་པའི་དཔེ། །ཤར་གྱི་རི་བོའི་ཕྲག་པ་ན། །ཟླ་བའི་དཀྱིལ་འཁོར་ཤར་རམ་ཅི། །དབྱངས་ཅན་མགྲིན་པའི་རྒྱལ་མཚན་རྩེར། །ཞལ་མདངས་ཆ་ཤས་རྫོགས་སམ་ཅི། །ཞེས་པ་འདི་ནི་ཐེ་ཚོམ་དཔེ། །ཉི་མ་འབུམ་གྱི་ཟེར་འཕྲོག་ཅིང༌། །ཡིད་ཀྱི་ཤིང་རྟ་གཡོ་ལྡན་པའི། །ཁྱོད་ཞལ་ངོ་མཚར་ཉིན་བྱེད་ཀྱིས། །ཕམ་བྱེད་ཟླ་བ་ག་ལ་ཡིན། །ཞེས་པ་ཐེ་ཚོམ་བཟློག་པའི་དཔེ། །པདྨའི་ལྟེ་བར་གནས་པ་དང༌། །ཟླ་བའི་ཅོད་པཎ་མཛེས་པ་དང༌། །རྟག་ཏུ་རིག་བྱེད་འདོན་མཁས་པས། །ཁྱོད་ནི་ཁྱོད་ཀྱི་ཡབ་དང་མཚུངས། །ཞེས་པ་སྦྱར་བའི་དཔེར་བརྗོད་དོ། །བཞིན་གྱི་ཕྲེང་བ་སྤེལ་ལེགས་ཤིང༌། །རེག་འཇམ་དྲི་ཞིམ་འཐུལ་བ་དང༌། །རྟག་ཏུ་འདོད་པས་མྱོས་བྱེད་པའི། །ལྡུམ་རའི་ཨུཏྤལ་བུ་མོ་བཞིན། །ཞེས་པ་འདི་ནི་མཉམ་ཉིད་དཔེ། །ལང་ཚོའི་ཡར་ངོ་མི་ཉམས་ཤིང༌། །ཉིན་ཡང་འོད་དཀར་འཕྲོ་མཁས་མ། །ཁྱོད་ཀྱི་ཞལ་ནི་ཟླ་བ་དང༌། །མཚུངས་པ་བས་ཀྱང་ཆེས་ཆེར་ལྷག །ཅེས་པ་སྨད་པའི་དཔེ་ཡིན་ནོ། །པད་དཀར་ཕྲེང་བ་འདོད་ལྡན་མ། །ཀུན་གྱི་ཟུར་ཕུད་རྩེ་ལ་འཛེགས། །ཟླ་འོད་བདེ་བྱུང་རལ་པ་ཡི། །པདྨའི་རྒྱ་མཚོར་རྟག་པར་གནས། །དེ་ཕྱིར་ཁྱོད་ཞལ་པད་དཀར་དང༌། །ཟླ་བའི་འོད་དང་མཚུངས་སོ་ཞེས། །བརྗོད་པ་བསྔགས་པའི་དཔེ་ཡིན་ནོ། །མཚུངས་པ་དང་ནི་མི་མཚུངས་པའི། །ཆ་ཤས་རྣམ་པ་མང་གྱུར་ཀྱང༌། །ཁྱོད་ཞལ་ཟླ་བ་མཚུངས་སོ་ཞེས། །བརྗོད་འདོད་སྙན་དངགས་མཁན་གྱི་བློ། །ཁྱོད་ཞལ་ཟླ་བའི་མཛེས་པ་འཕྲོག །ཟླ་བས་པདྨའི་བཞིན་རས་སྡུད། །འདབ་བརྒྱ་པ་དང་སྟོན་ཟླ་དང༌། །ཁྱོད་ཞལ་གསུམ་པོ་འགལ་བར་ངེས། །ཞེས་པ་འགལ་བའི་དཔེར་བརྗོད་དོ། །ཡིད་ལ་ནམ་ཡང་མི་འཇུག་ཅིང༌། །ལན་བརྒྱར་གསལ་ཡང་སྙན་དངགས་ཀྱི། །ཨུཏྤལ་ཕྲེང་བ་མི་སྟེར་བ། །མཚན་མོའི་བུ་མོས་དབྱངས་ཅན་ལ། །འགྲན་པའི་གོ་སྐབས་ག་ལ་མཆིས། །ཞེས་པ་དགག་པའི་དཔེ་ཉིད་དོ། །ཁྱོད་ཀྱི་ཞལ་ནས་ཨུཏྤལ་གྱི། །དྲི་བསུང་འདྲ་བ་ཁོ་ན་བྲོ། །ཨུཏྤལ་ལ་ནི་ཨུཏྤལ་གྱི། །དྲི་ཉིད་མནམ་མོད་ཁྱོད་རང་ལྷག །ཅེས་པ་ངོ་བསྟོད་དཔེ་ཉིད་དོ། །ཁྱོད་ཞལ་ཉིད་ཡིན་པད་དཀར་མིན། །མཚེམས་དཀར་གཞོན་ནུ་གེ་སར་མིན། །འཕྲུལ་ལྡན་སྤྱན་ཟུང་བུང་བ་མིན། །ཞལ་གྱི་བཅུད་གང་སྦྲང་རྩི་མིན། །ཞེས་པ་དེ་ཉིད་བརྗོད་པའི་དཔེ། །ཟླ་བས་པདྨའི་མཛེས་པ་འཕྲོག །ཟླ་བཞིན་མ་དེས་ཟླ་བ་ཡི། །ཁེངས་པ་འཕྲོག་བྱེད་ཁྱོད་ཞལ་གྱི། །ཁྱོད་རང་ཉིད་དང་མཚུངས་པ་ཡིན། །ཞེས་པ་ཐུན་མོང་མིན་པའི་དཔེ། །གསུམ་རྩེན་པད་མོའི་མཛེས་སྡུག་ཀུན། །གཅིག་ཏུ་བྱས་པའི་ཡིད་འཛིན་ནམ། །ལྷ་མིན་བུ་མོའི་མཛེས་སྡུག་ནི། །གཅིག་ཏུ་བྱས་པ་དབྱངས་ཅན་ཞལ། །ཞེས་པ་བྱུང་མིན་དཔེ་ཡིན་ནོ། །ཆུ་ཤེལ་ལས་ནི་མེ་ལྕེ་དང༌། །ལྷ་མིན་དཔལ་ལས་བདུད་རྩི་དང༌། །མི་མཁས་རྣམས་ལས་ལེགས་བཤད་ལྟར། །དབྱངས་ཅན་ཞལ་སྒོར་མི་སྙན་གསུང༌། །ཞེས་པ་སྲིད་པ་མིན་པའི་དཔེ། །ཆུ་གཏེར་ལས་ནི་ཆུ་ཀླུང་དང༌། །ཙནྡན་ལས་ནི་བསིལ་བ་དང༌། །ཉི་མའི་ཁོ་ནས་འོད་ཟེར་ལྟར། །དབྱངས་ཅན་ཞལ་ནས་ངོ་མཚར་གཏམ། །ཞེས་པ་ཁྱད་པར་མང་བའི་དཔེ། །དབྱངས་ཅན་ལེགས་བཤད་ཆུ་གཏེར་གྱི། །མགྲིན་པའི་མཛོད་ནས་ཕྱུང་བ་བཞིན། །བཞིན་མཛེས་ཟླ་བ་འགྲམ་པ་དང༌། །པདྨའི་ཁོང་ནས་བཏོན་པ་བཞིན། །ཞེས་པ་འདི་ནི་རྣམ་འགྱུར་དཔེ། །འོད་དཀར་ཕྲེང་བས་ཟླ་བའི་གདོང༌། །ཟླ་བས་བདེ་འབྱུང་ཐོར་ཅོག་རྩེ། །དེ་ཡིས་དྲག་པོ་བརྗིད་ཆགས་བཞིན། །ལེགས་བཤད་གཏམ་གྱིས་དབྱངས་ཅན་གསུང༌། །གསུང་དེ་ལྷ་མོའི་ཞལ་གྱི་སྒོ། །ཞལ་དེས་སྲིད་པ་གསུམ་མནན་པའི། །ཕུན་ཚོགས་དེ་ནི་ཁྱོད་ལ་མངའ། །ཞེས་པ་དེ་ནི་ཕྲེང་བའི་དཔེ། །ཁྱོད་ཞལ་མགྲིན་པ་དུལ་གུག་ཅིང༌། །མཚེམས་ཀྱི་ཕྲེང་བ་དཀར་ལྡན་ནང༌། །བུང་བ་གཡོ་ལྡན་འདབ་བརྒྱའི་ཕྲེང༌། །གེ་སར་འཛུམ་གྱིས་མཚོན་པ་བཞིན། །ལུས་ཕྲ་པདྨའི་འཆུ་བ་བཞིན། །གདོང་མཛེས་པདྨའི་བཞིན་རས་བཞིན། །བུང་བ་ཇི་བཞིན་ཁོ་བོའི་མིག །ཁྱོད་ཞལ་བདུད་རྩི་འཐུང་ཞིང་རྩེ། །ཞེས་པ་ངག་དོན་ཉེར་འཇལ་དེས། །བཞིན་སྒྲ་གཅིག་དང་མང་པོ་གཉིས། །གོ་རིམ་བཞིན་དུ་བསྟན་དེའོ། །སྙན་དངགས་ཤེས་པ་མང་མོད་ཀྱང༌། །དབྱངས་ཅན་ཁྱོད་འདྲ་གཉིས་པ་མེད། །རྣམ་རྒྱལ་ཁང་བཟངས་ཁྲི་ལ་ནི། །བརྒྱ་བྱིན་གཉིས་པ་ཡོད་དམ་ཅི། །ཞེས་པ་ཟླ་བོའི་དངོས་པོའི་དཔེ། །གཞུ་རྒྱལ་དགྲ་བོས་གསུམ་རྩེན་ཡུལ། །ས་སྐྱོང་འཛིན་མའི་ཁྱོན་འདི་བསྡུད། །དེ་ནས་དེ་ཡི་སྦྱིན་སྐྱེས་དང༌། །མི་བསྲུན་དཔུང་གི་ཚོགས་རྣམས་འཇོམས། །ཞེས་པ་མཚུངས་པར་སྦྱར་བའི་དཔེ། །དབྱངས་ཅན་ཁྱོད་མཛེས་ཟླ་བའི་རྗེས་སུ་སྙེག །ལེགས་བཤད་བརྗིད་ཀྱིས་ཉི་མའི་དཔལ་དང་འགྲོགས། །བརྟན་ཞིང་རབ་བརླིང་རྒྱ་མཚོའི་རྗེས་སུ་འཇུག །རིག་བྱེད་གཏམ་གྱིས་ཕོངས་པ་སེལ་བརྩོན་མ། །ཞེས་པ་རྒྱུ་མཚན་བཀོད་པའི་དཔེ། །རང་བཞིན་བརྗོད་པ་རྣམ་པ་བཞི། །དཔེ་རྒྱན་སུམ་ཅུ་རྩ་གཉིས་པོས། །དབྱངས་ཅན་ཞབས་ལ་བསྟོད་བྱས་པས། །དབྱངས་ཅན་ཇི་བཞིན་ཀུན་གྱི་ནི། །ཡི་ཁར་འོང་ཞིང་སྙན་དངགས་ལ། །ཐོགས་མེད་སྤོབས་པ་རབ་ཐོབ་ནས། །མཁས་རྣམས་དགའ་བ་སྐྱེད་བྱེད་ཤོག །རང་བཞིན་རིགས་ཀྱི་བྱིན་ཆགས་ཤིང༌། །ཡོན་ཏན་རྒྱན་གྱིས་རྣམ་པར་སྒེག །རྫས་ཀྱི་སྐྱེ་མཆེད་ངོ་མཚར་ཅན། །མཛད་པའི་ངང་ཚུལ་བཟང་མོ་ཅན། །རང་བཞིན་ལྷ་མོ་དབྱངས་ཅན་མ། །དཔེ་བརྗོད་རྒྱུད་ཕྲེང་སོ་གཉིས་པོ། །མགྲིན་པའི་ངོས་ལ་བརྟེན་བཞིན་དུ། །སོར་གདུབ་རྒྱན་ཕྲེང་གིས་སྤུད་པའི། །ཡིད་འོང་སོར་མོའི་ཉམས་ཀྱིས་ནི། །སྙན་དངགས་ཏམ་བུ་ར་སྒྱུར་མ། །ཁྱོད་ཀྱི་ཞལ་སྒོའི་སྦྲང་རྩི་ནི། །མི་མཐུང་འདོད་ལྡན་སུ་ཞིག་ཡོད། །དེ་ནས་གཟུགས་ཅན་རྒྱན་བཤད་པ། །དཔེ་དོན་ཐ་དད་མ་ཕྱེ་བར། །ཆོས་གང་དཔེ་ཡི་ངོ་བོར་ནི། །བཀོད་པ་གཟུགས་ཅན་རྒྱན་ཅེས་བྱ། །ཁྱོད་སྐུ་ལྷུན་པོ་གང་གསུང་ཚངས་པའི་དབྱངས། །ཉིད་ཐུགས་རྒྱ་མཚོ་ཡིད་འོངས་པདྨོའི་ཚལ། །ཕྲིན་ལས་ནམ་མཁའ་མཐུ་ཆེན་སྟོབས་ཀྱི་དགྲ། །ཐུབ་པ་སེང་གེ་སྙན་གྲགས་གདུགས་དཀར་ཅན། །ཞེས་པ་གཅིག་བསྡུས་གཟུགས་ཅན་ནོ། །ཁྱོད་ཞལ་ལྷུན་པོའི་ཞལ་སྒོར་ཉེར་འཁྱུད་པའི། །གང་གསུང་ཚངས་པའི་བུ་མོ་དལ་འགྲོ་མ། །ཉིད་ཐུགས་རྒྱ་མཚོའི་དཔལ་དང་འགྲོགས་པ་ནི། །ཡོན་ཏན་རིན་ཆེན་མང་དུ་བསྐྲུན་པར་ངེས། །ཞེས་པ་རྣམ་དབྱེ་དྲུག་པ་ཡིས། །ཐ་དད་ཕྱེ་བའི་གཟུགས་ཅན་ནོ། །ཁྱོད་སྐུ་ཉི་མ་གསུང་ནི་ཀུན་ལ་འཕྲོ། །ཉིད་གསུང་ཟླ་བ་སྙན་པའི་འོད་དཀར་ཅན། །གང་ཐུགས་རྒྱ་མཚོ་ཐུགས་རྗེའི་ཆུ་བོས་བསྐོར། །ཡོན་ཏན་པདྨ་གྲགས་པའི་འདབ་བརྒྱ་པ། །ཞེས་པ་བསྡུས་ཤིང་མ་བསྡུས་པའོ། །ཁྱོད་གསུང་ངང་མོ་ཟུང་གཅིག་ནི། །སྙན་གྲགས་པདྨའི་ཕྲེང་བ་བཅས། །བདེ་འབྱུང་རལ་པའི་ཆུ་གཏེར་གྱི། །ཀུན་དགའི་ཕྲེང་མཛེས་ཡིད་འོང་བ། །ཞེས་པ་མཐའ་དག་གཟུགས་ཅན་ནོ། །ཐུབ་དབང་ཞལ་གྱི་དྲི་བསུང་ནི། །སྙན་གྲགས་དྲི་བཞོན་གྱིས་ཁྱེར་བས། །ཕྱོགས་བརྒྱའི་བུང་བ་ཀུན་བསྡུས་ནས། །པད་མའི་བཅུད་གང་འཐུང་ཞིང་རྩེ། །འདི་ནི་ཆ་ཤས་གཟུགས་ཅན་ནོ། །ཐུབ་པ་ཁྱོད་ཞལ་ཉི་མ་ནི། །མཐོན་པོའི་གོ་འཕང་རབ་བཟུང་ནས། །འཇིག་རྟེན་གསུམ་པོ་ཀུན་གཟིགས་པ། །འདིས་ནི་ཐུགས་རྗེའི་གནས་སྐབས་གསལ། །ཞེས་པ་ཆ་ཤས་ཅན་གཟུགས་ཅན། །བཅོམ་ལྡན་དགྱེས་པའི་ཕྱག་གཡས་བརྐྱང༌། །སྤྱན་ཟུར་པད་དཀར་ཕྱོགས་བརྒྱར་གཡོ། །ཞི་ཞིང་དུལ་བའི་ཞབས་སྟབས་ཀྱིས། །འགྲོ་ཀུན་ཞི་བའི་ངང་དུ་མཛད། །ཅེས་པ་ཡན་ལག་ཅན་གཟུགས་ཅན། །དེ་ཡིས་ཡན་ལག་གཉིས་སོགས་མཚོན། །ཁྱོད་ཞལ་འཛུམ་གྱི་ཨུཏྤལ་ཕྲེང༌། །ལེགས་བཤད་མགྲིན་པའི་དར་དིར་ནི། །སྤྱན་ཟུང་བུང་བའི་འཕུར་ལྡིང་དང༌། །ལྷན་ཅིག་རྒྱུ་བ་འདི་ཡ་མཚན། །ཞེས་པ་ལྡན་པའི་གཟུགས་ཅན་ནོ། །རྒྱལ་བ་ཁྱོད་ཞལ་ཉི་མ་ནི། །འཛུམ་ཟེར་ཟླ་རིས་འབུམ་ཕྲག་དང༌། །སྤྱན་ཟུར་ཀུ་མུད་གཡོ་ལྡན་པས། །འགྲོ་བ་ཀུན་ལ་རྟག་པར་གཟིགས། །ཞེས་འདི་ལྡན་མིན་གཟུགས་ཅན་ནོ། །རྒྱལ་བ་ཁྱོད་ཞལ་ཟླ་བ་ནི། །སྨིན་ལེགས་རི་བོང་མཛེས་གྱུར་ཅིང༌། །མཆུ་སྒྲོས་བིམ་པའི་ཚོན་རིས་ཀྱིས། །ཡིད་ཀྱི་སྲུབས་ཤིང་ལྷག་པར་རྒྱས། །ཞེས་པ་མི་མཉམ་པའི་གཟུགས་ཅན། །ཡན་ལག་ཅན་ལ་གཟུགས་བཀོད་ཅིང༌། །ཡན་ལག་ལ་ལར་གཟུགས་བཀོད་ལ། །ལ་ལར་གཟུགས་མ་བཀོད་པ་སོགས། །ཞབས་ཟུང་ནོར་བུ་འབར་བའི་ཏོག །བདེ་འབྱུང་རལ་པའི་གོས་འཆང་བ། །བརྒྱ་བྱིན་གཙུག་ཏུ་འཕོས་པ་ན། །རྣམ་རྒྱལ་ལྷ་ཡི་རྒྱལ་མཚན་གཡོ། །སྨིན་ལེགས་དྲུག་ལྡན་ཁྱབ་འཇུག་གི །རྐང་པའི་གོས་ཀྱི་རྩེར་མཆོད་པས། །ཁྲུང་ཁྲུང་དོགས་མེད་རི་ཁྲོད་མའི། །དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག །ཅེས་པ་རྒྱལ་མཚན་ཏོག་གི་ནི། །ཁྱད་པར་རྐང་པ་ལ་བཀོད་པ། །དེ་ཕྱིར་ཁྱད་པར་དང་བཅས་པའི། །གཟུགས་ཅན་དཔེར་བརྗོད་ཉམས་དགའ་བ། །ཤར་རིའི་ཕྲག་པ་མི་འགོང་ཞིང༌། །ནུབ་ཀྱི་རི་བོ་མི་གནོན་ལ། །ཞེ་སྡང་ཀུ་མུད་ཟུམ་བྱེད་པའི། །ཁྱོད་ཞལ་ཟླ་བ་འདི་ངོ་མཚར། །ཞེས་པ་འགལ་བའི་གཟུགས་ཅན་ནོ། །དབུ་དཔངས་མཐོ་བས་ལྷུན་པོ་དེར། །མཁྱེན་ཡངས་ཟབ་པ་རྒྱ་མཚོའི་ཀློང༌། །འཇིག་རྟེན་གསུམ་གྱི་རེ་བ་ནི། །སྐོང་ཕྱིར་ཡིད་བཞིན་རིན་ཆེན་ནོ། །ཞེས་པ་རྒྱུ་ཡི་གཟུགས་ཅན་ནོ། །བཅོམ་ལྡན་ཁྱོད་དྲུང་པད་མཚོར་ནི། །ངང་པའི་སྡེ་དཔོན་ལྡིང་བར་འོས། །དབྱངས་ཅན་བུང་བ་སྟོང་ཕྲག་གི །ཀུན་དགའི་དཔལ་དུ་དེ་འགྱུར་རོ། །ཞེས་པ་སྦྱར་བའི་གཟུགས་ཅན་ནོ། །བརྒྱ་བྱིན་ཐོད་ཀྱི་ཕྲག་པ་ལ། །རབ་ཞོན་སེན་མོའི་དམར་འོད་ནི། །འཆར་ཁའི་ཚོན་གྱིས་རབ་འཁྱུད་པའི། །ཉི་མའི་མདངས་ལ་འགྲན་པར་ངེས། །ཞེས་པ་མཐུན་པའི་གཟུགས་ཅན་ནོ། །པདྨའི་མཛའ་བོ་རྟ་བདུན་ཞོན། །ཉིད་ཞལ་ལྷ་བརྒྱའི་རལ་པ་ལ། །ཉིན་བྱེད་ནུབ་རིའི་ཕྲེང་བ་ཉལ། །ཁྱོད་ཞབས་གཟིམས་པ་ག་ལ་མངའ། །ཞེས་པ་བཟློག་པའི་གཟུགས་ཅན་ནོ། །ཁྱོད་ཀྱི་ཞབས་སེན་ཉི་མ་ནི། །ལྷ་བརྒྱའི་གཙུག་ན་སིལ་ཡབ་མཁན། །འཁོར་བའི་མེ་ཆེན་ཞི་མཛད་པས། །ཉི་མའི་དངོས་པོ་མིན་པར་ངེས། །ཞེས་པ་འགོག་པའི་གཟུགས་ཅན་ནོ། །ཁྱེད་ཀྱི་མཁྱེན་བརྩེའི་ཞུགས་གཅིག་གིས། །བདག་བློའི་དྲི་མ་ཀུན་འཁྲུད་པ། །མཁྱེན་བརྩེའི་སྐྱོན་ནམ་བདག་བློ་ཡི། །ཉེས་པའི་ཡོན་ཏན་ལས་མ་འདས། །ཞེས་པ་མཉམ་འཇོག་གཟུགས་ཅན་ནོ། །ཁྱོད་ཞབས་པདྨའི་དཔག་བསམ་ལ། །མིག་གི་བུང་བ་འཁྲིལ་ཤིང་ནི། །རྒྱང་ནས་འཕུར་ཞིང་འཁྲིལ་བ་འདི། །བུང་བ་གཞོན་ནུའི་སྒེག་འཆང་མ། །ཞེས་པ་གཟུགས་ཅན་གྱི་གཟུགས་ཅན། །ཁྱོད་ཞལ་མ་ལགས་འཛུམ་གྱི་ཨུཏྤལ་སྟེང༌། །ཁྱོད་གསུང་མ་ལགས་མེས་པོའི་དབྱངས་ཀྱི་རྔ། །ཁྱོད་ཐུགས་མ་ལགས་བདུད་རྩིའི་རྒྱ་མཚོར་ངེས། །ཁྱོད་མཐུ་མ་ལགས་བྱེད་པོ་སྐྱེངས་བྱེད་ཡིན། །ཞེས་པ་སྨྱོན་དོར་གཟུགས་ཅན་ནོ། །གཟུགས་ཅན་ཉི་ཤུའི་ཁྲི་སྟེང་ན། །སྙན་དངགས་ཉམས་ཀྱི་མདངས་གསལ་བའི། །རྟག་ཏུ་དམ་པའི་ཆོས་གསུང་བ། །ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །རིགས་དང་བྱ་བ་ཡོན་ཏན་དང༌། །རྫས་ཚིག་གཅིག་ན་གནས་པ་ཡིས། །གལ་ཏེ་ངག་ཀུན་ལ་ཕན་ན། །གསལ་བྱེད་རྒྱན་དུ་བཤད་པ་ཡིན། །དམ་ཆོས་བདུད་རྩིའི་རྒྱུན་གཅིག་གིས། །སྡུག་བསྔལ་ཚད་པ་ཀུན་བསིལ་བྱེད། །ཞེ་སྡང་སྲེག་ཟའི་ཚོགས་ཆེན་དང༌། །ཆགས་པའི་མེ་ཆེན་འབར་བ་ཡང༌། །མི་ཤེས་བྱིན་ཟའི་དཔུང་བཅས་ལས། །སྒྲོལ་ལོ་འགྲོ་བ་མ་ལུས་པ། །སྡུག་བསྔལ་ཆུ་གཏེར་བཞི་པོ་ལས། །ཞི་བར་ཞུགས་རྣམས་རང་དོན་གྱི། །དགོན་པའི་ནགས་ཚལ་སྟུག་པོ་ལས། །རྒྱལ་ལོ་ཁྱོད་ཀྱི་བློ་གྲོས་ནི། །མཐའ་མེད་ཤེས་བྱའི་ཕྱོགས་རྣམས་དང༌། །མ་རུང་བདུད་སྡེ་བཞི་པོ་དང༌། །དམན་པའི་ས་གཉིས་དག་ལས་ཀྱང༌། །རྒྱལ་བས་མི་ཤེས་མུན་པའི་ཚོགས། །གང་དུ་བཞག་ཅིང་སྟོབས་སོགས་ཀྱི། །ཡིད་འོངས་ཆོས་རྣམས་གང་ནས་བླངས། །ཡོན་ཏན་རྣམས་ལ་སྐྱོན་བཙལ་ལམ། །ཞེས་པ་རིགས་དང་བྱ་བ་དང༌། །ཡོན་ཏན་དང་ནི་རྫས་བརྗོད་པའི། །ཐོག་མའི་གསལ་བྱེད་ཡིན་ནོ་ཀྱེ། །བྱ་རྒོད་སྤུངས་པའི་སྐྱེད་ཚལ་དུ། །ཆོས་ཀྱི་རྔ་དབྱངས་ལེན་པ་དང༌། །ལྷ་ཡུལ་འོག་མིན་ཉམས་དགའ་བར། །ཐེག་ཆེན་ཆོས་ཀྱི་རྔ་བརྡུང་བའི། །རྒྱལ་བ་ཁྱོད་ནི་གྲོང་དུའང་གཤེགས། །ཞེས་པ་རིགས་ཀྱི་གསལ་བྱེད་ནི། །བར་ན་ཡོད་པ་ཞེས་བྱའོ། །འབྱོར་ལྡན་ཁྱོད་ཀྱི་བདེ་བ་དང༌། །གཞན་གྱི་སྡུག་བསྔལ་བརྗེ་བར་མཛད། །ཕོངས་རྣམས་རང་གི་ནོར་མིན་དང༌། །གཞན་ནོར་ཁྱད་པར་ཅན་རྣམས་སོ། །ཞེས་པ་བྱ་བའི་གསལ་བྱེད་ནི། །བར་ན་ཡོད་པ་ཞེས་བྱའོ། །ཕ་རོལ་མི་བསྲུན་དགྲ་བོ་ཡིས། །ཁྲོས་དང་ཆགས་པའི་མཚོན་ཆ་དང༌། །ཕྲག་དོག་དཔུང་ཚོགས་ཡན་ལག་བཞི། །རྒྱལ་བ་ཁྱོད་ཀྱི་ཐུགས་རྗེའི་དཔུང༌། །ཞེས་པ་རིགས་ཀྱི་གསལ་བྱེད་ནི། །མཐའ་ན་ཡོད་པ་ཞེས་བྱའོ། །ཁྱོད་ཀྱིས་བྱང་ཆུབ་བརྙེས་པ་དང༌། །མེ་ཏོག་གཞུ་ཅན་ཉལ་བ་དང༌། །ཞབས་སེན་མེས་པོའི་སྤྱི་གཙུག་ཏུ། །བླངས་པ་གསུམ་པོ་མཉམ་དུ་བྱུང༌། །ཞེས་པ་བྱ་བའི་གསལ་བྱེད་ནི། །མཐའ་ན་ཡོད་པ་ཞེས་བྱའོ། །འཕེལ་བར་མཛད་དོ་བཅོམ་ལྡན་གྱིས། །བསྟན་པའོ་དེས་ཀྱང་བསྟན་འཛིན་ནོ། །དེ་ཡིས་ཕན་དང་བདེ་བ་དང༌། །དེས་ཀྱང་མཐོ་རིས་བྱང་གྲོལ་ལོ། །ཞེས་པ་ཕྲེང་བའི་གསལ་བྱེད་ཡིན། །རྒྱལ་བ་ཁྱོད་ཀྱི་ཕྲིན་ལས་ཀྱིས། །འདོད་ལྷའི་ཡིད་ཀྱི་བུད་ཤིང་བསྲེག །གཞན་གྱི་སྡུག་བསྔལ་དྲི་མ་འཁྲུད། །ཆོས་ཀྱི་རྔ་དབྱངས་གཅིག་གིས་ཀྱང༌། །མེ་ཏོག་གཞུ་ཅན་ཡིད་དང་ནི། །གཞན་གྱི་ཡིད་ལ་མྱོས་པ་དང༌། །སངས་པ་གཉིས་པོ་སྤེལ་བར་བྱ། །ཞེས་པ་བྱེད་པོ་ལས་གཅིག་གིས། །བྱ་བ་འགལ་བ་གཉིས་མཚོན་པ། །འགལ་བའི་དོན་གྱི་གསལ་བྱེད་དོ། །མཁྱེན་པའི་ཉི་མ་གཅིག་ཤར་བས། །རྨོངས་པའི་མུན་ཆེན་བསལ་བ་དང༌། །བདུད་སྡེའི་བྱ་རྣམས་ལོང་བ་དང༌། །ཕན་བདེའི་པདྨོ་རྒྱས་པར་བྱས། །ཞེས་པ་དོན་གཅིག་གསལ་བའི་དཔེ། །སྟོང་གསུམ་ཞིང་ལ་དབང་སྒྱུར་ཞིང༌། །ལྷ་རྣམས་ཀུན་གྱིས་ཕྱག་བྱས་པ། །ཐུབ་པ་རྒྱལ་བྱེད་ཚལ་ན་སྟེ། །ཚངས་པ་ཚངས་པའི་འཇིག་རྟེན་ན། །ཞེས་པ་སྦྱར་བའི་གསལ་བྱེད་དོ། །སྙན་དངགས་ཉམས་ཀྱི་ཁྲིར་བཞུགས་ནས། །གསལ་བྱེད་དྲུག་གི་ལང་ཚོ་ཅན། །བཅོམ་ལྡན་ཚིག་རྒྱན་མཁན་ཁྱོད་ལ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །གསལ་བྱེད་ཀྱི་ནི་གནས་ཉིད་དུ། །དོན་བསྐོར་བ་དང་ཚིག་བསྐོར་དང༌། །གཉིས་ཀ་བསྐོར་བ་ཞེས་བྱ་ཡི། །རྒྱན་གྱི་ཕྲེང་བ་གསུམ་དུ་འདོད། །ས་སྐྱོང་རྒྱལ་པོ་མངོན་པར་མཐོ། །ཕྱུག་པོ་རྣམས་ནི་མང་པོས་བཀུར། །མཁས་པ་རྣམས་ནི་ཀུན་ལས་འཕགས། །གཡུལ་ངོར་དཔའ་བ་གཞན་ལས་རྒྱལ། །ཞེས་པ་ཁྱད་གཞི་སོ་སོ་ལ། །ཁྱད་ཆོས་དོན་གཅིག་རྣམ་གྲངས་པ། །སྦྱར་བ་དོན་རྣམས་བསྐོར་བའི་རྒྱན། །ལུས་མེད་ཀྱིས་འཕངས་མེ་ཏོག་མདས། །ལང་ཚོ་ཅན་གྱི་ཡིད་གཡོ་བྱེད། །མཁས་པའི་ལེགས་བཤད་མདའ་གཅིག་གིས། །བློ་གསལ་མང་པོའི་ཡིད་རབ་གཡོ། །ཞེས་པ་ཁྱད་གཞི་སོ་སོ་ལ། །ཁྱད་ཆོས་ཚིག་གཅིག་སྦྱར་བས་ན། །ཚིག་གིས་བསྐོར་བ་ཅན་ཞེས་བྱ། །ཐུགས་ཀྱི་རྒྱ་མཚོ་སྙིང་རྗེ་ཡི། །ཆུ་བོ་གཅིག་པོས་རྟག་ཏུ་འདུད། །མཁྱེན་པའི་ཆུ་གཏེར་ལེགས་བཤད་ཀྱི། །ཆུ་བོ་བཞི་པོས་རྟག་ཏུ་ཁེངས། །ལུས་མེད་ཞགས་པས་མ་བཅིངས་ཀྱང༌། །ལུས་ཅན་ཀུན་ལ་ལྷག་པར་ཆགས། །མེ་ཏོག་གཞུ་ཅན་ལས་རྒྱལ་ཡང༌། །ལང་ཚོ་ཅན་ལ་རྟག་པར་བརྩེ། །ཞེས་པ་ཚིག་དང་དོན་གཉིས་ཀ །སྦྱར་བའི་དཔེ་ཞེས་མཁས་ལ་གྲགས། །དགག་བྱ་འགོག་པའི་རྒྱན་ཞེས་པའི། །རྣམ་པར་དབྱེ་བ་དེ་བཤད་བྱ། །ཐུགས་རྗེའི་ལྕགས་ཀྱུ་གཅིག་གིས་ཀྱང༌། །ཀུན་གྱི་བླ་ནས་བཟུང་ངོ་ཞེས། །སྔོན་ཆད་གྲགས་པ་དེ་མི་སྲིད། །འོན་ཀྱང་ནུས་པ་བསམ་མི་ཁྱབ། །ཅེས་པ་འདས་པ་འགོག་པའི་དཔེ། །བཅོམ་ལྡན་ལྷ་ཡི་རྔ་དབྱངས་ཀྱིས། །དམ་ཆོས་འཆད་པའི་ངལ་བས་ཅི། །ཁྱོད་ཞལ་མཐོང་བའི་མོད་ཉིད་ནས། །ཁྲོ་དང་ཆགས་པའི་འཆིང་ལས་གྲོལ། །ཞེས་པ་ད་ལྟར་འགོག་པའི་དཔེ། །བཅོམ་ལྡན་ཆོས་དབྱིངས་ཞི་བའི་ནགས། །རབ་ཏུ་དབེན་པ་དེར་གཟིམས་ནས། །འགྲོ་འདི་ཡལ་བར་དོར་གྱི་དོགས། །ཐུགས་རྗེའི་སྤྱན་གྱིས་རིང་གཟིགས་ཤིག །ཅེས་པ་མ་འོངས་འགོག་པའི་རྒྱན། །རྒྱལ་བ་ཁྱོད་ལ་འགྲོ་བ་ཀུན། །ཆགས་པའི་ཞལ་མཛེས་མངའ་བ་རྫུན། །བདེན་ན་ཡིད་ཀྱི་སྲུབ་ཤིང་ནི། །ཁྱོད་ཀྱི་ཞལ་ལ་སྡང་བ་ཅི། །ཞེས་པ་ཁྱད་ཆོས་འགོག་པའི་དཔེ། །ཉིན་མོར་བྱེད་པའི་འོད་ཙམ་དང༌། །ལང་ཚོ་ཅན་གྱི་མཛེས་སྡུག་བཞིན། །རྒྱལ་བ་ཁྱོད་ཀྱི་མཚན་དཔེ་ཙམ། །མཐོང་གི་ཉིད་སྐུ་དངོས་སུ་མིན། །ཞེས་པའམ་ཡང་ན་འདི་ལྟ་སྟེ། །སུམ་རྩེན་མཛེས་སྡུག་རི་མོ་ནི། །ཁྱོད་ཞལ་མེ་ལོང་ལ་འཕོས་པའི། །སྒྲིབ་བྱེད་གསར་པ་འདིས་བསྒྲིབས་ནས། །ཉིད་ཞལ་གང་ཡིན་མཐོང་མ་ནུས། །ཞེས་པ་ཆོས་ཅན་འགོག་པའི་རྒྱན། །བརྩེ་ཆེན་ཁྱོད་ཐུགས་འཁྲུགས་པ་ཡི། །ཆུ་འཛིན་གསར་པའི་རླབས་འཕྲོ་ཞིང༌། །སྐྱོན་ཞལ་འབྲུག་གི་སྒྲ་སྒྲོགས་ཀྱང༌། །ཉེས་པ་མེད་པས་བདག་མི་འཇིགས། །ཞེས་པའམ་ཡང་ན་འདི་ལྟ་སྟེ། །ཞལ་མདངས་གསལ་བར་མི་སྟོན་ཅིང༌། །འཇམ་པའི་ཕྱག་རིང་མི་རྐྱོང་ཡང༌། །ཁྱོད་ལ་ཁྲོ་བ་མི་མངའ་བའི། །རྒྱུ་དེས་ཁོ་བོ་འདིར་མི་སྙེམས། །ཞེས་པ་རྒྱུ་འགོག་པ་ཡི་དཔེ། །བཅོམ་ལྡན་ཞི་བའི་རྒྱ་མཚོར་བཞུད། །ནགས་ཀྱི་ཁུ་བྱུག་སྐྱོ་དབྱངས་ལེན། །སྟོན་གྱི་སིར་བུ་ངད་ལྡང་ཡང༌། །ལྷ་ཡུལ་དབེན་པར་མི་འགྲོ་ཅི། །ཞེས་པ་འབྲས་བུ་འགོག་པའི་རྒྱན། །མགོན་ཁྱོད་ཆོས་དབྱིངས་མཛེས་མ་ཡི། །ནགས་དེར་གཤེགས་ན་མྱུར་དུ་གཤེགས། །བདག་ཅག་མཐར་བྱེད་བདག་པོ་ཡི། །གྲོང་དེ་ཁྱོད་ལ་རྗེས་མི་ཆགས། །ཞེས་པ་རྗེས་གནང་འགོག་པའོ། །ཁྱོད་སྐུ་འོག་མིན་ཕོ་བྲང་དེར། །མྱུར་བར་གཤེགས་ན་ཟག་མེད་ཀྱི། །བདེ་བ་མཆོག་དེར་དགྱེས་པར་རོལ། །བདག་ཅག་འཁོར་བའི་རྒྱ་མཚོར་དགའ། །ཞེས་པ་དབང་གིས་འགོག་པའོ། །འགྲོ་ཀུན་བདེ་བ་དགེ་ཡིན་ཏེ། །མགོན་གཅིག་བདེ་བ་དགེ་མ་ཡིན། །རྒྱལ་བ་གཤེགས་སམ་བཞུགས་གྱུར་ཀྱང༌། །གནས་སྐབས་དེ་འདྲར་འགྱུར་བ་ལགས། །ཞེས་པ་མ་གུས་འགོག་པའི་རྒྱན། །རྒྱལ་བ་གཤེགས་ན་དགེ་བར་གཤེགས། །གཤེགས་པའི་བཤུལ་རིང་བདེ་གྱུར་ཅིག །བདག་ཅག་འདོད་པའི་སར་གནས་པ། །ཀུན་ཀྱང་འོག་མིན་དེར་རྗེས་འབྲང༌། །ཞེས་པ་ཤིས་བརྗོད་སྒོ་ནས་འགོག །བཅོམ་ལྡན་ཞིང་གཞན་ལ་དགྱེས་པ། །ཉིད་ཀྱི་གདུལ་བྱ་གཞན་འགའ་ཚོལ། །བདག་ཅག་ཉོན་མོངས་ཀྱིས་གདུངས་པ། །འདི་དག་ངན་སོང་ནགས་སུ་འགྲོ། །ཞེས་པ་རྩུབ་མོའི་འགོག་པའི་དཔེ། །རྒྱལ་བ་ཞིང་གཞན་ལྷ་ཡུལ་དུ། །མྱུར་བར་གཤེགས་ཤིག་དལ་གྱུར་ན། །མི་རྣམས་ཁྱོད་དང་བྲལ་བ་ཡི། །མྱ་ངན་ཞགས་པས་ཁྱོད་ཞབས་འཆིང༌། །ཞེས་པ་འགྲོགས་བྱས་སྒོ་ནས་འགོག །ཁྱེད་ཀྱི་བཞེད་དང་རྗེས་མཐུན་པས། །གཤེགས་ཞེས་འཇེབ་པར་གསོལ་འདོད་ཀྱང༌། །རང་གི་འདོད་པས་ཚིག་འཁྲུལ་ནས། །མ་གཤེགས་ཞེས་འདིར་ཁྱོད་བཟོད་ཅིག །ཅེས་པ་འབད་པས་འགོག་པའི་རྒྱན། །རྒྱལ་བ་ཞིང་གཞན་གཤེགས་རྩོམ་ནི། །རང་གི་ཐུགས་རྗེ་ཉིད་ལ་དྲིས། །བདག་ཅག་ཁྱོད་ཀྱི་སྙིང་རྗེ་ཡི། །ར་བའི་མཚམས་ལས་འདའ་མི་བྱེད། །ཅེས་པ་གཞན་དབང་གིས་འགོག་རྒྱན། །རྒྱལ་བ་ཁྱོད་ཀྱིས་བདག་ལ་ནི། །ཉིད་ཀྱིས་བརྙེས་པའི་གོ་འཕང་དེ། །དེ་རིང་གནས་འདིར་བྱིན་ཅིག་དང༌། །མགོན་ཁྱོད་གཤེགས་ལ་བཟོད་པར་གྱིས། །ཞེས་པ་ཐབས་ཀྱིས་འགོག་པའོ། །ཞལ་གྱི་གཞུ་ལས་གཤེགས་ཞེས་པའི། །རྩུབ་མོའི་ཚིག་མདས་བདག་ལ་བསྡུན། །ད་ནི་གཤེགས་པར་མ་གྱུར་ཀྱང༌། །བདག་ཅག་གསོན་པའི་གོ་སྐབས་མེད། །ཅེས་པ་ཁྲོ་བས་འགོག་པའོ། །ཁྱོད་ནི་ཞིང་གཞན་གཤེགས་གྱུར་ན། །བུང་བས་བདུད་རྩི་མ་འཐུང་ཞིང༌། །རྒྱན་དུ་མ་བྱས་པདྨ་ནི། །དགྲ་ཡི་རྫིང་དུ་ལྷུང་བ་བཞིན། །ཞེས་པ་མྱ་ངན་གྱིས་འགོག་པའོ། །ཁྱོད་ཞལ་མཛེས་པ་མ་བལྟས་ཤིང༌། །ཁྱོད་གསུང་སྙན་པའང་མ་ཐོས་པར། །ན་ཚོད་མཐའ་དག་སོང་གྱུར་པས། །ཁྱོད་ཀྱི་གཤེགས་རྩོམ་དེ་རིང་གཤོལ། །ཞེས་པ་འགྱོད་པས་འགོག་པའི་དཔེ། །གསེར་གྱི་ལྷུན་པོ་ཁྲིར་འཁོད་དམ། །ཡང་ན་བཅོམ་ལྡན་ཐུབ་པ་ཉིད། །གསུང་འདི་ཚངས་པའི་དབྱངས་འདྲ་བས། །བརྗིད་ཆགས་གང་དེ་ལྷུན་པོ་མིན། །ཞེས་འདི་ཐེ་ཚོམ་འགོག་པའི་དཔེ། །ཞལ་དཀར་བདུད་རྩི་སྤྲོ་བྱེད་ཅིང༌། །ཆོས་མིན་པདྨ་ལ་སྡང་བའི། །ཁྱོད་ཞལ་ཟླ་བ་འདི་ཡོད་བཞིན། །རི་བོང་འཛིན་པས་ཅི་ཞིག་བྱ། །ཞེས་པ་སྦྱར་བས་འགོག་པའི་དཔེ། །ཁྱོད་ཀྱིས་དྲེགས་པ་ཅན་གཞན་ཀུན། །མནན་ཀྱང་ཚིམ་པ་མེད་པ་ཅི། །འོན་ཀྱང་རྒྱ་མཚོ་གཏིང་ཟབ་ནི། །ཆུ་ཡིས་ངོམས་པ་མེད་པར་མཐོང༌། །ཞེས་པ་དོན་གཞན་འགོག་པའི་དཔེ། །ཕོངས་པ་རྣམས་ཀྱིས་ཁྱོད་ལ་ནི། །སྦྱིན་པ་པོ་ཞེས་མི་བསྟོད་དེ། །སློང་མོ་པ་རྣམས་རང་གི་ནོར། །ལེན་པར་བསམས་ནས་བདེ་བར་སྤྱོད། །ཅེས་པ་རྒྱུ་ཡིས་འགོག་པའི་དཔེ། །ཐུགས་རྗེ་ཆེ་ལྡན་རྒྱལ་བ་ལ། །འགོག་རྒྱན་ཉི་ཤུ་རྩ་གསུམ་གྱིས། །མྱ་ངན་མི་འདའ་བཞུགས་གསོལ་བའི། །དགེ་དེས་འཆི་མེད་ལ་རེག་ཤོག །འདོད་པའི་དངོས་པོ་འགའ་བཞག་ནས། །དེ་ཡི་སྒྲུབ་བྱེད་གཞན་བཀོད་པ། །དོན་གཞན་བཀོད་པའི་རྒྱན་ཡིན་བརྒྱད། །ཐུགས་རྗེ་ཆེ་ལྡན་རྒྱལ་བ་ཉིད། །གཤེགས་པ་རྩོམ་པ་སུ་ཞིག་རྒོལ། །ཕྱི་ནང་དངོས་པོའི་རང་བཞིན་ནི། །ངེས་པར་འཇིག་ལ་སུ་ཡིས་འགོངས། །ཞེས་པ་ཀུན་ཁྱབ་དོན་གཞན་བཀོད། །གཏོང་ཡོད་ཅན་ལ་མ་བླངས་ཀྱང༌། །རང་གི་བདོག་ཀུན་གཞན་ལ་སྟེར། །ཆེན་པོ་རྣམས་ནི་མ་འདྲིས་ཀྱང༌། །མི་བསྲུན་པ་ལ་བག་འབེབས་བྱེད། །ཅེས་པ་ཁྱད་པར་ལ་གནས་པའི། །དོན་གཞན་བཀོད་པ་ཞེས་བྱ་བ། །ཀུན་ལ་བཟོད་པས་སྲན་ཐུབ་ན། །འཇིག་རྟེན་པ་ཀུན་དགའ་བ་བསྐྱེད། །ལང་ཚོ་ལྡན་པའི་མཛེས་སྡུག་གིས། །ཀུན་གྱི་ཡིད་འཛིན་བྱེད་མིན་ནམ། །ཞེས་པ་སྦྱར་བའི་དོན་གཞན་བཀོད། །ལེགས་བཤད་ལྡན་པ་ཁྲོས་གྱུར་ཀྱང༌། །ཤེས་རབ་ཅན་གྱི་ཡིད་འཕྲོག་བྱེད། །གཉིས་སྐྱེས་དབང་ཕྱུག་དྲི་མ་དང༌། །ལྡན་ཡང་དཀར་བའི་ཆ་མི་སྒྲིབ། །ཅེས་པ་འགལ་བའི་དོན་གཞན་བཀོད། །འདོད་ལྡན་རྣམས་ལ་ཞི་བའི་ནགས། །སྙིང་གི་སྡུག་བསྔལ་སྤེལ་བའི་རྒྱུ། །འདོ་དཀར་ལྡན་པའི་བསིལ་ཟེར་གྱིས། །འགའ་ལ་ཚད་པའི་ནད་དག་བསྐྱེད། །ཅེས་པ་མི་འོས་དོན་གཞན་བཀོད། །འདོད་པའི་ཡོན་ཏན་དགའ་མ་ཡིས། །ཕ་རོལ་སེམས་ཀྱི་བུད་ཤིང་བསྲེག །འདོད་པའི་མེ་དེ་སྲེག་ཟ་དང༌། །སྲེག་པར་མཚུངས་པ་འདི་རིགས་སོ། །ཞེས་པ་འོས་པའི་དོན་གཞན་བཀོད། །འདོད་པའི་ཡོན་ཏན་ལ་སྲེད་ན། །རང་སྙིང་གདུང་བ་འདི་བདེན་མོད། །ཞི་བའི་དགོན་པ་ལ་ཆགས་པས། །གདུང་བ་བསྐྱེད་པ་འདི་ཡ་མཚན། །ཞེས་པ་འོས་ཤིང་མི་འོས་པའི། །དོན་གཞན་བཀོད་པ་ཞེས་བྱའོ། །དངོས་པོ་མེད་ལ་ཆགས་པ་ཡིས། །འཆིང་ན་དངོས་པོ་སྨོས་ཅི་དགོས། །ཟླ་བའི་འོད་ཀྱིས་སྲེག་བྱེད་ན། །པདྨོའི་གཉེན་གྱིས་ལྟ་ཅི་སྨོས། །ཞེས་པ་འོས་ཤིང་མི་འོས་པའི། །དོན་གཞན་བཀོད་པ་ཞེས་བྱ་བ། །རྣམ་པ་བརྒྱད་པོ་དེ་བཤད་དོ། །མཚུངས་པའི་དངོས་པོ་གཉིས་བཤད་ན། །དེ་ཡི་ཁྱད་པར་ཤན་འབྱེད་པ། །ལྡོག་པ་ཅན་གྱི་རྒྱན་ཞེས་བརྗོད། །ཁྱོད་དང་རྒྱ་མཚོ་ཟབ་ཅིང་ཡངས། །འདུ་འགོད་མང་པོས་འཕེལ་འགྲིབ་མེད། །ཁྱོད་ཞལ་ཡངས་པའི་ཉི་མ་ལས། །གསུང་གི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞེས་པ་གཅིག་གི་ལྡོག་པ་ཅན། །རིན་ཆེན་འབྱུང་གནས་དག་ལ་ཁྱོད། །མཚམས་ལས་མི་འདའ་ལྷུན་ཅིང་སྡུག །རྒྱ་མཚོ་དམའ་བའི་གཞི་ལ་འཁྱིལ། །ཁྱོད་ཀྱིས་མཐོན་པོའི་གོ་འཕང་བཟུང༌། །ཞེས་པ་གཉིས་ཀའི་ལྡོག་པ་ཅན། །ཁྱོད་དང་ཉི་མ་མཐོང་བ་དང༌། །བླང་དོར་གསལ་བར་སྟོན་པས་མཚུངས། །འཆར་ནུབ་རེས་ཀྱིས་འཇོག་པ་དང༌། །འཆར་ནུབ་མེད་པས་ཁྱོད་གཉིས་འགལ། །ཞེས་པ་སྦྱར་བའི་ལྡོག་པ་ཅན། །རྟག་ཏུ་ཕན་པར་སེམས་པ་དང༌། །འོད་སྟོང་འབྱུང་གནས་ཡིན་མོད་ཀྱང༌། །བཅུ་གཉིས་ཁྱིམ་ལས་མི་འདའ་བའི། །ཉི་མ་ཁྱོད་ཀྱི་ཟླ་བོ་མིན། །ཞེས་པ་འགོག་པ་ཅན་ཞེས་པའི། །ལྡོག་པ་ཅན་གྱི་དཔེ་ཡིན་དྲང༌། །ཤིང་རྟའི་ཁྲི་ལ་རབ་འདུག་ཅིང༌། །མང་པོའི་དཀྱིལ་ན་བརྗིད་ཆགས་ཀྱང༌། །འགའ་ཞིག་ཚ་བས་གདུངས་པའི་ཕྱིར། །རྟ་ལྗང་ཅན་དེ་ཁྱོད་ལས་དམན། །ཞེས་པ་གཏན་ཚིགས་བཀོད་པ་ཡི། །ལྡོག་པ་ཅན་གྱི་དཔེ་ཡིན་ནོ། །སྔར་བཤད་དེ་དག་སྒྲ་ཟིན་གྱི། །ལྡོག་པ་ཅན་གྱི་དཔེར་བཤད་ལ། །དོན་གྱིས་གོ་བའི་ལྡོག་པ་ཅན། །གཞན་གྱི་དཔེ་ཡང་བཤད་བྱ་བ། །ཁྱོད་ཀྱི་ཞལ་དང་ཉི་མ་ཡི། །ཁྱད་པར་ཉི་མ་མཁའ་ལ་གནས། །ཁྱོད་ཞལ་ཁྱོད་ཀྱི་གདོང་པ་ལས། །གཞན་དུ་འཕོ་བ་ག་ལ་སྲིད། །ཉི་མ་ལ་ནི་མཐོན་མཐིང་མིག །སྨིན་ལེགས་རི་མོས་མཚན་པ་མེད། །ཁྱོད་གདོང་མཛེས་བྱེད་མིག་གཉིས་པོ། །སྨིན་མའི་མེ་ཏོག་མདངས་ཀྱིས་མཚོན། །སྔར་བཤད་དེ་དག་འབྱེད་བྱེད་ཆོས། །མི་མཚུངས་པ་ཡི་ལྡོག་པ་ཅན། །དེ་ནས་འབྱེད་བྱེད་མཚུངས་པ་ཡི། །མཚུངས་ཚུལ་དོན་གྱིས་གོ་བར་བཤད། །ཁྱོད་ཀྱི་ཞལ་དང་ཉི་མ་གསལ། །མངའ་མདངས་གང་ཞིག་འོད་ཟེར་འཕྲོ། །ཉི་མ་བཅུ་གཉིས་ཁྱིམ་དུ་འཕོ། །ཁྱོད་ཀྱིས་ས་ཆེན་བཅུ་གཉིས་བགྲོད། །རབ་དཀར་ངང་མོ་ཆུ་ཡི་རྒྱན། །ཁྱོད་ཞལ་དཀར་བ་འཇིག་རྟེན་རྒྱན། །ཉི་མའི་འོད་ཀྱིས་མུན་སེལ་ཞིང༌། །བལྟ་བྱའི་གནས་ལ་སྒྲིབ་བྱེད་པའི། །འགྲོ་བའི་ཡིད་ཀྱི་མུན་པ་ནི། །མཁྱེན་པའི་སྣང་བ་གཅིག་གིས་སེལ། །ཞེས་པ་རིགས་མཐུན་ལྡོག་པ་ཅན། །བཅུ་དགུ་རྣམ་པར་བཤད་ཟིན་ཏོ། །རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། །རྒྱུ་གཞན་ཤུགས་ལ་རབ་སྟོན་པ། །དེ་ནི་སྲིད་པ་ཅན་ཞེས་བྱ། །མ་བཀུག་འཁྱོག་པ་དབང་པོའི་གཞུ། །རྨ་མེད་འབིགས་པ་ཚིག་གི་མདའ། །མ་གྲུངས་དྭངས་པ་རང་གི་སེམས། །འདི་གསུམ་དབྱར་གྱི་དགའ་སྟོན་ཡིན། །མ་བྲིས་མཚན་དཔེའི་རི་མོ་གསལ། །མ་བཏེག་གཙུག་ཏོར་ཀུན་ལས་མཐོ། །མ་བཤམས་གཡུལ་ལས་རྒྱལ་བ་ནི། །རྒྱལ་བ་ཁྱོད་ཀྱི་ཡ་མཚན་ནོ། །དངོས་པོ་འགའ་ལ་བསམ་བྱས་ནས། །དེ་དང་མཚུངས་པའི་དངོས་པོ་གཞན། །བརྗོད་པ་བསྡུས་པ་ཅན་ཞེས་བྱ། །འགྲོ་རྣམས་གཉིད་ལས་སད་པ་དང༌། །མ་བསྐུལ་ཉི་མ་ངང་གིས་འཆར། །འགྲོ་རྣམས་གཉིད་ཀྱིས་མྱོས་པ་དང༌། །ཉི་མས་རང་གི་མལ་སྟན་འཛིན། །ནགས་ཀྱི་ཁུ་བྱུག་སྙན་སྒྲོགས་མོད། །ཁྱིམ་བྱ་རང་གི་སྟེགས་ནས་ཟེར། །ངང་པའི་རྒྱལ་པོ་བཞིན་བཟང་དེ། །འོ་མའི་ཆུ་གཏེར་དབུས་ན་རྩེ། །དྲེགས་འདོད་ཆུ་སྐྱར་གཞོན་ནུ་ཡང༌། །ལྟེང་ཀའི་དབུས་ན་རྒྱལ་པོ་བཞིན། །བདུད་རྩི་འཛིན་པའི་ལང་ཚོ་ཅན། །དར་ལ་