ལས་བརྒྱ་རྩ་གཅིག་གི་དཀའ་གནས་སོ་སོའི་དོན་གསལ་བར་བྱེད་པའི་བསྟན་བཅོས། ཀ༽

༼ཟ༽༄༅། །ལས་བརྒྱ་རྩ་གཅིག་གི་དཀའ་གནས་སོ་སོའི་དོན་གསལ་བར་བྱེད་པའི་བསྟན་བཅོས་ཟླ་བའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

སྭསྟི། སྟོན་པ་ཐུགས་རྗེ་ཅན་དེའི་བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བའི་སྙིང་པོ་ལག་ལེན་གྱི་ཆོ་ག་ཉེར་མཁོ་ལུང་བཞིན་བསྡུས་པ། །མཚམས་སྦྱོར་ལེགས་པར་བཤད་པའི་བ་དན་དཀར་པོའི་རྔ་དབྱངས་ཀྱི་ཕྲེང་བ་ཞེས་བྱ་བ། །ཐུགས་རྗེའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཉིད་ལ་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་ཞི་བའི་དགོན་པར་འཇུག་ལ་མངོན་དགའི་སྐལ་བཟངས་སློབ་མའི་བསོད་ནམས་ལྗོན་པ་རྒྱས་པའི་ནགས་ཀྱི་ནང་ཞིག་ན། །མཆོག་ཚོགས་འདུས་པའི་ལས་ཀྱི་ལུས་སྟོབས་རབ་གྲིམས་བྱུང་དང་བཅས་པའི་རལ་པ་འཐུག་པོའི་ཁུར་ཆེན་གྱིས་བརྗིད་ཅིང༌། །རྗེས་བཅས་མུ་དགུའི་སྦར་ཁྱིམ་བསྒྲད་པས་ཉེས་པའི་གླང་ཆེན་ཕམ་བྱེད་གནང་དང་བཀག་པའི་སྤྱན་ཟུང་རིང་དུ་གཟིགས་པ་ཡི། །རྗེས་འཇུག་རི་དྭགས་སྐྱོང་མཛད་སྟོན་པ་དཔའ་བོ་ཁྱོད་ནི་ཆོས་འདུལ་སེང་གེའི་གཟུགས་སུ་བཞུགས་ཀྱི་དྭང་བས་ཕྱག་བགྱིའོ། །ཕན་དགོངས་ཐུགས་རྗེ་ལྡན་པའི་བཅོམ་ལྡན་འདས། །ཁྱོད་གཞུང་གྲུ་ཆེན་ལེགས་པར་བཅས་ནས་ནི། །ཉེས་པའི་རྒྱ་མཚོ་རིངས་པར་བརྒལ་འདོད་པས། །ལག་ལེན་བ་དན་དཀར་པོ་བསྒྲེང་བ་དང༌། །ངོ་མཚར་གནང་བཀག་རླབས་ཕྲེང་ཉེར་སྤེལ་བའི། །རྣམ་གྲོལ་ཡིད་བཞིན་རྒྱ་མཚོའི་ཁ་དོག་ལ། །ཁྲིམས་ལྡན་དྷརྨ་ཡོངས་ནི་མ་འཇིགས་ཞེས། །འཇིགས་མེད་རྔ་དབྱངས་སྒྲོགས་ལ་སྤྲོ་བ་སྐྱེས། །དེ་ལྟར་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་གང་བཤད་པར་བྱ་བའི་ཆོས་ནི། འདུལ་བའི་ལུང་གཞི་དང༌། དགེ་སློང་ཕའི་རྣམ་པར་འབྱེད་པ་ནས་གསུངས་པའི་ལས་ཀྱི་ཆོ་ག་རྣམས་སོ། །ཇི་ལྟར་བཤད་པ་ནི་ས་གསུམ་པ་འོད་བྱེད་པ་བརྙེས་ཤིང་གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ལ་ཞལ་ཐོན་དུ་མཛད་པའི་འཕགས་པ་ཡོན་ཏན་འོད་ཀྱིས་མཛད་པའི་གཞུང་མདོ་རྩ་བ་དང་ལས་བརྒྱ་རྩ་གཅིག་པ་ཇི་ལྟ་བ་བཞིན་དུའོ། །དུས་ནམ་གྱི་ཚེ་བཤད་པ་ནི། ལས་ཀྱི་ཆོ་ག་ཚེགས་ཆུང་ཞིང་ཕན་ཡོན་ཆེ་བ་དག་ཀྱང་སྒྲུབ་དཀའ་བར་བཟུང་ནས། ཕྱག་ལེན་དུ་མ་བཀལ་བས་ལས་ཀྱི་ཆོ་ག་ཕལ་ཆེ་བ་ཉམས་པར་གྱུར་པ་དིང་སང་གི་དུས་སུའོ། །འདི་ལ་གསུམ་སྟེ། སྤྱི་དོན་གྱི་སྒོ་ནས་དོན་གྱི་ཁོག་ཕུབ་ཅིང་ཡིད་ཆེས་པའི་ལུང་དང་སྦྱར། ལག་ལེན་གཞུང་ཇི་ལྟ་བ་བཞིན་དུ་བརྗོད་ནས་མཐའ་དཔྱོད་ཀྱི་རིགས་པ་བཤད། དེ་ལྟར་བསྟན་པའི་ཕན་ཡོན་ལུང་དང་སྦྱར་བས་འཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། དགོས་པའི་དོན་བསྡུས་པའི་དོན་ཚིག་གི་དོན་དང་པོ་ལ་འཆད་པར་འགྱུར་བའི་རབ་ཏུ་བྱེད་པ་འདིའི་དགོས་པ་ནི། རྣ་བར་སྙན་ཅིང་འཇུག་ངོགས་བདེ་བའི་ཚིག་ཉུང་ངུས་ལས་ཀྱི་ཆོ་གའི་དོན་རགས་པ་བདེ་བླག་ཏུ་རྟོགས་པ་དང༌། རྟོགས་པ་བཞིན་དུ་ལག་ལེན་དུ་བཀལ་བས་འདུལ་བའི་བསྟན་པ་མི་ཉམས་ཤིང་འཕེལ་བའོ། །གཉིས་པ་ལ་ལས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་སྟེ། དགེ་འདུན་གྱི་ལས་དང༌། དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་དང༌། གང་ཟག་རྐྱང་པ་ཅན་གྱི་ལས་སོ། །དང་པོ་ལ་སྡོམ་ནི། སློབ་དཔོན་ཉིད་ཀྱི་ཞལ་ནས། གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང༌། །ཆོས་གོས་སྲ་རྐྱང་གཏད་པ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁ་སྦུབ་བྱ་བ་དང༌། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གསུམ་པོ་དང༌། །མི་འབྲལ་སྨྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབས་པར་བྱེད་པ་དང༌། །རུང་བའི་ས་གཞི་བརྐོ་བ་དང༌། །སྲ་རྐྱང་དང་ནི་དེ་གདིང་དང༌། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་སྐོ་ལ་སོགས་པ་དང༌། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་བྲིམ་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟན་པ་དང༌། །གླེང་དང་འབྲལ་བར་མི་འགྱུར་དང༌། །སྟན་དང་ལྷུང་བཟེད་འབྲིམ་པ་དང༌། །མ་དད་གོ་བར་བྱ་བ་དང༌། །སྟོན་པ་དང་ནི་ནགས་ཉུལ་དང༌། །ཕྱག་མི་བྱ་དང་མང་ཕྱིར་དང༌། །འཁར་བ་དྲྭ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་བྱིན་དང་ཉེར་གནས་དང༌། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དག །བརྒྱད་དང་དྲན་དང་མ་མྱོས་དང༌། །དེ་ཉིད་ཚོལ་དུ་གཞུག་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག གསོལ་དང་བཞིའི་ལས་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ལ། སྡོམ་ནི། འདིར་སྨྲས་པ། དྲིས་ལན་ཞུ་ལན་གསོལ་བ་གདབ། །བྱིན་བརླབ་བརྗོད་དང་བཞམས་ཏེ་བསྒོ། །དབུལ་དང་ལེན་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་དགག་དབྱེ་དང༌། །གསོ་སྦྱོང་གོ་བྱ་སྲ་བརྐྱང་གདིང༌། །བསྡིགས་པ་གཟེང་བསྟོད་གཏོང་དང་ལེན། །བྲིམ་དང་བསྟབས་དང་བཅུ་དྲུག་གོ །གསུམ་པ་གང་ཟག་རྐྱང་པའི་ལས་ཀྱི་རབ་ཏུ་དབྱེ་བ་ལ། སྡོམ་ནི། དྲིས་ལན་བྱིན་བླང་ཞུ་ལན་དང༌། །གསོལ་གདབ་བྱིན་བརླབས་བརྗོད་དང་བསྒོ། །འབུལ་དང་ལེན་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་བཟོད་གསོལ་དང༌། །གོ་བྱ་གདོན་དང་བཅུ་གསུམ་མོ། །ཞེས་སྨྲས་པ་ཡིན་ནོ། །གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། ལས་ཀྱི་རྐང་གྲངས་ངོས་བཟུང་སྟེ་མདོར་བསྟན་པ་དང༌། ལས་ཇི་ལྟར་འཆགས་པའི་ཚུལ་བསྟན་ཏེ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། སྡོམ་དང་པོའི་དང༌། གཉིས་པའི་དང༌། སྡོམ་གསུམ་པ་ནས་བཤད་པའི་ལས་ཀྱི་རྐང་གྲངས་ངོས་བཟུང་བའོ། །དང་པོ་ལ་གསུམ་ལས། གསོལ་བ་འབའ་ཞིག་པ་ལས་ཉེར་བཞི་ནི། གསང་སྟོན་བསྐོ་བའི་གསོལ་བ་འབའ་ཞིག་པའི་ལས་དང༌། བསྙེན་པར་རྫོགས་འདོད་དང༌། དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཆེད་དུ་གསོལ་བ་འབའ་ཞིག་པའི་ལས་བྱེད་པ་དང༌། གསོ་སྦྱོང་གི་ལས་གསོལ་བ་འབའ་ཞིག་པའི་ལས་དང༌། གསོ་སྦྱོང་དེ་ལ་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པ་ཡིན་པ་དང༌། ལྟུང་བ་དེ་ལ་ཡིད་གཉིས་སུ་གྱུར་པ་དང༌། ལྟུང་བ་དེ་ལ་རྩོད་པ་དང་ལྟུང་བ་ཉིད་ངེས་པ་མ་ཡིན་པར་གྱུར་པའི་ཚེ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱ་བ་དང༌། དེ་བཞིན་དུ་དགག་དབྱེ་ལའང་ལྔ་སྟེ། འདིས་ལས་ལྔ་བསྟན་པ་ཡིན་ནོ། །དབྱར་ཟླ་འབྲིང་པོ་དང༌། ཐ་ཆུང་གི་ཚེས་བཅོ་ལྔའི་ཉིན་ཚུལ་ཤིང་བླང་བ་དང༌། དབྱར་གནས་པར་ཁས་བླངས་པའི་ཆེད་དུ་གསོལ་བ་འབའ་ཞིག་པའི་ལས་གཅིག་དང༌། ཤི་བའི་རྫས་དང༌། ནོར་འདྲ་བ་བྱིན་གྱིས་བརླབ་པའི་ལས་གཉིས་ཡོད་ཀྱང་གཅིག་ཏུ་བགྲང་བ་དང༌། སྲ་རྐྱང་འདིངས་པའི་དགེ་སློང་ལ་སྲ་རྐྱང་གཏད་པ་དང༌། གྱད་བུའི་ནོར་ལྟ་བུ་ཆོས་གོས་གསུམ་ངན་པར་གྱུར་པ་ལ་དགེ་འདུན་གྱིས་རས་ཡུག་ཆེན་བྱིན་པའི་གསོལ་བ་འབའ་ཞིག་པའི་ལས་གཉིས་པོ་གཅིག་ཏུ་བགྲང་བ་དང༌། གནས་ངན་ལེན་བརྗོད་པའི་དགེ་སློང་བསྐོ་བའི་དུས་སུ་མི་སྤྲོ་ན་གསོལ་བ་འབའ་ཞིག་པའི་ལས་ཀྱིས་མཐུན་པར་བྱས་པ་དང༌། གང་ཟག་བཅུ་གཉིས་པོ་རྣམས་ལ་ངོར་འཕྱ་བ་དང༌། གཞོག་འཕྱས་བྱེད་པ་དང༌། བསྒོ་བ་རྣ་ལ་གཟོན་པ་དང༌། ཅང་མི་སྨྲ་བར་རྣ་ལ་གཟོན་པ་སྟེ་བཞི་པོ་ལ་ངན་པའི་གྲངས་སུ་གཞུག་པའི་ལས་བཞི་དང༌། ཁྱིམ་བདག་སེང་གེ་ལྟ་བུ་ལོངས་སྤྱོད་འགྲིབས་པ་ལ་དེའི་ཁྱིམ་ནས་ཟན་མི་ཟ་བའི་བསླབ་པའི་སྡོམ་པ་བྱིན་པ་དང༌། དེ་གཞིག་པའི་ལས་དང༌། ཁྱིམ་པས་དགེ་འདུན་ལ་ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པ་ལ་ལྷུང་བཟེད་ཁ་དབུབ་པའི་ལས་དང༌། དེ་ཉིད་བཟློག་པར་བྱ་བའི་གསོལ་བ་འབའ་ཞིག་པའི་ལས་རྣམས་སོ། །འདིར་གསོལ་བ་འབའ་ཞིག་པ་ལ་ལས་སུ་བཤད་པ་རྣམས་ནི་ལས་བཏགས་པ་བ་ཡིན་གྱི་ལས་དངོས་མ་ཡིན་ནོ། །ལུང་དང་ལས་བརྒྱ་རྩ་ལས། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། ཞེས་བརྗོད་པ་ཁོ་ན་ལ་ལས་སུ་བཤད་པའི་ཕྱིར་དང༌། ལུང་མ་མོ་ལས། བསྙེན་རྫོགས་ཀྱི་མངོན་དུ་གྱུར་པ་བཅུ་འཆད་པའི་སྐབས་སུ། གསོལ་དང་ལས་ནི་མངོན་སུམ་མོ། །ཞེས་གསོལ་བ་དང་ལས་མངོན་དུ་གྱུར་པ་སོ་སོར་ཕྱེ་བའི་ཕྱིར། ཁ་ཅིག་དེའི་སྐབས་ཀྱི་གསོལ་བ་དེ། གསོལ་གདབ་མངོན་དུ་གྱུར་པ་ལ་བྱེད་པ་མི་འཐད་དེ། དེ་ལྟ་ན་སྔགས་ཆོག་ལས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། ཞེས་པའི་སྒྲ་དེ་ཡང༌། གསོལ་གདབ་ལ་སྙེག་དགོས་ལ་དེ་ལྟ་ན་གསོལ་གདབ་མེད་པའི་གསོལ་བ་འབའ་ཞིག་པ་རྣམས་ལ། གསོལ་དེ་ཞེས་པའི་སྔགས་ཚིག་ལ་སྙེག་པ་མེད་པར་འགྱུར་རོ། །མདོ་རྩ་བ་ལས་ཀྱང༌། གསོལ་བ་ནི་བཟློག་པ་འདྲའོ། །ཞེས་དང༌། དེའི་འགྲེལ་པར་ཡང༌། གསོལ་བ་ནི་བཟློག་པའི་ཐབས་ཙམ་ཡིན་གྱི་བཟློག་ཚུལ་དངོས་མ་ཡིན་པར་བཤད་པས་ཀྱང་གསོལ་བ་ལས་མ་ཡིན་པར་གྲུབ་བོ། །ཞེས་སྟོད་འདུལ་བ་རྣམས་གསུང་ངོ༌། །ཡང་ན། གསོལ་བ་འབའ་ཞིག་པའི་ཚེ་ན། གསོལ་བ་ཉིད་ལ་ལས་སུ་བཤད་པ་དང༌། གསོལ་བ་བརྗོད་པ་དང་བཅས་པའི་ཚེ། བརྗོད་པ་ཁོ་ན་ལས་སུ་བཤད་པའི་ཁྱད་པར་ཕྱེད་དགོས་པ་འདྲའོ། །གཉིས་པ་གསོལ་གཉིས་ཀྱི་ལས་ཞེ་བདུན་གྱི་རྐང་གྲངས་ངོས་བཟུང་བ་ནི། གནས་དང་ཞེས་པས་ལས་གཅིག་བསྟན་ཏེ་གསོ་སྦྱོང་གི་གནས་ལ་བློ་མཐུན་བྱ་བའི་གསོལ་གཉིས་ཀྱི་ལས་སོ། །འདིར་མཁྱེན་རབ་དབང་ཕྱུག་བུ་སྟོན་ལ་སོགས་པ་ཁ་ཅིག འདིས་མཚོན་ནས་བསྙེན་རྫོགས་ཀྱི་གནས་ལ་སོགས་པ་ལ་བློ་མཐུན་གྱི་ཆོ་ག་སྦྱར་ནས་ལག་ལེན་དུ་མཛད་པ་ནི། འཐད་པར་མ་མཐོང་སྟེ། ལུང་བཞི་དང༌། མདོ་རྩ་བ་དང༌། ལས་བརྒྱ་རྩ་གསུམ་ཅར་ལས། བསྙེན་རྫོགས་ཀྱི་སྐབས་སུ་གནས་ལ་བློ་མཐུན་བཤད་པ་མེད་པའི་ཕྱིར་དང༌། གསོ་སྦྱོང་མ་གཏོགས་པའི་ལས་གང་ལ་ཡང་གནས་ཀྱི་བློ་མཐུན་མ་བཤད་པའི་ཕྱིར། ཅི་སྟེ་མདོ་རྩ་བར། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་གསུངས་པས། ལས་གཞན་གྱི་གནས་ལ་བློ་མཐུན་བསྟན་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། གཞུང་དེས་ནི། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱས་པའི་གནས་དེར་ལས་གཞན་བྱེད་དུ་མི་རུང་ངམ་སྙམ་པའི་དོགས་པ་བཀག་པ་ཙམ་ཡིན་པའི་ཕྱིར་ཏེ་རྒྱ་ཆེར་འགྲེལ་པར། གསོ་སྦྱོང་གི་གནས་ཞེས་སྨོས་པས་དགག་དབྱེ་ལ་སོགས་པའི་ལས་གཞན་ནི་དེར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ་གསོ་སྦྱོང་གི་གཞི་ལས་དེ་བཅས་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་གསུངས་པས་སོ། །དེ་ལྟར་ན་གསོ་སྦྱོང་མ་གཏོགས་པའི་ལས་གཞན་གྱི་གནས་ཀྱི་བློ་མཐུན་བྱེད་དགོས་པར་སྟོན་པའི་གཞུང་དང༌། སྔགས་ཆོག་རྙེད་ན་ཕྱིན་ཆད་བློ་དང་ལྡན་པ་དག་གིས་སྟོན་དགོས་པས་སོ། །འདིར་འབྲི་ཁུང་འདུལ་འཛིན་གྱི་ཞལ་སྔ་ནས། སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ་མ་བྱས་པ་ཡིན་ན་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པའི་ལས་མ་གཏོགས་པ་ལས་གཞན་ཐམས་ཅད་ལ་གནས་ལ་བློ་མཐུན་ངེས་པར་དགོས་སོ་ཞེས་གསུངས་པ་ནི་རྣམ་པར་མ་བརྟགས་པ་ཆེན་པོ་སྟེ། དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་བྱིན་པ་ལ་སོགས་པ་གང་ཟག་གི་ལས་ཀྱི་དབྱེ་བ་རབ་ཏུ་མང་པོ་དག་ལ་ཡང་དེར་ཐལ་བའི་ཕྱིར་རོ། །ཅི་སྟེ་དགེ་འདུན་གྱི་ལས་ལ་བསམས་པ་ཡིན་ནོ་སྙམ་ན། དེ་ཡང་མི་རིགས་ཏེ། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱ་བའི་གསོལ་གཉིས་ཀྱི་ལས་དེའི་གོང་རོལ་དུ་ཡང་གནས་ལ་བློ་མཐུན་དགོས་པར་ཧ་ཅང་ཐལ་བའི་ཕྱིར་རོ། །གསོ་སྦྱོང་ལ་ཡང་གནས་ལ་བློ་མཐུན་ངེས་པར་དགོས་པ་མ་ཡིན་ཏེ། མདོ་རྩ་བར། འགྲོན་པ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །ཞེས་གསུངས་པའི་ཕྱིར་དང༌། གནས་ལ་བློ་མཐུན་ངེས་པར་དགོས་ན། དེ་མ་བྱས་པ་ཙམ་གྱིས་གསོ་སྦྱོང་མི་ཆགས་པར་ཧ་ཅང་ཐལ་བའི་ཕྱིར་དང༌། མདོ་རྩ་བར། གདོན་པར་བྱ་བ་དང་དེའི་ཚད་དང་དུས་དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་ནོ། །ཞེས་བྱ་བ་ཙམ་ཞིག་གསུངས་ཀྱི། གནས་ལ་བློ་མཐུན་མ་བྱས་པ་ལ་གསོ་སྦྱོང་ཆོས་མ་ཡིན་པས་བྱས་པར་འགྱུར་བའི་ཉེས་པ་མ་བཤད་པའི་ཕྱིར། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་དགག་དབྱེ་ལ་སོགས་པའི་ལས་གཞན་གྱི་གནས་ལ་བློ་མཐུན་ངེས་པར་དགོས་པ་གཅིག་བསྟན་པར་འདོད་ན། གཞུང་དེས་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབས་པའི་གནས་ལའང་བློ་མཐུན་དགོས་པ་ཅིག་བསྟན་པར་འགྱུར་ཏེ། དེ་ཡང་གསོ་སྦྱོང་ལས་གཞན་པའི་དགེ་འདུན་གྱི་ལས་ཡིན་པའི་ཕྱིར་རོ། །དེར་མ་ཟད། མཚམས་པོ་ཆེ་དང་མཚམས་བུ་ཆུང་བཅད་པ་དང༌། ཤི་བའི་རྫས་བྱིན་གྱིས་རློབ་པ་སོགས་ལ། གསོལ་བའི་ལས་དེ་ཉིད་ཀྱིས་གནས་ལ་བློ་མཐུན་གྲུབ་པས་དེ་ལས་ལོགས་སུ་བློ་མཐུན་མི་དགོས་པའི་ཕྱིར། ཞར་ལ་འོངས་པས་ཆོག་གོ །མཚམས་ནི་གསུམ་པོ་དང༌། ཞེས་པས། ལས་གཅིག་བསྟན་ཏེ། དཀྱིལ་འཁོར་བའི་འཚམས་དང༌། མཚམས་བུ་ཆུང་བཅད་པའོ་ཞེས། ཀརྨ་ཤ་ཏཾ་དང༌། རྒྱ་ཆེར་འགྲེལ་པར་གསུངས་སོ། །འདིར་མཁྱེན་རབ་དབང་ཕྱུག་གི་ཞལ་ནས། ཁ་ཅིག་མཚམས་བུ་ཆུང་དང༌། དཀྱིལ་འཁོར་པ་ཐ་དད་དུ་བྱེད་པ་ནི་མི་འཐད་དེ། འགྲེལ་པར། མཚམས་བུ་ཆུང་ཞེས་པ་ནི་དཀྱིལ་འཁོར་སྟེ། ཞེས་པ་དང་འགལ་ཞིང༌། གནས་དང་མཚམས་ནི་གསུམ་པོ་དང༌། །ཞེས་པ་འགྱུར་མ་དག་པ་སྟེ། དེ་ལྟ་ན་ལས་བརྒྱ་རྩ་གཉིས་སུ་ཐལ་བས་སོ། །དུལ་བ་ལྷས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་ཐ་དད་དུ་བྱས་པ་ནི་གྲུབ་མཐའ་མི་གཅིག་པའོ། །ཞེས་གསུངས་སོ། །དེ་ནི་མི་འཐད་དེ། ལས་བརྒྱ་རྩ་གཅིག་པ་དང༌། རྒྱ་ཆེར་འགྲེལ་པ་གཉིས་ཀ་ལས། རྩ་བར། གནས་དང་མཚམས་ནི་གསུམ་པོ་དང༌། །ཞེས་དང༌། འགྲེལ་པར། དཀྱིལ་འཁོར་པའི་མཚམས་དང༌། མཚམས་ཆེན་པོ་དང༌། མཚམས་བུ་ཆུང་དག་གསོལ་བ་དང་གཉིས་ཀྱི་ལས་ཀྱི་བཅད་པར་བྱའོ། །ཞེས་གསུངས་པའི་ཕྱིར། འགྱུར་མ་དག་པ་ཡང་མ་ཡིན་ཏེ། ལུང་དང་འགྲེལ་པར་མཚམས་གསུམ་ཀ་ཐ་དད་དུ་བགྲང་རྒྱུ་ཡོད་པའི་ཕྱིར་དང༌། ལས་ཀྱི་གྲངས་ངེས་ཉམས་པར་ཐལ་བའི་ཉེས་པས་ཀྱང་མི་གནོད་དེ། རྒྱ་ཆེར་འགྲེལ་པར་མཚམས་ནི་གསུམ་པོ་དང༌། ཞེས་བྱ་བས་ཀྱང་ལས་གཅིག་བསྟན་ནོ། །ཞེས་བཤད་པའི་ཕྱིར། དེ་ལྟ་མ་ཡིན་པར། གཉིས་པོ་དང་ཞེས་སྟོན་ནས། དེ་གཉིས་ཐ་དད་དུ་བགྲང་བ་ཡིན་ན། ལས་བརྒྱ་རྩ་གཉིས་སུ་ཐལ་བའི་ཉེས་པ་སོ་ན་གནས་སོ། །མདོར་ན། མཚམས་བུ་ཆུང་ཡིན་ན་དཀྱིལ་འཁོར་པ་ཡིན་པས་ཁྱབ་སྟེ། གཞི་འགྲེལ་ལས་མཚམས་བུ་ཆུང་ནི་དཀྱིལ་འཁོར་པ་སྟེ། ཞེས་གསུངས་པའི་ཕྱིར། དཀྱིལ་འཁོར་པ་ཡིན་ན་མཚམས་བུ་ཆུང་ཡིན་པའི་ཁྱབ་པ་མེད་དེ། གཡོགས་པ་གཅིག་གིས་གཡོགས་ཤིང་རྩིག་རྒྱུད་གཅིག་གིས་བསྐོར་བའི་ཁང་པ་གཅིག་ལའང་དཀྱིལ་འཁོར་པ་དུ་མ་རུང་ལ། ཁང་པ་གཅིག་གི་ནང་དུ་མཚམས་བུ་ཆུང་བཅད་པར་མ་བཤད་པའི་ཕྱིར། དཀྱིལ་འཁོར་པའི་ཚད་ནི་གནས་གང་དུ་དགེ་སློང་བཞི་བཅུའི་གདིང་བ་ཤོང་བ་ལ། ལུང་ཞུ་བ་ལས་གསུངས་ཤིང༌། སྔགས་ཆོག་ལས་ཀྱང༌། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བགྱིད་ལགས་ཏེ། ཞེས་ཐ་དད་དུ་གསུངས་སོ། །འོ་ན་དཀྱིལ་འཁོར་པར་བཅད་པ་ལ་ལས་ལོགས་པ་མ་གསུངས་པས་ཇི་ལྟར་བྱ་ཞེ་ན། མཚམས་བུ་ཆུང་མ་ཡིན་པའི་དཀྱིལ་འཁོར་པ་ལ་ནི་དགེ་འདུན་རང་རང་ཇི་ལྟར་བཞེད་པའི་ནང་མཚམས་དེར་གསོ་སྦྱོང་གི་གནས་ལ་བློ་མཐུན་བགྱིས་པས་དོན་དེ་འགྲུབ་པ་ཡིན་ལ། དེ་ལ་ནི་མཚམས་སྔ་མ་བག་ཡངས་སུ་བྱ་མི་དགོས་ཏེ། མཚམས་པོ་ཆེའི་ནང་དུ་དགེ་སློང་གཞན་གྱིས་བཟུང་བ་མ་བཏང་ན། དཀྱིལ་འཁོར་པར་བློ་མཐུན་བྱེད་པར་བཤད་པ་དང༌། དགེ་སློང་འཐབ་ཀྲོལ་ཅན་འོངས་པ་ན། དཀྱིལ་འཁོར་པར་དགག་དབྱེ་བ་སོགས་བཤད་པས་སོ། །མི་འབྲལ་ཞེས་པས་ལས་གཅིག་བསྟན་ཏེ། མཚམས་པོ་ཆེའི་ནང་དུ་ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པའོ། །སྨྱོས་དང་ཞེས་པས། དགེ་སློང་སྨྱོས་པ་ལས་མ་འདུས་ཀྱང་མི་མཐུན་པར་མི་འགྱུར་བ་སྦྱིན་པ་དང༌། དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱེད་པའི་དགེ་སློང་བསྐོ་བ་དང༌། དབྱར་གྱི་གནས་མལ་སྟོབས་པ་ལ་བསྐོ་བ་དང༌། རུང་ཁང་ལ་བློ་མཐུན་པར་བྱ་བ་དང༌། སྲ་རྐྱང་ལ་བློ་མཐུན་པར་བྱ་བ་དང༌། དེ་གདིང་བའི་དགེ་སློང་བསྐོ་བ་དང༌། སྤོང་བ་པའི་ཞལ་ལྟ་པ་བསྐོ་བ་དང༌། ལག་གི་བླ་བསྐོ་བ་དང༌། གནས་ཁང་བསྐོ་བ་ལ་སོགས་པ་དང༌། ཞེས་པས་ལས་བཅུ་གཉིས་བསྟན་ཏེ། སྡོམ་ནི། གནས་ཁང་ཟས་ལ་བསྐོ་བ་དང༌། །ཐུག་པ་བག་ཆོས་འབྲིམ་པ་དང༌། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འགྲུབ་དང་གོས་དང་ནི། །དབྱར་གྱི་རས་ཆེན་སྦེད་དང་འགྱེད། །མངག་གཞུག་པ་དང་མཛེས་འཆོས་སོ། །ཞེས་པའི་བསྐོ་ལས་བཅུ་གཉིས་དང༌། དགེ་འདུན་ལ་རྩོད་པ་བྱུང་བ་ལ་མངོན་སུམ་གྱི་གཟུ་བོ་བསྐོ་བ་དང༌། དེས་ཞི་བར་མ་ནུས་ན་གསལ་བ་བསྐོ་བ་དང༌། དེས་ཞི་བར་མ་ནུས་ན་གསལ་བའི་ཡང་གསལ་བ་བསྐོ་བ་དང༌། གཉིས་ཡོད་ཀྱང་གཅིག་ཏུ་བགྲང༌། དེ་དག་གིས་ཞི་བར་མ་ནུས་ན་རྩོད་པ་སྦེད་པ་བསྐོ་བ་དང༌། རྩོད་པ་བྱུང་བའི་ཚེ་ཚུལ་ཤིང་འབྲིམ་པའི་གང་ཟག་བསྐོ་བ་དང་ཁང་པ་དང་ཁང་ཆེན་གྱི་བརྟེན་པ་སྦྱིན་པའི་ལས་གཉིས་དང༌། དགེ་སློང་གི་ཁྱིམ་སུན་འབྱིན་པ་ལ་དགེ་སློང་གི་ཆོས་མ་ཡིན་པ་རྣམ་པ་མང་པོ་གླེང་བའི་གང་ཟག་བསྐོ་བ་དང༌། རྒན་པོ་དང་ནད་པ་ལ་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང༌། སྟན་གྱི་གནང་བ་སྦྱིན་པ་དང༌། ལྷུང་བཟེད་འབྲེལ་མེད་བྲིམ་པའི་གང་ཟག་བསྐོ་བ་དང༌། སྐྱེ་བོ་ཕལ་པོ་ཆེ་མ་དད་པར་གྱུར་པའི་དགེ་སློང་དང༌། དགེ་སློང་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པའི་གང་ཟག་བསྐོ་བ་དང༌། དགེ་སློང་མའི་སྟོན་པ་བསྐོ་བ་དང༌། ནགས་མྱུལ་བའི་སྟོན་པ་བསྐོ་བ་དང༌། དགེ་སློང་གནས་ཕྱུང་ལ་དགེ་སློང་མས་ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང༌། དགེ་སློང་མ་འཁོར་སྐྱོང་ནུས་པ་ལ་འཁོར་དང་འཁོར་མང་པོ་འཇོག་པའི་གནང་བ་སྦྱིན་པ་དང༌། དགེ་སློང་རྒན་པོ་དང༌། ནད་པ་ལ་འཁར་བའི་གནང་བ་སྦྱིན་པ་དང༌། རྒན་པོ་དང་ན་བ་ལ་དྲྭ་བའི་གནང་བ་སྦྱིན་པ་དང༌། གཙུག་ལག་ཁང་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བའི་ཕྱིར་གྱི་ལས་དང༌། དགེ་སློབ་མའི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང༌། དགེ་སློང་མ་འགའ་ཞིག་ལ་བུ་དང་ལྷན་ཅིག་ཉལ་བའི་གནང་བ་བྱིན་པ་དང༌། མུ་གེ་བྱུང་བའི་ཚེ་དགེ་སློང་མ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་གནང་བ་བྱིན་པ་དང༌། དབྱར་གནས་པར་ཁས་བླངས་པའི་ཚེ། དེ་དགེ་འདུན་གྱི་ཆེད་དུ་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་བྱིན་པ་རྣམས་སོ། །གསུམ་པ་གསོལ་བ་དང༌། བཞིའི་ལས་སུམ་ཅུ་ནི། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་དང༌། མུ་སྟེགས་ཅན་རབ་ཏུ་བྱུང་བར་འདོད་པ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་བྱིན་པ་དང༌། དཀྱིལ་འཁོར་པ་དང་མཚམས་པོ་ཆེ་དང་མཚམས་བུ་ཆུང་དགྲོལ་བའི་ལས་གསུམ་གཅིག་ཏུ་བགྲང་བ་དང༌། གནས་ནས་ཕྱུང་བ་བཟོད་པའི་ལས་བྱས་པ་ལ་མཐུན་པ་སྦྱིན་པ་དང༌། མཐུན་པ་ཐོབ་པ་ལ་མཐུན་པའི་གསོ་སྦྱོང་སྦྱིན་པ་དང༌། བདུན་པོ་དང་ཞེས་པས་ལས་གཉིས་བསྟན་ཏེ། ནན་ཏུར་གྱི་ལས་བདུན་པོ་བྱ་བའི་གསོལ་བ་དང་བཞིའི་ལས་དང༌། གནས་ཕྱུང་གསུམ་པོ་ལ་བཟོད་པ་བྱ་བའི་གསོལ་དང་བཞིའི་ལས་དང་གཉིས་སོ། །འདིར་ནན་ཏུར་བདུན་ནི། བསྡིགས་སྨད་བསྐྲད་དང༌། ཕྱིར་འགྱེད་བཞི་དང༌། མ་མཐོང་གནས་དབྱུང་དང༌། ཕྱིར་མི་འཆོས་གནས་དབྱུང༌། སྡིག་ལྟ་མི་གཏོང་བ་གནས་ནས་ཕྱུང་བ་སྟེ་གསུམ་པོ་གཅིག་ཏུ་བགྲང་བ་དང༌། གསོ་སྦྱོང་བཞག་པའི་ནན་ཏུར་དང༌། དགག་དབྱེ་བཞག་པའི་ནན་ཏུར་རྣམས་སོ། །བརྒྱད་དང་ཞེས་པས་ལས་བརྒྱད་བསྟན་ཏེ། སྤོ་བ་དང༌། མགུ་བ་དང༌། གཞི་ནས་སྤོ་བ་དང༌། གཞི་ནས་མགུ་བ་དང༌། ཡང་གཞི་ནས་བསླངས་པའི་སྤོ་བ་དང༌། མགུ་བ་དང༌། དགེ་འདུན་ལྷག་མ་ལས་དབྱུང་བ་དང༌། སྲ་བརྐྱང་དབྱུང་བའི་ལས་རྣམས་སོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པ་དང༌། མ་སྨྱོས་པས་འདུལ་བར་འོས་པ་ལ་མ་སྨྱོས་པས་འདུལ་བ་སྦྱིན་པ་དང༌། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་དང༌། བསྒོ་བར་བྱ་བ་རྣམས་དང་ནི། ཞེས་པས་དགེ་ཚུལ་བསྙིལ་བ་དང་བཅས་པ་ལས་བཅུ་གཅིག་བསྟན་ཏེ། བསྒོ་བ་ལས་གྱུར་པ་བཅུ་དང༌། དགེ་ཚུལ་བསྙིལ་བ་དང་བཅུ་གཅིག་གོ །ཕམ་པ་འཆབ་མེད་དག་བྱེད་དུ་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་བྱིན་པ་རྣམས་སོ། །གཉིས་པ་སྡོམ་གཉིས་པས་བསྟན་པའི་ལས་ཀྱི་རྐང་གྲངས་ངོས་བཟུང་བ་ནི། དང་པོ་དྲི་ལན་གཉིས་ཏེ། དྲི་བ་དང་ལན་ནོ། །དང་པོ་ནི། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲི་བ། ལས་བྱེད་པས་ནང་དུ་དྲི་བ་དང་བསྐོ་བའི་ལས་སུམ་ཅུ་སོ་ལྔ་ལ་སྤྲོ་བ་དྲི་དགོས་ཏེ། དཔེར་ན་གསང་སྟེ་སྟོན་པར་སྤྲོའམ་ཞེས་པ་ལྟ་བུ་དང༌། དགེ་འདུན་གསོ་སྦྱོང་མཛད་པ་ལ་འདུན་པ་འབུལ་ལམ་ཞེས་དྲི་བ་ལྟ་བུའོ། །གཉིས་པ་ལན་ནི། བསྙེན་རྫོགས་ཀྱི་ཚེ་ལྷུང་བཟེད་མི་ཆུང་ངམ་ཞེས་དྲིས་པའི་ཚེ་ལྷུང་བཟེད་བཟང་ངོ་ཞེས་ལན་གདབ་པ་དང༌། སྤྲོ་བ་དྲིས་པའི་ཚེ་སྤྲོ་ལགས་ཞེས་ལན་གདབ་པ་ལྟ་བུའོ། །གཉིས་པ་ཞུས་ལན་ནི་དགེ་འདུན་ལ་རབ་ཏུ་བྱུང་བར་ཞུ་བ་དང༌། གསང་སྟོན་གྱིས་ནང་དུ་འོང་བ་ཞུ་བ་དང༌། དེའི་ལན་དུ་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད་པ་ལྟ་བུའོ། །གསུམ་པ་གསོལ་བ་གདབ་པ་ནི། བསྙེན་རྫོགས་ཀྱི་སྐབས་སུ་མཁན་པོ་ཉིད་དུ་ཕྱོགས་པས་ལས་བྱེད་པ་དང་གསང་སྟོན་ཏེ་སྟོན་པ་དང་ཁ་བསྐོང་བར་འོས་པའི་ཁ་བསྐོང་གི་དགེ་སློང་ལ་གསོལ་བ་གདབ་པ་དང༌། སྦྱིན་པའི་ལས་ཐམས་ཅད་ལ་གསོལ་བ་ལན་གསུམ་གྱི་བར་དུ་གདབ་པ་དང༌། གནས་བརྟན་ལ་སོ་སོར་ཐར་པའི་མདོ་འདོན་པར་གསོལ་བ་གདབ་པ་དང༌། དགེ་འདུན་ལ་གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་རེ་བཀླག་པར་གསོལ་བ་གདབ་པ་དང༌། སྦྱིན་བདག་གིས་གདུགས་ཚོད་ལ་སྤྱན་འདྲེན་པར་གསོལ་བ་གདབ་པ་ལྟ་བུའོ། །བཞི་པ་བྱིན་གྱིས་བརླབས་པ་ནི། བསྙེན་རྫོགས་ཀྱི་ཚེ་ཆོས་གོས་གསུམ་དང༌། དེའི་རྒྱུ་བྱིན་གྱིས་བརླབ་པ་དང༌། ལྷུང་བཟེད་བྱིན་གྱིས་བརླབ་པ་དང༌། རུང་ཁང་བྱིན་གྱིས་བརླབ་པ་དང༌། དགེ་འདུན་གྱི་ཆེད་དུ་དུས་བྱིན་གྱིས་བརླབ་པ་དང༌། གསོ་སྦྱོང་བྱིན་གྱིས་བརླབ་པ་དང༌། དགག་དབྱེ་བྱིན་གྱིས་བརླབ་པ་ལྟ་བུའོ། །ལྔ་པ་བརྗོད་པའི་ལས་ནི། བསྙེན་རྫོགས་ཀྱི་ཚེ་གྲིབ་ཚོད་བརྗོད་པ་དང༌། གདམས་ངག་བརྗོད་པ་དང༌། དགེ་འདུན་ལ་གསོ་སྦྱོང་དང་སྤོ་བའི་འདས་འབྱུང་འགྱུར་གྱི་ཉི་མ་བརྗོད་པ་དང༌། འདུན་པ་དང་ཡོངས་དག་བརྗོད་པ་དང༌། དབྱར་གནས་པར་མི་ནུས་པས་གནས་མལ་མི་གནོད་པར་བྱ་བའི་ཕྱིར་ཁྱིམ་དུ་བྱ་བ་བརྗོད་པ་དང་སྐབས་མི་འབྱེད་པ་ལ་བརྗོད་བཅས་ཀྱིས་བརྗོད་པ་དང༌། སྐབས་ཕྱེ་ནས་མི་སྙེན་པ་ལ་ཕུར་བཅས་ཀྱིས་བརྗོད་པ་དང༌། ལྟ་བ་དགེ་འདུན་ལ་བརྗོད་པ་ལོགས་པ་ལྟ་བུའོ། །དྲུག་པ་བཞམས་ཏེ་བསྒོ་བ་ནི། བསྒོ་གྱུར་གྱི་ལས་ཐམས་ཅད་དང༌། གནས་ཕྱུང་ནན་ཏུར་སོགས་ལ་བསྒྲུབ་བྱ་དེ་ལ་སྔོན་དུ་དགེ་འདུན་གྱིས་བསྐོས་པའི་གང་ཟག་གིས་བཞམས་བསྒོ་བྱེད་པའོ། །བདུན་པ་འབུལ་ལེན་ནི། ལས་བྱེད་པའི་ཚེ་འདུན་པ་འབུལ་བ་དང༌། ལེན་པ་དང༌། གསོ་སྦྱོང་གི་ཚེ་ཡོངས་དག་འབུལ་བ་དང་ལེན་པ་དང༌། དགག་དབྱེའི་ཚེ་དགག་དབྱེ་འབུལ་བ་དང་ལེན་པ་དང༌། རྩོད་པ་སྦེད་པའི་དགེ་སློང་གིས་གནས་བརྟེན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་འབུལ་བ་དང༌། སྡེ་སྣོད་འཛིན་པ་ལ་འབུལ་བ་དང༌། གནས་བརྟན་མཐུ་ལྡན་ལ་འབུལ་བ་ལ་སོགས་པ་ལྟ་བུའོ། །བརྒྱད་པ་མཐོལ་བཤགས་ལ། བསྒོ་བ་ལས་གྱུར་པའི་ལྟུང་བ་རྣམས་ལ་ལས་གྲལ་དེ་ཉིད་དུ་སྟན་ལ་འདུག་བཞིན་དུ་བདག་ལ་བསྒོ་བ་ལས་གྱུར་པའི་ལྟུང་བ་འདི་བྱུང་ངོ་ཞེས་མཐོལ་བ་དང༌། ཕམ་པའི་སྦོམ་པོ་ལྕི་བ་དྲུག་ཡན་ཆད་ལ་བཤགས་པ་དང༌། ཡང་བ་བཞི་ཡན་ཆད་ལ་བཤགས་པ་དང༌། ལྷག་མའི་སྦོམ་པོ་ལྕི་བ་ལྔ་ཡན་ཆད་ལ་བཤགས་པ་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའི་ཉེས་པ་རྩྭ་བཀྲམ་པ་ལྟ་བུས་ཕྱིར་བཅོས་པ་ལ་གཅིག་གིས་དུས་མའི་ཉེས་པ་མཐོལ་ཞིང་བཤགས་པ་ལ་སོགས་པའོ། །དགུ་པ་དབྱར་གནས་པར་ཁས་བླངས་པའི་ཆོ་ག་ནི། དགེ་སློང་གི་མདུན་དུ་ལན་གསུམ་དུ་བཟླས་པའོ། །བཅུ་པ་དགག་དབྱེ་ནི། བཞིའི་དགག་དབྱེ་ཚོགས་ཀྱི་དགག་དབྱེ་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བའི་དགག་དབྱེའོ། །བཅུ་གཅིག་པ་གསོ་སྦྱོང་ལ། གསོལ་བའི་ལས་ནི་ལས་དངོས་ཡིན་ཅིང༌། ལས་བརྒྱ་རྩ་གཅིག་ཏུ་འདུས་ལ། ལས་དངོས་མ་ཡིན་པ་སོ་སོར་ཐར་པའི་མདོ་འདོན་པ་ལྔ་དང༌། མདོར་བསྡུས་པའི་གསོ་སྦྱོང༌། སེམས་བསྡུས་པའི་གསོ་སྦྱོང་ངོ༌། །བཅུ་གཉིས་པ་གོ་བར་བྱ་བ་ལ། དགེ་ཚུལ་སྡིག་ལྟ་མི་གཏོང་བ་བཟློག་པའི་ཕྱིར་བསྒོ་བའི་ལས་བྱེད་པ་ནི། ཁྱེད་ལ་གསོལ་བའི་ལས་བྱས་སོ་ལྟ་བ་འདི་ཐོང་ཞིག་ཅེས་སོགས་གོ་བར་བྱ་བ་དང༌། ཁྱིམ་པ་ལ་ལྷུང་བཟེད་ཁ་སྦུབ་པ་གོ་བར་བྱ་བ་དང༌། རྙེད་པ་བགོད་པ་ན། དེང་རྙེད་པ་བགོད་པར་འགྱུར་གྱི་ཁྱེད་ཅག་གིས་ཚོགས་པ་སྦྱིན་པར་བྱའོ་ཞེས་གོ་བར་བྱ་བ་དང༌། དགེ་སློང་དང་དགེ་སློང་མ་སྡིག་ཅན་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱ་བ་དང༌། སྲ་རྐྱང་འདིངས་པར་འགྱུར་གྱི་ཆོས་གོས་རྣམས་ཕྱུང་ཞིག་ཅེས་གོ་བར་བྱ་བ་དང༌། སྲ་བརྐྱང་བཏིང་ངོ་ཞེས་གོ་བར་བྱ་བ་དང༌། བདག་སྲ་བརྐྱང་འབྱིན་གྱི་ཁྱེད་ཅག་རང་རང་གིས་ཆོས་གོས་རྣམས་བྱིན་གྱིས་རློབས་ཤིག་ཅེས་གོ་བར་བྱ་བ་ལ་སོགས་པའོ། །བཅུ་གསུམ་པ་སྲ་བརྐྱང་གདིང་བ་ནི། བསྐོས་པས་ཆོ་ག་ལན་གསུམ་བརྗོད་པའོ། །བཅུ་བཞི་པ་སྡིགས་པ་དང༌། གཟེངས་བསྟོད་པ་ནི། དགེ་འདུན་ལྷག་མ་ལས་དབྱུང་བ་ན། གསོལ་བ་དང་ལས་བརྗོད་དང་པོའི་བར་དུ་སྡིགས་པ་དང༌། བརྗོད་པ་ཟིན་མ་ཐག་གཟེངས་བསྟོད་པའོ། །བཅོ་ལྔ་པ་གཏོང་ལེན་ནི། སྤོ་མགུ་སྤྱོད་པའི་ཚེ། འཐབ་དཀྲོལ་འོང་བས་འཇིགས་ན་གཏོང་བ་དང༌། འཇིགས་པ་དང་བྲལ་ན་ལེན་པའོ། །བཅུ་དྲུག་པ་བྲིམ་སྟབས་ནི། ལྷུང་བཟེད་འབྲེལ་མེད་བྲིམ་པ་དང༌། ཚུལ་ཤིང་འབྲིམ་པའི་རྣམ་གྲངས་མང་པོ་གསུངས་པ་རྣམས་དང༌། གནས་མལ་གྱི་གཞི་བསྟབས་པ་དང༌། གནས་མལ་བསྟབས་པའོ། །འདི་དག་ལ་དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ཞེས་བྱ་སྟེ། ལས་དེ་ཆགས་པ་ལ་དགེ་འདུན་དུ་ལོངས་མི་དགོས་ཀྱང་རྒྱུ་དགེ་འདུན་ལས་བྱུང་བའམ་འབྲས་བུ་དགེ་འདུན་གྱི་ཆེད་དུ་བྱ་བ་གང་རུང་ཡིན་པའི་ཕྱིར། སྡོམ་གསུམ་པས་བསྡུས་པའི་ལས་ཀྱི་རྐང་གྲངས་བསྟན་པ་ལ། དང་པོ་དྲིས་ལན་ནི། མཁན་པོས་བར་ཆད་དྲི་བ་དང༌། ཞུ་བའི་དགེ་སློང་གིས་མཁན་པོ་ལ་དག་གམ་ཞེས་དྲི་བ་དང༌། གཙུག་ཕུད་བྲེག་གམ་ཞེས་དྲི་བ་དང༌། གློ་བུར་དུ་ལྷགས་པས་ཁྲིམས་སུ་བཅའ་བ་དྲི་བ་དང༌། ཐོབ་པའི་དུས་ཚོད་དང༌། མཁན་སློབ་དང༌། སྡེ་པ་སོགས་དྲི་བ་དང༌། དེའི་ལན་འདེབས་པ་རྣམས་སོ། །གཉིས་པ་སྦྱིན་བླང་ལ། དགེ་བསྙེན་ཕ་མའི་སྡོམ་པ་དང༌། དགེ་ཚུལ་ཕ་མའི་སྡོམ་པ་སྦྱིན་པ་དང༌། བླང་བ་དང༌། མཁན་པོས་གོས་ངུར་མིག་སྦྱིན་པ་དང་བླང་བ་སོགས་སོ། །གསུམ་པ་ཞུ་ལན་ལ། སྙུན་ཞུ་བ་དང༌། བྱ་བ་ཞུ་བ་དང༌། དགོས་བྱེད་ཀྱི་དབང་གི་འགྲོ་བ་ཞུ་བ་ལན་དང་བཅས་པ་རྣམས་སོ། །བཞི་པ་གསོལ་གདབ་ལ། མཁན་པོར་གསོལ་བ་གདབ་པ་གནས་སུ་གསོལ་བ་གདབ་པ། དགེ་སློང་ལ་ཆོས་སྨྲ་བར་གསོལ་བ་གདབ་པ། སྦྱིན་བདག་གིས་གདུགས་ཚོད་ལ་སྤྱན་འདྲེན་པའི་ཕྱིར་གསོལ་བ་གདབ་པ། ལྷག་པོར་བྱ་བའི་ཕྱིར་གསོལ་བ་གདབ་པ་རྣམས་སོ། །ལྔ་པ་བྱིན་རླབས་ལ། གོས་དང་སྨན་དང་ལྷུང་བཟེད་དང་རིན་པོ་ཆེ་དང༌། རུང་ཁང་དང༌། དུས་བྱིན་གྱིས་བརླབ་པ་དང༌། གསོ་སྦྱོང་དང་དགག་དབྱེ་དང༌། ལྟུང་བ་བྱིན་གྱིས་བརླབ་པ་དང༌། དབྱར་ནང་དུ་གཞན་དུ་འགྲོ་དགོས་ན་ཞག་བྱིན་གྱིས་བརླབ་པ་རྣམས་སོ། །དང་པོ་ལ་འཚོ་བའི་ཡོ་བྱད། མཁོ་བའི་ཡོ་བྱད། ལྷག་པའི་ཡོ་བྱད་ཀྱི་གོས་ཀྱི་དབྱེ་བས་གསུམ་དང༌། དང་པོ་ལ་དངོས་དང༌། རྒྱུའི་བྱིན་བརླབས་ཀྱི་དབྱེ་བ་གཉིས་དང༌། སྨན་བྱིན་གྱིས་རློབ་པ་ལ་ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང་འཚོ་བཅང་གི་དབྱེ་བས་གསུམ་དང༌། རུང་ཁང་བྱིན་གྱིས་བརླབ་པ་ལ། དང་པོ་སོ་ཕག་འདྲེན་པའི་དུས་ལག་གི་བླས་བྱིན་གྱིས་བརླབ་པ་དང༌། ཕྱིས་ལས་གསར་པ་དང་བཅས་པའི་དུས་སུ་དགེ་སློང་རབ་ཏུ་མང་པོ་དང༌། དགེ་སློང་མེད་པ་ན། ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་གཅིག་ཆར་བརྗོད་པས་བྱིན་གྱིས་བརླབ་པའོ། །དུས་བྱིན་གྱིས་རླབ་པ་ལ། བྱིན་ལེན་མ་བྱས་པར་ཟ་བ་དང༌། དུས་མ་ཡིན་པར་ཟ་བ་སོགས་ལ་བྱང་གི་སྒྲ་མི་སྙན་དུ་གྲགས་པ་ཡིད་ལ་བྱ་བས་བྱིན་གྱིས་བརླབ་པ་དང༌། སྟོན་པ་མཆོད་པ་དང༌། དགེ་འདུན་གྱི་ཆེད་དུ་མེ་ལ་རེག་པ་ལ་སོགས་པ་གནང་བའི་དུས་དྲན་པར་བྱེད་པའོ། །ཞག་བྱིན་གྱིས་བརླབ་པ་ལ། དབྱར་ནང་གཞན་དུ་འགྲོ་བའི་གནང་བ་མ་ཐོབ་ན་ཞག་བདུན་བྱིན་གྱིས་རློབ་པ་དང༌། གནང་བ་ཐོབ་པས་ཞག་བཞི་བཅུར་བྱིན་གྱིས་རློབ་པའོ། །ལྟུང་བ་བྱིན་གྱིས་རློབ་པ་ལ་ལས་གྲལ་དུ་མ་འདུས་གོང་དུ་དང༌། འདུས་ནས་བྱིན་གྱིས་རློབ་པ་གཉིས། དང་པོ་ལ་ཆད་ལས་སྔོན་དུ་མ་སོང་བ་དང༌། བཤགས་ཡུལ་མེད་པ་དང༌། མ་ཚང་བ་དང༌། ཡིད་གཉིས་ཟ་བ་དང༌། ངེས་པ་ཉིད་མ་ཡིན་པ་དང༌། ལྟུང་བའི་ཕྱིར་རྩོད་པར་གྱུར་པ་རྣམས་བྱིན་གྱིས་བརླབ་པའོ། །གཉིས་པ་ནི་ལས་གྲལ་དུ་འདུས་ནས་བཤགས་པར་བྱར་མི་རུང་བས། ལས་གྲལ་དུ་ལྟུང་བ་ཤེས་ཤིང་དྲན་པ་དང༌། ཡིད་གཉིས་ཟ་བ་དང༌། ངེས་པ་ཉིད་མ་ཡིན་པ་དང༌། རྩོད་པར་གྱུར་པ་རྣམས་ལས་བྱེད་པ་ལས་གཞན་པས་དྲུང་ན་མོ་ལ་བྱིན་གྱིས་བརླབ་པ་དང༌། ལས་བྱེད་པས་སེམས་ཀྱིས་བརླབ་པ་རྣམས་སོ། །དྲུག་པ་བརྗོད་པའི་ལས་ལ། དགེ་ཚུལ་ཕ་མའི་གྲིབ་ཚོད་བརྗོད་པ་དང༌། སྨན་ཞག་བདུན་པར་བྱིན་གྱིས་བརླབས་པའི་ཉི་མ་འདས་སོ་ཅོག་བརྗོད་པ་དང༌། ཚེས་གྲངས་བརྗོད་པ་དང༌། གདུགས་ཚོད་ཀྱི་དུས་བརྗོད་པ་དང༌། གནས་ངན་ལེན་བརྗོད་པ་དང༌། དགག་དབྱེ་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང༌། རྒན་པའི་མཐར་སམ་པྲ་བ་ཐ་ཞེས་བརྗོད་པ་ལ་སོགས་པའོ། །བདུན་པ་བསྒོ་བ་ལ་བཞམས་ཏེ་བསྒོ་བ་དང༌། སྙོམས་པར་བྲིམས་ཤིག་ཅེས་བསྒོ་བ་དང༌། ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཅིག་ཅེས་བསྒོ་བ་ལ་སོགས་པའོ། །བརྒྱད་པ་འབུལ་བ་ལ་བསླབ་པ་འབུལ་བ་དང༌། གསོ་སྦྱོང་ལ་དགེ་ཚུལ་ཕ་མས་ཡོངས་སུ་དག་པ་འབུལ་བ་དང༌། དེ་ལེན་པ་ལ་སོགས་པའོ། །དགུ་པ་མཐོལ་བཤགས་ལ་མཐོལ་བ་སྔོན་དུ་སོང་བའི་བཤགས་པ་དང༌། མཐོལ་བཤགས་དུས་གཅིག་པ་དང༌། ཆད་ལས་སྔོན་དུ་སོང་བ་དང་མ་སོང་བའི་བཤགས་པ་ལ་སོགས་པའོ། །བཅུ་པ་དབྱར་གནས་ཁས་བླང་བ་ནི་ཚོགས་སུ་མ་ཚང་བ་དབྱར་གནས་པར་ཁས་ལེན་པ་ལ་སོགས་པའོ། །བཅུ་གཅིག་པ་བཟོད་གསོལ་ནི་གོ་བར་ཟད་དོ། །བཅུ་གཉིས་པ་གོ་བར་བྱ་བ་ནི། གཞན་གྱི་དོན་དུ་སྐལ་བ་ནོད་པ་ཕ་རོལ་ལ་གོ་བར་བྱ་བ་དང༌། དགེ་སློང་ཕྲག་དོག་ཅན་ལ་འདི་དག་ནི་བསྟན་པ་འཛིན་པ་ཡིན་ནོ་ཞེས་གོ་བར་བྱ་བ་ལ་སོགས་པའོ། །བཅུ་གསུམ་པ་གདོན་པ་ནི། རྒྱུན་བཤགས་གསུམ་པ་གདོན་པ་དང༌། གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པའོ། །འདི་དག་ལ་གང་ཟག་རྐྱང་པའི་ལས་ཤེས་བྱ་སྟེ། གང་ཟག་གཅིག་བུས་འགྲུབ་པའི་འདུལ་བར་གཏོགས་པའི་ལས་གང་ཞིག