ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་མ།

༼འ༽༄༅། །ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་མ་བཞུགས་སོ།།

སྭསྟི། ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་གསང་སྔགས་སྒྲུབ་པའི་རྟེན། །གོང་དུ་བཤད་པ་སྤྱིར་བཏང་གི །དམིགས་བསལ་ཕྱེ་ནས་བཤད་པར་བྱ། །གསང་སྔགས་བླ་ན་མེད་པ་ཡི། །ལམ་རྟེན་ཐུན་མོང་མ་ཡིན་པ། །ཐེག་པ་མཆོག་གི་སེམས་བསྐྱེད་དང༌། །གང་ཟག་བདག་ཏུ་མ་རྨོངས་པའི། །ཤེས་རབ་དང་ནི་ཆོས་ཐམས་ཅད། །རང་རང་ངོ་བོས་སྟོང་པར་ནི། །བསྒྲུབ་པའི་རིགས་པ་སྔོན་འགྲོ་བས། །ཁྱད་པར་ཉིད་དུ་བྱས་ཡིན་གྱི། །རིམ་པ་གཉིས་པོ་ཙམ་ཞིག་ནི། །ཕྱི་རོལ་པ་དང་ཉན་ཐོས་དང༌། །རང་སངས་རྒྱས་ལའང་བཀག་པ་མེད། །ལྷ་ཆེན་པོ་དང་ཁྱབ་འཇུག་དང༌། །ཚངས་པས་བསྟན་པའི་གསང་སྔགས་ཀྱི། །རྗེས་འབྲང་མུ་སྟེགས་རྗེས་བཟུང་ཕྱིར། །རྒྱལ་བས་རྒྱུད་སྡེ་སོ་སོར་གསུངས། །རྒྱུད་གང་དེ་དེའི་ཆོས་སྐོར་དུ། །རྗེས་གཟུང་བྱ་དེའི་ལམ་མེད་ན། །དེ་ཡིས་དེ་དག་རྗེས་འཛིན་པར། །ནུས་པའི་ཤེས་བྱེད་གང་དུ་བཙལ། །དེ་ཚེ་བརྟེན་གྱི་གང་ཟག་ནི། །འཇིག་རྟེན་པ་དང་ཐུན་མོང་བར། །ཕུང་པོ་བཏགས་པའི་ང་ཙམ་དེ། །གྲུབ་མཐར་རྟག་གཅིག་རང་དབང་ཅན། །དེ་ཉིད་ལྷག་གང་དེར་གོམས་པས། །དེ་དེ་གསལ་བར་སྣང་བ་ནི། །ཟད་པར་ས་སོགས་ཇི་བཞིན་པ། །རྣལ་འབྱོར་ཅན་ལས་གཞན་ལ་ཡང༌། །གོམས་པ་པོ་ལྟར་སྣང་བའི་དཔེ། །སྒྱུ་མའི་གླང་པོ་ལ་སོགས་གཞན། །རྣལ་འབྱོར་དེ་ཡིས་ཁམས་གཉིས་ལས། །འཕགས་པར་ནུས་མོད་གང་ཟག་གི །བདག་ཏུ་རྨོངས་ཕྱིར་ཁམས་གསུམ་ལས། །འདའ་བར་ནུས་པ་མ་ཡིན་ནོ། །གཟུང་འཛིན་རྒྱུ་བ་ཁེགས་པ་ན། །དབུ་མར་འདུས་པ་ལས་བྱུང་བའི། །ལྷན་སྐྱེས་འཛིན་མེད་ངང་ཉིད་དུ། །འཇོག་པར་ནུས་པའང་སྲིད་མོད་ཀྱི། །དེ་འདྲར་ཤེས་རིག་སྐྱེས་བུར་ནི། །ཞེན་པའི་རྟོག་པས་བཅིངས་ཕྱིར་ན། །ཁམས་གསུམ་པ་ལས་འདའ་མི་ནུས། །ཉན་ཐོས་དགེ་སློང་སྔགས་ཀྱི་རྟེན། །མཆོག་ཏུ་དུས་འཁོར་ལས་གསུངས་ཕྱིར། །བླ་མེད་རྒྱུད་དུ་གསུངས་པ་ཡི། །རིམ་གཉིས་རྟེན་དུ་རུང་བར་བརྟག །རྟེན་ཡང་བདག་ཅེས་བྱ་བ་ཡི། །གཟུང་འཛིན་དང་བྲལ་ཡེ་ཤེས་ཉིད། །ཡིན་ཕྱིར་ལམ་དེས་ཚེ་དེ་ལ། །དགྲ་བཅོམ་མངོན་དུ་བྱེད་པར་ནུས། །ཆོས་བདག་མེད་ལ་མ་གོམས་ཤིང༌། །ཐེག་ཆེན་སེམས་བསྐྱེད་དང་བྲལ་བས། །རྟེན་དེ་ཉིད་ལ་རྡོ་རྗེ་འཛིན། །མངོན་དུ་བྱེད་པར་ནུས་མ་ཡིན། །བགྲང་དང་རྗེས་འགྲོ་འཇོག་པ་སོགས། །ཉན་ཐོས་གཞུང་དུ་གང་བཤད་པའི། །རླུང་གི་རྣལ་འབྱོར་མཐར་ཕྱིན་ཚེ། །དེ་དེར་འཛིན་པ་ཀུན་བྲལ་ཡང༌། །ཆོས་སུ་རྨོངས་པ་མ་ལོག་དང༌། །ལོག་ཀྱང་གོམས་པར་མ་བྱས་ཕྱིར། །ཤེས་བྱའི་སྒྲིབ་ཀུན་སྟོང་མི་ནུས། །རང་སངས་རྒྱས་ཀྱི་སྲིད་ཐ་མ། །གསང་སྔགས་ཐོས་པའི་རྟེན་མིན་ཡང༌། །ཚེ་རབས་གཞན་ལ་ཉན་ཐོས་དང༌། །འདྲ་བར་བཞག་ནུས་མ་ཡིན་ན། །དཀྱིལ་འཁོར་ལྷ་ཚོགས་ལ་བཀོད་པའི། །རང་སངས་རྒྱས་རྣམས་དོན་མེད་འགྱུར། །རང་སངས་རྒྱས་ཀྱི་ཚུལ་བསྟན་པ། །ཡིན་ཞེས་ཟེར་མོད་དེ་དེར་ནི། །ཚུལ་བསྟན་པ་ལས་དེའི་རིགས་ཅན། །གསང་སྔགས་རྟེན་དུ་རུང་བར་མཚོན། །ལྷ་ཆེན་པོ་དང་ཚངས་པ་སོགས། །དེ་ཚུལ་བཟུང་ཡང་སངས་རྒྱས་དངོས། །ཡིན་པར་བཤད་དང་རང་རྒྱུད་པར། །འཆད་པའི་ཚུལ་གཉིས་བྱུང་བ་ཡང༌། །དེ་དང་མཚུངས་ཏེ་བསྒྲུབ་ཚུལ་ལ། །བསྟོད་ནས་སངས་རྒྱས་སུ་བསྒྲུབ་དང༌། །སྨད་ནས་རང་རྒྱུད་པར་བཞག་པ། །ལྷ་ཆེན་ཚུལ་བཟུང་སངས་རྒྱས་ཉིད། །ཡོད་ན་དྲག་པོ་རང་རྒྱུད་པ། །གསང་སྔགས་རྟེན་དུ་ཅི་མི་རུང༌། །ཞེས་བྱ་བ་འདི་གྲུབ་པའོ། །ཤུ་བྷཾ།།  །།  ༄། །སྭསྟི། ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་རྡོ་རྗེ་འཛིན་པའི་སར། །སྤྱོད་པས་མཚམས་སྦྱོར་མེད་མི་རུང༌། །ཡིན་པར་གསུངས་པའི་དགོངས་བཤད་བྱ། །མི་ཡི་རྟེན་ཅན་ལས་དང་པོ། །ཚེ་གཅིག་ཉིད་ལ་དེ་བྱེད་པའི། །ཐབས་སུ་དེ་དགོས་པར་འཆད་ཀྱི། །རྣམ་པ་ཀུན་དུ་དེར་མི་བཞེད། །བཞེད་ན་རྡོ་རྗེ་ཐེག་པ་ཡིས། །རྫོགས་སངས་རྒྱ་བའི་ལམ་གྱི་རྟེན། །འདོད་པའི་ཁམས་དང་མི་ཡི་རྟེན། །ཁོ་ནར་ངེས་པ་ཉིད་དུ་འགྱུར། །འདོད་ན་ཕར་ཕྱིན་ཐེག་པ་ཡི། །རྫོགས་སངས་རྒྱ་བའི་རྟེན་ཀུན་ཡང༌། །དེ་དེར་ངེས་པ་ཉིད་འགྱུར་ཏེ། །སྔགས་ལ་མ་བརྟེན་དེ་མེད་པར། །ཁྱེད་ཀྱི་ཁས་བླངས་ཉིད་ཕྱིར་རོ། །ས་བཅུ་རྒྱུན་གྱི་མཐའ་མ་ཡི། །བར་ཆད་མེད་ལམ་སྔོན་སོང་ནས། །སྔགས་ལ་བརྟེན་ནས་སངས་རྒྱ་བར། །ཁས་ལེན་བྱེད་པ་དེ་ཚེའང༌། །མཆོག་ཏུ་མི་འགྱུར་བདེ་ཆེན་གྱིས། །མཚམས་སྦྱོར་བྱེད་པ་ཉིད་རིགས་ཀྱི། །ཉེ་བའི་རྒྱུ་གཞན་འདིར་མེད་དེ། །རྒྱུན་མཐའི་བར་ཆད་མེད་ལམ་གྱིས། །མ་སྤངས་ཉོན་མོངས་བག་ཆགས་ནི། །འགའ་ཡང་ཡོད་པ་མིན་ཕྱིར་རོ། །དེ་ཕྱིར་སྔགས་ལ་མ་བརྟེན་པར། །རྫོགས་སངས་རྒྱ་བ་ཡོད་མིན་ཞེས། །འཆད་པ་སྤྱིར་བཏང་དུ་བཤད་ན། །ཁམས་གསུམ་ལས་ནི་ཡང་དག་པར། །རབ་འདས་དག་པའི་ཞིང་གཞན་དུ། །རྫོགས་སངས་རྒྱ་བ་མེད་འགྱུར་ཞིང༌། །འོག་མིན་རྟེན་དང་རིག་འཛིན་དང༌། །མཁའ་ལ་སྤྱོད་པའི་གནས་ལ་སོགས། །འདོད་པའི་ཁམས་ལས་མ་འདས་འགྱུར། །ཡང་དག་པར་ན་ཕར་ཕྱིན་གྱི། །བར་ཆད་མེད་ལམ་ཀུན་རྫོགས་ནས། །སྔགས་ཀྱི་ཉེ་རྒྱུས་མཚམས་སྦྱོར་བའི། །རྒྱུ་ཚོགས་གྲངས་ཚང་མ་ཡིན་ཏེ། །ཉོན་མོངས་བག་ཆགས་བཅས་སྤངས་ཕྱིར། །ཡང་ན་དག་པའི་ས་ཐོབ་པ། །ཟག་མེད་ཡིད་ཀྱི་རང་བཞིན་གྱི། །ལུས་མ་བླངས་པ་མི་སྲིད་ཕྱིར། །འོ་ན་བསམ་གྱིས་མི་ཁྱབ་པའི། །གནས་མ་ཐོབ་པ་དེ་སྲིད་དུ། །རྡོ་རྗེ་སེམས་དཔའ་ཉིད་དུ་ནི། །འཚང་མི་རྒྱ་བར་གསུངས་དེ་ཅི། །ཞེ་ན་གོང་དུ་བཤད་ཇི་བཞིན། །མི་ཡི་རྟེན་ཅན་ལས་དང་པོ། །སྤྱོད་པ་གསུམ་ལ་མ་བསླབས་པར། །ཕར་ཕྱིན་ཐེག་པར་གང་གསུངས་པའི། །ཆོས་ཀྱི་སྤྲིན་དང་མིང་མཐུན་པར། །དེ་ཙམ་མངོན་དུ་བྱས་རྗེས་སུ། །ཉེ་རྒྱུས་མཚམས་སྦྱོར་དགོས་པའི་དོན། །ཡིན་གྱི་གཟུགས་ཁམས་རྟེན་ཅན་གྱི། །སངས་རྒྱས་མི་བཞེད་ག་ལ་སྲིད། །འོ་ན་ཁྱད་པར་ཅི་ཞེ་ན། །ཕར་ཕྱིན་ས་བཅུའི་མཐའ་མར་ནི། །ཉོན་མོངས་བག་ཆགས་ཀུན་སྤོང་ཞིང༌། །སྔགས་ཀྱི་དེ་མཐར་དེ་ཡི་སྤོང༌། །ཅི་ཕྱིར་ཞེ་ན་དེ་མཐར་ཡང༌། །ས་གཉིས་ངེས་པར་བསྣོན་དགོས་ཕྱིར། །དེ་ཡི་དགོས་པ་བསམ་མི་ཁྱབ། །ཅེས་པའི་མིང་ཅན་ཉེ་རྒྱུ་ཡིས། །འཚམས་སྦྱོར་ས་གཉིས་དགོས་ཕྱིར་རོ། །ཞུ་བདེ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མེད་པར་མཚམས་མི་སྦྱོར། །བག་ཆགས་ཀུན་སྤངས་ཡེ་ཤེས་དེ། །མངོན་དུ་བྱེད་པའི་ཐབས་ཡོད་མིན། །འོ་ན་སྔགས་ཀྱི་ས་བཅུ་པོར། །ཅིག་ཤོས་ས་བཅུའི་ཡོན་ཏན་ཀུན། །རྫོགས་པ་མིན་པར་ཐལ་ཞེ་ན། །བསོད་ནམས་ཚོགས་རྫོགས་བྱེད་པའི་ཐབས། །མ་ལུས་དེ་ཉིད་དུ་འདུས་ཀྱང༌། །ཚེ་དེ་ཉིད་ལ་ལྷན་སྐྱེས་ཀྱི། །ཡེ་ཤེས་མངོན་དུ་བྱེད་པའི་ཐབས། །མེད་མི་རུང་བ་འཕོ་བ་ཡི། །བག་ཆགས་ཆེད་དུ་གཉེར་སྤོང་བ། །སྔགས་ཀྱི་ས་བཅུ་པ་ལ་མེད། །ཡོད་ན་བཅུ་གཉིས་སའི་རྣམ་གཞག །བཤད་པ་ཅི་ཕྱིར་ཡིན་པ་སོམས། །དཔེར་ན་བྱང་སེམས་མཐོང་ལམ་དུ། །ཉན་ཐོས་རྟོགས་པ་ཀུན་རྫོགས་ཀྱང༌། །བག་ལ་ཉལ་གྱི་ཉོན་མོངས་པ། །ཆེད་དུ་གཉེར་ནས་མི་སྤོང་བཞིན། །སྔགས་ལུགས་དྲོད་ཆེན་པོ་ཐོབ་ནས། །སྤྱོད་པས་མཚམས་སྦྱར་མཐོང་ལམ་པ། །ཞུ་བདེ་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མངོན་དུ་བྱས་ཟིན་ཕྱིར། །སྔགས་ཀྱི་ས་བཅུའི་རྒྱུན་མཐའ་ནས། །བག་ཆགས་སྤོང་ལ་འགལ་བ་མེད། །དེ་ནས་མཆོག་ཏུ་མི་འགྱུར་བའི། །བདེ་ཆེན་གྲངས་ནི་ཀུན་ཚང་བ། །ས་གཉིས་པོ་ཡིས་རྫོགས་པར་བྱ། །ཞེས་བྱ་བ་འདི་གྲུབ་པའོ། །ཤུ་བྷཾ།།  །།  ༄། །སྭསྟི། སྔགས་ཀྱི་ས་བཅུའི་རྣམ་གཞག་ལ། །ཕ་རོལ་ཕྱིན་པའི་ས་བཅུ་པོའི། །མིང་མཐུན་ན་ཡང་དོན་མཐུན་དང༌། །དེ་ལས་གཞན་པ་གཉིས་སུ་བཤད། །དོན་མཐུན་པ་ནི་ཕན་ཚུན་དུ། །ཡིན་ཁྱབ་མཉམ་པར་མི་བཞེད་ཀྱི། །དེའི་ནང་དུ་ཅིག་ཤོས་ཀྱི། །ཡོན་ཏན་ཚང་བ་ལྷག་དང་བཅས། །ཚང་ཚུལ་ས་རྣམས་ཐ་དད་དུ། །བསོད་ནམས་ཚོགས་ཆེན་རྫོགས་པ་དང༌། །མཐོང་དང་བསྒོམ་པས་སྤང་བྱ་བ། །ཕལ་ཆེར་སྤོང་བར་ནུས་པ་ཡིན། །དོན་མི་མཐུན་པ་ཕ་རོལ་དུ། །ཕྱིན་པ་ཁོ་ནའི་ས་བཅུ་དང༌། །སྔགས་ཀྱི་ཐུན་མོང་མིན་པ་ཡི། །ས་གཉིས་པོའམ་ཕྱེད་དང་གསུམ། །ཕར་ཕྱིན་རྐྱང་བའི་ས་བཅུ་ནས། །སྔགས་ལ་འཇུག་ཚུལ་རྣམ་པ་བཅུ། །ཡོད་ཀྱང་ས་བཅུ་རྒྱུན་མཐའ་པ། །བླ་མེད་ཐེག་པར་འཇུག་མིན་ཏེ། །བསོད་ནམས་ཚོགས་ཆེན་ཀུན་རྫོགས་ཤིང༌། །ཉོན་མོངས་རྣམས་ནི་བག་ཆགས་དང༌། །བཅས་ཀུན་སྤངས་པའི་རྫོགས་སངས་རྒྱས། །དེ་ཡི་དངོས་རྒྱུ་ནུས་མཐུ་ནི། །ཐོགས་མེད་ཚང་བ་ཡིན་ཕྱིར་རོ། །ཕ་རོལ་ཕྱིན་པའི་རབ་དགའ་ནས། །ཆོས་སྤྲིན་ཙམ་པོའི་བར་དག་ནི། །གང་ནས་སྔགས་ལ་འཇུག་ཀྱང་རུང༌། །སྔགས་ཀྱི་ས་ཆེན་བཅུ་གཉིས་པོ། །རྫོགས་པར་མངོན་དུ་བྱེད་དགོས་ཏེ། །དེ་མེད་པར་ཡང་དེ་ཡིས་ནི། །རྫོགས་སངས་རྒྱས་པ་མི་འབྱུང་ཕྱིར། །ཐུན་མོང་མིན་པའི་ས་གཉིས་པོ། །སྔ་མ་རྣམས་ཀྱི་ཁྱབ་བྱེད་དུ། །མ་ལུས་རྒྱས་པར་སོང་མོད་ཀྱང༌། །སྔགས་ཀྱི་ས་བཅུ་ཀུན་རྫོགས་པའི། །མཐར་ཡང་མངོན་དུ་བྱས་དགོས་ཏེ། །ཉེ་རྒྱུའི་མཚམས་སྦྱོར་དགོས་ཕྱིར་རོ། །སྔགས་ཀྱི་ས་ཆེན་བཅུ་པོ་ཡི། །ནང་དུ་ཕ་རོལ་ཕྱིན་པའི་ས། །བཅུ་པོ་ཡར་ལྡན་དུ་ཚང་ཞིང༌། །ཐུན་མོང་མིན་པའི་ས་གཉིས་སུ། །རྒྱུན་མཐའི་བར་ཆད་མེད་པའི་ས། །ཡོན་ཏན་ཚུལ་གྱིས་ཚང་བས་ན། །བཅུ་གཅིག་ཀུན་དུ་འོད་ཀྱི་ས། །སྔགས་དང་ཕ་རོལ་ཕྱིན་པ་ནི། །གཉིས་ཀའི་འབྲས་བུའི་མཐར་ཐུག་པ། །ཡིན་པ་ཤིང་རྟའི་སྲོལ་ལས་བྱུང༌། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།སྭསྟི། ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་ནས་ནི་གསང་སྔགས་ཀྱི། །ཐུན་མོང་མིན་པའི་ས་རྣམས་ལ། །འཇུག་ཚུལ་རིམ་བཞིན་བཤད་པར་བྱ། །སྔགས་ཀྱི་མོས་སྤྱོད་སར་གནས་པའི། །བྱང་སེམས་འཁོར་ལོ་སྡོམ་ལྟ་བུ། །ཡོངས་རྫོགས་རྟོག་པ་དང་བཅས་པའི། །བསྐྱེད་རིམ་མཐར་སོན་དྲོད་གསུམ་པོ། །གང་ཡང་རུང་བ་ཉིད་དང་ནི། །རང་བྱིན་རླབས་ལ་གདེང་ཐོབ་ནས། །སྤྱོད་པ་རྣམ་གསུམ་གང་རུང་ཞིག །སྤྱོད་པའི་མཐུན་རྐྱེན་ཚང་གྱུར་ཚེ། །གང་དུ་རྒྱུ་བའི་ཡུལ་ཆེན་པོ། །སྤྱིར་བཏང་བཅུ་གཉིས་སུ་བཤད་པ། །རབ་དགའ་ལ་སོགས་ས་བཅུ་དང༌། །དཔེ་མེད་པ་དང་ཡེ་ཤེས་ཆེ། །ཞེས་བྱ་ཐུན་མོང་མིན་པ་ཡི། །ས་གཉིས་པོ་དང་རིམ་བཞིན་དུ། །སྦྱོར་བར་བཞེད་ལ་མི་མཐུན་མེད། །ཁྱད་པར་སྔགས་ཀྱི་སྦྱོར་ལམ་པ། །སྤྱོད་པའི་དོན་དུ་རྒྱུ་བའི་ཡུལ། །གནས་ཀྱི་མིང་ཅན་གསང་སྔགས་ཀྱི། །ས་དང་པོ་ཡི་དཔའ་བོ་དང༌། །རྣལ་འབྱོར་མ་རྣམས་བཞུགས་པའི་ཡུལ། །གང་ཡིན་འཁྲུལ་མེད་ངོས་བཟུང་ནས། །ཐེ་ཚོམ་མེད་པ་དེར་ཞུགས་ཚེ། །བརྡ་དང་བརྡའི་ལན་སོགས་ལ། །འཁྲུལ་པ་མེད་པར་བརྟགས་དཔྱད་དེ། །རང་ཉིད་རྣལ་འབྱོར་ཕ་ཡིན་ན། །དེར་ཡོད་རྣལ་འབྱོར་མ་རྣམས་དང༌། །རང་ཉིད་རྣལ་འབྱོར་མ་ཡིན་ན། །དེར་ཡོད་རྣལ་འབྱོར་ཕ་རྣམས་དང༌། །རྟོག་པའི་བྱེ་བྲག་ཚུལ་བཞིན་དུ། །ཤེས་ནས་སྙོམས་པར་འཇུག་བྱ་བ། །དེ་ཚེ་སྔགས་ཀྱི་མཐོང་བའི་ལམ། །མངོན་དུ་འགྱུར་བ་ཞེས་སུ་བཤད། །དེ་ནས་བཟུང་སྟེ་འབྲས་བུ་ལ། །མཚམས་སྦྱོར་མི་རན་དེ་སྲིད་དུ། །ཆགས་ཅན་ཆེད་དུ་མི་སྤོང་ཞིང༌། །ཉེ་རྒྱུས་ལས་བྱུང་ཞུ་བདེ་ཡི། །ཡེ་ཤེས་མངོན་དུ་གྱུར་པ་ལས། །བྱུང་བའི་ཆགས་ཆེན་ཡེ་ཤེས་ཀྱི། །འཕོ་བའི་བག་ཆགས་ཀུན་སྤངས་པ། །དེ་ཚེ་རྡོ་རྗེ་འཛིན་པའི་ས། །མངོན་དུ་གྱུར་པ་ཞེས་བྱའོ། །དེ་བཞིན་གཞན་ལའང་སྦྱར་བྱ་སྟེ། །དཔེར་ན་སྔགས་ཀྱི་ས་དང་པོར། །བདེན་པ་མཐོང་ཡང་ལས་མཐའ་ལ། །ཆགས་པས་སྤྱོད་པ་ལ་རྒྱུ་བའི། །མཐུན་རྐྱེན་ཚང་བར་མ་གྱུར་ན། །སྤྱོད་པའི་ཚུལ་ལ་མ་ལྟོས་པར། །སྔགས་ཀྱི་ས་གཞན་འབད་རྩོལ་གྱིས། །བསྒྲུབས་ནས་མཐུན་རྐྱེན་ཚང་བ་དང༌། །བསོད་ནམས་ཚོགས་ཆེན་རྫོགས་པ་གཉིས། །མཉམ་དུ་འཛོམ་པར་གྱུར་པའི་ཚེ། །ངེས་པར་སྤྱོད་པས་མཚམས་སྦྱར་ནས། །རྡོ་རྗེ་འཛིན་པ་མངོན་དུ་འགྱུར། །སྔགས་ཀྱི་ས་བཅུ་སྤྱོད་པ་ལ། །ལྟོས་དང་མ་ལྟོས་གཉིས་བཤད་པ། །ལྟོས་པ་ཤིན་ཏུ་མྱུར་མོད་ཀྱང༌། །དུས་མ་ཡིན་པར་ཡང་དག་མཐའ། །མངོན་དུ་བྱས་པའི་ཉེས་དམིགས་དང༌། །གཉེན་པོ་ཞན་ལ་རྩ་བ་ཡི། །ལྟུང་བས་གོས་པའི་ཉེས་འབྱུང་སྲིད། །སྤྱོད་པའི་ཚུལ་ལ་མ་སྦྱངས་ཀྱང༌། །སྔགས་ཀྱི་བདེན་པ་མཐོང་སྲིད་པ། །དབང་བསྐུར་ཡེ་ཤེས་ཕེབས་པ་དང༌། །ལུས་ཀྱི་བྱེད་པ་བཅིངས་སོགས་དང༌། །བྱིན་རླབས་རིམ་པ་ལས་ཀྱང་འབྱུང༌། །ཡུལ་ཆེན་ཉི་ཤུ་རྩ་བཞིར་ནི། །ཡོད་པའི་དཔའ་བོ་རྣལ་འབྱོར་མ། །མི་དང་མི་མ་ཡིན་པའམ། །ལྷ་ལ་སོགས་པ་ཅི་ཞེ་ན། །ཁམས་གསུམ་པོ་ལས་ཡང་དག་པར། །འདས་རྣམས་མི་སོགས་ལྔ་དག་ཏུ། །བསྡུ་བར་ནུས་པ་མ་ཡིན་མོད། །སྐབས་འདིར་བླང་བྱའི་གཙོ་བོ་ནི། །གསང་སྔགས་བསྒྲུབ་པའི་དཔའ་བོ་དང༌། །རྣལ་འབྱོར་མ་གང་མིའམ་ནི། །མཁའ་ལ་སྤྱོད་སོགས་གང་ཡང་རུང༌། །བཅུ་གཉིས་སའི་དབང་ཕྱུག་འགའ། །རང་ཉིད་སྨིན་ཅིང་གཞན་གྲོལ་ཕྱིར། །བྲམ་ཟེ་ལ་སོགས་རིགས་དག་ཏུ། །བསམ་ཞིང་སྐྱེ་བ་བཞེས་རྣམས་སོ། །དེ་དག་གང་ན་ཡོད་པའི་སར། །སྤྱོད་པའི་མཐུན་རྐྱེན་ཚང་བ་རྣམས། །སྤྱོད་པའི་དོན་དུ་རྒྱུ་བ་ནི། །གཞུང་གི་དངོས་བརྟན་དུ་བཤད་པ། །ཁོ་ནར་མ་ཟད་དེ་དག་ཀྱང༌། །མཐུན་རྐྱེན་ཚང་བའི་གསང་སྔགས་པ། །གང་ན་ཡོད་པ་དེར་ཡང་འོང༌། །དེ་དང་ལྷན་ཅིག་སྤྱོད་པ་ལས། །དེའི་རྟོགས་པ་གང་ཡིན་པའི། །ས་དེ་སྔགས་པས་མངོན་དུ་བྱེད། །ལྷག་པས་དམན་པ་གྲོལ་བྱེད་ཅིང༌། །མཉམ་པས་ཀྱང་ནི་མཉམ་པ་གྲོལ། །སྐྱེས་པས་བུད་མེད་གྲོལ་ནུས་ཤིང༌། །བུད་མེད་ཉིད་ཀྱིས་བུད་མེད་ཀྱང༌། །མཐར་ཕྱིན་ཚེ་ན་གྲོལ་བར་བཤད། །ཐུན་མོང་མིན་པའི་ས་གཉིས་པོ། །སྔགས་ཀྱི་ས་བཅུ་སོ་སོ་དང༌། །མཉམ་པོར་ཁྱབ་བྱེད་དུ་སོང་བ། །དེ་ཚེ་སྔགས་ཀྱི་ས་བཅུ་པའི། །རྒྱུན་མཐར་ཉེ་རྒྱུས་མཚམས་སྦྱར་བ། །ཙམ་གྱིས་ཆོག་པར་དོན་གྱིས་ཐོབ། །འོ་ན་བཅུ་གཉིས་ས་ཡི་གྲངས། །ངེས་པ་མིན་པ་ཐལ་ཞེ་ན། །ཕ་རོལ་ཕྱིན་པའི་ས་བཅུ་ཡི། །དོན་ཚང་མིང་ཡང་མཐུན་པ་ནི། །བཅུ་ལས་ལྷག་གྱུར་མེད་པས་ན། །དཔེ་མེད་པ་དང་ཡེ་ཤེས་ཆེ། །ཐུན་མོང་མིན་པའི་སར་བཤད་དོ། །གཉིས་པ་སྔ་མའི་ས་རྣམས་སུ། །ཁྱབ་བྱེད་དག་ཏུ་སོང་ཚེ་ཡང༌། །ས་བཅུ་པོ་ཡི་བསོད་ནམས་ཚོགས། །རྫོགས་པར་མ་བྱས་དེ་སྲིད་དུ། །ཉེ་རྒྱུས་མཚམས་སྦྱོར་མི་རུང་ཞིང༌། །མཚམས་སྦྱོར་ས་དེ་ས་བཅུ་པའི། །རྒྱུན་མཐར་བཤད་པ་ཉིད་ཀྱིས་ཆོག །རྣལ་འབྱོར་དབང་ཕྱུག་མན་ངག་ལས། །སྔགས་ཀྱི་སློབ་པའི་ས་ན་ནི། །ཕྱེད་བཅས་བཅུ་གསུམ་དུ་བཤད་ནས། །བུམ་དབང་ས་དྲུག་གསང་དབང་གི །ས་བཞི་གསུམ་པའི་ས་གཉིས་དང༌། །བཞི་པའི་ས་ཕྱེད་དུ་བཤད་པ། །དེ་ཡི་དགོངས་པ་བརྟག་དཀའ་བ། །འདི་ལྟར་འཆད་དོ་སྔགས་པ་ལ། །རིམ་གྱིས་བ་དང་ཅིག་ཆར་བའི། །མིང་ཅན་གཉིས་ལས་དང་པོ་ཡིས། །བུམ་དབང་ཐོབ་ནས་བསྐྱེད་པའི་རིམ། །མཐར་ཕྱིན་པ་ལ་གསང་བའི་དབང༌། །བསྐུར་ནས་རང་བྱིན་བརླབ་རིམ་ལ། །གདེང་ཐོབ་གྱུར་ཚེ་གསུམ་པའི་དབང༌། །བསྐུར་ནས་ཕོ་ཉའི་ལམ་གོམས་པ། །མཐར་ཕྱིན་ཚེ་ན་ཉེ་རྒྱུ་ཡིས། །མཚམས་སྦྱར་སྐད་ཅིག་གཉིས་པ་ལ། །རྡོ་རྗེ་འཛིན་ས་བརྙེས་པར་བཞེད། །དེ་ཚེ་སྔགས་ཀྱི་ས་དྲུག་པ། །ཚུན་ཆད་སྤྱོད་པའི་དོན་དུ་ནི། །རྒྱུ་བར་འཆད་པ་མ་ཡིན་ཏེ། །གསང་བའི་དབང་བསྐུར་མ་ཐོབ་ཅིང༌། །རང་བྱིན་བརླབས་པ་མེད་ཕྱིར་རོ། །ས་བཅུ་པ་ལ་རང་བྱིན་བརླབས། །མཐར་ཕྱིན་པས་ནི་སྤྱོད་པ་ཡི། །རྒྱུ་ཚོགས་མཐའ་དག་སྒྲུབ་བྱེད་ཀྱི། །གསུམ་པའི་དབང་བསྐུར་མེད་པར་མིན། །ས་དྲུག་པོར་ནི་བསྐྱེད་རིམ་གྱིས། །བསོད་ནམས་ཚོགས་རྫོགས་བྱེད་པའི་ཚེ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ། །སྤོང་བྱེད་གཉེན་པོ་དབང་བསྐུར་ལས། །ཐོབ་པའི་ལྟ་གྲུབ་གང་ཡིན་དང༌། །ཉམས་སུ་ལེན་པའི་གནད་གསུམ་གྱིས། །གཏན་ལ་ཕབ་པའི་ལྟ་བའོ། །དེ་ནས་རིམ་བཞིན་དབང་བསྐུར་བ། །གསུམ་ལས་བྱུང་བའི་བདེ་ཆེན་གྱི། །ཡེ་ཤེས་ཆུང་འབྲིང་ཆེ་རྣམས་ཀྱིས། །སྤང་བྱ་བག་ཆགས་བཅས་སྦྱོང་ཞིང༌། །བསོད་ནམས་ཚོགས་ཆེན་རྫོགས་པར་བྱེད། །གཉིས་པ་སྐལ་ལྡན་ཅིག་ཆར་བས། །དབང་བསྐུར་རྣམ་བཞི་དཀྱུས་གཅིག་ལ། །རྫོགས་པར་མནོས་ནས་རིམ་པ་གཉིས། །ཞག་རེ་བཞིན་ཡང་སྤེལ་མར་ནི། །གོམས་པས་ས་དྲུག་ཡོངས་རྫོགས་པ། །དེ་ཚེ་ལས་དང་པོ་དེ་ལ། །བསྐྱེད་པའི་རིམ་པ་གཙོ་ཆེ་བས། །དེ་སྐད་བརྗོད་ཀྱི་སྐབས་དེ་ན། །རྫོགས་རིམ་ས་རྣམས་མེད་མ་ཡིན། །ཡོད་ཕྱིར་བུམ་དབང་ས་དྲུག་ཀྱང༌། །སྤྱོད་པ་ལས་ཐོབ་སྲིད་པར་བཞེད། །འོ་ན་བསྐྱེད་རིམ་ས་དྲུག་དང༌། །རྫོགས་པའི་རིམ་པའི་ས་དྲུག་པོ། །མཐར་ཕྱིན་དུས་མཉམ་དུ་ཐལ་བས། །ས་བཅུ་གཉིས་ཀྱི་གོ་རིམ་དང༌། །གྲངས་ངེས་ཉམས་པར་ཐལ་ཞེ་ན། །ཀུན་ལ་བསྐྱེད་རིམ་རྟེན་དུ་ནི། །དགོས་ཕྱིར་གོ་རིམ་མི་ཉམས་ཤིང༌། །ལྟ་སྤྱོད་རྫས་རྣམས་སོ་སོ་བར། །ཡོད་ཕྱིར་གྲངས་ངེས་ཉམས་པ་མེད། །བསྐྱེད་པའི་རིམ་ལས་ཕྱི་ནང་གཉིས། །ནང་གི་བསྐྱེད་རིམ་མཐར་ཕྱིན་པ། །དེ་ལ་ཡུལ་ཆེན་ཉི་ཤུ་བཞིའི། །དཔའ་བོ་དང་ནི་རྣལ་འབྱོར་མས། །བྱིན་གྱིས་བརློབ་པར་བྱེད་མོད་ཀྱི། །རང་བྱིན་བརླབས་པའི་རིམ་མེད་པར། །མཚན་ཉིད་ལྡན་པའི་སྤྱོད་པ་ནི། །ཡོད་མ་ཡིན་པ་གཞུང་གི་དོན། །ཞར་ལ་ཡུལ་ཆེན་ཉེར་བཞི་དང༌། །སུམ་ཅུ་གཉིས་དང་སུམ་ཅུ་བདུན། །བཞི་བཅུ་ཞེ་བརྒྱད་ཞེས་བྱ་དང༌། །གྲོང་རྡལ་གཅིག་ཏུ་ཀུན་ཚང་བ། །སོགས་ཀྱི་རྣམ་གཞག་མང་ན་ཡང༌། །གང་ན་ཡོད་པའི་ས་དེ་ནི། །འདོད་པའི་ཁམས་ཡིན་ཁམས་གོང་མ། །གཉིས་མིན་ཁམས་གསུམ་ལས་འདས་པའི། །ཡུལ་དུའང་དེ་དག་བཞག་པ་མེད། །ས་འོག་དམྱལ་བ་ལྟ་ཅི་སྨོས། །ཀླུའི་འཇིག་རྟེན་དག་དང་ནི། །གཤིན་རྗེའི་འཇིག་རྟེན་དེ་ན་ཡང༌། །ཡུལ་གང་ཡོད་ཅེས་བརྟག་པར་བྱ། །སྐབས་འདིར་ཉེར་མཁོ་འཛམ་གླིང་གི །ཡུལ་ཆེན་དུ་བཤད་གང་ཡོད་དང༌། །ཁྱད་པར་གྲོང་བརྡལ་ཆེ་གཅིག་ནའང༌། །གསང་སྔགས་ས་ཆེན་བཅུ་གཉིས་ཀྱི། །དབང་ཕྱུག་རྣལ་འབྱོར་ཕ་མ་རྣམས། །ཡོད་ཕྱིར་གསང་སྔགས་སྒྲུབ་པ་པོས། །བདེ་ཆེན་རྙེད་པར་མི་དཀའ་ཞེས། །རྒྱུད་ལས་གསུངས་པ་དེ་བཟུང་བྱ། །དེ་སྐད་རྒྱས་པར་བཤད་འདི་ནི། །ཕ་རོལ་ཕྱིན་པའི་རྫོགས་སངས་རྒྱས། །སྔགས་ཀྱི་ཚོགས་ལམ་ནས་བཟུང་སྟེ། །བཅུ་གཉིས་ས་ལ་རིམ་བཞིན་དུ། །ཞུགས་ནས་རྫོགས་སངས་རྒྱའོ་ཞེས། །ཟེར་འགའ་ལེགས་པར་བཤད་ཉིད་དུ། །འཁྲུལ་པ་སྤངས་པའི་ཕྱིར་ཡང་སྟེ། །ཁྱད་པར་གསང་སྔགས་བླ་མེད་ཀྱི། །ལམ་ལ་དགའ་བ་མང་མོད་ཀྱང༌། །ངེས་པའི་དོན་གྱི་ལམ་རིམ་ལ། །གདེང་ཐོབ་མེད་ཀྱང་བློ་གཟུ་བོ། །འགའ་ཞིག་རྗེས་སུ་བཟུང་ཕྱིར་དང༌། །རང་གིས་ལན་བརྒྱར་བསམ་པ་ལས། །ངེས་གང་རྒྱུད་གཞུང་མཐའ་དག་དང༌། །མཐུན་ནམ་གཞན་ཞེས་བརྟག་བྱའི་ཕྱིར། །འབད་པས་སྦྱར་བ་འདི་དགེའོ།།  །།ཤུ་བྷཾ།།  །།སྭསྟི།།  །།ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་ནས་ནི་ཕྱི་རབས་པ། །སྔགས་ལ་འཇུག་པའི་སྒོ་འགེགས་ལ། །སྒོ་དབྱེར་འཁྲུལ་པ་དེ་བརྟག་བྱ། །གསང་བ་འདུས་པའི་སྒྲུབ་ཐབས་ཀྱིས། །ལོངས་སྤྱོད་རྫོགས་སྐུ་སྒྲུབ་བྱེད་ཚེ། །མ་དག་རྣམ་སྨིན་ཕུང་པོ་འདི། །ལོགས་སུ་བོར་ནས་གཞི་ལུས་ལ། །རིམ་པ་ལྔ་པོའི་གོ་རིམ་གྱིས། །སྒྱུ་མ་ལྟ་བུའི་སྐུ་འགྲུབ་ཟེར། །གཉུག་མ་གཞི་ལུས་ཞེས་བྱ་བ། །དེའི་ངོས་འཛིན་དྲིས་པ་ན། །རླུང་སེམས་ཙམ་ལས་གྲུབ་པའི་ལུས། །སེམས་ཅན་ཀུན་ལ་ཡོད་ཡིན་ལོ། །རླུང་གི་ངོས་འཛིན་ལས་རླུང་ངམ། །ཡེ་ཤེས་རླུང་ཡིན་སེམས་དེ་ཡང༌། །ཚོགས་དྲུག་འཁོར་བཅས་ལས་གཞན་པ། །ཁྱེད་ལ་མེད་ཕྱིར་དེར་འདོད་དམ། །ལས་ཀྱི་རླུང་ནི་རྣམ་སྨིན་གྱི། །མ་དག་ཕུང་པོ་ལས་གཞན་མིན། །དབུ་མར་ཚུད་པའི་ཡེ་ཤེས་རླུང༌། །སེམས་དང་ཚོགས་པ་གཅིག་མི་འགྲུབ། །ཅི་ཕྱིར་ཞེ་ན་དབུ་མར་ནི། །ཚུད་པའི་སེམས་ལ་ཚོགས་དྲུག་གི །དབྱེ་བ་ཡོད་པ་མིན་ཕྱིར་རོ། །དེ་ཕྱིར་དབུ་མའི་རླུང་ཡེ་ཤེས། །ཚོགས་པ་གཅིག་ཏུ་གང་གྱུར་པ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ། །བསྒྲུབ་པའི་གཞི་ཞེས་ཟེར་ན་སྨོས། །ལས་རླུང་དབུ་མར་འཕོས་པའི་ཚེ། །འབྱུང་དང་འཇུག་པ་དང་བྲལ་ཡང༌། །འོད་ཟེར་ཁ་དོག་ལྔ་ལྡན་པ། །མི་འགལ་ཟུང་འཇུག་སྐུ་ཇི་བཞིན། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རྡོ་རྗེ་རྣམ་བཞི་གཅིག་གྱུར་པ། །ཡེ་ཤེས་རླུང་གིས་སྒྱུ་མའི་སྐུ། །དབྱིབས་དང་ཁ་དོག་ཚོགས་བཀྲ་བ། །རབ་ཏུ་བྲིས་པ་ལྟར་སྣང་བ། །དཔའ་བོ་གཅིག་པའམ་དཀྱིལ་འཁོར་གྱི། །ཚོགས་རྣམས་ཀུན་དུ་གསལ་བར་སྣང༌། །འདི་ནི་ལུས་དབེན་བསྐྱེད་པའི་རིམ། །རྟོག་བཅས་བསྒོམ་པ་ཡོངས་རྫོགས་པས། །འཁྲུལ་མེད་རྣལ་འབྱོར་པའི་མངོན་སུམ། །དེ་སྒྲུབ་བྱེད་པའི་སྦྱོར་བ་དང༌། །དངོས་གཞིའི་དུས་སུ་ཀུན་སློང་དང༌། །དེར་ཞེན་རྟོག་པ་དང་བཅས་ཕྱིར། །ཀུན་རྫོབ་བདེན་པ་ཞེས་བཤད་མོད། །བསྒྲུབ་པའི་གཞི་དང་གྲུབ་པའི་འབྲས། །ཆོས་དབྱིངས་མངོན་སུམ་ཉིད་ཡིན་ཕྱིར། །དོན་དམ་བདེན་པ་ལས་མ་འདས། །འོད་གསལ་བ་དང་སྒྱུ་མའི་སྐུ། །བདེན་གཉིས་སོ་སོར་འབྱེད་པའི་ཚེ། །སྒྱུ་མར་ཞེན་པའི་རྣམ་རྟོག་དང༌། །བྲལ་མ་བྲལ་ལས་སོ་སོར་འབྱེད། །སྒྲ་དོན་འཛིན་པའི་རྣམ་རྟོག་ཀུན། །བྲལ་ཡང་གཉིས་སྣང་བག་ཆགས་དང༌། །མ་བྲལ་དག་པའི་ས་རྣམས་སུ། །ཟུང་འཇུག་སྐུ་ལ་རེས་འཇོག་ཕྱིར། །བསློབ་བཞིན་པ་ཡི་ཟུང་འཇུག་དང༌། །རྫོགས་སངས་རྒྱས་ཚེ་མཉམ་བཞེངས་ཀུན། །ཟུང་འཇུག་སྐུ་ལས་གཡོ་མེད་ཕྱིར། །ཟུང་འཇུག་མི་སློབ་པར་བཤད་དོ། །དེ་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ། །བསྒྲུབ་གཞི་སྔོན་འགྲོ་དབེན་གསུམ་དང༌། །བུམ་པའི་དབང་དང་གསང་བའི་དབང༌། །མེད་པར་མི་འབྱུང་ཕྱིར་ན་དེ། །སེམས་ཅན་ཀུན་ལ་ཡོད་མ་ཡིན། །ཡོངས་རྫོགས་བསྐྱེད་རིམ་གསལ་སྣང་ཅན། །དེ་ལས་ལྷག་ཅིང་གཞན་གྱུར་པའི། །གཟུགས་སྐུའི་རིགས་འདྲ་སྔ་མ་ཞིག །འབད་པས་བཙལ་བའི་ཁེངས་གཏམ་གྱིས། །ས་ཆེན་འགེངས་པར་མ་བྱས་ཤིག །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།སྭསྟི།།  །།ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་གསང་བ་འདུས་ཆོས་ཀྱི། །སྒོ་འགེགས་པ་ལ་སྒོ་འབྱེད་དུ། །འཁྲུལ་ཚུལ་གཉིས་པའང་བརྟག་བྱ་བ། །འདི་སྐད་ཟེར་ཏེ་རིམ་པ་ལྔར། །བདེ་སྟོང་སྦྱོར་ཚུལ་ཤེས་དགོས་ལོ། །དེ་ཡི་ངོས་འཛིན་དྲིས་པ་ན། །བདེ་བ་ལས་ཀྱི་ཕྱག་རྒྱ་དང༌། །སྦྱར་ལས་བྱུང་བའི་ཞུ་བདེ་དང༌། །སྟོང་པ་དབུ་མ་རིགས་ཚོགས་སུ། །གསུངས་ལས་གཞན་པས་གོ་མི་ཆོད། །ཡུལ་ཅན་བདེ་བས་ཡུལ་སྟོང་ཉིད། །ངེས་པའི་ཤེས་པ་མ་དྲངས་ན། །བདག་ཏུ་འཛིན་པ་གཉིས་པོ་ཡི། །གཉེན་པོར་རུང་བ་མིན་ཞེས་ཟེར། །བདེ་བའི་ངོས་འཛིན་མ་གོ་ཞིང༌། །སྟོང་པའི་ངོས་འཛིན་འཁྲུལ་པ་དང༌། །བདེ་སྟོང་སྦྱོར་ཚུལ་ཤིང་རྟ་ཡི། །སྲོལ་ཆེན་རྣམས་དང་འགལ་བར་ངེས། །ཐ་མལ་ལུས་ཚོར་བདེ་བ་དང༌། །ཁྱད་པར་ཁྱེད་ཀྱིས་མ་ཕྱེད་པས། །ཟག་པ་མེད་པའི་བདེ་བ་ནི། །ངོས་མ་ཟིན་པས་ཐོག་མར་འཁྲུལ། །སྟོང་པའི་ངོས་འཛིན་མེད་དགག་ཉིད། །བཟུང་ཕྱིར་ཡུལ་ཅན་རྟོག་པར་ཐལ། །བདེ་བས་སྟོང་པ་ངེས་པའི་བློ། །སྒྲ་དོན་འཛིན་པའི་རྟོག་ཉིད་དུ། །ཁས་བླངས་ཕྱིར་ན་གསང་སྔགས་ཀྱི། །རྣལ་འབྱོར་མངོན་སུམ་གང་ནས་བཙལ། །ཀུན་རྟོག་བཞོན་པའི་རླུང་རྣམས་ནི། །འགོག་པ་ཆོས་འདིར་གཙོ་བོའི་ཕྱིར། །འོད་གསལ་བ་དང་ཟུང་འཇུག་བློ། །རྟོགས་པར་འདོད་པ་མ་འཁྲུལ་ལམ། །ངེས་པ་འདྲེན་པར་ཁས་བླངས་ཀྱི། །ངེས་བློར་འདོད་པ་མིན་ཞེ་ན། །གཟུང་འཛིན་རླུང་ལ་ཞོན་པ་ཡི། །ཤེས་དེ་ངེས་པ་མིན་ཟེར་དང༌། །སྤྱི་མཚན་ངེས་བློ་རྟོག་མེད་པ། །ཤིང་རྟའི་སྲོལ་ཆེན་དག་དང་འགལ། །སྒྱུ་མ་དང་ནི་འོད་གསལ་གྱི། །ཡུལ་ཅན་རྟོག་པར་ཁས་བླངས་ཚེ། །བདེན་གཉིས་སོ་སོར་ངེས་པའི་ཕྱིར། །ཟུང་འཇུག་རིམ་པ་གང་དུ་བཙལ། །གཞུང་དང་སྔ་རབས་པ་དག་ལ། །སྔོན་ཆད་གྲགས་པ་མིན་པའི་གཏམ། །བདེ་སྟོང་སྦྱོར་ཚུལ་ཤེས་དགོས་ཞེས། །ཟེར་བ་བརྟགས་ཤིང་དཔྱད་དེ་དགེ།  །།ཤུ་བྷཾ།།  །།སྭསྟི།།  །།ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་གསང་བ་འདུས་ཆོས་ཀྱི། །ལམ་འགེགས་པ་ལ་ལམ་འབྱེད་དུ། །འཁྲུལ་སྣང་གསུམ་པའང་འདིར་བརྟག་བྱ། །རྫོགས་སངས་རྒྱས་ལ་ཀུན་རྫོབ་ཀྱི། །སྣང་བ་འཆར་དང་སྣང་བ་སེམས། །ཡིན་པ་འགོག་དང་རང་རིག་པ། །འགོག་པ་རྣམ་གསུམ་ཟླ་གྲགས་ཀྱིས། །གསང་འདུས་འཆད་པའི་ལམ་ཡིན་ལོ། །རྫོགས་སངས་རྒྱས་ལ་དེར་སྣང་ན། །སྣོད་ཀྱི་འཇིག་རྟེན་མ་ལུས་ཀུན། །གཞལ་ཡས་ཁང་པར་གསལ་འདེབས་པ། །དེ་ཚེ་དག་དང་མ་དག་པའི། །སྣང་བ་གཉིས་པོ་གཞི་གཅིག་ཏུ། །འགལ་མེད་འཆར་རམ་སངས་རྒྱས་ལ། །དག་པའི་སྣང་བ་འཆར་མི་འདོད། །དེ་མི་འཆར་ན་བརྟེན་པ་ཡི། །ལྷ་ཚོགས་ཀྱང་ནི་དེར་ཐལ་བས། །རྟེན་དང་བརྟེན་པར་བཅས་པ་ཡི། །བསྐྱེད་རིམ་དོན་མེད་མ་ཡིན་ནམ། །བསྐྱེད་རིམ་དུས་སུ་སེམས་ཅན་ཡང༌། །སངས་རྒྱས་ཉིད་དུ་སྣང་བ་བཞིན། །རྫོགས་སངས་རྒྱས་ལ་མ་དག་པའི། །འཇིག་རྟེན་དག་པར་སྣང་ཞེ་ན། །དག་པ་སྣང་བ་འབའ་ཞིག་པར། །སྣང་ཕྱིར་མ་དག་སྣང་བར་འགལ། །ཡང་ན་དེ་མིན་དེར་འཛིན་ཕྱིར། །རྫོགས་སངས་རྒྱས་བློ་འཁྲུལ་པར་འགྱུར། །རྫོགས་སངས་རྒྱས་ལ་ཆོས་ཀྱི་དབྱིངས། །འབའ་ཞིག་དག་པར་འཆར་བ་ནི། །དྷརྨྨ་དྷཱ་ཏུ་སྭ་བྷ་ཝ། །ཨཏྨ་ཀོ་ཧཾ་ཞེས་ལས་རྟོགས། །བསྐྱེད་རིམ་དུས་ཀྱི་སྣང་བ་ཀུན། །ཡེ་ཤེས་ལས་གྲུབ་ཟེར་བ་དང༌། །སྣང་བ་སེམས་སུ་དངོས་སྨྲ་བས། །འདོད་ཕྱིར་དོར་ཞེས་ཟེར་བ་འགལ། །སྟོང་པའི་ངང་ལས་གང་བསྒྲུབས་པའི། །སྔགས་ཀྱི་ཀུན་སྤྱོད་རྒྱ་ཆེ་བ། །གང་སྣང་བེམ་པོའམ་ཤེས་པ་ཞེས། །བརྟགས་ན་སྣང་བ་སེམས་དང་ནི། །རང་རིག་མི་འདོད་བཞིན་དུའང་གྲུབ། །ཁྱེད་ཀྱི་བདེ་སྟོང་སྦྱོར་དུས་སུ། །སྟོང་པའི་ངོས་འཛིན་ཡེ་ཤེས་སམ། །མེད་པར་དགག་པ་ལས་གཞན་མེད། །དང་པོ་ལྟར་ན་རང་རིག་ཏུ། །གྲུབ་ཅིང་མེད་པར་དགག་ཡིན་ན། །འོད་གསལ་བ་ནི་སྟོང་ཉིད་ཀྱི། །མཐར་ཐུག་ཉིད་དུ་བཤད་པས་ན། །མེད་པར་དགག་པ་ཉིད་འགྱུར་ཕྱིར། །ཟུང་འཇུག་དངོས་ཀྱི་ཉེར་ལེན་དང༌། །རྫོགས་སངས་རྒྱས་ལ་བློ་མེད་འགྱུར། །འོད་གསལ་བ་ཡི་ངོས་འཛིན་ནི། །སྟོང་པ་ཉིད་ལ་མི་འཆད་པར། །ཐམས་ཅད་སྟོང་པ་དང་འདྲེས་པའི། །ཡུལ་ཅན་བདེ་བ་ཆེར་འཆད་ན། །ངོས་འཛིན་དེ་འདྲ་འཕགས་སྐོར་གྱི། །གཞུང་ནས་བཤད་པའི་ལུང་མེད་ཅིང༌། །རིགས་པ་ཡང་ནི་གསང་སྔགས་ཀྱི། །སེམས་དབེན་ནས་བཟུང་སྒྱུ་མ་སོགས། །ཀུན་ཀྱང་འོད་གསལ་ཉིད་དུ་ཐལ། །ཁོ་བོ་ཅག་ནི་ཟླ་གྲགས་ཀྱིས། །དབུ་མར་བཤད་པའི་སྟོང་ཉིད་ལས། །ཡུལ་ཅན་ལོགས་སུ་མི་འདོད་ཀྱི། །ཡུལ་ཅན་གང་ཡིན་སྟོང་ཉིད་དུ། །སིམ་ནས་མེད་པར་དགག་སོང་བའི། །ཚེ་ན་དེ་ཡིས་དེ་རྟོགས་ཞེས། །རྗེས་ཀྱི་བརྗོད་པས་ཐ་སྙད་བྱས། །སྤྱིར་ནི་ལྔ་པ་འོད་གསལ་ལ། །སྦྱོར་བའི་ཚེ་དང་དངོས་གཞིའི་དུས། །དང་པོ་རིལ་འཛིན་རྗེས་ཞིག་གིས། །བདེན་འཛིན་ལྟ་ཅི་བདེན་མེད་དུ། །ཞེན་པ་སྤོང་བའི་བར་ཆད་མེད། །དངོས་གཞིའི་དུས་ནི་དེ་སྤངས་པའི། །རང་རིག་རང་གསལ་རྣམ་གྲོལ་ལམ། །འོན་ཀྱང་གཞི་དུས་འོད་གསལ་དང༌། །རང་བཞིན་དབྱེ་བར་དཀའ་མོད་ཀྱི། །གཞི་དུས་འཆི་བ་འོད་གསལ་བ། །རྣམ་རྟོག་རླུང་གིས་བསྐྱོད་ནུས་ཤིང༌། །བསྐྱོད་ལས་རང་བཞིན་བརྒྱད་བཅུ་འབྱུང༌། །ལམ་གྱི་འོད་གསལ་ཤེས་སྒྲིབ་ཀྱི། །ས་བོན་དྲུང་ནས་འབྱིན་བྱེད་མོད། །ཟུང་འཇུག་ཚེ་ན་བསོད་ནམས་ཀྱི། །ཚོགས་རྫོགས་པ་དང་སྤྱོད་པ་ལ། །འཇུག་ཕྱིར་ཉོན་མོངས་བག་ཆགས་དང༌། །བཅས་ཕྱིར་སློབ་པའི་ཟུང་འཇུག་སྟེ། །འོད་གསལ་དུས་སུ་སྒྲིབ་པ་ཀུན། །སྤངས་ན་ཟུང་དུ་འཇུག་པ་ཀུན། །མི་སློབ་ཁོ་ནར་ཐལ་བའམ། །ཅི་སྟེ་ཡང་དག་པ་ཡི་མཐའ། །དུས་མིན་མངོན་དུ་བྱས་པར་འགྱུར། །ཞེས་བྱ་བ་འདི་གྲུབ་པའོ།། དགེའོ།།  །།ཤུ་བྷཾ།།  །།སྭསྟི། ཁྱབ་བདག་འཁོར་ལོས་བསྒྱུར་རྒྱལ་ལ། །ཕྱག་འཚལ་གསང་བ་འདུས་ཆོས་སུ། །སྣང་མཆེད་ཐོབ་གསུམ་ཞེས་བྱ་བའི། །རྣམ་གཞག་བཤད་པ་དེ་བསམ་བྱ། །སྦྱང་གཞི་རྫོགས་རིམ་མཚན་ཉིད་པའི། །སྣང་བ་གསུམ་དང་སྦྱོར་བྱེད་ཀྱི། །རྫོགས་རིམ་བཏགས་པ་པ་ཡི་ཡང༌། །གསུམ་གསུམ་བཤད་པ་འདིར་ངོས་འཛིན། །འཆི་བ་དོན་དམ་ཤེས་རབ་ཀྱི། །ཕ་རོལ་ཕྱིན་པ་ཞེས་བྱ་བ། །རྫོགས་རིམ་དངོས་ཡིན་དེར་འཇུག་ཚེ། །སྣང་བ་གསུམ་པོ་རིམ་བཞིན་དུ། །ས་རླུང་ཆུ་ལ་ཐིམ་པ་ན། །མཁའ་ལ་ཟླ་བ་ཤར་སྣང་དང༌། །ཆུ་རླུང་མེ་ལ་ཐིམ་དུས་སུ། །ཉི་ཤར་ལྟ་བུའི་སྣང་བ་དང༌། །མེ་ནི་རླུང་ལ་ཐིམ་པའི་ཚེ། །ཐུན་མཚམས་སྨག་དང་དེ་ནས་ནི། །དངོས་གཞིའི་འོད་གསལ་འཆར་བ་ལས། །ཐ་མལ་འགྲོ་ལ་སྣང་གསུམ་པོ། །ལུགས་ལས་ལྡོག་པར་བྱུང་བའི་ཚེ། །ཉེར་ཐོབ་མུན་པ་ལྟ་བུ་ནི། །མ་རིག་པ་ཡིན་དེ་ནས་ནི། །སྣང་མཆེད་ཉི་ཤར་ལྟ་བུ་ནི། །ཞེ་སྡང་ལས་གྱུར་རྟོག་རྣམས་དང༌། །སྣང་ཤར་ཟླ་བ་ལྟ་བུ་ནི། །འདོད་ཆགས་ལས་གྱུར་རྣམ་རྟོག་གིས། །བར་དོ་རླུང་སེམས་ལས་གྲུབ་པའི། །ལུས་ཡོངས་རྫོགས་པར་བྱེད་དེ་དང༌། །རྣལ་འབྱོར་པ་ལ་འཆི་བ་ཡི། །སྦྱོར་བ་སྔ་མ་དང་མཚུངས་ཀྱང༌། །ལུགས་ལྡོག་སྣང་གསུམ་ཆགས་སོགས་ཀྱི། །རང་བཞིན་བརྒྱད་བཅུས་སྟོང་པར་སྣང༌། །ཅི་ཕྱིར་ཞེ་ན་གཞི་དུས་དང༌། །ལམ་གྱི་འོད་གསལ་རོ་གཅིག་ཏུ། །འདྲེས་པའི་སྟོབས་ལས་བྱུང་ཕྱིར་རོ། །རང་བཞིན་འོད་གསལ་ལས་རླུང་གིས། །བསྐྱོད་པ་ཐ་མལ་པ་རྣམས་ལ། །རྣལ་འབྱོར་པ་རྣམས་ལས་ཀྱི་རླུང༌། །འགོག་ཕྱིར་དེས་དེ་བསྐྱོད་མ་ནུས། །དེ་ཕྱིར་བར་དོའི་རྟེན་ལ་ནི། །ལོངས་སྤྱོད་རྫོགས་སྐུ་དངོས་དང་ནི། །རྗེས་མཐུན་དངོས་སུ་བྱེད་ནུས་པ། །བསོད་ནམས་ཚོགས་ཆེན་རྫོགས་པ་དང༌། །དེ་རྫོགས་མིན་པའི་དབྱེ་བས་སོ། །གཉིས་པ་སྦྱོང་བྱེད་ལམ་གྱིས་ནི། །རྫོགས་རིམ་བཏགས་པ་བར་འཆད་ཚེ། །དབེན་གསུམ་ཆ་མཐུན་ལུས་དབེན་དང༌། །ངག་དབེན་ལས་བྱུང་དངོས་གཞི་ནི། །སེམས་དབེན་མིང་ཅན་དེས་མངོན་བྱེད། །བསྐྱེད་རིམ་དུས་ཀྱི་ལྟ་བ་དང༌། །ཞི་གནས་རྩེ་གཅིག་པ་ལས་ཀྱང༌། །དུ་སོགས་སྣང་བ་འཆར་བཤད་པ། །སྣང་བ་གསུམ་གྱི་རྟོག་ཅན་ཏེ། །ངག་དབེན་རྡོ་རྗེ་བཟླས་པ་ཡིས། །སྣང་བ་རྣམ་གསུམ་འཆར་ནུས་པ། །རྣམ་རྟོག་བཞོན་པའི་རླུང་འགགས་ཚེ། །གསུམ་པོའི་རྒྱུ་ཚོགས་གྲངས་ཚང་ཕྱིར། །སེམས་དབེན་དུས་སུ་དབང་གསུམ་པའི། །བྱེད་རྒྱུ་གང་རུང་མངོན་སུམ་དུ། །གྱུར་ཚེ་སྣང་གསུམ་ལུགས་འབྱུང་དང༌། །ལུགས་ལྡོག་གཉིས་ཀའི་ཐ་མར་ཡང༌། །འོད་གསལ་རྗེས་མཐུན་པ་འབྱུང་བ། །གསུམ་པ་དེ་ནི་ལུང་གཞན་ནས། །དགའ་བཞི་ལུགས་ལས་འབྱུང་ལྡོག་ཏུ། །བཤད་དང་དོན་མཐུན་གཞུང་འདིར་ཡང༌། །སྟོང་དང་ཤིན་ཏུ་སྟོང་པ་དང༌། །ཆེན་པོ་སྟོང་དང་ཐམས་ཅད་ཀྱིས། །སྟོང་པ་ཞེས་བྱའི་མིང་འདིས་བཤད། །དེ་ཡང་འདོད་ཆགས་སོགས་གསུམ་དང༌། །གཟུང་འཛིན་ཀུན་གྱིས་སྟོང་པ་ལ། །བཤད་མོད་སྐབས་འདིར་བདེན་འཛིན་གྱིས། །སྟོང་ཡང་བདེན་མེད་དུ་འཛིན་པས། །མི་སྟོང་ཕྱིར་ན་འོད་གསལ་བའི། །རིམ་པ་ཞེས་བྱ་དེར་མ་སོན། །ལུགས་འདིར་རྡོ་རྗེ་ཕྲེང་རྒྱུད་ལས། །ཐ་མལ་དུས་སུ་འབྱུང་བ་བཞིན། །རླུང་གི་འབྱུང་འཇུག་གནས་གསུམ་པོ། །དཀྱིལ་འཁོར་ཡོངས་རྫོགས་ཚན་པ་བཞིན། །ལྷག་ཆད་མེད་པར་བྱུང་བ་ན། །མགོན་པོ་བཞི་པོ་རེ་རེ་ལ། །ལྷ་མོ་བཞི་པོ་རེ་རེ་བཞིན། །ཉི་བརྒྱ་ཉི་ཤུ་རྩ་ལྔ་རེ། །བྱུང་བས་ཡོངས་རྫོགས་ཚན་པ་བཞི། །དགུ་བརྒྱ་ཕྲག་རེར་ངེས་པ་དང༌། །རྣམ་སྣང་སྔོན་པོའི་རྒྱུ་བ་ནི། །འཆི་བའི་དུས་ལས་གཞན་མི་འབྱུང༌། །དེ་ལྟའི་དགུ་བརྒྱ་ཕྲག་བཞི་པོ། །འཕོ་བ་ཞག་དུ་ལོངས་པའི་ཚེ། །ཉི་ཁྲི་ཚིག་སྟོང་དྲུག་བརྒྱའི་རླུང༌། །ལྷག་ཆད་མེད་པ་བྱུང་བ་ལ། །རྡོ་རྗེའི་བཟླས་པ་དེ་སྙེད་དུ། །བྱས་པས་ལས་རླུང་དེ་སྙེད་གཅིག །དྷཱུ་ཏིར་སིམ་པ་ལས་བྱུང་བའི། །རྟགས་ནི་སྣང་བ་རྣམ་གསུམ་དང༌། །རྟགས་ཅན་ཤེས་པ་དུ་སོགས་སུ། །སྣང་ངོ་སེམས་ལ་དབེན་པར་ཡང༌། །ཕྱག་རྒྱའི་སྦྱོར་བས་བཟུང་འཛིན་གྱི། །རླུང་རྣམས་དྷཱུ་ཏིར་ཞུགས་པ་ན། །རྟགས་དང་རྟགས་ཅན་དེ་ལྟ་བུར། །སྣང་བ་དེ་དག་ཇི་སྙེད་པ། །དཔེ་ཡི་ཡེ་ཤེས་དུ་འཆད་ཀྱི། །དོན་གྱི་ཡེ་ཤེས་བཞི་པ་ཡི། །འོད་གསལ་ཇི་སྲིད་མ་ཤར་བ། །དེ་སྲིད་མངོན་དུ་འགྱུར་བ་མེད། །འབྱུང་བཞིའི་དཀྱིལ་འཁོར་དགུ་བརྒྱ་པ། །ཕྲག་བཞི་པོ་ནི་གོ་རིམ་བཞིན། །རླུང་མེ་ཆུ་སའི་རིམ་པ་ཡིས། །རྒྱུ་བའམ་ས་ཆུ་མེ་རླུང་གི །རིམ་པས་འཕོ་བར་བྱེད་ཀྱང་རུང༌། །མེ་རླུང་འཁོར་བཅས་ལྟ་བུ་ནི། །རེ་རེ་ལ་ཡང་དགུ་བརྒྱ་ཕྲག །དྲུག་དྲུག་རྫོགས་པར་བརྩིས་པ་ན། །ཉིན་ཞག་གཅིག་པོའི་ལས་ཀྱི་རླུང༌། །ཉི་ཁྲི་ཆིག་སྟོང་ཚང་བར་འབྱུང༌། །འདི་དང་ལུང་གཞན་ལས་གསུངས་པ། །བསྲེས་པ་མིན་པ་རང་རང་བཞིན། །བསྒྲུབས་པས་མཆོག་གྱུར་སྣང་གསུམ་དང༌། །ཐུན་མོང་དབང་དང་རྒྱས་ལ་སོགས། །འགྲུབ་འགྱུར་ཐེ་ཚོམ་མེད་འདི་དགེ །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄། །ཨོཾ་སྭསྟི་སིདྡྷཾ། དཔལ་གསང་བ་འདུས་པའི་རིམ་པ་ལྔ་རབ་ཏུ་གསལ་བར་བྱེད་པའི་བརྗེད་བྱང་ཕྱི་ནང་གི་མུན་པ་སེལ་བྱེད་གཞན་ལ་ཕན་པའི་ཉི་མ་ཞེས་བྱ་བ། གསང་ཆེན་མཐའ་དག་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་བླ་མ་མཆོག་ལ་སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཞེས་མཆོད་པར་བརྗོད་ནས་རྩོམ་པར་དམ་བཅའ་བ་ནི། རྒྱུད་གཞན་དང་ནི་དེ་མཛད་པོ། །གཞན་གྱིས་ཀྱང་ནི་འདིར་བསྔགས་པའི། །གསང་བ་འདུས་པའི་རིམ་པ་ལྔ། །སྣང་བྱེད་ཉི་མ་འདི་འཆར་བྱ། །འདིར་བཤད་ཉམས་སུ་བླང་བྱའི་ཆོས། །མ་ལུས་རིམ་པ་ལྔར་བསྡུས་པ། །ཀླུ་སྒྲུབ་ཞབས་ཀྱི་དགོངས་ཇི་བཞིན། །དཔལ་ལྡན་ཟླ་བར་གྲགས་པས་འཆད། །དེ་གང་ཞེ་ན་སྔོན་འགྲོ་ནི། །དབེན་གསུམ་གྱིས་བསྡུས་དངོས་གཞིའི་ཆོས། །བདེན་གཉིས་སོ་སོར་དབྱེ་བ་དང༌། །མཐར་ཐུག་འབྲས་བུ་ཟུང་དུ་འཇུག །བཤད་བྱ་སོ་སོའི་སྒྲ་དོན་དང༌། །ཉམས་ལེན་དངོས་གཞིའི་ངོས་འཛིན་དང༌། །དེ་སྒྲུབ་བྱེད་པོའི་རྒྱུ་རྐྱེན་དང༌། །བསོད་ནམས་ཚོགས་རྫོགས་ཡན་ལག་གོ །གཞི་གང་དུ་ནི་ལུས་ངག་ཡིད། །གང་གིས་རྣམ་པར་དབེན་ཞེ་ན། །ཀུན་ཏུ་བཟང་པོའི་དོན་དམ་པའི། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི། །མ་དག་ལུས་དང་ངག་ཡིད་ཀྱིས། །དབེན་པའི་སྐུ་གསུང་ཐུགས་རྡོ་རྗེ། །ལུས་ནི་ལས་དང་ཉོན་མོངས་པའི། །རྣམ་སྨིན་བདག་པོར་བཅས་དག་དང༌། །བྲལ་བའི་དོན་དམ་ཡེ་ཤེས་དང༌། །རླུང་ལྔ་ཚོགས་པ་གཅིག་གྱུར་པ། །མ་དག་ངག་ནི་ལས་ཀྱི་རླུང༌། །འབྱུང་འཇུག་གནས་གསུམ་ཅན་དེ་ཡང༌། །དག་པ་འགྱུར་མེད་འབྲུ་གསུམ་གྱི། །ངོ་བོར་བྱིན་གྱིས་བརླབས་པ་དང༌། །མ་དག་སེམས་ནི་ཡང་དག་པ། །མིན་པའི་ཀུན་རྟོག་རྣམ་ཤེས་བྱ། །གཟུང་འཛིན་ཆ་དང་བྲལ་བ་ཡི། །ཡེ་ཤེས་གཅིག་པུར་གང་གྱུར་པ། །ཅི་ཕྱིར་ཀུན་རྫོབ་བདེན་ཅེ་ན། །བསྒྲིབ་བྱ་སྒྱུ་མའི་སྐུ་དེ་ལ། །སྒྲིབ་བྱེད་རྣམ་པར་རྟོག་པ་ཡིས། །བསྒྲིབས་པའི་ཕྱིར་ན་ཀུན་རྫོབ་བདེན། །གང་གིས་དོན་དམ་བདེན་ཅེ་ན། །ཐམས་ཅད་སྟོང་པ་འོད་གསལ་ནི། །དེ་མྱོང་བྱེད་པོ་འཕགས་པའི་བློ། །ཁོ་ན་ཉིད་ཕྱིར་དམ་པའི་དོན། །ཟླ་བ་རྩ་འཇུག་བཞི་གསུམ་དུ། །བཤད་པའི་སྟོང་ཉིད་དོན་དམ་དུ། །བདེན་པར་འཆད་ནུས་མ་ཡིན་ཏེ། །དེ་མྱོང་འཕགས་བློ་ཡོད་མིན་ཕྱིར། །གཉིས་པོ་སོ་སོའི་ངོས་འཛིན་ལ། །ཐོག་མར་ལུས་དབེན་ངོ་བོ་ནི། །རྟེན་དང་བརྟེན་བཅས་ཡོངས་རྫོགས་པའི། །སྦྱོང་བྱེད་བསྐྱེད་རིམ་རྟོགས་བཅས་ཏེ། །ཉེར་ལེན་སེམས་ཀྱི་རྡོ་རྗེ་ལས། །གཞན་དུ་གསུངས་པ་མེད་གྱུར་མོད། །གནས་སྐབས་དེ་སྒྲུབ་བྱེད་པོ་ནི། །རྟོག་པ་ཉིད་ཕྱིར་རྟོག་བཅས་སུ། །བཤད་མོད་དེ་མཐར་ཕྱིན་པ་ན། །རྟོག་མེད་སྒྱུ་མའི་སྐུར་བཞེངས་པ། །དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་དབྱིངས་ཡེ་ཤེས་རྫོགས་སངས་རྒྱས། །མིན་ནི་དེ་སྒྲུབ་བྱེད་པོའི་གཞི། །ཆོས་རྣམས་ཀུན་གྱི་ཆོས་དབྱིངས་ཀྱི། །ཡེ་ཤེས་ང་ཞེས་ཟེར་བ་འགལ། །དེ་ལྟ་ན་ཡང་ལས་དང་པོའི། །བསྒོམ་བྱུང་བསྐྱེད་རིམ་འདི་གང་གི །བདག་པོའི་རྐྱེན་ནི་རྒྱུ་དུས་སུ། །བུམ་པའི་དབང་བསྐུར་པ་ལས་ཏེ། །དེ་མ་ཐག་ཏུ་ཐོས་བསམ་བློ། །བསྐྱེད་རིམ་རྣམ་པར་སྣང་དེས་བྱ། །སྤྱིར་ནི་སྐྱེད་རྫོགས་གཉིས་ཀ་ལ། །རྒྱུ་ཡི་དུས་སུ་དབང་བསྐུར་ནས། །ཐོས་བསམ་ཤེས་པས་སྨིན་པ་དང༌། །ལམ་དུས་སུ་ཡང་སོ་སོ་ཡི། །དབང་བསྐུར་བ་ལས་བསྒོམ་བྱུང་བློ། །གོམས་པས་གྲོལ་བར་བྱེད་པ་ཡི། །གནས་སྐབས་གཉིས་གཉིས་གསུངས་པ་ལས། །ལུས་དབེན་བསྒྲུབ་པ་ལ་འཇུག་པའི། །ཐོག་མར་བླ་མ་གཞན་ལས་སམ། །ཡང་ན་བདག་ཉིད་ཀྱིས་འཇུག་བླང༌། །དེ་ལྟར་རྒྱུ་དང་རྟེན་བཤད་ནས། །བསྐྱེད་པའི་རིམ་པ་ལ་ལྟོས་པའི། །བསོད་ནམས་ཚོགས་ཆེན་རྫོགས་པའི་ཐབས། །ཚོགས་ཀྱི་འཁོར་ལོར་གང་གསུངས་པ། །དེ་ཡི་དབྱེ་བ་རྒྱུ་ལམ་དུ། །དབང་གང་ཞིག་ནི་བསྐུར་བ་དང༌། །རྣལ་འབྱོར་རྒྱས་བསྡུས་གང་བསྒོམ་པའི། །དབྱེ་བ་ལས་དེ་དཔེར་མཚོན་ན། །བུམ་པའི་དབང་བསྐུར་ཙམ་ཞུས་ནས། །བསྐྱེད་པ་རྣལ་འབྱོར་བཞི་རིམ་ཙམ། །ཉམས་མྱོང་བྱེད་དེས་ཚོགས་འཁོར་ཚེ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བྱ་རུ། །གསུངས་པ་ཞིབ་མོ་དབྱེ་དགོས་ཏེ། །དེ་ཚེ་ནང་མཆོད་ཡོངས་རྫོགས་པ། །སློབ་དཔོན་གཞན་གྱིས་བྱིན་བརླབས་ཅན། །སྤྱད་པ་རུང་ཡང་རང་གིས་ནི། །བྱིན་གྱིས་རློབས་པར་ནུས་མིན་ཏེ། །དེ་བྱིན་རློབས་པ་གསང་བ་ཡི། །དབང་བསྐུར་ཐོབ་ལ་རག་ལས་ཕྱིར། །ལས་དང་ཡེ་ཤེས་ཕྱག་རྒྱ་ཡང༌། །ཅི་བདེར་བཏེན་པ་འདིས་མཚོན་ཏེ། །དེ་བསྟན་པ་ནི་གསུམ་པ་ཡི། །དབང་བསྐུར་བ་ལ་རག་ལས་ཕྱིར། །འདིས་མཚོན་དཀྱིལ་འཁོར་རྒྱལ་མཆོག་ཀྱང༌། །གསུམ་པའི་དབང་ལས་མ་ལྟོས་པར། །སྤྲོ་བར་ནུས་སམ་མི་ནུས་ཞེས། །བརྟག་པར་བྱ་ཞིང་རྗེས་ཆགས་ཀྱི། །ཏིང་ངེ་འཛིན་ཡང་འདིས་མཚོན་ནོ། །དེ་ལྟ་བས་ན་བསྐྱེད་རིམ་གྱི། །གཞུང་དུ་གསུངས་པའི་རྣལ་འབྱོར་ཀུན། །རྫོགས་པར་ཉམས་ལེན་བྱེད་པོ་ནི། །དབང་བཞི་རྫོགས་པར་མནོས་ནས་སོ། །དེ་ཕྱིར་རིམ་པ་རེ་རེ་ལ། །སྐལ་ལྡན་ཅིག་ཆར་བ་ཡིས་ནི། །ཡོངས་རྫོགས་དབང་བསྐུར་གསུམ་གསུམ་སྟེ། །སྨིན་དང་གྲོལ་དང་ཚོགས་རྫོགས་བྱེད། །སྐལ་དམན་རིམ་གྱིས་པ་ཡིས་ནི། །རིམ་པ་རེ་རེའི་སྦྱོར་དངོས་རྗེས། །གསུམ་དུ་དབང་བཞིན་རྫོགས་པར་ནི། །བླངས་ཏེ་སྨིན་གྲོལ་ཚོགས་སོག་བྱ། །ཐ་མལ་ངག་གིས་དབེན་པ་ཡི། །ཏིང་འཛིན་ངོ་བོ་ཐ་མལ་གྱིས། །འབྱུང་འཇུག་གནས་གསུམ་འབྲུ་གསུམ་གྱི། །ངོ་བོར་བསྒྲུབས་པའི་ཏིང་འཛིན་ནོ། །དབྱེ་བ་བརྗོད་བཅས་དམིགས་བཅས་དང༌། །བརྡར་གྱུར་པ་དང་དོན་དམ་མོ། །དང་པོ་སྒྲ་དང་གཉིས་པ་དང༌། །གསུམ་བཞི་ཐ་སྙད་དང་ཡེ་ཤེས། །འཇུག་གནས་འབྱུང་གསུམ་འབྲུ་གསུམ་དང༌། །དེ་གསུམ་སྐུ་གསུམ་ཐུགས་རྡོ་རྗེའི། །ཡེ་ཤེས་གསུམ་དུ་གྲུབ་པ་ན། །སྣང་མཆེད་ཐོབ་གསུམ་རྗེས་མཐུན་པ། །འདིར་འགྲུབ་བསྐྱེད་རིམ་སྐབས་སུ་ཡང༌། །ཡིན་ནོ་དེ་དེར་མ་ཟད་ཀྱི། །ས་ཆུ་མེ་རླུང་བཞི་པོ་ལ། །རྡོ་རྗེའི་བཟླས་པས་འབྱུང་བ་བཞི། །རིམ་གྱིས་འགག་ཅིང་མན་ངག་གི །རླུང་ལས་རྡོ་རྗེའི་བཟླས་གོམས་པས། །འབྱུང་བ་ལས་གྱུར་བཞི་པོ་ཡང༌། །དེས་ན་རྡོ་རྗེའི་བཟླས་གོམས་པ། །རྣམ་སྨིན་ཕུང་པོ་མྱུར་དུ་ནི། །འདོར་བྱེད་རིང་བའི་རྒྱུ་དང་ནི། །ཐུན་མོང་དངོས་གྲུབ་རྣམ་བཞི་དང༌། །སྟོང་ཉིད་ལྟ་བའི་ཉེ་རྒྱུ་ཡང༌། །ཡིན་ཏེ་དཔེར་ན་ཡིད་མིག་རླུང༌། །གཟུགས་ལ་བསྒྲིམས་པས་གསལ་སྣང་དང༌། །མི་དམིགས་པར་ཡང་གྱུར་རྗེས་སུ། །དུ་སོགས་རྟགས་ཅན་སྐྱེ་ཕྱིར་རོ། །འདིར་ཡང་བསོད་ནམས་ཚོགས་རྫོགས་པའི། །ཕྱིར་དུ་ཚོགས་ཀྱི་འཁོར་ལོའི་རིམ། །རྒྱུ་ལམ་དུས་སུ་གསུམ་པའི་དབང༌། །སྔོན་དུ་སོང་ན་ཡོངས་རྫོགས་དང༌། །དེ་མ་སོང་ན་རྡོ་རྗེ་ཡི། །སློབ་དཔོན་ལས་ནི་དེ་ཐོབ་པར། །བྱས་ནས་ཚོགས་ཀྱི་འཁོར་ལོ་བསྐོར། །སེམས་ཀྱི་རྣམ་པར་དབེན་པ་ཡི། །ངོ་བོ་སྣང་བ་རྣམ་གསུམ་སྟེ། །བདག་པོའི་རྐྱེན་ནི་དབང་གསུམ་པ། །ཐུན་མོང་དབང་རྣམས་དང་བཅས་ཏེ། །སྔ་མའི་རིམ་པ་གཉིས་དུས་སུ། །སྐྱེས་པའི་སྣང་གསུམ་རྗེས་མཐུན་པ། །དེ་མ་ཐག་པའི་རྐྱེན་ཡང་ངོ༌། །དེ་དེར་མ་ཟད་ལམ་དུས་ཀྱི། །དབང་གསུམ་པ་ལས་འདིའི་སྐབས་ཀྱི། །སྣང་གསུམ་དངོས་དང་འོད་གསལ་བ། །རྗེས་མཐུན་པ་ཡང་བསྐྱེད་དགོས་ཏེ། །རྒྱུད་གཞན་ལས་གསུངས་དགའ་བཞི་དང༌། །དེ་ཚེ་དོན་གཅིག་བཤད་ཕྱིར་རོ། །སྣང་གསུམ་འོད་གསལ་དང་བཅས་པའི། །མིང་གི་རྣམ་གྲངས་སྟོང་པ་བཞིར། །བཤད་དེ་ཆགས་སྡང་རྨོངས་གསུམ་དང༌། །རྟོག་པ་ཐམས་ཅད་ཀྱིས་སྟོང་པ། །དུས་དེའི་སྟོང་ཉིད་བཞི་པ་ནི། །དཔེ་ཡི་ཡེ་ཤེས་དངོས་ཡིན་ཕྱིར། །དེ་ཡི་སྟོབས་ཀྱིས་སྣང་གསུམ་ཡང༌། །རྟོག་དང་བྲལ་བའི་རིག་པ་ཡིན། །འདི་ཙམ་ཁོ་ནའི་བྱེད་པ་ཡིས། །སྒྱུ་མའི་སྐུར་ནི་བཞེངས་ནུས་ཀྱང༌། །བསོད་ནམས་ཚོགས་རྫོགས་བྱ་ཕྱིར་དུ། །ཚོགས་ཀྱི་འཁོར་ལོ་ཚང་བར་བསྐོར། །རྡོ་རྗེའི་སློབ་དཔོན་མཐུ་གྲུབ་པས། །ཚོགས་ཀྱི་འཁོར་ལོའི་ཆེད་དུ་ནི། །དཔའ་བོ་རྣལ་འབྱོར་མའི་འཁོར་ལོ། །ལྷ་གྲངས་སུམ་ཅུ་སོ་གཉིས་པོ། །བསྐྱེད་པའི་ཆོ་ག་ཚུལ་བཞིན་དུ། །བསྒྲུབས་པས་གྲུབ་པའི་དཀྱིལ་འཁོར་དེར། །བུམ་པའི་དབང་བསྐུར་མ་ལུས་དང༌། །གོང་མའི་དབང་བསྐུར་རྣམ་གསུམ་ཡང༌། །སྐལ་བར་ལྡན་པའི་སློབ་མ་ལ། །བསྐུར་བས་ཐོབ་ཅིང་ཚོགས་འཁོར་བ། །རང་རང་གིས་ཀྱང་སློབ་དཔོན་ལས། །དབང་བསྐུར་མ་ལུས་ཉམས་མྱོང་དང༌། །སློབ་དཔོན་གྱིས་ཀྱང་རང་སྟོབས་ལས། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་པར་བྱ། །སྔགས་པས་སྤྱོད་པ་ལ་འཇུག་པའི། །དངོས་གཞི་ཚོགས་ཀྱི་འཁོར་ལོ་ལ། །ལོངས་སྤྱོད་ཡིན་པར་གསུངས་པ་ལས། །འབྱོར་ལྡན་ཤེས་རབ་ཆུང་བ་ཡིས། །སྤྲོས་བཅས་ཚོགས་ཀྱི་འཁོར་ལོ་དང༌། །འབྱོར་དང་ཤེས་རབ་འབྲིང་པོ་ཡིས། །སྤྲོས་མེད་ཚོགས་ཀྱི་འཁོར་ལོ་དང༌། །འབྱོར་ཆུང་རྟོགས་པ་ཆེན་པོ་ཡིས། །ཤིན་ཏུ་སྤྲོས་མེད་ཚོགས་འཁོར་བསྐོར། །རྒྱས་པར་ཟུང་འཇུག་སྐབས་ཉིད་དུ། །བཤད་པར་བྱ་བ་ཡིན་མོད་ཀྱི། །རིམ་པ་རེ་རེ་དང་འབྲེལ་བའི། །ཚོགས་ཀྱི་འཁོར་ལོ་མ་བསྐོར་ན། །ཡང་དག་མཐའ་ལ་དུས་མིན་དུ། །ཞུགས་པའི་ཉེས་པར་མ་ཟད་ཀྱི། །སྒྱུ་མའི་སྐུ་མངོན་བྱེད་པར་ཡང༌། །མི་ནུས་པའམ་དུས་མིན་དུ། །བྱེད་པའི་ཉེས་པ་དང་བཅས་ཏེ། །སྐུ་ནི་རང་དང་འཚམས་པ་ཡི། །བསོད་ནམས་ཚོགས་རྫོགས་ལས་བྱུང་ཕྱིར། །གསུམ་པ་ཀུན་རྫོབ་བདེན་དངོས་ཀྱི། །ངོ་བོ་སྒྱུ་མ་ལྟ་བུ་ཡི། །ལྷ་སྐུ་དཔའ་བོ་གཅིག་པའམ། །དཀྱིལ་འཁོར་ཡོངས་རྫོགས་པར་སྣང་བའི། །ཤེས་པ་རྟོག་བྲལ་མ་འཁྲུལ་བ། །དེ་ཡང་སྒྱུ་མའི་སྐུ་ཉིད་དོ། །བདག་རྐྱེན་རྒྱུ་ལམ་དུས་ཀྱི་ནི། །དབང་བསྐུར་ལས་ཡིན་ཉེར་ལེན་རྒྱུ། །སྣང་གསུམ་དཔེ་ཡི་འོད་གསལ་དང༌། །བཅས་གང་རྟོག་བྲལ་མ་འཁྲུལ་བ། །དེ་ལས་དེ་སྒྲུབ་བྱེད་པ་ཡི། །ཐོག་མར་དེ་མངོན་བྱ་སྙམ་པའི། །རྣམ་རྟོག་འབད་རྩོལ་དུ་མ་དང༌། །བཅས་པས་མན་ངག་གཞུང་བཞིན་དུ། །གནས་ཁང་མངོན་པར་འདུ་བྱས་ནས། །འོད་ཟེར་རྣམ་ལྔའི་ཚོགས་རྫོགས་པར། །བྱས་པའི་བྲིས་སྐུ་དགྲམ་པ་དང༌། །དེ་ལ་ཉི་མའི་ཟེར་འཕོག་པར། །བྱས་པའི་མདུན་དུ་གཡའ་དག་པའི། །མེ་ལོང་ཁང་པའི་ངོས་དག་ལ། །གཟར་བས་དེ་ལ་གཟུགས་བརྙན་ནི། །གང་ཤར་ཟངས་ཆེན་ཆུ་མཚོར་ཡང༌། །འཆར་བར་བྱས་ནས་བསྒྲུབ་བྱ་བ། །སྐྱེ་མཆེད་གསལ་ཚུལ་མེ་ལོང་དུ། །ཤར་བ་དང་ནི་འོད་ཟེར་ལྔ། །འཕྲོ་ཚུལ་ནམ་མཁའི་འཇའ་བཞིན་དུ། །རྒྱུད་དག་པ་ནི་ཐམས་ཅད་ལ། །ཁྱད་པར་ཆུ་ཡི་ཟླ་བ་ལྟར། །ངོ་འཕྲོད་བྱས་ནས་རང་རིག་པ། །རང་གསལ་གཡོ་བྱེད་ཁ་དོག་གི །འོད་ཟེར་ལྔ་དང་ལྡན་གྱུར་པ། །དེ་ཉིད་ཀུན་སློང་ཤུགས་ཀྱིས་སམ། །དུས་མཉམ་འཚོགས་པའི་རྣམ་རྟོག་གིས། །བཟོ་བོས་ལྷག་པའི་ལྷར་བསྒྲུབས་མོད། །རང་གི་ངོ་བོ་རྟོག་མེད་དེ། །གཟུགས་ལ་བལྟ་འདོད་བལྟ་བཞིན་པའི། །རྟོག་པས་བསྐྲུན་པའི་མིག་ཤེས་བཞིན། །ལུང་གཞན་དག་ཏུ་བསྐྱེད་རིམ་ལས། །གཞན་པའི་ལྷག་པའི་ལྷ་བསྒྲུབས་པ། །མ་བཤད་པས་ན་སྒྱུ་མའི་སྐུ། །བསྒྲུབ་ཚུལ་འཕགས་པ་ཡབ་སྲས་ཀྱི། །ལུགས་བཟང་ཐུན་མོང་མིན་གསུང་མོད། །བསྐྱེད་རིམ་དུས་ཀྱི་རྟོག་པའི་བསྒོམ། །གོམས་བྱེད་ཡན་ལག་མ་བྲལ་བར། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །དེ་ཉིད་ཡིན་པར་ཁོ་བོ་འདོད། །འདི་ལ་རྫོགས་རིམ་ལྷ་ཞེས་པའི། །ཐ་སྙད་བོད་བྱོན་སྔ་མས་མཛད། །རྫོགས་རིམ་ལྷ་ཡི་བསྒྲུབ་ཚུལ་འདི། །གང་དུ་ཡོད་པའི་གཞུང་དེ་ན། །གཏུམ་མོས་རྣམ་སྨིན་ལུས་གང་པོ། །འཇའ་མཚོན་ལྟ་བུ་བསྒྲུབ་པའི་ཐབས། །མ་བཤད་གང་དུ་དེ་བཤད་པར། །སྒྱུ་ལུས་སྒྲུབ་ཚུལ་འདི་མི་འཆད། །ཡིན་པའི་ཕྱིར་ན་འདི་བསྒྲུབ་པའི། །ཐབས་མཁས་དེ་ལས་རྣམ་སྨིན་གྱི། །ཕུང་པོ་སྦྲུལ་གྱི་ཤུན་པ་ལྟར། །བརྗེས་ནས་འབོར་བ་ཡིན་ཞེས་པ། །ཀླུ་སྒྲུབ་ཞབས་ཀྱིས་རྣམ་སྨིན་ལུས། །ས་སྟེངས་བཞག་ནས་ཟུང་འཇུག་སྐུ། །མངོན་དུ་བྱས་པ་ཇི་བཞིན་ནོ། །ཞེས་ཟེར་བ་དང་འཕགས་པ་ཡིས། །ཟུང་འཇུག་བར་དོའི་ལུས་རྟེན་ལ། །མངོན་དུ་མཛད་ཅེས་ཟེར་བ་སྣང༌། །བོད་གཞུང་མཛད་པ་ཕྱི་མ་འགའ། །རྣམ་སྨིན་ལུས་དང་ང་ཙམ་དང༌། །ཡིད་ཀྱི་རྣམ་ཤེས་ལྷར་བསྒྲུབ་པ། །བསྐྱེད་པའི་རིམ་ཡིན་དེ་ལས་གཞན། །སེམས་ཅན་ཀུན་ལ་ཡོད་པ་ཡི། །གཉུག་མ་གཞི་ལུས་ལྷར་བསྒྲུབ་པའི། །ཐབས་མཆོག་བླ་ན་མེད་པ་འདི། །ལོངས་སྤྱོད་རྫོགས་སྐུའི་རྒྱུ་མཐུན་གྱི། །རིགས་འདྲ་སྔ་མས་དེ་བསྒྲུབ་པའི། །ཐབས་འདི་གཞུང་གཞན་ལ་མེད་པར། །དཔལ་ལྡན་འདུས་པའི་ཁྱད་ཆོས་ཟེར། །འོ་ན་བསྐྱེད་རིམ་གྱིས་བསྒྲུབས་པའི། །གཟུགས་སྐུ་མི་བསྐྱོད་རྡོ་རྗེ་དང༌། །གཞི་ལུས་རྒྱུས་བསྒྲུབས་གཟུགས་ཀྱི་སྐུ། །མི་བསྐྱོད་རྡོ་རྗེ་རྫས་གཞན་པ། །གཉིས་ཤིག་སྒྲུབ་པ་པོ་གཅིག་ལ། །མཉམ་དུ་གྲུབ་པར་ཁས་ལེན་ནམ། །ཡང་ན་བསྐྱེད་པའི་རིམ་པ་ལས། །དངོས་སུ་བྱུང་བའི་ལྷ་ཡི་སྐུ། །མེད་པར་ཁས་ལེན་བྱེད་ཡིན་ནམ། །ཡིན་ཏེ་བསྐྱེད་རིམ་རྟོག་བསྒོམ་དང༌། །གཟུགས་སྐུའི་མཚམས་དུ་རྫོགས་པའི་རིམ། །མང་པོས་བར་དུ་ཆོད་ཞེ་ན། །ཅིག་ཤོས་ལ་ཡང་འདི་མཚུངས་ཏེ། །ཀུན་རྫོབ་བདེན་དང་ཟུང་འཇུག་གི །བར་དུ་འོད་གསལ་དོན་དམ་པའི། །བདེན་པས་ཆོད་པ་ཉིད་ཕྱིར་རོ། །སྒྲུབ་པ་པོ་འགའི་མིང་གཟུགས་ཀྱི། །ཕུང་པོ་མངོན་པར་སངས་རྒྱས་པ། །དེ་ཚེ་རྣམ་སྨིན་ཕུང་པོ་ནི། །ཤུལ་དུ་ལུས་པ་ག་ལ་སྲིད། །གཟུགས་ཀྱི་ཕུང་པོ་ལུས་སྙམ་ན། །སྒྲུབ་པ་པོ་ལ་རང་གི་ལུས། །ཕུང་པོ་སྣང་བའི་རྣམ་རིག་ལས། །གཞན་པའི་གཟུགས་ཕུང་ཡོད་མ་ཡིན། །རྣམ་རིག་རྫོགས་སངས་རྒྱས་བློར་འདུས། །ཀླུ་སྒྲུབ་སྐུ་ལུས་གཞན་དག་ལ། །རྣམ་སྨིན་ཕུང་པོར་སྣང་གང་དེས། །སྣང་བློ་དེ་རང་ཉིད་ཡིན་གྱི། །རང་དང་གཞན་གྱི་བློ་སྣང་ལས། །མ་གཏོགས་རྣམ་སྨིན་ཕུང་མི་སྲིད། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་ནི། །ལོངས་སྤྱོད་རྫོགས་སྐུར་བཞེངས་པའི་ཚེ། །སྒྲུབ་པ་པོ་རང་སོ་སོ་ཡི། །མ་དག་ཕུང་པོ་དབྱིངས་སུ་ཐིམ། །དེ་ལྟར་བསྐྱེད་རིམ་རྣལ་འབྱོར་པའི། །དམིགས་རྣམ་གསལ་བས་བདག་རྐྱེན་དང༌། །རྡོ་རྗེའི་བཟླས་པས་སྦྱངས་པའི་རླུང༌། །འོད་ཟེར་ལྔ་པས་གཡོ་བའི་རྐྱེན། །བྱས་པས་ཡེ་ཤེས་གཟུགས་ཀྱི་སྐུར། །ཡེ་ཤེས་ཡུལ་ཅན་ལ་སྦྱངས་པ། །འདི་ཡི་གནས་ལུགས་དོན་དམ་བདེན། །འདི་ལས་གཞན་ན་སྒྲུབ་པ་པོའི། །རྣམ་སྨིན་ཕུང་པོ་སངས་རྒྱས་ཀྱིས། །མ་གཟིགས་ཕྱིར་ན་ཡོད་མ་ཡིན། །དེ་ལྟ་ན་ཡང་འོད་གསལ་བ། །ཇི་སྲིད་མཐར་ཕྱིན་མ་གྱུར་པ། །དེ་སྲིད་རྟོག་དང་བཅས་པའི་ཕྱིར། །དོན་དམ་འབའ་ཞིག་པར་མ་བཞག །འོ་ན་དབེན་པ་རྣམ་གསུམ་ལ། །སྒྱུ་མའི་ལྷ་སྐུ་ཡོད་མིན་པར། །བཤད་དང་མ་མཐུན་གྱུར་ཞེ་ན། །དེ་ཡི་སྐབས་ཀྱི་དབེན་གསུམ་པོ། །མ་དག་ལུས་ངག་ཡིད་གསུམ་ལ། །དགོངས་པར་གསལ་ཏེ་རྡུལ་ཕྲ་རབ། །འདུས་པའི་ཕྱིར་སོགས་སྒྲུབ་བྱེད་གསུམ། །བཀོད་པའི་སྐབས་ལས་གསལ་བ་ཡིན། །དེ་ལྟར་སྒྱུ་མའི་སྐུ་གྲུབ་ནས། །ལོའམ་ཟླ་བའི་གྲངས་དག་ཏུ། །ཚོགས་ཀྱི་འཁོར་ལོ་ཡོངས་རྫོགས་པ། །བསྐོར་བར་བྱས་ཏེ་མི་སློབ་པའི། །ཟུང་འཇུག་སྐུ་གསུམ་མངོན་གྱུར་པའི། །བསོད་ནམས་ཚོགས་རྫོགས་བྱ་ཕྱིར་དུའོ། །བསྐྱེད་རིམ་དུས་སུ་མ་དག་པའི། །ཕུང་ཁམས་སྐྱེ་མཆེད་མ་དམིགས་དང༌། །ངག་དབེན་དུས་སུ་རྣམ་རྟོག་གི །བཞོན་པར་གྱུར་རྣམས་ཁེགས་པ་དང༌། །སེམས་དབེན་རང་བཞིན་བརྒྱད་བཅུ་པོའི། །གཉེན་པོ་ཉིད་ཕྱིར་དབེན་གསུམ་གྱི། །མཉམ་གཞག་དུས་སུ་སྒྲིབ་པ་གཉིས། །མངོན་གྱུར་མགོ་གནོན་བྱས་ཕྱིར་དང༌། །སྒྱུ་ལུས་སྐབས་ཀྱི་རྗེས་ཐོབ་འདི། །ཅིར་སྣང་སྒྱུ་མར་ཤར་བ་དང༌། །རང་ཉིད་སྒྱུ་མའི་སྐུ་བསྒྲུབ་པས། །ཆོས་དང་གང་ཟག་དུ་འཛིན་པའི། །འགལ་ཟླ་ངེས་འབྱེད་ཆ་མཐུན་དང༌། །མཚུངས་པས་འཇིག་རྟེན་པར་ཡང་བཞག །ཕྱི་རབས་པ་འགའ་སྒྲུབ་པ་པོ། །རང་ཉིད་སྒྱུ་མའི་སྐུར་བཞེངས་པའི། །ངལ་བས་སྣོད་བཅུད་མ་ལུས་པ། །སྒྱུ་མར་མི་འདོད་པས་འདིར་ནོང༌། །སྒྱུ་མའི་ལྷ་སྐུ་བསྒྲུབ་པའི་གཞི། །རླུང་སེམས་ཙམ་ལས་གྲུབ་པའི་ལུས། །ཡིན་པར་བཤད་མོད་དེའི་རྣམ་བཞག །ལུས་འདི་སེམས་ཅན་ཐམས་ཅད་ལ། །རང་ཆས་ཉིད་དུ་ཡོད་ཕྱིར་ན། །མངལ་དུ་མ་སྐྱེས་སྔ་རོལ་དང༌། །རྣམ་སྨིན་ལུས་རྗེས་གྱུར་ནས་ཀྱང༌། །ལུས་འདི་འདོར་བར་མི་འགྱུར་ཞིང༌། །དེ་དུས་རླུང་དང་སེམས་ཀྱི་ནི། །ཡན་ལག་རླུང་དང་རྩ་བ་ཡི། །རླུང་གཞན་མ་ཡིན་སྲོག་གི་རླུང༌། །ཁོ་ན་ཉིད་དང་སེམས་ཀྱང་ནི། །དབང་ཤེས་མ་ཡིན་ཡིད་ཀྱི་ནི། །རྣམ་ཤེས་འབའ་ཞིག་པ་ཉིད་ཟེར། །སྒྲུབ་པ་པོ་དེ་ཤི་འོག་ཏུ། །ཡིད་ཀྱི་རྣམ་ཤེས་མི་འདོར་བར། །འདོད་དམ་འབོར་དང་མི་འབོར་བའི། །རྣམ་ཤེས་རྫས་གཞན་གཉིས་ཁས་ལེན། །དང་པོ་ལྟར་ན་གཞི་དུས་ཀྱི། །སྣང་གསུམ་འཆར་ཚུལ་ཀུན་ལས་ཉམས། །གཉིས་པ་ལྟར་ན་སེམས་ཅན་ཀུན། །ཡིད་ཀྱི་རྣམ་པར་ཤེས་པ་ནི། །རྒྱུད་རེ་རེ་བར་བཤད་དང་འགལ། །སྤྱིར་ཡང་ཡིད་ཀྱི་དབང་པོ་ལ། །རག་ལས་མིན་པའི་ཡིད་རྣམ་ཤེས། །ཇི་ལྟར་ཡིན་པ་ཁྱེད་ཀྱིས་སྟོན། །དྲུག་པོ་འགགས་མ་ཐག་པ་དང༌། །ཉོན་མོངས་ཅན་ཡིད་ལས་གཞན་པའི། །ཡིད་དབང་ཆོས་ནས་གསུངས་པ་མེད། །གཞི་ལུས་ཡིད་ཀྱི་ཤེས་པ་ཡི། །བདག་རྐྱེན་གང་ཞིག་ཡིན་པ་སྨྲོས། །སྲོག་རླུང་དེ་ཡི་ངོས་འཛིན་ཡང༌། །རྣལ་འབྱོར་པ་རང་ཉིད་ཀྱིའམ། །རྫས་གཞན་གྱུར་པ་གཞན་ཞིག་ཡིན། །དང་པོ་ལྟར་ན་མངལ་བཟུང་བའི། །སྔ་རོལ་ཉིད་ནས་ཡོད་ཟེར་དང༌། །ཤི་བའི་འོག་ཏུའང་ཡོད་པ་འགལ། །ཤི་བའི་སྲོག་རླུང་མི་འདོར་བའི། །སེམས་ཅན་དེ་དག་ཁམས་གསུམ་པོ། །གང་དུ་སྐྱེས་ཀྱང་མིར་གྱུར་པའི། །སྲོག་དང་བཅས་པར་ཐལ་འགྱུར་ཏེ། །སྒྱུ་ལུས་སྒྲུབ་པའི་གཞི་བཅས་ཕྱིར། །ཕར་ཕྱིན་པ་དག་རྟ་གླང་དུ། །སྣང་ཡང་དེར་ཡོད་མིན་པའི་དཔེས། །ཆོས་ཀུན་མཚོན་པར་བྱེད་མོད་ཀྱི། །འདིར་ནི་རྣམ་རྟོག་བཞོན་པའི་རླུང༌། །ཁེགས་པས་གཉིས་མེད་ཡེ་ཤེས་དེ། །ཡེ་ཤེས་རླུང་གི་བཞོན་པ་དང༌། །ཚོགས་པ་གཅིག་གྱུར་སྒྱུ་མའི་སྐུ། །ཆོས་དབྱིངས་དེ་ལས་མ་གཏོགས་པའི། །ཆོས་གཞན་འདིར་ཡོད་མ་ཡིན་པ། །དེ་ཕྱིར་སྔགས་ཀྱི་སྒྱུ་མ་ནི། །ཕ་རོལ་ཕྱིན་པ་ལས་ཁྱད་འཕགས། །བཞི་པ་འོད་གསལ་རིམ་པ་ཡིས། །ངོ་བོ་རང་རིག་རང་གསལ་བ། །གཟུང་དང་འཛིན་པ་ཀུན་བྲལ་བའི། །ཡེ་ཤེས་དམ་པའི་དོན་ཉིད་དོ། །བདག་རྐྱེན་རྒྱུ་དང་ལམ་དུས་ཀྱི། །དབང་བསྐུར་བ་དང་ཉེར་ལེན་རྒྱུ། །སྣང་གསུམ་དཔེ་ཡི་འོད་གསལ་དང༌། །བཅས་ཡིན་དེ་ཉིད་སྒྱུ་ལུས་ཀྱིའང༌། །གནས་ཚུལ་ཉིད་དུ་ཡོད་ཕྱིར་རོ། །སྒྱུ་ལུས་གྲུབ་རྗེས་འོད་གསལ་བ། །ཇི་ལྟར་བསྒྲུབ་པའི་རིམ་པ་ནི། །རིལ་པོར་འཛིན་དང་རྗེས་སུ་གཞིག །ཅེས་བྱའི་མན་ངག་རྣམ་གཉིས་ཀྱི། །སྒྱུ་མའི་གཟུགས་སྐུ་འོད་གསལ་བའི། །ངོ་བོ་ཉིད་དུ་བཅུག་པས་སོ། །འབད་རྩོལ་དུ་མས་བསྒྲུབ་པའི་སྐུ། །འོད་གསལ་ཉིད་དུ་འཇུག་བྱེད་ན། །གླང་ཆེན་ཁྲུས་འདྲར་མི་འགྱུར་རམ། །བཅུག་པའི་དགོས་པ་ཅི་ཞེ་ན། །སྒྱུ་མར་ཞེན་པའི་རྣམ་རྟོག་གིས། །འཛིན་པ་སྤང་བར་བྱ་ཕྱིར་ཏེ། །སྒྱུ་མའི་སྐུ་ལ་དེར་ཞེན་པས། །བདེན་གཉིས་སོ་སོ་ཐ་དད་པར། །བཟུང་བས་དེ་ཐ་དད་མིན་པའི། །ཟུང་འཇུག་སྐུ་ལ་གེགས་བྱེད་འགྱུར། །ཕྱི་རབས་པ་འགའ་ཆོས་ཀུན་ལ། །སྒྱུ་མར་ཞེན་པ་ཡུལ་གྱི་ནི། །གནས་ཚུལ་ཡིན་ཕྱིར་སྤང་མི་དགོས། །སྤོང་ན་སྒྱུ་མ་འཁྲུལ་འགྱུར་ལོ། །དེ་སྐད་ལུང་རིགས་དུ་མ་ཡིས། །བཀག་ཟིན་ཕྱིར་ན་འདིར་མི་འབད། །དོན་གྱི་འོད་གསལ་དངོས་གཞི་ལ། །འཇུག་བྱེད་ཏིང་འཛིན་གཉིས་པོའི་མིང༌། །རིལ་པོར་འཛིན་པ་བདག་དང་ནི། །ཁམས་གསུམ་མ་ལུས་ཅིག་ཆར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ལྷ་སྐུར་བསྒྲུབས་ནས་སོ་སོ་ཡི། །དམ་ཚིག་ཡེ་ཤེས་ཏིང་ངེ་འཛིན། །རྣམ་གསུམ་རིམ་བཞིན་ཆེས་ཕྲ་བར། །གྱུར་ནས་སྟོང་ཉིད་དུ་འཇུག་དང༌། །བདག་དང་སྣང་བ་སོ་སོ་བར། །བྱས་ནས་དེ་དང་དེར་གྲུབ་པ། །རིམ་པ་ཇི་བཞིན་སྔ་མ་ལྟར། །བྱས་ནས་སྟོང་ཉིད་དུ་འཇུག་པའོ། །འོད་གསལ་བ་ལ་ཤེས་སྒྲིབ་ཀྱི། །ས་བོན་སྤོང་བྱེད་གཉེན་པོ་དང༌། །རྣམ་པར་གྲོལ་བའི་ལམ་གཉིས་སུ། །དོན་གྱིས་འཐོབ་བོ་དེ་ལ་ཡང༌། །དང་པོར་མངོན་དུ་བྱས་ཙམ་དང༌། །དེ་གོམས་བྱེད་པའི་དབྱེ་བ་ཡིས། །མཐོང་དང་སྒོམ་པའི་ལམ་དག་ཏུ། །འབྱེད་པ་གདོན་མི་ཟ་བ་ཡིན། །དེ་ལྟ་ན་ཡང་སྤྱོད་པ་ཡིས། །མི་སློབ་ཟུང་འཇུག་པ་ཉིད་དུ། །འཇུག་ལ་དགོས་པའི་ཉོན་མོངས་པ། །འགའ་ཞིག་འོད་གསལ་འདིས་མི་སྤོང༌། །སྤང་བྱ་མིན་པར་ཐལ་ཞེ་ན། །འབྲས་བུ་ཉིད་དང་མཚམས་སྦྱོར་བའི། །ལྷན་སྐྱེས་དགའ་བ་བཞི་པའི་མིང༌། །ཐམས་ཅད་སྟོང་པའི་འོད་གསལ་ཞེས། །བྱ་བ་དེས་སྤོང་ཅི་ཕྱིར་ན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཉོན་མོངས་པ་དང་ཤེས་སྒྲིབ་ཀྱི། །བག་ལ་ཉལ་ཀུན་ཅིག་ཆར་དུ། །སྤོང་ཞེས་བཤད་དང་མཚུངས་ཕྱིར་རོ། །ཀུན་རྫོབ་བདེན་ལ་སོ་སོ་དང༌། །ཟུང་འཇུག་གནས་སྐབས་གཉིས་བཤད་བཞིན། །འོད་གསལ་བ་ལའང་དེ་ལྟ་བུ། །གཉིས་ལ་ཕྱི་མས་མི་སྤོང་བའི། །སྒྲིབ་ཀུན་བག་ཆགས་ཡོད་མ་ཡིན། །དབེན་གསུམ་སྒྱུ་མའི་སྐུར་བྱས་པ། །ཐོག་མའི་ས་མཚམས་ངེས་འབྱེད་དང༌། །མངོན་དུ་གྱུར་ནས་མཐར་ཕྱིན་པ། །ཟུང་འཇུག་མི་སློབ་པའི་ཚེ་ཡང༌། །ཡིན་ནོ་བཞི་པ་འོད་གསལ་གྱི། །ཐོག་མའི་ས་མཚམས་གསང་སྔགས་ཀྱི། །མཐོང་བའི་ལམ་དེ་མཐར་ཕྱིན་པ། །མི་སློབ་ཟུང་འཇུག་ངོ་བོ་ཉིད། །སྔོན་དང་ཕྱི་མའི་དུས་འདིར་ཡང༌། །འོད་གསལ་ངོས་འཛིན་སྟོང་པ་ཉིད། །མེད་པར་དགག་ལས་གཞན་མེད་པ། །ཟླ་བའི་དགོངས་པ་ཡིན་ཟེར་དང༌། །བདེ་དང་སྟོང་པ་ཆུ་ལ་ནི། །ཆུ་བཞག་ཇི་བཞིན་གཟུང་བ་དང༌། །འཛིན་པ་རྒྱང་ཆད་ཡོད་མིན་པ། །འོད་གསལ་འདི་ཡི་ངོས་འཛིན་ཟེར། །ལུགས་དང་པོ་ནི་ཟླ་གྲགས་ཀྱིས། །ཕ་རོལ་ཕྱིན་དང་གསང་སྔགས་ཀྱི། །སྟོང་ཉིད་འཆད་ཚུལ་སོ་སོ་བ། །དེ་མ་ཤེས་པ་དེས་ནོངས་སོ། །འཆད་ཚུལ་དང་པོས་མཉམ་གཞག་ཚེ། །མེད་པར་དགག་པའི་སྟོང་ཉིད་ལས། །མ་གཏོགས་ཆོས་འགའ་ཡོད་མིན་ཕྱིར། །མཉམ་པར་བཞག་ཚེ་བློ་མེད་པར། །གྱུར་ཀྱང་སྦྱོར་བའི་དུས་ཀྱི་ནི། །འཕེན་པའི་དབང་གིས་རྗེས་ཐོབ་ཏུ། །བསོད་ནམས་ཚོགས་རྫོགས་བྱེད་པའི་བློ། །བྱེད་པོ་རང་གི་རྒྱུད་ལ་འབྱུང༌། །རྫོགས་སངས་རྒྱས་ཚེ་དེ་ལྟ་བུ། །འཕེན་པ་མེད་ཅིང་དུས་རྟག་ཏུ། །མཉམ་པར་བཞག་ཕྱིར་རང་རྒྱུད་ཀྱིས། །བསྡུས་པའི་ཡེ་ཤེས་མེད་པར་བཤད། །འདུས་པའི་གཞུང་འདི་སྒྲོན་གསལ་གྱིས། །འཆད་ཚེ་སངས་རྒྱས་ཆོས་ཐམས་ཅད། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུ་ལས། །གཞན་ཡོད་མིན་པ་ཉིད་ཕྱིར་རོ། །གང་དུ་ལོངས་སྤྱོད་རྫོགས་པའི་སྐུ། །འཆད་བྱེད་ཡོད་པའི་གཞུང་དེར་ནི། །བདེ་སྟོང་ཁ་སྦྱོར་ལས་གཞན་པ། །བཤད་པའི་གོ་སྐབས་ཡོད་མ་ཡིན། །འོད་གསལ་མེད་དགག་ལ་འཆད་ཚེ། །དཀའ་བའི་གནས་དེ་གཟིགས་གྱུར་ནས། །ཟུང་འཇུག་རྡོ་རྗེ་འཆང་ཞེས་པ། །ས་བཅུ་པ་ལ་འཆད་ཅེས་ཟེར། །རྫོགས་སངས་རྒྱས་ལ་བློ་མེད་ཅེས། །འཆད་པ་སྔགས་ན་མེད་མོད་ཀྱི། །དབུ་མ་དང་ནི་སྤྱོད་པ་ལ། །འཇུག་པ་རྣམ་གཉིས་བྱེད་པོ་ཡིས། །དེ་ཚེ་དེ་ཡོད་མིན་པ་ནི། །གསལ་བར་བཤད་ལ་བསྙོན་མི་ནུས། །དེ་ཚེ་རྫོགས་པའི་སངས་རྒྱས་ལ། །སྐུར་པ་བཏབ་ཅེས་གསུངས་མོད་ཀྱང༌། །ཆོས་རྣམས་རང་རང་ངོ་བོ་ཡིས། །སྟོང་ཚུལ་ཟོལ་ཟོག་ཡོད་མིན་པར། །བཤད་ཚུལ་ཤེས་ན་སྔར་བཤད་པ། །དེ་ལས་གཞན་དུ་འཆད་མི་ནུས། །དེ་འདྲ་དོན་དམ་པར་ཡིན་མོད། །ཐ་སྙད་འཇོག་ཚེ་དེ་ལ་དེ། །ཡོད་མ་ཡིན་ན་གཞུང་ལུགས་ཀུན། །ཉམས་པར་འགྱུར་བ་ཉིད་ཅེ་ན། །དེ་ལྟར་ཡིན་ནོ་དེའི་ཤེས་བྱེད། །མཐའ་ཡས་གདུལ་བྱའི་བསོད་ནམས་དང༌། །སྔོན་དུས་རང་རང་སྨོན་ལམ་གྱིས། །ས་བཅུ་པ་དང་གཞན་དག་ལ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུར། །སྣང་ལ་སྟོབས་སོགས་ཡོན་ཏན་ཆོས། །དེ་རང་ཉིད་ཀྱིས་བསྡུས་ལྟ་བུར། །སྣང་ཕྱིར་དེ་ལ་དེ་ཡོད་པར། །ཐ་སྙད་དུས་སུ་རྣམ་འཇོག་པའི། །གཞུང་ལུགས་དེ་ཀུན་ཉམས་མི་མངའ། །ལུགས་གཉིས་པ་དེས་སྟོང་ཉིད་ཀྱི། །ངོས་འཛིན་ཟླ་གྲགས་དབུ་མར་ནི། །བཤད་ལས་གཞན་དུ་མི་འཆད་ཅིང༌། །ཡུལ་ཅན་བདེ་བས་དེ་རྟོགས་པའི། །མཐར་ཐུག་འོད་གསལ་ཡིན་ཟེར་བ། །གཞི་ཡི་དུས་ཀྱི་འོད་གསལ་བ། །ངོས་འཛིན་གང་གིས་གང་རྟོགས་པར། །བཤད་ནུས་མིན་ཕྱིར་དུས་དེ་ན། །འོད་གསལ་མིན་པར་ཁྱེད་འདོད་དམ། །དེ་ལྟ་ན་ནི་དེ་དུས་ཀྱི། །དོན་དམ་བདེན་པའི་ངོས་འཛིན་ཅི། །མེད་པར་དགག་པ་དོན་དམ་དུ། །བཞེད་པ་སྔགས་ན་ལྟ་ཅི་སྨོས། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཀྱི། །མཐར་ཐུག་གང་ནའང་ཡོད་མ་ཡིན། །བདེ་དང་སྟོང་པ་རོ་གཅིག་པར། །སོང་ཞེས་འཆད་པའི་དོན་གང་ཡིན། །བདེ་བ་སྟོང་པ་རོ་གཅིག་ན། །ནམ་མཁའ་ལྟ་བུ་ལས་གཞན་མེད། །སྟོང་པ་བདེ་བར་རོ་གཅིག་ན། །ལྷན་སྐྱེས་ཡེ་ཤེས་ལས་གཞན་མེད། །ཁྱེད་ཀྱིས་བདེ་བ་ངོས་