བབ་པའི་པདྨར་རོལ། །རེས་འགའ་ཛ་ཏིའི་མེ་ཏོག་ཀྱང༌། །དོན་འདི་གང་ལ་བསམ་པ་སོམས། །དེ་ཡི་དབྱེ་བ་དཔེར་བརྗོད་ན། །ཁྱད་པར་ཅན་ཙམ་ཐ་དད་ཀྱང༌། །ཁྱད་ཆོས་རྣམ་པ་མཚུངས་པ་ནི། །རྩ་བ་རབ་བརྟན་འབྲས་བུ་ཡི། །ཁུར་གྱིས་ཕོངས་པའི་རེ་སྐོང་ཞིང༌། །ཀུན་ཀྱང་དགའ་བ་ཉེར་སྤེལ་བ། །དཔག་བསམ་ལྗོན་པ་འདི་ཡ་མཚན། །ཁྱད་གཞི་ཐ་དད་ཁྱད་པར་ཆོས། །འགའ་ཞིག་ཐ་དད་འགའ་ཞིག་ནི། །ཐ་མི་དད་པའི་དཔེ་བཤད་པ། །རྒྱ་ཁྱོན་ཁོར་ཡུག་རབ་ཡངས་ཤིང༌། །རྣམ་བཀྲའི་མེ་ཏོག་ཕྲེང་མཛེས་གཡོ། །ཕྱོགས་རྣམས་ཀུན་ནས་ཡིད་འོངས་པ། །གྲི་བསིལ་གཡོ་ལྡན་འདི་ངོ་མཚར། །ཆུ་སྲིན་ཚོགས་ཀྱིས་མ་གང་ཞིང༌། །རྟ་གདོང་མེ་ཡིས་མ་མནན་པའི། །རང་བཞིན་བཟང་པོའི་ཆུ་གཏེར་ནི། །གོང་ནས་གོང་དུ་འཕེལ་བ་ཡིས། །ཞེས་པ་སྔོན་མེད་བསྡུས་པ་ཅན། །འཇིག་རྟེན་མཚམས་ལས་རྒལ་གྱུར་པའི། །རྒྱན་གང་བརྗོད་འདོད་ཀྱིས་སྦྱར་བ། །ཕུལ་བྱུང་རྒྱན་གྱི་དམ་པ་ཡིན། །དངུལ་དཀར་གསལ་བའི་མེ་ལོང་ཅན། །ག་བུར་གཞོན་ནུའི་གོས་གྱོན་ཞིང༌། །ཙནྡན་བྱུག་སྤོས་ཀྱིས་བསིལ་བའི། །ཁེངས་ལྡན་མ་འདི་ཟླ་བའི་འོད། །མ་ཡིན་རབ་དཀར་ངང་མོ་ནི། །ཨནྡ་རྙིལ་གྱི་མཚོར་ཞུགས་པ། །ཞེས་པ་ཡིན་ནོ་དབྱེ་བ་ནི། །ཚང་ར་གསེར་གྱི་སྟེགས་བུ་དང༌། །རབ་གང་ནུ་མའི་དངུལ་བུམ་གྱི། །བར་ན་སྐེད་པའི་ཆུ་སྐྱེས་ནི། །ཡོད་དམ་མེད་ཅེས་ཐེ་ཚོམ་ཅན། །ཞེས་པ་ཐེ་ཚོམ་ཕུལ་བྱུང་དཔེ། །ཉི་མའི་འོད་ཀྱིས་ནམ་མཁའ་ཡི། །ཁོར་ཡུག་རྒལ་ཀྱང་ས་ཆེན་གྱི། །ཁྱོན་ལས་གཞན་དུ་མི་འདའ་བ། །ཨེ་མ་ས་འདི་ཤིན་ཏུ་ཡངས། །ཞེས་པ་གྲགས་པའི་ཕུལ་བྱུང་དཔེ། །དེ་ལས་གཞན་ཡང་བཤད་བྱ་བ། །ལྕེ་བརྒྱ་ལྡན་པའི་ཆུ་འཛིན་གྱིས། །གྲགས་པའི་ཐིགས་པ་ཉེར་བླངས་ཤིང༌། །ཕྲིན་ལས་ཆུ་བོ་བརྒྱ་ཕབ་ཀྱང༌། །ཡོན་ཏན་ཆུ་གཏེར་མི་ཟད་པ། །བྱེད་པོས་གསར་དུ་བསྐྲུན་མིན་ནམ། །རྙེད་བཀུར་ཁྲི་ལ་རབ་འཁོད་ནས། །གྲགས་པའི་གདུགས་དཀར་གཡོ་ལྡན་ཞིང༌། བསྟོད་པའི་བསིལ་ཡབ་སྟོབ་མཁས་པས། །མངོན་བསྔགས་བསྔགས་ཀྱང་མི་སྲེད་པ། །ལུས་མེད་དཔུང་གིས་ཕྱག་བྱས་སམ། །ཐོས་པའི་བཞིན་མཛེས་གཡོ་ལྡན་ཞིང༌། །རྣམ་དཔྱོད་ལང་ཚོའི་ལྗོན་པ་ལ། །གྲགས་པའི་འཁྲི་ཤིང་གིས་འཁྲིལ་ཀྱང༌། །འདོད་པའི་ཆང་གིས་མི་མྱོས་པ། །ཉག་ཕྲན་བདག་པོ་ལས་རྒྱལ་ལམ། །སྙན་གྲགས་ཆུ་བོ་བརྒྱ་ཕྲག་གི །ཞགས་པས་ཕྱོགས་བརྒྱར་དྲང་བསྲངས་ཀྱང༌། །གཏིང་ཟབ་བློ་གྲོས་མི་སྒུལ་བ། །འདི་ནི་ཁྱོད་བློའི་རྒྱ་མཚོ་མིན། །རབ་བརྟན་གསེར་གྱི་ལྷུན་པོ་ཡིན། །རྙེད་བཀུར་ཞགས་པས་མ་བཅིངས་ཤིང༌། །ཆོས་བརྒྱད་སྟན་ལ་མི་འདུག་པར། །འཆད་རྩོད་རྩོམ་པའི་མལ་སྟན་ལས། །རྣམ་པ་གཞན་དུ་མི་གཡོ་བ། །གསུང་རབ་ཆང་གིས་མྱོས་སམ་ཅི། །གང་དེ་དངོས་པོའི་གནས་ཚུལ་ལས། །རྣམ་པ་གཞན་དུ་རྟོག་བྱེད་པ། །དེ་ནི་རབ་རྟོགས་ཅེས་པའི་རྒྱན། །བདེ་འབྱུང་གཙུག་རྒྱན་ཤར་བ་ན། །འདབ་བརྒྱ་མི་བཞད་ངོ་ཟུམ་པ། །ཉི་མས་ཟླ་བའི་ཆ་ཤས་ནི། །བཅོམ་པའི་འཁོན་ལན་ཉི་མའི་གཉེན། །པད་དཀར་དེ་ལ་བསླན་པར་ངེས། །ཉི་མ་ཤར་ཚེ་ཀུ་མུ་ཏ། །ངོ་འཛུམ་གནག་པ་རྒྱུ་ཅི་ཞིག །ཀུ་མུད་གཉེན་གྱི་ཆ་ཤས་དག །ཉི་མས་བཅོམ་པའི་འཁོན་ལན་ཡིན། །ཚེས་ཀྱི་བཞིན་མཛེས་ཤར་བ་ན། །ཉི་མ་མལ་དུ་ཉལ་བ་ཅི། །ཡར་ངོའི་ཚེས་ལ་བཞིན་བཟངས་མས། །ཉི་མའི་དཔག་བསམ་ལ་འཁྲིལ་ནས། །འདོད་པའི་ཁྱིམ་དུ་ཉལ་དེས་ལན། །དཔྱིད་དུས་ཉི་ཟེར་འབར་བ་ན། །རྒྱ་མཚོ་ལྷག་པར་འཕེལ་བ་ཅི། །ཉི་མའི་འོད་ཀྱིས་ནམ་མཁའ་ཡི། །དབང་སྔོན་ཞུ་བ་འཁྱིལ་བར་ངེས། །སྟོན་དུས་ཟླ་བ་ཤར་བ་ན། །བདུད་རྩིའི་ཆུ་གཏེར་གང་བ་ཅི། །ཆུ་ཤེལ་དཀར་པོ་ཆུ་གཏེར་གྱི། །དབུས་སུ་སོང་བས་མ་ཡིན་ནམ། །ནགས་ཀྱི་དགའ་མ་དཔག་བསམ་ལ། །རྟག་པར་འཁྲིལ་བའི་རྒྱུ་ཅི་ཞིག །ཡལ་གའི་ལང་ཚོ་རབ་རྒྱས་ཤིང༌། །མེ་ཏོག་བཞིན་མདངས་གསལ་བས་སོ། །བཅོམ་ལྡན་ཐུགས་མཚོ་ཉག་གཅིག་གིས། །དགེ་ལེགས་ཆུ་ཆེན་བཞི་བསྡུད་པ། །ཁོང་རང་གཅིག་པུའི་བང་མཛོད་ནས། །ཀུན་གྱི་ཕོངས་པ་སེལ་བས་ཡིན། །ཉིན་བྱེད་ཟེར་གྱིས་འཐུངས་པའི་ལྷག །ཡིད་འོངས་ཟླ་ཚེས་གཞོན་ནུ་ནི། །ནུབ་རིའི་ཤིང་རྟ་ལ་ཞོན་ནས། །ཤར་གྱི་ཕྱོགས་སུ་དལ་བུས་རྒྱུ། །ཉི་གཞོན་བུ་མོའི་མཚར་སྡུག་གིས། །མལ་དུ་ཉལ་བའི་ཟླ་ཚེས་ནི། །ངོ་ཚའི་གདོང་པ་རབ་ཉམས་ནས། །ནུབ་རིའི་རྩེ་མོར་དལ་གྱིས་བབས། །ཞེས་སོགས་རིགས་པས་བརྟགས་ལ་སྦྱར། །རྒྱུ་ཞེས་བྱ་བ་བྱེད་པ་པོ། །དངོས་དང་དངོས་མེད་མཚར་བ་ཡི། །རྒྱུ་ཡི་དབྱེ་བ་རྣམ་པ་གསུམ། །དངོས་པོ་སྐྱེད་བྱེད་རྒྱུ་དང་ནི། །ཤེས་བྱེད་དབྱེ་བས་རྣམ་པ་གཉིས། །དང་པོ་ལ་གསུམ་འགྲུབ་པ་དང༌། །རྣམ་འགྱུར་ཐོས་པའི་དབྱེ་བས་སོ། །དང་པོ་ལ་གཉིས་དངོས་པོ་དང༌། །དངོས་མེད་འགྲུབ་པར་བྱེད་པའོ། །རྣམ་དཔྱོད་མ་ལ་ཡ་རླུང་གིས། །ལེགས་བཤད་ཙནྡན་ལྗོན་པ་ཡི། །འདབ་མ་སྐྱོད་པར་བྱེད་པ་འདི། །བློ་གསལ་དགའ་བ་བསྐྱེད་པའི་རྒྱུ། །ཞེས་པ་འགྲུབ་པའི་རྒྱུ་ཡི་དཔེ། །རིགས་གནས་ཡོངས་འདུའི་འགྲམ་པ་ལ། །རྣམ་དཔྱོད་སུམ་རྩེན་ལག་པ་ཡིས། །དལ་བུར་གཏར་བའི་བདུད་རྩི་ནི། །ལྟོ་འགྲོའི་མགྲིན་པ་ཉམས་པ་རྒྱུ། །ཞེས་པ་རྣམ་པར་འགྱུར་བའི་རྒྱུ། །གཞན་གྱི་ལེགས་བཤད་ཨུཏྤལ་ཕྲེང༌། །རྣམ་དཔྱོད་མིག་ཟུར་གྱིས་མནན་ནས། །ཚིག་མདས་ཁྱད་གསོད་ལྟར་བྱེད་ཀྱང༌། །བསྒྲིམས་ཏེ་རྣ་བ་བརྒྱུད་པ་ཡོད། །ཡིད་ལ་བསམ་པ་གཞན་བྱས་ནས། །སྦྲང་ཆང་མི་འཐུང་ཞེས་བརྗོད་ཀྱང༌། །འཛུམ་དཀར་སོར་མོ་ལ་བརྒྱུས་པའི། །མིག་ཟུར་ལྕགས་ཀྱུས་ལེན་པ་མེད། །ཅེས་པ་ཐོབ་པ་རྒྱུ་ཡི་དཔེ། །ནམ་མཁའི་བུ་མོ་ལང་ཚོ་ཅན། །ནུབ་རིའི་མལ་སྟན་འཁོད་མ་ཐག །ཆ་ཤས་མ་ཉམས་ཟླ་བཞིན་གྱི། །འོད་དཀར་ཕྲེང་བ་སྤེལ་བ་ཡོད། །ཅེས་པ་དུས་ཀྱི་ཤེས་བྱེད་རྒྱུ། །ལེགས་བཤད་གཏམ་ལ་ཆགས་པ་ནི། །བཞིན་མདངས་གསལ་བའི་མིག་འཁྲུལ་ཞིང༌། །སེ་གོལ་མཉམ་པའི་ཏོག་སྒྲ་དང༌། །ངོ་མཚར་ཅན་གྱི་ཚིག་ལས་ཤེས། །ཞེས་པ་གཞན་སེམས་དཔོག་པའི་རྒྱུ། །ཁྱོད་ཀྱི་མཁྱེན་རབ་པད་དཀར་ནི། །ཚིག་ལེགས་ཤིང་རྟའི་ཁྲིར་བཞུགས་པའི། །དོན་བཟང་འོད་ཀྱི་ཕྲེང་བ་ཅན། །སྤེལ་ལེགས་ཉི་མའི་མདངས་ཀྱིས་མཚོན། །ཞེས་པ་བྱ་བ་མཚོན་པའི་དཔེ། །སློབ་དཔོན་མཁས་པ་མ་བསྟེན་ཅིང༌། །རིག་པའི་གནས་ལ་མ་སྦྱངས་པས། །གང་ལའང་བློ་གྲོས་མ་ཕྱོགས་པ། །འདི་ཡིས་ཁྱོད་བློ་ངེས་པར་བརྡུངས། །ཞེས་པ་དངོས་མེད་རྒྱུ་ཡི་དཔེ། །ལེགས་བཤད་ལང་ཚོའི་རི་མོ་ནི། །གསལ་བར་བྲིས་པ་མ་ཡིན་ན། །རྣམ་དཔྱོད་ལྡན་པའི་སྨིན་ལེགས་མ། །གྲང་མོའི་ཆུ་ཡིས་མཐར་བྱར་འགྱུར། །ཞེས་པ་མ་ཡིན་དགག་པའི་དཔེ། །མཚར་བའི་རྒྱུ་ལ་རྣམ་པ་ལྔ། །ཁྱོད་ཀྱི་ལེགས་བཤད་ལྕགས་ཀྱུ་ནི། །བློ་གསལ་འགའ་ལ་འཕངས་པ་ན། །མ་འཕངས་གཞན་གྱི་བློ་གྲོས་ཀྱང༌། །མགྱོགས་པར་བཟུང་བ་འདི་ངོ་མཚར། །ཞེས་པ་རིང་བའི་རྒྱུ་ཡི་དཔེ། །ཁྱོད་ཀྱི་ལེགས་བཤད་མཚར་སྡུག་ཅན། །མགྲིན་པའི་ཁྲི་ལ་འཁོད་པ་དང༌། །ཁོ་བོའི་རྣམ་དཔྱོད་མེ་ལོང་གི །ངོས་ལ་ལྷན་ཅིག་ཤར་བྱས་པ། །ལྷན་ཅིག་སྐྱེས་པའི་རྒྱུ་ཡི་དཔེ། །འཆར་ཁའི་མདངས་གསལ་ཁྱོད་ཞལ་ནས། །བསྡུས་དོན་ས་ཆེན་བཅད་ཙམ་གྱིས། །ལེགས་བཤད་རྒྱ་མཚོ་ལྷག་པར་གང༌། །ཚིག་དོན་ཟླ་བ་དལ་གྱིས་ཤར། །ཞེས་པ་འབྲས་བུ་སྔར་སྐྱེས་རྒྱུ། །ཁྱོད་ཞལ་ཉི་མའི་དཀྱིལ་འཁོར་ལ། །སྒྲིབ་བྱེད་སྤྲིན་གྱིས་མ་བསྒྲིབས་པ། །མཐོང་མ་ཐག་ཏུ་ས་སྐྱོང་རྣམས། །ལག་པའི་པད་མོ་ཟུམ་པར་བྱེད། །ཅེས་པ་རིགས་པ་མིན་པའི་རྒྱུ། །ཞབས་སེན་ཟླ་འོད་གཞོན་ནུ་མ། །ས་སྐྱོང་གཙུག་གི་ཀུ་མུད་མཚོར། །ལྷུང་མ་ཐག་ཏུ་ལག་པ་ཡི། །པད་མོ་ཟུམ་པར་བྱེད་པ་དགེ །ཞེས་པ་རིགས་པའི་རྒྱུ་ཡིན་ནོ། །བསམ་པའི་དོན་དེ་མི་བརྗོད་པར། །ལུས་ཀྱི་བརྡ་ཙམ་བསྟན་པ་ནི། །ཕྲ་མོ་ཡིན་ནོ་དེ་ཡི་དཔེ། །འདོད་ལྷ་འགའ་ཞིག་ཆགས་པ་ཡིས། །ཟུང་མིག་བུང་བ་སྤྲོ་བྱེད་ན། །འཛུམ་གྱི་པད་དཀར་མདངས་ཀྱིས་བསྡུ། །དགའ་བའི་མཁུར་འཛུམ་གཡོ་ལྡན་ན། །ཟུར་མིག་ལྕགས་ཀྱུ་རིང་པོས་འཛིན། །ཞེས་སོགས་རིགས་པས་སྦྱར་བར་བྱ། །ཆ་ཤས་གཞན་གྱི་དངོས་པོ་ཡི། །རང་བཞིན་གསལ་བར་སྒྲིབ་བྱེད་པ། །ཆ་ཡི་རྒྱན་དུ་གྲགས་པ་སྟེ། །རང་སྙིང་ལང་ཚོ་ལྡན་མ་ལ། །ངེས་པར་སོང་བ་སྒྲིབ་འདོད་ནས། །སྲིང་མོ་ཁྱོད་ཀྱི་མིག་ངོས་ལ། །རྩུབ་མོའི་རྔུལ་དག་སོང་ཞེས་སམ། །མཛེས་མ་མཐོང་བའི་ཀུན་དགའ་ཡིས། །འཆི་མ་འབབ་པ་སྒྲིབ་འདོད་ནས། །ཁོ་བོའི་མིག་ཏུ་རྔུལ་སོང་ཞེས། །མཁས་པར་ཟེར་བ་དེ་ལས་སོགས། །དགོན་པ་ཞི་བའི་ནགས་ཁྲོད་ན། །རྩེ་དགའི་གྲོགས་ཀྱིས་ཁྲོད་བོར་ཞིང༌། །རྙེད་དང་བཀུར་སྟིས་ཁྱོད་བཏང་ནས། །ཁེངས་པ་སྐྱུངས་པ་ཁྱོད་གཅིག་དམན། །ཞེས་པ་སྨད་པའི་ཆ་ཡིས་བསྒྲིབས། །གྲགས་པའི་ཁྲི་ལ་རབ་འདུག་ནས། །རྙེད་བཀུར་ནོར་བུའི་བསིལ་ཡབ་འཆང༌། །རྟག་ཏུ་བརྩེ་ཞིང་དགའ་བ་ཡིས། །རྣམ་རོལ་དགེ་སློང་ཁྱོད་རྒྱལ་པོ། །ཞེས་པ་བསྟོད་པའི་ཆ་ཡིས་བསྒྲིབས། །ཁྱད་གཞི་དངོས་པོ་རྣམས་ཀྱི་ནི། །ཁྱད་ཆོས་རིམ་པ་ལྟར་མཚོན་པ། །རིམ་པ་ཅན་གྱི་རྒྱན་དུ་བསྔགས། །དབྱངས་ཅན་དཔལ་མོའི་འཛུམ་དཀར་དང༌། །སྙན་གོང་འཛེགས་པའི་སྤྱན་དཀྱུས་དང༌། །ཞི་ཞིང་སྒེག་པའི་བཞུགས་སྟངས་ཀྱིས། །པད་དཀར་ཕྲེང་བ་སྐྱོང་བྱེད་ཅིང༌། །སྙན་གོང་ཨུཏྤལ་ཟིལ་གྱིས་མནན། །འགྲོ་རྣམས་དབང་དུ་སྡུད་ཅེས་སམ། །སྐུ་གསུང་ཐུགས་ཀྱི་གསང་བ་ནི། །འཁྲུལ་མེད་ཅ་ཅོ་ག་ལ་མངའ། །མཉམ་པར་བཞག་པ་མི་གཡོ་བ། །ཁྱོད་ལ་རྟག་པར་ཕྱག་བགྱིའོ། །མཆོག་ཏུ་དགའ་བ་བསྐྱེད་པ་ནི། །དགའ་བའི་རྒྱན་དུ་བཤད་པ་སྟེ། །འདི་ནི་ཉམས་ཀྱི་བྱེ་བྲག་ཡིན། །ཡིད་འོངས་རྣམས་དང་ལྡན་པ་ནི། །ཉམས་ལྡན་རྒྱན་དུ་བཤད་པ་ཡིན། །རབ་མཛེས་རྨ་བྱའི་ཁྲིར་འཁོད་པའི། །སྨིན་ལེགས་དྲུག་ལྡན་ཁྱིམ་དེར་འོངས། །དེ་འདྲའི་དགའ་བ་ཡ་མཚན་ཅན། །ཁྱོད་ཉིད་མདུན་དུ་འོངས་དང་མཚུངས། །ལེགས་བཤད་འཁྲིལ་ཤིང་གཞོན་ནུ་ཡིས། །རྣམ་དཔྱོད་ཡིད་འོངས་ལྗོན་པ་ལ། །རྟག་པར་འཁྲིལ་བའི་དགའ་སྟོན་འདིས། །མིའམ་ཅི་མོའི་རེག་འཇམ་འཕྲོག །ཅེས་པ་འདི་ནི་དགའ་བའི་ཉམས། །དབྱངས་ཅན་ཞལ་གྱི་པདྨ་ལ། །འདྲེན་བྱེད་བུང་བའི་རྣམ་རོལ་གྱིས། །བདུད་རྩི་འཐུང་བ་འདི་བཏང་ནས། །འདབ་བརྒྱའི་སྐྱེད་ཚལ་གསར་པས་ཅི། །ཞེས་པ་སྒེག་པའི་ཉམས་ལྡན་ནོ། །མཐར་བྱེད་གཤིན་རྗེ་མི་བཟད་པ། །སྲོག་ལ་རྔམ་པའི་མཆེ་བ་ཅན། །མཆོང་ཞིང་རྒྱུག་པ་མདུན་འོངས་པའི། །ལུས་ཅན་འདི་དག་སྲོག་འཚོའམ། །ཞེས་པ་དྲག་པོའི་ཉམས་ལྡན་ནོ། །དཔུང་ཚོགས་ཡན་ལག་མ་བཤམས་ཤིང༌། །ཁོང་ཁྲོའི་མཚོན་ཆ་མ་བརྡར་བར། །འཁོར་བའི་གཡུལ་ངོ་བཟློག་པ་ཡི། །འཇིག་རྟེན་ལས་འདས་དཔའ་བོ་ཁྱོད། །རྗེས་འཇུག་སློབ་བུའི་དཔུང་ཚོགས་ནི། །ཡན་ལག་བཞི་པོས་རབ་བཏེག་ནས། །རྣམ་དཔྱོད་ཤིང་རྟའི་ཁྲིར་འདུག་པ། །ཁྱོད་ནི་ཆོས་ཀྱི་རྒྱལ་པོར་འོས། །ཞེས་པ་དཔའ་བའི་ཉམས་ལྡན་ནོ། །པད་མའི་མལ་སྟན་འཇམ་པོ་ལ། །བདུད་རྩིའི་འཚོ་བ་བཏབ་འོས་པའི། །དྲིན་ཆེན་མ་དེ་གཤིན་རྗེའི་ཁ། །མི་བཟད་དེར་སོང་འདི་བཟོད་དམ། །ཞེས་པ་སྙིང་རྗེའི་ཉམས་ཡིན་ནོ། །མི་ཤེས་མཐར་བྱེད་ཁྱོད་ཀྱིས་ནི། །རལ་གྲིས་བསད་པའི་གཏི་མུག་གི །ཆེ་ན་སྨྱོན་པའི་ཁྲག་རྣམས་ནི། །ཡེ་ཤེས་ཐོད་རློན་སྣོད་ཀྱིས་འཐུངས། །ཞེས་པ་མི་སྡུག་ཉམས་ལྡན་ནོ། །ལྷ་མོའི་མཛེས་སྡུག་འོད་ཉིད་ཀྱིས། །ཨུཏྤལ་ཕྲེང་བ་རྙིངས་སམ་ཅི། །ཟུར་མིག་མདའ་དེ་སྙན་ཤལ་གྱི། །རྒྱན་ཕྲེང་མཛའ་བོ་ལ་འཕངས་སམ། །ཅེས་པ་རྒོད་པའི་ཉམས་ལྡན་ནོ། །ལོ་མའི་གུར་ཁང་འཐིབས་པོ་ན། །འཁྲི་ཤིང་དགའ་མས་དམ་འཁྲིལ་བའི། །ལང་ཚོ་ལྡན་པའི་ལྗོན་ཕྲེང་ལ། །མ་ལི་གསར་པས་བཞད་ཅིང་རྒོད། །མེ་ཏོག་ནོར་བུའི་བསིལ་ཡབ་ཀྱི། །ཏོག་ཅན་ལོ་མའི་གདུགས་མཛེས་ཀྱི། །ཕྲེང་བས་བརྒྱན་པའི་ནགས་ཁྲོད་ཀྱི། །ཁང་བཟང་ཡིད་འོངས་འདི་ཡོད་ཀྱི། །ཞེས་པ་འདི་འདྲ་ངོ་མཚར་རྒྱན། །བརྒྱ་བྱིན་ཁྲོས་པའི་རྡོ་རྗེ་ནི། །རྩེ་མོ་བརྒྱ་པའི་ཤུགས་འཆང་དེས། །མི་བསྲུན་སྟོབས་ལྡན་དཔུང་བཅས་པ། །ས་འོག་མུན་པའི་འོག་ཏུ་བཅུག །ཅེས་པ་འཇིགས་སུ་རུང་བའི་རྒྱན། །བརྒྱ་བྱིན་ཁྲོས་པའི་རྡོ་རྗེ་ཡིས། །ལྷ་མིན་ཡུལ་ནས་འབྱིན་ནུས་ཀྱང༌། །མུན་པའི་མལ་དུ་ཉལ་བ་ན། །མཛངས་པའི་སྟབས་ཀྱིས་བདེ་བར་བཞག །ཅེས་པ་གཟི་བརྗིད་ཅན་གྱི་དཔེ། །ལང་ཚོ་ཅན་དག་དལ་བར་བཞུགས། །ཁོ་མོས་ས་ཧ་ཀ་ར་ཡི། །སྙེ་མ་ཁུ་བྱུག་གིས་ཟོས་པ། །དལ་བུས་བཟློག་པར་བགྱིའོ་ཞེས། །གཞན་གྱི་འདོད་དོན་བསྒྲུབ་བྱའི་ཕྱིར། །གྲངས་བརྗོད་པ་ཡི་དཔེ་ཡིན་དྲང༌། །སྒྲུབ་པར་དཀའ་བའི་བྱ་བ་ཞིག །སྒྲུབ་བྱེད་ནུས་པ་ཕུན་ཚོགས་པ། །གང་དེ་ཀུན་ཏུ་ཕན་པའི་རྒྱན། །རེ་ཐག་བཅད་པས་སློང་མོ་པས། །ཕྱུག་པོའི་རྐང་པར་ཕྱག་བྱེད་པའི། །ཚིག་མདའ་བཟོད་པར་དཀའ་བ་དེ། །འབྱོར་ལྡན་སྙིང་ལ་འདོད་ལྷས་བསྣུན། །ཉི་མས་སྤངས་པའི་ས་ཆེན་འདི། །མུན་པར་གྱུར་ནས་རབ་རྨོངས་པ། །དེ་ཚེ་འོད་དཀར་བརྒྱ་ལྡན་འདི། །བརྒྱ་བྱིན་གྱིས་ནི་གསར་དུ་བྱིན། །ཞེས་པ་ཀུན་ཏུ་ཕན་པའི་དཔེ། །རྒྱ་ཆེ་བ་དང་བརླིང་བ་ཡིས། །གང་དེ་ཆེན་པོར་མཚོན་བྱེད་པ། །རྒྱ་ཆེ་བ་ཡི་རྒྱན་དུ་བཤད། །ལང་ག་མགྲིན་བཅུ་མཐར་བྱེད་པའི། །དཔའ་བོ་ར་མ་ཎ་དེ་ནི། །བླ་མའི་ཞལ་ལས་མི་འདའ་བས། །ཆེན་པོའི་ངང་ཚུལ་གསལ་བར་བསྟན། །ཤིང་རྟ་བཅུ་པས་རྒྱལ་སྲིད་ནི། །དྲང་སྲོང་བྷ་ར་ཏར་བྱིན་ནས། །དགྲ་བོ་འཇོམས་པའི་བུ་ལ་ནི། །ནགས་སུ་སོང་ཞེས་བརྗོད་པར་གྲགས། །རིན་ཆེན་རྩིག་པ་ལ་འཕོས་པའི། །གཟུགས་བརྙན་བརྒྱ་ཡིས་བསྐོར་གྱུར་པའི། །མགྲིན་བཅུའི་བདག་ཉིད་དེ་ཁོ་ན། །ཧ་ནུ་མ་དས་བརྟགས་ནས་ཤེས། །བུད་མེད་མཛངས་མ་བརྒྱས་བསྐོར་བའི། །ཀོང་ཇོའི་བུ་མོ་བྷོ་ཊ་ཡི། །བློན་པོ་མཛངས་པས་བརྟགས་ཞེས་གྲགས། །ཞེས་པ་འདི་དག་རིམ་བཞིན་དུ། །བསམ་པའི་བདག་ཉིད་རྒྱ་ཆེ་དང༌། །བརླིང་བ་ཡི་ནི་རྒྱ་ཆེ་བ། །སྙོན་ནས་བརྗོད་བྱའི་ཁྱད་པར་ནི། །འགའ་ཞིག་སྟོན་པ་བསྙོན་དོར་རྒྱན། །རྒྱལ་བ་ལ་ནི་མཁྱེན་བརྩེ་ཡི། །མདའ་གཉིས་པོ་ལས་མེད་པ་མིན། །འདོད་ལྷའི་དཔུང་ལས་རྒྱལ་བྱེད་པའི། །དཔུང་ཚོགས་ཡན་ལག་བཞི་ཡང་ཡོད། །ཅེས་པ་ཆོས་ལ་བསྙོན་པའོ། །མ་ལ་ཡ་རླུང་ཤིང་རྟ་ལ། །ཉེ་བར་ཞོན་པའི་ཙནྡན་དྲི། །ཟླ་འོད་འཇམ་པོའི་གོས་ཅན་འདིས། །གང་འདིར་མེ་ཡི་རང་བཞིན་སྤྲོ། །ཞེས་པ་ཡུལ་གྱི་བསྙོན་དོར་ཡིན། །བཞིན་བཟང་ལྡན་པའི་རི་བོང་ཅན། །བདུད་རྩིའི་འོད་ཅན་ཡིན་པར་གྲགས། །གང་གི་སྙིང་ལ་འདོད་པ་ཡིས། །ཕོངས་པའི་ཆད་པ་རབ་སྐྱེད་བྱེད། །ཅེས་པ་རང་བཞིན་བསྙོན་དོར་རོ། །དཔེ་ཡི་བསྙོན་དོར་ལ་སོགས་ནི། །གོང་དུ་བཤད་ཟིན་དེ་དག་གོ །ཚིག་གཅིག་གིས་ནི་བརྗོད་བྱའི་དོན། །མང་པོ་སྦྱར་བ་སྦྱར་བའི་རྒྱན། །གཙུག་རྒྱན་ལ་གནས་ཡིད་འོང་བ། །འཇམ་པའི་གསུང་ཟེར་སྙོམས་པ་ཡིས། །འཇིག་རྟེན་ཀུན་གྱི་ཡིད་འཛིན་པ། །འདི་ནི་རྒྱལ་བའི་ལམ་ལ་གནས། །ཞེས་པས་རྒྱལ་དང་ཟླ་བ་ཡི། །དོན་གཉིས་གོ་བར་བྱེད་པ་ཡོད། །དེ་ཡི་དབྱེ་བ་འདི་ལྟར་ཟུང༌། །དོན་གཉིས་བྱ་བ་གཅིག་པ་དང༌། །བྱ་བ་ཐ་དད་མི་འགལ་དང༌། །བྱ་བ་ངེས་པར་འགལ་བ་དང༌། །སྦྱར་ཡང་ངེས་པར་བཟུང་བ་དང༌། །ངེས་པར་བཟུང་བས་གཞན་འགོག་དང༌། །ཁྱད་ཆོས་ཆོས་ཅན་གཉིས་ཀ་ལ། །མི་འགལ་བ་དང་འགལ་བ་དང༌། །དཔེར་བརྗོད་རིམ་བཞིན་བསྟན་བྱ་བ། །ཟུར་མིག་ལྕགས་ཀྱུ་རིང་པོ་དང༌། །དལ་བར་རྒྱུ་བའི་ཕོ་ཉ་མོ། །གཉིས་ཀས་མཛའ་མོ་འགུགས་པ་ཡི། །བྱ་བ་གཅིག་ལ་འཇུག་པར་བྱེད། །ཡིད་འོངས་ཆགས་པའི་འཕེལ་བ་དང༌། །འཇམ་ཞིང་གསལ་བའི་འཚེར་བག་ཅན། །ཁུ་བྱུག་དང་ནི་མཛེས་མ་གཉིས། །མཐོང་དང་རེག་བྱར་མི་འགལ་དཔེ། །ཚད་པས་ལུས་ཀྱི་དྲོད་འཕེལ་ཞིང༌། །དམར་འོད་འཁྱུག་པའི་ཞལ་ལྡན་པ། །ཚ་ཟེར་ཅན་དེ་ནུས་པ་དང༌། །ལེགས་པར་ཤར་བ་མཉམ་དུ་བྱས། །ཞེས་པ་ཉི་མ་ཆགས་པ་ལ། །སྦྱར་ཡང་བྱ་བ་འགལ་བ་དཔེ། །ཤིང་རྟ་ལ་ཞོན་དམར་འོད་ཅན། །ཚ་བའི་ཟེར་གྱིས་ལུས་གདུང་བ། །དགའ་བའི་པདྨ་རྒྱས་བྱེད་འདི། །མཚན་མོའི་ཐུན་ལ་ངེས་པར་ཤར། །ཞེས་པས་ཉི་དང་ཆགས་པ་གཉིས། །བརྗོད་ཀྱང་ཅིག་ཤོས་ངེས་པར་བཟུང༌། །མགྲིན་པའི་ནང་ནས་སྙན་སྒྲོགས་ཤིང༌། །མྱོས་པའི་མིག་གཉིས་དམར་ཞིང་འཕྲུལ། །མཛའ་བོ་འགུགས་པའི་ལུས་འགྱུར་ཅན། །མདའ་ཡབ་ངོས་ལ་རྒྱུའོ་ཞེས། །ཕུག་རོན་དགའ་མ་བཟུང་བས་ན། །མི་མོ་འགོག་པར་བྱེད་པ་ཡིན། །ཉི་མ་དང་ནི་རྒྱལ་པོ་གཉིས། །གཟི་བརྗིད་ལྡན་དང་ཀུན་ལ་སྙོམས། །ཤིང་རྟར་ཞུགས་ནས་ཡུལ་ཀུན་མྱུལ། །འཆར་ཁའི་ཕུན་ཚོགས་ལྟད་མོ་ཡིས། །འཇིག་རྟེན་པ་ཀུན་དགའ་བར་བྱེད། །ཅེས་པ་ཆེན་པོ་གཉིས་ཀྱིས་ནི། །ཁྱད་ཆོས་མི་འགལ་བ་ཡི་དཔེ། །རྒྱལ་པོ་དང་ནི་ཟླ་བ་གཉིས། །གཟི་བརྗིད་ལྡན་ཞིང་བྲམ་ཟེས་བཀུར། །ཞལ་མདངས་གསལ་ཞིང་ཉམས་མི་མངའ། །མཐོན་པོའི་ཁྲི་ལ་རྟག་པར་བཞུགས། །ཞེས་པ་ཁྱད་ཆོས་འགལ་བའི་དཔེ། །རྒྱུ་ཡི་ཁྱད་པར་མ་ཚང་ཡང༌། །འབྲས་བུ་བསྐྲུན་པའི་ནུས་པ་ནི། །བརྗོད་པ་ཁྱད་པར་འཕགས་པའི་རྒྱན། །མེ་ཏོག་གཞུ་ཅན་ཁྱོད་ཀྱི་མདའ། །རྩུབ་མོ་མ་ཡིན་རྣོ་བའང་མིན། །དེ་ལྟར་ན་ཡང་ས་གསུམ་ལས། །རྣམ་པར་རྒྱལ་བ་འདི་ཡ་མཚན། །ཞེས་པ་ཡོན་ཏན་བྲལ་བའི་དཔེ། །ལྷ་མིན་བུ་མོ་མ་ཡིན་ཞིང༌། །མིའམ་ཅི་མོ་ག་ལ་ཡིན། །དེ་ལྟ་ན་ཡང་བདེ་འབྱུང་གི །དཀའ་ཐུབ་བཟློག་པར་འདི་བྱས་སོ། །ཞེས་པ་རིགས་དང་བྲལ་བའི་དཔེ། །ཁྲོ་གཉེར་དཔུང་ཚོགས་མ་བསྡུས་ཤིང༌། །མཆེ་བའི་ཞགས་པ་མ་བརྐྱང་བར། །དགྲ་བོ་ཕྱི་ཕྱིར་ཕྱོགས་བྱེད་པའི། །དགྲ་ཐབས་ཤེས་འདི་དཔའ་བོ་ཡིན། །ཞེས་པ་བྱ་བ་བྲལ་བའི་དཔེ། །དཔུང་ཚོགས་ཡན་ལག་བཞི་མེད་ཅིང༌། །དཔའ་ཞིང་རྔམ་པའི་སྡང་མེད་པར། །མིག་ཟུར་གཅིག་པུས་འཇིག་རྟེན་ལས། །རྣམ་པར་རྒྱལ་བའི་དབྱངས་ཅན་མ། །ཞེས་པ་རྫས་དང་བྲལ་བའི་དཔེ། །ཤིང་རྟའི་འཁོར་ལོ་མི་མཉམ་ཞིང༌། །ཁ་ལོ་པ་ཡི་ཡན་ལག་ཉམས། །རྟ་ཡང་ཟུང་དུ་མ་སྦྲེལ་བར། །མཁའ་ལ་མགྱོགས་པར་འགྲོ་བ་ཡིན། །ཞེས་པ་རྒྱུ་དང་བྲལ་བ་ཡི། །ཁྱད་པར་བརྗོད་པའི་དཔེ་ཡིན་ནོ། །ཁྱད་ཆོས་མཚུངས་པར་སྦྱར་བ་ནི། །མཚུངས་པར་སྦྱར་བའི་རྒྱན་ཡིན་ཏེ། །ཁྱེད་དང་ལྷ་ཡི་དབང་པོ་དང༌། །ཁྱོད་ཀྱི་མཚོན་དང་དབང་པོ་ཡི། །རྡོ་རྗེ་ཁོ་ན་རང་གི་ནི། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ། །ཞེས་པ་ཡོན་ཏན་མཚུངས་པའི་དཔེ། །འབྲུག་གི་ཕྲེང་བའི་སྒྲ་དབྱངས་དང༌། །གློག་གི་རོལ་རྩེད་མེ་ཏོག་དང༌། །སྨིན་ལེགས་ལྡན་པའི་རེག་འཇམ་ནི། །སྐད་ཅིག་ཉིད་ཀྱིས་རྣམ་པར་གཡོ། །ཞེས་པ་སྐྱོན་རྣམས་མཚུངས་པའི་དཔེ། །དངོས་པོ་འགལ་བ་རྣམས་འགྲོགས་པ། །དེ་ནི་འགལ་བའི་རྒྱན་ཡིན་ཏེ། །དེ་ཡི་དབྱེ་བ་དྲུག་བཤད་བྱ། །སྟོན་གྱི་ནམ་མཁའ་དྭངས་པ་ན། །ངང་པའི་རྒྱལ་པོ་དབྱངས་སྙན་ཞིང༌། །གདུགས་མཛེས་གཡོ་ལྡན་རྨ་བྱའི་སྐད། །རྣ་བའི་བཅུད་རྣམས་འཕྲོག་པར་བྱེད། །ཅེས་པ་ཁྱད་གཞི་སོ་སོ་ཡི། །བྱ་བ་འགལ་བའི་དཔེ་ཡིན་གྲག །ཆུ་འཛིན་གསར་པའི་རླབས་ཕྲེང་གིས། །ནམ་མཁའི་མཛེས་པ་ཕྲོགས་ནས་ནི། །རང་གི་མཛེས་པ་རྣམ་པར་སྤེལ། །ཞེས་པ་ཡོན་ཏན་འགལ་བའི་དཔེ། །སྐུ་སྨད་སྦོམ་ཞིང་སྐུ་སྐེད་ཕྲ། །ནུ་མ་མཐོ་ཞིང་གསུང་གདངས་དམའ། །མཁུར་ཚོས་དམར་ཞིང་ཤ་མདངས་དཀར། །དྲི་ཞིམ་བསིལ་བས་གཞན་སྲེག་བྱེད། །ཅེས་པ་རྫས་དང་འགལ་བའི་དཔེ། །ཙནྡན་དཀར་པོའི་དྲི་བསུང་དང༌། །ཟླ་བའི་འོད་ཟེར་སྤྲོ་མཛད་མས། །འགའ་ཞིག་ཡིད་ལ་ཚད་པ་ཡི། །གདུང་བ་བསྐྱེད་པར་བྱས་ཞེས་པ། །ལས་དང་ཡོན་ཏན་འགལ་བའི་དཔེ། །དབྱངས་ཅན་ལྷ་མོའི་ལུས་དྲོད་ཀྱིས། །རེག་པར་མིན་པ་འགའ་ཞིག་གིས། །ལུས་ལ་ཚད་པའི་མེ་འབར་ཞིང༌། །ཡིད་ཀྱི་སྐོམ་པ་བསལ་ཞེས་པ། །གཞི་གཅིག་བྱ་བ་འགལ་བའི་དཔེ། །མགྲིན་བཅུ་ཤིང་རྟ་བཅུ་པ་ཡི། །བུ་མོ་དག་ལ་རབ་སོང་ནས། །ར་མ་ཎ་ལ་བརྟེན་ནོ་ཞེས། །ཡིད་བརྟན་བྱེད་པོ་སུ་ཞིག་ཡོད། །ཅེས་པ་སྦྱར་བའི་འགལ་བ་ཅན། །གང་ཞིག་གཞན་ལ་སྨད་འདོད་ནས། །སྐབས་མིན་གཞན་ལ་བསྟོད་པ་ནི། །སྐབས་མིན་བསྟོད་པའི་རྒྱན་ཅེས་བྱ། །སེང་གེས་བསྲུང་བའི་ནགས་ཁྲོད་ན། །དུལ་བའི་རི་དྭགས་གཞོན་ནུ་དག །བསགས་བསྲུང་མི་དགོས་ཁ་ཟས་ཀྱི། །སྨན་གྱིས་བདེ་བར་འཚོ་དེ་དགེ །སྨད་པ་ལྟ་བུས་ཡོན་ཏན་ནི། །སྒྲོགས་པ་ཟོལ་བསྟོད་རྒྱན་ཅེས་བཤད། །མིའུ་ཐུང་གིས་ཀྱང་ས་གསུམ་མོ། །རྣམ་པར་མནན་པ་མ་ཡིན་ནམ། །དྲེགས་ལྡན་རྒྱལ་པོས་ས་གསུམ་ལས། །རྣམ་པར་རྒྱལ་བ་ཅི་ཡ་མཚན། །སྔོན་ཚེ་ཁྱོད་ཀྱི་ཚུལ་ཁྲིམས་དང༌། །སྦྱིན་པའི་དམག་དཔུང་རྩུབ་མོ་ཡིས། །རྒྱལ་པོ་གཞན་གྱི་དཔའ་ཕྲོགས་ནས། །མཐོན་པོར་བཞུགས་པ་འདི་རིགས་སམ། །དྲེགས་ལྡན་ཁྱོད་ཀྱི་ང་རྒྱལ་ནི། །ལྷུན་པོའི་སྤོ་ལ་སྙེག་མི་དགོས། །ཁྱོད་ཀྱི་ཞབས་མཐིལ་རི་མོ་ནི། །ས་ཆེན་གཞི་ལས་མཉམ་པར་བྲིས། །དེ་དང་མཚུངས་པའི་འབྲས་བུ་གཞན། །སྟོན་པ་ངེས་པར་བསྟན་པ་ཡིན། །འཇམ་པའི་རང་བཞིན་ལྷ་གཅིག་གིས། །ཐོར་ཅོག་མིག་སྨན་མདངས་འཛིན་པ། །ཆགས་པའི་བུད་ཤིང་བསྲེག་པ་ཡི། །དུ་བ་འཁྱིལ་བར་གསལ་བར་མཚོན། །ཁྲོ་མཛད་ལྷག་པའི་ལྷ་གང་གིས། །རལ་གྲི་མེ་རི་དམར་གསལ་བ། །ཞེ་སྡང་མཐར་བྱེད་བསད་པ་ཡི། །ཁྲག་གི་རི་མོ་ཡིན་པར་མཚོན། །ཉི་མའི་འོད་ཀྱིས་པདྨོ་ཡི། །གེ་སར་རྣམ་རྒྱལ་དགོད་བྱེད་པ། །འཆད་རྩོད་རྩོམ་པའི་འོད་ཟེར་གྱིས། །བསྟན་པའི་སྐྱེད་ཚལ་རྒྱས་པར་མཚོན། །ཐུན་མཚམས་དབུ་མོས་དྲག་པོ་ཡི། །ཅོད་པན་སྤྱི་བོར་བླངས་པ་ནི། །མི་མཁས་རྣམས་ཀྱང་ཆེན་པོ་ཡི། །རྗེས་སུ་འཇུག་པ་ཉེ་བར་མཚོན། །ཆོས་ཅན་མང་པོའི་ཡོན་ཏན་རྣམས། །ལས་རྣམས་ལྷན་ཅིག་བརྗོད་པ་ནི། །ལྷན་ཅིག་བརྗོད་པའི་རྒྱན་ཡིན་ནོ། །མཁས་པའི་ལེགས་བཤད་དལ་འགྲོས་ཅན། །ཆུ་བོ་བཞི་དང་ལྷན་ཅིག་འབབ། །ཉི་ཟླས་སྤངས་པའི་གོས་འཆང་མ། །མི་མཁས་བློ་དང་ལྷན་ཅིག་འཇུག །ཅེས་པ་ཡོན་ཏན་ལྷན་ཅིག་བརྗོད། །ཤེས་རབ་ལྡན་པའི་འཇུག་པ་ནི། །ཉི་མའི་འོད་དང་ལྷན་ཅིག་འཕྲོ། །མི་མཁས་རྣམས་ཀྱི་མུན་པ་ནི། །རྒྱུ་སྐར་ཕྲེང་ལྡན་མ་དང་འཕྲོགས། །བྱ་བ་ཐ་དད་ལྷན་ཅིག་བརྗོད། །ནགས་ཀྱི་ཁུ་བྱུག་སྙན་སྒྲོགས་དང༌། །ཙནྡན་བསིལ་བའི་དྲི་བཟངས་དང༌། །དཔྱིད་ཀྱི་དགའ་བ་ཉེར་སྤེལ་བ། །འདི་དག་མཉམ་དུ་ལྷག་པར་འཕེལ། །ཞེས་པ་བྱ་བ་གཅིག་ཉིད་ནི། །ལྷན་ཅིག་བརྗོད་པའི་དཔེ་ཡིན་ནོ། །ཕན་ཚུན་བསྣོལ་ཞིང་བརྗེས་པ་ནི། །ཡོངས་སུ་བརྗེས་པའི་རྒྱན་ཡིན་དཔེ། །ཁྱོད་སྔོན་སྦྱིན་པའི་ཤིང་རྟ་ཡིས། །ལོངས་སྤྱོད་ཛ་ཧྣུའི་བུ་མོ་བླངས། །ཁྱོད་ཀྱི་ཐུགས་རྗེའི་རྒྱུན་ཆེན་ནི། །ཕངས་པ་མེད་པར་གཞན་ལ་སྦྱིན། །གཞན་གྱི་གྲགས་པའི་པད་དཀར་གྱི། །དོ་ཤལ་རིང་པོ་ཁྱོད་ཀྱིས་བསྣམས། །ཁོ་བོའི་རྣམ་དཔྱོད་ལག་པ་ཡིས། །ཁྱོད་ལ་གཅེས་པའི་ལེགས་བཤད་ནོར། །འགའ་དག་མ་བྱིན་པར་ཡང་བླངས། །དེ་ལ་ལྷག་པར་དགྱེས་པ་དང༌། །བརྩེ་བའི་ལྕགས་ཀྱུ་རིང་པོ་ཡིས། །བདག་སྙིང་དད་པའི་གླང་པོ་དང༌། །རབ་གུས་ཀུ་མུད་ཕྲེང་བ་ནི། །གཙུག་རྒྱན་འོད་དང་ལྷན་ཅིག་དྲངས། །མངོན་པར་འདོད་པའི་དངོས་པོ་ལ། །སྨོན་པས་ཤེས་པ་བརྗོད་པ་ཡིན། །ཉོན་མོངས་མི་བསྲུན་དཔུང་བཅོམ་ནས། །དངོས་འཛིན་དབང་རིམ་ལ་འགོངས་ཏེ། །ཡོན་ཏན་རྣམ་རྒྱལ་ཁང་བཟང་ལ། །གོམས་སྟབས་གྲིམས་པོས་འཇུག་བྱེད་ཤོག །མི་སྡུག་དྲག་པོའི་ཉམས་ཀྱིས་ནི། །གཞན་སྡེ་དྲེགས་པའི་དཔུང་བཅོམ་ནས། །སྒེག་ཅིང་སྙིང་རྗེའི་ཉམས་ཀྱིས་ནི། །རང་སྡེ་རྗེས་སུ་འཛིན་བྱེད་ཤོག །རྒྱན་རྣམས་མི་འདྲ་བསྲེས་པ་ནི། །སྤེལ་མའི་རྒྱན་དུ་བརྗོད་པ་ཡིན། །ཁྱོད་ཞལ་རང་བཞིན་མཛེས་པ་མཆོག །ཟླ་བའི་འོད་ལྟར་འཛུམ་ཕྲེང་གསལ། །དེ་ནས་ཟླ་བའི་དཔལ་ལ་ཡང༌། །འགོང་ནུས་ཉི་མའི་ཞལ་ལྡན་མ། །ཕན་ཚུན་ལྟོས་པའི་སྤེལ་མར་བཤད། །ཁྱོད་སྐུ་རང་བཞིན་ཉིད་ཀྱིས་མཛེས། །གང་གསུང་ཚངས་པའི་དབྱངས་ལྟར་སྙན། །ཉིད་ཐུགས་རྒྱ་མཚོའི་ཁེངས་པ་འཕྲོག །ཕྲིན་ལས་ནམ་མཁའི་མཐའ་དང་འགྲོགས། །ཞེས་པ་ཕན་ཚུན་མི་ལྟོས་པའི། །སྤེལ་མར་བཤད་པ་འདི་ཟུང་ཞིག །ཚིག་རྣམས་ཕན་ཚུན་ལྟོས་པ་ལས། དངོས་སུ་བརྗོད་པ་མ་ཡིན་པའི། །ཁྱད་པར་ཟབ་མོ་གཞན་གོ་བ། །དེ་ནི་དགོངས་པའི་རྒྱན་ཞེས་གྲགས། །དང་པོར་ཐུགས་མཆོག་རབ་བསྐྱེད་དེ། །བར་དུ་ཚོགས་གཉིས་རྫོགས་བྱས་ནས། །ལྷུན་གྲུབ་རྒྱུན་མི་ཆད་པ་ཡི། །ཕྲིན་ལས་ཅན་ལ་ཕྱག་འཚལ་ལོ། །ཞེས་པ་མཆོད་ཡུལ་སངས་རྒྱས་སུ། །གོ་བར་བྱེད་པ་དགོངས་པའི་རྒྱན། །དོན་རྒྱན་སུམ་ཅུ་རྩ་ལྔ་པོ། །སོ་སོའི་དབྱེ་བ་དང་བཅས་པ། །ཤིན་ཏུ་གོ་བར་སླ་བ་ཡི། །ཚིག་དང་རྒྱན་གྱི་སྒོ་ནས་ནི། །མ་ལུས་རྒྱས་པར་བཤད་པ་འདིས། །སྒྲ་དང་སྡེབ་སྦྱོར་མི་ཤེས་པའི། །བྱིས་པ་ཡིས་ཀྱང་སྙན་དངགས་ཀྱི། །གནས་པ་བློ་གྲོས་དཀར་བར་འགྱུར། །ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ་ཞེས་བྱ་བ་ལས། དོན་རྒྱན་རྣམ་པར་བཤད་པའི་ལེའུ་སྟེ་དང་པོའོ།།  །།ལྷ་དབང་ལྷ་ཡི་གར་མཁན་མ་དེ་བཞིན། །བཞིན་བཟངས་བཞིན་གྱི་རྣམ་འགྱུར་སྤྲོ་མཁན་མ། །མ་ལྟར་མ་ལུས་འགྲོ་ལ་བརྩེ་བའི་དབྱངས། །དབྱངས་ཅན་དབྱངས་ཀྱི་ཕྲེང་བ་སྤེལ་ཁྱོད་སྤྱོན། །སྒྲ་ཡི་རྒྱན་ཅེས་བྱ་བ་གསུམ། །སྤྱིར་བཏང་ཟུང་ལྡན་ཙམ་པོ་དང༌། །ཁྱད་པར་བྱ་དཀའི་བྱེ་བྲག་དང༌། །དབྱངས་སོགས་ངེས་པའི་བྱ་དཀའོ། །དང་པོ་རྣམ་པ་དྲུག་ཡིན་ཏེ། །རྐང་པའི་དང་པོར་ཟུང་ལྡན་དང༌། །བར་དང་ཐ་མའི་ཟུང་ལྡན་དང༌། །ཐོག་མཐའ་སྦྱར་བའི་ཟུང་ལྡན་དང༌། །ཀུན་ཏུ་ཟུང་ལྡན་འདྲེས་པ་ཡི། །ཟུང་ལྡན་བཟློག་པའི་ཟུང་ལྡན་ནོ། །དང་པོ་གསུམ་ལའང་ཆོད་པ་ཡི། །ཟུང་ལྡན་ཆོད་པའི་ཟུང་ལྡན་དང༌། །ཆོད་ཅིང་མ་ཆོད་པའི་ཟུང་ལྡན། །དང་པོ་རྣམ་པ་བཞི་ཡིན་ཏེ། །རྐང་པ་གཅིག་པ་གཉིས་པ་དང༌། །གསུམ་པ་བཞི་པ་ལ་ཡོད་དོ། །བརྒྱ་ཕྲག་བརྒྱ་བྱིན་གྱིས་མཆོད་པའི། །ཐུབ་པ་ཉིད་དང་དམ་པའི་ཆོས། །འཕགས་ཚོགས་དེ་ཡི་ཡོན་ཏན་དང༌། །ངོ་མཚར་འཕྲིན་ལས་མཐའ་ཡས་སོ། །ཐུབ་པའི་ཞབས་སེན་དམར་འོད་ནི། །ཉེ་དབང་དབང་པོའི་གཙུག་གི་རྒྱན། །བསྟན་པ་འཆི་མེད་བདུད་རྩི་དང༌། །དགེ་འདུན་པད་དཀར་ཕྲེང་བ་ཡང༌། །ཁོ་བོའི་གཙུག་རྒྱན་ནོར་བུའི་ཁྲིར། །ངལ་སྟེགས་མཛད་པའི་སློབ་དཔོན་ནི། །ཤེས་རབ་ཤེས་བྱའི་གནས་ལ་འགྲོ། །ཐུགས་རྗེས་འགྲོ་རྣམས་རྗེས་སུ་འཛིན། །མཁས་པ་ཁྱོད་ཀྱིས་བཤད་པ་དང༌