རྒྱུ་དགེ་འདུན་ལ་རག་ལས་པ་ཡང་མ་ཡིན། འབྲས་བུ་དགེ་འདུན་གྱི་ཆེད་དུ་བྱ་བ་ཡང་མ་ཡིན་པའི་ཕྱིར། བཤད་མ་ཐག་པ་འདི་དག་གང་རུང་གི་མིང་ཅན་ཡང་ཡིན་ལ་དགེ་འདུན་དང་འབྲེལ་པའི་ལས་ཀྱང་ཡིན་པ་འགའ་ཞིག་ཡོད་པ་ནི་སྔར་སྐབས་དེར་བཤད་ཟིན་པས་སོ་སོར་ཕྱེ་དགོས་སོ། །གཉིས་པ་ལས་ཇི་ལྟར་འཆགས་པའི་ཚུལ་རྒྱས་པར་བཤད་པ་ལ། དགེ་འདུན་གྱི་ལས་རྒྱས་པར་བཤད་ན་ལས་གཞན་གཉིས་ཀྱི་རྣམ་པར་བཞག་པ་ཡང་ཞར་ལ་རྟོགས་པར་འགྱུར་བས། འདི་ལ་གསུམ་སྟེ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་དང་གསུམ་མོ། །དང་པོ་ལ་དགེ་འདུན་བསྡུ་བའི་སྦྱོར་བ་དང༌། འདུ་བ་པོ་དགེ་འདུན་གྱི་ཇི་ལྟར་བྱ་བའོ། །དང་པོ་ལ་གཎྜི་བརྡུང་པ་དང༌། དྲིས་པའི་ཚིག་གིས་ལན་གདབ་པ་དང༌། སྟན་བཤམ་པ་སོགས་བྱའོ། །དེ་ཡང་བསྐོས་པའི་ལས་ཡིན་ན་གང་བསྐོས་དེ་ཉིད་ཀྱིས་བྱ་ཞིང༌། གཞན་ལ་ནི་དགེ་བསྐོས་ལ་སོགས་པ་གང་ཡང་རུང་བས་སོ། །དང་པོ་གཎྜིའི་རྒྱུ་ནི་ཙནྡན་དང༌། ཨ་སྨྲ་དང༌། ཏར་བུ་དང༌། སྐྱུ་རུ་ར་དང༌། ཤིང་ཤ་པ་དང༌། བིལ་བ་དང༌། པ་ལ་ཤ་དང༌། རྒྱ་ཏར་དང༌། ཏ་ལ་དང༌། ཀེང་ཤུ་ཀ་དང༌། མེད་ན་འོ་སེལ་བྱ་བར་བཤད་ལ། འབྲི་ཁུང་པས། ཨ་ཤོ་ཀའམ། འོ་མ་སིའི་ཤིང་ལ་བྱའོ་ཞེས་བྲིས་པ་ནི། བུ་སྟོན་རིན་པོ་ཆེའི་ཡི་གེ་མ་དག་པ་དེ་ཉིད་སོར་བཞག་པས་ནོངས་པ་ཡིན་ལ། གཎྜིའི་མདོ་ལས་བཤད་པ་མེད་དོ། །ཚད་ལ་རབ་ཆུར་སོར་བརྒྱ་རྩ་བརྒྱད། ཐ་མ་ལ་སོར་བརྒྱད་ཅུ་རྩ་བཞི་ཞེང་སོར་དྲུག་པ། དཔངས་སུ་སོར་གཉིས་པ། ཟུར་བཞིར་སོར་གཉིས་ཀྱི་ཚད་དང་ལྡན་པའོ། །རྩེ་མོ་གཉིས་སྦལ་པའི་མགོ་འདྲ་བ། གཎ་གཡོག་ནི་ཤིང་དེ་ཉིད་ལས་བཅད་པ། སོར་བཅུ་གཉིས་ཀྱི་ཚད་ཟླུམ་པོ་རྩེ་མོ་གཉིས་ནེའུ་ལེའི་མགོ་འདྲ་བ། ཆང་བཟུང་གི་ཚད་ཀྱང་དེ་དང་མཉམ་པའོ། །འཇོག་པའི་གནས་ནི། གཙུག་ལག་ཁང་གི་སྒོ་ཁང་གི་སྟེང་ངམ། གཙུག་ལག་ཁང་དབུས་མའི་སྟེང་དུ་ཁྲི་ལ་བཞག ཆོས་སྐུ་སྐྱེ་འགག་གནས་གསུམ་གྱིས་སྟོང་པ། གདོད་མ་ནས་མ་སྐྱེས་ཤིང་དགེ་བའོ། །ཞེས་པས་རབ་ཏུ་གནས་པ་བྱས་ལ། བརྡུང་བ་པོ་དགེ་སློང་ངམ། དགེ་ཚུལ་ལམ་དགེ་བསྙེན་གསོ་སྦྱོང་ལ་གནས་པས། དཀོན་མཆོག་གསུམ་ལ་ཕྱག་བྱས་ཏེ་ཤངས་ཚལ་ལན་གསུམ་བྱས་ཏེ་བརྡུང་ངོ༌། །བརྡུང་བའི་ཚུལ་ནི། ཁང་སྟེང་མཐོན་པོ་ནས། བརྡུང་བ་རྣམ་པ་ལྔ་ལས། འདིར་ལས་བྱ་བའི་དོན་ཡིན་པས་རྒྱུད་གཅིག་ཏུ་ཏོག་གསུམ་བྱ་ཞིང༌། འདུས་པ་ཆེན་པོའི་ཚེ་གཎྜི་བརྡུངས་པས་མི་གོ་ན་དུང་བསྒྲིལ་ཏེ་འབུད་པར་བྱ་ཞིང་རྔ་བོ་ཆེ་དག་ཀྱང་བརྡུང་བར་བྱའོ། །འདིར་འབྲི་ཁུང་འདུལ་འཛིན། རྒྱུད་གསུམ་དང་ཏོག་གསུམ་ལ། བརྡེག་ཐེབས་བརྒྱ་རྩ་བརྒྱད་ཀྱི་གྲངས་ངེས་མཛད་པ་དང༌། རྒྱུད་རེ་ལ་སུམ་ཅུ་རྩ་དྲུག་རེའི་གྲངས་ངེས་མཛད་པ་ནི་གྲངས་ཙམ་ལ་ཡང་འཁྲུལ་བར་ཟད་དོ། །བརྡུང་བའི་དུས་ནི། གཎྜིའི་དུས་ཀྱི་མདོ་ལས། དགུན་ཟླ་རྭ་བའི་ཟླ་ཕྱེད་དང་པོ་ལ་ནི་རྐང་པ་བདུན་གཎྜིའི་དུས་ཡིན་ལ། སོར་གྱི་དམན་པའི་རྐང་པ་ཕྱེད་དང་ལྔ་ནི་དུས་མ་ཡིན་ནོ་ཞེས་པ་ནས། དཔྱིད་ཟླ་རྭ་བའི་ཟླ་ཕྱེད་དང་པོའི་བར་དུ་རྐང་པ་རེ་རེ་སྐྱེ་ཞིང༌། དེ་ནས་སྟོན་ཟླ་རྭ་བའི་ཟླ་ཕྱེད་གཉིས་པའི་བར་དུ་རྐང་པ་རེ་རེ་འགྲིབ། དེ་ནས་ཟླ་ཕྱེད་རེ་ལ་འཕེལ་བ་དུས་སུ་བཤད་དོ། །ཚུལ་བཞིན་དུ་བརྡུངས་པའི་ཕན་ཡོན་དང༌། ཚུལ་བཞིན་མ་ཡིན་པར་བརྡུངས་པའི་ཉེས་དམིགས་ཀྱང་མདོ་ལས་རྒྱས་པར་གསུངས་སོ། །མདོར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཎྜིའི་གཟུགས་སུ་བཞུགས་སོ། །ཞེས་གསུངས་པས་དེ་ལ་ཤིན་ཏུ་གུས་པར་བྱའོ། །གཉིས་པ་འདུ་བ་པོ་དགེ་འདུན་གྱིས་ཇི་ལྟར་བྱ་བ་ལ་སྦྱོར་བ་དང་དངོས་གཞི་གཉིས། དང་པོ་ལ། རང་གཞན་གྱི་ལྟུང་བ་ཕྱིར་བཅོས་པ། མི་མཐུན་པ་སྤང་བ། མཐུན་པ་བསྒྲུབ་པའི་ཆོ་ག་དང་གསུམ་མོ། །དང་པོ་ནི། གང་དུ་འདུ་བར་འགྱུར་བའི་གནས་ཀྱི་ལས་གྲལ་དུ་མ་འདུས་པའི་གོང་དུ། རང་གི་རྒྱུད་ལ་ལེགས་པར་བརྟགས་ཏེ་བསྡམ་བྱར་ཤེས་པ་རྣམས་བསྡམས། བཤགས་པར་ནུས་པ་རྣམས་བཤགས། བཤགས་པར་མི་ནུས་པ་རྣམས་སྤོ་མགུ་དང༌། སྤང་བྲལ་དང༌། ཁབ་རལ་བཅག་པ་ལ་སོགས་པ་ཆད་ལས་སྔོན་དུ་མ་སོང་བ་དང༌། བཤགས་ཡུལ་གྱི་གྲངས་ངེས་བཤད་པ་རྣམས་མ་ཚང་བ་དང༌། ཡུལ་གཏན་མེད་པ་དང༌། ལྟུང་བ་ལ་ཡིད་གཉིས་སུ་གྱུར་པ་དང༌། ལྟུང་བ་གཅིག་བྱུང་བར་ངེས་ཀྱང་དེ་ལྟུང་བ་སྡེ་ལྔ་ལས་གང་ཡིན་ངེས་པ་ཉིད་མ་ཡིན་པ་དང༌། ལྟུང་བ་བྱུང་མ་བྱུང་རྩོད་པར་གྱུར་པ་ན་དེ་རྣམས་བྱིན་གྱིས་བརླབས་དེ་ལས་གྲལ་དུ་འདུ་བར་བྱའོ། །ལས་གྲལ་དུ་འདུས་ནས་ལྟུང་བ་དྲན་ནམ་ཡིད་གཉིས་ཟ་ན། ལས་མཁན་མ་ཡིན་པས་དྲུང་ན་མོ་ལ་སྔགས་ལན་གཅིག་གིས་བྱིན་གྱིས་བརླབ། དེས་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་མི་མཐུན་པ་སྤང་བ་ནི། ལས་གྲལ་དུ་མ་འདུས་པའི་དགེ་སློང་གཞན་ཡོད་ན། འདུན་པ་བླང་བ་དང༌། མཚམས་ནང་དེ་ན་ཡོད་ཅིང༌། འདུན་པ་བླང་བའི་གོ་སྐབས་མེད་ན་དཀྱིལ་འཁོར་པར་སོགས་ལ་ལས་བྱའོ། །གཉིས་པ་མཐུན་པ་སྒྲུབ་པ་ལ་ཚོགས་པ་མཐུན་པར་བསྒྲུབ་པ་དང༌། གནས་ལ་མཐུན་པ་སྒྲུབ་པ་གཉིས། དང་པོ་ནི། དགེ་སློང་ནད་ཚབས་ཆེན་པོས་འདུ་བར་མི་ནུས་ན་འདུན་པ་བླངས་ལ་བརྗོད། དེས་འབུལ་མི་ནུས་ན་ཁྲིས་བཏེག་སྟེ་བླང་བའམ། ཡང་ན་དགེ་འདུན་དེའི་ཐད་དུ་འགྲོ། དགེ་སློང་རྣམ་དག་སྨྱོས་ནས་རེས་འདུས་རེས་མི་འདུ་བ་ལ་སྨྱོས་པའི་གནང་བ་སྦྱིན། མཚམས་ནང་དེ་ན་དགེ་སློང་གློ་བུར་དུ་ལྷགས་པ་ཡོད་པར་དོགས་ན་བསམ་པ་ཐག་པ་ན་བཙལ། ཐམས་ཅད་བསྡུ་བར་མ་ནུས་ན་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ། །གཉིས་པ་གནས་ལ་བློ་མཐུན་ནི། གསོ་སྦྱོང་མ་གཏོགས་པ་ལས་གཞན་ལ་མ་བཤད་པས་མ་བྱས་ཀྱང་ལས་མ་ཆགས་པའི་ཉེས་པ་མེད་ལ། གསོ་སྦྱོང་གི་གནས་ལ་བློ་མཐུན་མ་བྱས་པའི་སར་བྱས་ཀྱང་འགལ་བ་ཡོད་པ་ནི་མ་ཡིན་ནོ། །འདིར་འབྲི་ཁུང་བ། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་དང༌། གནས་ལ་བློ་མཐུན་བྱ་བ་གཉིས་སོ། །ཞེས་གསུངས་པ་ནི་མི་འཐད་དེ། ལྟུང་བ་ཐུན་མོང་བ་མེད་པའི་དགེ་འདུན་མི་སྲིད་པར་ཐལ་བའི་ཕྱིར། ལྟུང་བ་མེད་ཀྱང་བྱིན་གྱིས་རློབ་དགོས་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་དང༌། གང་ཟག་གི་ལས་རྣམས་ལ་དེ་མི་དགོས་པའི་ཕྱིར་དང༌། ལས་དེའི་སྔ་རོལ་དུ་ཡང་དེ་ཉིད་དགོས་པར་ཐལ་བའི་ཕྱིར་དང༌། དང་པོ་གསོ་སྦྱོང་གི་གནས་ལ་བློ་མཐུན་བྱས་ལ་མ་ཞིག་པའི་གནས་སུ་ལས་བརྒྱ་ཐམ་པ་གཞན་གང་བྱེད་ཀྱང་གནས་ལ་བློ་མཐུན་དགོས་པར་ཐལ་བའི་ཕྱིར་རོ། །དེ་ཡང་འདོད་ན། ཇི་སྐད་དུ་ལས་གཞན་གྱི་གནས་དེ་ཡིན་ནོ་ཞེས་གསུངས་པ་ཇི་ལྟར་མི་འགལ། གཉིས་པ་དངོས་གཞི་ལ། ལས་གང་གིས་བྱེད་པ་བྱེད་པ་པོའི་མཚན་ཉིད། གང་ལ་བྱ་བ་ཡུལ་གྱི་མཚན་ཉིད། གང་བྱེད་པ་ལས་ཀྱི་མཚན་ཉིད། ཇི་ལྟར་བྱས་པ་ལས་འཆགས་པའི་དུས་བསྟན་པའོ། །དང་པོ་ལ། མཛད་པ་པོ་དགེ་འདུན་གྱི་མཚན་ཉིད། བརྗོད་པ་པོ་ལས་མཁན་གྱི་མཚན་ཉིད་དོ། །དང་པོ་ལ། གྲངས་ཚང་བ། མཚན་ཉིད་ཚང་བ་མི་མཐུན་པ་གཉིས་དང་བྲལ་བའོ། །དང་པོ་ནི། ཡུལ་དབུས་སུ་སྐྱེས་པ། བསྙེན་པར་རྫོགས་པ་ལ་དགེ་སློང་བཅུ་ཚང་བ་དང༌། མཐའ་འཁོབ་ཏུ་སྐྱེས་པ་བསྙེན་པར་རྫོགས་པ་ལ་ལྔ་ཚང་བ་དང༌། དགེ་འདུན་ལྷག་མའི་དབྱུང་བ་ལ་དགེ་སློང་ཉི་ཤུ་ཚང་བ་དང༌། དགག་དབྱེ་ལ་སྤྱིར་བཏང་དུ་ལྔ་ཚང་བ་དགོས་ལ། དེ་ལས་གཞན་པའི་དགེ་སློང་གི་དགེ་འདུན་གྱི་ལས་རྣམས་ལ་དགེ་སློང་བཞིར་ཚང་བས་ཆོག་ཅིང༌། བསྙེན་པར་རྫོགས་པ་ལ་ཡང་བཞིས་ཆོག་པའི་དམིགས་བསལ་འོག་ནས་འབྱུང་ངོ༌། །གང་ཟག་གི་ལས་ལ་ནི། ལྟུང་བ་བཤགས་པའི་ཡུལ་ལྔ་དང་དྲུག་ལ་སོགས་པ་དང༌། གནས་དེར་ཚོགས་པ་ཐམས་ཅད་ཚང་དགོས་པ་སོགས་དང༌། དགེ་འདུན་དུ་མ་ལོངས་ཀྱང་ལས་དེ་འགྲུབ་པ་ཡོད་པ་ཅི་རིགས་པར་ཤེས་པར་བྱའོ། །གཉིས་པ་མཚན་ཉིད་ཚང་བ་ནི། ཁ་སྐོང་བར་འོངས་པ་ལ་ཆོས་བཅུ་གསུམ་དང་ལྡན་པ་གཅིག་དགོས་ཏེ། ཇི་སྐད་དུ། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །ཞེས་པ་ནས། འཁྲུལ་པ་དང་བཅས་པ་ཡང་ངོ༌། །ཞེས་པའི་བར་བཅུ་དང༌། མཚམས་གཞན་ན་གནས་པ་ནི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །ཞེས་དང༌། རྒྱལ་བ་ནི་མི་མཐུན་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་དང༌། སྨྱོན་པས་བཏོན་པ་ཡང་ངོ་ཞེས་དང༌། འདི་ལ་མཚན་མི་མཐུན་པ་ཉིད་ནི་ཡན་ལག་མ་ཡིན་ནོ་ཞེས་ཐུན་མོང་མ་ཡིན་པའི་ལས་རྣམས་ལ་མཚན་མཐུན་ཡན་ལག་ཏུ་དགོས་པར་བཤད་པའི་ཕྱིར། འོ་ན་ཐ་དད་དུ་གནས་པ་དང་བཅུ་བཞི་ཚང་དགོས་པ་མ་ཡིན་ནམ་ཞེ་ན། འདི་ལ་བུ་སྟོན་རིན་པོ་ཆེ་པའི་ཞལ་ནས། ཐ་དད་དུ་གནས་པ་ཞེས་པ། འགྲེལ་པར་ཆོས་ཀྱི་ཕྱོགས་ཁས་བླངས་པ་ལ་བཤད་པའི་ཕྱིར། ཆོས་ཕྱོགས་པའི་ལས་ཀྱི་ཁ་སྐོང་ལ་ཐ་དད་དུ་གནས་པ་མ་ཡིན་པ་མ་གཏོགས་པའི་བཅུ་གསུམ། ཆོས་མ་ཡིན་པའི་ཕྱོགས་པའི་ལས་ཀྱི་ཁ་སྐོང་ལ། སྡིག་པའི་ལྟ་བ་ཅན་མ་གཏོགས་པའི་བཅུ་གསུམ་ཡིན་པས། བཅུ་བཞིའི་ནང་ནས་གཉིས་ལ་བཞག་ལེན་བྱེད་པ་ཡིན་ནོ་གསུང་ངོ༌། །འོན་ཀྱང་ཆོས་མ་ཡིན་པའི་ཕྱོགས་པ་ལ་ནི། མཚམས་མེད་མ་བྱས་པ་ཡང་མི་དགོས་པ་འདྲའོ། །མདོར་ན། ལས་གྲལ་དེར་འདུས་པའི་དགེ་འདུན་རྣམས་ལྟ་བ་མཐུན་པ་གཅིག་དགོས་ཏེ། ཇི་སྐད་དུ་འགྲེལ་པར། འདིས་ནི་ཐམས་ཅད་ལྟ་བ་མཐུན་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འདུས་པ་འཁོད་པ་དག་གིས་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་པ་བསྡུས་ཞེས་བཤད་པས་སོ། །འདིར་ས་གཞན་ན་གནས་པ་ཉེར་ལྔ་ནི། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ། ངོ་བོ་ཉིད་ཀྱི་ཚོལ་བ་དང༌། མཐུན་པ་སྦྱིན་པ་དང༌། བསླབ་པ་སྦྱིན་པ་དང༌། བསྡིགས་སྨད། བསྐྲད་དང༌། ཕྱིར་འགྱེད་བཞི། གནས་ཕྱུང་བདུན་ཏེ་ཉེར་ལྔའོ། །དམིགས་བསལ་ནི་བསྒོ་བ་ལས་བྱུང་བ་ཕྱིར་བཅོས་པ་མ་བྱས་པ་ལས་ཉམས་སུ་མྱོང་བར་མི་བྱའོ་ཞེས་གསོ་སྦྱོང་དགག་དབྱེ་ནི་མ་གཏོགས་སོ། །ཞེས་གསུངས་པས་དགེ་འདུན་དབྱེན་གྱི་མཚམས་མེད་ཕྱིར་བཅོས་མ་བྱས་པར་ཡང་གསོ་དགག་གི་ལས་མྱོང་བར་རུང་བ་དང༌། ཕྱིར་བཅོས་བྱས་ནས་དགེ་འདུན་གྱི་ལས་མྱོང་བས་ཆོག་པ་གཅིག་གསུངས་པ་འདིའི་དགོངས་པ་བརྟག་པར་བྱའོ། །འཁྲུལ་པ་དང་བཅས་པ་ནི། ཇི་སྐད་དུ། བསྡམས་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གིས་ཡིན་པར་མ་ཟད་དོ་ཞེས་གསུངས་པ་ལྟར་རོ། །འོ་ན་དེ་ལྟ་བུ་དང་མི་ལྡན་པ་མི་རྙེད་དོ་སྙམ་ན། མིན་ཏེ། ཇི་སྐད་དུ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །འདིར་མཁན་ལྕང་ར་བ་ན་རེ། ལྟུང་བ་མི་མཐུན་པ་དུ་མ་འདུས་པ་དག་ལྟུང་བ་ཐུན་མོང་བ་བྱིན་གྱིས་རློབ་པར་བྱེད་པའི་ལས་མི་འཆགས། དེ་མ་ཆགས་ན་བསྙེན་རྫོགས་ཀྱི་ལས་དངོས་གཞི་མི་འཆགས་ཏེ་མ་ཆགས་ན་སྡོམ་པ་མི་སྐྱེ་བས། ཆོ་གའི་གཟུགས་བརྙན་ཙམ་འབའ་ཞིག་བྱེད་པར་ཟད་དོ་ཞེས་ཟེར་བ་ནི་མི་རིགས་ཏེ། ལུང་དང༌། རིགས་པ་དང༌། ཁས་བླངས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ལ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ་ཞེས་པ་ཁྱེད་ཀྱིས་ལྟུང་བ་བྱིན་གྱིས་བརླབ་པ་ཁོ་ན་ལ་སྦྱར་བས་ཤིན་ཏུ་འཁྲུལ་བའི་ཕྱིར་ཏེ། གཞུང་འདིས་ལྟུང་བ་ཐུན་མོང་མ་ཡིན་པ་བྱིན་གྱིས་བརླབས་པ་ཡང་བསྡུས་པའི་ཕྱིར་དང༌། ལྟུང་བ་བྱིན་གྱིས་བརླབས་པ་ལ་གཉིས་ལས། ཐུན་མོང་མ་ཡིན་པ་བྱིན་གྱིས་བརླབ་པ་ནི། ལས་གྲལ་དུ་མ་འདུས་པའི་གོང་རོལ་དུ་ལྟུང་བ་མི་མཐུན་པའི་དགེ་སློང་གཅིག་གི་དྲུང་དུ་བྱིན་གྱིས་རློབ་པ་ཡིན་ལ། དེར་མ་དྲན་ན་ལས་གྲལ་དུ་འདུས་ནས་ཀྱང་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱ་ཞིང༌། ལྟུང་བ་ཐུན་མོང་བ་བཤགས་ཡུལ་མེད་པ་རྣམས་ལས་གྲལ་དུ་འདུས་ནས་བྱིན་གྱིས་བརླབ་པ་ལུང་དེའི་དོན་ཡིན་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། ལྟུང་བ་ཐུན་མོང་མ་ཡིན་པ་སོ་སོ་བ་རྒྱུད་ལ་ལྡན་པའི་ལས་གྲལ་དེར་འདུས་པའི་དགེ་སློང་རྣམས་ཀྱིས་ལྟུང་བ་ཐུན་མོང་བ་ཆོས་ཅན། ལས་གྲལ་གཅིག་གི་ལྟུང་བ་ཐུན་མོང་བ་མ་ཡིན་པར་ཐལ། ཕམ་པ་མ་ཡིན་པ་གང་ཞིག ལྟུང་བ་རང་གི་ངོ་བོའི་སྒོ་ནས་ལྟུང་མཐུན་བྱིན་གྱིས་བརླབ་ན་མི་འཆགས་པའི་ལྟུང་བ་ཡིན་པའི་ཕྱིར། ཅི་སྟེ་ཐུན་མོང་མ་ཡིན་པ་རྣམས་ལ་ཐུན་མོང་གི་བྱིན་བརླབས་མི་འཆགས་པ་ལ་བསམ་ནས་དེ་སྐད་དུ་སྨྲས་པ་ཡིན་ནོ་ཞེ་ན། ཐུན་མོང་མ་ཡིན་པ་ལ་ཐུན་མོང་གི་བྱིན་བརླབས་བྱེད་པར་སུ་ཞིག་གིས་སྨྲས། ལྟུང་བ་ཐུན་མོང་མ་ཡིན་པ་རྒྱུད་ལྡན་གྱི་དགེ་སློང་དེ་དག་གི་རྒྱུད་ལ་ལྟུང་བ་ཐུན་མོང་བ་ཡོད་དམ་མེད། ཡོད་ན། ཅིའི་ཕྱིར་དེ་དག་ལ་བྱིན་བརླབས་མི་འཆགས། ཐུན་མོང་མ་ཡིན་པ་རྒྱུད་ལ་ལྡན་པས་གེགས་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ལྟུང་བ་ཐུན་མོང་བ་རྒྱུད་ལ་ལྡན་པས་ཀྱང་ཐུན་མོང་མ་ཡིན་པ་བྱིན་གྱིས་རློབ་པ་ལ་གེགས་བྱེད་པར་མཚུངས་སོ། །གཉིས་པ་ལྟར་ན། དེ་འདྲ་མེད་པའི་ལས་གྲལ་དེར་འདུས་ཀྱི་དགེ་སློང་རྣམ་དག་རྣམས་ཆོས་ཅན། བསྙེན་རྫོགས་དངོས་གཞིའི་ལས་མི་འཆགས་པར་ཐལ། ལྟུང་མཐུན་བྱིན་བརླབས་མི་འཆགས་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། དམ་བཅའ་ལ་ཚད་མའི་བསལ་ཞུགས་སོ། །གཞན་ཡང༌། ལྟུང་མཐུན་བྱིན་གྱིས་རློབ་མི་དགོས་པའི་དགེ་སློང་རྣམ་དག་གིས་ལྟུང་མཐུན་བྱིན་གྱིས་བརླབ་པར་ལས་བྱས་ཀྱང་མི་ཆགས་པར་ཐལ་བ་དང༌། དགེ་སློང་ལས་དང་པོ་པ་དག་གིས་དེ་ལྟར་བྱས་ཀྱང་དེ་མི་འཆགས་པར་ཐལ་བ་དང༌། སྔོན་གྱི་ཆོ་ག་ལ་རྟེན་ནས་ཀྱང་བསྙེན་རྫོགས་ཀྱི་སྡོམ་པ་མི་སྐྱེ་བར་ཐལ། ལྟུང་མཐུན་བྱིན་བརླབས་མ་ཆགས་ན་སྡོམ་པ་མི་སྐྱེ་བའི་ཕྱིར། དེར་མ་ཟད་ཀྱི། དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་རྣམས་སྐྱེ་བ་ལ་ཡང་ཐོག་མར་ལྟུང་མཐུན་བྱིན་བརླབས་དགོས་པར་ཡང་ཧ་ཅང་ཐལ་ལོ། །གསུམ་པ་ཁས་བླངས་པ་དང་འགལ་བ་ནི། བསྙེན་རྫོགས་དངོས་གཞིའི་ལས་དངོས་པོ་ལ་མ་ཆགས་ཀྱང་བསྒྲུབ་བྱས་ཆགས་པར་འདུ་ཤེས་པའི་བསྒྲུབ་བྱ་དེ་ཆོས་ཅན། བསྙེན་རྫོགས་ཀྱི་སྡོམ་པ་རང་རྒྱུད་ལ་མ་སྐྱེས་པར་ཐལ། རང་གི་རྒྱུ་བསྙེན་རྫོགས་ཀྱི་ལས་མ་ཆགས་པའི་ཕྱིར། གསུམ་པ་ཁས་བླངས་པ་ཡིན་ཏེ། ཁྱེད་ཉིད་ཀྱི་གཞུང་ལས་ཆུ་གཏོར་མ་སོགས་དང༌། དེ་བས་མ་སོགས་ལའང་དེ་དང་དེའི་སློབ་མས་དེ་དང་དེ་ལ་སྡོམ་པ་ལེན་པའི་ཚེ། མཁན་པོ་དེ་དང་དེ། བསྙེན་རྫོགས་ཀྱི་སྡོམ་ལྡན་དུ་ཡིད་ཆེས་ན་སྡོམ་པ་སྐྱེ་བར་གོང་དུ་ཤེས་བྱེད་ཀྱི་ལུང་གསལ་བ་དག་གིས་བསྒྲུབས་ཟིན་པའི་ཕྱིར། སྡོམ་རྒྱུད་མ་དག་པའི་སྐྱོན་ཅི་ཡང་མི་འབྱུང་ཞེས་དྲིས་པས་སོ། །དེ་ལྟར་ན་ཆུ་གཏོར་མ་དང༌། དེར་བས་མའི་བསྙེན་རྫོགས་ཀྱི་སྡོམ་པ་རྒྱུད་ལ་ལྡན་པའི་དགེ་སློང་དེ་ཆོས་ཅན། བསྙེན་རྫོགས་ཀྱི་སྡོམ་པ་རྒྱུད་ལ་མ་སྐྱེས་པར་ཐལ། རང་གི་རྒྱུ་བསྙེན་རྫོགས་དངོས་གཞིའི་ལས་མ་ཆགས་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །ཡང་ཁྱེད་ཀྱིས་འདི་སྐད་དུ། བཤགས་ཡུལ་དུ་འོས་པ་མེད་པར་གནས་དེའི་དགེ་སློང་ཐམས་ཅད་ལྟུང་བ་མང་ཉུང་གི་ཁྱད་པར་ཅུང་ཟད་ཀྱང་མེད་པ་འབའ་ཞིག་ཡིན་ན་ལྟུང་མཐུན་བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་ཏེ། ལས་ལ་མི་སྒྲིབ་པར་འགྱུར་རོ་ཞེས་བཤད་པ་དེ་ལྟ་ན། མཚམས་ནང་གཅིག་ན་ཕམ་པ་འཆབ་བཅས་དང་ལྡན་པའི་དགེ་སློང་འབའ་ཞིག་འཁོད་པའི་དུས་ཀྱི་ལྟུང་བ་མང་ཉུང་གི་ཁྱད་པར་མེད་པའི་དགེ་སློང་དེ་རྣམས་ཆོས་ཅན། ལྟུང་ཐུན་བྱིན་གྱིས་བརླབས་པས་དག་པར་ཐལ། ལྟུང་བ་མང་ཉུང་གི་ཁྱད་པར་ཅུང་ཟད་ཀྱང་མེད་པ་འབའ་ཞིག་ཡིན་པའི་ཕྱིར། ཞར་ལ་འོངས་པས་ཆོག་གོ །ཐུན་མོང་མ་ཡིན་པའི་ལས་ལ་མཚན་མཐུན་དགོས་པར་བཤད་པ་དེ་ཡང་སྤྱིར་བཏང་བ་ཡིན་ཏེ། ཞུ་བ་ལས། བཙུན་པ་ལས་བགྱིད་པའི་དགེ་སློང་ལས་བགྱིད་པ་ན་མཚན་གྱུར་ན་ལས་བགྱིས་པ་ཞེས་བགྱིའམ་ཨུད་པ་ལི་བྱས་པ་ཞེས་བྱའོ། །ཇི་ལྟར་ལས་བྱེད་པ་དེ་བཞིན་དུ་གྲངས་སུ་བགྲང་བས་ཀྱང་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་མི་མཐུན་པ་དང་བྲལ་པ་ལ། མི་མཐུན་པ་ནི་གཉིས་ཏེ། མ་འདུས་པའི་མི་མཐུན་པ་དང༌། ཕྱིར་ལོག་གི་མི་མཐུན་པའོ། །དང་པོ་ནི། ཇི་སྐད་དུ། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ་ལུས་སམ་འདུན་པས་དེ་ལ་རྗེས་སུ་མ་ཞུགས་པ་ཉིད་དང༌། ཞེས་པའི་ཁྱད་པར་བཞི་པོ་དེའི་སྟེང་དུ་སྨྱོས་པའི་གནང་བ་སྦྱིན་པ་མ་ཡིན་པ། གཞི་དེ་ན་གནས་པ་དེ་ལ་དེར་ཤེས་པའམ་འཕྲིགས་པ། དེ་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། གསོལ་བ་ཙམ་ཡང་མ་ཐོས་པའོ། །དམིགས་བསལ་ནི་མཚམས་གཅོད་པ་ལ་འདུན་པ་ཕུལ་བས་མི་ཆོག་སྟེ། ཇི་སྐད་དུ། མཚམས་བཅད་པ་ལ་ནི་མི་འགྲུབ་བོ། །ཞེས་གསུངས་པས་སོ། །མི་མཐུན་པ་གཉིས་པ་ནི། ཇི་སྐད་དུ། ཕྱིར་བཟློག་པར་བྱེད་པ་ཡང་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་པས་གལ་ཏེ་མི་མཐུན་པ་དང་ཆོས་དང་ལྡན་ན་སྤྱོད་ལམ་ལས་མ་ཉམས་པ་དང༌། རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་བསྡམས་པས་མངོན་པར་མི་ཤེས་པ་དང༌། ནང་དང་བཅས་པ་མ་གཏོགས་པ་ནི་མི་མཐུན་པ་ཉིད་དོ། །ཞེས་གསུངས་པ་དེའི་དོན་ནི་ཡང་གི་སྒྲས། མཚམས་ཀྱི་ཁོངས་སུ་གཏོགས་པ། གང་ལ་ལས་བྱེད་པ་མ་ཡིན་པ། སྤྱོད་ལམ་ལས་མ་ཉམས་པ། རང་བཞིན་དུ་གནས་པ། ངག་ཡང་དག་པར་བསྡམས་པ། འདུལ་བར་གཏོགས་པའི་བྱ་བ་མངོན་པར་མི་ཤེས་པ་མ་ཡིན་པ་ནང་ཞེ་འཁོན་དང་བཅས་པ་མ་ཡིན་པ་སྟེ། དགེ་སློང་ཆོས་བདུན་ལྡན་གྱིས་ལས་འདི་བྱ་བར་མི་རིགས་སོ། །ཞེས་ཕྱིར་བཟློག་ན། ཕྱིར་ལོག་འཆགས་སོ། །འོ་ན་གང་ལ་ལས་བྱེད་པ་དེས་ཕྱིར་ལོག་མི་འཆགས་པས་ཁྱབ་བམ་ཞེ་ན། མི་མཐུན་པ་ཆད་པའི་ལས་ལ་མི་ཆགས་པ་ཡིན་ལ། སྦྱིན་པ་དང་བསྐོ་བ་དང་བྱིན་གྱིས་རློབ་པའི་ལ་སོགས་གཞན་ལ་དེས་ཀྱང་ཕྱིར་ལྡོག་ཆགས་སོ། །འོ་ན་མི་མཐུན་པའི་ལས་ལ་དེས་ཕྱིར་ལྡོག་མི་འཆགས་པས་ཁྱབ་བམ་ཞེ་ན། དེའི་ལས་ཆོས་དང་ལྡན་པ་ལ་མི་འཆགས་པ་ཡིན་ལ་ཆོས་མི་ལྡན་ལ་དེས་ཕྱིར་ལྡོག་འཆགས་སོ་ཞེས་པ་གཞུང་གི་དོན་དུ་གསལ་ལ་འགྲེལ་ཆེན་ལྟར་ན། མི་མཐུན་པ་ཆད་པའི་ལས་དང༌། ཆོས་དང་ལྡན་པ་བདུན་པ་ལེན་པ་དང༌། དགེ་འདུན་ཚོགས་པ་གསོལ་བ་ལ་སོགས་པ་ཡིན་ན་མི་འཆགས་ལ། གང་ལ་བྱེད་པའི་ལས་དེ། མི་མཐུན་པ་མ་ཡིན་པ་སྦྱིན་པ་དང་བསྐོ་བའི་ལས་ལྟ་བུ་དང༌། ཆོས་དང་མི་ལྡན་པ་མ་ཡིན་ན་ནི། གང་ལ་བྱེད་པ་དེས་ཀྱང་ཕྱིར་ལོག་འཆགས་ཏེ། ལུང་ཞུ་བ་ལས། ཆོས་བཞིན་མ་ལགས་པར་ལས་བགྱིད་ཅིང༌། དེ་དག་ཀྱང་སླར་ལོག་སླར་དཀྲུག་ན་སླར་དཀྲུག་པ་མི་བཙན་ནམ་ཨུ་པ་ལི་བཙན་དེ་ངས་ཆོས་བཞིན་གྱི་ལས་ལ་དགོངས་ནས་བཙན་པར་གསུངས་སོ། །ཞེས་དང༌། བཙུན་པ་གང་ཟག་བཅུ་གཉིས་པོ་དག་བསྐོ་བ་ན་འདི་སྐད་ཅེས་བདག་ཅག་ལ་སྐོ་ཤིག་ཅེས་མཆི་ན་དེ་དག་གི་སླར་ལོག་པ་ཡང་མི་འཆགས་སམ་ཉེ་བར་འཁོར་འཆགས་ཏེ། མི་འཆགས་སོ་ཞེས་བྱ་བ་ནི་ངས་ཆད་པའི་ལས་ལ་དགོངས་སོ། །ཞེས་བཤད་པས་མི་མཐུན་པ་ཆད་ལ་ཆོས་མི་ལྡན་ལ་བསྒྲུབ་བྱ་ཕྱིར་ལྡོག་འཆགས་པར་གསུངས་སོ། །དེ་ལྟར་ན་ཕྱིར་ལྡོག་འཆགས་པ་ལ་ཆོས་བདུན་ལྡན་དགོས་པས་མ་ཁྱབ་ལ། ཕྱིར་ལྡོག་ཆགས་ན་ཕྱིར་ལྡོག་གི་མི་མཐུན་པ་བྱུང་བས་མ་ཁྱབ་སྟེ། བསྒྲུབ་བྱའི་ཕྱིར་ལྡོག་དེ་དགེ་འདུན་གྱི་མི་མཐུན་པ་མ་ཡིན་པའི་ཕྱིར། མདོར་ན་དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་སྒྲུབ་པར་མི་ནུས་པའི་འདུལ་བར་གཏོགས་པའི་ལས་གང་ཡང་མེད་པས་དེ་གང་ན་ཡོད་པའི་ས་ཕྱོགས་དེ་ན་སངས་རྒྱས་ཀྱི་བསྟན་པ་བཞུགས་སོ་ཞེས་ཤེས་པར་བྱའོ། །གཉིས་པ་བྱེད་པ་པོ་ལས་མཁན་གྱི་མཚན་ཉིད་ལ། སྤྱིར་བཏང་བ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། སྔར་བཤད་པའི་ཁ་སྐོང་གི་ཆོས་སྔ་མ་བཅུ་དང་ལྡན་པ་ཅིག་དགོས་ཏེ། ཇི་སྐད་དུ། དེ་དག་ནི་བྱེད་པ་པོ་མ་ཡིན་ནོ་ཞེས་གསུངས་པས་སོ། །དཀོན་མཆོག་གཞན་མ་ཡིན་པ་མི་དགོས་ཏེ། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་འདོན་པ་པོར་རུང་བའི་ཕྱིར། དེའི་རིགས་པས་ལས་བྱེད་པ་པོར་ཡང་རུང་ངོ་ཞེས་བུ་སྟོན་རིན་པོ་ཆེ་གསུང་ངོ༌། །མཚན་མཐུན་ཀྱང་ཡན་ལག་ཏུ་མི་དགོས་ཏེ། ཇི་སྐད་དུ། ལས་བྱེད་པ་པོས་མི་ནུས་ན་དེས་དགེ་སློང་གི་བྱས་པའི་ཚིག་ངེས་པར་བརྟགས་ན་རུང་ངོ༌། །ཞེས་པས་སོ། །དེའི་སྟེང་དུ་སྐབས་གང་ཡིན་གྱི་ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པ་གཅིག་དགོས་ཏེ། ཇི་སྐད་དུ། ལེགས་པར་ཐོན་པས་གདོན་དེ་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ། །ཞེས་དངོས་སུ་སོ་ཐར་གྱི་མདོ་ལ་གསུངས་ཀྱང་མཚོན་པ་འདྲ་ཞིང་བུ་སྟོན་རིན་པོ་ཆེ་པ་འདུལ་བ་ཡི་གེར་འབྲི་བའང་མ་གནང་ན་དཔེ་ཀློག་ལྟ་ཅི་སྨོས་ཞེས་གསུང་ངོ༌། །གཉིས་པ་ནི། ལྷག་མ་དང་བཅས་པ་ཕྱིར་འཆོས་པ་ལ་ཞུགས་པ་ནི་འདོན་པར་བྱེད་པ་ཡིན་ནོ་ཞེས་དང༌། སྤོ་བ་བྱེད་པས་ནི་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའོ། །ཞེས་དང༌། བཙུན་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང་ཉེ་བར་ཕྱོགས་པ་དང༌། བསླབ་པ་བརྩལ་བ་རྣམས་ཀྱིས་ལས་བགྱིས་ན་བགྱིས་ཞེས་བགྱིའམ། ཨུད་པ་ལི་བྱས་པ་ཞེས་བྱ་སྟེ་དགེ་འདུན་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །ཡང་བཙུན་པ་འགྲོ་བ་གཞན་དུ་གནས་པ་ཞིག་གིས་ལས་བགྱིས་ན་བགྱིས་པ་ཞེས་བགྱིའམ། ཨུད་པ་ལི་དེ་བཞིན་ནོ་ཞེས་གསུངས་པས་ལས་བྱེད་པ་པོ་གཞན་དུ་མ་བསྒྱུར་བ་མི་དགོས་སོ་ཞེས་བོད་སྔ་མ་བཞེད་ལ། བུ་རིན་པོ་ཆེ། བཙུན་པ་ལས་བྱེད་པ་འགྲོ་བ་གཞན་དུ་གནས་པས་འཚམས་སྐུམ་ན་སྐུམ་པ་ཞེས་བགྱིའམ། ཨུད་པ་ལི་མ་ཡིན་ནོ་ཞེས་གསུངས་པས། མ་བསྒྱུར་བ་དགོས་པར་བཞེད་དོ། །འདི་ན་བླ་མ་ལྕང་ར་བ་ན་རེ། མཁན་པོ་ནི། ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་དགོས་ཤིང༌། རྒྱ་ཆེར་འགྲེལ་པ་ལས། གང་ལ་ལོ་ལོན་པ་ཉིད་དང༌། འདུལ་བ་ལ་གནས་པའི་དོན་ཉིད་གཉིས་པོ་དེ་དག་ཡོད་པ་དེས་ནི་མཁན་པོ་ཉིད་ལ་སོགས་པ་གསུམ་པོ་དག་བྱ་སྟེ། ཞེས་བྱ་བས་དོན་སྒྲ་ཇི་བཞིན་པར་ཁས་ལེན་པར་བྱེད་དོ་ཞེས་ཟེར་རོ། །དེ་ལྟ་ན། སྟོན་པ་ཐུབ་པའི་དབང་པོ་དེ་ཆོས་ཅན། ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པར་ཐལ། མཁན་པོ་ཡིན་པའི་ཕྱིར། མ་གྲུབ་ན། ལུང་དང་རིགས་པ་དང་ཁས་བླངས་པ་དང་ཡང་འགལ་ཏེ། དེ་ཆོས་ཅན། མཁན་པོ་ཉིད་ལ་སོགས་པ་གསུམ་རུང་བར་ཐལ། གང་ལ་ལོ་བཅུ་ལོན་པ་ཉིད་དང༌། འདུལ་བ་ལ་གནས་པའི་དོན་གཉིས་དང་ལྡན་པའི་དགེ་སློང་ཡིན་པའི་ཕྱིར། འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཁོ་བོ་ཅག་གི་ལུགས་ལ་ནི་ལྔ་ཕྲུགས་ཀྱི་གཞུང་འགྲེལ་དེ་ཡིན་པས་ད་ལྟར་ཆོ་གའི་དབང་དུ་བྱས་ནས་འཆད་པའི་ཕྱིར་རོ། །དེ་ཁོ་ནར་མ་ཟད་ཀྱི་ལྟུང་མཐུན་རྒྱུན་ལྡན་གྱི་དགེ་སློང་དེའང་མཁན་པོར་མི་འོས་པར་འགྱུར་ལ་དེའང་དེ་ལྟར་ན། ཁྱེད་ཅག་མཁན་པོའི་བྱ་བ་རྣམས་བྱས་ཟིན་པའི་འོག་ཏུ་ལྟུང་མཐུན་བྱིན་གྱིས་རློབ་པ་ཇི་ལྟར་འཆད་དགོས་སོ། །ཡང་མཁན་པོའི་བྱ་བ་གང་དག་འགྲེང་བའི་སྤྱོད་ལམ་གྱིས་བྱ་མི་རུང་བར་འགྱུར་ཏེ་ཁ་སྐོང་གི་ཆོས་བཅུ་གསུམ་ཚང་དགོས་པའི་ཕྱིར། འོ་ན་དེས་ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་རློབ་པ་ངེས་པར་འགྲེང་བའི་སྤྱོད་ལམ་གྱིས་བྱ་དགོས་པ་དང་འགལ་ཞིང་བསྒྲུབ་བྱ་དེའི་བསྙེན་རྫོགས་ཀྱི་མཁན་པོ་དེ་དེ་བསྙེན་པར་རྫོགས་པར་བྱེད་པའི་ཁ་སྐོང་དུ་དགོས་པའི་ངེས་པ་མེད་པ་དེ་ཁྱེད་ཀྱིས་མ་ཤེས་པས་ནོངས་པ་ཡིན་ནོ། །གཞན་མཁན་པོ་ཉམས་པ་དང་མ་རྫོགས་པས་རུང་བར་བཤད་པའང་ཇི་ལྟར་དྲང༌། གཉིས་པ་གང་ལ་བྱ་བ་ཡུལ་གྱི་མཚན་ཉིད་ལ། སློབ་དཔོན་ཐོགས་མེད་ཀྱིས་གཉིས་སུ་བསྡུས་པ་ལྟར། གཞི་སེམས་ཅན་མ་ཡིན་པ་ལ་བྱ་བ་དང༌། སེམས་ཅན་ལ་བྱ་བ་གཉིས་སོ། །དང་པོ་ལ། གསོ་སྦྱོང་གི་གནས་ལ་བློ་མཐུན་བྱ་བ་དང༌། མཚམས་པོ་ཆེ་བཅད་པ་དང༌། དགྲོལ་བ་དང༌། མཚམས་བུ་ཆུང་བཅད་པ་དང་འགྲོལ་པ་དང༌། རུང་ཁང་ལ་བློ་མཐུན་བྱ་བ་དང༌། དེ་དགྲོལ་བ་དང༌། མཚམས་ལས་མི་འབྲལ་བའི་གནང་བ་སྦྱིན་པ་དང༌། སྲ་བརྐྱང་གདིང་བའི་བློ་མཐུན་བྱ་བ་དང༌། སྲ་བརྐྱང་དབྱུང་བ་ལྟ་བུ་སྟེ། དེས་མཚོན་ནས་གཞན་ཡང་ཤེས་པར་བྱའོ། །དེ་རྣམས་ལ་གཞི་སོ་སོའི་མཚན་ཉིད་དང་ལྡན་པ་དགོས་ཏེ། དཔེར་ན་གནས་ལ་བློ་མཐུན་བྱ་བ་ལ། གནས་དེ་གང་དུ་དགེ་འདུན་གསོ་སྦྱོང་བྱེད་པའི་གནས་ཡིན་པ་སྲ་བ་དང་འབྲེལ་བ། མི་མ་ཡིན་པ་ལ་སོགས་པ་གཞན་གྱིས་བསྲུངས་པ་མ་ཡིན་པ། མཛེས་ཤིང་གཙང་ལ་ཡངས་པ་ཡིན་པ་དང༌། མཚམས་པོ་ཆེ་གཅོད་པ་ལ་དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་པ། ཕྱོགས་བཞིའི་མཚན་མ་བརྟན་པོ་དང་ལྡན་པ། འོག་གཞི་སྲ་བ་དང་འབྲེལ་བ། སྔར་མཚམས་བཅད་ཟིན་མ་ཡིན་པ། མཚམས་གཞན་གྱི་ཉེ་འཁོར་མ་ཡིན་པ། བར་དུ་མཚམས་གཞན་མ་ཞུགས་པ་དགོས་པ་ལྟ་བུ་སྟེ། གཞན་ཡང་ལུང་གི་ཚིག་ལས་དཔག་སྟེ་ཤེས་པར་བྱའོ། །གཉིས་པ་ཡུལ་སེམས་ཅན་ལ་བྱ་བ་ལ། ཁྱིམ་པའི་རྟེན་ལ་བྱ་བ་དང༌། རབ་ཏུ་བྱུང་བའི་རྟེན་ལ་བྱ་བའོ། །དང་པོ་ནི། ལྷུང་བཟེད་ཁ་སྦུབ་དང༌། བསྲང་བ་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། དེ་གཞིག་པ་དང༌། མུ་སྟེགས་ཅན་ལ་གནས་པ་སྦྱིན་པ་སྟེ་ལྔའོ། །དེ་རྣམས་ལ་ཡང་གཞི་སོ་སོའི་མཚན་ཉིད་དང་ལྡན་པ་དགོས་ཏེ། དཔེར་ན་ཁ་དབུབ་པའི་གཞི་ཁྱིམ་པ་ཡིན་པ། དགེ་སློང་ལ་ཕམ་པར་གྱུར་པས་སྐུར་པ་སོགས་དང༌། རང་གི་ཕྱོགས་སུ་གཏོགས་པ། ཚོགས་སུ་མ་ཚང་བ་དགོས་པ་ལྟ་བུའོ། །དེ་ཡང་ལས་སྔ་མ་བྱས་ཟིན་ཆགས་པའི་སྟེང་དུ་ཕྱི་མ་མི་འཆགས་པ་ནི་ལས་ཐམས་ཅད་ལ་འདྲ་བར་གསུངས་སོ། །གཉིས་པ་ལ་རྫོགས་པའི་རྟེན་ལ་བྱ་བ་དང༌། མ་རྫོགས་པའི་རྟེན་ལ་བྱ་བ་གཉིས། དང་པོ་ལ་སྦྱིན་པའི་ལས་དང༌། བསྐོ་བ་དང༌། མི་མཐུན་པ་དང༌། བྱིན་གྱིས་བརླབས་པ་དང༌། ཡོ་བྱད་སྦྱིན་པ་དང༌། རྗེས་སུ་གནང་བ་དང༌། རང་གི་དོན་ལ་སྦྱར་བ་དང༌། རབ་བྱུང་རྣམས་ལ་མཁོ་བ་རྣམ་པར་བཞག་པ་དང་བརྒྱད་དོ། །དང་པོ་ལ་ཁང་པའི་རུང་བ་བསྟན་པ་སྦྱིན་པ། ཁང་ཆེན་གྱི་རུང་བ་བསྟན་པ་སྦྱིན་པ། རྒན་པོ་དང་ནད་པ་ལ་སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྦྱིན་པ་དང༌། ལོ་དྲུག་མ་ལོན་པར་སྟན་བྱེད་གནང་བ་སྦྱིན་པ་དང༌། འཁར་བ་དང་དྲྭ་བའི་གནང་བ་སྦྱིན་པ་དང༌། ཞག་བཞི་བཅུའི་གནང་བ་སྦྱིན་པ་དང༌། ངོ་བོ་ཉིད་ཚོལ་བ་སྦྱིན་པ་དང༌། བསླབ་པ་སྦྱིན་པ་དང༌། མཐུན་པ་སྦྱིན་པ་དང༌། མཐུན་པའི་གསོ་སྦྱོང་སྦྱིན་པ་དང༌། སྤོ་བ་སོགས་གསུམ་སྦྱིན་པ་དང༌། མགུ་བ་སོགས་གསུམ་སྦྱིན་པ་དང༌། དབྱུང་བ་དང༌། དྲན་པས་འདུལ་བ་དང༌། མ་སྨྱོས་པས་འདུལ་བ་སྦྱིན་པ་དང༌། ནན་ཏུར་བྱས་པ་ལ་བཟོད་པ་སྦྱིན་པ་རྣམས་སོ། །དེ་ལ་ཡང་བཅུ་སྟེ། བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་དང༌། མ་མཐོང་བ་དང༌། ཕྱིར་མི་འཆོས་པ་དང༌། སྡིག་ལྟ་ཅན་དང༌། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་ཕྱུང་བ་དང༌། ལས་བྱེད་པ་དང༌། ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པ་ལ་བཟོད་པ་སྦྱིན་པ་རྣམས་སོ། །འདིར་ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པ་ནི། ལུང་རྣམ་འབྱེད་དུ། ཆད་ལས་སུ་བྱས་ནས་གསོལ་གདབ་མེད་པར་མི་འདོད་བཞིན་དུ་སྦྱིན་པར་བཤད། དེ་དང་མཐུན་པར་ལས་བརྒྱ་རྩ་གཅིག་ཏུའང༌། གསོལ་གདབ་མེད་ཅིང་བཟོད་གསོལ་སྦྱིན་པར་བཤད། ལུང་གཞི་ནས་གསོལ་གདབ་སྔོན་དུ་འགྲོ་བར་གསུངས་ཤིང༌། མདོ་རྩ་བར་ཡང་ཁ་ཅིག་གིས་ནི་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏོ་ཞེས་ཟེར་རོ། །དེ་ནི་མི་བཟང་སྟེ། མདོ་སྡེ་དང་འགལ་བའི་ཕྱིར་རོ། །ཞེས་ནན་ཏུར་ཡིན་པ་བཀག་ནས་སྦྱིན་པའི་ལས་སུ་བསྒྲུབས་སོ། །དེ་ལྟར་ན་ནན་ཏུར་ཡིན་ན་སྦྱིན་ལས་སུ་འགལ་ལ། སྦྱིན་ལས་ཡིན་ན་བཟོད་གསོལ་མི་དགོས་པས། བཤད་མ་ཐག་པའི་སྦྱིན་ལས་ཀྱི་རྐང་གྲངས་འཆད་པའི་སྐབས་སུ་བཞག་ལེན་སོ་སོར་ཕྱེད་དགོས་སོ། །གཉིས་པ་བསྐོ་བའི་ལས་ནི་གསང་སྟོན་བསྐོ་བ་དང༌། གནས་མལ་སྟོབས་པ་དང༌། དགག་དབྱེ་བྱེད་པ་དང༌། སྲ་བརྐྱང་འདིངས་པ་དང༌། སྦེད་པའི་དགེ་སློང་བསྐོ་བ་དང༌། སྤོང་བ་པའི་ཞལ་ཏ་པ་དང༌། ལག་གི་བླ་དང༌། ལག་དཔོན་བསྐོ་བ་དང༌། གང་ཟག་བཅུ་གཉིས་བསྐོ་བ་དང༌། གཟུ་བོ་དང༌། གསལ་བ་གཉིས་དང༌། རྩོད་པ་སྦེད་པ་དང༌། གང་མང་གི་ཚུལ་ཤིང་བྲིམ་པ་དང༌། ཁྱིམ་སུན་འབྱིན་པ་ལ་གླེང་བ་པོ་བསྐོ་བ་དང༌། དགེ་སློང་དང་དགེ་སློང་མ་སྡིག་ཅན་སྐྱེ་བོ་ཕལ་པོ་ཆེ་ལ་གོ་བར་བྱེད་པ་བསྐོ་བ་དང༌། དགེ་སློང་མའི་སྟོན་པ་དང༌། ནགས་ཉུལ་བ་བསྐོ་བ་དང༌། སྡེར་སྤྱད་འབྲིམ་པ་དང༌། གནས་མལ་བྱི་བོ་འབྲིམ་པ་དང༌། ཤིང་ཏོག་འབྲིམ་པ་དང༌། ཆུའི་ཞལ་ཏ་པ་དང༌། བང་རིམ་གྱི་ཞལ་ཏ་པ་དང༌། སྒེའུ་ཆུང་བསྲུང་བ་བསྐོ་བ་རྣམས་སོ། །དེ་རྣམས་ལ་ཁ་སྐོང་གི་ཆོས་དང་ལྡན་ཞིང་འགྲོ་བ་བཞི་དང་བྲལ་བ་དང༌། སྤྲོ་བ་དང་ལྡན་པ་དགོས་ཏེ། མི་སྤྲོ་ན་དེས་ཕྱིར་བཟློག་འཆགས་པའི་ཕྱིར་གསུམ་པ་མི་མཐུན་པའི་ལས་ལ་བཞི་སྟེ་གྲངས་སུ་གཞུག་པ་དང༌། ལྡོག་པའི་ཕྱིར་བསྒོ་བའི་ལས་དང་བཅད་ཅིང་དམའ་དབབ་པའི་ལས་དང༌། སྤང་བའི་ལས་དང་བཞིའོ། །དང་པོ་ལ་དགེ་འདུན་གྱི་ཞལ་ཏ་པ་ལ་ངོར་འཕྱ་བ་ལ་དེའི་གྲངས་སུ་གཞུག་པ་དང༌། ཟུར་གྱིས་གཞོག་འཕྱས་བྱེད་པ་ལ་དེའི་གྲངས་སུ་གཞུག་པ་ལ་སོགས་པ་བཞིའོ། །གཉིས་པ་ལ་ཡང༌། བསྒོ་གྱུར་གྱི་ལྟུང་བ་བཅུ་བཞིའི་དབྱེ་བས་རྣམ་པ་བཅུའོ། །འདི་དག་ལ་ཡང་སོ་སོ་རང་རང་གི་གཞི་མཚན་ཉིད་དང་ལྡན་པ་དགོས་ཏེ། དཔེར་ན་དགེ་འདུན་དབྱེན་ལ་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ཐ་སྙད་གསུམ་དང་ལྡན་པ། ལྟ་བ་དང་མཚན་མཐུན་པ། གནས་ནས་མ་ཕྱུང་བ། བྱེ་བ་ན་གཞན་གྱི་ཕྱོགས་སུ་མ་སོང་བ། གཟུགས་གཞན་དུ་བསྒྱུར་ཞིང་མི་སྣང་བར་མ་བྱས་པ། དགེ་འདུན་གྱི་དབྱེན་མཚན་ཉིད་པ་ལ་ཞུགས་ཤེས་པ་ཡིན་པ། བཞམས་བསྒོ་བྱས་ལ་ཆགས་པ་ཡིན་པ་དགོས་པ་ལྟ་བུའོ། །འདི་ལ་མཚམས་ཀྱི་ནང་ན་གནས་པ་ཡང་དགོས་ཏེ། ཇི་སྐད་དུ། བཙུན་པ་མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ་ཨུད་པ་ལི་མ་ཡིན་ནོ། །ཞེས་གསུངས་པས་སོ། །འདི་དག་མི་མཐུན་པའི་ལས་ཡིན་ཀྱང་ཆད་ལས་དངོས་མ་ཡིན་ཏེ། བྱ་བ་ངན་པ་ལས་ལྡོག་པའི་ཆེད་དུ་གྲོས་འདེབས་པ་ཙམ་ཡིན་པས་སོ། །གསུམ་པ་ཆད་པས་བཅད་པའི་ལས་ལ། བསྡིགས་སྨད་བསྐྲད་དང་ཕྱིར་འགྱེད་བཞིའི་ནན་ཏུར་དང༌། བརྗོད་བཅས་ནན་ཏུར་དང༌། གསོ་དགག་བཞག་པའི་ནན་ཏུར་རྣམས་སོ། །དེ་རྣམས་སོ་སོའི་ངོ་བོ་ནི། འཐབ་དཀྲོལ་བྱེད་པའི་དགེ་སློང་ལ་འཐབ་དཀྲོལ་བྱེད་པ་རྒྱུན་མི་གཅོད་ན་གནས་ནས་འབྱིན་ནོ་ཞེས་བསྡིགས་པའི་ནན་ཏུར་དང༌། དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་གང་ཟག་དམན་པ་གཅིག་རྐྱང་མི་ཐུབ་པ་ཡིན་པས་གཞན་ལ་གནས་འཆའ་ཞིང་གཏོད་ཅིག་ཅེས་སྨད་པ་ནན་ཏུར་དང༌། ཁྱིམ་པ་སུན་འབྱིན་པ་སྟེ་མ་དད་པར་བྱས་པ་ལ་ཁྱིམ་པ་མ་རངས་པ་སྤང་བའི་དོན་དུ་སུན་ཕྱུང་གནས་ནས་བསྐྲད་པའི་ནན་ཏུར་དང༌། ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཁྱིམ་པ་ཡི་ཆད་པ་བསལ་བའི་དོན་དུ་ཁྱོད་ཀྱིས་ལས་ཀྱི་མཐའ་འདི་མ་བཏང་གི་བར་དུ་ངེད་ཁྱོད་ལ་མཛའ་བཅུགས་དང་དགའ་བའི་དངོས་པོ་ཕྱིར་བསྡུད་དོ་ཞེས་ཕྱིར་འགྱེད་ནན་ཏུར་དང༌། ལྟུང་བ་གླེང་བའི་སྐབས་མི་འབྱེད་པ་ལ་བརྗོད་བཅས་དང་མི་གདམས་པས་མ་ཐུལ་ན་གསོ་དགག་བཞག་པ་རྣམས་སོ། །དེ་རྣམས་ལ་ཡང་གཞི་སོ་སོ་རང་གི་མཚན་ཉིད་དང་ལྡན་པ་དགོས་ཏེ། དགེ་སློང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ་ཤེས་པ་རང་བཞིན་དུ་གནས་པ། ནད་པ་མ་ཡིན་པ། གཟུགས་གཞན་དུ་བསྒྱུར་ཞིང་མི་སྣང་བར་བྱས་པ་མ་ཡིན་པ། ཤེས་པ་དང་བསོད་ནམས་ཆེན་པོ་དང༌། སྡེ་སྣོད་གསུམ་འཛིན་པ་དང༌། ཐོས་པ་དང༌། ཕྱོགས་དང༌། འཁོར་མང་པོ་དག་ལ་ནན་ཏུར་བྱས་ན་དགེ་འདུན་བྱེ་འགྱུར་གྱི་དགག་བྱ་ཡོད་པས་དྲུག་པོ་གང་རུང་མ་ཡིན་པ། ཆོས་གཞན་པའི་ཕྱོགས་སུ་མ་སོང་བ་ཚོགས་སུ་མ་ལོངས་པ། ནང་ཞེ་འཁོན་དང་བཅས་པ་མ་ཡིན་པ། སྔར་གནས་ནས་མ་ཕྱུང་བ། བཞམས་བསྒོ་བྱས་ལ་ཆགས་པ་དང་ལྡན་པ་རྣམས་གཞིར་བཞག་པའི་སྟེང་དུ་སོ་སོར་རང་གི་གཞིའི་མཚན་ཉིད་ཚང་དགོས་སོ། །དྲུག་པོ་འདི་ལ་དམའ་དབབ་པའི་ལས་ཞེས་བྱའི་སྤངས་པའི་ལས་ཞེས་ནི་མི་བྱ་སྟེ། དགེ་འདུན་གྱིས་ཆོས་དང་ཟང་ཟིང་གིས་མ་སྤངས་པའི་ཕྱིར། བཞི་པ་སྤངས་པའི་ལས་ནི། གནས་ཕྱུང་ནན་ཏུར་བདུན་ཡིན་ལ། སོ་སོའི་ངོ་བོ་ནི། ཕྱིར་མི་འཆོས་གནས་དབྱུང་དང༌། སྡིག་ལྟ་འཛིན་པ་ལ་བསྒོ་བའི་ལས་བྱས་ཀྱང་མི་གཏོང་བ་ལ་གནས་ནས་ཕྱུང་བ་དང༌། མ་མཐོང་གནས་དབྱུང་ནན་ཏུར་དང༌། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་ཕྱུང་བ་དང་བཞི་ལ་ལས་བརྒྱ་རྩ་གཅིག་ནས་ལས་དངོས་སུ་གསུངས་ལ་འཐབ་དཀྲོལ་ལ་འབད་པས་མ་ལྡོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ། །རྣམ་པར་གཏན་ལ་འབེབས་པ་ལ་ཉེ་བར་ཞི་བས་སོ། །འཐབ་དཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པ་ཡང་གནས་ནས་དབྱུང་བར་བྱའོ། །ཞེས་པའི་གནས་དབྱུང་ཕྱི་མ་གསུམ་ལ་ནན་ཏུར་གྱི་ལས་དངོས་སུ་མ་གསུངས་ཀྱང་རུང་མཐུན་སྦྱར་དགོས་ཤིང༌། ཆོས་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་འཐབ་དཀྲོལ་ལ་འོག་ནས་འབྱུང་བའི་ཞི་བྱེད་ཀྱིས་མ་ཞི་ན་གནས་ནས་དབྱུང་དགོས་པ་ཡིན་ནོ། །དེ་ལྟར་བདུན་པོ་དེ་ལ་སྤངས་པའི་ལས་ཞེས་བྱ་སྟེ། དགེ་འདུན་གྱི་ཆོས་དང་ཟང་ཟིང་གིས་སྤངས་པའི་ཕྱིར་རོ། །བཞི་པ་བྱིན་གྱིས་བརླབ་པའི་ལས་ནི། ལས་བྱེད་པའི་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན། ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་དང༌། ལྟུང་བ་དེ་ལ་དགེ་འདུན་ཐམས་ཅད་ཡིད་གཉིས་སུ་གྱུར་པ་དང༌། ངེས་པ་ཉིད་མ་ཡིན་པ་དང༌། ལྟུང་བའི་ཕྱིར་བརྩོད་པར་གྱུར་ན་བྱིན་གྱིས་བརླབ་པ་སྟེ་བཞི་པོ་ལ་གསོ་དགག་གཉིས་སོ་སོར་ཕྱེ་བས་བརྒྱད། ནོར་འདྲ་བ་བྱིན་གྱིས་བརླབ་པ་དང་དགུའོ། །དེ་རྣམས་ལ་ཡང་གཞི་སོ་སོའི་མཚན་ཉིད་དང་ལྡན་པ་དགོས་ཏེ། དཔེར་ན་ལྟུང་མཐུན་བྱིན་གྱིས་བརླབ་པ་ལ། དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ། དྲན་པར་ནུས་པ། བསྡམས་པས་ཕྱིར་བཅོས་ནུས་པ་མ་ཡིན་པ། བཤགས་ཡུལ་མེད་པའམ་ཡོད་ཀྱང་ཕྱིར་བཅོས་མི་ནུས་པ་ཅིག་དགོས་པ་ལྟ་བུའོ། །ལྔ་པ་སྦྱིན་པའི་ལས་ནི། ཞལ་ཏ་པ་ཆོས་གོས་ངན་པ་དང༌། དགེ་སློང་མ་ཆོས་གོས་ངན་པ་ལ་རས་ཡུག་ཆེན་སྦྱིན་པ་ལ་བློ་བསྟུན་པའི་གསོལ་བའི་ལས་བྱ་བ་དང༌། སྲ་བརྐྱང་འདིངས་པ་ལ་སྲ་བརྐྱང་གཏད་པའི་ཕྱིར་གསོལ་བའི་ལས་བྱ་བ་གསུམ་མོ། །དྲུག་པ་རྗེས་སུ་གནང་བའི་ལས་ནི། གསང་སྟེ་སྟོན་པ་བསྐོ་བ་དང༌། སོ་སོ་ཐར་པའི་མདོ་འདོན་པའི་ཕྱིར་དང༌། དགག་དབྱེ་བྱ་བའི་ཕྱིར། ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་རྣམས་སོ། །བདུན་པ་རང་གི་དོན་ལ་སྦྱར་བ་ལ་ཚུལ་ཤིང་འབྲིམ་པ་དང༌། དབྱར་གནས་པར་ཁས་བླངས་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་དང༌། ཁྱིམ་སུན་འབྱིན་པར་བྱེད་པའི་དགེ་སློང་སྐྱེ་བོ་ཕལ་པོ་ཆེ་ལ་གོ་བར་བྱེད་པའི་དགེ་སློང་རང་མི་སྤྲོ་ན་དགེ་འདུན་གྱིས་གསོལ་བའི་ལས་བྱ་བ་རྣམས་སོ། །བརྒྱད་པ་རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་བཞག་པ་ལ། དགེ་སློང་མ་དང་འདྲེ་ཞིང་གནས་པ་གནས་ནས་ཕྱུང་བ་ལ། དགེ་སློང་མས་ཕྱག་མི་བྱ་བའི་སྡོམ་པ་བྱིན་པའི་གསོལ་གཉིས་ཀྱི་ལས་དང༌། སྨྱོས་པའི་གནང་བ་སྦྱིན་པའི་གསོལ་གཉིས་ཀྱི་ལས་དང༌། གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་ཀྱི་རྙེད་པ་གཅིག་ཏུ་བྱ་བ་ལ་གསོལ་གཉིས་ཀྱི་ལས་ཏེ་འདིར་གསུམ་འཆད་ལ། སྤྱིར་འགྲེལ་པ་ལས། རབ་ཏུ་བྱུང་བ་ལ་མཁོ་བ་རྣམ་པར་བཞག་པའི་ལས་བཅུ་དྲུག་གསུངས་སོ། །གཉིས་པ་བསྙེན་པར་མ་རྫོགས་པའི་རྟེན་ལ་བྱ་བ་ལ། སྦྱིན་པའི་ལས་དང་མི་མཐུན་པའི་ལས་གཉིས། དང་པོ་ནི། དགེ་ཚུལ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པ་དང༌། ཞག་བཞི་བཅུའི་གནང་བ་སྦྱིན་པ་དང༌། བསླབ་པ་སྦྱིན་པ་དང༌། དྲན་པས་འདུལ་བ་སྦྱིན་པ་དང༌། མ་སྨྱོས་པས་འདུལ་བ་སྦྱིན་པ་དང༌། ངོ་བོ་ཉིད་ཚོལ་བ་དང༌། མཐུན་པ་སྦྱིན་པ་རྣམས་སོ། །གཉིས་པ་མི་མཐུན་པའི་ལས་ལ། བུ་སྟོན་རིན་པོ་ཆེ་ནི། དགེ་ཚུལ་ལ་ཡང་གྲངས་སུ་གཞུག་པ་བཞི་བཞེད་པས། དེ་ལྟར་བཞི་དང༌། དགེ་ཚུལ་སྡིག་ལྟ་ཅན་ལ་ལྡོག་པའི་ཕྱིར་བསྒོ་བའི་ལས་དང༌། དེ་མ་བཏང་ན་བསྙིལ་བའི་ལས་སོ། །འདིར་འགྲེལ་པ་ལས། འདི་ལ་ནི་སྨད་པ་ཉིད་དུ་རྣམ་པར་བཞག་གི་སྤང་བར་བྱ་བའི་ལས་ནི་མ་ཡིན་ཏེ། བསྟན་པ་ལ་ཞུགས་པ་ཡོངས་སུ་མ་རྫོགས་པ་ཡིན་པའི་ཕྱིར། ཞེས་བཤད་པ་ནི། གནས་ཕྱུང་གཞན་རྣམས་ལ་ཡང་རིགས་པ་མཚུངས་པས་དགེ་ཚུལ་ལ་གནས་དབྱུང་མི་བྱ་ལ། དེ་རྒྱུ་མཚན་ཡང་བསྟན་པ་ལས་ལོག་པའི་སྐྱོན་ཡོད་དོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་གསུང་ངོ༌། །བསྡིགས་བསྐྲད་དང་ཕྱིར་འགྱེད་གསུམ་དང༌། གསོ་དགག་བཞག་པ་རྣམས་དགེ་ཚུལ་ལ་ཡང་བྱ་སྟེ། ལུང་ཞུ་བ་ལས། བཙུན་པ་དགེ་སློབ་མ་དང་དགེ་ཚུལ་མ་དང་དགེ་ཚུལ་ཕ་རྣམས་ཆོས་དེ་དག་དང་ལྡན་པ་ལ་ལས་དེ་རྣམས་བགྱིའམ་ཨུད་པ་ལི་རྣམ་པར་དག་པའི་ལས་མ་གཏོགས་པ་གཞན་རྣམས་ནི་བྱའོ་ཞེས་དང༌། ཇི་སྐད་དུ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །འོན་ཀྱང་དེ་དག་ལ་སྨད་པ་ནན་ཏུར་དང་སྤོ་མགུ་སོགས་མི་བཞག་སྟེ། དགེ་འདུན་ལྷག་མ་མེད་པའི་ཕྱིར། བསྐོ་བའི་ལས་ལ་སོགས་པ་ལས་ལྷག་མ་རྣམས་མེད་དེ། ཁ་སྐོང་དུ་མི་འོས་པའི་ཕྱིར་དང༌། ལས་གྲལ་དུ་འདུ་བར་མི་དབང་བའི་ཕྱིར། བཤད་མ་ཐག་པའི་སྦྱིན་ལས་ལ་སོགས་པ་བརྒྱད་ཀྱི་ཐ་སྙད་དེ་ནི། སློབ་དཔོན་དུལ་བ་ལྷས། ལས་བརྒྱ་རྩ་གཅིག་པོ་ལས་རིགས་བཅུ་གསུམ་དུ་བསྡུ་བའི་ཚུལ་རྒྱ་ཆེར་འགྲེལ་པར་དྲངས་པ་ལས་འབྱུང་ལ། གཞི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་བྱ་བའི་ཚུལ་གཉིས་སུ་བསྡུས་པ་དེ་ནི། འཕགས་པ་ཐོགས་མེད་ཀྱིས་གཞི་བསྡུ་བར། འདུལ་བ་བསྡུས་པའི་སྐབས་སུ་འབྱུང་ངོ༌། །གསུམ་པ་གང་བྱ་བ་ལས་ཀྱི་མཚན་ཉིད་ལ། རྒྱུ་བསམ་པའི་མཚན་ཉིད། ལས་རང་གི་ངོ་བོའི་མཚན་ཉིད། འབྲས་བུ་ལས་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དང་པོ་ལ། བྱེད་པ་པོ་དགེ་འདུན་གྱི་བསམ་པ་དང༌། གང་ལ་བྱ་བ་བསྒྲུབ་བྱའི་བསམ་པ་དང་གཉིས་སོ། །དང་པོ་ལ། འདུ་ཤེས་དང༌། ཀུན་སློང་གཉིས། དང་པོ་ནི། ལས་ཐམས་ཅད་ལ་བྱེད་པ་པོ་དགེ་འདུན་གྱི་འདུ་ཤེས་གཙོ་བོ་ཡིན་ཏེ། བསྒྲུབ་པར་བྱ་བའི་གཞི་སོ་སོའི་མཚན་ཉིད་དང་ལྡན་པ་དོན་ལ་ཡིན་པ་ལ། དགེ་འདུན་གྱིས་དེ་ལྟར་འདུ་ཤེས་པའམ། ཐེ་ཚོམ་ཟ་བས་ཀྱང་ལས་འཆགས་པའི་ཕྱིར་ཏེ། དོན་ཤེས་མཐུན་པའི་ཕྱིར་རོ། །ཇི་སྐད་དུ། འདུ་ཤེས་གཙོ་བོ་ཉིད་ལ་ནི་དོན་ཇི་ལྟ་བ་ཉིད་ལ་དངོས་གཞིའོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲའོ། །ཞེས་གསུངས་པས་སོ། །འོ་ན་ལོ་ཉི་ཤུ་མ་ལོན་པ་ལ་ལོན་པར་འདུ་ཤེས་པ་དེ་ལ་ལས་མི་འཆགས་པར་འགྱུར་ཏེ། དོན་ཤེས་མཐུན་པ་མེད་པའི་ཕྱིར་རོ་སྙམ་ན། མ་ལོན་པ་ལ་ལོན་པར་འདུ་ཤེས་པ་ནི་བསྒྲུབ་བྱའི་འདུ་ཤེས་ཀྱི་མ་ཡིན་ལ། བསྒྲུབ་བྱ་ལོན་པར་འདུ་ཤེས་པ་ལ་དགེ་འདུན་གྱིས་ཀྱང་དེ་ལྟར་འདུ་ཤེས་པས་དོན་ཤེས་མཐུན་པ་ཡིན་ནོ། །དེས་ན། ལྟུང་བ་བྱུང་བའི་གང་ཟག་ལ་དགེ་འདུན་གྱིས་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱ་སྟེ། ཇི་སྐད་དུ། ལྟུང་བ་བྱུང་བ་ལ་ནི་འདུ་ཤེས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ། །གཅིག་ལ་དེ་ལྟར་བསྙིལ་བ་དང་མི་བསྙིལ་བ་དང་ཕྱིར་བཅོས་པ་རྣམ་པ་དུ་མ་རིགས་པ་ཁོ་ནའོ། །ཞེས་གསུངས་པས་སོ། །ལས་སྒྲུབ་པར་བྱེད་པ་པོའི་དགེ་འདུན་དང༌། ལས་མཁན་ཡང༌། སོ་སོའི་རང་རྒྱུད་མ་དག་པར་ཤེས་ཀྱང་ཕན་ཚུན་དུ་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་ན་དག་པ་ཡིན་ལ། དེ་ལ་དེར་ཤེས་ན་དོན་ཤེས་མཐུན་པས་ལས་འཆགས་པ་ཡིན་ཏེ། ཇི་སྐད་དུ། དེ་ནི་གཞི་གཞན་མ་ཡིན་ནོ། །བརྗེད་པ་ཡིད་ནི་ཡོད་པ་ཉིད་མ་ཡིན་ནོ། །དོན་གྱི་དེ་ཉིད་ནི་མི་རྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །ཞེས་གསུངས་པས་སོ། །བསྒྲུབ་བྱ་དེ་ལ་ཆོ་ག་དེ་བྱ་རིགས་པར་འདུ་ཤེས་པའི་དོན་ཤེས་མཐུན་ནའང་འཆགས་ཏེ། ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ཀུན་སློང་ནི། ངེས་འབྱུང་བསམ་པས་ལས་དེ་ཞེ་ཐག་པ་ནས་བྱེད་པར་འདོད། བསྟན་པ་དང་སེམས་ཅན་ལ་ཕན་པར་འདོད་པ་དང་གསུམ་ཚང་དགོས་སོ། །གཉིས་པ་བསྒྲུབ་བྱའི་བསམ་པ་ལ། གཞི་སེམས་ཅན་མ་ཡིན་པ་ལ་བྱ་བ་རྣམས་ལ་ནི་བསྒྲུབ་བྱའི་བསམ་པ་མེད་པས་མི་དགོས་ཤིང༌། སེམས་ཅན་ལ་བྱ་བ་ལ་ཡང༌། བྱིན་གྱིས་བརླབས་པའི་ལས་དང༌། ལྟུང་བ་ཐུན་མོང་བ་བྱིན་གྱིས་བརླབ་པ་དང་སྨྱོས་པའི་གནང་བ་སྦྱིན་པ་ལྟ་བུ་འགའ་ཞིག་ལ་དགེ་འདུན་གྱི་བསམ་པ་ཙམ་གྱིས་ཆོག་པ་ཡིན་ཏེ། བྱ་བའི་ཡུལ་དང་བྱེད་པ་པོ་ཐ་མི་དད་པའི་ཕྱིར། འོ་ན་འདིར་ཚོགས་ཀྱིས་ཚོགས་ལ་ལས་བྱས་པར་འགྱུར་ཏེ། ཡུལ་དགེ་འདུན་ལ་བྱ་བའི་ལས་འགའ་ཞིག་ཡོད་པར་སྣང་བའི་ཕྱིར་སྙམ་ན། སྐྱོན་མེད་དེ། ཚོགས་ཐ་དད་པས་འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ་ལས་བྱེད་པ་ལ་མི་རུང་བ་མེད་པ་ལྟ་བུ། ཚོགས་ཀྱི་ཆེད་དུ་བྱས་པ་ཙམ་གྱིས་ཚོགས་ལ་བྱས་ལ་བྱས་པར་མི་འགྱུར་བའི་ཕྱིར་དང༌། སྐབས་དེ་དག་ཏུ་བྱེད་པ་པོ་དང་ཐ་མི་དད་པས་དགེ་འདུན་བསྒྲུབ་བྱར་བྱེད་པ་ཡང་མ་ཡིན་པའི་ཕྱིར་རོ། །ལས་གཞན་བསྒྲུབ་བྱ་གཙོ་བོར་ཡོད་པ་རྣམས་ལ་ནི་བསྒྲུབ་བྱའི་འདུ་ཤེས་དང༌། ཀུན་སློང་གཉིས་ལས། དང་པོ་ནི། སྦྱིན་པའི་ལས་དང༌། བསྐོ་བའི་ལས་ལ། བསྒྲུབ་བྱས་དགེ་འདུན་ལས་མཁན་དང་བཅས་པ་རྣམ་དག་ཏུ་འདུ་ཤེས་པ། ལས་དེ་ཡང་སྒྲུབ་པར་འོས་པ་དང་ཆོས་དང་ལྡན་པ་དང༌། བདག་ཉིད་ཀྱང་ལས་དེ་བྱ་བར་འོས་པའི་རྟེན་ཡིན་པར་འདུ་ཤེས་མ་འཁྲུལ་བ་དགོས་ཏེ། ལུང་གཞིར། དགེ་སློང་གཅིག་གིས་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་གཅིག་ཏུ་ངོ་མ་ཤེས། ཤེས་ནས་ཟླ་བ་གཅིག་ཏུ་བཅབས་དེ་ནས་དགེ་སློང་ལ་སྨྲས་པ་དང་ཟླ་བ་གཉིས་ཀྱི་སྤོ་བ་སྦྱིན་པས་དེས་སྨྲས་པ་ཟླ་བ་གཅིག་ནི་ལེགས་པར་སྦྱིན་གཉིས་པ་ནི་ཉེས་པར་སྦྱིན་པ་ཡིན་ནོ། །ཞེས་ཟེར་བ་ལ་ཟླ་བ་གཅིག་གི་སྤོ་བ་མ་ཆགས་པར་ལུང་དུ་གསུངས་པ་དང༌། ཡང་དགེ་སློང་གཅིག་ལ་དགེ་འདུན་ལྷག་མའི་ལྟུང་བ་ཟླ་བ་གཅིག་ཏུ་ངོ་མ་ཤེས། ཤེས་མ་ཐག་ཏུ་མ་བཅབས་པར་དགེ་སློང་ལ་སྨྲས་པ་དང༌། ཟླ་བ་གཅིག་གི་སྤོ་བ་སྦྱིན་པས་དེས་སྨྲས་པས་བདག་ལ་སྤོ་བ་ཉེས་པར་སྦྱིན་ཏེ། མགུ་བ་དངོས་པོ་ཞེས་ཟེར་བ་ལ་སྤོ་བ་མ་ཆགས་པར་ལུང་དུ་བཤད་པའི་ཕྱིར་རོ། །དེར་མ་ཟད། སྦྱོར་བའི་དུས་སུ་ལས་དེ་བདག་ལ་བྱེད་དོ་སྙམ་དུ་ཤེས་པ་དང༌། རྗེས་སུ་ལས་དེ་བྱས་པར་ཤེས་པ་དང༌། སྦྱིན་པའི་ལས་ལ་ཐོབ་པར་ཤེས་པ་དང༌། བསྐོ་བའི་ལས་ལ་བསྐོས་པར་ཤེས་པ་དགོས་ཏེ། ལུང་ཞུ་བར། བཙུན་པ་སྨྱོན་པ་ལ་ལས་བགྱི་ན་ལས་བགྱིས་པ་ཞེས་བགྱིའམ། ཨུད་པ་ལི་སྨྱོས་པའི་གནང་བ་སྦྱིན་པ་མ་གཏོགས་པའི་ལས་ལྷག་མ་རྣམས་ནི་སྔར་དགེ་སློང་དུ་འདུ་ཤེས་ཡོད་ཅིང་ལས་འདི་ནི་བདག་ལ་བྱེད་དོ་བར་ཤེས་ན་ལས་བྱས་པ་ཞེས་བྱའོ། །སེམས་འཁྲུག་པ་དང༌། འོན་པའི་བར་དུ་ཡང་དེ་བཞིན་ནོ་ཞེས་དང༌། གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མ་བརྗོད་པ་དང༌། མཁན་པོའི་མ་བརྗོད་པ་དང༌། བསྙེན་པར་མ་རྫོགས་པར་ཤེས་པའོ། །ཞེས་གསུངས་པའོ། །གཉིས་པ་ཀུན་སློང་ནི། ངེས་འབྱུང་གི་བསམ་པས་ཟིན་པ་དང༌། བསམ་པ་ཐག་པ་ནས་ནོད་པར་འདོད་པ་དགོས་ཏེ། ཇི་སྐད་དུ། ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ་ཞེས་གསུངས་པས་སོ། །ད་ནི་འདི་དཔྱད་དེ། ལས་བྱེད་པའི་ཚུལ་ཁྲིམས་འཆལ་པས་བྱས་ན་ལས་འཆགས་སམ་ཞེ་ན། དེ་ལའང་སྔར་བཤད་པ་ལྟར་དགེ་འདུན་གྱི་ངོས་ནས་འདུ་ཤེས་ཀྱི་ཡན་ལག་ཚང་ཀྱང་བསྒྲུབ་བྱའི་ངོས་ནས་མ་ཚང་ན་ལས་མི་འཆགས་ལ། དོན་ལ་ཚུལ་ཁྲིམས་འཆལ་པ་ཡིན་ཀྱང་དགེ་འདུན་དང་བསྒྲུབ་བྱ་གཉིས་ཀའི་ངོས་ནས་མཐོང་ཐོས་དོགས་གསུམ་གང་རུང་མེད་ན། ཇི་སྐད་དུ། དོན་གྱི་དེ་ཉིད་ནི་མི་བརྫུན་པར་སྨྲ་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་འབྱུང་བ་ལྟར་དག་པ་ཡིན་ལ། དེ་ལ་དེ་ལྟར་འདུ་ཤེས་ན་དོན་དང་འདུ་ཤེས་མཐུན་པར་བཞག་དགོས་པ་ཡིན་ཏེ། ལས་ཐམས་ཅད་དཔྱད་པ་ཐ་སྙད་པའི་འདུ་ཤེས་ཀྱིས་འཇུག་དགོས་པའི་ཕྱིར་ཏེ། འདིར་མངོན་ཤེས་ཀྱིས་དཔྱོད་པ་ནི་བཀག་ལ། ཐ་སྙད་ལས་གཞན་ཡིད་བརྟན་དུ་རུང་བ་གང་ཡང་མེད་པའི་ཕྱིར། དེ་སྐད་དུ་ཡང་འོད་ལྡན་ལས་ཚུལ་ཁྲིམས་འཆལ་པ་འདི་ཡང་ཇི་ལྟར་ཤེས་པར་བྱ་ཞེ་ན་མཐོང་བ་དང་དོགས་པ་རྣམས་ཀྱིས་སོ། །གསུམ་པོ་འདི་དག་ནི་འདུལ་བ་ལས་འབྱུང་བའི་ཐ་སྙད་ཀྱི་རྒྱུ་ཡིན་ནོ། །དེ་ལྟར་ཡང་གཞུང་ནི། གསོ་སྦྱོང་བཞག་པའི་གཞི་ལས། ལྷའི་མིག་དང་རྣ་བ་དག་གིས་ཐ་སྙད་དུ་བཀག་པ་ཡིན་ཏེ། དགེ་སློང་དག་ལྷའི་མིག་གིས་ཐ་སྙད་དུ་བྱ་བ་མ་ཡིན་པས་ལྷའི་མིག་གིས་བསླུས་ནས་དགེ་སློང་དེ་ལ་གླེང་ཞིང་བསྐུར་བར་མི་བྱའོ། །དེ་ལྟར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལྷའི་མིག་གིས་ཇི་ལྟ་བ་བཞིན་དུ་ལྷའི་རྣ་བས་ཀྱང་དེ་བཞིན་ནོ། །ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་དཔྱད་པ་དོན་དམ་པར་དགོས་པ་ཡིན་ན་ནི་ལྷའི་མིག་དང་རྣ་བ་ཉིད་འདིར་བཀག་པར་མི་འགྱུར་ཏེ། གཞན་གྱིས་གཏན་ལ་དབབ་པར་མི་ནུས་པའི་ཕྱིར་རོ། །གང་གི་ཕྱིར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཡང་ཐ་མལ་པའི་མིག་གིས་འཇུག་པར་བྱ་བར་གསུངས་པས་དེ་ནི་དེ་ལྟར་གདོན་མི་ཟ་བ་ཡིན་ཏེ། འདིར་ཕྲན་ཚེགས་ལས། འཕགས་པ་མ་འགགས་པས་དབང་དུ་མཛད་ནས་ལྷའི་མིག་གིས་ཆུ་ལ་བརྟག་པར་མི་བྱའོ། །འོན་ཀྱང་ཐ་མལ་པའི་མིག་གིས་སོ་ཞེས་འབྱུང་བ་ཡིན་ནོ། །ཁ་ཅིག་ན་རེ། འོ་ན་གལ་ཏེ་འདུལ་བ་ཐམས་ཅད་ལས་འབྱུང་བའི་དཔྱད་པ་ཐ་སྙད་པ་ཡིན་ན། ཞུ་བའི་གཞུང་ལས་འབྱུང་བ་དང་འགལ་བར་འགྱུར་ཏེ། གཞུང་ནི་ཉེ་བ་འཁོར་མཁན་པོ་ཚུལ་ཁྲིམས་འཆལ་པས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གི་མི་ཤེས་ན་བསྙེན་པར་རྫོགས་པ་ཡིན་ནོ། །ཞེས་རྒྱ་ཆེར་གསུངས་ནས་འདི་སྐད་དུ་ཉེ་བ་འཁོར་སློབ་དཔོན་དག་ལས་བྱེད་པ་ཚུལ་ཁྲིམས་འཆལ་པས་བསྙེན་པར་རྫོགས་པར་བྱེད་ན། བསྙེན་པར་མ་རྫོགས་པ་ཡིན་ནོ། །ཞེས་གསུངས་པ་ཡིན་པས་གལ་ཏེ་འདིར་ལས་བྱེད་པའི་ཡང་དཔྱད་པ་ཐ་སྙད་པ་ཡིན་པར་བཞེད་ན་ནི་དེའི་ཚེ་གལ་ཏེ་གང་ཟག་གིས་མི་ཤེས་ནའོ་ཞེས་མཛད་པར་འགྱུར་བ་ཞིག་ན་མཛད་པ་ཡང་མེད་པས་དེ་ལྟ་བས་ན་དངོས་པོ་ཉིད་དུ་བཞེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མཁན་པོ་དང་འབྲེལ་བའི་ཚིག་ལས་གལ་ཏེ་གང་ཟག་གིས་མི་ཤེས་ཞེས་བྱ་བའི་ཁྱད་པར་འདི་ཙམ་ཞིག་ལས་བྱེད་པའི་ཚིག་ལ་རྗེས་སུ་སྦྱར་བར་བྱའོ། །དབང་དུ་བྱས་པའི་རྗེས་སུ་འཇུག་པ་ནི་བཞེད་པ་ཉིད་ཡིན་ཏེ། དགེ་སློང་རྣམས་དང་བསླབ་པ་མཐུན་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་ནི། ཕྱི་མ་མཐའ་དག་པའི་རྗེས་སུ་འཇུག་པ་མཐོང་བའི་ཕྱིར་རོ། །གལ་ཏེ་དཔྱད་པ་ཐ་སྙད་པ་མ་ཡིན་ན་ནི་བསྟན་པ་སྒྲུབ་པར་ནུས་པར་མི་འགྱུར་རོ། །དེ་བས་ན་མཐོང་བ་དང་ཐོས་པ་དང་དོགས་པ་དག་ཁོ་ན་འདིར་ཐ་སྙད་ཀྱི་རྒྱུ་ཡིན་ནོ། །ཞེས་རྒལ་ལན་དང་བཅས་པ་རྒྱས་པར་གསུངས་པའི་དོན་ལ་ལེགས་པར་བརྟགས་ན་རིགས་པའི་དོན་སྔར་བཤད་པ་དེ་དག་བདེ་བླག་ཏུ་རྙེད་པར་འགྱུར་བ་ཡིན་ནོ། །འདིར་གང་ཟག་ཅེས་པ་བསྒྲུབ་བྱ་ཁོ་ན་མ་ཡིན་གྱི་ལས་བྱེད་པ་པོའི་གང་ཟག་ཀྱང་མཚོན་ནོ། །དེ་ལྟ་ན་དགེ་སློང་ཉམས་པའི་ཚོགས་རྐྱང་པས་ལས་འཆགས་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཇི་སྐད་དུ། ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་པའི་དོན་ཇི་ལྟར་དྲང་ཞེ་ན་དཔྱད་དགོས་པར་སྣང་ངོ༌། །དེ་ལྟར་དཔྱད་པའི་ཚེ་དེ་དང་དེ་ལ་དེ་དང་དེར་ཤེས་པ་དགོས་སོ། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་འདིས་ནི། ལྕང་ར་བ། སྐབས་འགའ་ཞིག་ཏུ་མཁན་པོ་ཚུལ་ཁྲིམས་འཆལ་ཡང་ལས་འཆགས་པའི་གེགས་སུ་མི་འགྱུར་ལ། ལས་ཀྱི་སློབ་དཔོན་དང༌། ཁ་སྐོང་ཚུལ་ཁྲིམས་འཆལ་ན་ལས་མི་འཆགས་པས་སྡོམ་པ་སྐྱེ་བ་གཏན་མི་སྲིད་ཟེར་བ་དང༌། རེས་འགའ་དགེ་འདུན་གྱི་འདུ་ཤེས་ཀྱི་ཡན་ལག་དགོས་མི་དགོས་ཀྱི་ཐེ་ཚོམ་ཙམ་དང་དཔྱད་པ་གང་ཡང་མེད་པར། བསྒྲུབ་བྱའི་རྒྱུད་ལ་སྡོམ་པ་ཐོབ་བློ་སྐྱེས་ན། དེར་བས་སོ་ཞེས་པ་དང༌། ཁོ་བོས་ཆུ་གཏོར་བཏང་ལ་འོང་གི་ཞེས་བརྗོད་པ་ཙམ་གྱིས་དགེ་ཚུལ་དང༌། བསྙེན་རྫོགས་ཀྱི་སྡོམ་པ་རྣམ་པར་དག་པ་སྐྱེས་པ་ཡིན་ནོ་ཞེས་རྣམ་རྟོག་གཏིང་མ་ཚུགས་བཞིན་དུ་བག་ཡངས་བར་བྱུང་རྒྱལ་དུ་སྨྲ་བ་མཐའ་དག་ཀྱང་ཁེགས་པ་ཡིན་ཏེ། དེ་སྐད་དུ་ཡང་དེ་ཉིད་ཀྱི་གཞུང་ལས། བསྙེན་རྫོགས་ཀྱི་རྒྱུའི་གཙོ་བོ། ལས་ཀྱི་ཁ་སྐོང་གི་དགེ་འདུན་ལ་དག་སྟེར་དང་ལས་ཆགས་མི་ཆགས་ཀྱི་རྣམ་གཞག་ཅི་ཡང་མི་བྱེད་པར་མཁན་རྒྱུད་དག་མ་དག་འབའ་ཞིག་གི་རྣམ་གཞག་ནི་འདུལ་བ་མི་ཤེས་པའི་བླུན་པོའི་རྣམ་ཐར་འབའ་ཞིག་ཡིན་ནོ་ཞེས་བྲིས་ལ། དེ་ནི་བདེན་མོད་འོན་ཀྱང་རྣམ་རྟོག་གཏིང་མ་ཚུགས་པས་དེའི་དེ་མ་ཐག་ཏུ། ཆུ་གཏོར་མ་སོགས་དང༌། དེར་བས་མ་སོགས་ལའང་སྡོམ་པ་སྐྱེ་བར་གོང་དུ་ཤེས་བྱེད་ཀྱི་ལུང་གསལ་བ་དག་གིས་སྒྲུབས་ཟིན་པའི་ཕྱིར་ན། སྡོམ་རྒྱུད་མ་དག་པའི་སྐྱོན་ཅི་ཡང་མི་འབྱུང་ལ། ཞེས་བྲིས་པ་ལ་ནི། འདུལ་བའི་གཞུང་ཡི་གེ་གང་ལས་ཀྱང་སྡོམ་པའི་ཐོབ་རྒྱུ་དེ་ལྟ་བུ་མ་བཤད་པས་ལུང་དང་འགལ་བའི་ཉེས་པ་དང༌། ཁྱེད་ཀྱིས་སྡོམ་རྒྱུད་དང་མཁན་རྒྱུད་ཀྱི་ཁྱད་པར་མ་ཕྱེད་པས་རིགས་པ་དང་འགལ་བའི་ཕྱིར་དང༌། ཁྱེད་རང་གི་ཁས་བླངས་སྔ་མ་དང་འགལ་བས་ཁས་བླངས་ནང་འགལ་བའི་ཉེས་པ་རྣམས་གཅིག་ཆར་དུ་འབྱུང་བའི་ཕྱིར་རོ། །ཡང་ཁྱེད་ཀྱིས་འདི་སྐད་དུ། ཁྱད་པར་དགེ་ཚུལ་ལ་སློབ་དཔོན་དང༌། བསྙེན་རྫོགས་ལ་ལས་འཆགས་ངེས་ཀྱི་དགེ་འདུན་གཙོ་བོ་ཡིན་པ་ལ་ཉམས་པས་ཁ་སྐོང་བྱས་ནས་བསྙེན་རྫོགས་སྒྲུབ་པ། པཎ་ཆེན་བརྒྱུད་ལའང་དུ་མ་ཞིག་སྣང་ཞིང༌། དེ་དག་ལ་ནི་ཉེ་བ་འཁོར་གྱིས་མཁན་པོ་བྱས་ཀྱང་སྡོམ་པ་སྐྱེ་མི་སྲིད་པའི་ཕྱིར་རོ། །ཞེས་བྲིས་པ་ནི། ལུང་དང་རིགས་པ་དང་ཁས་བླངས་པ་དང་འགལ་བ་དང༌། གཞི་མེད་སྐུར་འདེབས་ཀྱི་ཉེས་པ་རྣམས་ཁྱེད་ལ་གཅིག་ཆར་དུ་འབྱུང་བ་ཡིན་ཏེ། ལུང་ནི་འོད་ལྡན་གྱི་བཤད་པ་གོང་དུ་དྲངས་མ་ཐག་པ་ཡིན་པའི་ཕྱིར་དང༌། རིགས་པ་ནི། དོན་ལ་ཚུལ་ཁྲིམས་ཉམས་པ་ཡིན་ཀྱང་བསྒྲུབ་བྱ་དང་དགེ་འདུན་གཉིས་ཀའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་ན་རྣམ་དག་ཏུ་འཇོག་དགོས་པའི་ཕྱིར་དང༌། ཁས་བླངས་པ་ནི། མཁན་པོ་ཉམས་པ་དང་མ་ཆགས་པས་ཁ་སྐོང་བྱས་པ་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར་དང༌། ཁྱེད་ལ་གཞི་མེད་སྐུར་འདེབས་ཀྱི་ལྷག་མ་འབྱུང་བའི་རྒྱུ་མཚན་ནི། ཁྱེད་རང་དགེ་སློང་དུ་ཁས་བླངས་ནས་པཎ་ཆེན་བརྒྱུད་ཀྱི་དགེ་སློང་མང་པོ་ལ་གཞི་མེད་པར། ཉམས་པས་ཁ་སྐོང་བྱས་པས་སྡོམ་པ་མ་སྐྱེས་སོ་ཞེས་གསལ་བར་བསྒྲགས་པའི་ཕྱིར། ཡང་ཁྱེད་ཀྱིས་འདི་སྐད་དུ་གླེང་གཞིའི་ལུང་ཁུངས་སུ་དྲངས་པ་ལས། མཉན་ཡོད་དུ་ཁྱིམ་བདག་གི་བུམ་བསད་པའི་མཚམས་མེད་བྱས་པ་ཞིག་གིས། དགེ་སློང་གཅིག་གི་དྲུང་དུ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས་སོ། །དོན་དེ་ཉིད་སྟོན་པ་ལ་གསོལ་བས། བསྙིལ་བར་བཀའ་སྩལ་ཏེ་གནས་ཕྱུང་ངོ༌། །དེས་མཐའ་འཁོབ་ཞིག་ཏུ་སོང་སྟེ་གཙུག་ལག་ཁང་བརྩིགས་པ་དེར། དེ་ལ་བརྟེན་ནས་དགེ་སློང་གི་དགེ་འདུན་གྱི་ཚོགས་ཆེ་བར་ལོངས་ཏེ། འགའ་ཞིག་དགྲ་བཅོམ་པའི་འབྲས་བུ་ཡང་ཐོབ་པར་གསུངས་སོ། །འདི་ཉིད་བཤེས་སྤྲིང་ལས། བདེ་བྱེད་ཅེས་བཤད་པ་དེ་ཉིད་ཡིན་པར་འགྲེལ་པས་བཤད་དོ། །དེ་ལྟར་མཁན་པོ་མེད་པ་དང༌། ཡོད་ཀྱང་ཚུལ་ཁྲིམས་དང་མི་ལྡན་པ་ལ་ལྡན་པར་ཡིད་ཆེས་ན་སྡོམ་པ་སྐྱེ་བར་གྲུབ་བོ། །ཞེས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། མཚམས་མེད་བྱས་པའི་གང་ཟག་རྐྱང་པས། གཞན་ལ་མ་རག་པར་དགེ་སློང་གི་དགེ་འདུན་གྱི་སྡེ་ཚུགས་པར་ནུས་ན། འདུལ་བའི་ལུང་ཡི་གེ་ཐམས་ཅད་དང་འགལ་བའི་ཕྱིར་དང༌། དེར་དགེ་སློང་རྣམ་དག་གཞན་འདུས་ནས་བྱས་པ་ཡིན་ན་ནི་མཐའ་འཁོབ་ཀྱི་དོན་མེད་པའི་ཕྱིར་དང༌། དེའི་ཚེ་ཡང་དེས་མཁན་པོ་བྱས་པའི་ཤེས་བྱེད་མེད་པའི་ཕྱིར་ལུང་དང་འགལ་བ་ཡིན་ནོ། །དེར་མ་ཟད་ཀྱི་དེའི་དུས་ཀྱི་དགེ་སློང་གི་མིང་ཅན་དེ་དག་དགེ་སློང་མཚན་ཉིད་པ་ཡིན་ན། དགེ་སློང་ལྷ་ཆེན་པོ་ཡང་དགེ་སློང་དུ་ཐལ་བས་རིགས་པ་དང་འགལ་བ་ཡིན་ནོ། །དེར་མ་ཟད་ཀྱི་དེའི་དུས་ཀྱི་དགེ་སློང་གི་ཚོགས་ཤིན་དུ་ཆེ་བ་དེ་རྣམས་ཆོས་ཅན། ཉེ་བ་འཁོར་གྱི་མཁན་པོ་བྱས་ཀྱང་རང་རྒྱུད་ལ་སྡོམ་པ་སྐྱེ་མི་སྲིད་པར་ཐལ། ཉམས་པས་ཁ་སྐོང་བྱས་ནས་བསྙེན་རྫོགས་སུ་བསྒྲུབས་པའི་ཕྱིར། ཞེས་བརྗོད་ན་འཁོར་གསུམ་དངོས་འགལ་དུ་སོང་བས་ཁས་བླངས་པ་དང་ཡང་འགལ་བ་ཡིན་ནོ། །ཁྱོད་ཀྱིས་ནི། གླེང་གཞིའི་ལུང་དེ་བག་མེད་དྲངས་པས་ཡིད་བརྟན་དུ་མི་རུང་ལ། དེ་དང་ཆ་མཐུན་པའི་ལུང་ཞིག་སྣང་བ་དེའི་དགོངས་པ་གཞན་དུ་འཆད་དགོས་སོ། །ཞར་ལ་འདི་བཤད་པར་བྱ་སྟེ། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པའི་དུས་ཀྱི་ཁ་སྐོང་གི་རྒྱའི་ཧ་ཤང་གཉིས་པོ་དོན་ལ་ཇི་ལྟར་ཡིན་ཀྱང༌། གོང་དུ་བཤད་པའི་དགེ་འདུན་གྱི་བསམ་པའི་ཡན་ལག་དང༌། བསྒྲུབ་བྱའི་བསམ་པའི་ཡན་ལག་གཉིས་ཤིན་ཏུ་ཚང་བས། བླ་ཆེན་པོའི་ཐུགས་རྒྱུད་ལ་དགེ་སློང་གི་སྡོམ་པ་རྣམ་དག་འཁྲུངས་པར་གྲུབ་ཅིང༌། ཆུ་གཏོར་མ་དང༌། དེར་བས་མ་ནས་བརྒྱུད་པ་གང་ཡིན་པའི་མཁན་བརྒྱུད་ནི་མ་དག་པར་བཞག་དགོས་ཏེ། རྩ་བ་མཁན་པོ་མེད་པ་ལ་ཐུག་ཅིང༌། བར་དུ་མཁན་པོར་གསོལ་བ་བཏབ་པའི་འ་ཞྭ་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དགེ་ཚུལ་དུ་ཆུ་གཏོར་མ་རྒྱུད་ལྡན་དུ་རློམ་པ་དེ་དང༌། ཡང་ཟི་བོན་སྟོན་ཞེས་བྱ་བ་དེར་བས་ཀྱི་དགེ་སློང་དུ་རློམ་པ་དེ་གཉིས་ལ་སྡོམ་པ་མེད་པའི་ཕྱིར། འོན་ཀྱང་སྡོམ་རྒྱུད་མ་དག་པར་འཇོག་མི་ནུས་ཏེ། མཁན་པོ་ནི། དགེ་ཚུལ་དང༌། དགེ་སློང་གི་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས། ད་ནི་དཀྱུས་མའི་དོན་བཤད་པར་བྱ་སྟེ། གཉིས་པ་ལས་ངོ་བོ་ཉིད་ཀྱི་མཚན་ཉིད་ལ་བཞི་སྟེ། ལས་ཚང་བ་དང༌། མ་ནོར་བ་དང༌། མ་འཁྲུགས་པ་དང༌། བཞག་པར་མི་འོས་པའོ། །དང་པོ་ནི། ཇི་སྐད་དུ། ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་པ་གདོན་པ་དང་དགག་དབྱེའོ། །ཞེས་གསུངས་པ་དེ་ལ། གསོལ་བའི་ལས་ཉེར་བཞི་ལ། གསོལ་པ་ཁོ་ན་ཚང་བ་དང༌། གསོལ་བ་དང་གཉིས་ཀྱི་ལས་ཞེ་བདུན་ལ་གསོལ་བ་གཅིག་དང༌། བརྗོད་པ་གཅིག་ཁོ་ན་ཚང་བ་དང༌། གསོལ་བ་དང་བཞིའི་ལས་སུམ་ཅུ་ལ་གསོལ་བ་གཅིག་དང༌། བརྗོད་པ་གསུམ་ཁོ་ན་ཚང་དགོས་ཏེ། མ་ཚང་ན་མི་འཆགས། ལྷག་ན་འཆགས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར། དེ་སྐད་དུ་ཡང༌། བརྗོད་པ་ལྷག་པ་དག་གིས་ནི་མ་བྱས་པ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །ཞེས་གསུངས་པས་སོ། །ལས་ཀྱི་ཆོ་ག་རེ་རེ་ལ་ཡང་ཚིག་གཙོ་བོ་མ་ཡིན་པ་ཉམས་ན་འཆགས་ལ་ཉེས་བྱས་ཏེ། ཇི་སྐད་དུ། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ་ཞེས་བཤད་པས་སོ། །གཙོ་བོར་གྱུར་པའི་ཚིག་ཆད་ན་མི་འཆགས་དེ། ཇི་སྐད་དུ། དེ་ཉིད་ཀྱི་མིང་མ་བརྗོད་ན་ཡང་ངོ༌། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ་ཞེས་དང༌། ལུང་དུ། གང་ཟག་ལྔ་ནི་བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བདག་གི་མིང་མ་བརྗོད་པ་དང་མཁན་པོའི་མིང་མ་བརྗོད་པ་དང་གསོལ་བ་ཆད་པ་དང་བརྗོད་པ་ཆད་པ་དང་བསྙེན་པར་རྫོགས་པ་མི་ཤེས་པའོ། །ཞེས་གསུངས་པས་སོ། །འདི་ཡང་མཁན་པོ་དང་བཅས་པའི་བསྙེན་རྫོགས་ལ་དགོངས་པར་འགྲེལ་པས་འཆད་དོ། །གཉིས་པ་མ་ནོར་བ་ནི། དགེ་སློང་གི་སྡོམ་པ་ལེན་པ་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་པའི་ཆོ་ག་བྱས་ན་མི་འཆགས་པ་ལྟ་བུ་སྟེ། ཇི་སྐད་དུ། དེས་བྱ་བ་ལས་མ་ཡིན་པས་མི་འཆགས་ཞེས་དང༌། ལུང་དུ་བསྙེན་པར་རྫོགས་པར་བགྱི་བ་ལ། གསོལ་བ་དང་བཞིའི་ལས་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི་བཀའ་སྩལ་པ་བསྙེན་པར་མ་རྫོགས་ཞེས་བྱའོ་ཞེས་གསུངས་པས་སོ། །འདི་ནི་ཆོ་ག་ནོར་བའི་དཔེ་ཡིན་ལ། ལས་ཀྱི་རིགས་ནོར་བ་ནི་རྣམ་པར་དག་པའི་ལས་བྱ་དགོས་པ་ལ། རྨ་དབབ་པའི་ལས་སམ། སྤངས་པའི་ལས་བྱས་ན་མི་འཆགས་ཏེ། ལུང་དུ། བཙུན་པ་མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པའི་ལས་ཤིག་བགྱིད་ན་ལས་བགྱིས་པ་ཞེས་པས་བགྱིའམ་ཨུད་པ་ལི་མ་བྱས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྤང་བའི་ལས་ཀྱང་གཞན་རྨ་དབབ་པའི་ལས་ཀྱང་གཞན་ནོ་ཞེས་དང༌། ཨུད་པ་ལི་སྤང་བའི་ལས་ཀྱང་གཞན་རྣམ་པར་དག་པའི་ལས་ཀྱང་གཞན་ནོ་ཞེས་གསུངས་སོ། །དེ་བཞིན་དུ་བསྐོ་བའི་ལས་དང༌། སྦྱིན་པའི་ལས་ལ་ཡང་སྦྱར་རོ། །ལས་ཀྱི་མ་བུ་ནོར་བ་ནི། གསོལ་བ་གཞན་བྱས་ནས་བརྗོད་པ་གཞན་བྱས་པ་ལྟ་བུ་སྟེ། བཙུན་པ་ལས་གཞན་གྱི་གསོལ་བ་བགྱིས་ལ་ལས་གཞན་གྱིས་བསྒྲགས་ནས་ལས་བགྱིས་པ་ཞེས་བགྱིའམ་ཨུད་པ་ལི་མ་བྱས་པ་ཞེས་བྱ་སྟེ་དགེ་སློང་དེ་དག་ཀྱང་འདས་པ་དང༌། བཅས་པའོ་ཞེས་གསུངས་སོ། །དེ་ལྟར་སྤྱིར་བཏང་ནས་བྱེ་བྲག་ཏུ་བཤད་པ་ནི། བསྒྲུབ་བྱ་གཅིག་ལ་ལས་དེ་དག་གི་དོན་དུ་བསམས་ནས་དེ་དང་ལས་རིགས་མཐུན་པའི་ལས་གཞན་གྱིས་བྱས་ན་ནོར་ཡང་འཆགས་ཏེ། ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པས་གཞན་བྱེད་པ་ནི་འཆགས་སོ་ཞེས་པས་སོ། །དེའི་དོན་དུ་མ་བསམས་ན་མི་ཆགས་ཏེ། གཞན་དུ་ན་མི་ཆགས་སོ་ཞེས་པས་སོ། །དགེ་སློང་དང་དགེ་སློང་མའི་ཆོ་ག་ཕན་ཚུན་ནོར་ཡང་འཆགས་ལ་ཉེས་བྱས་ཏེ། ཇི་སྐད་དུ། དགེ་སློང་དང་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །མདོ་དེའི་དོན་ལ། འགྲེལ་པར་མཆོག་ལ་བརྟེན་ནས་ཕ་བསྙེན་པར་རྫོགས་པ་ལ་ནི། ཆོ་ག་ཉམས་པ་མེད་ཀྱི་སྟེང་དུ་ལྷག་དང་བཅས་པ་ཡིན་ལ། བུད་མེད་བསྙེན་པར་རྫོགས་ལ་དགེ་སློང་མའི་དགེ་འདུན་བསོག་པ་ནི་ཚུལ་དང་མཐུན་པ་ཙམ་དུ་ཟད་པས་དགེ་སློང་གི་ལས་ཀྱིས་ཀྱང་དགེ་སློང་མ་ཉིད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟར་ཡང་ལུང་ལས། དགེ་སློང་རྣམས་ལས་དགེ་སློང་མ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཙལ་བར་བྱའོ་ཞེས་གསུངས་པས་སོ། །ཞེས་བཤད་དོ། །བསམ་དོན་མ་ནོར་ན་ཕོ་རྟགས་དང་མོ་རྟགས་ཀྱི་ཚིག་ནོར་བ་ཙམ་གྱིས་མི་འཆགས་པ་མ་ཡིན་ཏེ། ཇི་སྐད་དུ། མཚན་གཞན་ལ་བརྟེན་པས་ནི་མ་ཡིན་ནོ་ཞེས་སོ། །མདོར་ན་ཚིག་ཕྱེད་ཀྱང་མ་འཁྲུལ་བ་གཅིག་དགོས་པར་བསྟན་པ་དེ་ལ། འཁྲུལ་ན་མི་འཆགས་པ་དང༌། འཁྲུལ་ཡང་འཆགས་པ་ཉེས་བྱས་སུ་འགྱུར་བ་སོ་སོར་ངེས་དགོས་སོ། །གསུམ་པ་མ་འཁྲུགས་པ་ལ། སྤྱོད་ལམ་དང༌། གོ་རིམ་དང༌། ཚིག་མ་འཁྲུགས་པ་གསུམ་མོ། །དང་པོ་ནི། སྤྱིར་བཏང་ལ། ལས་བརྒྱ་རྩ་ཐམས་ཅད་འདུག་པའི་སྤྱོད་ལམ་གྱིས་བྱ་དགོས་ཏེ། ཇི་སྐད་དུ། ལས་ནི་འདུག་པ་ཉིད་ཀྱིས་སོ་ཞེས་དང༌། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ་ཞེས་དང༌། བརྩམས་པ་ན་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་མ་ཡིན་ནོ་ཞེས་ཁ་སྐོང་དུ་མི་རུང་བར་བཤད་པའི་ཕྱིར། ལས་བྱེད་འཕྲོ་ལ་དགེ་སློང་འགའ་ཞིག་སོང་ན། ལྷག་མ་མ་ལངས་པ་དེ་རྣམས་ལ་དགེ་འདུན་གྱི་ཚད་དུ་ལོངས་ན། ཚིག་བྱས་རྣམས་འཁྲུགས་པར་མི་འགྱུར་ལ། མ་ལུས་ན་ཚིག་རྫོགས་པའང་འཁྲུགས་པས་བསྐྱར་དགོས་ཏེ། ཇི་སྐད་དུ། བྱེད་པ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུག་པ་ཉིད་དོ། །ལས་དེ་ལ་དགེ་འདུན་གྱི་ཚད་དག་ཏུ་མ་ལོངས་པ་རྣམས་མ་ལུས་པ་ཉིད་ན་རྫོགས་པའོ། །ལུས་པ་ཉིད་ན་མི་འགྱུར་རོ། །གལ་ཏེ་དེ་ཡང་བྱེད་པར་འདོད་ན་ཚིག་གིས་རྣམ་པར་དཀྲུག་ཅིང་གསོལ་བས་དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བ་བགྱིའོ་ཞེའམ་རྗེས་སུ་བསྒྲག་གོ་ཞེས་བྱ་བས་སོ་ཞེས་གསུངས་སོ། །གཉིས་པ་དམིགས་བསལ་ལ། ཇི་སྐད་དུ། འགྲོན་པ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་གསུངས་ཤིང༌། དེ་ཉིད་གཞན་ལ་ཡང་རུང་མཐུན་སྦྱར་བར་བཤད་པས། དེའི་ཚེ་འགྲོ་བའི་སྤྱོད་ལམ་མཐུན་པར་བྱའོ། །གཉིས་པ་གོ་རིམ་མ་འཁྲུགས་པ་ནི། གསོལ་པ་དང་བརྗོད་པ་གོ་རིམ་མ་ནོར་བར་བྱ་དགོས་ཏེ། ཇི་སྐད་དུ། གསོལ་བ་མ་བྱས་པར་དེའི་དོན་དུ་བརྗོད་པ་མི་བྱའོ་ཞེས་གསུངས་པས་སོ། །གསུམ་པ་ཚིག་མ་འཁྲུགས་པ་ནི། ངོ་བོ་བརྗོད་བྱ་བ་བརྗོད། བྱེད་པ་བརྗོད་པ་གསུམ་གྱི་གོ་རིམ་འཁྲུགས་ན་མི་འཆགས་ལ་ཉེས་བྱས་སུ་འགྱུར་རོ། །འོ་ན་ཇི་སྐད་དུ། དོན་གྱི་སྐབས་དག་གི་གོ་རིམ་འཁྲུགས་པ་ནི་མི་འཆགས་པ་ཉིད་མ་ཡིན་ནོ། །དེ་ནི་མི་བྱ་བ་ཉིད་དོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེའི་དོན་ནི། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པ་མཛད་ན་ཞེས་བརྗོད་རྒྱུ་ཡིན་པ་ལ་དགེ་འདུན་ལས་ཚེ་དང་ལྡན་པ་ཞེས་སོགས་བརྗོད་པ་ལྟ་བུ་ལ་མི་འཆགས་པའི་སྐྱོན་མེད་ཅེས་པའི་དོན་དུ་འགྲེལ་པས་བཤད་དོ། །བཞི་པ་བཞག་པར་མི་འོས་པ་ནི། ལུང་ལས་གསུངས་པའི་ལས་ཆོག་གི་སྔགས་ཚིག་དེ་རྣམས་ལས་བཞག་པར་འོས་པ་ཚིག་ཕྱེད་ཀྱང་མེད་པའོ། །གསུམ་པ་འབྲས་བུ་ལས་ཉམས་སུ་མྱོང་བའི་མཚན་ཉིད་ནི། ལས་རང་རང་གི་དགེ་འདུན་གྲངས་ཚང་བ་ཁ་སྐོང་བར་འོས་པ་རྣམས་དང༌། མཉན་དུ་གཞུག་པའི་བསྒྲུབ་བྱ་སོགས་ཀྱིས་ཐོས་ཤིང་དོན་གོ་བ་ན་ལས་ཉམས་སུ་མྱོང་པ་ཡིན་ནོ། །དེ་ཡང་གསོལ་བ་ཙམ་ཐོས་ན་གོ་ཆོད་པ་ཡིན་ཏེ། ཇི་སྐད་དུ། རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་མ་ཡིན་ནོ། །གསོལ་བ་ཐོས་ན་དེ་འགྲུབ་པ་ཉིད་ཡིན་ནོ་ཞེས་པས་སོ། །ཁ་ཅིག་ན་རེ། སྒྲ་ཐོས་ན་དོན་མ་གོ་ཡང་ཆགས་ཏེ། ལུང་ལས། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང༌། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན་ལས་བགྱིས་པ་ཞེས་བགྱིའམ་ཨུད་པ་ལི་ལས་བྱས་པ་ཞེས་བྱ་སྟེ་ལས་བྱས་པའི་དགེ་སློང་ནི་འདས་པ་དང་བཅས་པའོ་ཞེས་ཟེར་རོ། །འདི་ལ་ཐམས་ཅད་མཁྱེན་པ་བུའི་ཞལ་ནས། མཚམས་གཅོད་པའི་སྐབས་སུ་དེ་སྐད་གསུངས་པ་བདེན་མོད་ཀྱང་ལུང་དེ་ནི་མ་དག་པར་མངོན་ཏེ། ལུང་ལས། བཙུན་པ་འཕགས་པས་འཕགས་པའི་སྐད་དུ་སོ་སོར་ཐར་པ་བཀླག་པ་དང་དགེ་སློང་དེ་དག་གི་འཕགས་པའི་སྐད་མ་འཚལ་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ་ཨུད་པ་ལི་མ་བྱས་པ་ཞེས་བྱ་སྟེ་སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །བཙུན་པ་འཕགས་པས་འཕགས་པའི་སྐད་དུ་སྐབས་ཕྱེ་བ་དང༌། དགེ་སློང་དེ་དག་གིས་ཀྱང་སྐད་མ་འཚལ་ན་སྐབས་ཕྱེ་བ་ཞེས་བགྱིའམ་ཨུད་པ་ལི་སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ་ཞེས་དང༌། གཞི་འགྲེལ་དུ་ཆོ་གས་ཞེས་བྱ་བ་ནི་ཡང་དག་པའི་ཆོ་ག་སྟེ་དགེ་འདུན་དུ་ཚང་བ་དང་ལས་བྱེད་པ་དགེ་སློང་ཉིད་ཡིན་པ་དང༌། ཉན་པ་པོས་གོར་བཏུབ་པ་ཞེས་བྱ་བ་ལ་སོགས་པའོ་ཞེས་དང༌། རྣམ་འབྱེད་འགྲེལ་དུ། ཆོས་མ་ཡིན་པ་ཞེས་བྱ་བ་ནི་དགེ་འདུན་མ་ཚང་བ་དང༌། ལས་ཉམས་པ་དང༌། ཉན་པ་པོ་རྣམས་ཀྱིས་མ་གོ་བ་ལ་སོགས་པའོ་ཞེས་མ་གོ་ན་མི་འཆགས་པར་གསུངས་པའི་ཕྱིར་ཞེས་གསུངས་ལ། འོན་ཀྱང་སྐབས་སོ་སོར་ཕྱེད་དགོས་པས་འདྲ་སྟེ། ཚིག་ལེ་ལས། འོན་པས་ཀྱང་ནི་གོ་གྱུར་ན། །ལས་བརྗོད་པ་ནི་མ་ཐོས་ཀྱང༌། །འདི་ལ་བསྙེན་རྫོགས་ཡོད་པ་སྟེ། །ཚུལ་ཁྲིམས་ལྡན་ལ་ཉེས་པ་མེད། །ཅེས་དང༌། ཞུ་བར། བཙུན་པ་མཐའ་འཁོབ་པ་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པར་བགྱིས་པ་དང་མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ་ཨུད་པ་ལི་ཁས་ལེན་པའི་སེམས་ཡོད་ན་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བྱེད་པ་རྣམས་ནི་འདས་པ་དང་བཅས་པར་རོ་ཞེས་གསུངས