འཛིན་ཚེ། །ལས་ཀྱི་ཕྱག་རྒྱ་ལས་བྱུང་བའི། །ཟག་བཅས་བདེ་བ་ལ་བཤད་པ། །ཧ་ཅང་ཐལ་ཕྱིར་སྤྲོ་མི་དགོས། །ལྔ་པ་ཟུང་འཇུག་ངོ་བོ་ནི། །འོད་གསལ་བ་དང་སྒྱུ་མའི་སྐུ། །གཉིས་སུ་བྱར་ཡོད་མ་ཡིན་པའི། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །འདི་ཉིད་འོད་གསལ་བར་གནས་ཤིང༌། །འོད་གསལ་བ་ཡང་འདི་ཉིད་དུ། །གནས་ཕྱིར་སྐུ་འདི་འོད་གསལ་དུ། །སླར་འཇུག་དགོས་པ་མ་ཡིན་ནོ། །དེ་ཕྱིར་འདི་ནི་དོན་དམ་པའི། །བདེན་ཕྱིར་ཀུན་རྫོབ་དང་མི་མཚུངས། །ལོངས་སྤྱོད་རྫོགས་སྐུ་ཀུན་རྫོབ་ཀྱི། །བདེན་པ་ཁོ་ནར་བཞེད་རྣམས་ཀྱི། །ཟུང་འཇུག་ངོ་བོ་ཀུན་རྫོབ་ཀྱི། །བདེན་པར་བཤད་པས་ནོངས་མིན་ནམ། །ཟུང་འཇུག་བདག་རྐྱེན་དབང་བསྐུར་ནི། །འོད་གསལ་དུས་ཀྱི་དབང་དེ་ལས། །གཞན་མིན་འདི་དག་འོད་གསལ་གྱི། །བར་ན་རྗེས་ཤེས་ཡོད་མིན་ཚེའོ། །ཉེར་ལེན་ཀུན་རྫོབ་སྒྱུ་མ་དང༌། །ལུགས་ལྡོག་སྣང་གསུམ་ཡེ་ཤེས་ཏེ། །འོད་གསལ་མེད་པར་དགག་ཡིན་ན། །སྣང་གསུམ་ཡེ་ཤེས་རྒྱུ་ཅི་ལས། །འོད་གསལ་ངོ་བོ་བདེ་ཆེན་ན། །ཀུན་རྫོབ་བདེན་པར་མ་སྨྲས་སམ། །ཟུང་འཇུག་ཇི་ལྟར་བསྒྲུབ་རིམ་ནི། །སྒྱུ་མ་གྲུབ་ནས་འོད་གསལ་དུ། །འཇུག་པའི་དུས་དེར་འདི་སྙམ་སྟེ། །ལོའམ་ཟླ་བའི་བར་དག་ཏུ། །འོད་གསལ་བ་ལ་མཉམ་བཞག་ནས། །སྐབས་སུ་སྣང་གསུམ་ལུགས་ལྡོག་སྟེ། །ཟུང་འཇུག་མངོན་དུ་བྱའོ་ཞེས། །འཕེན་པ་བཏང་ནས་བསྒྲུབ་དགོས་ཏེ། །འོད་གསལ་བ་དང་སྣང་གསུམ་གྱི། །སྐབས་ན་ལོངས་སྐུར་བཞེངས་འདོད་པའི། །ཀུན་སློང་རྣམ་རྟོག་མེད་ཕྱིར་དང༌། །གསུམ་པོ་བར་ཆད་མེད་སྐྱེའི་ཕྱིར། །འོད་གསལ་བར་ཆད་མེད་ལམ་གྱིས། །སྒྲིབ་པ་མ་ལུས་ཀུན་སྤོང་ན། །ཟུང་དུ་འཇུག་པར་བཞེངས་རྗེས་སུ། །ཚོགས་འཁོར་སོགས་བྱའི་ཀུན་སློང་དང༌། །སྤྱོད་པ་རྣམ་གསུམ་མཐར་ཕྱིན་པའི། །རྐྱེན་གང་ཡིན་པ་སྨོས་ཞེ་ན། །འོད་གསལ་བར་ཆད་མེད་ལམ་གྱིས། །མཐོང་དང་སྒོམ་པས་སྤང་བྱ་བར། །བཤད་རྣམས་མ་ལུས་སྤོང་བྱེད་མོད། །དེར་མ་བཤད་པའི་རྣམ་རྟོག་དང༌། །ཆགས་ཆེན་ཡན་ལག་དུ་དགོས་པའི། །ཉོན་མོངས་མི་སྤོང་བའི་རང་བཞིན། །འོད་གསལ་ངོ་ན་གཉེན་པོ་ཡི། །རྣམ་པར་རྟོག་པ་ཀུན་བྲལ་ཡང༌། །དེ་ལས་བཞེངས་པའི་ཟུང་འཇུག་ཚེ། །བྱ་བྱེད་རྟོག་པ་ཀུན་མི་སྤོང༌། །འོད་གསལ་པ་ན་ཟུང་འཇུག་ཏུ། །བཞེངས་པའི་འཕེན་པ་གཏོང་བྱེད་ཚེ། །དབང་པོའི་རིམ་པ་རྣམ་གསུམ་སྟེ། །བརྩོན་འགྲུས་ཅན་དང་ལེ་ལོ་ཅན། །བར་ཆད་ཅན་ཞེས་བྱ་བ་ལས། །འོད་གསལ་བ་ལས་ཟུང་འཇུག་ཏུ། །ལྡང་ལ་ཚེགས་ཡོད་མ་ཡིན་ཡང༌། །ཟུང་འཇུག་རྟེན་ལ་སྤྱོད་པ་རྣམས། །སྤྱོད་པའི་མཐུན་རྐྱེན་ཚང་བ་དང༌། །མ་ཚང་བ་ལས་རིམ་བཞིན་དུ། །ཚང་བའི་འབྱོར་ལྡན་བརྩོན་འགྲུས་ཅན། །ཚེ་འདི་ཉིད་ལ་རྫོགས་སངས་རྒྱ། །སྒྱུ་མ་གྲུབ་པའི་ལེ་ལོ་ཅན། །སྔོན་དུ་སྲིད་པའི་རྟེན་དེ་ལ། །འོད་གསལ་སྒྲུབ་པའི་རྩོལ་མེད་པས། །འཆི་བ་འོད་གསལ་མངོན་གྱུར་ཚེ། །སྔོན་གྱི་མན་ངག་དྲན་བྱས་ནས། །འོད་གསལ་མ་དང་བུ་འཕྲད་པ། །ལྟ་བུར་བྱས་ནས་ལུགས་ལྡོག་གི །སྣང་བ་གསུམ་ལས་ཟུང་འཇུག་སྐུ། །རིམ་གྱིས་མངོན་དུ་བྱའོ་ཞེས། །འཕེན་པ་བཏང་ནས་འོད་གསལ་ལ། །འཇུག་པར་བྱེད་པ་ཁོ་ནའོ། །སྒྱུ་མ་གྲུབ་པའི་བར་ཆད་ཅན། །བདེན་པ་མ་མཐོང་སྨོས་ཅི་དགོས། །བདེན་མཐོང་གྱུར་ཀྱང་སྤྱོད་པ་ལ། །འཇུག་པའི་མཐུན་རྐྱེན་མ་ཚང་བའམ། །ཚང་ཡང་བརྩོན་འགྲུས་མི་རྩོམ་པས། །འོད་གསལ་བ་ལ་མི་འཇུག་པའམ། །ཞུགས་ཀྱང་སྔོན་དུས་འཆི་སྲིད་དང༌། །བར་དོའི་སྲིད་པ་གང་ལ་ཡང༌། །རྫོགས་སངས་རྒྱས་མི་འདོད་པའོ། །འོད་གསལ་བ་ལས་ཟུང་འཇུག་ཏུ། །འཇུག་པའི་ས་མཚམས་གང་ཞེ་ན། །མཐོང་བས་སྤང་བྱའི་སྒྲིབ་པ་ཀུན། །སྤངས་པའི་རྣམ་གྲོལ་ལམ་ནས་སམ། །སྒོམ་པས་སྤང་བྱ་རེ་རེ་ཀུན། །སྤངས་པའི་ས་བདུན་ནས་ཀྱང་སྟེ། །དག་པའི་ས་གསུམ་ནས་ནི་དེ། །མངོན་དུ་བྱེད་ན་དཀའ་བའི་གནས། །ཅི་ཕྱིར་ཞེ་ན་གསུམ་པོ་ཡི། །རྗེས་ཤེས་ལ་ཡང་སྒྲ་དང་དོན། །འདྲེས་འཛིན་རྟོགས་པ་བཀག་ཕྱིར་རོ། །དེ་མེད་ན་ནི་བསོད་ནམས་ཀྱི། །ཚོགས་རྫོགས་པ་ཡིན་ཀུན་སློང་དང༌། །ཐ་ན་ཤིན་ཏུ་སྤྲོས་མེད་དུ། །དགོས་པའི་རྟོག་པ་འགག་ཕྱིར་རོ། །འོད་གསལ་བ་ནི་ཟུང་འཇུག་སྐུ། །མངོན་དུ་བྱེད་ལ་གེགས་མེད་ཅིང༌། །ཟུང་འཇུག་ནས་ནི་སྤྱོད་པ་གསུམ། །མི་འབྱུང་མི་སྲིད་དེ་ཡི་ཕྱིར། །བདེན་པ་མཐོང་ནས་ལས་མཐའ་ལ། །ཆགས་པས་སྤྱོད་ལ་མི་འཇུག་པ། །དེ་འདྲ་ཅི་ཡི་ཕྱིར་ཞེ་ན། །དཔེ་ཡི་ཡེ་ཤེས་བདེན་མཐོང་དུ། །བཏགས་ཞེས་ས་སྐྱ་པས་གསུངས་དང༌། །སྤྱོད་བསྡུས་སྒྲོན་མའི་དགོངས་འཆད་ཚེ། །ལེ་ལོ་ཅན་གང་བར་དོ་རུ། །ཟུང་དུ་འཇུག་ལ་དགོངས་ཟེར་མོད། །འོད་གསལ་བ་ལ་འཇུག་པའི་ཚེ། །འཕེན་པ་ཇི་ལྟར་བཏང་ལ་སོ། །འོ་ན་ས་བདུན་མན་ཆད་དུ། །འོད་གསལ་བ་ལས་ཟུང་འཇུག་སྐུར། །བཞེངས་ཚེ་བར་ཆད་གཞན་ཡོད་ན། །ཟུང་དུ་འཇུག་པའི་རྒྱུ་དང་རྐྱེན། །གང་ཞིག་ཡིན་པ་སྨྲོས་ཞེ་ན། །དབེན་གསུམ་ལས་ནི་ཀུན་རྫོབ་ཀྱི། །བདེན་པར་འཇུག་པའི་རྒྱུ་རྐྱེན་བཞིན། །བདེན་པ་མཐོང་བའི་རྗེས་སུ་ཡང༌། །གསུམ་པའི་དབང་ལས་ལུགས་འབྱུང་དང༌། །ལུགས་ལྡོག་དགའ་བ་བཞི་རྙེད་པ། །དེ་ལ་ལུགས་འདིར་སྟོང་པ་བཞི། །སྣང་གསུམ་འོད་གསལ་དང་བཅས་པའི། །རྒྱུ་ལས་ཟུང་འཇུག་སྐུ་འགྲུབ་པར། །ཚེགས་ཡོད་མིན་མོད་དེ་ཡང་ནི། །སྔོན་གྱི་འཕེན་པའི་དབང་ལ་སོགས། །ཕུང་པོའི་ཟ་མ་ཏོག་ནང་དུ། །ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་ཚེ། །མ་དག་རྣམ་སྨིན་ཕུང་པོ་ཡི། །ཡིད་ཀྱི་རྣམ་ཤེས་འཁོར་བཅས་པ། །ལོངས་སྤྱོད་རྫོགས་སྐུ་གྲུབ་མིན་ནམ། །གྲུབ་ན་དེ་གྲུབ་ཙམ་ཉིད་ནས། །རྣམ་སྨིན་འདིར་ནུས་མིན་པ་ཅི། །དེ་དུས་དེ་དེར་མ་གྲུབ་ན། །སྒྲུབ་པ་པོ་དང་གྲུབ་པའི་འབྲས། །འབྲེལ་མེད་གྱུར་པ་མ་ཡིན་ནམ། །ཞེ་ན་བདག་བྱིན་བརླབ་རིམ་པས། །བདག་གམ་སྒྲུབ་གཞི་ཟུང་འཇུག་ཏུ། །གྲུབ་ཀྱང་དེ་སྒྲུབ་བྱེད་པ་པོས། །བསོད་ནམས་ཚོགས་ཆེན་མ་རྫོགས་པ། །དེ་སྲིད་ཕུང་པོ་འདིར་མི་བྱེད། །བསོད་ནམས་ཚོགས་དེ་གང་ཞེ་ན། །གོང་མའི་རིམ་པ་རེ་རེ་ཡི། །སྐབས་སུའང་བཤད་ཟིན་པ་དེ་དང༌། །བྱེ་བྲག་འདིར་ནི་མི་སློབ་པའི། །ཟུང་འཇུག་སྐུ་དང་མཚམས་སྦྱོར་བའི། །སྤྱོད་པའི་ཚོགས་སུ་བཤད་རྣམས་སོ། །སྤྱོད་པས་མཚམས་སྦྱར་ཟིན་འོག་ཏུ། །སྦྲུལ་གྱི་ཤུན་པ་བརྗེས་པ་ན། །ཤུན་པ་བཞག་ནས་སྦྲུལ་སོང་ལྟར། །རྣམ་སྨིན་ཤུལ་དུ་བཞག་ཅེས་པ། །སྤྱོད་བསྡུས་སོགས་ཀྱི་དགོངས་པ་ནི། །ཡིན་ཞེས་ཟེར་མོད་དཀའ་བའི་གནས། །སྤྱོད་པའི་ཚོགས་རྣམས་བྱེད་པ་པོ། །ཁམས་དྲུག་ལུས་ཅན་དེ་མིན་ནམ། །བྱེད་པོས་ཟུང་འཇུག་མི་འགྲུབ་པར། །དེ་མིན་པས་འགྲུབ་ཧ་ཅང་ཐལ། །སྒྲུབ་པ་པོ་དང་དེ་གྲུབ་པ། །རྒྱུ་གཅིག་ཡིན་ཕྱིར་ཉེས་མེད་ན། །འོ་ན་བྱེད་པོ་ཟུང་འཇུག་ཏུ། །གྲུབ་པ་ཅི་ཕྱིར་འདི་མི་འདོད། །བྱེད་པོའི་རྣམ་ཤེས་འཁོར་བཅས་པ། །དེ་གྲུབ་ན་ཡང་གཟུགས་ཕུང་པོ། །དེར་མི་འགྲུབ་པས་སྐྱོན་མེད་ན། །འོ་ན་མིང་གཞིའི་ཚོགས་རྣམས་ཀུན། །ལོངས་སྤྱོད་རྫོགས་སྐུའི་བསྒྲུབས་གཞིར་ཐལ། །འདོར་ན་དེ་སྒྲུབ་བྱེད་པའི་གཞི། །སྒྲུབ་པོ་མ་སྐྱེས་སྔ་རོལ་ནས། །ཡོད་དང་ཤི་བའི་འོག་ཏུ་ཡང༌། །གཞི་ལུས་ཡོད་པར་འདོད་དང་འགལ། །སོལ་བ་དུང་དུ་མི་འགྱུར་ལྟར། །གཟུགས་ཕུང་སངས་མི་རྒྱ་ཟེར་མོད། །ཕྱི་རོལ་དོན་ལ་ཞེན་ཆེས་པས། །ཐེག་ཆེན་གཞུང་ལུགས་འཆད་མི་ནུས། །དེ་ཕྱིར་གསང་བ་འདུས་པ་ཡི། །སྒྲུབ་པོ་རྣལ་འབྱོར་པ་དེའི་ངོར། །ཆོས་ཅན་རྟེན་འབྲེལ་སྣ་ཚོགས་ཀྱི། །གང་སྣང་དེ་ཡི་ཆོས་དབྱིངས་ཀྱི། །ཡེ་ཤེས་རོ་གཅིག་ཏུ་གྱུར་པ། །རྫོགས་སངས་རྒྱས་ཚེ་ཀུན་རྫོབ་ཀྱི། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་ཕྱིར་ཤུལ་དུ་ལུས་པ་མེད། །རྒྱལ་པོ་ཨིནྟྲ་བྷཱུ་ཏི་ཡང༌། །བཙུན་མོའི་ཚོགས་བཅས་ཟུང་འཇུག་ཏུ། །མངོན་དུ་མཛད་ཚེ་མ་དག་ལུས། །གང་གང་ཤུལ་དུ་ལུས་པ་སྨོས། །སྤྱོད་པ་ལ་སོགས་བསོད་ནམས་ཚོགས། །བྱེད་པོ་ཀུན་རྫོབ་པ་དེ་ཡིས། །རང་གི་ཡེ་ཤེས་དོན་དམ་པ། །རྫོགས་སངས་རྒྱ་ཕྱིར་འབད་པ་ལས། །དམ་པའི་བདག་དེ་ཟུང་འཇུག་སྐུར། །རྫོགས་སངས་རྒྱས་ཚེ་དེ་ལས་གཞན། །ཀུན་རྫོབ་འགའ་ཡང་དམིགས་མེད་ན། །རྣམ་སྨིན་ཕུང་སོགས་སྨོས་ཅི་དགོས། །སློབ་བཞིན་པ་ཡིས་ཟུང་འཇུག་སྐུ། །མངོན་གྱུར་ཚོགས་ཀྱི་འཁོར་ལོ་དང༌། །སྤྱོད་གསུམ་གང་རུང་སྦྱོང་བྱེད་པ། །འབྱོར་པ་དང་ནི་དབང་པོ་དང༌། །ན་ཚོད་རབ་འབྲིང་མཐའ་མ་ཡི། །དབྱེ་བས་ཚོགས་འཁོར་རྒྱས་འབྲིང་བསྡུས། །སྤྲོས་བཅས་སྤྲོས་མེད་སྤྱོད་པ་གསུམ། །གང་ལ་བསླབས་ཀྱང་མི་སློབ་པའི། །ཟུང་འཇུག་འགྲུབ་ལ་ཁྱད་མེད་ཅེས། །ཤིང་དང་འདབ་མ་རས་བལ་གསུམ། །བསྲེག་ལ་ཐལ་བར་ཁྱེད་མེད་པའི། །དཔེ་ཡིས་རྒྱས་པར་གསུངས་དེ་ལ། །རྣལ་འབྱོར་པ་ཡིས་བློས་དཔྱད་བྱ། །བསོད་ནམས་ཚོགས་རྫོགས་བྱེད་པའི་ཐབས། །ཚོགས་ཀྱི་འཁོར་ལོ་རྒྱས་པ་ནི། །བྱེད་པོ་དེ་ཡིས་རྒྱུ་དུས་སུ། །དབང་བསྐུར་བ་ནས་སྟོང་ཉིད་ཀྱི། །ལྟ་བར་ཐོས་དང་བསམ་པ་དང༌། །ལམ་གྱི་དུས་སུ་སྒོམ་པ་ཡིས། །ཉམས་མྱོང་བ་ནི་ཚོགས་འཁོར་ལོའི། །མེད་ན་མི་འབྱུང་རྒྱུ་ཡིན་ཕྱིར། །དེ་མེད་ན་དེ་དེས་མི་བྱ། །སྣོད་མིན་སྐྱེ་བོས་མ་སྦགས་པའི། །གནས་ཁང་ཡིད་འོང་ཉམས་དགའ་བར། །དམ་ཚིག་སྡོམ་པ་དང་ལྡན་པའི། །སློབ་མའི་ཚོགས་ཀུན་རྡོ་རྗེ་ཡི། །སློབ་དཔོན་དང་བཅས་ཡོ་བྱད་རྣམས། །མ་ཚང་མེད་པར་འབྱོར་བྱས་ནས། །གང་འདིའི་ལུགས་ཀྱི་དཀྱིལ་འཁོར་གྱི། །སྒྲུབ་ཐབས་ཚང་བར་གོམས་བྱས་ནས། །སློབ་དཔོན་ལས་སམ་བདག་ཉིད་ཀྱིས། །འཇུག་པའི་ཚུལ་གྱིས་དབང་བླང་བ། །ཉམས་མྱོང་གྱུར་ནས་ལྷག་པའི་ལྷར། །སྦྱོར་བ་ཉམས་པ་མེད་བཞིན་དུ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ཙམ་འདོད་པ་བསྟན་པར་བྱ། །བསྟེན་པར་བྱེད་པོ་ཀུན་རྫོབ་དང༌། །དམ་པའི་དོན་གྱི་བདག་གཉིས་ལས། །ཕྱི་མ་ལྷག་པའི་ལྷར་གྲུབ་པ། །ལོངས་སྤྱོད་བྱེད་པོ་དངོས་དེ་ཉིད། །ལོངས་སྤྱོད་བྱས་པའང་ཀུན་རྫོབ་དང༌། །དེ་ཡིས་ཆོས་དབྱིངས་ཡེ་ཤེས་ལས། །ཕྱི་མ་སྤྱད་བྱ་དངོས་མིན་པར། །ཤེས་ནས་ཚོགས་ཀྱི་འཁོར་ལོར་སྤྱོད། །ཀུན་རྫོབ་སྣང་བའི་བྱ་བྱེད་པོ། །ཡོད་མ་ཡིན་པར་དོན་དམ་གྱི། །བྱ་བྱེད་དེ་དག་མི་འགྲུབ་མོད། །དམ་པའི་དོན་གྱི་བྱ་བྱེད་ལས། །ཉམས་མྱོང་མེད་པར་ཀུན་རྫོབ་ཀྱི། །བྱ་བྱེད་ལས་གསུམ་བྱེད་པ་པོ། །ཐ་མལ་པ་ཡི་དེ་དང་དེ། །བྱེད་དང་མཚུངས་ཕྱིར་འཁོར་བའི་རྒྱུ། །འདོད་པའི་ཡོན་ཏན་ཐམས་ཅད་ལ། །ཅི་འདོད་པར་ནི་བསྟེན་བྱས་ན། །ཀུན་རྫོབ་དབང་ལུས་རྒྱས་བྱེད་མོད། །དེ་འདྲ་ལྷག་པའི་ལྷ་མཆོད་པའི། །ཡན་ལག་མིན་པར་ཐལ་ཞེ་ན། །ཀུན་རྫོབ་ཁམས་དྲུག་རྣམ་རྒྱུས་པའི། །དབང་ལུས་ཞུ་བདེ་ལྷན་སྐྱེས་ཀྱི། །མེད་ན་མི་འབྱུང་རྒྱུ་ཡིན་ཕྱིར། །དེ་བསྟན་པ་ལས་དེ་གྲུབ་འགྱུར། །དེ་ནས་བསོད་ནམས་ཚོགས་ཆེན་པོའི། །ཕ་རོལ་སོན་པ་ཉིད་ཕྱིར་དང༌། །ཉོན་མོངས་པ་དང་ཤེས་སྒྲིབ་ཀྱི། །བག་ཆགས་ཟད་པར་བྱ་ཕྱིར་དང༌། །ཐམས་ཅད་མཁྱེན་ཕྱིར་སྤྱོད་པ་གསུམ། །གང་ཡང་རུང་ལ་བསླབ་བྱ་བ། །འབྱོར་ཆེན་ལྡན་པའི་གནས་ཁང་གི །མཚན་ཉིད་ཡོངས་སུ་ལྡན་གང་དེར། །དཔའ་བོ་རྣལ་འབྱོར་མ་ཡི་གྲངས། །མ་ཚང་མེད་པར་འབྱོར་བྱས་ནས། །སྟ་གོན་ནས་ནི་དངོས་གཞིའི་བར། །རྫོགས་པར་གོམས་བྱ་ཐིག་རྣམས་དང༌། །སོ་སོའི་ཚོམ་བུས་ལྷ་ཡི་གནས། །མ་འཆོལ་རིགས་པར་བཀོད་བྱས་ནས། །གསང་བ་འདུས་པ་ལྷ་དགུའམ། །བཅུ་གསུམ་མ་ནས་སོ་གཉིས་བར། །མིར་གྱུར་རྣལ་འབྱོར་ཕོ་མོའི་ཚོགས། །རང་རང་གནས་སུ་བཀོད་བྱས་ནས། །རྡོ་རྗེ་སློབ་དཔོན་མཐུན་གྲུབ་པས། །དཀྱིལ་འཁོར་པ་རྣམས་རང་རང་གི །ལྷག་པའི་ལྷ་ནི་དེ་དང་དེར། །ཡོངས་སུ་རྫོགས་པར་སྒྲུབ་པའི་ཚུལ། །དཀྱིལ་འཁོར་རྒྱལ་མཆོག་ཇི་བཞིན་དང༌། །མཆོད་ཚོགས་ལས་ནི་རྒྱལ་མཆོག་བཞིན། །གྲུབ་པར་བྱས་པའི་སློབ་དཔོན་གྱིས། །ཐུན་མོང་དབང་དགུ་གསང་བ་དང༌། །ཁྱད་པར་ཤེས་རབ་ཡེ་ཤེས་ཀྱི། །དབང་བསྐུར་བ་ནི་འདིར་བསྐུར་བྱ། །དེ་ཚེ་ཟུང་འཇུག་སྒྲུབ་པ་པོ། །རིགས་ལྔའི་ལྡོག་པས་རང་རང་གི །འབག་ཏུ་ཞུགས་ལ་སློབ་དཔོན་གྱིས། །རེ་རེ་ལ་ཡང་སྤྱན་མ་སོགས། །བཞི་བཞིར་སྟོབ་པ་སྤྲོས་བཅས་ཀྱི། །ཚེ་ན་ཡིན་གསུངས་སྤྲོས་མེད་ཚེ། །རིགས་ལྔ་དང་མཐུན་ཕྱག་རྒྱ་ལྔ། །ཡང་ན་དཔའ་བོ་གཅིག་པུ་ཡིས། །རེག་བྱ་རྡོ་རྗེ་མ་གཅིག་དང༌། །སྒྱུ་རྩལ་བསྟན་བཅོས་ལས་འབྱུང་ལྟར། །ཚུལ་བཞིན་སྙོམས་པར་ཞུགས་བྱས་པས། །རིམ་བཞིན་སྣང་བ་རྣམ་གསུམ་པོ། །རང་བཞིན་བརྒྱད་བཅུས་སྟོང་གསུམ་དང༌། །ཐམས་ཅད་སྟོང་པའི་འོད་གསལ་ནི། །ཐོ་རངས་དུས་སུ་མངོན་གྱུར་པ། །དེ་ལས་ཡང་ནི་ལུགས་ལྡོག་པའི། །སྣང་གསུམ་རྩེ་མོ་དེར་སོན་ནས། །ཐམས་ཅད་སྟོང་པའི་འོད་གསལ་དང༌། །གཉིས་སུ་བྱར་ཡོད་མ་ཡིན་པའི། །ལོངས་སྤྱོད་རྫོགས་སྐུ་དེར་བཞེངས་སོ། །དེ་ཚེ་ལུགས་འབྱུང་སྣང་གསུམ་གྱི། །རྒྱུན་མཐར་སྐྱེས་པའི་འོད་གསལ་དེ། །སྒྲིབ་གཉིས་བག་ཆགས་ཀུན་སེལ་བའི། །དངོས་གཉེན་བར་ཆད་མེད་ལམ་སྟེ། །ལུགས་ལྡོག་སྣང་བ་རྣམ་གསུམ་པོ། །རྣམ་པར་གྲོལ་བའི་ལམ་དང་ནི། །དེ་མཐར་འཁྲུངས་པའི་ཟུང་འཇུག་སྐུ། །མཚན་དཔེ་འབར་བའི་ལོངས་སྤྱོད་རྫོགས། །ཁ་སྦྱོར་ཡན་ལག་བདུན་ལྡན་པ། །མཐར་ཕྱིན་ཚུལ་གང་འདིར་གྲུབ་པ། །ཡང་ན་ཤིན་ཏུ་སྤྲོས་མེད་ཀྱི། །སྤྱོད་པ་ལ་འཇུག་བྱེད་པ་ནི། །རྣམ་གཡེང་ཆུང་དང་རྒན་པོ་དང༌། །དབང་པོ་རྣོ་དང་རིམ་པ་ལྔའི། །ཉམས་མྱོངས་ས་བཅུ་པར་སོན་པས། །གནོད་སྦྱིན་མོ་སོགས་དབང་བྱས་ཏེ། །ནམ་མཁའི་མཛོད་ལྟར་འབྱོར་པའི་ཚོགས། །ཆར་བཞིན་འབེབས་པའི་དབེན་གནས་སུ། །ཡེ་ཤེས་ཕྱག་རྒྱ་ཙམ་བསྟེན་ནས། །དགའ་བ་བཞི་པའི་རྩེ་མོར་ནི། །ལོངས་སྤྱོད་འབྱོར་རྫོགས་སྐུར་བཞེངས་སོ། །ཞེས་བྱ་བ་འདི་གྲུབ་པའོ། །སླར་སྨྲས་པ། །བླ་མ་རྣམས་དང་ལྷག་པའི་ལྷ། །གང་ལ་གང་གིས་ཇི་ལྟར་ཡང༌། །ཕྱག་བྱས་པ་ནི་ཐ་དད་དུ། །ཡོད་མ་ཡིན་པས་ཕྱག་བགྱིས་ནས། །གང་ལ་གང་གིས་དངོས་གང་ཞིག །མཆོད་པའི་དཀྱིལ་འཁོར་རྣམ་གསུམ་པོ། །སོ་སོར་ཡོད་མ་ཡིན་ཚུལ་གྱིས། །ལེགས་པར་བཤད་འདི་མཆོད་པར་འབུལ། །གནས་གང་དུ་ནི་བྱེད་པ་པོ། །གང་གིས་ལེགས་པར་བཤད་གང་འདི། །རང་གིས་བཤད་དང་གཞན་གྱིས་ནི། །མ་བཤད་ཅེས་བྱར་མི་འཆད་ཀྱང༌། །སྔོན་རབས་ལ་ལས་མ་བཤད་དང༌། །ཕྱི་རབས་པ་འགས་ལོག་པར་ཡང༌། །བཤད་པའི་རྗེས་སུ་འབྲངས་མིན་པར། །བཤད་ཀྱང་རློམ་པས་སྦགས་མིན་པ། །བྱེད་པ་གང་གིས་ཡུལ་གང་དུ། །བསྔོ་དང་ཇི་ལྟར་བསྔོ་བ་ཡང༌། །རྣམ་གསུམ་དམིགས་པ་མེད་ཚུལ་གྱིས། །ཟུང་འཇུག་ལོངས་སྤྱོད་རྫོགས་ཕྱིར་བསྔོ། །སྔོན་འགྲོ་དབེན་པ་རྣམ་གསུམ་དང༌། །དངོས་གཞི་བདེན་གཉིས་སོ་སོ་དང༌། །མཐར་ཐུག་དོན་དམ་འབའ་ཞིག་པས། །དཔལ་ལྡན་འདུས་པའི་གཞུང་ལུགས་ཀྱི། །ལུས་རྣམ་གཞག་པ་ཀུན་བསྡུས་པའི། །ཡན་ལག་ཅུང་ཟད་རྒྱས་བཤད་པས། །ཐོག་མར་རང་བློའི་མུན་བསལ་ནས། །དེ་ནས་གཞན་ཕན་ཉི་མ་ཡིས། །ལ་ལའི་རྨོངས་པ་སེལ་བ་དང༌། །བསྟན་པའི་པད་ཚལ་རྒྱས་པར་ཤོག །ཅེས་འདི་མཆོག་ལྡན་ལེགས་པའི་བློ། །རང་ལོ་དོན་དྲུག་པར་ལོངས་པའི། །ཐོག་མར་སྦྱར་བ་འདིའི་དགེ་བས། །ལོ་འདི་དགེ་ཞིང་ཤིས་གྱུར་ཅིག།  །།ཤུ་བྷཾ།།  །།  ༄༅།  །གསང་བ་འདུས་པའི་སྒྲུབ་ཐབས་ཀྱི་རྣམ་བཞག། ༈ །ན་མོ་མཉྫུ་བཛྲ་ཡ། སངས་རྒྱས་ཀུན་གྱི་གསང་བ་གསུམ། །གཅིག་ཏུ་འདུས་པའི་ཡབ་གཅིག་པོ། །རྡོ་རྗེ་ལྷ་མོ་བཅས་ཁྱོད་ལ། །གཉིས་སུ་མེད་པར་ཕྱག་བགྱིའོ། །རྫོགས་སངས་རྒྱས་རྣམས་གཅིག་བསྡུས་སྐུ། །སྒྲུབ་ཐབས་དམ་ཆོས་གསུང་གི་མཛོད། །དེ་སྒྲུབ་བྱེད་ལ་ངལ་མེད་ཐུགས། །གང་ལ་མངའ་བ་ཀུན་ལ་ཡང༌། །ཕྱོགས་ལྷུང་མེད་པར་དད་བྱས་ནས། །ཆོས་ལ་རྟོག་པའི་རྣམ་དཔྱོད་ཀྱིས། །རྣམ་པར་བརྟགས་གང་ངོ་མཚར་བས། །དཀོན་མཆོག་རྣམ་གསུམ་མཆོད་པར་འབུལ། །གསང་བ་འདུས་པའི་སྒྲུབ་ཐབས་ལ། །གང་གིས་སྒྲུབ་དང་གང་ལས་བསྒྲུབ། །སྒྲུབ་ཐབས་ངོ་བོ་སྒྲུབ་པ་ཡི། །འབྲས་བུའི་གནས་ལ་བརྟག་བྱ་བ། །འདི་ན་མཁས་འགའ་གསང་སྔགས་ཀྱི། །སྒྲུབ་པོར་མ་ཟད་ཐེག་གསུམ་འབྲས། །གང་གིས་སྒྲུབ་པ་ལས་འབྲས་ཀྱི། །རྟེན་གྱུར་བདག་དེ་ཡིན་ཞེས་སྨྲས། །འདིར་དེ་མི་འཐད་ཕར་ཕྱིན་དུའང༌། །མུ་སྟེགས་གཞུང་དང་ཁྱད་པར་ཅི། །གྲོལ་བ་པོ་ནི་མེད་ན་ཡང༌། །ལོག་པར་སྒྲོ་བཏགས་གཞོམ་ཕྱིར་བརྩོན། །མ་བཏགས་གཅིག་པུར་ཉམས་དགའ་བའི། །ཚེ་ན་ང་དང་བདག་ཟེར་མོད། །འཇིག་རྟེན་འདས་པ་རང་གི་ལུགས། །འཇོག་ཚེ་དེས་དེའི་གོ་མི་ཆོད། །གསང་སྔགས་སྒྲུབ་པོ་སྟོང་ཉིད་ཀྱི། །ཡེ་ཤེས་རྡོ་རྗེ་ང་ཞེས་དང༌། །དྷརྨྨ་དྷཱ་དུ་སྭ་བྷ་ཝ། །ཨཏྨ་ཀོ་ཧཾ་ཞེས་བྱ་བས། །སྒྲུབ་པོ་ངོས་འཛིན་འདིའི་རྣམ་གྲངས། །དེ་བཞིན་ཉིད་དག་དག་པའི་བདག །དང་པོའི་སངས་རྒྱས་རྒྱུ་ཡི་རྒྱུད། །སྤྲོས་ཀུན་ཉེར་ཞི་དམ་པའི་བདག །སོ་སོ་རང་རིག་སྤྱོད་ཡུལ་ཏེ། །གང་གིས་དང་པོའི་སངས་རྒྱས་འདི། །ངོ་མ་འཕྲོད་པར་གསང་སྔགས་ཀྱི། །ཚུལ་མི་ཤེས་ཞེས་པད་དཀར་པོས། །དྲི་མེད་འོད་དུ་གསུངས་མིན་ནམ། །དེ་ནས་རྟེན་དང་བརྟེན་པར་བཅས། །གང་ལས་སྒྲུབ་པའི་གཞི་དཔྱད་པ། །སྟོང་པའི་ངང་ལས་བྷྲཱུྃ་ལས་དང༌། །པད་ཉིའི་སྟེང་དུ་ཧཱུྃ་ལས་ཤེས། །གོམས་པས་འདོན་མོད་དེ་དེ་ཅི། །རང་མ་རྫོགས་སངས་རྒྱས་བློའམ། །ནམ་མཁའ་ལྟ་བུའི་སྟོང་ཀྱང་ལས། །དེ་ལ་མ་ལུས་སྒྲུབ་པར་བྱེད། །འདི་ན་མཁས་འགའ་རྣམ་ཤེས་ལས། །མ་གཏོགས་ཡེ་ཤེས་མི་འདོད་ཅིང༌། །སྟོང་ཉིད་ལས་གཞན་དོན་དམ་བདེན། །མི་བཞེད་པ་ལ་དེ་ལྟར་དྲིས། །སྟོང་ཉིད་མེད་དགག་དཀྱིལ་འཁོར་གྱི། །ཉེ་བར་ལེན་པའི་རྒྱུར་མི་རུང༌། །རྫོགས་སངས་རྒྱས་བློ་རྫས་གཞན་ཞིག །རང་དང་འབྲེལ་མེད་སྒྲུབ་དོན་ཅི། །བྷྲཱུྃ་དང་ཧཱུྃ་སོགས་རང་བློ་ལས། །རྫས་གཞན་གྲུབ་ཟིན་མི་དགོས། །རང་བློ་ཡིན་ན་དེ་གང་ལས། །བྱུང་ཞེས་ཁྱེད་ལ་དྲི་བར་བྱ། །ཡེ་ཤེས་ཚོགས་སོག་བསྒོམ་རྗེས་སུ། །མེད་པར་དགག་ལས་གཞན་མེད་ཕྱིར། །ཁོ་བོ་ཅག་ནི་སྒྲུབ་པ་པོ། །རང་ཉིད་ཆོས་དབྱིངས་ཡེ་ཤེས་ཀྱི། །ངོ་བོར་གྱུར་ལས་རྟེན་བརྟེན་པའི། །དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྒྲུབ། །འདི་ཡི་གནས་ཚུལ་རྒྱུ་རྒྱུད་དེ། །མོས་རློམ་ངོ་ན་འབྲས་བུའི་རྒྱུད། །རང་གི་རྒྱུ་རྒྱུད་འབྲས་བུར་ནི། །ཞེན་པའི་ཐབས་ཀྱིས་སྒྲུབ་པར་བྱེད། །ཞེན་བློ་གོམས་པ་མཐར་ཕྱིན་ཚེ། །གསལ་སྣང་རྟོག་མེད་ལྷུན་གྲུབ་པ། །བསྐྱེད་རིམ་དངོས་ཡིན་མཐའ་གཅིག་ཏུ། །རིམ་དེ་རྟོག་པར་འདོད་མི་བྱ། །སྒྲུབ་པའི་ཐབས་ཀྱི་དངོས་པོ་ནི། །འདི་ན་ངོས་འཛིན་བྱེད་པོ་འགའ། །བསྐྱེད་པའི་རིམ་པ་ལས་བྱུང་བའི། །ཡུལ་ཅན་བདེ་བ་ཆེན་པོ་ཡིས། །ཡུལ་གྱུར་སྟོང་ཉིད་རྟོགས་དེས་བཞེད། །སྟོང་པ་ཉིད་ཀྱི་ངོས་འཛིན་ནི། །དཔལ་ལྡན་ཟླ་བའི་རིགས་པ་ཡིས། །གཏན་ལ་ཕེབས་པ་དེ་ལས་གཞན། །དཔལ་ལྡན་འདུས་པར་མི་འཆད་གསུང༌། །ཟླ་བས་མཚན་ཉིད་བསྟན་བཅོས་སུ། །གང་བཤད་སྔགས་ཀྱི་ལྟ་བར་ནི། །འགྲིག་པར་དཀའ་ཚུལ་ཟུར་དུ་བཀོལ། །འདིར་དེས་རྟོགས་ཚུལ་མཐའ་དཔྱད་པ། །འདིར་དེས་རྟོགས་ཚུལ་ཚད་མའམ། བཅད་པའི་ཤེས་པ་གང་ཡིན་དང༌། །གཉིས་སྣང་ཚུལ་ལམ་གཉིས་མེད་དུ། །རྟོགས་སམ་རྟོགས་བློ་ཀུན་རྫོབ་ཀྱི། བདེན་པར་འདོད་དམ་དེ་ལས་གཞན། །ཡིན་ནམ་རྟོགས་བྱ་ཡང་དེ་བཞིན། །ཡུལ་དང་ཡུལ་ཅན་དུས་མཉམ་མམ། །སྔ་ཕྱིར་བྱུང་ཞེས་བརྟག་པར་བྱ། །ཚད་མ་ཡིན་ན་ཕ་རོལ་དུ། །ཕྱིན་པར་གཏན་ལ་མ་ཕེབས་པའི། །ལྟ་བ་གསང་སྔགས་ལ་མེད་ཅེས། །འཆད་དང་དངོས་སུ་མི་འགལ་ལམ། །དཔྱད་ཤེས་ཡིན་ན་ཕ་རོལ་ཏུ། །ཕྱིན་པར་ཡུལ་ཅན་བདེ་བ་ཆེ། །ཡུལ་གྱུར་སྟོང་ཉིད་མངོན་སུམ་དུ། །རྟོགས་བློ་ཡོད་པར་ཐལ་མིན་ནམ། །རྟོགས་ཚུལ་གཉིས་སྣང་དུ་བཞེད་ན། །སྟོང་ཉིད་རྟོགས་བློའི་མཉམ་གཞག་ནི། །ཆུ་ལ་ཆུ་གཞག་ཇི་བཞིན་པར། །བཞེད་དང་དངོས་སུ་མི་འགལ་ལམ། །གཉིས་སུ་མེད་ན་བདེ་བ་ཆེ། །ནམ་མཁའ་ལྟ་བུར་ཐལ་བའམ། །སྟོང་ཉིད་མེད་དགག་ཡེ་ཤེས་ཀྱི། །བདེ་ཆེན་དངོས་སུ་ཐལ་བར་འགྱུར། །བདེ་ཆེན་ཡེ་ཤེས་ཀུན་རྫོབ་ཏུ། །བདེན་ན་བདེ་ཆེན་ཡེ་ཤེས་དེ། །ཀུན་རྫོབ་བདེན་པ་སྦྱོང་བྱེད་དུ། །འཆད་དང་དངོས་སུ་འགལ་མིན་ནམ། །བདེ་ཆེན་ཡེ་ཤེས་དོན་དམ་པའི། །བདེན་པར་འདོད་པ་ཁྱེད་ཅག་གི །རྩ་བའི་གྲུབ་མཐའ་ལ་མེད་དེ། །དངོས་ཀུན་བརྫུན་ཕྱིར་ཀུན་རྫོབ་བདེན། །རྟོགས་བྱ་སྟོང་ཉིད་དོན་དམ་དུ། །བདེན་པ་ལས་གཞན་ཁྱོད་མི་འདོད། །དེ་ལྟར་འདོད་པ་ཐལ་རང་དུ། །གྲགས་པའི་དབུ་མ་ཉིད་ན་མེད། །ཁོ་བོ་ཅག་ནི་གང་དུ་ཡང༌། །མི་འདོད་སྤྲོས་ཀུན་བྲལ་ཕྱིར་རོ། །བླ་མེད་སྔགས་སུ་བདེ་སྟོང་གི །རྟོགས་བྱ་རྟོགས་བྱེད་དུས་མཉམ་ན། །བདེ་ཆེན་གང་གིས་བསྐྱེད་བྱེད་རྒྱུ། །དེ་ཉིད་སྟོང་ཉིད་རྟོགས་རྒྱུར་ཀྱང༌། །ཐལ་བར་འགྱུར་ཏེ་ཁྱེད་མི་འདོད། །སྔ་ཕྱིར་འདོད་ན་སྔོན་ཉིད་ནས། །སྟོང་ཉིད་རྟོགས་བློ་བདེ་ཆེན་གྱི། །དངོས་རྒྱུ་ཉིད་དུ་ཁས་ལེན་ནམ། །བཞི་པ་གྲུབ་འབྲས་ཟུང་འཇུག་སྐུ། །ཀུན་རྫོབ་བདེན་ནམ་བདེན་པ་གཉིས། །ཐ་དད་མིན་པར་འཆད་ནུས་སམ། །ཁྱེད་ཀྱིས་མི་འཆད་གང་གི་ཕྱིར། །རྫོགས་སངས་རྒྱས་སར་ཀུན་རྫོབ་ཀྱི། །བདེན་པའི་མཚན་གཞི་ཁྱེད་འདོད་ཕྱིར། །མི་སློབ་པའི་སར་བདེན་པ་གཉིས། །སོ་སོར་ངེས་པ་ཁྱེད་ཀྱི་གཞུང༌། །ཀུན་རྫོབ་དང་ནི་དོན་དམ་དག །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་པ་ཀླུ་སྒྲུབ་ཞབས་ཀྱི་གཞུང༌། །ཞེས་བྱ་བ་འདི་གྲུབ་པའོ། །ཡང་སྨྲས་པ། །བོད་དུ་སྔ་ཕྱིར་བྱོན་པ་ཡི། །གསང་བ་འདུས་པ་འཆད་པོ་དག །རང་ལ་ཆགས་དང་གཞན་གཞུང་ལ། །སྡང་བར་བྱེད་པ་མང་མོད་ཀྱི། །རང་གཞུང་རྩ་བ་ཚུགས་པ་དང༌། །གཞན་གཞུང་རྟིང་ཕུར་འཇིག་ནུས་པའི། །དགག་སྒྲུབ་བརྒལ་ལན་སྦྱོར་བྱེད་མཁན། །གཞན་འགའ་ཡོད་དམ་དེ་སྟོན་ཅིག།  །།ཤུ་བྷཾ།།  །།  ༈ །རྩ་འཇུག་བཞི་གསུམ་གྱི་ལྟ་བའི་རྣམ་གཞག། ༄༅། །སྭསྟི། ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ནས། །སློབ་དཔོན་ཟླ་བ་གྲགས་པ་ཡིས། །རྩ་འཇུག་བཞི་གསུམ་དུ་བཤད་པའི། །སྟོང་ཉིད་རྟོགས་བློ་ལས་ལྷག་ལྟ། །སྔགས་ལ་མེད་མོད་བདེ་ཆེན་བློས། །དེ་རྟོགས་པ་དང་སྙིང་རྗེའི་བློས། །དེ་རྟོགས་པ་ལས་ཐེག་གཉིས་ཀྱི། །ཐབས་མཁས་ཁྱད་པར་འབྱེད་ཅེས་གསུངས། །འཇིག་རྟེན་མཐུན་འཇུག་སྤངས་ནས་ནི། །དྲང་པོར་སྨྲས་འདི་ཟླ་བའི་གཞུང༌། །རྣམ་གསུམ་ཉེས་བློས་མ་སྦགས་པར། །ལྟོས་ལ་ལུང་དང་མཐུན་ནས་དཔྱོད། །འདིར་གསུངས་སྟོང་ཉིད་སྤྲོས་པའི་མཐའ། །ཀུན་བྲལ་སྔགས་ཀྱི་སྒྲུབ་ཐབས་སུ། །སྦྱར་དུ་མི་རུང་ཡོན་ཏན་ཀུན། །རྫོགས་པའི་རྟེན་དུ་མི་རུང་ཕྱིར། །དེ་ཡི་ཤེས་བྱེད་ཆོས་ཀུན་གྱི། །གནས་ཚུལ་མེད་པར་དགག་པ་ལས། །གཞན་མེད་དེ་ཡང་ཡོད་མ་ཡིན། །དེ་འདྲའི་དོན་དེ་བརྟག་པ་ཡི། །མཐའ་རུ་བཟུང་སྟེ་རྟོགས་པའི་བློ། །རྫོགས་སངས་རྒྱས་ལའང་ཡོད་མིན་ན། །དེ་རྟོགས་བྱེད་པོ་གཞན་ལྟ་ཅི། །ལྷ་བུས་ཞུས་པའི་མདོ་དང་ནི། །སྤྱོད་འཇུག་མཁན་པོས་དེ་བཤད་ཕྱིར། །ཕྱིས་བྱོན་རང་བཟོ་མཁན་རྣམས་ཀྱི། །སྨྲ་བ་མང་པོས་འདིར་མི་འཇིགས། །སྟོང་ཉིད་མངོན་སུམ་དུ་རྟོགས་བློ། །ཡོད་མ་ཡིན་ན་སྤྲོས་པའི་མཐའ། །སེལ་མཁས་ཤེས་རབ་གང་ཞེ་ན། །དེ་རྟོག་བྱེད་པོ་ལུང་རིགས་ཀྱི། །ཐོས་བསམ་རྟོག་པ་ལས་གཞན་མེད། །རྟོག་པ་དེ་ཡང་རང་སྟོང་དུ། །གོམས་པས་མཉམ་པར་བཞག་པ་ན། །མེད་པར་དགག་ལས་གཞན་མི་སྲིད། །དེ་ལས་བཞེངས་པའི་རྗེས་ཐོབ་ཏུ། །བསོད་ནམས་ཚོགས་གསོག་བྱེད་མོད་ཀྱི། །དེ་ཚེ་སྣང་ཆ་རང་སྟོང་དུ། །བསམ་བྱ་མིན་ཞེས་ཟླ་བས་བཤད། །ལྷ་དང་སྔགས་སོགས་རང་སྟོང་དུ། །ཞེན་པར་བྱས་ན་བསྐྱེད་རིམ་འགལ། །དེར་མ་ཞེན་ན་ཐལ་འགྱུར་བའི། །སྟོང་ཉིད་རྟོགས་བློ་གང་ནས་བཙལ། །འོ་ན་འཁོར་གསུམ་མི་དམིགས་པའི། །སྦྱིན་སོགས་ཅི་ལ་བྱ་ཞེ་ན། །གསུམ་ལ་ཞེན་པས་སྟོང་དེ་ལ། །བྱེད་པར་དེ་རང་ཉིད་ཀྱིས་བཤད། །བསྐྱེད་རིམ་ལ་ཡང་དེ་ལྟ་བུར། །བཤད་པ་ཉིད་ཀྱིས་ཆོག་ཅེ་ན། །ཟླ་གྲགས་བཞེད་པའི་སྟོང་པ་ཉིད། །མངོན་སུམ་བྱས་ཚེ་སྟོང་ཉིད་ཀྱང༌། །སྣང་བ་མེད་ན་ཡུལ་གཞན་གྱི། །སྣང་བཅས་འཆར་བ་ལྟ་ཅི་སྨོས། །དེ་ན་དངོས་གཞི་བློ་མེད་ཀྱི། །ལྟ་བ་སྔགས་ལ་སྦྱར་མི་རུང༌། །ཚད་མར་གྱུར་པའི་ལུང་གཞན་ལས། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་སྙིང་པོ་མེད་འདྲ་བར། །ཚངས་པའི་ཤིང་ལས་པདྨ་དང༌། །ནིམ་པའི་ཤིང་ལས་རྒུ་འབྲུམ་དང༌། །ཧ་ལའི་འདབ་མ་འཆི་མེད་བཅུད། །བསྐྱེད་བྱེད་མིན་པའི་དཔེས་བསྟན་པ། །གངས་ཅན་མཁས་པ་ཀུན་ལ་གྲགས། །ཐལ་འགྱུར་བས་བཤད་སྟོང་པ་ཉིད། །རྟོགས་པའི་བློ་ལ་དཀྱིལ་འཁོར་གྱི། །རྟེན་དང་བརྟེན་པ་ཀུན་ཤར་བའི། །གཟུང་རྣམ་དེ་ཉིད་དེར་གོམས་པས། །ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ། །ལམ་བྱེད་ཚང་བའི་བསྐྱེད་རིམ་གྱི། །སྒོམ་པ་ཕུལ་དུ་བྱུང་ཞེས་འཆད། །འདི་ལ་ཁྱད་གཞི་མི་འཐད་ཅིང༌། །ཁྱད་ཆོས་གཟུང་རྣམ་བརྟག་པར་བྱ། །ཐལ་འགྱུར་ལུགས་ཀྱི་སྟོང་པ་ཉིད། །རྟོགས་བློ་མངོན་སུམ་མི་སྲིད་ཅིང༌། །ཞེན་པའི་ཡུལ་དུ་གང་བྱས་པ། །དེ་ཉིད་དོན་དམ་པར་མི་བདེན། །ཅི་ཕྱིར་ཞེ་ན་དོན་དམ་པ། །སྒྲ་རྟོག་ཡུལ་ལས་འདས་ཕྱིར་དང༌། །རང་མཚན་མིན་ཕྱིར་མངོན་སུམ་གྱི། །ཡུལ་དུ་མི་རུང་མངོན་སུམ་ཉིད། །རང་ཉིད་རང་གིས་མི་སྟོང་ན། །རྟོགས་བྱའི་སྟོང་ཉིད་ཉི་ཚེ་བར། །སོང་ངོ་དེ་ཉིད་དེས་སྟོང་ན། །ཡུལ་ཅན་མངོན་སུམ་གང་དུ་བཙལ། །ཆོས་ཀུན་ཡོད་མ་མྱོང་བ་དང༌། །ཐ་སྙད་ཙམ་གྱི་བཏགས་ཡོད་པ། །གཉིས་པོ་གང་བཙན་དྲིས་པ་ན། །ཁྱེད་ལ་ཕྱི་མ་དབང་བཙན་པར། །ཁས་ལེན་དགོས་ཚེ་མ་རིག་པས། །བཏགས་པའི་འཁྲུལ་སྣང་དབང་བཙན་འགྱུར། །ཁོ་བོ་ཅག་ནི་བཏགས་པའི་དོན། །འཚོལ་བྱེད་བདུན་གྱིས་བཙལ་བ་ན། །རྙེད་མ་མྱོང་ཕྱིར་ཡོད་མི་རུང༌། །མེད་པའང་མིན་ཏེ་རྟེན་འབྲེལ་ཕྱིར། །གཉིས་ཀ་ཡིན་ལ་མ་ལྟོས་པའི། །གཉིས་མིན་ཁས་ལེན་མི་རུང་བ། །འདི་དེ་ཟླ་བ་གྲགས་པའི་གཞུང༌། །ཡིན་མོད་ཁྱེད་ཀྱིས་གཞན་དུ་བཤད། །ཆོས་ཀུན་ཚང་མས་གྲུབ་སྟེངས་སུ། །དགག་བྱ་རང་བཞིན་གྱིས་གྲུབ་པའི། །སྟོང་པའི་མེད་པར་དགག་པ་ཙམ། །རྟོགས་བློའང་རྗེས་དཔག་ཉིད་ལས་གཞན། །ཚད་མར་གྱུར་པའི་བློ་མེད་པ། །འདི་དེ་དཔལ་ལྡན་ཟླ་བ་ཡི། །སྟོང་ཉིད་རྟོགས་ཚུལ་མཐའ་ཆོད་པ། །ཡིན་པར་ཁྱེད་འདོད་དེ་ལྟ་བུ། །སྔགས་ལ་སྦྱོར་ཚུལ་སོམས་ལ་སྨྲོས། །གཞན་དབང་ཀུན་བཏགས་ཀྱིས་སྟོང་པ། །དེ་ལ་སེམས་ཙམ་ཞེས་ཟེར་ན། །གཞན་དབང་བདེན་གྲུབ་ཀྱིས་སྟོང་པ། །དེ་ཡི་མིང་འདོགས་ཁྱོད་ལ་དཀོན། །དེ་ནས་གཟུང་རྣམ་ལ་དཔྱད་པ། །དེ་ལྟའི་གཟུང་རྣམ་དཀྱིལ་འཁོར་གྱི། །བསྒྲུབ་གཞིར་འདོད་མ་ཡུལ་ཅན་དུ། །ཁས་ལེན་སྔ་མ་ལྟར་འདོད་ན། །དཀྱིལ་འཁོར་བསྒྲུབ་གཞི་ས་བོན་དང༌། །ཆོ་ག་གསུམ་དང་མངོན་བྱང་ལས། །བསྐྱེད་པར་གསུང་མོད་སྟོང་ཉིད་ཀྱི། །ཡུལ་ཅན་མངོན་སུམ་རྗེས་དཔག་དང༌། །དཔྱད་ཤེས་བསྒྲུབ་གཞིར་བཤད་པ་མེད། །དེ་དེའི་ཡུལ་ཅན་དུ་འཆད་ན། །དེ་ལྟའི་གཟུང་རྣམ་རྟོག་པ་དང༌། །རྟོག་མེད་གཉིས་ལས་འདས་པ་མེད། །ལྷར་ཞེན་རྟོག་པ་ལྷ་ཉིད་དུ། །སྤང་བར་བྱ་ཡི་གོམས་བྱ་མིན། །རྟོག་པ་མེད་ལ་ལོག་ཤེས་དང༌། །མངོན་སུམ་ཉིད་ལས་གཞན་མི་སྲིད། །རྣལ་འབྱོར་མངོན་སུམ་བསྐྱེད་རིམ་གྱི། །སྒོམ་ལ་ཁྱབ་པ་མ་ཡིན་ནོ། །ཐལ་འགྱུར་སྨྲ་བའི་སྟོང་ཉིད་ཀྱི། །ཡུལ་ཅན་རྟོག་པ་ལས་གཞན་མེད། །དེ་ཚེ་བདེ་སྟོང་ཇི་ལྟར་སྦྱོར། །རྩ་བ་ཆད་པའི་ལོ་འདབ་བཞིན། །བདེ་བ་ཆེ་དང་སྟོང་པ་ཉིད། །ཟུང་དུ་འཇུག་པར་ཀུན་གྱིས་འཆད། །དེའི་དུས་ཀྱི་སྟོང་པ་ཉིད། །རྣམ་པར་རྟོག་པས་སྟོང་ཙམ་གྱི། །ཉི་ཚེའི་སྟོང་ཉིད་ལ་འཆད་དམ། །རིགས་པའི་ཚོགས་ལས་གསུངས་པ་ཡི། །ཁྱབ་པའི་སྟོང་པ་ཉིད་ལ་འཆད། །དང་པོ་ལྟར་ན་ཐལ་འགྱུར་བའི། །སྟོང་པ་ཉིད་དང་སྦྱོར་བ་འགལ། །ཕྱི་མ་ལྟར་ན་བདེ་ཆེན་གྱི། །ཡེ་ཤེས་རང་ཚུགས་འཛིན་མི་ནུས། །ཐལ་འགྱུར་ལུགས་ཀྱི་སྟོང་པ་ཉིད། །ཁྱེད་ཀྱིས་ངོས་བཟུང་བྱས་པ་འདི། །བོད་ཀྱི་ཡུལ་དུ་དབུ་མ་པ། །སྔོན་བྱོན་ཀུན་དང་རྟ་དབྱངས་ཀྱིས། །སྒྱུ་མ་རིགས་གྲུབ་ཅེས་བྱ་བ། །དབུ་མའི་ཐ་ཤལ་ཉིད་དུ་བཤད། །དེ་ལས་གོང་ན་མི་གནས་པའི། །དབུ་མའི་འདོད་པ་འདི་ལྟ་སྟེ། །རང་རྒྱུད་རྗེས་སུ་དཔག་པ་ཡིས། །གང་གཞལ་དེ་ཡང་ཡོད་མིན་པར། །དེ་ཡིས་དགག་བྱ་མེད་པས་གྲུབ། །རྨི་ལམ་བུ་ནི་མ་ཤི་བ། །མེད་པས་ཤི་བ་ཡང་མེད་བཞིན། །གནས་ཚུལ་བསམ་ཚེ་ཁས་ལེན་པ། །ཅི་ཡང་མེད་པ་ཐལ་འགྱུར་དང༌། །རང་རྒྱུད་སྨྲ་བ་མཆོག་རྣམས་ཀྱི། །བཞེད་ཡིན་བདེ་སྟོང་ཇི་ལྟར་སྦྱོར། །བདེ་བ་ཆེན་པོས་རྗེས་དཔག་གི །གཞལ་བྱ་དངོས་སུ་འཇལ་བྱེད་ན། །བདེ་ཆེན་རྟོག་པར་མི་ཐལ་ལམ། །སྤྲོས་པའི་མཐའ་ཀུན་དང་བྲལ་བར། །འཇལ་ན་བདེ་ཆེན་ཡེ་ཤེས་དང༌། །སྤྲོས་བྲལ་ཆུ་ལ་ཆུ་བཞག་པར། །སོང་ཚེ་ཡུལ་དང་ཡུལ་ཅན་ཅི། །ཁོ་བོ་ཅག་ནི་བདེ་ཆེན་གྱི། །ཡེ་ཤེས་རང་གིས་རང་མྱོང་བའི། །རང་རིག་རྟོག་བྲལ་མ་འཁྲུལ་བ། །དེ་ལ་བདེ་སྟོང་ཟུང་འཇུག་ཟེར། །འོ་ན་ཐེག་ཆེན་ཚུལ་གཉིས་པོ། །རྟོགས་བྱའི་ལྟ་བ་གཅིག་ཡིན་པར། །ཁྱེད་ཀྱིས་མ་བཤད་དམ་ཞེ་ན། །ངོ་བོ་ཉིད་མེད་སྨྲ་རྣམས་ཀྱིས། །སྟོང་ཉིད་རྟོགས་བྱར་ཁས་མི་ལེན། །གཟུང་འཛིན་བྲལ་བའི་ཡེ་ཤེས་ལ། །སྟོང་པ་ཉིད་དུ་བྱམས་པས་བཤད། །སྔགས་སུའང་མེད་པར་དགག་པ་ལ། །སྟོང་པའི་དངོས་པོར་མི་བཞེད་དོ། །དེ་ལྟར་སྔགས་ཀྱི་དབུ་མ་ནི། །ཟབ་ཅིང་རྒྱ་ཆེའི་ཕ་རོལ་དུ། །ཕྱིན་པ་རྐྱང་པས་ལམ་བགྲོད་པའི། །སྟོང་པ་ཉིད་དང་འདི་མི་འབྱོར། །འོ་ན་ཟླ་གྲགས་རྩོད་ལྡན་གྱི། །གཞུང་རྩོམ་བྱེད་པོ་ཡིན་ཟེར་བ། །དེ་ལས་འཕྲོས་སམ་ཅི་ཞེ་ན། །དེ་སྒྲ་ཇི་བཞིན་རྨི་ལམ་དུའང༌། །སྨྲ་བར་མི་འཚལ་ཤེས་རབ་ཀྱི། །ཕ་རོལ་ཕྱིན་ཚུལ་སྒྲ་ཇི་བཞིན། །འཆད་མཁས་འདི་ལ་ལྷག་པར་དད། །དེ་ལྟར་བཤད་འདི་གཞན་ཕྱོགས་ལ། །རྩོད་པ་ལྷུར་ལེན་ཕྱིར་མིན་ཏེ། །རྒན་པོའི་གཞུང་ལུགས་ལང་ཚོར་ནི། །བྱེད་པ་པོར་འདིས་བྱེད་ཕྱིར་རོ། །ཟླ་བ་གྲགས་པས་ཕ་རོལ་དུ། །ཕྱིན་པའི་ཚུལ་དང་སྔགས་ཚུལ་གྱི། །སྲོལ་ཆེན་རྣམ་གཉིས་སོ་སོར་ཕྱེ། །ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  །།  ༄༅། །ཐལ་འགྱུར་བའི་ལྟ་བའི་རང་གཞན་ཤན་འབྱེད་བཞུགས།།  སྭསྟི། འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བའི། །གཞུང་རྩོམ་ཀུན་ལ་ཕྱག་བཙལ་ནས། །ཕྱི་མའི་དུས་སུ་ཐལ་འགྱུར་བའི། །སྟོང་ཉིད་ངོས་འཛིན་ངོ་མཚར་ཅན། །རྒྱལ་སྲས་བཙོང་ཁ་པ་ཆེན་ལ། །འཇམ་པའི་དབྱངས་ཀྱིས་ཐུགས་བརྩེ་བས། །མངགས་པའི་ཕོ་ཉ་དྲང་ངེས་དོན། །དྲང་པོར་ཤན་འབྱེད་མིན་དེའི་གཏམ། །ཀུན་རྫོབ་རྟེན་འབྲེལ་ཡོད་མིན་ན། །ཆད་མཐའ་མི་བཟད་མཐར་ལྷུང་ཕྱིར། །འཇིག་རྟེན་ལྷན་སྐྱེས་ལ་གྲགས་པ། །ཇི་བཞིན་གཞུང་རྩོམ་བྱོས་ཞེས་ལོ། །འདི་འདྲ་ཐལ་འགྱུར་གཞུང་ཡིན་པ། །དབུ་མར་འཇུག་དང་མངོན་སུམ་དུ། །འགལ་བའི་ཁུར་ཆེན་མི་བཟད་པས། །ནོན་ནོ་སྔགས་སུ་ལྟ་ཅི་སྨོས། །འཇིག་རྟེན་བླུན་པོ་ཚད་ཡིན་ན། །འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །མེད་ཀྱང་འབྲས་ཕྱིར་ཡོད་ཅེས་པ། །ཀུན་རྫོབ་བདེན་ལ་མ་དགོངས་སམ། །སེམས་ཙམ་པ་ལ་འཇིག་རྟེན་གྱིས། །གནོད་པ་བསྲུང་དགོས་དབུ་མ་ལ། །དེ་མི་དགོས་པར་མ་བཤད་དམ། །དེ་མི་དགོས་ཕྱིར་ཁྱོད་དང་ནི། །འཇིག་རྟེན་རྩོད་ཅེས་མ་བཤད་དམ། །ཁྱད་པར་སྔགས་ལ་འཇུག་པའི་ཚེ། །འཇིག་རྟེན་ལྷན་སྐྱེས་ཀྱིས་བཟུང་བ། །མཐའ་དག་སྟོང་པར་མ་སྦྱངས་ན། །གསང་སྔགས་ལམ་རིམ་ཀུན་ལས་ཉམས། །སྣོད་བཅུད་འཇིག་རྟེན་མ་དག་པ། །རི་དང་རྭ་བ་ཁང་ཁྱིམ་སོགས། །ཉམས་པ་མེད་པར་གསང་འདུས་ཀྱི། །གཞལ་ཡས་ཁང་པར་བཞུགས་ལགས་སམ། །དེ་ཡོད་མིན་ན་ཆད་པའི་མཐའ། །མི་བཟད་གདོན་ཆེན་དེས་བཟུང་འགྱུར། །ཡོད་ཀྱང་སྔགས་པའི་ངེས་ངོ་ན། །ཡོད་མ་ཡིན་ཞེས་ཁྱེད་ཀྱིས་སྨྲས། །བསྐྱེད་རིམ་ངེས་པའི་གསང་སྔགས་པ། །འཆད་པའི་མཐར་ལྷུང་མ་ཡིན་ནམ། །བསྐྱེད་རིམ་དུས་སུ་ཐ་སྙད་ཀྱི། །བདེན་པ་རང་སོར་འཇོག་ཅེ་ན། །སྔོན་འགྲོ་ཡེ་ཤེས་ཚོགས་བསག་ལས། །དངོས་གཞིའི་དུས་སུ་ལྡང་དགོས་སམ། །ངེས་དོན་རྟེན་དང་བརྟེན་པར་བཅས། །འོད་གསལ་ཉིད་དུ་བསྡུ་དགོས་ན། །དྲང་དོན་འཇིག་རྟེན་ཀུན་རྫོབ་བདེན། །ཆད་པའི་དོགས་པ་བསྲུང་དགོས་སམ། །སྒྲུབ་པ་པོ་འདི་དཀྱིལ་འཁོར་གྱི། །དབུས་སུ་བཞུགས་ཚེ་མ་དག་པའི། །ཕུང་པོས་ཀྱང་ནི་དེར་བཞུགས་སམ། །ཆད་མཐར་ལྷུང་བ་དང་དུ་ལེན། །སྔགས་དོན་རྣམ་པར་ཐར་པ་ཡི། །སྒོ་གསུམ་ཡིན་ཞེས་འཆད་པ་དང༌། །ཀུན་རྫོབ་རྒྱུ་འབྲས་ངོ་བོ་ཡིས། །མི་སྟོང་འགལ་བའི་ཁུར་ཆེན་པོ། །གནས་ཁང་ཡོད་བྱད་མ་ལུས་པ། །འོད་གསལ་ངང་དུ་ཆུབ་པ་དང༌། །རྣམ་པ་རང་རང་དུ་སྣང་ཞེས། །ཟེར་བ་འགལ་བའི་ཁུར་མིན་ནམ། །རིལ་པོར་འཛིན་དང་རྗེས་གཞིག་གིས། །སྣོད་བཅུད་མ་ལུས་འོད་གསལ་དུ། །འཇུག་པར་འཆད་ཚེ་ཆད་མཐའ་ཡི། །དོགས་པ་བསྲུང་དགོས་མ་ཡིན་ནམ། །སྔགས་ཀྱི་སྒྲུབ་ཐབས་ལ་འཇུག་པའི། །ཐོག་མར་ཀུན་རྫོབ་བདེན་པ་ཀུན། །རང་སྟོང་ཉིད་དུ་མི་འཆད་པའི། །གཞུང་རྩོམ་བྱེད་པ་འགའ་མེད་པ། །ཁོ་ནར་མ་ཟད་འཇིག་རྟེན་པས། །ཀུན་རྫོབ་བདེན་པར་གང་འདོད་པ། །དེ་དག་འཇིག་རྟེན་པ་ཡིས་ཀྱང༌། །ཁས་ལེན་མིན་པ་ཟླ་བས་བཤད། །ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་མ་གསུངས་ཏེ། །འོན་ཀྱང་དུས་མཐར་མེ་ཡི་ལྟར། །གཞན་གཞུང་བུད་ཤིང་མ་ལུས་བསྲེགས། །ཟླ་བ་ལས་འོང་འོད་དཀར་གྱིས། །སངས་རྒྱས་རྐྱང་བཤད་ལམ་མཚོན་ལྟར། །ཉི་མར་གྲགས་པའི་འོད་སྟོང་ཅན། །ཟླ་གཞུང་ནུབ་ཚེ་རྒྱུ་སྐར་གྱི། །ཕྲེང་ལྡན་ཀུན་གསལ་དཔལ་མོས་བླངས། །ཉིན་བྱེད་སྣང་བ་བགྲང་ཡས་ཀྱིས། །ངོ་བོ་ཉིད་མེད་སྨྲ་བའི་གཞུང༌། །མཚན་མོར་བྱེད་རྣམས་ཉི་མར་ནི། །གྲགས་པའི་དགའ་བ་དང་བཅས་ནས། །མི་འབྲལ་བདེ་བ་ལྷུར་ལེན་ཤོག །དེ་ལྟར་ཆོས་བཞིན་སྨྲ་འདོད་ལ། །ཆོས་ཀྱི་འབེལ་གཏམ་བགྲང་ཡས་པ། །ཆོས་ནས་བྱུང་བའི་ལུང་རིགས་ཀྱིས། །ཆོས་མིན་ཕམ་པར་བྱེད་མཁན་པོ། །འདི་དང་གཞན་གྱི་ཁྱད་པར་ནི། །འདི་ན་བལྟ་འདོད་ཡོད་དམ་ལྟོས། །འདི་དེ་གཞན་གྱིས་སྔར་མ་སྨྲས། །འདི་བཟུང་བས་ནི་མདོ་དང་སྔགས། །ཀུན་གྱི་དེ་ཉིད་གསལ་བར་ཤེས། །ཐུབ་བསྟན་རྒན་པོ་དུས་འདི་ན། །རྨོངས་པའི་ནད་ཀྱིས་ཟིན་གྱུར་པ། །གསོ་དཔྱད་གཞུང་བརྒྱ་ཤེས་པ་ཡིས། །དྲང་སྲོང་ཕན་པར་བསམས་འདི་དང༌། །དེ་རིང་མཇལ་བས་ལེགས་བཤད་ཀྱི། །འཚོ་སྨན་འཕྲལ་དང་ཡུན་དུ་ནི། །བདེ་བར་བྱེད་མཁས་འདི་ཕུལ་བའི། །དགེ་བས་མདོ་དང་སྔགས་ཀུན་གྱི། །ངེས་དོན་ལང་ཚོ་འབར་གྱུར་པའི། །བཀྲ་ཤིས་དགེ་ལེགས་དེང་འདིར་སྤྱོན།།  །།ཤུ་བྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*