ས་སྐྱའི་རྗེ་བཙུན་སྐུ་མཆེད་ཀྱི་ལྟ་བའི་བཞེད་ཚུལ།

༼འ༽༄༅། །ས་སྐྱའི་རྗེ་བཙུན་སྐུ་མཆེད་ཀྱི་ལྟ་བའི་བཞེད་ཚུལ་བཞུགས་སོ།།

འཇམ་པའི་དབྱངས་ལ་ཕྱག་བྱས་ནས། །སྟོང་པ་ཉིད་ཀྱི་ཆོས་ཚུལ་ལ། །ས་སྐྱའི་རྗེ་བཙུན་མཆེད་གཉིས་ཀྱི། །བཞེད་པའི་མཐར་ཐུག་འདིར་བཤད་བྱ། །རིགས་པས་དཔྱད་པའི་སྟོང་ཉིད་དང༌། །རང་བཞིན་གྱི་ནི་སྟོང་པ་ཉིད། །དང་པོ་ཐོས་བསམ་ཤེས་རབ་ཀྱིས། །སྒྲོ་འདོགས་བཅད་པའི་གྲུབ་དོན་ཏེ། །གཉིས་པ་སྒོམ་བྱུང་ཡེ་ཤེས་ཀྱིས། །ཉམས་སུ་མྱོང་བྱ་དེ་ཁོ་ན། །དང་པོ་སྒོམ་པས་མྱོང་བྱ་དང༌། །ཕྱི་མ་རིགས་པས་དཔྱད་པ་ཡིས། །གནས་ལུགས་ཡིན་པའི་ཤེས་བྱེད་ནི། །མདོ་ལུང་ཇི་བཞིན་འདིར་བཤད་བྱ། །སྟོང་ཉིད་མེད་པར་དགག་པའི་ཆ། །རྣལ་འབྱོར་མངོན་སུམ་གྱིས་མྱོང་ན། །མེད་དགག་དངོས་པོར་འགྱུར་བ་དང༌། །ཡུལ་ཅན་རྟོག་པར་ཐལ་ཕྱིར་རོ། །དེས་ན་རིམ་གཉིས་རྣལ་འབྱོར་པས། །ཉམས་སུ་མྱོང་བྱའི་སྟོང་ཉིད་ནི། །རང་བཞིན་སྟོང་པ་ཉིད་ཡིན་ཏེ། །ལྷ་དང་སྔགས་ཀྱི་རྒྱུ་ཉིད་དོ། །དེ་ཡང་རིགས་པས་དཔྱད་པ་ཡི། །སྟོང་པ་ཉིད་དུ་མི་འདོད་དེ། །སྟོང་ཉིད་འཕགས་པའི་ཤེས་མཐོང་གིས། །མཛད་པ་ཉིད་དུ་ཐལ་ཕྱིར་རོ། །རྒྱུད་དུ་རང་བཞིན་སྟོང་ཉིད་ལ། །རང་བཞིན་ལྷན་ཅིག་སྐྱེས་པ་དང༌། །ཞུ་བདེ་ལྷན་ཅིག་སྐྱེས་པ་གཉིས། །དང་པོ་ཕར་ཕྱིན་ཐེག་པ་དང༌། །བརྗོད་བྱའི་གཙོ་བོ་ཐུན་མོང་བ། །གཉིས་པ་བླ་མེད་ཐེག་པ་ཡི། །ཁྱད་ཆོས་ཉིད་ཕྱིར་དེ་རྟོགས་པའི། །ཐབས་ཀྱང་གཞན་དུ་མ་གྲགས་པ། །ཉིད་ཕྱིར་ཐུན་མོང་མིན་པར་འཆད། །རང་བཞིན་ལྷན་སྐྱེས་རྟོགས་པའི་ཐབས། །ཕར་ཕྱིན་ཐེག་པར་གང་བཤད་པ། །མི་ཕམ་བྱམས་པས་འབྱེད་གཉིས་སུ། །གསལ་བར་གསུངས་པ་དེ་ཡིན་ནོ། །བླ་མེད་ཐེག་པར་གསུངས་པ་ནི། །ཐོས་བསམ་བློ་དང་རྟགས་དཔེ་ལ། །མ་ལྟོས་པར་ཡང་བུམ་དབང་ལས། །འཁོར་འདས་དབྱེར་མེད་རྟོགས་པར་གསུངས། །འོ་ན་རང་བྱིན་རླབས་པ་ལ། །ལྟོས་པ་མེད་པར་རྨི་ལམ་དང༌། །རྒྱུ་འདྲ་རྟོགས་པ་མེད་དོ་ཞེས། །གསལ་བར་གསུངས་པ་ཅི་ཞེ་ན། །དེ་ནི་ཞུ་བདེ་ལྷན་སྐྱེས་ལ། །ངེས་པར་དགོངས་པ་ཉིད་ཡིན་ཏེ། །དེ་ཉིད་རྡོ་རྗེ་ཐེག་པ་ཡི། །ངེས་དོན་མཐར་ཐུག་ཡིན་ཕྱིར་རོ། །དེ་ཡི་ཤེས་བྱེད་ཅི་ཞེ་ན། །ཐོག་མར་སྤྱོད་པས་གོམས་བྱས་པའི། །ཞུ་བདེའི་ཡེ་ཤེས་དེ་ཁོ་ན། །རྡོ་རྗེ་འཛིན་པའི་ཉེ་རྒྱུའི་ཕྱིར། །ངོ་བོ་གཉིས་མེད་སྨྲ་བ་ཡིས། །གཏན་ལ་ཕབ་པའི་སྟོང་ཉིད་ནི། །གཞུང་དེ་ཉིད་དུའང་མཐར་ཐུག་གི །དོན་དམ་བདེན་པར་མི་འཆད་ན། །ཐེག་པ་མཆོག་ཏུ་སྨོས་ཅི་དགོས། །འོན་ཀྱང་དེ་ཡི་རིགས་པ་ནི། །མཉམ་གཞག་སྤྲོས་པའི་མཐའ་བྲལ་དུ། །འཆད་ཚེ་དགོས་པ་ཁྱད་པར་འཕགས། །དེ་ལྟར་བཤད་པས་གྲུབ་པ་ནི། །རྗེ་བཙུན་མཆེད་ཀྱི་གཞུང་ལུགས་སུ། །མཐའ་བྲལ་འཆད་ཚེ་དོན་དམ་གྱི། །ངོས་བཟུང་ཅི་ཡང་མེད་པ་དང༌། །ཉམས་ལེན་ཚེ་ན་ཟུང་འཇུག་གི །དོན་དམ་བདེན་པ་ངོས་བཟུང་ནས། །དེ་ལ་དགྱེས་པ་རྡོ་རྗེ་སོགས། །མིང་གི་རྣམ་གྲངས་བཅུ་བཞིར་བཤད། །ངོ་བོ་ཉིད་མེད་སྨྲ་བ་ཡིས། །སྟོང་ཉིད་ཤེས་པར་མི་འདོད་ཅིང༌། །ཐེག་པ་མཆོག་གི་རྩེ་མོ་པས། །ཤེས་པར་འདོད་པའི་ཁྱད་པར་ནི། །གནས་སྐབས་སེམས་ལས་མ་གཏོགས་པའི། །ཤེས་བྱ་འདོད་དང་མི་འདོད་པའི། །ཁྱད་པར་ཉིད་ཡིན་ཐེག་མཆོག་ཏུ། །ཀུན་ཀྱང་ཆོས་དབྱིངས་ཡེ་ཤེས་སོ། །འཁོར་ལོ་ཐ་མ་སྒྲ་ཇི་བཞིན། །ཁས་ལེན་བྱེད་པའི་དབུ་མ་པའི། །ཆོས་ཉིད་ངོས་འཛིན་གསང་སྔགས་དང༌། །རང་བཞིན་ལྷན་སྐྱེས་ཉིད་དུ་མཐུན། །དུས་ཀྱི་འཁོར་ལོ་ལ་སོགས་སུ། །གཅིག་དང་དུ་བྲལ་རིགས་པ་ཡིས། །རང་བཞིན་ལྷན་སྐྱེས་རང་སྟེང་དུ། །གཏན་ལ་ཕེབས་པ་ཅི་ཞེ་ན། །དེ་ལྟར་འཆད་པ་མཐར་འཛིན་གྱི། །རྟོག་པ་འགོག་པའི་ཕྱིར་ཡིན་ཏེ། །ཉམས་སུ་མྱོང་བྱ་རྣམ་ཀུན་གྱི། །མཆོག་ལྡན་སྟོང་ཉིད་ཁོ་ནའོ། །དེ་སྐད་དུ་ཡང་འཇམ་དཔལ་གྱི། །ལྟ་བའི་འདོད་པ་མདོར་བསྟན་དུ། །ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པ་དེར་རྣམ་བཅད་ཀྱི། །སྟོང་ཉིད་བསྒོམ་བྱ་མིན་པར་གསུངས། །དེ་ཚེ་དགོས་པ་ཅི་ཞེ་ན། །གཅིག་དང་དུ་མ་གང་རུང་དུ། །འཛིན་པའི་རྣམ་རྟོག་ཟློག་ཕྱིར་ཏེ། །གཉིས་ཀ་རྟོག་པར་མཚུངས་ཕྱིར་རོ། །འོ་ན་གཅིག་དང་དུ་བྲལ་གྱི། །རིགས་པ་དངོས་པོའི་གནས་ལུགས་ལ། །ཞུགས་པ་མིན་པར་ཉིད་འགྱུར་ཏེ། །བདེན་གྲུབ་ཁས་བླངས་ཕྱིར་ཞེ་ན། །སྒྲ་དང་རྟོག་པའི་ཡུལ་གྱུར་པ། །ཀུན་ལ་རྟོག་དཔྱོད་དེ་འཇུག་མོད། །རྣམ་ཤེས་ཡུལ་ལས་འདས་པའི་ཆོས། །རྡོ་རྗེ་ཉིད་ཕྱིར་སྒྲ་རྟོག་གིས། །གཞོམ་དུ་ཡོད་པ་མ་ཡིན་ནོ། །ལ་ལ་སྔགས་ཀྱི་ཐེག་པ་འདིར། །ཡེ་ཤེས་བདེན་གྲུབ་ཁས་བླངས་པས། །སེམས་ཙམ་ལུགས་སུ་འགྱུར་ཞེ་ན། །དེ་ནི་ཁྱབ་པ་འགལ་གྱུར་ཏེ། །ཇི་སྲིད་གཟུང་འཛིན་གཉིས་མེད་པ། །ཁས་ལེན་མེད་པ་དེ་སྲིད་དུ། །ཡེ་ཤེས་ཉིད་ཀྱང་མི་སྲིད་ན། །དེ་ཡི་ཁྱད་ཆོས་ཇི་ལྟར་འཆད། །གཟུང་འཛིན་གཉིས་མེད་ཁས་ལེན་པ། །དེ་ནི་དབུ་མ་པ་ཉིད་ལས། །སེམས་ཙམ་སོགས་ལ་མི་སྲིད་པར། །རྗེ་བཙུན་མཆེད་ཀྱིས་བཤད་ཕྱིར་རོ། །ལ་ལ་རྒྱུད་གསུམ་དགོངས་པ་ཡང༌། །སེམས་ཙམ་ཉིད་དུ་གནས་ཞེས་ཟེར། །འཛིན་པ་བདེན་མེད་ཁས་ལེན་པའི། །སེམས་ཙམ་པ་དེ་གང་ནས་བཙལ། །བྱམས་ཆོས་ཕྱི་མར་བཤད་ཅེ་ན། །དེ་ཉིད་སེམས་ཙམ་གཞུང་ཡིན་པར། །ལུང་དང་རིགས་པ་གང་གིས་སྒྲུབ། །ཟླ་བ་གྲགས་པའི་ལུང་དང་ནི། །བདེན་དངོས་ཁས་ལེན་ཕྱིར་ཞེ་ན། །འོ་ན་ཁྱེད་ཀྱི་དབུ་མ་ཡང༌། །ཆད་པར་སྨྲ་བའི་ལྟ་བ་དང༌། །སྐུར་འདེབས་ལྟ་བའི་ལམ་འགྱུར་ཏེ། །ཐོགས་མེད་ཞབས་ཀྱིས་དེར་བཤད་ཕྱིར། །ཟླ་གྲགས་ལུང་ཉིད་ལེན་བྱེད་ན། །སྣང་བ་ཐམས་ཅད་སེམས་ཡིན་ཞེས། །ཟེར་བ་མྱུར་དུ་འདོར་དགོས་ཏེ། །དེ་ཡིས་དེ་ཉིད་བཀག་ཕྱིར་རོ། །ཚད་མས་གྲུབ་དང་བདེན་པ་དང༌། །བདེན་གྲུབ་རྣམས་ལ་ཁྱེད་དབྱེ་བ། །སྔོན་རབས་མཁས་པའི་གཞུང་ན་མེད། །གསུམ་ཀ་བསླུ་མེད་དོན་ཕྱིར་རོ། །ཞེས་པ་རྗེ་བཙུན་མཆེད་གཉིས་ཀྱི། །ལྟ་བའི་སྐབས་ཀྱི་ལུང་རྣམས་ལ། །དེ་གཞུང་འགོག་བྱེད་ཕྱི་རབས་པ། །གཞན་བློའི་དྲི་མས་སྦགས་པ་འགའ། །རང་གཞུང་ཆོས་འཁོར་གསུམ་པ་ཡི། །ལུང་དང་མཐུན་པ་མ་ཡིན་པར། །ཆོས་འཁོར་བར་པ་སྒྲ་ཇི་བཞིན། །འཆད་པ་ཁོ་ན་མཆོག་མཐོང་བ། །དེ་དག་རྗེ་བཙུན་མཆེད་བཅས་ལ། །འཁྲུལ་ཟད་ཅེས་པའི་གཅམ་བསྔགས་ཙམ། །ལྷུར་བླངས་པ་ཡིས་གཞན་མགུ་བྱེད། །རྣམས་ཀྱི་རྨོངས་པ་བསལ་ཕྱིར་ཡིན། །དེ་ལས་སྐྱེས་པའི་རྣམ་དཀར་པོ། །རྣམ་དཔྱོད་བགྲངས་ཡས་འཕྲོ་བྱེད་འདིས། །ཐོག་མར་རང་བློའི་རྨོངས་བསལ་ནས། །འཇིག་རྟེན་གསུམ་གྱི་མུན་སེལ་ཤོག །གཞུང་ལུགས་རབ་འབྱམས་སྨྲ་བའི་དཔལ། །ཀུན་དགའི་བཤེས་གཉེན་རྗེ་བཙུན་གྱི། །གདན་སར་འབེལ་གཏམ་རྣམ་ངེས་པའི། །དོན་དུ་སྦྱར་བའི་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ཀྱང༌། །ངེས་དོན་ཕལ་ཆེར་དངོས་སྨྲ་ཡི། །གཞུང་དུ་དྲངས་པའི་ཉེས་པ་ལས། །རྣམ་གྲོལ་ངེས་པའི་དོན་མཐོང་ཤོག།  །།  ༄། །ཆོས་གྲྭའི་དགོས་སྤྱོད་ཀྱི་དྲིས་ལན།།  བྱང་སེམས་འཕགས་པའི་འགོག་ལམ་ནི། །ཆོས་རྣམ་གཉིས་པོ་གཏན་དུ་བའི། །སྐྱབས་མིན་ཞེས་པ་དེར་ནི་འདུས། །ཅི་ཕྱིར་ཞེ་ན་གཏན་དུ་བའི། །སྐྱབས་དང་དམ་པའི་དོན་གྱི་སྐྱབས། །རྫོགས་སངས་རྒྱས་སུ་འདུས་ཕྱིར་རོ། །བྱང་སེམས་འཕགས་པའི་ལམ་བདེན་ལ། །བསླུ་ཕྱིར་ཞེས་པའི་དོན་གང་དེ། །ཚང་དང་མ་ཚང་གཉིས་སུ་དབྱེ། །ཅི་ཕྱིར་ཞེ་ན་དོན་དམ་དང༌། །ཀུན་རྫོབ་གཉིས་སུ་དབྱེ་ཕྱིར་རོ། །མཉམ་གཞག་རྣམ་པར་མི་རྟོག་པ། །མ་རིག་པ་ཡི་བག་ཆགས་ཀྱིས། །འདུས་མ་བྱས་ཕྱིར་བསླུ་བ་མིན། །རྗེས་ཐོབ་དག་པ་འཇིག་རྟེན་པ། །དེ་ལས་ལོག་ཕྱིར་བསླུ་ཆོས་ཅན། །བྱང་སེམས་འཕགས་པའི་འགོག་བདེན་ལ། །མེད་ཕྱིར་ཞེས་པའི་དོན་མ་ཚང༌། །ཅི་ཕྱིར་ཞེ་ན་དེ་ཡི་དོན། །མེད་དགག་ཉིད་ལ་བཤད་ཕྱིར་དང༌། །བྱང་འཕགས་འགོག་བདེན་ཆོས་ཀྱི་སྐུ། །ཡོན་ཏན་མང་པོས་བརྒྱན་ཕྱིར་རོ། །འོན་ཀྱང་མཐར་ཐུག་སྐྱབས་མིན་པའི། །ཤེས་བྱེད་དེ་ཡི་གོང་ཉིད་ན། །ཆོས་སྐུ་ཆེན་པོ་བཞུགས་ཕྱིར་རོ།།  །།  ༄༅། །སྤྱན་རས་གཟིགས་ཀྱི་བསྟོད་པ།།  ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་པོ། །ཡིད་འོང་རྒྱལ་བའི་སྲས་ཀྱི་སྐུར་བསྟན་ནས། །མ་ལུས་འགྲོ་བ་ཀུན་གྱི་ཡབ་གྱུར་པ། །ཚད་མེད་སྙིང་རྗེ་གཏེར་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཞི་བའི་ངང་ལས་མི་བཞེངས་ཀྱང༌། །བྱམས་དང་སྙིང་རྗེའི་འོད་དཀར་ཕྲེང་བ་ཅན། །འགྲོ་དོན་ཡངས་པའི་མཁའ་ལ་རྟག་འཆར་བས། །འགྲོ་བའི་གདུང་བ་སེལ་ལ་ཕྱག་འཚལ་ལོ། །གྲངས་མེད་རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་གཏེར། །ངོ་མཚར་མཚན་དཔེ་འབར་བའི་སྐུར་བཞེངས་ནས། །ཉམས་ཐག་འགྲོ་བ་མང་པོ་རྗེས་འཛིན་པ། །ཀུན་གྱིས་བསྔགས་པར་འོས་ལ་ཕྱག་འཚལ་ལོ། །ལྷ་དང་དྲང་སྲོང་རིག་སྔགས་གྲུབ་པ་དང༌། །ས་སྐྱོང་རྒྱལ་པོའི་ཚུལ་དང་གཞོན་ནུའི་སྐུ། །བསྟན་པ་འཛིན་མཛད་དགེ་བའི་བཤེས་གཉེན་གྱི། །རྣམ་རོལ་དུ་མར་མཛད་ལ་ཕྱག་འཚལ་ལོ། །སྲིད་པའི་རྒྱ་མཚོ་རིང་ནས་བརྒལ་གྱུར་ཀྱང༌། །ཞི་བའི་གནས་སུ་ཡུད་ཙམ་མི་བཞུགས་པའི། །རྣམ་འཕྲུལ་དུ་མས་འགྲོ་བའི་དོན་མཛད་པ། །འཇིག་རྟེན་དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་པས་འཁྱུད་པའི་ཚེམས་དཀར་དཔག་བསམ་ལས། །སྙིང་རྗེའི་འཛུམ་ཕྲེང་ཕྱོགས་བཅུར་གསལ་བ་ན། །གང་ལ་ཕན་དང་བདེ་བའི་ལམ་ཆེན་པོར། །དད་པའི་ཤིང་རྟས་འདྲེན་ལ་ཕྱག་འཚལ་ལོ། །སྟོང་པའི་ངང་ལས་སེམས་ཉིད་འོད་གསལ་བ། །སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུར་བསྐྱེད་ནས། །སྙིང་པོའི་རིག་སྔགས་མང་དུ་བཟླས་པ་དང༌། །གང་ལ་གུས་པས་གསོལ་བའི་དགེ་བ་འདིས། །རྨོངས་པའི་གཉིད་ཆེན་དུས་སུ་སད་པ་དང༌། །འཁོར་བའི་རྨི་ལམ་རང་སར་དག་པ་དང༌། །འོད་གསལ་ཉི་མ་དུས་སུ་འཆར་བ་དང༌། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམས་པར་ཤོག །སྐྱེ་བའི་ཉི་མ་ལན་མང་ཤར་གྱུར་ཀྱང༌། །འཆི་བདག་མུན་པའི་ལམ་ལས་མ་གྲོལ་བར། །ནམ་ཡང་རྨོངས་པའི་ལམ་དུ་འཇུག་བྱེད་མཁན། །ཡེ་ཤེས་ཉི་མ་འབར་བར་བྱིན་གྱིས་རློབས། །སྟོང་ཉིད་སྙིང་རྗེས་འཁྱུད་པའི་ཟླ་བ་ནི། །ཡིད་ཀྱི་ཆུ་སྔོན་དྭངས་པའི་མཚོར་ཤར་བས། །གཟུང་འཛིན་མཚན་མའི་རྙོག་པ་ཀུན་བསལ་ཏེ། །སྙིང་རྗེའི་ཆུ་གཏེར་ཆེན་པོར་བདག་གྱུར་ཅིག །ཅེས་པ་འདི་ནི་རིགས་བཟང་པོའི། །ཆུ་གཏེར་དབུས་སུ་རྣམ་དཔྱོད་ཀྱི། །ནོར་བུས་བརྒྱན་པའི་ཀླུ་དབང་པོ། །དཔལ་ལྡན་སྲིད་ཞིའི་དབང་ཕྱུག་གི །འབྱོར་པའི་བང་མཛོད་འཛིན་དེའི་ངོར། །སྡེ་སྣོད་འཛིན་པའི་ཆོས་ཀྱི་གྲྭ། །རབ་ཡངས་གསེར་མདོག་ཅན་དེ་ནས། །མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། །རིགས་པར་ཕུལ་བ་འདི་བཞེས་ཅིག།  །།ཤུ་བྷཾ།།  ༈  །།གངས་ཅན་གྱི་ཆེན་པོ་སྔ་ཕྱིར་བྱོན་པའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་རང་གཞུང་གསལ་བའི་མེ་ལོང་ཞེས་པ་བཞུགས།།  ༄༅། །ན་མོ་གུ་རུ་པདྨ་བཛྲ་ཡ། བོད་ཡུལ་དུ་བྱོན་གསང་སྔགས་ལ། །སྔ་འགྱུར་ཕྱི་འགྱུར་དག་ཏུ་གྲགས། །དང་པོ་སློབ་དཔོན་སྤྲུལ་པའི་སྐུས། །ཐུགས་ནས་གསུངས་པ་ལོ་ཙྪས་བསྒྱུར། །ཕྱི་དུས་ལོ་ཙྪ་ཆེན་པོ་ཡིས། །རྒྱུད་གཞུང་འགྱུར་ནས་གསང་སྔགས་ལ། །གསར་རྙིང་དུ་གྲགས་འཕགས་ཡུལ་ན། །བརྡ་སྐད་དེ་ལྟར་ཅུང་མ་གྲགས། །སྔ་འགྱུར་སེམས་ཕྱོགས་སྒྱུ་འཕྲུལ་དང༌། །མདོ་སྡེ་གསུམ་དུ་ཕལ་ཆེར་འདུས། །སེམས་ཕྱོགས་ཡུལ་གྱི་གནས་ལུགས་ཏེ། །སྒྱུ་འཕྲུལ་ལྷག་པའི་ལྷ་སྒྲུབ་ཐབས། །མདོ་སྡེ་ཀུན་ལ་ཁྱབ་བྱེད་དུ། །འཇུག་པ་ཕྱི་དུས་ཞིག་ན་འགྱུར། །ཡུལ་གྱི་གནས་ལུགས་འཁོར་བ་དང༌། །མྱ་ངན་འདས་པའི་ཕྱོགས་ཀྱིས་དབྱེ། །འཁོར་བ་བྱེད་པོ་ཀུན་གཞི་ཡི། །རྣམ་ཤེས་ཉིད་ལས་གཞན་དུ་མེད། །མྱང་འདས་བྱེད་པོ་ཀུན་གཞི་ཡི། །ཡེ་ཤེས་ཉིད་ཡིན་དེ་ཡི་མཚན། །གབ་པ་མངོན་པ་ཕྱུང་བ་དང༌། །རྫོགས་པ་ཆེན་པོ་ཞེས་སུ་བཏགས། །དེ་མངོན་བྱེད་པའི་ཐབས་མཆོག་ནི། །ལུང་དང་རིགས་པ་ལུས་ཀྱི་གནད། །ཁོ་ནས་མ་ཡིན་རང་རིག་གི །མན་ངག་བླ་མས་བསྟན་པ་དང༌། །ཡི་གེར་བྲིས་པ་ཀུན་ན་གསལ། །རྫོགས་པ་ཆེ་ལ་ཐུན་མོང་དང༌། །ཐུན་མོང་མིན་པ་རྣམ་གཉིས་ལས། །དང་པོ་ཕར་ཕྱིན་ཐེག་པ་དང༌། །ཕྱི་མ་གསང་སྔགས་བླ་མེད་དོ། །རྙིང་མ་པ་ལ་ཕར་ཕྱིན་དང༌། །རྒྱུད་སྡེ་རྣམ་གསུམ་གསར་མ་ལས། །ལོགས་སུ་མི་འཆད་རྙིང་མར་ནི། །གྲགས་པ་བླ་མེད་ཁོ་ནའོ། །དེ་ལ་རྣལ་འབྱོར་ཆེན་པོ་དང༌། །རྗེས་སུ་རྣལ་འབྱོར་ཤིན་ཏུ་ཡང༌། །རྣལ་འབྱོར་གསུམ་ལས་རྫོགས་པ་ཆེ། །ཉིད་ལ་ཨ་ཏི་ཡོ་གར་འཆད། །ཐེག་པ་རིམ་པ་དགུ་ཀུན་ལ། །ལྟ་བ་རྫོགས་པ་ཆེན་པོ་རེས། །ཟིན་པ་དགོས་ཕྱིར་གང་ཟག་དང༌། །ཆོས་ཀྱི་བདག་ཏུ་རྨོངས་པ་སེལ། །དེ་ཕྱིར་རྙིང་མའི་སྒོམ་པ་ལ། །དབང་སྒོམ་མེད་ཅེས་སྨྲ་བ་འཁྲུལ། །སློབ་དཔོན་སྤྲུལ་པའི་སྐུ་ཉིད་ཀྱི། །དངོས་སློབ་གྲུབ་ཆེན་སྐར་མའི་གྲངས། །སྒྱུ་འཕྲུལ་ལས་ནི་ཡང་དག་དང༌། །ཕུར་པ་ལ་སོགས་རང་རང་གི །སྐྱེད་པའི་རིམ་པ་མཐར་ཕྱིན་ནས། །ཨ་ཏི་ཡོ་ག་ཉིད་ལ་འཇུག །དེ་སྒྲུབ་བྱེད་དང་གྲུབ་རྟགས་སུ། །སྦྱོར་སྒྲོལ་གཉིས་པོ་དེའི་ངོས་འཛིན། །ཕྱག་རྒྱ་ལ་དད་རྣམ་པར་ཤེས། །དབྱིངས་སུ་སྒྲོལ་བ་ལ་འཆད་དང༌། །བསད་དང་གསོ་ལ་ངོས་འཛིན་པ། །བྱུང་ངོ་དེ་ཚེ་སྦྱོར་སྒྲོལ་གཉིས། །ལོག་པ་དང་ནི་ཡང་དག་པའི། །ཀུན་རྫོབ་དབྱེ་བས་སོ་སོར་འབྱེད། །ཕྱག་རྒྱ་དང་སྦྱོར་རྫོགས་པ་ཆེ། །སྐྱེད་དང་མཐར་ཕྱིན་ཐབས་མཆོག་སྟེ། །སྒྲོལ་བ་རྫོགས་པ་ཆེའི་ཡེ་ཤེས། །མངོན་དུ་གྱུར་ལས་གཞན་གྱིས་མིན། །རྫོགས་ཆེན་ཡེ་ཤེས་ལ་རོལ་ཀྱང༌། །ཡང་དག་ཀུན་རྫོབ་ཁྱད་བསད་ན། །འཁྲུལ་པའི་སྣང་བ་ལས་བྱུང་བའི། །སྡུག་བསྔལ་གསུམ་པོ་རྒྱུན་མི་ཆད། །དེ་ཕྱིར་སངས་རྒྱས་མ་ཐོབ་པ། །དེ་སྲིད་རྫོགས་པ་ཆེན་པོ་དང༌། །ཡང་དག་ཀུན་རྫོབ་ཟུང་སྦྲེལ་དུ། །ཉམས་སུ་བླངས་པས་ལམ་མཐར་ཕྱིན། །འདི་ནི་གསང་སྔགས་སྔ་འགྱུར་བའི། །ལུང་གི་དོན་དང་ཉམས་ལེན་གནད། །འཁྲུལ་མེད་ཡིན་ནོ་དེ་བཤད་པའི། །རྣམ་དཀར་ཀུན་ཏུ་བཟང་པོར་བསྔོ། །ཤུ་བྷཾ།།  རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །སྡེ་སྣོད་འཛིན་པ་ཤེར་ཚུལ་གྱི། །དྲིས་པ་དང་ནི་དེ་ཡི་ལན། །གོ་རིམ་བཞིན་དུ་བརྗོད་བྱ་བ། །ལས་ལམ་གསུམ་གྱི་དེ་དུས་ཀྱི། །ཀུན་སློང་ཞེ་སྡང་ཉིད་ཡིན་ཕྱིར། །མངོན་སྤྱོད་ལས་དེ་གང་ལ་དགོངས། །སྦྱོར་སྒྲོལ་འགོག་པ་དེ་ཅི་ཞིག །ཅེས་པ་དེ་ཡི་ལན་འདི་ཡིན། །སྟོང་ཉིད་རྟོགས་པའི་གསང་སྔགས་པས། །ཆགས་དང་ཞེ་སྡང་ལམ་བྱེད་པ། །དེ་ཚེ་དེ་ཡིས་ཀུན་བསླངས་པའི། །ལས་དེ་ཐམས་ཅད་དགེ་བར་ངེས། །སྔགས་དང་སྨན་གྱིས་བསད་པ་ཡི། །དུག་ལྟར་ཉེས་པ་མི་སྐྱེད་པའི། །ཀུན་སློང་དགེ་བ་དང་མཚུངས་ལྡན། །སྦྱོར་སྒྲོལ་ཞེས་པ་བསད་གསོ་དང༌། །སྲོག་གཅོད་ལོག་གཡེམ་ལ་འཆད་པའི། །སྐབས་གཉིས་ཡོད་དོ་དང་པོ་དེ། །མཐུ་ལྡན་དབང་བྱས་དགེ་བ་ཡིན། །གཉིས་པ་དེ་ཡང་སྟོང་པ་ཉིད། །རྟོགས་ཚེ་ཆགས་སྡང་ལམ་བྱེད་ཡིན། །དེ་མ་རྟོགས་པས་དེ་བྱེད་པ། །ལོ་ཆེན་རིན་ཆེན་བཟང་པོས་བཀག །སྲུང་འཁོར་ལ་སོགས་དྲག་ལས་ཀྱིས། །རྣམ་རྟོག་གསོད་པ་ཡིན་ན་ནི། །སྔོན་དུ་གཟུང་བ་མ་བཀག་པར། །འཛིན་པ་འགོག་པར་འཐད་དམ་ཅི། །ཞེས་པའི་ལན་ཡང་འདི་ཡིན་ཏེ། །རྒྱུད་ལས་སྲོག་ཆགས་བསད་པར་བྱ། །ཞེས་པའི་ཚིག་ལ་དྲང་དོན་དང༌། །ངེས་དོན་བཤད་པ་རྣམ་གཉིས་ཡོད། །དང་པོ་བསྒྲལ་བའི་ཞིང་བཅུ་པོ། །ཚང་བའི་སེམས་ཅན་གསོད་པ་སྟེ། །ཚར་བཅད་རྗེས་འཛིན་ནུས་པ་ཡིས། །ལྟ་སྟངས་གྲུབ་པའི་ཚེ་ན་ཡིན། །གཉིས་པ་གཟུང་དང་འཛིན་པ་ཡི། །རྣམ་པར་རྟོག་པ་གསོད་པ་སྟེ། །གསང་སྔགས་ཀུན་སྤྱོད་ཇི་སྙེད་པ། །རྟོག་མེད་ཡེ་ཤེས་ཉིད་ལས་བསྒྲུབས། །ཡུལ་ཅན་རྟོག་པ་འགོག་བྱེད་པ། །དེ་ཡུལ་བཀག་ལ་རག་ལས་ཤེས། །བྱ་བ་འདི་ནི་མཚན་ཉིད་པའི། །ལུགས་ཡིན་གསང་སྔགས་པ་ལ་མེད། །དབུ་མའི་རིགས་པས་མ་དཔྱད་པར། །བླ་མ་དམ་པའི་བྱིན་རླབས་དང༌། །ཡེ་ཤེས་ཕབ་དང་དབང་བསྐུར་དང༌། །ལུས་བཅིང་པ་ལས་རྣམ་རྟོག་ཁེབས། །རང་གཞན་རྣམ་རྟོག་ཡེ་ཤེས་ཀྱི། །རྡོ་རྗེ་མིན་ནམ་གསོད་པ་ཅི། །ཞེས་པ་དེ་ལན་ཀུན་རྫོབ་དང༌། །སྤང་བྱ་ཉིད་ཕྱིར་དེར་མི་འདོད། །སྣང་གྲགས་ཆོས་ཀུན་རང་སེམས་ལས། །ལོགས་སུ་མེད་ན་སེམས་ཅན་ཀུན། །མ་བྱས་པ་དང་ཕྲད་འཇིག་དང༌། །འབད་མེད་གྲོལ་བར་མི་འགྱུར་རམ། །ཞེས་པ་དེ་ལན་ཇི་སྲིད་དུ། །འཁྲུལ་པའི་བག་ཆགས་མ་བྱང་བ། །དེ་སྲིད་སངས་རྒྱས་སེམས་ཅན་དང༌། །རང་གཞན་དགེ་སྡིག་སྣ་ཚོགས་འཆར། །འཁྲུལ་པའི་བག་ཆགས་དག་པ་ན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་མེད་ཕྱིར་སངས་རྒྱས་དང༌། །སེམས་ཅན་རྒྱུད་གཞན་སོ་སོར་མེད། །འཁྲུལ་སྣང་ལས་སྣང་མ་བྱང་བ། །དེ་སྲིད་ཀུན་རྫོབ་ཆོས་རྣམས་ཡོད། །དེ་ཚེ་དགེ་སྡིག་བླང་དོར་གྱིས། །འཁྲུལ་ངོར་བདེ་སྡུག་སོ་སོར་མྱོང༌། །འཁྲུལ་སྣང་བསོད་ནམས་ཚོགས་ཆེན་དང༌། །ཉམས་སྣང་སྒྱུ་མའི་རྣལ་འབྱོར་གྱིས། །རང་སྣང་བདེ་ཆེན་ཆོས་སྐུ་དང༌། །གཞན་སྣང་སྒྱུ་མའི་སྤྲུལ་པ་འཆར། །རྒྱུ་རྒྱུད་ཀུན་གཞི་ཆོས་ཀྱི་དབྱིངས། །ཐབས་རྒྱུད་ལམ་ཡང་ཆོས་དབྱིངས་ཏེ། །འབྲས་རྒྱུད་སྤངས་རྟོགས་ཆོས་ཀྱི་དབྱིངས། །དེ་ཕྱིར་ཆོས་དབྱིངས་ལས་གཞན་མེད། །ཕ་རོལ་ཕྱིན་པའི་བསོད་ནམས་ཚོགས། །ཡང་དག་ཀུན་རྫོབ་ཐད་སོར་འཇོག །སྔགས་ཀྱི་བསོད་ནམས་ཆོས་དབྱིངས་ཀྱི། །ཡེ་ཤེས་ཉིད་ལས་བསྒྲུབས་པའི་ཕྱིར། །ལམ་ལ་ཟབ་དང་མི་ཟབ་དང༌། །མྱུར་བུལ་ཁྱད་པར་ཤིན་ཏུ་ཆེ། །ཆོས་དབྱིངས་ཡོད་དང་ཡོད་མིན་ཞེས། །བྱ་བ་སྔགས་ཀྱི་རྗེས་ཐོབ་དང༌། །ཕ་རོལ་ཕྱིན་པའི་རྗེས་ཐོབ་ཀྱི། །ཐ་སྙད་འདོགས་པའི་ཁྱད་པར་ཡིན། །བླ་མེད་ཐེག་པའི་རྣལ་འབྱོར་པས། །གདོད་མ་ཉིད་ནས་གྲུབ་པ་ཡི། །རྟེན་དང་བརྟེན་པའི་དཀྱིལ་འཁོར་རྣམས། །གྲུབ་ཟིན་གསལ་འདེབས་ཡིན་པར་ནི། །ཞེས་པ་དེ་ལན་འཆང་འཇུག་གི །ཁྱད་པར་ཡིན་ནོ་རྒོལ་བའི་ཚེ། །རང་གི་ཆོས་ཉིད་དང་རྣམ་པ། །སངས་རྒྱས་དངོས་ཡིན་འཆད་པའི་ཚེ། །མཚན་དཔེ་སྟོབས་སོགས་ཡོན་ཏན་ཚོགས། །ཞེན་པས་འཇུག་པ་དེ་ཀུན་ཡང༌། །དྲི་མས་བསྒྲིབས་ཕྱིར་རང་རང་གི །དོན་བྱེད་ནུས་པ་ཉིད་དུ་མེད། །མདོར་ན་ཁྱེད་ཀྱི་ཉམས་ལེན་ནི། །རྣམ་ཤེས་ངོ་ན་གང་སྣང་བ། །དེ་ཉིད་སྣང་ཙམ་དེར་ཞོག་ལ། །ཡེ་ཤེས་ཀྱིས་ནི་འཛིན་མེད་བྱོས། །སྐྱེད་རིམ་རྟོག་པའི་སྒོམ་མིན་ནམ། །ཞེ་ན་རྟོག་ལ་གང་ཤར་བ། །དེ་ཡང་དེར་སྣང་དེར་ཞོག་ལ། །རྟོག་པ་གཞན་གྱིས་འཛིན་མེད་བྱོས། །དེ་ལྟར་བཤད་པས་གཟུང་འཛིན་གྱི། །སྤྲོས་པ་རང་སར་དག་གྱུར་ནས། །གཉིས་མེད་ཡེ་ཤེས་བདེ་མཆོག་གི །རང་ཞལ་མྱུར་དུ་མཐོང་བར་ཤོག།  །།ཤུ་བྷཾ།། །།  ༄༅། །སྭསྟི་སིདྡྷཾ། གངས་ཅན་ལྗོངས་སུ་གསང་སྔགས་ལ། །གསར་རྙིང་ཞེས་བྱར་གྲགས་པའི་དོན། །ཕྱིས་བྱོན་མཁས་པས་གང་བཞེད་པ། །མདོར་བསྡུས་ཙམ་ཞིག་འདིར་བརྗོད་བྱ། །འཕགས་པའི་ཡུལ་དུ་གསང་སྔགས་ཀྱི། །རྒྱུད་དང་འགྲེལ་པ་བསྟན་བཅོས་དང༌། །དེ་འཛིན་བྱེད་པོའི་གང་ཟག་ལ། །གསར་རྙིང་ཞེས་བྱར་དབྱེ་བ་མེད། །བོད་དུ་གྲུབ་ཆེན་མཚོ་སྐྱེས་ཀྱིས། །ཟབ་དོན་ཐུགས་ལས་གང་ཕྱུང་བ། །རིམ་པར་ཉམས་སུ་བླངས་པ་ལས། །གྲུབ་པ་བརྙེས་རྣམས་བྱོན་པ་དང༌། །དགོངས་དོན་འཆད་པའི་བསྟན་བཅོས་ཀྱི། །ཚོགས་ལ་རྒྱུད་དུ་མཚན་གསོལ་བ། །གང་ཞིག་བོད་ཡུལ་དུ་བྱོན་པའི། །མཁས་དང་མཁས་མིན་མང་པོས་མཛད། །འདི་ཡི་རྩོམ་གཞི་རང་རྒྱུད་ལ། །རྟོགས་པ་འཁྲུངས་པའང་ཡིན་མོད་ཀྱི། །གསང་བ་འདུས་པ་ལ་སོགས་པ། །སྔ་འགྱུར་རྒྱུད་ཀུན་ལ་ཡང་བརྟེན། །འདུས་པའི་ཤིན་ཏུ་རྣལ་འབྱོར་ལ། །ཨ་ཏི་ཡོ་གར་མཚན་གསོལ་ནས། །དམ་ཆོས་གབ་པ་མངོན་ཕྱུང་དང༌། །རྫོགས་པ་ཆེན་པོ་ཞེས་བྱར་གྲགས། །འདི་ཡི་ལྟ་བ་འཁྲུལ་མེད་ནི། །བླ་མེད་རྒྱུད་རྣམས་ཀུན་དང་མཐུན། །བདེན་གཉིས་རྣམ་འབྱེད་མི་ཤེས་པ། །འགའ་ཡིས་ལོག་པར་བརྟགས་ཞེས་གྲགས། །ལ་ལ་རྫོགས་ཆེན་རྒྱ་ནག་གི །མཁན་པོའི་ཆོས་ལུགས་ཡིན་ཟེར་མོད། །ཨ་ཏི་ཡོ་ག་གསང་སྔགས་ཀྱི། །ཆོས་ཡིན་ཅིག་ཤོས་དེར་མི་འཆད། །སེམས་ཕྱོགས་ཕལ་ཆེར་སེམས་ཙམ་གྱི། །ལྟ་བར་འཆད་པོ་དེ་དག་གིས། །བླ་མེད་རྒྱུད་ཀུན་ནས་གསུངས་པའི། །ལྟ་བ་ཇི་བཞིན་འཆད་མི་ནུས། །མུ་སྟེགས་བྱེད་ཀྱི་ལྟ་བ་དང༌། །སྒྲུབ་ལུགས་མཐུན་པར་ཡོད་ཟེར་མོད། །རང་བྱིན་རླབས་དང་ཕྱག་རྒྱའི་ལམ། །མུ་སྟེགས་བྱེད་ལ་ཡོད་མོད་ཀྱང༌། །སྡུག་བསྔལ་བ་དང་བདག་མེད་གཏམ། །གང་ན་ཡོད་པའི་མན་ངག་གི །ལྟ་བ་འཁྲུལ་པར་དོགས་མི་དགོས། །དེ་ཕྱིར་བདག་མེད་ཉིད་བཙལ་བྱ། །ལ་ལ་རྙིང་མའི་སྐྱེད་རིམ་དུ། །དག་པ་སྒོམ་པ་མ་བཤད་ཟེར། །སྔོན་འགྲོའི་དུས་སུ་སྟོང་པ་ཉིད། །བསྒོམ་པས་དེ་དོན་ངེས་པར་འགྲུབ། །རྒྱུ་ཡི་རྡོ་རྗེ་འཛིན་པ་ཡང༌། །མ་བཤད་པས་ན་འཁྲུལ་ཟེར་མོད། །བོད་ཡུལ་མངལ་སྐྱེས་སྦྱོང་བ་ཡི། །ཐབས་ཙམ་བསྟན་པས་དགོས་པ་འགྲུབ། །དཀྱིལ་འཁོར་གྱི་ནི་ལྷ་ཚོགས་ལ། །འབྱུང་པོ་མང་དུ་བཀོད་ཟེར་མོད། །བོད་ཀྱི་འབྱུང་པོ་ལྷར་བསྐྱེད་པ། །འཕགས་པའི་ཡུལ་དུ་མ་གྲགས་ཀྱང༌། །གདུག་པ་ཅན་རྣམས་ཚར་གཅོད་ཕྱིར། །འབྱུང་པོའི་གོ་འཕང་བསྟོད་པ་དང༌། །སྐབས་འགར་འཇིག་རྟེན་འདས་པ་ཡང༌། །འཇིག་རྟེན་པ་ལྟར་སྒྲུབ་པ་མང༌། །ལྷ་དང་འབྱུང་པོ་ཐ་མི་དད། །ཅེས་པ་འཕགས་པའི་ཡུལ་དུ་ཡང༌། །རྩོད་པ་མེད་པར་གྲགས་པ་ཡི། །གཞུང་ལུགས་དག་ན་བཤད་པ་ཡོད། །རྙིང་མའི་ལྟ་སྒོམ་འཁྲུལ་མེད་ནི། །རྒྱལ་བའི་དགོངས་དང་རིག་འཛིན་བརྡ། །གང་ཟག་སྙན་བརྒྱུད་དུ་འཆད་ཕྱིར། །རྒྱ་དཔེ་ཚོལ་བའི་ངལ་མི་དགོས། །དེ་ལྟ་ན་ཡང་རྒྱུད་མིན་ཞེས། །ཁུངས་ཕྱུང་བསྟན་བཅོས་དུ་མ་ནི། །གསར་རྙིང་ཀུན་ལ་ཡོད་པས་ན། །རྟོག་དཔྱོད་མཛད་པོ་མང་ཞིག་བྱོན། །གསང་སྔགས་ཐུགས་ལས་འགྱུར་བ་དང༌། །དཔེ་ལས་བསྒྱུར་ལ་གསར་རྙིང་ཞེས། །ཐ་སྙད་འདོགས་པའི་ལུགས་གཅིག་དང༌། །སྔོན་དུས་འགྱུར་དང་ཕྱི་དུས་སུ། །རིན་ཆེན་བཟང་པོ་བྱོན་ཚུན་ཆད། །འགྱུར་ལ་གསར་རྙིང་ཞེས་བྱ་བར། །ཐ་སྙད་འདོགས་པའི་ལུགས་གཉིས་ལས། །སྔ་མ་དོན་ལ་གནས་པ་སྟེ། །ཕྱི་མའི་ལུགས་སུའང་འཆད་པའི་ཚེ། །སྔ་འགྱུར་སྡེ་སྣོད་རྣམ་གསུམ་དང༌། །རྒྱུད་སྡེ་རྣམ་བཞིའི་གླེགས་བམ་ཀུན། །རྙིང་མའི་ཆོས་སུ་བཤད་ན་ལེགས། །རྫུན་མིན་གཏེར་གྱི་ཆོས་ལུགས་ནི། །བྱིན་རླབས་སྟོབས་ཀྱི་འབྱུང་བ་སྟེ། །གང་ལ་ལུང་བསྟན་ཡོད་པ་དེ། །དགོངས་པའི་རྒྱུད་དུ་ཤེས་པར་བྱ། །གསར་འགྱུར་ཆོས་རྣམས་དར་རྗེས་སུ། །རྙིང་མའི་ཆོས་ལུགས་མ་འཁྲུལ་བའི། །བསྟན་བཅོས་གསར་དུ་མཛད་པ་ཡང༌། །གང་ཟག་སྙན་བརྒྱུད་དུ་ཤེས་བྱ། །ཏནྟྲ་སྡེ་ཆེན་བཅོ་བརྒྱད་པོ། །མཁའ་ལས་བབས་དང་རྡོ་རྗེ་འཆང༌། །ཞལ་མཐོང་སྒྲུབ་ཐབས་ལ་སོགས་པ། །གསར་པའི་ཆོས་ལའང་བཤད་པའི་ཕྱིར། །གཏེར་གྱི་ཆོས་དང་རིག་འཛིན་བརྡ། །ལ་སོགས་བཤད་ལ་སྙེམས་མི་དགོས། །དུས་འདིར་བཤད་པ་གཙོ་བོའི་ཕྱིར། །གསར་མའི་ཆོས་ལུགས་བླང་བར་བྱ། །གསར་རྙིང་གསང་སྔགས་གསུང་བ་པོའི། །རྡོ་རྗེ་འཆང་དབང་ཐ་དད་དང༌། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལས། །ཁྱད་འཕགས་ཟེར་སོགས་སྤང་བར་བྱ། །དེ་སྐད་འདི་ནི་རྙིང་མ་ཡི། །ཆོས་ལུགས་ཆོས་མིན་ཟེར་བ་དང༌། །བོད་དུ་བརྩམས་པའི་བསྟན་བཅོས་ཀུན། །འཕགས་པའི་ཡུལ་ནས་བསྒྱུར་ཞེས་སོགས། །ལ་ལས་ཧ་ཅང་སྨད་པ་དང༌། །གཞན་གྱི་ཧ་ཅང་བསྟོད་དྲགས་པའི། །ཆེས་ཆེར་ཐལ་བ་ཀུན་སྤངས་པའི། །དགེ་བས་རྡོ་རྗེ་འཛིན་ཐོབ་ཤོག།  །།ཤུ་བྷཾ།།  ༈ །སྭསྟི་སདྡྷཾ། ཁ་བ་ཅན་དུ་ཆེར་གྲགས་པའི། །ཆོས་ལུགས་རྣམ་གསུམ་བཀའ་གདམས་དང༌། །ཕྱག་རྒྱ་པ་དང་ས་སྐྱ་པ། །གསུམ་པོའི་ལྟ་སྒོམ་སྤྱོད་པ་ཡི། །རྣམ་པར་དབྱེ་བ་འདིར་བཤད་བྱ། །དང་པོའི་ལྟ་བ་ཟླ་གྲགས་ཀྱི། །ལུགས་ཡིན་ནམ་མཁའ་ལྟ་བུ་ཡི། །སྟོང་ཉིད་མེད་པར་དགག་པ་དེ། །དབུ་མའི་མན་ངག་ལས་རྟོགས་བྱ། །སྤྱོད་པ་བྱམས་མགོན་ཐོགས་མེད་ཀྱིས། །མདོ་རྒྱན་བྱང་ས་ལས་བཤད་པའི། །འཇུག་པའི་སྡོམ་པ་དེ་བཟུང་ནས། །ཕར་ཕྱིན་དྲུག་ལ་སློབ་པའོ། །སྒོམ་པའི་ཚུལ་ལ་ལྟ་བ་དང༌། །མན་ངག་ཇི་བཞིན་སྒོམ་པའོ། །དང་པོ་རིགས་པས་དཔྱད་པ་ན། །ཆོས་གང་ཅི་ཡང་མ་རྙེད་པའི། །ངང་དུ་མཉམ་པར་འཇོག་པ་ལ། །སྟོང་ཉིད་སྒོམ་པ་ཞེས་སུ་བཏགས། །སྟོང་ཉིད་མངོན་སུམ་རྗེས་དཔག་གི །རྟོགས་བྱ་མིན་པར་ཨ་ཏི་ཤས། །བཤད་པ་ངོ་བོ་ཉིད་མེད་དུ། །སྨྲ་བའི་དབུ་མ་པ་དང་མཐུན། །དབུ་མའི་མན་ངག་ཅེས་བྱ་དང༌། །ཟབ་མོ་ལྟ་བའི་རིམ་པ་དང༌། །དབུ་མའི་ལྟ་ཁྲིད་ཅེས་བྱ་བ། །དེ་ལས་གཞན་ན་ཡོད་མ་ཡིན། །པུ་ཏོ་བ་ཡི་དཔྱད་སྒོམ་ཉིད། །གཙོ་བོར་བཤད་ཅེས་ཟེར་མོད་ཀྱང༌། །སྦྱོར་བའི་དུས་སུ་བསམ་བྱུང་གི །རིགས་པར་བཤད་ཀྱི་མཉམ་གཞག་མིན། །གཞན་དུ་ཨ་ཏི་ཤ་ཉིད་ཀྱི། །མན་ངག་གཞུང་དང་འགལ་བར་འགྱུར། །མན་ངག་སྒོམ་ལ་ཕར་ཕྱིན་དང༌། །སྔགས་ཀྱི་ཉམས་ལེན་གཅིག་པུ་བཞེད། །དང་པོ་ལ་ཡང་ལྟ་བ་དང༌། །བློ་སྦྱོང་རིམ་པ་རྣམ་གཉིས་སོ། །དང་པོ་གོང་དུ་བཤད་ཟིན་ཏེ། །གཉིས་པ་བྱང་ཆུབ་སེམས་གཉིས་ཀྱི། །སྒོམ་ལ་བློ་སྦྱོང་ཞེས་གྲགས་པ། །གསེར་གླིང་པ་ནས་ཇོ་བོ་ཡི། །ཐུགས་ལ་འཕོས་ནས་རིམ་པ་བཞིན། །སྙན་ནས་སྙན་དུ་བརྒྱུད་པ་དེ། །འཆད་ཁ་བ་ཡིས་ཡི་གེར་བཀོད། །དེ་ན་དོན་དམ་བྱང་ཆུབ་སེམས། །སྒོམ་ཚུལ་རྣལ་འབྱོར་སྤྱོད་པ་དང༌། །མཐུན་པར་འཆད་པ་རྩ་ཚིག་ཏུ། །གསལ་བར་གསུངས་པ་དེ་ཡིན་ནོ། །ཀུན་རྫོབ་བྱང་ཆུབ་སེམས་སྒོམ་པའི། །ཚུལ་ལ་སྨོན་པ་སེམས་བསྐྱེད་དང༌། །འཇུག་པའི་སྡོམ་པ་གཉིས་སུ་འཆད། །དང་པོ་ཆོ་གས་སྐྱེ་སྲིད་ཀྱང༌། །དེ་ཡི་སྡོམ་པ་འདིར་མི་བཞེད། །སྨོན་ལ་སྡོམ་པ་བཞེད་གྱུར་ན། །སེམས་བསྐྱེད་བཏང་བ་རྩ་བ་ཡི། །ལྟུང་བར་མ་བཤད་པ་དང་འགལ། །དཔེར་ན་སྤྱོད་འཇུག་ལུགས་བཞིན་ནོ། །སྔགས་ཀྱི་མན་ངག་སྒོམ་ཚུལ་ལ། །གསང་བ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་མི་ལེན་ཞེས། །གསུངས་ལ་བཀའ་གདམས་པར་གྲགས་མོད། །སྣ་ཟུར་བ་དང་སྤྱན་སྔ་སོགས། །བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་དང༌། །གསང་བ་འདུས་པའི་རྣལ་འབྱོར་གྱིས། །མན་ངག་པ་ཞེས་གྲགས་པའོ། །ཕྱག་རྒྱ་པ་ལ་བཀའ་རྒྱུད་ཅེས། །གྲགས་པ་ཟླ་འོད་གཞོན་ནུ་ཡི། །བཀའ་གདམས་ལུགས་ཀྱི་ཚུལ་བཟུང་ནས། །སྒྲུབ་རྒྱུད་རྒྱལ་མཚན་བཙུགས་ལ་གྲགས། །ལུགས་འདིའི་ལྟ་སྒོམ་སྤྱོད་པ་ཡང༌། །རྟོགས་བྱའི་ལྟ་བ་གཉིས་མེད་ཀྱི། །ཡེ་ཤེས་མྱོང་བ་རིག་ཙམ་སྟེ། །འདི་ལས་མ་གཏོགས་ཆོས་འགའ་ཡང༌། །མེད་ཕྱིར་ཕྱག་རྒྱ་ཆེན་པོ་དང༌། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང༌། །དངོས་པོའི་གནས་ལུགས་ཉིད་ཀྱི་ཕྱིར། །དེ་མྱོང་རང་རིག་ལྟ་བར་བཞེད། །རྟོགས་བྱ་གཞི་ལམ་འབྲས་བུའི་དུས། །ཀུན་ལ་ཁྱད་པར་ཡོད་མིན་ཀྱང༌། །དེ་ཉིད་རྟོགས་པའི་ཐབས་མཆོག་ནི། །མདོ་དང་སྔགས་ཀྱི་གཞུང་ལུགས་སུ། །མི་འདྲའི་དབྱེ་བ་མང་བཤད་མོད། །ཁྱད་པར་འཕགས་པ་བླ་མ་ཡི། །མོས་གུས་ཉིད་ཕྱིར་ལས་དང་པོས། །དེ་ལ་ནན་ཏན་བྱ་ཞེས་བཞེད། །དེ་ཙམ་ལས་བྱུང་གསལ་སྟོང་གི །ཡེ་ཤེས་རྒྱུན་མི་ཆད་པར་ཡང༌། །བྱིང་རྒོད་སྤངས་ནས་གོམས་བྱེད་པ། །དེ་ཉིད་སྒོམ་པ་ཡིན་པར་བཞེད། །འདི་ལ་དཀར་པོ་ཆིག་ཐུབ་ཅེས། །གསུང་ཡང་འདི་ལས་བསོད་ནམས་ཚོགས། །སོག་པ་ངང་གིས་འབྱུང་བར་བཞེད། །སྟོང་ཉིད་རྟོགས་པ་རྟེན་འབྲེལ་ལ། །ངེས་པ་འདྲེན་པའི་རྒྱུད་ཡིན་ཞེས། །ཀུན་ལ་གྲགས་པ་ཉིད་ཀྱི་ཕྱིར། །འདི་པས་ཀྱང་ནི་དེ་བཞེད་དོ། །དེ་ལ་མར་པ་ལོ་ཙྪ་ནི། །དབང་བསྐུར་ལས་ཐོབ་རིམ་གཉིས་སྒོམ། །འདི་ལ་གཙོ་བོར་རྫོགས་རིམ་སྟེ། །དྭགས་པོས་གོམས་མཛད་ཕྱག་རྒྱ་ཆེ། །ཕག་གྲུས་དང་པོར་ལམ་འབྲས་དང༌། །ཕྱི་ནས་ཕྱག་རྒྱ་ཆེན་པོར་གོམས། །བྱིན་རླབས་དང་འབྲེལ་ཆོས་དྲུག་གིས། །སློབ་མའི་ཚོགས་རྣམས་སྐྱོང་བར་མཛད། །འབྲི་ཁུང་པས་ནི་ཆིག་ཐུབ་ལ། །གཞན་གྱི་ཉེས་པ་སྤང་བྱའི་ཕྱིར། །ལྔ་ལྡན་སྒོམ་གྱི་གཙོ་བོ་དང༌། །སོ་ཐར་ཚུལ་ཁྲིམས་གཅེས་པར་འཛིན། །ཚུལ་ཁྲིམས་མཐར་ཕྱིན་སྟག་ལུང་པ། །ཕྱི་དུས་དབང་དང་འབྲེལ་པ་ཡི། །ཕྱག་ཆེན་ཆོས་དྲུག་གོམས་ཚུལ་དང༌། །དགྱེས་མཛད་རྡོ་རྗེའི་ཆོས་ལུགས་བཞེད། །ཀརྨ་པས་ནི་ཆོས་དྲུག་དང༌། །ཕྱག་ཆེན་གཙོ་བོར་བཞེད་མོད་ཀྱི། །མདོ་སྔགས་གསར་མའི་གཞུང་བཞིན་དང༌། །རྙིང་མའི་ཆོས་ལུགས་འགའ་ཞིག་མཛད། །ཡང་དགོན་པའི་ཆོས་བརྒྱུད་ནི། །བཀའ་རྒྱུད་སོ་སོའི་ལུགས་མང་དང༌། །ལམ་འབྲས་ལམ་སྐོར་དང་བཅས་པའང༌། །ཚུལ་བཞིན་བླངས་ནས་སྒྲུབ་རྒྱུད་སྤེལ། །ཤངས་པའི་ཕྱག་ཆེན་ཆོས་དྲུག་ཀྱང༌། །རྒྱུད་པ་སོ་སོ་ལས་འོངས་མོད། །ནཱ་རོའི་ཆོས་དང་ཕལ་ཆེར་མཐུན། །ཕྱི་དུས་རྒྱུད་པའང་གཅིག་ཏུ་བསྲེས། །དམ་པའི་སྡུག་བསྔལ་ཞི་བྱེད་ནི། །ཕལ་ཆེར་ཕ་རོལ་ཕྱིན་པའི་ཆོས། །རང་རིག་རང་གསལ་ཞལ་ངོ་བལྟ། །རེས་འགའ་སྔགས་སུ་བཀྲལ་བའང་སྣང༌། །ས་སྐྱ་པས་ནི་བཀའ་ཕྱག་གི །རྩ་བའི་ཆོས་དེ་མི་འགོག་ཀྱང༌། །ཆོས་ཀྱིས་གདུལ་བྱ་ཁྲིད་ཚུལ་ལ། །ལུང་རིགས་དཔྱད་པ་མང་དུ་མཛད། །ཁྱད་པར་ཕྱག་རྒྱ་ཆེན་པོ་ནི། །སྔགས་ལུགས་ཡིན་ན་དབང་བཞི་དགོས། །མིན་ན་ཕ་རོལ་ཕྱིན་པ་ཡི། །གཞུང་ལུགས་སྦྱངས་ནས་དེ་གོམས་བྱ། །དབང་བཞི་བསྐུར་བའི་བླ་མ་ལ། །མོས་གུས་ཙམ་གྱིས་དེ་རྟོགས་ཀྱང༌། །དེ་ལས་གཞན་པའི་བླ་མ་ལས། །ཕྱག་རྒྱ་ཆེ་རྟོགས་མི་སྲིད་གསུང༌། །བཀའ་གདམས་པ་རྣམས་མདོ་སྔགས་ཀྱི། །ཁྱད་པར་མ་ཕྱེད་མང་པོ་དང༌། །འཇུག་སྡོམ་སྐྱེ་བོ་ཕལ་ཆེར་ལ། །བྱེད་པ་ཤིན་ཏུ་འཁྲུལ་ཞེས་གསུང༌། །རང་ལུགས་ལྟ་སྒོམ་སྤྱོད་པ་ཡི། །རྣམ་པར་དབྱེ་བ་མདོ་ཙམ་ནི། །རྟོགས་བྱའི་ལྟ་བ་དངོས་པོ་ཡི། །གནས་ལུགས་ཡིན་ནོ་དེ་རྟོགས་པའི། །ཤེས་རབ་ལྟ་བ་ཡིན་ནོ་ཞེས། །བཤད་ན་མངོན་པའི་ཆོས་དང་མཐུན། །མདོ་དང་སྔགས་གཞུང་མཐའ་དག་ཏུ། །དངོས་པོའི་གནས་ལུགས་གཅིག་ཉིད་ལས། །གཞན་དུ་བཤད་པ་ཡོད་མ་ཡིན། །གཅིག་པུ་ལྷན་སྐྱེས་ཡེ་ཤེས་སོ། །དེ་རྟོགས་བྱེད་པའི་ཐབས་ལ་ནི། །སྔགས་དང་ཕ་རོལ་ཕྱིན་པ་ལས། །ཐོས་བསམ་ལས་བྱུང་རིགས་པ་དང༌། །ཚུལ་ཆེན་མན་ངག་དུ་མར་བཤད། །ཐོས་བསམ་ལས་བྱུང་ལྟ་བ་ལ། །ཐོས་པའི་ལྟ་བ་ཞེས་བྱ་དང༌། །སྒོམ་པས་ཉམས་སུ་མྱོང་བྱ་ལ། །རྣམ་ཀུན་མཆོག་ལྡན་ཞེས་སུ་བཤད། །རིགས་པས་གཏན་ལ་གང