། །མང་པོ་དག་ལ་བརྩད་པ་དང༌། །རྩོམ་པའི་ཕྲེང་བ་དེ་སྦྱར་བས། །བློ་གསལ་བློ་མཚོའི་རླབས་ཕྲེང་སྤེལ། །ཞེས་པ་རྐང་གཅིག་ཟུང་ལྡན་ནོ། །ཤེས་རབ་ཤེས་རབ་ཅན་གྱི་མཆོག་དང་མཉམ། །རྫུ་འཕྲུལ་རྫུ་འཕྲུལ་དབང་པོ་དེ་དང་མཚུངས། །རྟ་ཐུལ་ཇི་བཞིན་འགྲོ་བ་འདུལ་མཁས་པའི། །མཚུངས་མེད་དགེ་བའི་བཤེས་དེ་མཆོད་པར་འོས། །མཁས་པ་མཁས་པའི་དབང་པོ་དབྱིག་གཉེན་དང༌། །བཙུན་པ་བཙུན་པའི་མཆོག་གྱུར་ཡོན་ཏན་འོད། །བཟང་པོ་བཟང་པོའི་མཆོག་གྱུར་ཞི་མཚོ་དང༌། །ཀུན་ནས་མཚུངས་པ་དེ་ལ་ཕྱག་བགྱིའོ། །གང་གང་དོན་ལ་སྦྱངས་པའི་བློ་གྲོས་དང༌། །དེ་དེ་གསལ་བར་སྟོན་པའི་གསུང་དབྱངས་ཀྱིས། །ལ་ལ་མིན་པ་ཐམས་ཅད་དད་པའི་ཆོས། །ཡང་ཡང་འདོམས་པ་དེ་ལ་ཕྱག་བགྱིའོ། །ཞེས་པ་བར་དུ་མ་ཆོད་པའི། །ཐོག་མའི་ཟུང་ལྡན་ཡིན་ནོ་ཀྱེ། །ཀུན་མཁྱེན་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །ཐུགས་རྗེ་རྗེ་བཙུན་དམ་པ་སྤྱན་རས་གཟིགས། །མཐུ་སྟོབས་སྟོབས་ཀྱི་དབང་ཕྱུག་རྡོ་རྗེ་འཛིན། །དེ་དག་དག་པ་མིན་པའི་འགྲོ་བ་འདྲེན། །ཞེས་པ་བར་གྱི་ཟུང་ལྡན་ནོ། །ཡ་རབས་འདི་དག་ཨ་ལ་ལ། །མ་རབས་དེ་ཚོ་ཨུ་ཧ་ཧ། །ཅོལ་ཆུང་འདི་ཀུན་ཨེ་ཧེ་ཧེ། །དཔའ་བོ་འདི་པ་ཨོ་ཧོ་ཧོ། །ཞེས་པ་ཐ་མའི་ཟུང་ལྡན་ནོ། །དེ་ལའང་རྐང་པ་རེ་རེ་དང༌། །རྐང་པ་བཞི་ཀའི་ཟུང་ལྡན་སྦྱོར། །དེ་དག་མ་ཆོད་ཟུང་ལྡན་ཡིན། །དེ་ནས་ཆོད་པའི་ཟུང་ལྡན་ལ། །རྐང་པ་གཉིས་ལ་ཡོད་པ་དང༌། །གསུམ་དང་བཞི་ཀ་ལ་ཡོད་པའི། །དཔེར་བརྗོད་རིམ་བཞིན་བཤད་བྱ་བ། །ཨ་ལ་ལ་བའི་སློབ་དཔོན་དང༌། །ཨ་ལ་ལ་བའི་ལེགས་བཤད་ཀྱི། །དགའ་སྟོན་འདི་འདྲ་སློབ་མ་ཡི། །ཡིད་ཀྱི་རེ་བ་སྐོང་བྱེད་ཡིན། །འགྲོ་ཀུན་འགྲོ་ཀུན་འདྲེན་པས་དྲངས་པ་བཞིན། །འགྲོ་ཀུན་འགྲོ་ཀུན་ཁྱིམ་དུ་མ་ཆགས་པར། །འགྲོ་ཀུན་འགྲོ་ཀུན་གནས་ལ་རབ་ཐར་ནས། །ཐམས་ཅད་མཁྱེན་པའི་གོ་འཕང་དེར་བགྲོད་ཤོག །ལྷ་དབང་ལྷ་དབང་ཉིད་ཀྱི་སྟན་ལ་འདུག །ལྷ་དབང་ལྷ་དབང་མིན་པ་ཐམས་ཅད་གནོན། །ལྷ་དབང་ལྷ་དབང་ཚངས་པ་ཇི་བཞིན་དུ། །ལྷ་དབང་ལྷ་དབང་ཞེས་བྱར་ཀུན་ལ་གྲགས། །དེ་དག་བར་དུ་ཆོད་པ་ཡི། །ཐོག་མའི་ཟུང་ལྡན་ཡིན་ནོ་ཀྱེ། །དེ་ནས་དབུས་ཀྱི་ཟུང་ལྡན་དཔེ། །མིག་སྔར་རབ་མཛེས་མཛེས་པའི་སྐུ་བྱད་དང༌། །རྣ་བར་གང་མཛེས་མཛེས་པའི་གསུང་དབྱངས་དང༌། །ཡིད་ལ་ལེགས་མཛེས་མཛེས་པའི་ཐུགས་བློ་ཅན། །རྗེས་འཇུག་ཀུན་མཛེས་མཛེས་པའི་ཕྲིན་ལས་མཆོག །དེ་ནས་བར་དུ་ཆོད་པ་ཡི། །ཐ་མའི་ཟུང་ལྡན་དེ་བཤད་བྱ། །སློབ་དཔོན་མཁས་པའི་གསུང་དབྱངས་སྙན་དབྱངས་སྙན། །དབྱངས་ཅན་ལྷ་མོའི་སྒྲ་དབྱངས་སྙན་དབྱངས་སྙན། །བཅོམ་ལྡན་ཐུབ་པའི་ཞལ་དབྱངས་སྙན་དབྱངས་སྙན། །ཀ་ལ་པིངྐའི་གླུ་དབྱངས་སྙན་དབྱངས་སྙན། །བར་དུ་ཆོད་ཅིང་མ་ཆོད་པའི། །ཟུང་ལྡན་ཞེས་བྱ་འདི་ཡིན་ཏེ། །བརྒྱ་བྱིན་བརྒྱ་བྱིན་ཉིད་དང་མཚུངས་མོད་ཀྱི། །བརྒྱ་བྱིན་བརྒྱ་བྱིན་ཉིད་ཀྱི་དཔེར་མི་རུང༌། །རྒྱལ་བ་རྒྱལ་བ་ཉིད་ཀྱི་སར་བཞུགས་ཀྱང༌། །རྒྱལ་བ་རྒྱལ་བ་ཉིད་ལ་ཕྱག་མི་མཛད། །དབང་སྔོན་དབང་པོའི་གཞུ་ལྟར་རབ་བཀྲ་བ། །ལྷ་དབང་ལྷ་ཡི་བླ་མ་ལ་འབུལ་གྱིས། །ལྷ་དང་ལྷ་མོའི་བདུད་རྩི་རབ་ཐོབ་ནས། །ཐུགས་རྗེས་ཐུགས་ཀྱི་དཀྱིལ་དུ་འཛིན་བྱེད་ཤོག །ཐོག་མཐའ་སྦྱར་བའི་ཟུང་བཤད་བྱ། །མཁྱེན་དང་ཐུགས་རྗེའི་དབང་ཕྱུག་བདུད་ལས་རྒྱལ། །རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་མི་ཕམ་མགོན། །མགོན་དེའི་ཞལ་གཟིགས་འཕགས་པ་ཐོགས་མེད་ཞབས། །ཞབས་ཟུང་གུས་བསྟེན་མཁས་མཆོག་དབྱིག་གི་གཉེན། །བཞི་པ་ཀུན་ཏུ་ཟུང་ལྡན་ལ། །རྐང་པ་བཟླས་དང་ཚིགས་བཅད་བཟླས། །ཟུང་ལྡན་ཆེན་པོ་ཞེས་བྱ་གསུམ། །གསུང་དབྱངས་ལྷ་མོ་ལྷ་དབྱངས་སྙན། །སྙན་དབྱངས་ལྷ་མོ་ལྷ་དབྱངས་གསུང༌། །ཞེས་པ་དང་པོ་གཉིས་པར་བཟླས། །གསུང་གི་དབང་ཕྱུག་དབྱངས་ཅན་མའི། །ཞལ་ནི་གང་བའི་ཟླ་བ་བཞིན། །གསུང་གི་དབང་ཕྱུག་དབྱངས་ཅན་མའི། །སྤྱན་ནི་པད་མའི་འདབ་མ་བཞིན། །ཞེས་པ་དང་པོའི་གསུམ་པར་བཟླས། །འཆད་ལ་ཐོགས་པ་མེད་སྩོལ་བ། །གསུང་གི་དབང་ཕྱུག་དབྱངས་ཅན་མ། །རྩོམ་པའི་བློ་གྲོས་སྩོལ་མཁས་དེ། །གསུང་གི་དབང་ཕྱུག་དབྱངས་ཅན་མ། །ཞེས་པ་གཉིས་པ་བཞི་པར་བཟླས། །དབྱངས་ཅན་དྲིན་གྱིས་བསམས་པ་ན། །སྣང་བ་འདི་དག་ངོ་བོས་སྟོང༌། །ངོ་བོས་སྟོང་པ་འདི་དག་སྣང༌། །དེ་འདྲ་ཆོས་ཀྱི་གནས་ལུགས་ཡིན། །ཞེས་འདི་གཉིས་པ་གསུམ་པར་བཟླས། །ལྷག་པའི་ལྷ་ལ་ཕྱག་བྱས་ནས། །གསུང་རབ་མང་དུ་བལྟས་གྱུར་ན། །འཆད་ལ་མཁས་དང་རྩོམ་པ་བཟང༌། །རྩོམ་པ་བཟང་དང་འཆད་ལ་མཁས། །ཞེས་པ་གསུམ་པ་བཞི་པར་བཟླས། །དེ་ནས་ཚིགས་བཅད་བཟླས་པའི་དཔེ། །མུན་པའི་གོ་སྐབས་མི་རྙེད་ཅིང༌། །འོད་ཀྱིས་ས་ཆེན་འགེངས་པར་བྱེད། །གཟི་བརྗིད་བརྒྱ་ལྡན་ལྷམ་མེ་བ། །རེས་འགའ་འཆར་ཞིང་རེས་འགའ་ནུབ། །དེ་འདྲ་སྟོན་པའི་རྣམ་ཐར་ཡིན། །མུན་པའི་གོ་སྐབས་མི་རྙེད་ཅིང༌། །འོད་ཀྱིས་ས་ཆེན་འགེངས་པར་བྱེད། །གཟི་བརྗིད་བརྒྱ་ལྡན་ལྷམ་མེ་བ། །རེས་འགའ་འཆར་ཞིང་རེས་འགའ་ནུབ། །ཅེས་པ་ཉིན་མོར་བྱེད་པའི་དཔལ། །ཟུང་ལྡན་ཆེན་པོ་ཞེས་བྱ་བ། །རྐང་པ་དང་པོ་ལན་གསུམ་དུ། །བཟླས་པ་ཚིགས་བཅད་གཅིག་འབྱུང་ཞིང༌། །རྐང་པ་སོ་སོ་དག་གི་ཡང༌། །སྔ་ཕྱི་གཅིག་ཏུ་སོང་བའོ། །དགེ་ལེགས་མཆོག་ཁྱོད་མཆོག་ལེགས་དགེ །ལེགས་མཆོག་དགེ་ཁྱོད་དགེ་མཆོག་ལེགས། །མཆོག་དགེ་ལེགས་ཁྱོད་ལེགས་དགེ་མཆོག །ཁྱོད་མཆོག་ལེགས་དགེ་ལེགས་མཆོག་ཁྱོད། །འདྲེས་པའི་ཟུང་ལྡན་ཞེས་བྱ་བ། །དགེ་ལེགས་ལེགས་པའི་དཔལ་མངའ་ཆོས་ཀྱི་རྗེ། །རྗེ་བཙུན་སྐུ་ལེགས་ལེགས་པའི་གསུང་རབ་གང༌། །གང་གི་གསུང་དབྱངས་དབྱངས་ཅན་ཇི་བཞིན་སྙན། །སྙན་གྲགས་གྲགས་པའི་རྒྱལ་མཚན་མངོན་པར་མཐོ། །ཞེས་པ་ཆོད་དང་མ་ཆོད་པའི། །ཐོག་མཐའ་སྦྱར་བ་དེ་ཡོད་པས། །འདྲེས་པའི་ཟུང་ལྡན་ཞེས་བྱའོ། །དྲུག་པ་བཟློག་པའི་ཟུང་ལྡན་ལ། །རྐང་པ་ཕྱེད་དང་གཅིག་ཡོད་པ། །ཚིགས་བཅད་རང་པོ་བཟླས་པའོ། །སྣང་ཞིང་སྟོང་ངོ་སྟོང་ཞིང་སྣང༌། །ཞེས་པ་ཚིགས་བཅད་ཕྱེད་བཟླས་པ། །ཐོས་དང་བསམ་དང་སྒོམ་དང་གོམས། །གོམས་དང་སྒོམ་དང་བསམ་དང་ཐོས། །ཞེས་པ་རྐང་པ་གཅིག་པུ་བཟློག །མཁས་དང་བཙུན་དང་བཟང་དང་དུལ། །འཆད་དང་རྩོད་དང་རྩོམ་དང་ཀློག །ཐོས་དང་བསམ་དང་སྒོམ་དང་གོམས། །དད་དང་མོས་དང་ཕྱག་དང་མཆོད། །ཅེས་པ་བཟློག་ཀྱང་ཆོག་པ་ནི། །ཚིགས་བཅད་རངས་པོ་བཟློག་པའོ། །བྱ་དཀའི་ཁྱད་པར་བཤད་པ་ལ། །བ་ལང་གཅིན་གྱི་བྱ་དཀའ་དང༌། །འཁོར་བའི་བྱ་དཀའ་གཉིས་ཡིན་ནོ། །འདི་ནི་བ་ལང་གཅིན་གྱི་ནི། །རི་མོ་བཞིན་དུ་འཁོར་བའོ། །གཉིས་པ་ལ་ཡང་ཕྱེད་འཁོར་དང༌། །ཀུན་ཏུ་འཁོར་བ་ཞེས་བྱ་གཉིས། །དང་པོ་ཕྱེད་དུ་འཁོར་བ་དང༌། །གཉིས་པ་ཀུན་ཏུ་འཁོར་བའི་དཔེ། །རིམ་པ་ཇི་བཞིན་རེའུ་མིག་ལ། །བྲིས་པ་འདི་དག་བལྟ་བར་བྱ། །དབྱངས་སོགས་ངེས་པ་གསུམ་ཡིན་ཏེ། །དབྱངས་དང་གནས་དང་གསལ་བྱེད་ངེས། །ཆ་ཤས་རབ་བསགས་དབྱངས་ཅན་མ། །ཆོས་འཁོར་རོལ་མོ་མགྱོགས་པོར་བསྐོར། །དེ་རིང་འདིར་ནི་ཟིན་གྱིས་ཤིག །ཀུན་ཏུ་ཕུལ་བྱུང་དང་ཕུལ་འབྱུང༌། །དགེ་ལེགས་སྟེར་བྱེད་ཁྱེད་དེ་བྱེད། །ཅེས་༼བདག་གིས་ཁྱོད་ལ་འཆད་པ་ཡི་མཆོད་པ་བཟང་པོ་དེ་འབུལ་ལོ། །དགེ་བསྙེན་དགེ་ཚུལ་དགེ་སློང་དགེ་དགེ་ལེགས་དགེ་མཆོག་དགེ་འདུན་དགེ །བདག་གིས་ཁྱོད་ལ་རྩོམ་པ་ཡི་བསྟོད་པ་སྙན་པོ་དེ་འབུལ་ལོ། །དགེ་ཚུལ་དགེ་སློང་དགེ་བསྙེན་དགེ་དགེ་མཆོག་དགེ་འདུན་དགེ་ལེགས་དགེ །དགེ་སློང་དགེ་བསྙེན་དགེ་ཚུལ་དགེ་དགེ་འདུན་དགེ་ལེགས་དགེ་མཆོག་དགེ ༽༼དགེ་ལེགས་དགེ་མཆོག་དགེ་ལེགས་དགེ་མཆོག་དགེ་ལེགས་དགེ་མཆོག་དགེ་ལེགས་དགེ་མཆོག་དགེ་ལེགས་དགེ་མཆོག་དགེ༽པ་དབྱངས་རྣམས་ངེས་པའི་རྒྱན། །ཨོཾ་ཧཱུྃ་ཧེ་ཧེ་ཨེ་ཧེ་ཧེ། །ཞེས་པ་མགྲིན་པ་གནས་ངེས་པ། །སྭ་ར་སྭསྟི་ཏ་ར་སྟེ། །ཞེས་པ་སོ་དང་ལྕེ་ཡི་གནས། །མ་རྣམས་བུ་མོར་བྱམས་པ་མོ། །ཞེས་པ་མཆུ་ཡི་གནས་སུ་ངེས། །ཉ་ཁྲ་སྐྲ་དཀར་བཀྲ་སྒྲ་སོགས། །སྤྱི་བོའི་གནས་སུ་ངེས་པ་སྟེ། །འདི་ཡང་རྒྱན་གྱི་བྱེ་བྲག་ཡིན། །གསུམ་པ་གསལ་བྱེད་ངེས་པ་ནི། །ས་སེ་སོ་སོར་སོ་སོ་སོང༌། །ཀ་བ་བཀོས་དང་ཀེ་ཀེས་བརྒྱན། །ར་རྣམས་ར་བར་རེ་རེ་བཅུག །ཧ་ཧ་ཧེ་ཧེ་ཧཱུཾ་ཧཱུཾ་བྱོས། །ཞེས་པ་འདི་འདྲ་འདི་ཡང་རྒྱན། །ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ་ཞེས་བྱ་བ་ལས། སྒྲ་རྒྱན་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ།།  །།ཆུ་གཏེར་དབུས་སུ་ངང་པའི་སྡེ་དཔོན་ནི། །གཅིག་པུར་སྨྲ་བཅད་མཛེས་པར་མ་མཐོང་ནས། །ཚོགས་ཀྱི་དབུས་སུ་མགྲིན་པ་མཐོར་བཏེག་ནས། །གསུང་སྙན་སྒྲོགས་པ་དེ་ལ་ཕྱག་བགྱིའོ། །དེ་ནས་གབ་ཚིག་རྒྱན་བཤད་པ། །རྩེད་མོའི་མདུན་སར་བཞད་གད་དང༌། །ཚོགས་སུ་གསང་བར་སྨྲ་བ་དང༌། །ཕ་རོལ་ཀུན་ཏུ་རྨོངས་བྱེད་ལ། །གབ་ཚིག་དག་ནི་ཉེ་བར་མཁོ། །དེ་ཡང་བཅུ་དང་དྲུག་ཏུ་འདོད། །ཚིག་མཚམས་སྦྱར་བས་དོན་སྦས་པ། །ཀུན་ཏུ་ཚོགས་སའི་གབ་ཚིག་ཡིན། །གཞན་ལ་གྲགས་པའི་སྒྲ་དག་གིས། །བསླུ་བ་བསླུ་བའི་གབ་ཚིག་ཡིན། །སྦྱོར་བ་ཤིན་ཏུ་འཁྲུགས་པ་ཡིས། །རྨོངས་བྱེད་རིམ་པ་བྲལ་བའི་རྒྱན། །གང་ལ་དོན་རྟོགས་དཀའ་བ་ཡི། །ཚིག་ཕྲེང་ཡོད་དེ་རབ་བཅོམ་ཡིན། །ཕན་པའི་དོན་བཀོད་ཚིག་དག་གིས། །བསྒྲིབས་པ་དག་ནི་མཐུན་པའི་གཟུགས། །མཚན་ཉིད་ཡོད་ཙམ་ངེས་ཚིག་དང༌། །ལྡན་པའི་ཚིག་ནི་རྩུབ་མོའོ། །གང་དུ་གྲངས་ཀྱིས་ཀུན་རྨོངས་པར། །བྱེད་པ་གྲངས་གྱི་གབ་ཚིག་ཉིད། །གང་དུ་ངག་དོན་རྣམ་པ་གཞན། །སྣང་བ་དེ་ནི་རབ་རྟོག་ཉིད། །གང་དུ་མིང་ལ་སྣ་ཚོགས་དོན། །བཏགས་དེ་མིང་དུ་འདུས་པ་ཉིད། །ཚིག་ནི་ཆོས་མཚུངས་ལ་རེག་པས། །དོན་གཞན་བསྒྲིབས་པ་སྒྲིབ་པའོ། །སྒྲ་ཡི་རྣམ་གྲངས་བཀོད་པ་ཡིས། །བསྒྲུབ་པ་དག་ནི་མཐུན་པའི་སྒྲ། །གང་ཞིག་དངོས་སུ་དོན་བསྟན་ཡང༌། །རྨོངས་བྱེད་དེ་ནི་རྨོངས་ཞེས་བྱ། །གང་ལ་སྦྱོར་ཕྲེང་བདག་ཉིད་ཀྱི། །མིང་ཅན་དེ་ནི་ཡོ་པུ་འཕྲོ། །གང་ལ་རྟེན་ནི་རབ་སྨྲས་ལ། །བརྟེན་པ་གསལ་བར་བྱས་པ་ནི། །གཅིག་སྒྲིབ་པ་ཡི་གབ་ཚིག་ཡིན། །གང་དུ་གཉིས་ཀ་སྦས་གྱུར་པ། །དེ་ནི་གཉིས་ཀ་བསྒྲིབས་པ་ཡིན། །གང་ལ་མཚན་ཉིད་སྣ་ཚོགས་འདྲེས། །དེ་ནི་འདྲེན་མ་ཞེས་བྱ་བ། །འདི་དག་གབ་ཚིག་བཅུ་དྲུག་ཏུ། །སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན། །ཟླ་བ་ཅན་གྱི་སྔོ་བསངས་མ། །མཚན་མོར་གྱུར་ནས་བཞིན་གསལ་བ། །དེ་ལ་འགའ་ཞིག་ཁྲོ་བ་དང༌། །དེས་ཀྱང་མཛའ་བོ་བསིལ་མི་བྱེད། །ཅེས་པ་ཚིག་སྣ་སྦྱར་བས་ན། །ནམ་མཁའ་བུ་མོར་འཁྲུལ་བའི་ཕྱིར། །ཚོགས་པའི་གབ་ཚིག་ཡིན་པར་ངེས། །དྲང་པོ་ཁོ་ན་མི་གསུང་བ། །ཁྱོད་ཀྱིས་བརྫུན་པའི་ཚིག་སྦྱར་བས། །ཉིད་རང་འདོད་པའི་དོན་གང་ལ། །ཀུན་ཀྱང་རིམ་གྱིས་བཀྲི་བར་མཛད། །ཅེས་པ་སངས་རྒྱས་ལ་བསམས་པས། །བསླུ་བའི་གབ་ཚིག་ཅེས་བྱའོ། །ཕྱག་འཚལ་ཁོ་མོའི་ལུས་ངག་ཡིད། །དབྱངས་ཅན་ལྷ་མོའི་ཞབས་རྡུལ་ལ། །རབ་བཟུང་བརྩེ་བའི་ལྕགས་ཀྱུ་ཡིས། །ཐུགས་ཀྱི་དཀྱིལ་དུ་ཁོ་བོ་ཡིན། །ཞེས་པ་རིམ་པ་བྲལ་བའི་ཚིག །རི་བོང་རི་མོ་དང་བྲལ་བའི། །ཟླ་བའི་བཞིན་ལས་ཉི་མའི་འོད། །རྣམ་པར་དཀར་བའི་རྒྱུ་སྐར་གྱི། །ཕྲེང་ལྡན་མ་འདི་གསེར་འོད་ཅན། །དོ་ཤལ་དབུས་སུ་རབ་བཟུང་ནས། །ཀུ་མུད་རྒྱས་པའི་པད་ཚལ་གྱི། །ཆུ་གཏེར་ཡིད་འོངས་ཉམས་དགའ་དེར། །སྨྲ་མཁས་བུང་བ་རོལ་ཞིང་རྩེ། །ཞེས་པ་ཞལ་ནས་ཆོས་གསུངས་པས། །མུན་པའི་གླིང་ཡང་ཉིན་མོ་ལྟར། །བྱེད་པ་མཚོན་པར་བསམ་པའི་ཕྱིར། །རབ་བཅོམ་ཞེས་བྱའི་གབ་ཚིག་ཡིན། །རབ་ཏུ་དབེན་པའི་སྐྱེད་ཚལ་ན། །བདུད་རྩིས་ཁེངས་པའི་དམར་འོད་ཅན། །ཡིད་འོངས་པདྨ་གཞོན་ནུ་དེ། །འཁྲིལ་ཤིང་བཞིན་དུ་འཁྲིལ་གྱུར་ཅིག །ཅེས་པ་མཐུན་གཟུགས་གབ་ཚིག་ཡིན། །མེ་ཏོག་གཞོན་ནུའི་བདུད་རྩི་ནི། །འཐུངས་ཀྱང་ངོམས་པ་མེད་པ་སྟེ། །པད་དཀར་ཕྲེང་བས་མ་ཕོངས་ཀྱང༌། །ཛ་ཏིའི་ཕྲེང་བ་དག་ལའང་རྩེ། །ཞེས་པ་རྩུབ་མོའི་གབ་ཚིག་ཡིན། །སྐོམས་པས་གདུངས་པའི་མཛའ་བོ་ཁྱོད། །མྱོས་བྱེད་ཁང་བཟངས་དབེན་པ་ན། །སྡེ་པ་བཞི་པའི་གསུམ་པ་ནི། །དབྱངས་ཡིག་ལྔ་པའི་སྲོག་ཤིང་ཅན། །སྡེ་པ་བཞི་པའི་བཞི་པ་ནི། །ཨོ་ཡིག་ཤིང་རྟ་ཅན་དེ་ཡོད། །ཅེས་པའམ་ཡང་ན་འདི་ཡིན་ཏེ། །ཐུན་མཚམས་ཤིང་དྲུང་འཐིབས་པོ་ན། །ཚེས་ལ་ཟླ་བས་འཁྱུད་པ་ཡི། །སྔོ་བསངས་ལང་ཚོ་ཅན་དེ་ཡོད། །དེ་ཡིས་ཁྱོད་ཀྱིས་སྐོམ་པ་སེལ། །ཞེས་པ་གྲངས་ཀྱི་གབ་ཚིག་ཡིན། །ཡང་ན་འདི་ལྟར་སྦྱར་བར་བྱ། །ཕྱོགས་ཕྲག་མེ་ཡི་ཉིན་ཞག་ནི། །བསིལ་ཟེར་བྱེད་པ་ཟླ་བ་ཡིན། །རི་བོང་ཅན་དེ་ཉི་མར་ཞུགས། །དེ་ཚེ་ལོ་ནི་རྒྱུ་སྐར་རྒྱལ། །རི་རབ་རྒྱ་མཚོའི་བང་རིམ་ཅན། །ཉིན་བྱེད་བསིལ་རིའི་ཤིང་རྟ་ཞོན། །སློབ་དཔོན་ཕྱོགས་ཀྱི་ཀ་བ་ཅན། །ཕྱོགས་ཕྲག་ཕྱོགས་ཀྱི་སློབ་མས་བཏེག །ཅེས་སོགས་རིགས་པས་བརྟགས་ལ་སྦྱར། །གཞན་ཡང་བརྩེ་ཞིང་ཆགས་ལྡན་མ། །གཏོང་ཕོད་ལུགས་བརྒྱ་ལྡན་པ་ཁྱོད། །གཞན་དག་འདོད་ནོར་གྱིས་ཕོངས་ནས། །ཚིག་འཁྲུལ་ལུས་འདར་མགོ་བོ་སྨད། །ཁྲེལ་ཡོད་སྐ་རགས་ལྷོད་འདི་ལ། །རྗེས་སུ་བརྩེ་བར་མི་བྱེད་དམ། །ཞེས་པ་སློང་བ་བསྒྲིམས་པ་ན། །རབ་རྟོག་གབ་ཚིག་ཡིན་པར་བཤད། །འདོད་པས་རབ་ཏུ་མྱོས་མ་ཁྱོད། །གཽ་པཱ་ལ་ལང་ཚོ་ཅན། །ཁྱུ་མཆོག་སྐྱོང་བར་བྱེད་དེ་ལ། །རྩེ་ཞིང་དགའ་བར་བྱེད་འདོད་དམ། །ཞེས་པ་བ་ལང་སྐྱོང་བ་དང༌། །ས་སྐྱོང་གཉིས་ཀ་ལ་འཁྲུལ་བས། །འདུས་པ་ཞེས་བྱའི་གབ་ཚིག་ཡིན། །ནོར་དང་བྲལ་བ་རྣམས་བཏང་ནས། །ནོར་ཅན་ལང་ཚོ་ཅན་དྲུང་འགྲོ། །སྣ་ཚོགས་ཉམས་ཀྱིས་གཞན་འགུགས་པ། །སྨད་འཚོང་མ་འདི་ཉེ་བར་འོངས། །ཞེས་པའི་ངག་དོན་དཔལ་ཡིན་ཡང༌། །གཡེམ་མས་བསྒྲིབས་པས་བསྒྲིམ་པ་ཡི། །གབ་ཚིག་ཅེས་བྱ་དེ་ཡིན་ནོ། །གདོང་པ་སྟོན་གྱི་ཟླ་འོད་ཀྱི། །གོས་ཀྱི་མིང་ཅན་མཁུར་ཚོས་ལ། །བིམ་པའི་འོད་ཀྱི་མིང་འཆང་མ། །འདི་ཡིས་ལང་ཚོ་ཅན་གཞན་གྱི། །ཡིད་ནི་མ་སྦྱིན་པར་ཡང་བླངས། །ཞེས་པ་མཐུན་པའི་སྒྲ་ཡིས་གབ། །འཁོར་བའི་མལ་སྟན་འཇམ་པོ་ལ། །རྣམ་པ་ཀུན་ཏུ་མི་སྲེད་པར། །སྲིད་པའི་ཆུ་གཏེར་དབུས་ཀྱི་ནི། །པདྨར་རྟག་ཏུ་བཞུགས་ཁྱོད་དགེ །ཞེས་པ་རྨོངས་པའི་གབ་ཚིག་གོ །མཁའ་ལྡིང་གིས་འཕྲོག་ཟས་ཅན་གྱི། །བུ་ཡི་དགྲ་བོ་བླ་མ་ཡིས། །གདུངས་པ་འདི་དག་བ་མོ་ཡི། །དགྲ་བོའི་གྲོགས་མིན་གསར་པར་དགའ། །ཞེས་པ་འཕྲོག་པའི་གབ་ཚིག་ཡིན། །གངས་ཀྱི་རི་དང་ནགས་ཁྲོད་ཀྱི། །ཁང་བཟངས་དག་ཏུ་མི་གནས་པར། །རི་དྭགས་བསྲུང་བའི་དཔའ་བོ་ནི། །འགའ་ཞིག་གནས་མེད་ཡིན་ནོ་ལོ། །ཞེས་པ་ཆོས་ཅན་སྦས་པ་ཡིན། །སུ་ཞིག་དང་ནི་ཕྲད་གྱུར་པ། །དེ་ནི་བྱ་བ་གང་ཐོབ་ཅིང༌། །ཚོགས་ཀྱི་ཁྲོད་དུ་ཁྲེལ་ཡོད་ཀྱི། །གོས་དཀར་བཟང་པོས་གཡོག་པར་མཐོང༌། །ཞེས་པ་ཆོས་དང་ཆོས་ཅན་ནི། །གཉིས་ཀ་སྦས་པའི་གབ་ཚིག་ཡིན། །གོ་ཀུ་ད་ཧ་ན་ལྔ་པོ། །ཟ་བྱེད་ལྷ་མིན་བདུད་རྩི་ཡི། །ཟས་ཅན་འདི་ནི་ལྷའི་ཡང་ལྷ། །ལྷ་མིན་དཔུང་ལས་རྣམ་རྒྱལ་ཡིན། །ཞེས་འདི་གབ་ཚིག་དགུ་པ་དང༌། །གཉིས་པ་བསྲེས་ཕྱིར་འདྲེས་མ་ཡིན། །ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ་ཞེས་བྱ་བ་ལས། གབ་ཚིག་གི་རྒྱན་རྣམ་པར་བཤད་པའི་ལེའུ་སྟེ་གསུམ་པའོ།།  །།རྣམ་དཔྱོད་མཁའ་ལྡིང་ཧུབ་གཅིག་གིས། །རིག་བྱེད་ཆུ་གཏེར་ནས་འཕྲོག་པའི། །སྙན་དངགས་བདུད་རྩི་དཔལ་ཕྲེང་འདི། །དབྱངས་ཅན་གཞོན་ནུའི་མགྲིན་པར་འབུལ། །དགེ་དེས་ཕྲག་དོག་ལྷ་མིན་གྱི། །མི་བསྲུན་དུག་ནད་གཞིལ་བྱས་ནས། །དོན་གཉེར་སུམ་རྩེན་གཞོན་ནུ་དག །དབྱངས་ཅན་གཏམ་གྱིས་རོལ་བར་ཤོག །བསྟན་བཅོས་མེ་ལོང་ལ་འཇུག་པའི། །ཚིག་རྒྱན་ཕྲེང་བ་ངོ་མཚར་ཅན། །སློབ་དཔོན་མེད་པར་གོ་དཀའ་བ། །དེ་དག་མགྱོགས་པར་ཤེས་འདོད་ན། །ཚིག་ཉུང་དོན་མང་སྡེབས་ལེགས་པ། །རྣ་བར་སྙན་པའི་བསྟན་བཅོས་འདི། །ལན་གཅིག་ཀློག་པའི་སྐལ་ལྡན་དེས། །བཀླགས་པ་ཙམ་གྱིས་མཁས་པ་ཡི། །གོ་འཕང་མཐོན་པོ་དེ་ཐོབ་འགྱུར། །དེ་ཕྱིར་གཙུག་རྒྱན་ནོར་བུ་བཞིན། །གུས་པས་ལོངས་ལ་སྙན་དངགས་སྦྱོར། །མཁས་པའི་མདུན་སར་འཇིགས་མི་དགོས། །བླུན་པོས་བཅོས་པའི་ཁྲིར་འཁོད་ནས། །སྙན་དངགས་ཁྱད་གསོད་ལྟར་བྱེད་པའི། །གཡོ་ཅན་དེ་དག་རང་གིས་རང༌། །མི་མཁས་ཉིད་དུ་གོ་བར་བྱས། །གང་འདིར་ཀུན་ལ་མ་གྲགས་པའི། །ལེགས་བཤད་རྩོམ་པར་མི་ནུས་པ། །གང་དེ་མཁས་པར་སུ་ཡིས་བགྲང༌། །བཀླག་ཟིན་ཀློག་པར་བྱེད་པ་ཡང༌། །དེ་ཕྱིར་སྙོམས་ལས་སྤངས་ནས་ནི། །གཡེལ་བ་མེད་པར་དབྱངས་ཅན་བསྟེན། །པཎ་ཆེན་བློ་བརྟན་བཞི་པ་དང༌། །དེ་སྲས་མཚུངས་མེད་ལོ་ཙྪ་བའི། །དྲིན་ལས་བརྡ་སྤྲོད་གཞུང་དང་ནི། །སྡེབ་སྦྱོར་ཚིག་རྒྱན་མངོན་བརྗོད་དང༌། །སྙན་དངགས་སྦྱོར་བའི་བློ་ལྡན་པ། །མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། །ཞེས་པ་འདི་ནི་ཡུལ་དབུས་ཀྱི་སྙན་དངགས་མཁན་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་སྨིན་དྲུག་གིས་ཉ་བའི་ཕྱོགས་དང་པོ་ལ། མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོར་གྲུབ་པའོ། །དགེ་དེས་ས་སྐྱོང་བཀྲ་ཤིས་མགོན། །མཆེད་དང་བློན་པོར་བཅས་པ་ཀུན། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བར་ཤོག།  །།དགེའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*