་ཕབ་པ། །དེ་ཉིད་ཉམས་སུ་མྱོང་བྱ་ཞེས། །ཟེར་བ་འདི་པའི་ལུགས་མིན་ཏེ། །དེའི་གསུང་ཀུན་དང་འགལ་ཕྱིར་རོ། །ཐོས་བསམ་དུས་ཀྱི་སྟོང་པ་ཉིད། །དངོས་པོའི་གནས་ལུགས་མ་ཡིན་ཏེ། །དེ་ཡི་ཡུལ་ཅན་རྟོག་པ་ལས། །མ་འདས་ཕྱིར་ན་དེ་གོམས་པས། །དུག་ཅན་ཉིད་དུ་བཤད་ཕྱིར་རོ། །ངོ་བོ་ཉིད་མེད་སྨྲ་བ་ལ། །རབ་གྲགས་སྟོང་པ་ཉིད་གང་ནི། །རིགས་པས་ཅི་ཡང་མ་རྙེད་ཙམ། །དེ་ནི་དོན་དམ་དངོས་མིན་མོད། །འོན་ཀྱང་མཚན་འཛིན་འགོག་པ་ཡི། །ཐབས་ལ་ཁྱད་པར་འཕགས་ཉིད་ཕྱིར། ལྟ་བ་རིམ་གྱིས་འཇུག་པའི་ཚེ། །ཐོག་མར་དེ་ཡང་བླང་བར་བྱ། །ཉམས་སུ་མྱོང་བྱའི་སྟོང་ཉིད་ཀྱི། །ཡེ་ཤེས་ཁོ་ན་བྱང་ཕྱོགས་སོ། །ཡོན་ཏན་ཀུན་གྱི་སྒྲུབ་གཞི་དང༌། །ངོ་བོ་བསྐྱེད་ནས་ཡུན་རིང་དུ། །གོམས་པར་བྱས་པས་ཡོན་ཏན་ཀུན། །ཡེ་ཤེས་དེ་ཡི་བདག་ཉིད་དུ། །གསལ་བར་འཆར་བ་སྒོམ་ཡིན་ནོ། །སྤྱོད་པ་ཕ་རོལ་ཕྱིན་པ་དང༌། །སྔགས་ཀྱི་ཀུན་སྤྱོད་གཉིས་སུ་འཆད། །སྔ་མ་རྣམ་ཤེས་ཡུལ་དུ་ནི། །གང་ཤར་ཆོས་རྣམས་ཐམས་ཅད་ལ། །རིགས་པའི་དཔྱད་པ་མ་བཅུག་ཅིང༌། །དེ་ཉིད་དུ་ཡང་འཛིན་མེད་པའི། །ངང་ནས་བྱང་ཆུབ་སེམས་མཆོག་དང༌། །ཕ་རོལ་ཕྱིར་དྲུག་སྤྱོད་པ་དང༌། །སེམས་ཅན་ཡོངས་སུ་སྨིན་པ་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བར་བྱེད། །སྔགས་སུ་རྣམ་ཤེས་ཡུལ་གྱི་ཆོས། །ཐམས་ཅད་མི་དམིགས་བསམས་བྱས་ནས། །ཡེ་ཤེས་ཉིད་ལས་གྲུབ་པ་ཡི། །སྔགས་ཀྱི་སྤྱོད་པས་ཚོགས་གཉིས་རྫོགས། །ས་སྐྱ་པ་ལ་ཆེར་གྲགས་པའི། །ལྟ་བ་འཁོར་འདས་དབྱེར་མེད་ནི། །ཕྱི་དུས་སྣང་སྟོང་ཟུང་འཇུག་ལ། །འཆད་པ་ཡོད་མེད་དེ་མི་འཐད། །དང་པོར་ཡེ་ཤེས་ཚོགས་སོག་ཚེ། །སྣང་བ་བཀག་ནས་སྟོང་ཉིད་ཀྱི། །ཡེ་ཤེས་ཁོ་ན་སྒོམ་པར་བཤད། །སྣང་སྟོང་ཟུང་འབྲེལ་ལྟ་བ་ཡི། །ཡུལ་དུ་འཆད་ལ་སྔོན་གྱི་ཚེ། །སྒྱུ་མ་རིགས་སྒྲུབ་པ་ཞེས་དང༌། །སྤྲོས་བྲལ་མི་གནས་པ་ཞེས་གསུངས། །སྤྱིར་ཡང་སྣང་བ་ཡེ་ཤེས་ཀྱི། །ཡུལ་དུ་མི་དམིགས་པ་དེ་ལ། །ཟུང་དུ་འཇུག་པ་ཞེས་བཤད་ཀྱི། །སྟོང་བཞིན་སྣང་ལ་དེར་མི་འཆད། །མདོར་ན་རྗེ་བཙུན་ས་སྐྱ་པས། །དབང་བཞི་པོ་ཡི་ལྟ་བའི་ཡུལ། །བྲལ་ཆ་ཙམ་ལ་མི་འཆད་ཀྱི། །ཡེ་ཤེས་ཁོ་ནར་བཞེད་པ་ཡིན། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ།།  །།ཤུ་བྷཾ།།  ༄། །སྭསྟི་སིདྡྷཾ། ས་སྐྱ་པ་ལ་ཇོ་ཞལ་ཞེས། །ཡོངས་སུ་གྲགས་པའི་སྲོལ་འབྱེད་བྱོན། །ཀུན་མཁྱེན་ཞེས་པ་དོལ་པོ་བས། །རྣམ་པར་བཤད་པའི་ལྟ་སྒོམ་ལ། །སྔགས་དང་ཕ་རོལ་ཕྱིན་གཞུང་གི །མཐར་ཐུག་ལྟ་བ་གཅིག་ཏུ་ངེས། །གཅིག་པོ་འཁོར་ལོ་གསུམ་པ་ཡི། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དོ། །སྟོང་ཉིད་ངོས་འཛིན་མེད་དགག་ལ། །འཆད་པ་རྩོད་ལྡན་ལུགས་ཡིན་གྱི། །རྫོགས་ལྡན་དབང་བྱས་བཀའ་དང་ནི། །བསྟན་བཅོས་ཀུན་ལས་མ་བཤད་གསུང༌། །དེས་ན་གཞན་སྟོང་ཟབ་མོའི་ཆོས། །བྱམས་པ་ཐོག་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱང་ནི་བཞེད་ངེས་པ། །རྒྱལ་བས་འཁོར་ལོ་གསུམ་པར་བཤད། །འདི་ཉིད་ཐོས་དང་བསམ་པ་ཡིས། །གཏན་ལ་འབེབས་པའི་རིགས་པ་ཡང༌། །ཤེས་རབ་ཕ་རོལ་ཕྱིན་པ་ལས། །གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་དེ་དེས་སྟོང་ཞེས་གསུངས། །ཆོས་དབྱིངས་མིག་སོགས་གནས་ལུགས་ལ། །ཡོད་པ་ཀུན་བཏགས་གཟུགས་སོགས་ཀྱི། །སྟོང་པ་གནས་ལུགས་རང་བཞིན་ཕྱིར། །དེ་དེ་སྟོང་པ་ཞེས་བཤད་དོ། །དེ་དོན་སྒོམ་པས་ཉམས་ལེན་ཚེ། །མཉམ་པར་བཞག་པས་ལ་བཟློ་དང༌། །རྗེས་ཀྱི་ཤེས་པས་ཤན་ཕྱེ་ནས། །ཐ་སྙད་འདོགས་པར་བྱེད་པའོ། །མཉམ་པར་བཞག་ཚེ་ཡོད་མེད་སོགས། །སྤྲོས་པ་ཅིར་ཡང་མི་འཆར་ཞིང༌། །མྱོང་རིག་ཙམ་དུ་གསལ་བ་ནི། །ཕ་རོལ་ཕྱིན་དང་ཐུན་མོང་སྟེ། །རྫོགས་པའི་རིམ་པའི་ཐབས་མཁས་ལས། །སྟོང་པ་ཉིད་ཀྱི་གཟུགས་སྒྲ་སོགས། །གསལ་བའང་ཆོས་ཀྱི་དབྱིངས་ཉིད་ཀྱི། །གཟུགས་དང་སྒྲ་ལ་སོགས་པར་བཞེད། །དེ་ཡི་ཡུལ་ཅན་ཡེ་ཤེས་དང༌། །ཀུན་བཏགས་གཟུགས་སོགས་ཀྱིས་སྟོང་ཕྱིར། །ཡེ་ཤེས་ཉིད་དང་དམ་པའི་དོན། །ཡིན་ནོ་ཞེས་ནི་གསལ་བར་འཆད། །རྗེས་སུ་ཐ་སྙད་བྱེད་པ་ན། །ཀུན་བཏགས་རང་གི་ངོ་བོས་སྟོང༌། །གཞན་དབང་སྒྱུ་མ་ལྟ་བུ་དང༌། །ཡོངས་གྲུབ་དོན་དམ་བདེན་ནོ་ཞེས། །བདེན་དང་བདེན་གྲུབ་ཁྱད་མི་འབྱེད། །ཟླ་བ་གྲགས་པ་སྔོན་གྱི་ཚེ། །རྩོད་ལྡན་པཎྜི་ཏ་ཡིན་ཀྱང༌། །སྔགས་ལ་ཞུགས་པའི་བསྟན་བཅོས་རྣམས། །བརྩོམ་པའི་ཚེ་ན་རྫོགས་ལྡན་ནོ། །ངོ་བོ་ཉིད་མེད་སྨྲ་བ་ཡི། །གཞུང་ནི་དབུ་མ་དངོས་མིན་ཞེས། །དཔྱོད་ཆེན་འདིས་འཆད་སྔོན་གྱི་ཚེ། །བསམ་གཏན་པ་རྣམས་ཕལ་ཆེར་རོ། །སེམས་ཅན་ཐམས་ཅད་གདོད་མ་ནས། །སྟོབས་སོགས་ཡོན་ཏན་ཀུན་ཚང་བའི། །སངས་རྒྱས་ཡིན་ཀྱང་གློ་བུར་གྱི། །དྲི་མ་སྦྱང་ཕྱིར་འབད་དགོས་ཞེས། །བློ་བཟང་འདིས་འཆད་སྔོན་ཚེ་དང༌། །ད་ལྟར་དུས་ཀྱི་བཀའ་རྒྱུད་པར། །གྲགས་པ་ཕལ་ཆེར་དེ་ལྟར་འཆད། །བཤད་རྒྱུད་འཛིན་རྣམས་འདི་ལ་རྟོག །དེ་ཡང་རྔོག་ལོ་ཆེན་པོ་ནི། །རྫོགས་སངས་རྒྱས་ཀྱི་སྙིང་པོ་ལ། །དགོངས་ཏེ་མདོ་ལས་དེ་ལྟར་བཤད། །སྙིང་པོ་དངོས་ནི་སྟོང་ཉིད་གསུང༌། །ས་སྐྱ་པཎ་ཆེན་སངས་རྒྱས་ཀྱི། །སྙིང་པོའང་དགོངས་པ་ཅན་ཡིན་ཏེ། །སྙིང་པོ་དངོས་ནི་རྫོགས་སངས་རྒྱས། །དགོངས་གཞི་སྟོང་པ་ཉིད་ཅེས་གསུངས། །དོལ་པོ་བ་ཡི་བཤད་རྒྱུད་ནི། །ས་སྐྱ་པ་ལས་འོངས་པ་ཡིན། །གཉིས་པ་བུ་སྟོན་རིན་ཆེན་གྲུབ། །བོད་དུ་འགྱུར་བའི་གསུང་རབ་ལ། །འདི་ཡིས་མ་མཁྱེན་ཅི་ཡང་མེད། །དེ་བས་མཁྱེན་པའི་དབང་ཕྱུག་གོ །འདི་པའི་ལྟ་སྒོམ་སྤྱོད་པ་འདི། །ཕ་རོལ་ཕྱིན་གཞུང་འཆད་པའི་ཚེ། །ལྟ་བ་ངོ་བོ་ཉིད་མེད་སྨྲ། །སྒོམ་པས་ཀྱང་ནི་དེ་གོམས་བྱེད། །སྤྱོད་པ་ཕ་རོལ་ཕྱིན་པ་སོགས། །ཚད་ལྡན་གཞུང་ལས་གསུངས་དེ་བཞིན། །སྔགས་ཀྱི་ལྟ་བའི་མྱོང་བྱ་ནི། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དེ། །དེ་ལ་སྤྲོས་པ་འགོག་པ་ཡི། །རིགས་པ་ཀླུ་སྒྲུབ་གཞུང་བཞིན་བཞེད། །སོ་སོར་སྡུད་པའི་མངོན་སུམ་ལ། །བསམ་གཏན་སྔོན་དུ་མ་སོང་ན། །སྟོང་ཉིད་མངོན་སུམ་མ་མཐོང་ཕྱིར། །སྣང་ཆ་ཀུན་རྫོབ་བདེན་ཞེས་འཆད། །བདེ་བར་གཤེགས་པའི་སྙིང་པོ་ཡི། །རྣམ་གཞག་ས་སྐྱ་པཎ་ཆེན་ལྟར། །ལུང་དང་རིགས་པ་དུ་མ་ཡིས། །དགོངས་པ་ཅན་དུ་བཀྲལ་ནས་འཆད། །བདེ་གཤེགས་སྙིང་པོ་སྒྲ་ཇི་བཞིན། །མྱང་འདས་ཆེན་མོར་བཤད་རློམ་མོད། །དེ་ན་ཇི་བཞིན་མིན་པའི་སྒྲར། །བཤད་པ་ཤིན་ཏུ་གསལ་ཞེས་གསུང༌། །གཞུང་ཆེན་ལུང་ནས་མ་གསུངས་པའི། །རྫོགས་ལྡན་རྩོད་ལྡན་རྣམ་གཞག་དང༌། །འཁོར་ལོ་བར་པ་རྩོད་ལྡན་གྱི། །ལུང་དུ་འཆད་པ་འདི་མི་རིགས། །ཐེག་ཆེན་རྒྱུད་བླའི་བསྟན་བཅོས་སུ། །དྲི་མར་བཅས་པའི་དེ་བཞིན་ཉིད། །བྱང་ཆུབ་དངོས་སུ་བཤད་པ་མེད། །ཅེས་སོགས་རྒྱས་པར་གསུངས་པ་ཡིན། །མཁས་པ་འདི་ནི་སྙིགས་དུས་སུ། །གཞུང་ཆེན་འཆད་ལ་བཀའ་དྲིན་ཆེ། །ལེགས་གསུངས་འདུལ་བའི་ཆོས་རྣམས་དང༌། །བསྟན་པའི་ཉིང་ཁུང་གསང་བ་འདུས། །ངོ་མཚར་དུས་ཀྱི་འཁོར་ལོ་ལ། །འདི་བས་རྣམ་བཤད་རྒྱ་ཆེར་བ། །ལེགས་པར་བཤད་པ་དེ་མེད་ན། །ཕལ་ཆེར་མུན་པའི་གླིང་དུ་འཁྱམས། །དེ་ལ་བརྟེན་ནས་མང་པོས་ཀྱང༌། །མྱུར་དུ་གོམས་ནས་འཆད་པར་ནུས། །འདི་ཡི་བཤད་པའི་དགའ་སྟོན་ལ། །ལྟོས་པ་མེད་པར་རྣལ་འབྱོར་རྒྱུད། །དགོངས་འགྲེལ་བཅས་པ་མཐའ་དག་གི །ཡ་མཚན་ལྟད་མོ་མ་ལུས་པ། །སུས་ཀྱང་བལྟ་བར་ནུས་མ་ཡིན། །རང་གཞན་སྟོང་པའི་འཆད་ཚུལ་ཙམ། །ཇོ་ཞལ་རྩོད་པའི་གཞི་མིན་ཏེ། །སྔགས་ཀྱི་ངེས་དོན་བུ་ལུགས་པའང༌། །གཞན་སྟོང་ཉིད་དུ་བཤད་ཕྱིར་རོ།།  །།ཤུ་བྷཾ།།  ༈ །ཨོཾ་སྭསྟི་སིདྡྷཾ། གངས་ཅན་ལྗོངས་སུ་ལུང་དང་ནི། །རིགས་པའི་ཚུལ་ལ་བློ་སྦྱངས་པའི། །བཤད་རྒྱུད་ཚུལ་ལུགས་གཉིས་བྱོན་ཏེ། །ས་རྔོག་ཅེས་བྱར་གྲགས་པའོ། །རྔོག་གི་གཙུག་ལག་ཁང་བཏབ་ནས། །ལོ་གྲངས་བཅུ་བདུན་ཕྲག་གཉིས་ཚེ། །རྒྱལ་བས་ལུང་བསྟན་ལོ་ཆེན་གྱིས། །ལུང་དང་རིགས་པའི་སྲོལ་ཆེན་ཕྱེ། །ལྟ་བ་ཀླུ་སྒྲུབ་ལུགས་བཟང་པོ། །རྣམ་འགྲེལ་མཛད་པའི་རིགས་པ་ཡི། །ཤིང་རྟའི་སྲོལ་ཆེན་དེར་དྲངས་ནས། །སྟོང་ཉིད་བདུད་རྩི་སྟོན་པར་མཛད། །སྒོམ་པ་རྣམ་འགྲེལ་མཛད་པ་ཡི། །རིགས་པས་དྲངས་པའི་སྟོང་པ་ཉིད། །ཨ་ཏི་ཤས་མཛད་དབུ་མ་ཡི། །མན་ངག་ཇི་བཞིན་གོམས་པར་མཛད། །ཚུལ་གསུམ་རྟགས་ལ་མ་བརྟེན་པར། །དངོས་སྨྲའི་ལོག་རྟོག་བཀག་ཙམ་གྱིས། །སྟོང་ཉིད་རྟོགས་པར་མི་བཞེད་ཅིང༌། །སྒྱུ་མ་རིག་སྒྲུབ་ཀྱང་མི་བཞེད། །སྟོང་ཉིད་ཚད་མས་གཞལ་བ་དང༌། །དོན་དམ་བློ་ཡི་ཡུལ་དུ་ཡང༌། །མི་བཞེད་མོད་ཀྱང་ཟླ་གྲགས་ཀྱི། །རིགས་པས་དགག་བྱ་མི་འགོག་ཅིང༌། །ལེགས་ལྡན་འབྱེད་ཀྱི་རིགས་པ་ཡང༌། །ལྷག་ཆོད་གནས་དང་རང་རྒྱུད་ཀྱིས། །བདེན་མེད་བསྒྲུབས་ན་རྟག་ཆད་ཀྱི། །གཡང་དུ་ལྷུང་བར་འགྱུར་ཞེས་བཞེད། །སྤྱོད་པ་མདོ་རྒྱན་བསླབ་བཏུས་དང༌། །སྤྱོད་འཇུག་དགོངས་འགྲེལ་བཅས་དེ་བཞིན། །འབྲས་བུ་ཆོས་སྐུ་མཉམ་རྗེས་དང༌། །གཞན་སྣང་སྤྲུལ་པའི་སྐུ་གསུམ་མོ། །སྔ་མ་ཡེ་ཤེས་སྟོང་ཉིད་དང༌། །རོ་གཅིག་བློ་ཡི་འཇུག་པ་ཞི། །ཕྱི་མ་འཁྲུལ་པའི་སྣང་བ་ཡང༌། །འཆར་མཛད་ལོངས་སྤྱོད་རྫོགས་པའི་སྐུ། །སྤྲུལ་སྐུ་གཞན་སྣང་ཙམ་ཡིན་པར། །མདོ་དང་རྒྱུད་བླར་གསུངས་ཞེས་བཞེད། །རྣམ་འགྲེལ་རྒྱན་དང་བཅས་པ་ཡང༌། །ཀླུ་སྒྲུབ་ལུགས་ཀྱི་དབུ་མ་སྟེ། །གཅིག་དང་དུ་བྲལ་རིགས་པ་ཡིས། །དགག་བྱ་བཀག་ནས་གཉིས་སྟོང་གི །ཡེ་ཤེས་ལྷག་མར་བཞག་པ་དེ། །བྱང་ཆུབ་སེམས་དཔའ་ཞི་བ་འཚོས། །ལེགས་པར་གཏན་ལ་ཕབ་ཅེས་གསུངས། །རྣམ་པར་ངེས་པའི་རྣམ་བཤད་དུ། །གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང༌། །ཇི་བཞིན་ལེགས་པར་མི་གསལ་བ། །ཉིད་ཀྱིས་ལེགས་པར་བཤད་ཅེས་གསུངས། །དེ་ནས་ལུང་དང་རིགས་པ་ཡི། །སྲོལ་ཆེན་འཛིན་པ་བརྒྱུད་མར་བྱོན། །རྔོག་ལོའི་བཤད་སྲོལ་དེ་ཚུགས་ནས། །ལོ་གྲངས་བརྒྱ་དང་བཞི་བཅུ་ལྷག །ལོན་ཚེ་ས་སྐྱ་པཎྜི་ཏས། །ལུང་དང་རིགས་པའི་བཤད་སྲོལ་བཙུགས། །སྔོན་བྱོན་བཤད་རྒྱུད་སྒྲུབ་རྒྱུད་པ། །ཀུན་གྱི་མ་དག་སུན་ཕྱུང་ནས། །ལུང་དང་རིགས་པའི་གནས་རྣམས་དང༌། །སྨིན་གྲོལ་གནས་རྣམས་གསལ་བར་མཛད། །ཁྱད་པར་ཚད་མ་རྣམ་འགྲེལ་གྱི། །ལྟ་བའི་མཐར་ཐུག་རྣམ་བརྫུན་དང༌། །གནས་སྐབས་མདོ་སེམས་གཞུང་ཇི་བཞིན། །བཤད་པས་བསྡུས་པའི་ལུགས་རྣམས་བཀག །རྣམ་བཤད་མཛད་པ་ཕལ་ཆེར་ཡང༌། །སྲོལ་ཆེན་འདི་ལས་མ་བརྒྱུད་པ། །དེང་སང་བར་དུ་གཞན་མེད་ཕྱིར། །ཆོས་འདིའི་དར་མཛད་དེ་ཁོ་ན། །ལྟ་བ་གཏན་ལ་འབེབས་པའི་ཚེ། །གཅིག་དང་དུ་བྲལ་ལ་སོགས་པ། །ཐལ་རང་གཞུང་གི་རིགས་པ་དང༌། །རྣལ་འབྱོར་སྤྱོད་གཞུང་གཉིས་ཀ་བཞེད། །སྣང་བ་སེམས་ཀྱིས་བཟུང་བ་དང༌། །སེམས་སྣང་སྒྱུ་མས་འཛིན་པ་ཁེགས། །སྒྱུ་མ་བརྗོད་བྲལ་ཞེས་བྱ་བ། །ཉམས་སུ་མྱོང་བྱར་བཞེད་པ་ཡིན། །ཆོས་དབྱིངས་དགེ་བ་མིན་ཞེས་པ། །སྒྲོ་འདོགས་བཅད་པའི་སྟོང་ཉིད་སྟེ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང༌། །མདོ་རྒྱུའི་དགེ་བར་འདིས་མི་བཞེད། །མཁས་པ་འདི་བྱོན་སྔ་རོལ་ཏུ། །ཚིག་རྒྱན་སྡེབ་སྦྱོར་མངོན་བརྗོད་སོགས། །རིག་གནས་འགའ་ཞིག་སྔོན་མ་འགྱུར། །དེ་དུས་འདི་ཡིས་དེ་བསྒྱུར་ནས། །པཎ་ཆེན་ཞེས་བྱའི་མཚན་འདིས་ཐོབ། །པཎ་ཆེན་འདི་ཡི་བཀའ་དྲིན་ལས། །ཤོང་དང་དཔང་སོགས་མཁས་མང་པོས། །ཡོངས་རྫོགས་རིག་པའི་གནས་ལྔ་ཡིས། །གངས་ཅན་ལྗོངས་སུ་ཉིན་མོར་མཛད། །དེང་སང་བར་དུ་རྣམ་འགྲེལ་གྱི། །བཤད་རྒྱུན་འདི་ལས་མ་བརྒྱུད་མེད། །བྱམས་པའི་ཆོས་ལྔ་རྔོག་ལོ་ལས། །རིགས་པར་བརྒྱུད་པ་འདི་ཁོ་ན། །འདུལ་མངོན་བཤད་པ་སྔ་དར་གྱི། །བསྟན་པའི་དུས་ནས་མ་ཆད་ཙམ། །འདི་ནི་ཐུབ་བསྟན་གཙུག་ལག་ཁང༌། །རིགས་པར་འདེགས་པའི་ཀ་ཆེན་བཞི། །འདི་ལ་འཕོ་འཆུག་མེད་དེ་སྲིད། །ཕན་བདེའི་འབྱུང་གནས་རིང་དུ་གནས།།  །།ཤུ་བྷཾ།།  ༈ །ཨོཾ་སྭསྟི་སིདྡྷཾ། གངས་ཅན་ལྗོངས་སུ་བསྟན་པ་ཡི། །ཉིན་བྱེད་ཐུན་མཚམས་སུ་གྱུར་ཚེ། །ཤར་ཕྱོགས་བཙོང་ཁའི་དཔྱོད་ཆེན་གྱི། །ཆ་ཤས་རྫོགས་པའི་ཟླ་འོད་ཤར། །ལྟ་སྒོམ་གནས་ལ་སྔོན་རབས་དང༌། །མི་མཐུན་མང་ཡང་སྤྱོད་པའི་གནས། །མདོ་དང་འདུལ་བའི་གཞུང་བཞིན་གསུངས། །མདོ་སྔགས་ཐེག་པ་ཆེ་ཆུང་གི །ལྟ་བའི་མཐར་ཐུག་དབུ་མའི་ལུགས། །དེ་ཡང་དཔལ་ལྡན་ཟླ་བ་ཡི། །གཞུང་ལས་གཞན་ན་མེད་ཅེས་འཆད། །ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པ་ཉིད་ཅེས་བྱ་བའི་དོན། །རང་ཉིད་རང་གིས་སྟོང་པ་ལ། །བཤད་ན་ཆད་པའི་མཐར་ལྷུང་ཕྱིར། །གཟུགས་སོགས་ཆོས་རྣམས་ཀུན་མཁྱེན་གྱི། །ཚད་མས་གཟིགས་པ་གཞིར་བཞག་ནས། །རྟགས་ཀྱི་དགག་བྱ་བདེན་གྲུབ་ལ། །རང་བཞིན་ཞེས་བཤད་དེ་ཡིས་སྟོང༌། །ཆོས་ཀུན་མེད་པའང་མ་ཡིན་ན། །འགལ་ལ་མི་འཁྲུལ་ཚད་མར་འགྱུར། །དེ་ཕྱིར་སྤྲོས་པ་ཞེས་བྱ་བ། །རང་བཞིན་ཉིད་ལས་གཞན་མི་འཆད། །དབུ་མའི་རིགས་པས་བཙལ་བ་ན། །གང་དུ་ཡང་ནི་མ་རྙེད་པ། །དེ་ཉིད་དོན་དམ་དེ་རྟོགས་པའི། །ཤེས་རབ་ལྟ་བ་ཡིན་པར་འདོད། །བདེན་སྒྲུབ་བཙལ་བས་མ་རྙེད་པ། །དེ་ལ་བདེན་མེད་རྙེད་ཅེས་བྱ། །བདེན་མེད་རྙེད་ཀྱང་མ་རྙེད་ཅེས། །བྱ་བ་དེ་ནི་འདིས་མི་བཞེད། །སྒོམ་པ་ཡིད་བྱེད་དང་བྲལ་བ། །རྒྱ་ནག་མཁན་པོའི་ལུགས་ཡིན་ཕྱིར། །བདེན་མེད་ཉིད་དུ་ཞེན་པའི་བློ། །སྒོམ་ལ་དཔྱད་སྒོམ་ཞེས་བྱར་འདོད། །གསལ་སྟོང་ཙམ་ལ་འཛིན་མེད་དུ། །འཇོག་པ་མུ་སྟེགས་ལ་ཡོད་ཕྱིར། །སྔོན་དུས་བོད་ཀྱི་སྒོམ་ཆེན་ལ། །རྨོངས་པའི་གཉེན་པོ་མེད་ཅེས་འཆད། །རིགས་པས་ལན་མང་དཔྱད་གྱུར་ཀྱང༌། །སྒོམ་དུས་ཡིད་བྱེད་དང་བྲལ་ན། །ཞི་གནས་ཙམ་ལས་མ་འདས་ཕྱིར། །སྲིད་པའི་མཐའ་ལས་འགོངས་མི་ནུས། །ལྷག་མཐོང་སོ་སོར་རྟོག་པ་ཡི། །ཤེས་རབ་ཉིད་ལ་བཤད་པའི་ཕྱིར། །རྟོག་དཔྱོད་བྲལ་བའི་ལྷག་མཐོང་ནི། །ཧཱ་ཤང་ལུགས་ལས་གཞན་མིན་གསུངས། །བདེ་གསལ་མི་རྟོག་ཅེས་འདོད་པ། །ཞི་ལྷག་གང་དུའང་མི་རུང་སྟེ། །བསམ་གཏན་གསུམ་པ་ལས་འདས་དང༌། །འདོད་པའི་ཁམས་ན་དེ་མི་སྲིད། །རྣམ་པར་ཤེས་པའི་ཚོགས་ལྔ་ལ། །གང་ཤར་སྟོང་གཟུགས་ཤེས་འདོད་པའང༌། །ཕྱི་བལྟས་ཤེས་པའི་སྣང་ཡུལ་ནི། །ཏིང་འཛིན་ཡུལ་དུ་འཆད་མི་ནུས། །དེ་སོགས་ལྟ་སྒོམ་གསང་སྔགས་ཀྱི། །གནས་རྣམས་རང་གི་རིགས་པ་དང༌། །ལུང་མང་པོ་དང་སྦྱར་བྱས་ནས། །སྔོན་གྱི་ལུགས་གཉིས་འདོར་དགོས་གསུངས། །དེང་དུས་གངས་ཅན་ལྗོངས་འདི་ན། །ཕལ་ཆེར་ལུགས་འདི་དང་དུ་ལེན། །དེ་ལ་སྡང་ཟེར་མང་པོས་ཀྱང༌། །དེ་གཞུང་ཇི་བཞིན་སུན་མ་ཕྱུང༌། །ལྐོག་ཏུ་གྱུར་པའི་སྟོང་པ་ཉིད། །རྟགས་ལ་མ་བརྟེན་མི་རྟོགས་གསུངས། །མན་ངག་ལུགས་དང་མི་མཐུན་ཡང༌། །རྔོག་ལོའི་རྣམ་བཤད་དང་མཐུན་ནོ།།  །།ཤུ་བྷཾ།།  ༈ །ཨོཾ་སྭསྟི་སིདྡྷཾ། ཤར་ཕྱོགས་བཙོང་ཁའི་ལུགས་གསར་དེ། །ཤར་ནས་ལོ་བརྒྱ་ལོན་པའི་ཚེ། །སྔོན་གྱི་ལུགས་གཉིས་འདི་ལྟར་འཆད། །ཆོས་ཅན་ཚད་མས་གྲུབ་པ་དག །ཐ་སྙད་ཙམ་དུ་མ་གྲུབ་པའི། །དགག་བྱས་སྟོང་པ་རང་སྟོང་གི །ཚུལ་ཅི་གཞན་སྟོང་འདོད་ལུགས་ཀྱི། །ཐ་ཤལ་ཙམ་ལས་འདས་པ་མེད། །གདོད་ནས་ཡོད་མ་མྱོང་བ་ཡི། །ཀུན་རྫོབ་བཀག་པས་ཆད་འགྱུར་ན། །ཡེ་ནས་ཡོད་མ་མྱོང་བ་ཡི། །མོ་གཤམ་བུ་ལའང་ཅིས་མི་མཚུངས། །ཚད་མས་གྲུབ་པའི་དོན་འགའ་ཞིག །རིགས་པས་དཔྱད་ཚེ་མ་མཐོང་ན། །སྟོང་ཉིད་དངོས་པོའི་འཇིག་རྒྱུར་ནི། །ཧ་ཅང་ཐལ་བ་ཟླ་བས་འཕངས། །བདེན་མེད་རྣམ་དཔྱད་དུ་བཀག་པས། །བདེན་གྲུབ་ཡོངས་སྤྱོད་ལ་འགྲུབ་ན། །དགག་བྱ་འགོག་ཚུལ་མེད་དགག་ལས། །མ་འདས་ཞེས་པ་ཚིག་ཏུ་ཟད། །རྟེན་འབྲེལ་ཡིན་ན་གྲུབ་དགོས་པ། །འདི་ཡང་ཟླ་བའི་ལུགས་མ་ཡིན། །ཕན་ཚུན་ལྟོས་གྲུབ་མ་གྲུབ་པའི། །དོན་དུ་ཟླ་བས་གསལ་བར་བཤད། །མེད་མཐའ་སེལ་བའི་རིགས་པ་ཡིས། །ཡོད་པར་གྲུབ་དགོས་ཡིན་ན་ནི། །མཐའ་གཉིས་སེལ་བའི་རིགས་པ་ཞེས། །བཤད་པ་འགལ་ལ་མི་འཁྲུལ་འགྱུར། །རིགས་དེས་ཐ་སྙད་དུ་མེད་དང༌། །བདེན་པར་གྲུབ་པ་འགོག་ཟེར་མོད། །འོ་ན་གཉིས་མིན་བཀག་པ་ཡིས། །གཉིས་ཀ་རབ་ཏུ་གྲུབ་པར་འགྱུར། །རང་མཚན་རང་བཞིན་ཞེས་བྱ་བ། །སྟོང་གཞི་ཆོས་ཅན་དུ་བཤད་ཚེ། །ཁྱེད་ཀྱི་ཚད་མས་གྲུབ་མིན་ནམ། །རྟགས་ཀྱི་དགག་བྱ་ཇི་ལྟར་ཡིན། །དགག་བྱར་བཤད་པའི་རང་བཞིན་ནི། །སུ་ཞིག་གི་ནི་རང་བཞིན་ཡིན། །ཆོས་རྣམས་ཀུན་ལ་ཀུན་རྫོབ་དང༌། །དོན་དམ་རང་བཞིན་གཉིས་མ་གཏོགས། །བདེན་གྲུབ་ཅེས་བྱ་གང་གི་ཡང༌། །རང་བཞིན་ཉིད་དུ་བཤད་པ་མེད། །བདེན་གྲུབ་དེའི་རང་བཞིན་ན། །རང་བཞིན་མེད་པ་ཇི་ལྟར་འགྲུབ། །དོན་ལ་རང་བཞིན་མ་ཡིན་ཀྱང༌། །རྟོག་ངོར་རང་བཞིན་ཉིད་ཅེ་ན། །ཆོས་ཅན་ཚད་མས་གྲུབ་པ་ལ། །ནམ་ཡང་ཚད་མས་མི་འགྲུབ་པའི། །རྟོག་པས་སྒྲོ་བཏགས་བཀག་པ་ནི། །སྟོང་པ་ཉིད་ཀྱི་ཐ་ཤལ་ལོ། །བདེན་མེད་ངེས་པའི་སྔ་རོལ་ཏུ། །བདེན་གྲུབ་སྔོན་དུ་ངེས་དགོས་ཤེས། །ཞེས་པ་བཏགས་པའི་དངོས་ལ་སོགས། །སྤྱོད་འཇུག་ལུང་གི་དོན་མིན་ཏེ། །ལྟོས་གྲུབ་མིན་པའི་ཆོས་འགའ་ཡང༌། །མེད་ཕྱིར་བདེན་གྲུབ་བཀག་པའི་ཚེ། །བདེན་མེད་ཀྱང་ནི་ཡོད་མིན་ཞེས། །བྱ་བ་ལུང་གི་དགོངས་པ་ཡིན། །མདོར་ན་ངོ་བོ་ཉིད་མེད་ཀྱི། །སྟོང་ཉིད་འཆད་ཚུལ་ཕྱིས་བྱོན་འདི། །གཞུང་ན་མེད་པ་ལྟ་ཅི་སྨོས། །བོད་རྒན་སུས་ཀྱང་བཤད་པ་མེད། །སྒོམ་པ་ཞི་ལྷག་གཉིས་པོ་ཡི། །ངོས་འཛིན་ཚུལ་ལ་འདིར་དཔྱད་པ། །ཚུལ་མིན་ཡིད་ལ་བྱེད་པ་ཡི། །རྣམ་པར་རྟོག་པ་ཙམ་ཞི་བའི། །གསལ་ཆ་ཞི་གནས་སུ་བཞེད་ན། །ཚུལ་བཞིན་ཡིད་ལ་བྱེད་པ་ཡི། །རྣམ་པར་རྟོག་པའི་གསལ་ཆ་ནི། །བཀག་པ་མིན་པའི་ཞི་གནས་ཀྱང༌། །ཁྱེད་ཀྱིས་འདོད་པས་རྣམ་གཡེང་འགྱུར། །དེ་ཡང་འདོད་ན་ཧྭ་ཤང་གི །ཞི་གནས་ཚུལ་དུ་ཐལ་མིན་ནམ། །དྲན་ཤེས་ངར་དང་མི་ལྡན་པའི། །གསལ་ཆ་བྱིང་བར་ཁྱེད་ཀྱིས་བཤད། །ལྷག་མཐོང་ལྟ་ཅི་ཞིག་ནས་ཀྱང༌། །ཁྱེད་ལ་རྟོག་པར་ཐལ་མིན་ནམ། །མདོ་དང་བསྟན་བཅོས་ལུང་མང་པོས། །ལྷག་མཐོང་རྟོག་པའི་ངོ་བོར་འཆད། །ཁྱེད་ཀྱིས་དྲངས་པའི་ལུང་མང་པོའི། །སྒྲས་ཟིན་བསམ་བྱུང་ཤེས་རབ་སྟེ། །ལྷག་མཐོང་དངོས་ནི་སྒོམ་བྱུང་གི །ཤེས་རབ་ཡིན་པར་ཀུན་གྱིས་བཞེད། །ལྷག་མཐོང་ངོ་བོ་རྟོག་དཔྱོད་ན། །ཞི་ལྷ་ཟུང་འཇུག་ཇི་ལྟར་འཆད། །ཞི་གནས་ཀྱང་ནི་རྟོག་དཔྱོད་ན། །ཞི་གནས་རྒོད་པ་ཉིད་དུ་ཐལ། །དཔྱད་ཚེ་སྒོམ་ཚེ་ཅུང་ཟད་ཅིག །མཉམ་པར་འཇོག་ཅེས་ཁྱེད་ཀྱིས་འདོད། །མཉམ་པར་བཞག་ཚེ་དཔྱོད་པ་ཙམ། །མེད་ན་ཧྭ་ཤང་སྒོམ་དུ་ཐལ། །ཡོད་ན་དཔྱད་སྒོམ་ཁྱད་པར་ཅི། །ཤིང་གཉིས་བསྲེག་པ་ལས་བྱུང་བའི། །མེ་ཡིས་དེ་ཉིད་བསྲེག་པའི་དཔེས། །མཉམ་གཞག་རྟོག་དཔྱོད་བྲལ་བར་བཤད། །མཉམ་པར་བཞག་པའི་ལྷག་མཐོང་ཅི། །མངོན་སུམ་རྟོག་བྲལ་མ་འཁྲུལ་བར། །འཆད་དགོས་མིན་ནམ་མངོན་སུམ་དང༌། །ལྷག་མཐོང་གཞི་མཐུན་གང་ནས་བཙལ། །ཕ་རོལ་ཕྱིན་འདིར་བསམ་བྱུང་གིས། །དཔྱད་པ་སྔོན་དུ་མ་སོང་བའི། །ལྷག་མཐོང་དངོས་གཞི་མི་འདོད་ཕྱིར། །རྒྱུ་ལ་འབྲས་བུའི་མིང་གིས་བཏགས། །དཔེར་ན་སེམས་གནས་ཐབས་དགུ་ལ། །ཞི་གནས་མིང་གིས་བཏགས་དེ་བཞིན། །མདོར་ན་ལྷག་མཐོང་རྣམ་གཉིས་ཏེ། །སོ་སོར་བརྟག་དང་མི་གཡོ་བ། །ཞེས་བྱ་པདྨའི་ངང་ཚུལ་གྱི། །སྒོམ་རིམ་གཞུང་ལས་འབྱུང་བ་ངེས། །གཟུང་འཛིན་གཉིས་སུ་མེད་པ་ཡི། །ཡེ་ཤེས་དམ་པའི་དོན་ཉིད་དུ། །གཞུང་ཆེན་དག་ལས་གསུངས་པའི་ཕྱིར། །དེ་ཉམས་མྱོང་བའི་ལྷག་མཐོང་གིས། །སྒྲིབ་ཀུན་སེལ་བར་རྒྱུད་བླ་དང༌། །རྣལ་འབྱོར་ཆེན་པོའི་གཞུང་ལས་གསུངས། །དེ་ལས་གཞན་ན་འོད་གསལ་དང༌། །རྣམ་ཀུན་མཆོག་ལྡན་ཡོད་མ་ཡིན། །དེ་རྟོགས་བྱེད་པའི་ཐབས་ལ་ནི། །ཕ་རོལ་ཕྱིན་པར་ཐོས་བསམ་དང༌། །སྔགས་སུ་དབང་གི་རིམ་པ་གསུངས། །རྒྱས་པར་གཞན་དུ་བཤད་ལས་ཤེས། །ཞེས་པ་འདི་ནི་ཕྱིས་བྱོན་དང༌། །སྔོན་བྱུང་ལྟ་སྒོམ་ཁྱད་པར་ཏེ། །གང་བདེན་ལུང་རིགས་མན་ངག་དང༌། །ཉམས་ལེན་མཛད་རྣམས་དཔང་པོར་བཞུགས། །ཞེས་པ་ཤཱཀྱ་མཆོག་ལྡན་གྱིས། །བདེན་བརྫུན་ཤན་འབྱེད་ཕྱིར་དུ་སྦྱར།།  །།མངྒ་ལཾ།།  །།ཤུ་བྷཾ།།  །།  ༄༅། །སྒོམ་ཆེན་ཡེ་ཤེས་བཟང་པོའི་དྲིས་ལན་ལྟ་བ་སོ་སོའི་ངོས་འཛིན་ཚུལ་ངེས་དོན་གནད་ཀྱི་ལྡེ་མིག་བཞུགས།།  ན་མོ་བུདྡྷཱ་ཡ། གངས་ཅན་པ་དག་གིས་ལྟ་བ་སོ་སོའི་ངོས་འཛིན། ངེས་དོན་གནད་ཀྱི་ལྡེ་མིག་ཅེས་བྱ་བ། ཐམས་ཅད་མཁྱེན་བ་ལྟ་བ་སྣ་ཚོགས་ཀྱི་ཐིབས་པོ་སེལ་མཛད་ཉིད་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་སུ་ལྟ་བ་ཡི། །ཞལ་འཛིན་སོ་སོར་གང་སྨྲ་བ། །ཀུན་ཀྱང་བདག་མེད་རྟོགས་བློ་ཡིས། །རྨོངས་པའི་མུན་ཆེན་སེལ་བར་མཐུན། །བདག་མེད་པ་དང་དེ་རྟོགས་པའི། །ཐབས་དང་བདག་མེད་རྟོགས་པ་ཡི། །ངོས་འཛིན་དབུ་མའི་གཞུང་ལུགས་དང༌། །རྒྱུད་དང་མན་ངག་དབྱེ་བས་གསུམ། །དང་པོ་འཁོར་ལོ་བར་པ་ཡི། །དགོངས་འགྲེལ་དབྱེ་བས་རྣམ་གཉིས་ཏེ། །རྣལ་འབྱོར་སྤྱོད་པའི་དབུ་མ་དང༌། །ངོ་བོ་གཉིས་མེད་སྨྲ་བའོ། །དང་པོ་འཁོར་ལོ་གསུམ་པ་ཡིས། །ཤེར་ཕྱིན་དགོངས་པ་བཀྲལ་བ་དང༌། །བྱམས་པའི་གཞུང་དང་ཀླུ་སྒྲུབ་ཀྱི། །བསྟོད་པའི་ཚོགས་ཀྱི་དབང་དུ་བྱས། །འདི་ལའང་ཐོས་བསམ་ལྟ་བ་དང༌། །ཉམས་མྱོང་ལྟ་བ་མཐའ་གཅིག་དང༌། །གཉིས་པོ་སོ་སོར་འབྱེད་པ་ཡི། །དབྱེ་བ་རྣམ་པ་གཉིས་སུ་བྱུང༌། །དང་པོ་བྱམས་ཆོས་རྣམ་གསུམ་དང༌། །ཐོགས་མེད་མཆེད་ཀྱི་གཞུང་ཇི་བཞིན། །ཕྱི་མ་མངོན་རྟོགས་རྒྱན་གཞུང་གི །རྗེས་འབྲངས་མ་ལུས་པ་རྣམས་སོ། །དེ་ཡི་ཤེས་བྱེད་མཐའ་བྲལ་གྱི། །རིགས་པས་གཏན་ལ་ཕབ་བྱས་ནས། །སྐྱེ་མེད་གསུམ་གྱི་ཤེས་རྣམ་ཉིད། །ཉམས་སུ་མྱོང་བྱར་བཤད་ལས་ཤེས། །ངོ་བོ་ཉིད་མེད་སྨྲ་བ་ཡི། །རང་གཞུང་ཚུགས་པར་འཆད་བྱེད་ནི། །ལེགས་ལྡན་ཟླ་བ་གྲགས་པ་སྟེ། །གཉིས་པོའི་ལྟ་བ་མཐར་ཐུག་མཐུན། །ཉམས་སུ་མྱོང་བྱའི་སྟོང་ཉིད་ཀྱང༌། །རིགས་པས་གཏན་ལ་གང་ཕབ་པ། །དེ་ལས་གཞན་དུ་མ་བཤད་ཕྱིར། །མེད་པར་དགག་པ་ཁོ་ནའོ། །སློབ་དཔོན་འདི་དག་ཀུན་རྫོབ་ལས། །མ་གཏོགས་ཆོས་གཞན་མི་བཞེད་ལ། །ཀུན་རྫོབ་ཀྱང་ནི་འཁྲུལ་སྣང་ཕྱིར། །མཐར་ཐུག་སྤྲོས་པ་ཀུན་དང་བྲལ། །སྤྲོས་བྲལ་ཐམས་ཅད་མཁྱེན་བློ་ཡི། །སྤྱོད་ཡུལ་ཉིད་དུ་ཁས་བླངས་ན། །ཐམས་ཅད་མཁྱེན་བློ་རྟོག་པའམ། །སྤྲོས་བྲལ་རང་མཚན་ཉིད་དུ་འགྱུར། །ལུགས་འདིར་གཞི་ལམ་འབྲས་བུ་ཡི། །གནས་སྐབས་གསུམ་ཀ་སྟོང་པ་ཉིད། །མེད་པར་དགག་ལས་མ་འདས་ཕྱིར། །རང་རིག་ཡེ་ཤེས་ཁས་མི་ལེན། །དེ་ལྟ་ན་ཡང་ཀུན་རྫོབ་ཀྱི། །སྣང་བ་ཇི་ལྟར་གྲགས་པ་བཞིན། །ཚོགས་བསགས་པ་ལས་འབྲས་དུས་སུ། །གཞན་སྣང་སྐུ་གཉིས་ལྷུན་གྲུབ་བོ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ལ། །རང་སྣང་ཀུན་རྫོབ་མི་འཆར་ཡང༌། །ཀུན་གྱི་གནས་ཚུལ་མཁྱེན་ནས་ནི། །ལུང་སྟོན་ནུས་ཕྱིར་ཐབས་ཅད་མཁྱེན། །མེད་དགག་ནམ་མཁའ་ལྟ་བུ་དེ། །རྟོགས་པའི་ཐབས་ནི་ཐོས་བསམ་དང༌། །མོས་པ་ཡིད་བྱེད་ཀྱིས་གོམས་པ། །དེ་ལས་མཐོང་ལམ་ཡེ་ཤེས་འབྱུང༌། །དེ་ཚེ་སྟོང་ཉིད་མངོན་སུམ་དུ། །རྟོགས་བློ་ལྟ་བར་འཆད་མོད་ཀྱང༌། །ཡུལ་ཅན་སྟོང་ཉིད་དུ་འདྲེས་པས། །མ་མཐོང་བ་ལ་མཐོང་ཞེས་བརྗོད། །ཚད་མ་གཉིས་པས་སྟོང་པ་ཉིད། །རྟོགས་པ་མིན་ཞེས་ལེགས་ལྡན་དང༌། །ཟླ་བའི་རྗེས་འབྲང་གིས་བཤད་པ། །ཐལ་རང་གཞུང་ལུགས་ཀུན་དང་མཐུན། །གཉིས་པ་སྔགས་ཀྱི་རྒྱུད་གཞུང་ནས། །བཤད་པའི་ཉམས་མྱོང་སྟོང་པ་ཉིད། །བྱམས་ཆོས་རྗེས་འབྲང་དང་བཅས་པའི། །གཞུང་དང་མཐུན་པར་འདིར་བཤད་བྱ། །འདི་ལ་རིགས་པས་དཔྱད་པ་ཡི། །སྟོང་ཉིད་སྒོམ་བྱར་མ་བཤད་དེ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཉིད། །གོམས་པས་གཟུང་འཛིན་རྟོག་པ་སེལ། །གཟུང་འཛིན་གཉིས་དང་བྲལ་བ་ཡི། །གདོད་མའི་ཤེས་པ་རྒྱུ་ཡི་རྒྱུད། །འདི་ཉིད་བསྐྱེད་པའི་རིམ་པ་ཡི། །ལྷ་དང་སྔགས་ཀྱི་སྒྲུབ་གཞིར་འཆད། །རྟོགས་བྱའི་ལྟ་བ་འདི་ཉིད་དེ། །དེ་རྟོགས་བྱེད་པའི་ཐབས་མཆོག་ནི། །ཡེ་ཤེས་འབེབས་དང་དབང་བསྐུར་བར། །འདོད་ཀྱི་རིགས་པས་དེ་མ་སྒྲུབ། །གཉིས་མེད་ཡེ་ཤེས་ཉམས་མྱོང་བའི། །རང་རིག་ཡེ་ཤེས་ལྟ་བ་དང༌། །ཐབས་ཀྱི་རྒྱུད་དུ་འཆད་པ་སྟེ། །ཐོག་མར་གང་སྐྱེས་དཔེའི་ཡེ་ཤེས། །གང་སྣང་ཡེ་ཤེས་སུ་འཆར་བ། །ཤེས་རབ་འདི་ལ་སྐྱེད་རིམ་གྱི། །ལྟ་བ་ཞེས་དང་འཁོར་འདས་གཉིས། །ཟུང་དུ་འཇུག་པ་ཞེས་བྱར་བཤད། །འདི་ཡི་རྟོགས་བྱེད་གསང་སྔགས་སུ། །བུམ་དབང་འཁོར་དང་བཅས་ཡིན་ཕྱིར། །དབང་གི་ལྟ་བར་བཤད་མོད་ཀྱང༌། །ཕར་ཕྱིན་པ་ལའང་དེ་མེད་མིན། །བུམ་དབང་ལས་ཐོབ་ཡེ་ཤེས་དེ། །ཚེ་འདི་ཉིད་ལ་ཟུང་འཇུག་སྐུར། །སྒྲུབ་བྱེད་རང་བྱིན་རླབས་པ་ཡི། །རིམ་པ་སྒོམ་པ་རྫོགས་རིམ་མོ། །རྟོགས་བྱ་ལྷན་སྐྱེས་ཡེ་ཤེས་ནི། །མངོན་སུམ་རྟོགས་བྱེད་རང་བྱིན་རླབས། །ཡིན་གྱི་གཞན་ལ་དེ་མེད་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །དབང་བསྐུར་རྣམ་པ་བཞི་པོ་ཡང༌། །ལྷན་སྐྱེས་ཡེ་ཤེས་གཅིག་པུ་ཉིད། །རྟོགས་པའི་ཐབས་སུ་ཁྱད་མེད་ཅིང༌། །རྟོགས་བློའང་ལྟ་བར་མཚུངས་མོད་ཀྱང༌། །སྐྱེད་རིམ་དུས་སུ་ཡེ་ཤེས་ཉིད། །ལྷར་སྒོམ་པ་དང་རྫོགས་རིམ་དུ། །ལྷ་ཉིད་ཡེ་ཤེས་སུ་སྒོམ་པའི། །དབྱེ་བས་རིམ་གཉིས་སྒོམ་ཚུལ་ཤེས། །རྟོགས་བྱ་འཁོར་འདས་དབྱེར་མེད་ཉིད། །རྟོགས་བྱེད་དབང་བསྐུར་རིམ་པ་ཡི། །དབང་བཞི་པོ་དང་རྗེས་འབྲེལ་བའི། །ལྟ་བ་སོ་སོར་བཤད་པ་ཙམ། །ཕར་ཕྱིན་ཐེག་པའི་སྤྲོས་བྲལ་དང༌། །གཟུང་འཛིན་གཉིས་མེད་ཡེ་ཤེས་ལས། །ལྷག་པའི་ལྷ་ཡུལ་འདིར་མི་འཆད། །རྟོགས་བྱེད་ཁྱད་འཕགས་བདེ་བ་ཆེ། །གསུམ་པ་གངས་ཅན་འདིར་གྲགས་པའི། །མན་ངག་ལུགས་མང་སྣང་འགྱུར་པ། །རྫོགས་དང་ཕྱག་རྒྱ་ཆེ་ཞི་བྱེད། །ལམ་འབྲས་རིམ་ལྔ་སྦྱོར་དྲུག་སོགས། །རང་རང་ལྟ་བའི་ཞལ་འཛིན་ནི། །སོ་སོར་འཆད་པ་འདི་ལྟ་སྟེ། །རྫོགས་ཆེན་ཐེག་པ་རིམ་དགུའི་རྩེ། །འདི་དང་མཉམ་པ་གཞན་ན་མེད། །དེ་རྟོགས་པ་ཡི་ཐབས་མཆོག་ནི། །རང་གི་མན་ངག་ལས་འབྱུང་གསུངས། །ཕྱག་རྒྱ་ཆེན་པོ་ལྟ་བ་ལ། །ཆེན་པོ་གསུམ་གྱིས་མ་རེག་པས། །ཀུན་ལས་ཁྱད་འཕགས་དེ་རྟོགས་པའི། །ཐབས་ནི་བླ་མའི་མོས་གུས་སོ། །སྡུག་བསྔལ་རབ་ཏུ་ཞི་བྱེད་ཀྱི། །ལྟ་བ་དབུ་མ་ལ་མེད་ཅིང༌། །རྟོགས་པའི་ཐབས་ནི་བླ་མ་ཡིས། །སེམས་ངོ་སྤྲོད་པ་ཡིན་ཞེས་གསུངས། །ལམ་འབྲས་པ་རྣམས་གཞན་གསུམ་པོའི། །ལྟ་བ་ཕར་ཕྱིན་ལས་མ་འདས། །དེ་ལ་དབང་དང་རྗེས་འབྲེལ་བའི། །ལྟ་གྲུབ་རྣམ་པ་བརྒྱད་ཡོད་གསུངས། །རྣལ་འབྱོར་ཡན་ལག་དྲུག་པ་བ། །ཁ་གཅིག་སོ་སོར་བསྡུས་པ་ཡི། །སྟོང་པ་ཉིད་ཀྱི་གཟུགས་མཐོང་བ། །དེ་ཉིད་ལྟ་བ་མཆོག་ཏུ་བཞེད། །རིམ་ལྔ་པ་ཡི་འོད་གསལ་གྱི། །ངོས་འཛིན་གངས་ཅན་ཕྱི་རབས་པ། །དབུ་མ་ཐལ་འགྱུར་དུ་སྨྲ་བའི། །ལུགས་ལས་གཞན་དུ་ཡོད་མ་ཡིན། །གཞན་ཡང་དབུ་མའི་རིགས་པ་ཡིས། །མ་དཔྱད་སྟོང་ཉིད་གོ་ཆོད་པོ། །གང་ནའང་ཡོད་མིན་ཐོས་བསམ་གྱིས། །རིགས་པས་ཕུ་ཐག་ཆོད་པར་བྱོས། །དེ་ལྟ་མིན་ན་ཧྭ་ཤང་གི །ལྟ་བ་ཉིད་ལས་མ་འདས་པས། །མཁས་པ་པདྨའི་ངང་ཚུལ་གྱི། །ཕྱོགས་སྔར་བརྟགས་པ་དེ་ཡིན་ཟེར། །དེ་དག་རྣམས་ལ་གཟུ་བོའི་བློས། །ཡིན་པ་བཞིན་དུ་བསམ་བྱ་བ། །ཞི་ཕྱག་རྫོགས་པ་རྣམ་གསུམ་གྱི། །ལྟ་བའི་ཡུལ་ནི་གཅིག་ཏུ་ངེས། །གཅིག་པུ་རང་སེམས་འོད་གསལ་བ། །གདོད་མ་ཉིད་ནས་གློ་བུར་གྱི། །དྲི་མས་གོས་པ་མེད་དེར་འཆད། །འདི་ནི་མདོ་རྒྱུད་ཀུན་དང་མཐུན། །དེ་རྟོགས་པ་ཡི་ཤེས་རབ་ནི། །ལྟ་བ་ཡིན་ཏེ་མདོ་རྒྱུད་ལས། །སོ་སོར་རང་རིག་ཡེ་ཤེས་དང༌། །རྣམ་ཀུན་མཆོག་ལྡན་ཉིད་དུ་བཤད། །རྟོགས་བྱེད་ཐབས་ལ་ས་སྐྱ་པས། །དཔྱད་པ་འགའ་ཞིག་མཛད་པ་དང༌། །གཞན་གྱིས་ཀྱང་ནི་དཔྱོད་པའོ། །དང་པོ་ལྷན་སྐྱེས་ཡེ་ཤེས་དེ། །རྟོགས་བྱེད་ཕ་རོལ་ཕྱིན་པ་དང༌། །གསང་སྔགས་གང་གི་ལུགས་སུ་བྱེད། །གཉིས་ཀ་མིན་ན་བླུན་པོ་ཡི། །ཞི་ཕྱག་རྫོགས་གསུམ་བསྒོམ་པར་སོང༌། །ཕ་རོལ་ཕྱིན་པའི་ལུགས་བྱེད་ན། །ཐོས་བསམ་རིགས་པ་སྔོན་འགྲོ་དགོས། །གསང་སྔགས་ཡིན་ན་དབང་བསྐུར་དང༌། །རྗེས་སུ་འབྲེལ་བ་དགོས་ཞེས་གསུངས། །དེ་ལ་སྔ་མས་ལན་འདེབས་པ། །སྔོན་གྱི་བག་ཆགས་བཟང་པོ་དང༌། །བླ་མའི་བྱིན་རླབས་ཙམ་གྱིས་ནི། །ཟུང་འཇུག་ཕྱག་རྒྱ་ཆེ་རྟོགས་པ། །གཞུང་དང་མཐུན་ནམ་མི་མཐུན་ཀྱང༌། །རང་གི་ཉམས་མྱོང་ཚད་མས་གྲུབ། །མན་ངག་མཆོག་གི་ལུགས་ཡིན་ནོ། །ཞེས་གསུངས་གཞན་གྱི་དཔྱད་པ་ནི། །དཔྱད་པ་སྔོན་དུ་མ་སོང་བར། །མྱོང་རིག་ཙམ་ལ་སེམས་འཇོག་པ། །དེ་ནི་ཞི་གནས་སྟེངས་པོ་སྟེ། །ཉོན་མོངས་གཉེན་པོར་མི་འགྲོ་ཟེར། །དེ་ལ་ཁོ་བོས་ལན་གདབ་པ། །དེ་ལྟར་ཡིན་ན་བདེ་མཆོག་དང༌། །གསང་བ་འདུས་པའི་འོད་གསལ་གྱི། །རིམ་པའང་དེ་ཉིད་དུ་འགྱུར་ཏེ། །དེ་སྐབས་དཔྱད་པ་མེད་ཕྱིར་རོ། །དེས་ན་རང་སེམས་འོད་གསལ་བ། །འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །འདི་ཡི་རྟོགས་པ་གོང་འཕེལ་ན། །རྨོངས་ཆེན་གུད་དུ་ལུས་པ་མེད། །ལམ་འབྲས་ལས་གསུངས་ལྟ་བ་ནི། །ལྟ་ཡུལ་ཉིད་ཡིན་དེ་རྟོགས་པའི། །ལྟ་བ་དངོས་ལ་གྲུབ་མཐར་བཤད། །སྐབས་འདི་སྣང་བ་སེམས་སོ་ཞེས། །མན་ངག་པ་ཀུན་མཐུན་མོད་ཀྱི། །གཞུང་བཞིན་འཆད་ན་སེམས་ཙམ་པའི། །ལུགས་ལས་གོང་དུ་འདས་པ་མེད། །མན་ངག་ལུགས་བཞིན་འདིར་བཤད་ན། །གཞི་དུས་འོད་གསལ་བ་ཡི་སེམས། །སྒྱུ་མའི་སྣང་བར་བཤད་པ་ལ། །གསལ་བ་ཞེས་ནི་བརྗོད་པ་ཡིན། །ཇི་ལྟར་སྣང་བ་དེར་མེད་པ། །དེ་ལ་སྟོང་པ་ཞེས་སུ་བརྗོད། །ཟུང་དུ་འཇུག་ལའང་དེ་ཉིད་དེ། །མདོར་ན་རང་སྟོང་ལྷད་མེད་ལ། །ཟུང་འཇུག་ཞེས་བྱའི་ཐ་སྙད་མེད། །ཟུང་འཇུག་གཞན་སྟོང་ལུགས་ལས་འབྱུང༌། །རིམ་ལྔ་པ་ཡི་འོད་གསལ་ཡང༌། །རང་སྟོང་གཞུང་བཞིན་འཆད་མི་ནུས། །སེམས་ཀྱི་རྡོ་རྗེ་གང་ཡིན་པ། །དེ་ལ་ངེས་པའི་དོན་དུ་བཤད། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བ་གང་ཐོབ་པ། །དེས་ནི་ལུས་ཅན་ཐམས་ཅད་ཀྱི། །རང་རིག་རང་གསལ་དེ་གོམས་ནས། །བསོད་ནམས་ཚོགས་དང་ཡེ་ཤེས་ཀྱི། །ཁང་བཟང་ཉམས་དགའ་དེ་བཟུང་ནས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །རྒྱལ་མཚན་མཐོན་པོ་འཛིན་བྱེད་ཤོག །ཅེས་པ་འདི་ནི་སྦས་ཡུལ་གྱི། །སྒོམ་ཆེན་ཡེ་ཤེས་བཟང་པོ་དེས། །དྲིས་ནས་མཆོག་ལྡན་ལེགས་པའི་བློས། །ལྕག་མོ་ཕག་གི་ལོ་ལ་སྦྱར།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*