་པ་རྣམས་ཀྱི་དོན་ལ་སོ་སོར་བརྟགས་ན། ལུང་ཕྱི་མ་འདིའི་དོན། བྱེད་པ་པོ་དགེ་འདུན་རྣམས་ཀྱིས་ཚིག་གི་དོན་གོ་ན་བསྒྲུབ་བྱས་མ་གོ་ཡང་ལས་མི་འཆགས་པའི་རྒྱུ་མ་ཡིན་པ་དང༌། ལུང་སྔ་མ་དེ་དག་གི་དོན་ནི། ལས་བྱེད་པ་པོའི་སྔགས་ཚིག་ཁ་སྐོང་གིས་མགོན་ལས་མི་འཆགས་པའི་རྒྱུར་འཆད་དགོས་པའི་ཕྱིར། བཞི་པ་ཇི་ཙམ་བྱས་པས་ལས་འཆགས་པའི་ཚད་ནི། ཇི་སྐད་དུ། ཚིག་ཕལ་ཆེར་བྱས་ན་བྱས་པ་ཉིད་དོ། །འོག་མ་མེད་པ་ལའོ་ཞེས་གསུངས་པ་ལྟར་ཡིན་ནོ། །དམིགས་བསལ་ལ། མཚན་མ་དག་མ་བརྗོད་ན་མ་བཅད་པ་ཉིད་ཡིན་ནོ། །ཞེས་གསུངས་པས་མཚམས་གཅོད་པའི་སྐབས་སུ་མཚན་མ་བརྟན་པོ་མ་བརྗོད་ན་ལས་དངོས་གཞིའི་སུམ་གཉིས་སམ་ཐམས་ཅད་ཟིན་ཀྱང་མི་འཆགས་པར་གསུངས་སོ། །དེས་ན་ལས་བྱེད་འཕྲོ་ལ་ལས་མཁན་དེ་ཚེའི་དུས་བྱས་པའམ། ཁྱིམ་པ་དང་མ་ནིང་དང༌། ཉམས་པ་ལ་སོགས་པར་ལས་ཀྱི་སུམ་གཉིས་མ་ཟིན་གོང་དུ་ཤེས་ན་ལས་མི་འཆགས་ལ། སུམ་གཉིས་ཟིན་ནས་དེ་ལྟར་དུ་ཤེས་ཀྱང་ལས་མི་འཆགས་པའི་རྒྱུ་མ་ཡིན་ནོ། །དེ་དག་ནི་སྤྱི་དོན་གྱི་སྒོ་ནས་དོན་གྱི་ཁོག་ཕུབ་ཅིང་ཡིད་ཆེས་པའི་ལུང་དང་སྦྱར་བ་ཡིན་ནོ། །གཉིས་པ་ལག་ལེན་གཞུང་ཇི་ལྟ་བ་བཞིན་དུ་བརྗོད་ནས་མཐའ་གཅོད་ཀྱི་རིགས་པ་ལུང་གིས་བརྒྱན་ཏེ་འཆད་པ་ལ། ལས་གང་དུ་བྱས་པའི་གནས་སྒྲུབ་པ་དང༌། གནས་དེར་བྱ་བའི་ལས་གལ་ཆེ་བ་དག་བཤད་པའོ། །དང་པོ་ལ་གཉིས་ཏེ། གནས་ལ་བློ་མཐུན་བྱ་བ་དང༌། མཚམས་གཅོད་པའོ། །དང་པོ་ལ་དགོས་པའི་དོན་ནི། གསོ་སྦྱོང་གི་གནས་ལ་ཐུགས་མི་མཐུན་པ་སྤང་པ་དང༌། གསོ་སྦྱོང་གི་གནས་ལ་བློ་མཐུན་བགྱིས་པས་ལས་གཞན་གྱི་གནས་ལ་བློ་མཐུན་ལོགས་སུ་བྱ་མ་དགོས་པས་ཚེགས་ཆུང་བ་སོགས་ཀྱི་དགོས་པ་ཡོད་དོ། །བསྡུས་པའི་དོན་ནི། གནས་དང་ཞེས་པ་སྟེ་སྔར་བཤད་ཟིན་ཏོ། །གསུམ་པ་ཚིག་གི་དོན་ལ། རྩ་བ་ལས་ཀྱི་ཆོ་ག་གཞུང་བཞིན་དུ་ལྷག་ཆད་མེད་པར་བརྗོད་པ་དང༌། ཚིག་གི་འབྲུ་གཉེར་བ་བརྒལ་ལན་དང་བཅས་པའོ། །འཆད་ཚུལ་འདིས་འོག་མ་རྣམས་སུ་བདེ་བླག་ཏུ་རྟོགས་པར་བྱའོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཞིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ནི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་པའོ། །གཉིས་པ་ལ། ཚིག་གི་དོན་དང༌། བརྒལ་ལན་ནོ། །དང་པོ་ནི། ལས་བྱེད་པ་པོའི་དགེ་སློང་བསླབ་པ་འཁྲུལ་པ་དང༌། བཅས་པ་ཡིན་ན། ལྟུང་མཐུན་བྱིན་གྱིས་བརླབས་པ་ཡན་སྔོན་དུ་བཏང་ནས། ལས་ཀྱི་གྲལ་ལ་འཁོད་དེ། ལས་བྱེད་པ་པོས་གསོལ་བ་གཅིག བརྗོད་པ་གཅིག མཇུག་བསྡུད་དང་བཅས་པ་བརྗོད་པའོ། །གསོལ་བ་ནི། དགེ་འདུན་ཐུགས་བསྟུན་ཏེ་གནང་བ་ཞུ་བའོ། །བརྗོད་པ་ནི་བསྡད་ནས་ལས་དངོས་གཞི་བྱེད་པའོ། །འཇུག་བསྡུད་ནི་ལས་ཆགས་ཟིན་པ་གོ་བར་བྱེད་པ་ཙམ་མོ། །འདིར་གྲུབ་ཅེས་པ་ནི། དང་པོ་ནས་རང་གྲུབ་པའོ། །བགྱིས་པ་ནི། སྐྱེས་བུའི་རྩོལ་བས་བྱས་པའོ། །ལགས་པ་ནི་ཟིན་པའོ། །ནང་མཚམས་དང་བཅས་པ་ནི། ཆུ་བོ་ལ་སོགས་པའི་བར་ཆད་མེད་པའི་སྒོ་ནས་ནང་མཚམས་གཅིག་ཏུ་གྱུར་པའོ། །དེ་ཡང་ཆོ་ག་མཚམས་བཅད་པ་ཡིན་ན་དེ་ཚུན་ཆད། མ་བཅད་ན་རྩིག་པས་བསྐོར་བ་ལ་རྩིག་པ་ཉིད་མཚམས་ཡིན། མ་བསྐོར་བ་ལ་ཝ་ཁ་ནས་ཆུ་འབབ་པ་ཚུན་ཆད་མཚམས་ཡིན། ཁྱིམ་པའི་གྲོང་ལ་འབྲལ་སྤང་གི་སྐབས་ནས་འཆད་པའི་ཉེ་འཁོར་གྱི་མཐའ་ཚུན་ཆད་མཚམས་ཡིན། དགོན་པའམ་ཐང་སྟོང་ལྟ་བུ་ཡིན་ན་འཁོར་ཡུག་ཏུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་མཚམས་ཡིན། མཚམས་དེའི་ཕྱི་རོལ་དུ་ཡང་འདོམ་གང་ཚུན་ཆད་ལས་དེ་བྱ་བའི་གནས་ཡིན་ནོ། །གཉིས་པ་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་ནི། བློ་མཐུན་འདི་གསོ་སྦྱོང་གི་དུས་དང་འབྲེལ་པ་ཁོ་ནར་བྱ་མི་དགོས་ཏེ། ཇི་སྐད་དུ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་དང༌། དེའི་འགྲེལ་པར། གསོ་སྦྱོང་གི་གཞི་ལས་དེ་བཅས་པའི་ཕྱིར་དེ་སྐད་ཅེས་བྱའོ་ཞེས་སྤྱི་མིང་བྱེ་བྲག་ལ་བཏགས་པར་བཤད་པའི་ཕྱིར་དང༌། གསོ་སྦྱོང་མ་ཡིན་པའི་དགེ་འདུན་གྱི་ལས་གང་ཞིག་བགྱིད་དགོས་ཀྱང་ཐོག་མར་གསོ་སྦྱོང་གི་གནས་སུ་བློ་མཐུན་བགྱིས་པས་ཚེགས་ཆུང་བའི་ཕྱིར་དང༌། ལས་རང་རང་ངོ་བོའི་གནས་སུ་བློ་མཐུན་པས་ལས་གཞན་གྱི་གནས་སུ་མི་འགྱུར་བའི་ཕྱིར་དང༌། གསོ་སྦྱོང་མ་ཡིན་པའི་ལས་གཞན་ལ་གནས་ལ་བློ་མཐུན་མ་བཤད་ཅིང་རུང་མཐུན་སྦྱར་བར་བཤད་པ་ཡང་མེད་པའི་ཕྱིར་དང༌། གསོ་སྦྱོང་གིས་བློ་མཐུན་བགྱིས་པ་དེར། ལས་གཞན་འཆགས་པ་ལ་གསོ་སྦྱོང་ལན་གཅིག་ཙམ་སྔོན་དུ་འགྲོ་དགོས་པའི་བཤད་པ་ཡང་མེད་པའི་ཕྱིར་དང༌། མདོ་དང་ལུང་ལས་ཀྱང༌། གསོ་སྦྱོང་གི་གནས་སུ་བློ་མཐུན་བགྱིས་པ་དེར་ཐོག་མར་མཚམས་གཅོད་པའི་ལས་བྱེད་པར་གསུངས་ཀྱི་དང་པོ་ཁོ་ནར་གསོ་སྦྱོང་བྱ་བར་བཤད་པའི་ཕྱིར་རོ། །གཉིས་པ་ལ་ལས་ཀྱི་ཆོ་ག་དགོད་པ་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ལ་མཚམས་པོ་ཆེ་བཅད་པ་དང༌། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་བྱའོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་པོ་ཆེའི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་ཕ་བོང་གི་མཚན་མའམ། རྩིག་པའི་མཚན་མ་བརྟན་པོ་ལགས། ལྷོ་ཕྱོགས་སུ་ནི་ཀ་བའི་མཚན་མའམ་ལྗོན་པའི་མཚན་མ་བརྟན་པོ་ལགས། ནུབ་ཕྱོགས་སུ་ནི་རྭ་བའི་མཚན་མའམ་བྱ་སྐྱིབས་ཀྱི་མཚན་མ་བརྟན་པོ་ལགས། བྱང་ཕྱོགས་སུ་ནི་ལམ་པོ་ཆེའི་མཚན་མའམ་ཁྲོན་པ་ལ་སོགས་པའི་མཚན་མ་བརྟན་པོ་ལགས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་འདི་སྟེ། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པར་བགྱི་བའི་སླད་དུ་དགེ་འདུན་གྱིས་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་དགོན་པ་ལ་ཐུག་པ་དང༌། གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་གཅོད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་ཞེས་པ་ནས་མཚན་མ་བརྟན་པོ་ལགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་འདི་ལྟ་སྟེ་གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པ་དགོན་པ་ལ་ཐུག་པ་དང་གནས་མལ་ལ་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་ཞེས་པ་ནས་ཐུག་པའི་བར་དུ་མཚམས་ཆེན་པོ་བཅད་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་མཚམས་ཆེན་པོ་བཅད་པའི་ཆོ་ག་དང་ལས་སོ། །གཉིས་པ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱིས་མཚམས་བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་པ་བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལ། ནུབ་ཕྱོགས་སུ་རྡོ་བཞག་པ་ལགས། བྱང་ཕྱོགས་སུ་ནི་སྲོལ་བཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ། འདི་ལྟ་སྟེ་གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟ་སྟེ། གནས་འདི་ན་ཞེས་པ་ནས། བརྟན་པོ་ལགས་ཏེ་དེའི་སླད་དུ་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ་ཞེས་པ་ནས། དཀྱིལ་འཁོར་པར་བློ་མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ་ཞེས་པ་ནས། དཀྱིལ་འཁོར་པར་བློ་མཐུན་པར་མཛད་པ་བཟོད་པ་དེ་དག་ནི། ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཚན་མ་འདི་རྣམས་ཀྱི་ནང་དུ། འདི་ལྟ་སྟེ་ཞེས་པ་ནས་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནི་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པའི་ཆོ་ག་དང་ལས་སོ། །དེ་གཉིས་གྲོལ་བའི་ཆོ་ག་ནི། དགེ་འདུན་ནས་གསོལ། འདི་ལྟ་སྟེ། གནས་འདིར་དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས་མཚམས་པོ་ཆེ་བཅད་པ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་གྲོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱས་ཏེ། དགེ་འདུན་ནས་གསོལ། འདི་ལྟ་སྟེ། གནས་འདིར་དགེ་འདུན་གསོ་སྦྱོང་གཅིག་པའི་སྡོམ་པས་མཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་མཚམས་ཆེན་པོ་གཞིག་ཅིང་དཀྲོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་མཚམས་ཆེན་པོ་གཞིག་ཅིང་དཀྲོལ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་འཚམས་པོ་ཆེ་གཞིག་ཅིང་དཀྲོལ་ལགས་ཏེ། འདི་ལྟར་ཞེས་སོགས་སོ། །དེ་ནི་འཚམས་པོ་ཆེ་དགྲོལ་བའི་ཆོ་ག་དང་ལས་སོ། །ཅིག་ཤོས་ལ་ཡང་འདོན་པ་བསྒྱུར་བར་བྱའོ། །གཉིས་པ་ལ་དགོས་པའི་དོན་ནི། འཚམས་པོ་ཆེ་བཅད་པ་གསོ་སྦྱོང་གི་གནས་ལ་ཁྱབ་ཆུང་བ་སྤངས་པས། མདོ་འདོན་པ་པོ་བཙལ་སླ་བ་དང༌། དགེ་འདུན་གྱི་ལས་ལ་འདུ་དགོས་པ་དང་མི་དགོས་པའི་ས་མཚམས་ཟིན་པ་དང༌། ཆོས་གོས་དང་མི་འབྲལ་བའི་གནང་བ་ཆགས་པས། དགེ་སློང་རྣམས་ལུས་སེམས་བདེ་བར་གནས་པའོ། །འཚམས་ཆུང་བཅད་པ་ནི། ཧ་ཅང་ཁྱབ་ཆེས་པས་ཉི་མ་རེ་རེ་ཞིང་ལས་མང་པོ་བྱེད་དགོས་པ་ན། ཐག་རིང་པོ་ནས་དགེ་འདུན་བསྡུ་མི་ནུས་པ་སྤང་བ་དང༌། འདུན་པ་དང་ཡོངས་དག་ལེན་དཀའ་བ་སྤང་བ་ལ་སོགས་པའི་དགོས་པ་ཡོད་དོ། །གཉིས་ཀ་ཅིག་ཅར་དུ་བྱེད་པའི་དགོས་པ་ནི། འཚམས་ཆེན་བཅད་པས་མི་འབྲལ་བའི་གནང་བ་རྒྱ་ཆེ་ཞིང༌། འཚམས་ཆུང་བཅད་པས་མ་འདུས་པའི་ཉེས་པ་ཁེགས་པ་ཡིན་ནོ། །བསྡུས་པའི་དོན་ནི། འཚམས་ནི་གསུམ་པོ་དང་ཞེས་པའོ། །ཚིག་གི་དོན་ནི། མདོ་དང༌། ལུང་ལས། མཚམས་ཆེན་བཅད་པ་དེ་དགྲལ་ནས་མཚམས་ཆུང་བཅད་པ་འཚམས་གཉིས་ཚིག་གཅིག་གིས་བཅད་པ་དང་གསུམ་དང༌། ལས་བརྒྱ་རྩར། འཚམས་ཆེན་དགྲལ་ནས་འཚམས་བུ་ཆུང་བཅད་དེ་སླར་འཚམས་ཆེན་གཅོད་པའི་ལས་དང༌། བཞི་གསུངས་པའི་དགོངས་པ་ནི། འཚམས་ཆེན་སྔ་མ་མ་བཤིག་པའི་སྟེང་དུ་འཚམས་ཆེན་གཞན་དང༌། འཚམས་ཆུང་གཉིས་ཀ་མི་འཆགས་ལ། འཚམས་ཆུང་བཅད་ཟིན་པ་འཚམས་ཆེན་གྱིས་བསྐོར་དུ་རུང་བ་དང༌། གཉིས་ཀ་གཅོད་དགོས་པའི་ཚེ་ཅིག་ཆར་བཅད་པས་ཚེགས་ཆུང་བའི་དགོངས་པ་ཡིན་པར་སྣང་ངོ༌། །དེ་ཡང་འཚམས་བུ་ཆུང་འཚམས་ཆེན་གྱིས་བསྐོར་བའི་ཚེ་འཚམས་ཆུང་གི་དགེ་འདུན་ཇི་སྙེད་པའང་འཚམས་ཆེན་དེ་ལ་བློ་མཐུན་པ་གཅིག་དགོས་ལ། འཚམས་བུ་ཆུང་མ་དཀྲོལ་བར་འཚམས་ཆེན་གྱིས་བཅིངས་པའི་དགོས་པ་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་སྒྲུབ་པའི་བསླབ་པར་བྱ་བ་དང༌། དབྱར་གནས་དང་གསོ་སྦྱོང་དང་དགག་དབྱེ་ཕྱིར་བཅོས་ཀྱི་ཁྱད་པར་འགའ་ཞིག་ལ་སོགས་པས་ཁྱབ་ཆེ་བ་རྣམས་ཐུན་མོང་དུ་བྱས་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་དང༌། ལས་ཁྱབ་ཆུང་བ་རྣམས་སོ་སོར་བྱས་པས་མ་འདུས་པའི་མི་མཐུན་པ་མི་སྐྱེད་པ་ལ་སོགས་ཀྱི་དགོས་པ་ཡོད་དོ། །དེ་སྐད་དུ་ཡང་འཚམས་སུ་འཚམས་ཀྱིས་སྐོར་དུ་མི་རུང་ངོ༌། །དཀྱིལ་འཁོར་པ་དང་དགེ་སློང་མའི་དབྱར་ཁང་དང་ཁྲོན་པ་དག་ལ་ནི་རུང་ངོ་ཞེས་སོ། །ཚིག་གཅིག་གིས་འཚམས་གཉིས་བཅད་པ་དང༌། འགྲོལ་དུ་རུང་བར་གསུངས་པའི་རིགས་པས། འཚམས་དགེ་འདུན་འཚམས་དེ་ལ་གཏོགས་པ་ཐམས་ཅད་བཀོད་ནས་བྱེད་པ་པོ་ལས་མཁན་པོ་གཅིག་གིས་འཚམས་མང་པོ་གཅིག་ཆར་དུ་བཅད་པ་དང་དགྲལ་དུ་རུང་བར་བལྟའོ། །དེའི་ཚེ་ལས་བྱེད་པ་པོ་དེ་འཚམས་གཉིས་ཀ་ལ་སོགས་པར་གཏོགས་དགོས་སམ་ཞེས་དཔྱད་དགོས་ཏེ། ཇི་སྐད་དུ། གཅིག་ཏུ་རྐང་པ་ཡ་གཅིག་ལ། །གཅིག་ཏུ་རྐང་པ་ཡ་གཅིག་ན། །གཉིས་ཀར་གནས་པ་ཡིན་ནོ་ཞེས་གསུངས་པ་དང་མཚུངས་པས་སོ། །འཚམས་པོ་ཆེ་དེའི་ནང་ན་ཁྱིམ་པའི་གྲོང་དང་གྲོང་ཁྱེར་ལ་སོགས་ཇི་སྙེད་སྔར་ཡོད་པའམ་ཕྱིས་གསར་དུ་བརྩིགས་པ་ཡིན་ན། དེ་དག་འཚམས་དེའི་ཁོངས་སུ་མི་གཏོགས་པར་བཤད་པ་ཡིན་ནོ། །དེའི་ཕྱིར་གྲོང་དེར་དགེ་སློང་དག་འཁོད་པ་ཡིན་ན་ལས་ལམ་འདུས་པས་མི་མཐུན་པ་སྐྱེད་པའི་རྒྱུ་མ་ཡིན་ཞིང་ཆོས་གོས་དང་མི་འབྲལ་བའི་གནང་བ་ཡང་གྲོང་དེར་རྗེས་སུ་མི་འབྲང་བ་ཡིན་ནོ། །དང་པོ་འཚམས་དེ་གཅོད་པ་ལ་མི་ཐེ་ཡང་ཕྱིས་གསར་དུ་འཚམས་ནང་དེར་ལྷགས་པ་དག་མ་འདུས་ན་ལས་མི་མཐུན་པར་འགྱུར་ཏེ། ཇི་སྐད་དུ། འཕྲིགས་པས་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བཤད་པས་སོ། །གསུམ་པ་བརྒལ་ལན་ནི། འོ་ན་གྲོང་དང་གྲོང་ཁྱེར་འཚམས་སུ་མི་གཏོགས་ན་ཚེས་བཅོ་ལྔའི་ཉིན་དགེ་སློང་རྒྱལ་པོ་ལ་སོགས་པས་བཟུང་བ་མ་བཏང་ན་དཀྱིལ་འཁོར་པར་བློ་མཐུན་བྱེད་དགོས་པར་བཤད་པ་དེ་ཇི་ལྟར་དྲང་ཞེ་ན། དེ་ནི་རྣམ་པར་དཔྱོད་པ་དང་ལྡན་པས་བདེན་མོད་དེའི་དོན་རྒྱལ་པོའི་ཕོ་བྲང་དང་ཁྱིམ་པའི་གནས་སུ་བཟུང་བ་ལ་མི་འཆད་ཀྱི་འཚམས་ནང་དུ་བཟུང་བ་ལ་འཆད་དགོས་ལ། དཀྱིལ་འཁོར་པར་བློ་མཐུན་པའི་དོན་ཡང༌། སྔར་གསོ་སྦྱོང་གི་གནས་ལ་བློ་མཐུན་བྱས་པའི་གནས་དེ་མ་ཡིན་པ་གཞན་སྔ་མ་དེ་བས་ཁྱབ་ཆུང་བ་ཞིག་ཏུ་གནས་ལ་བློ་མཐུན་གསར་དུ་བྱས་པ་ལ་འདོད་དགོས་ཀྱི་འཚམས་བུ་ཆུང་བཅད་པ་ལ་མི་འཆད་དོ། །ཡང་འཚམས་ཆེ་ཆུང་གང་རུང་བཅད་པའི་གནས་དེར་གསོ་སྦྱོང་གི་གནས་ལ་བློ་མཐུན་སྐྱར་ནས་དགོས་པའང་མིན་ཏེ། དེ་ཉིད་ཀྱི་དོན་དེ་འགྲུབ་པའི་ཕྱིར་ཏེ། ཇི་སྐད་དུ། ལུང་དང་ལས་བརྒྱ་རྩར་དེ་ལྟར་འཚམས་པོ་ཆེ་དང་འཚམས་ཆུང་བཅད་པ་དེར་གསོ་སྦྱོང་དང་དགག་དབྱེ་དང༌། གསོལ་བ་དང་བརྗོད་པའི་ལས་རྣམས་བྱའོ། །ཞེས་གསུངས་པས་སོ། །དེ་ཙམ་གྱིས་དེར་མི་འགྲུབ་བོ་སྙམ་ན་འགྲུབ་སྟེ། འཚམས་ཆེ་ཆུང་གཅོད་པ་དང༌། གནས་ལ་བློ་མཐུན་བྱ་བ་གཉིས་ཀའི་སྔགས་ཚིག་ལ་གསོ་སྦྱོང་གི་ཚིག་གིས་ཟིན་པར་འདྲ་ཞིང་དེས་ལས་གཞན་རྣམས་ཀྱང་མཚོན་པར་ཤེས་པའི་ཆེད་དུ་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་བློ་མཐུན་དང་འཚམས་བཅད་པ་གཉིས་ཀའི་སྐབས་སུ་གསུངས་པས་སོ། །མདོར་ན་འཚམས་ཆེན་བཅད་ནས་དེའི་ཁོངས་ཀྱི་གནས་གང་དུ་གསོ་སྦྱོང་བྱེད་ཀྱང་བློ་མཐུན་གྲུབ་ཟིན་པས་སྐྱར་མི་དགོས་ལ། འཚམས་ཆེན་དེའི་ཁོངས་སུ་དགོས་པའི་དབང་གིས་དཀྱིལ་འཁོར་པར་དཔྱོད་དགོས་བྱུང་ན་བཟོད་གནས་ལ་བློ་མཐུན་དགོས་པ་ཡིན་ནོ་ཞེས་ངེས་དགོས་སོ། །གོ་རིམ་ནི་གཞུང་དུ་བློ་མཐུན་སྔར་གསུངས་ཀྱང་ལག་ལེན་མཚམས་གཅོད་པ་སྔར་མཛད་ན་འགྲིག་ཅིང་ཕྱིས་མཛད་ཀྱང་གནས་ཀྱི་བློ་མཐུན་འཇིག་པའི་ཉེས་པ་མེད་ཀྱི་སྟེང་དུ་གནས་རྒྱ་ཆེར་འགྲོ་བ་ཡིན་ནོ། །དེ་ལྟར་ན་འདིའི་རིགས་པ་དག་གིས་ནི་ཐམས་ཅད་མཁྱེན་པ་བུ་སྟོན། བློ་མཐུན་ནམ་ཁོ་རང་དང་ལྟུང་མཐུན་བྱིན་བརླབས་མ་གཏོགས་ལས་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་གསུངས་པ་དང་འཚམས་བུ་ཆུང་དང་དཀྱིལ་འཁོར་པ་གཅིག་ཏུ་བཞེད་པ་ཡང་མི་ལེགས་པར་གྲུབ་པ་ཡིན་ནོ། །དེ་དག་འཇིག་པའི་རྒྱུ་ནི། གནས་དེར་དགེ་སློང་མེད་པ་དང༌། ལྟོས་མེད་ཀྱི་འདུ་ཤེས་སྐྱེས་པ་དང་ཆོ་གས་གྲོལ་བ་སོགས་འགྲེལ་པར་གསུངས་སོ། །འདིར་ཞར་བྱུང་ཆོས་གོས་དང་མི་འབྲལ་བའི་གནང་བ་ལ། སྔགས་ཆོག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། དགེ་འདུན་ནས་གསོལ། འདི་ལྟ་སྟེ། གནས་འདིར། དགེ་འདུན་མཐུན་པས་གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པས། འཚམས་ཆེན་བཅད་པ་ལགས་ཏེ། དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་འདི་ལྟ་སྟེ། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། འཚམས་ཆེན་པོའི་ནང་དུ། དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ཏེ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་ནས་གསོལ། འདི་ལྟ་སྟེ་ནས། འཚམས་ཆེན་པོ་བཅད་དེ། དེའི་སླད་དུ་དགེ་འདུན་གྱིས་འདི་ལྟ་སྟེ་ནས། འབྲལ་བར་མི་འགྱུར་བའི་གནང་བ་གསོལ་ན། ཚེ་དང་ལྡན་པ་གང་དག་འདི་ལྟ་སྟེ་གནས་བསྡུ་བ་དང་ནས། མི་འགྱུར་བའི་གནང་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་འཚམས་ཆེན་པོའི་ནང་དུ། དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང༌། འབྲལ་བར་མི་འགྱུར་བའི་གནང་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་པས་སོ། །གཉིས་པ་ལ་དགོས་པའི་དོན་ནི། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པའོ། །བསྡུ་བའི་དོན་ནི། མི་འབྲལ་ཞེས་པས་བསྟན་ཏོ། །ཚིག་གི་དོན་ནི། འཚམས་པོ་ཆེ་བཅད་པའི་གནས་སུ་ཆོས་གོས་དག་དང་མི་འབྲལ་བ་སྒྲུབ་པའི་བསླབ་བྱར་གསུངས་ལ། འཚམས་ཆུང་བཅད་པའི་གནས་སུ་གནང་བའི་བསླབ་བྱར་གསུངས་སོ། །ཅི་སྟེ། འཚམས་ཆེན་བཅད་པ་ཙམ་གྱིས་ཆོས་གོས་དག་དང་མི་འབྲལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ། དེར་གནང་བ་བྱས་ན་ཆོས་གོས་དག་དང་བྲལ་བར་མི་འགྱུར་རོ། །དེ་བྱའོ། །ཞེས་དང༌། དེའི་འགྲེལ་པར། དེར་དེ་བྱས་ན་དེ་ཡིན་གྱི་འཚམས་བཅད་ཙམ་གྱིས་ནི་དེར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པས་སོ། །འདི་དང་འབྲལ་སྤང་གི་སྐབས་ནས་འཆད་པའི་མི་འབྲལ་བའི་གནང་བ་གཉིས་དོན་གཅིག་པ་མ་ཡིན་ཏེ། འདི་ནི་འཚམས་ནང་དེ་ན་ཡོད་པའི་དགེ་འདུན་ཐམས་ཅད་ཀྱི་ཐུན་མོང་དུ་སྒྲུབ་པའི་ལས་ཡིན་ལ། གཅིག་ཤོས་འབྲལ་སྤང་ནས་བཤད་པ་ནི། དགེ་སློང་རྒན་པོ་དང༌། ནད་པ་འགའ་ཞིག་འཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་ཚེ་སྟེར་བའི་གནང་བ་ཡིན་པའི་ཕྱིར། དེས་ན་ཡུལ་དགེ་འདུན་ལ་བྱ་བ་དང༌། གང་ཟག་ལ་བྱ་བའི་ཁྱད་པར་དང༌། དུས་འཚམས་ཀྱི་ནང་དུ་གནས་པ་དང༌། ཕྱི་རོལ་དུ་འཁོད་པའི་ཚེ་མི་འབྲལ་བའི་ཁྱད་པར་སོ་སོ་བ་ཡོད་པ་ཡིན་ནོ། །བཞི་པ་བརྒལ་ལན་ནི། འོ་ན་མཚམས་ཆེན་དང་འཚམས་ཆུང་གཉིས་སྦྲག་ཏུ་ཡོད་པ་དེའི་ཚེ། ཆོས་གོས་འཚམས་ཆུང་ངུ་བཞག་ནས་འཚམས་ཆེན་གྱི་ནང་དུ་སྐྱ་རེངས་ཤར་ན་འབྲལ་བར་འགྱུར་ཏེ། དེ་གཉིས་འཚམས་སོ་སོ་བ་ཡིན་པའི་ཕྱིར། ཞེ་ན། མ་ཡིན་ཏེ། འགྲེལ་པར། དཀྱིལ་འཁོར་པ་ལ་སོགས་པའི་ཉེ་འཁོར་ནི་འཚམས་ཡིན་པའི་ཕྱིར་འཚམས་ཀྱི་ཁོངས་སུ་གཏོགས་སོ་ཞེས་གསུངས་པས་སོ། །འོ་ན་འཚམས་ཆུང་འདི་ནང་དུ་མི་འབྲལ་བའི་གནང་བ་བགྱིས་ན། འཚམས་ཆེན་གྱི་ནང་དུ་ཡང་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལས་བརྒྱ་རྩ་ལས། འཚམས་བུ་ཆུང་གི་ནང་ནས་ཕྱིར་བྱུང་སྟེ་འཚམས་ཆེན་པོར་གནས་མལ་བཤམ་ནས་མི་འབྲལ་བའི་གནང་བ་བྱིན་པར་གསུངས་པའི་ཕྱིར་དང༌། འཚམས་ཆེན་གཅིག་གི་ནང་ནས་འཚམས་ཆུང་དུ་མ་ཡོད་པའི་ཚེ། གཅིག་གི་ནང་དུ་མི་འབྲལ་བའི་གནང་བ་བགྱིས་པས། འཚམས་བུ་ཆུང་གཞན་གྱི་ནང་དུ་གནང་བ་མི་འཆགས་པའི་ཕྱིར་དང༌། འཚམས་ཆེན་གྱི་ནང་དུ་མི་འབྲལ་བའི་གནང་བ་བགྱིས་ན། བགྱིས་པ་དེ་ཉིད་འཚམས་དེའི་ནང་གི་འཚམས་ཆུང་ཐམས་ཅད་རྗེས་སུ་འགྲོ་བའི་ཕྱིར་རོ། །ལྔ་པ་གོ་རིམ་ནི། འཚམས་ཆེ་ཆུང་མ་བཅད་པའི་གནས་སུ་ནི་རང་རང་གི་ས་འཚམས་སུ་བཤད་པ་དེ་ཉིད་ཀྱིས་འབྲལ་བའི་འཚམས་ཟིན་པས། དེར་མི་འབྲལ་བའི་གནང་བ་བགྱིད་པའི་ཚུལ་གསུངས་པ་མེད་དོ། །འདིར་གནང་བ་སྦྱིན་པ་ཞེས་པའི་མིང་ལ་འཁྲུལ་ནས་སྦྱིན་ལས་སུ་བྱེད་པ་མི་འཐད་དེ། བྱེད་པ་པོ་དགེ་འདུན་དང་བསྒྲུབ་བྱ་ཐ་དད་པ་མེད་པའི་ཕྱིར་དང༌། གསོལ་བ་གདབ་པ་མེད་པའི་ཕྱིར་དང༌། ཡུལ་དགེ་འདུན་ལ་སྦྱིན་པར་འདོད་ན་ནི། ཚོགས་ཀྱིས་ཚོགས་ལ་ལས་འཆགས་པར་ཐལ་བའི་ཕྱིར། དེས་ན་འདི་འཕགས་པ་ཐོགས་མེད་ཀྱིས། གཞི་སེམས་ཅན་མ་ཡིན་པ་ལ་བྱ་བའི་ནང་དུ་བསྡུས་པ་ཡིན་ནོ། །དེ་དག་གིས་ནི་ལས་གང་དུ་བྱ་བ་ཞར་བྱུང་དང་བཅས་པ་བཤད་ཟིན་ཏོ། །གཉིས་པ་དེར་བྱ་བའི་ལས་ཀྱི་ཁྱད་པར་གལ་ཆེ་བ་བསྟན་པ་ལ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཆོ་ག ཐོབ་པ་མི་ཉམས་པར་བསྲུང་བའི་ཆོ་ག ཡན་ལག་ཉམས་པ་ཕྱིར་བཅོས་པའི་ཆོ་ག་དང་གསུམ་མོ། །དང་པོ་ལ། ཚིགས་སྔ་མའི་ཆོ་ག་དང༌། ཚིགས་ཕྱི་མའི་ཆོ་གའོ། །དང་པོ་ལ། དགེ་བསྙེན་གྱི་ཆོ་ག་དང༌། དགེ་ཚུལ་གྱི་ཆོ་གའོ། །དང་པོ་ལ། དགེ་བསྙེན་དངོས་ཀྱི་ཆོ་ག་དེའི་གསོ་སྦྱོང་གི་ཆོ་གའོ། །དང་པོ་ལ། སྔགས་ཀྱི་ཆོ་ག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ། བདག་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་དུ་བཙུན་པས་བཟུང་དུ་གསོལ་ཞེས་ལན་གསུམ་དང༌། ཁྱད་པར་ནི་གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་དོ། །གཉིས་པ་ལ། དགོས་པའི་དོན་ནི། མཐར་ཐུག་མྱ་ངན་འདས་པ་ཐོབ་པ་དང༌། གཞན་གནས་སྐབས་བསྟན་པ་ལ་རིམ་གྱིས་གཞུག་པའོ། །བསྡུས་པའི་དོན་ནི། གང་ཟག་རྐྱང་པའི་ལས་ཀྱི་སྡོམ་དུ་བཤད་ཟིན་ཏོ། །ཚིག་དོན་ནི། འདི་ལ་སོ་ཐར་སྡོམ་པའི་ཐུན་མོང་གི་བར་ཆད་རྣམས་དང་མི་ལྡན་པ་གཅིག་དགོས་ཏེ། འདི་ནི་སོ་ཐར་གྱི་སྡོམ་པ་དངོས་ཡིན་པའི་ཕྱིར་རོ། །གང་ལ་བླང་བར་བྱ་བའི་ཡུལ་ནི། བསྡུ་བར། ཁྱིམ་པའི་སྡོམ་པ་རང་གི་བླངས་ཀྱང་སྐྱེ་ལ། གཞན་ལ་བླངས་པ་བཟང་བར་བཤད། དགེ་བསྙེན་གྱི་སྡོམ་པ་བརྒྱད་པར་ཡུལ་དགེ་བསྙེན་ལས་ཀྱང་ལེན་དུ་རུང་བར་བཤད་ཀྱང༌། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱིས་དགེ་སློང་ལས་ལེན་པ་ཡིན་ནོ། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་གསུངས་པ་དེ་དགེ་བསྙེན་གྱི་སྡོམ་པ་མཚན་ཉིད་པ་ཡིན་ནམ་ཞེ་ན། དེ་དགེ་བསྙེན་གྱི་སྡོམ་པ་མཚན་ཉིད་པར་འདོད་པ་སུ་ཡང་མེད་ལ། ཉི་འོག་པ་དང༌། མདོ་སྡེ་པ་དེ་དགེ་བསྙེན་གྱི་སྡོམ་པ་མ་ཡིན་ཡང༌། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་ཆོ་ག་ལན་གསུམ་བྱས་པས་དགེ་བསྙེན་མཚན་ཉིད་པར་འདོད། བྱེ་བྲག་ཏུ་སྨྲ་བ། དགེ་བསྙེན་གྱི་སྡོམ་པ་མེད་ན་དགེ་བསྙེན་མཚན་ཉིད་པ་མ་ཡིན་པར་འདོད། དགེ་བསྙེན་གྱི་སྡོམ་པ་ལ་སྣ་གཅིག་སྤྱོད་པ་ལ་སོགས་པ་ཉི་ཚེ་བ་དང༌། ཡོངས་རྫོགས་གཉིས་ལས། རིགས་བརྒྱད་ཀྱི་ཟླས་ཕྱེ་བའི་དགེ་བསྙེན་དེར་འགྱུར་བ་ལ་ནི། ཡོངས་རྫོགས་ཀྱི་དགེ་བསྙེན་བགྲང་དགོས་པ་ཡིན་ཏེ། མཛོད་ཀྱི་འགྲེལ་བཤད་དུ། རྣམ་པ་བརྒྱད་མ་གཏོགས་པ་ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པ་གཞན་ན་ཉི་ཚེ་བ་དང་མ་ཚང་བ་ཡང་ཡོད་དོ། །ཞེས་གསུངས་སོ། །མངོན་པ་ལས། སྣ་གཅིག་སྤྱོད་པ་ལ་སོགས་པ་དྲུག་གི་ཐ་སྙད་ཙམ་གསུངས་ཀྱང༌། ཆོ་ག་མ་གསུང་ལ། འདུལ་བ་ལས་ནི། ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་ཆོ་ག་ཁོ་ན་བཤད་ཀྱི་དགེ་བསྙེན་གྱི་ཐ་སྙད་དང་ཆོ་ག་གཉིས་ཀ་མ་གསུངས་སོ། །གཉིས་པ་དེའི་གསོ་སྦྱོང་བཤད་པ་ལ། སྔགས་ཆོག་དང༌། དེ་རྣམ་པར་བཤད་པའོ། །དང་པོ་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་ཞེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་སང་ཉི་མ་ཤར་གྱི་བར་དུ་བསྙེན་གནས་པར་བཙུན་པས་བཟུང་དུ་གསོལ། ཞེས་ལན་གསུམ་དང༌། གསུམ་པ་ལ་སློབ་དཔོན་གྱིས་ཞེས་བརྗོད་དོ། །གཉིས་པ་ལ། དགོས་པའི་དོན་ནི། གཙོ་བོར་ནི་དགེ་བསྙེན་རྣམས་ཀྱི་དགེ་བའི་རྩ་བ་གསོ་ཞིང་སྡིག་པ་སྦྱོང་བའོ། །དེའི་ཕྱིར་འདི་ལ་གསོ་སྦྱོང་ཞེས་བྱའོ། །བསྡུས་པའི་དོན་ནི། གང་ཟག་གི་ལས་ཀྱི་སྡོམ་དུ་བཤད་ཟིན་ཏོ། །ཚིག་གི་དོན་ལ། གང་ལ་བླང་བར་བྱ་བའི་ཡུལ་ནི་ལུང་ལས། དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆད་ལས་ལེན་པར་བཤད་ཀྱང༌། ཡོད་པར་སྨྲ་བའི་གྲུབ་པའི་མཐའ་ལ། དགེ་སློང་ལས་ལེན་པ་ཡིན་ནོ། །བླང་བའི་དུས་ནི། ཞག་ཕྱི་མའི་ཉི་མ་ཤར་དུའོ། །འདིའི་ཆོ་ག འདུལ་བའི་གཞུང་འགྲེལ་ལས་གསལ་བར་མ་གསུངས་ཀྱང༌། དགེ་བསྙེན་གྱི་རུང་མཐུན་སྦྱར་བ་ཡིན་ནོ་ཞེས་བུ་སྟོན་རིན་པོ་ཆེ་གསུངས་སོ། །འདི་ན་ཁ་ཅིག བསྙེན་གནས་ཀྱི་སྡོམ་པ་དགེ་བསྙེན་ལས་དམན་པ་འདོད་པ་དང༌། རིགས་བརྒྱད་ཀྱི་གྲངས་བགྲང་བའི་ཚེ། བསྙེན་གནས་ཐོག་མར་འདྲེན་པ་ནི། གཞུང་འགྲེལ་དང་མི་མཐུན་ཞིང༌། བསྙེན་གནས་དགེ་བསྙེན་གྱི་གསོ་སྦྱོང་ཡིན་པ་མ་ངེས་བཞིན་དུ་གྱ་ཚོམ་དུ་སྨྲས་པའོ། །འོན་ཀྱང་དགེ་བསྙེན་མ་ཡིན་པ་ལ་ཡང་བསྙེན་གནས་མི་སྐྱེ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པས་སོ། །བརྒལ་ལན་ལ། ཐམས་ཅད་མཁྱེན་པ་བུའི་ཞལ་ནས། ད་ལྟ་ཇོ་བོ་ཆེན་པོ་རྗེའི་ཕྱག་ལེན་ཡིན་ཟེར་ནས་ཇི་སྲིད་འཚོའི་བར་གྱི་ཉ་སྟོང་ཚེས་བརྒྱད་ལ། བསྙེན་གནས་དུས་གཅིག་ཏུ་ལེན་པའི་ཆོ་ག་མཛད་དེ། དེ་ལས་བསྙེན་གནས་ཀྱི་སྡོམ་པ་མི་སྐྱེ་བར་ཇོ་བོས་མ་དགོངས་པ་མིན་མཆི་ཞེས་གསུང་ངོ༌། །འདི་ལ་ལྕང་ར་བ་ན་རེ། ཇོ་བོས་མ་དགོངས་པ་མིན་མཆི་ཞེས་ཟུར་ཟ་བ་ནི། དེ་བས་ཀྱང་མ་དགོངས་པ་མིན་མཆི་ཞེས་བརྗོད་པར་བྱའོ། །དེ་ཡང་མཛོད་འགྲེལ་ལས། ང་ནི་འདི་དཔྱད་པར་བྱ་སྟེ། རེ་ཤིག་ཅི་བཅོམ་ལྡན་འདས་ཀྱིས་ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་ནས། ཉིན་ཞག་པའི་སྡོམ་པ་བསྟན་ནམ། འོན་ཏེ་དབང་པོ་འདུལ་དཀའ་བ་རྣམས་ཉིན་ཞག་པའི་སྡོམ་པ་ཡང་དག་པར་བླང་བ་ལ་ཡང་དག་པར་སྦྱར་བར་བྱ་བའི་ཆེད་ཡིན་གྲང་དེ་ལྟར་བརྟག་ག་ལ་ནུས། ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་རིགས་པ་དང་འགལ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པས། དབྱིག་གཉེན་རང་ལུགས་ལ། ལོ་གཅིག་གི་ཉ་སྟོང་བརྒྱད་གསུམ་བྱུང་ངོ་ཅོག་ལ་བསྲུང་བའི་སྡོམ་པ་དུས་གཅིག་ལ་བླངས་པས་སྐྱེ་བར་བཞེད་པ་ཆེས་གསལ་ལོ་ཞེས་ཟེར་རོ། །དེ་ནི་ཤིན་ཏུ་མི་འཐད་དེ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་པ་དང་འགལ་བའི་ཕྱིར། དང་པོ་ནི། ཇི་སྲིད་འཚོའི་ཉ་སྟོང་བརྒྱད་གསུམ་གྱི་བསྙེན་གནས་དུས་གཅིག་ཏུ་བླངས་པས་སྐྱེ་བ་ཡིན་ན། དྲི་མ་མེད་པའི་ལུང་དང་འགལ་ཏེ། ཇི་སྐད་དུ། ནམ་ནི་ལངས་བར་དུ། །ནང་པར་གཞན་ལས་ནོད་པར་བྱ། །ཞེས་པ་རྩ་འགྲེལ་དང༌། གནས་འཇོག་གི་མདོ་ལས་ཀྱང༌། དུས་ཀྱི་ཁྱད་པར་འཆད་པ་ན། སང་ཉི་མ་ཤར་གྱི་བར་དུ་ཞེས་པའི་ངེས་བཟུང་འབྱུང་བ་དང་འགལ་བའི་ཕྱིར་ཏེ། ཁྱེད་ལྟར་ན། ཇི་སྲིད་འཚོའི་བར་དུ་ཞེས་སམ། ཟླ་བ་བྱུང་ངོ་ཅོག་གི་ཞེས་འདོན་དགོས་པའི་ཕྱིར། རིགས་པ་དང་འགལ་བ་ནི། ཚེས་གཅིག་གི་ཉིན་ཉ་སྟོང་བརྒྱད་གསུམ་གྱི་བསྙེན་གནས་དུས་གཅིག་ཏུ་བླངས་པའི་ཁྱིམ་པ་སྡོམ་པ་གཞན་དང་མི་ལྡན་པ་དེའི་རྒྱུད་ལ། ཚེས་གཅིག་གི་བསྙེན་གནས་ཀྱི་སྡོམ་པ་སྐྱེས་སམ། མ་སྐྱེས། སྐྱེས་ན་དེའི་རྒྱུད་ལ། ཚེས་བརྒྱད་ཀྱི་ཉིན་བསྙེན་གནས་ཀྱི་སྡོམ་པ་ཡོད་དམ། མེད་ན་ཅི་ཞིག་བསྲུང༌། ཡོད་ན་དེ་འདྲའི་དུས་ཀྱི་གང་ཟག་དེའི་རྒྱུད་ཀྱི་བསྙེན་གནས་ཀྱི་སྡོམ་པ་དེ་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་པར་ཐལ། སོ་ཐར་སྡོམ་པའི་ཐོབ་རྒྱུ་གང་གིས་ཀྱང་མ་སྐྱེད་པའི་ཕྱིར། རྟགས་བསལ་ཁས་བླངས། ཁྱབ་པ་ཚད་མས་གྲུབ་བོ། །བསྙེན་གནས་ཀྱི་སྡོམ་པ་བླངས་པའི་ཉིན་མ་སྐྱེས། དེ་ནས་ཞག་བདུན་སོང་བ་ན་སྡོམ་པ་ལེན་པའི་ཆོ་ག་ལ་མ་ལྟོས་པར་སྡོམ་པ་སྐྱེ་བར་འདོད་པ་ནི་ཆེས་བཞེད་གད་ཀྱི་གནས་སོ། །རྩ་བའི་རྟགས་དང་པོ་ཁས་ལེན་ན། ཚེས་གཅིག་ནས་བདུན་གྱི་བར་དུ་དེ་འདྲའི་ཁྱིམ་པ་དེས་བསྙེན་གནས་བསྲུང་དགོས་སམ་མི་དགོས། དགོས་ན་ཧ་ཅང་ཐུག་མེད་དུ་ཐལ་ཞིང༌། མི་དགོས་ན་སོ་སོར་ཐར་པའི་སྡོམ་པ་རང་རྒྱུད་ལ་ཡོད་བཞིན་དུ། དེ་དང་འགལ་བའི་ཉེས་སྤྱོད་བསྲུང་མི་དགོས་པ་ནི་ཆེས་ངོ་མཚར་བའི་གནས་སོ། །ཡང་བསྙེན་གནས་སྟབས་གཅིག་ཏུ་བླངས་པའི་དགེ་བསྙེན་དེའི་རྒྱུད་ཀྱི་བསྙེན་གནས་དེ་ཞག་ཕྱི་མའི་ཉི་མ་ཤར་བ་ན་གཏོང་ངམ་མི་གཏོང༌། གཏོང་ན། དེས་དུས་བཟང་རྟིང་མ་བྱུང་བའི་ཚེ་བསྙེན་གནས་བསྲུང་མི་དགོས་པར་འགྱུར་ཏེ། དེའི་རྒྱུད་ལ་བསྙེན་གནས་མེད་པའི་ཕྱིར་ཏེ། སྔ་མ་བཏང༌། རྟིང་མ་མ་བླངས་པའི་ཕྱིར། མི་གཏོང་ན། དེ་འདྲའི་དུས་ཀྱི་བསྙེན་གནས། སོ་ཐར་གྱི་སྡོམ་པ་མ་ཡིན་པར་འགྱུར་ཏེ། རང་གི་གཏོང་རྒྱུས་མི་གཏོང་བའི་ཕྱིར། དེར་མ་ཟད་ཀྱི་དེ་འདྲའི་དགེ་བསྙེན་དེ་བསྙེན་གནས་བསྲུང་བའི་དུས་མ་ཡིན་པ་ན་བསྙེན་གནས་ལ་ལྟོས་པའི་རྩ་བའི་ཁ་ན་མ་ཐོ་བ་འབྱུང་སྲིད་པར་འགྱུར་ལ། དེའི་ཚེ་ན། དེའི་རྒྱུད་ཀྱི་སྡོམ་པ་ཡང་ཉམས་པར་ཁྱེད་ཀྱིས་ཁས་ལེན་དགོས་ཏེ། དེའི་རྒྱུད་ལ་སོ་ཐར་སྡོམ་པའི་ཁ་ན་མ་ཐོ་བ་བྱུང་བར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དབྱིག་གཉེན་རང་ལུགས་ལ། བསྙེན་གནས་ཇི་སྲིད་འཚོའི་བར་དུ་མི་གཏོང་བ་ནི་ཆེས་བཞད་གད་ཀྱི་གནས་སོ། །འོན་ཀྱང་འགྲེལ་ཚིག་འདི་ལ་དཔགས་ན་ཉིན་ཞག་གཉིས་ནས་བརྒྱ་ལ་སོགས་པར་བསྙེན་གནས་བླངས་ན་སྐྱེ་བ་རིགས་པ་དང་མི་འགལ་ལ། འོན་ཀྱང་ལུང་ལས་མ་གསུངས་པས་ལག་ལེན་དུ་མི་འགལ་ཞེས་པར་སྣང་ངོ༌། །གསུམ་པ་ཁས་བླངས་པ་དང་ཡང་འགལ་བ་ཡིན་ཏེ། བསྙེན་གནས་ཉིན་ཞག་གི་མཐའ་ཅན་ཡིན་པར་ཁྱེད་རང་གིས་ཁས་བླངས་པའི་ཕྱིར། ལུང་དེའི་དོན་ནི། བསྙེན་གནས་ཡན་ལག་བརྒྱད་པ་ཞག་གྲངས་ཉི་ཚེ་བ་དང་ཇི་སྲིད་འཚོའི་བར་དུ་ཁས་བླངས་ན་མི་སྐྱེ་བའི་རྒྱུ་མཚན་གྱིས་ཉིན་ཞག་པའི་སྡོམ་པ་གསུངས་པ་མིན་གྱི་དབང་པོ་དམན་པ་ཉིན་ཞག་གཅིག་ལས་ལྷག་པར་སྡོམ་པ་བསྲུང་མི་ནུས་པའི་ངོར་བྱས་ནས་ཉིན་ཞག་གཅིག་པའི་སྡོམ་པ་བསྲུངས་ཞེས་པའི་དོན་ཡིན་གྱི། བསྙེན་གནས་ཞག་མང་པོར་སྦྲེལ་ནས་ལེན་པའི་ཤེས་བྱེད་མིན་ནོ། །གཉིས་པ་དགེ་ཚུལ་གྱི་ཆོ་ག་ལ། སྦྱོར་བའི་ཆོ་ག་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ནི་བར་མ་རབ་བྱུང་གི་ཆོ་ག་ཡིན་ལ། དེ་ལ་ཡང་སྦྱོར་བ་དང༌། དངོས་གཞི་གཉིས། དང་པོ་ལ། དགེ་འདུན་ལ་ཞུ་བ་དང༌། མཁན་པོར་གསོལ་བ་འདེབས་པ་གཉིས། དང་པོ་ལ་སྔགས་ཆོག་ནི་གྲགས་ཆེ་བས་མ་བྲིས་ལ། དེའི་དོན་རྣམ་པར་བཤད་ན། དགོས་པ་ནི། དགེ་སློང་གིས་མི་རྐུས་སོ་ཞེས་ཟེར་བ་ལྟ་བུའི་སྐུར་བ་སྤངས་ཤིང༌། ངོ་ཚ་དང་ཁྲེལ་ཡོད་ཀྱི་བསམ་པ་སྐྱེད་པའི་ཕྱིར་དུའོ། །བསྡུས་པའི་དོན། གོང་དུ་ཞུ་ལན་དང་ཞེས་པའི་སྡོམ་གྱིས་བསྡུས་པ་ཡིན་ནོ། །ཚིག་གི་དོན་ནི། འཚམས་ནང་དེ་ན་ཡོད་པའི་དགེ་སློང་གི་དགེ་འདུན་མཐའ་དག་ལ་ཞུ་དགོས་ཏེ། ཇི་སྐད་དུ། ཐ་དད་པ་ཉིད་དུ་འདོད་པ་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་དང༌། དེའི་འགྲེལ་པར། འདིར་ལས་ཞེས་སྨོས་པས་ནི་འདུལ་བར་གཏོགས་པའི་མཐུན་པ་དང་འབྲེལ་བའི་ལས་སུ་བྱ་བ་ཐ་ན་རབ་ཏུ་འབྱུང་བ་ལ་ལྟོས་པ་ཞུ་བའི་མཐར་ཐུག་པ་ཡིན་ཆད་ཀུན་བསྡུའོ། །ཞེས་གསུངས་སོ། །དིང་སང་ཕྱག་ལེན་དུ་བྱེད་པ། ལས་གྲལ་དེ་ན་འཁོད་པའི་དགེ་འདུན་ལ་ཞུ་བ་ནི་བྱེད་མི་དགོས་ཏེ། ལས་གྲལ་དེ་ན་འཁོད་པའི་དགེ་འདུན་རྣམས་ཀྱིས་བསྒྲུབ་བྱ་དེ། བར་ཆད་ཀྱི་ཆོས་ཀྱིས་དག་པར་མངོན་སུམ་གྱིས་གྲུབ་ཟིན་པའི་ཕྱིར་དང༌། མཁན་པོ་ནི་དགེ་འདུན་ལ་ཞུ་བ་པོ་ཡིན་གྱི་ཞུ་ས་ཡུལ་གྱི་དགེ་འདུན་དུ་མི་གཏོགས་པའི་ཕྱིར་དོན་སྤྱི་མ་ཤར་བ་ཡིན་ནོ། །དེས་ན་གཞུང་ནས་བཤད་པའི་དོན་སྤྱི་འཆོར་ལུགས་ནི། བར་ཆད་དྲི་བ་ནི། དད་པའི་དགེ་འདུན་གྱི་དབུས་སུ་འདྲི་དགོས་པ་མ་ཡིན་པས། མཁན་པོ་ཉིད་དུ་ཕྱོགས་པའི་དགེ་སློང་དེ་གཅིག་པུས། བར་ཆད་དྲིས་ནས་དག་གོ་ཞེས་ཟེར་ན། རང་གི་དགེ་བསྙེན་ཉིད་དུ་བསྒྲུབས་ནས། ཞུ་བ་བྱེད་པའི་དགེ་སློང་ཆོས་བདུན་ལྡན་ཞིག དགེ་འདུན་ལ་ཞུར་བཅུག་པ་ཡིན་ལ། དགེ་སློང་དེས་ཀྱང་མཁན་པོ་མ་གཏོགས་པའི་དགེ་འདུན་ཐམས་ཅད་འདུས་པའམ། གནས་ཁང་སོ་སོ་ལ་འཁོད་པ་ལ་ཡང་རུང༌། བསྒྲུབ་བྱ་དེ་ཁྲིད་ནས་ཞུ་བ་ཡིན་ལ། དགེ་འདུན་གྱིས་གནང་བ། དེའི་འོག་ཏུ་མཁན་པོར་ཕྱོགས་པའི་དགེ་སློང་དེ་ལ་མཁན་པོར་གསོལ་བ་བཏབ། དེས་དེ་རབ་ཏུ་བྱུང་བ་ཉིད་དུ་བསྒྲུབས་ནས། དེའི་འོག་ཏུ་དགེ་ཚུལ་ཉིད་དུ་སྒྲུབ་པར་བྱེད་པའི་དགེ་སློང་ཞིག་ལ་གཏད། དེས་དེ་དགེ་ཚུལ་ཉིད་དུ་ཉེ་བར་སྒྲུབ་ཅིང༌། དགེ་སློང་གཞན་ཞིག་གིས་དགེ་ཚུལ་གྱི་སྡོམ་པ་ཐོབ་པའི་དུས་བརྗོད་དགོས་པ་ཡིན་ནོ། །དགེ་འདུན་དུ་མ་ལོངས་པ་ལ་ཡང་ཞུ་དགོས་པ་ཡིན་ཏེ། འགྲེལ་པར། གང་གི་ཚེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་རང་རང་གི་གནས་ཁང་ན་གནས་པའི་ཚེ་གནས་ཁང་སོ་སོར་སོང་སྟེ་དེ་དག་གི་མདུན་དུ་ཞུ་བར་རུང་སྟེ། ཞེས་གསུངས་པའི་ཕྱིར་སྔགས་ཚིག་ལས་ཀྱང་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་པའོ། །དེས་ན་སྐབས་འདིར། རབ་ཏུ་བྱུང་བའི་ཞུ་བ་འབུལ་བའི་ལས་དེ། གལ་ཆེ་ཞིང་ཚེགས་ཆུང་བར་སྣང་བ་ལ་དིང་སང་སླ་ཆོས་སུ་འཇོག་པར་སྣང་ངོ༌། །ཡང་འཚམས་མེད་པའི་སར་ནི། ཇི་སྐད་དུ། ལས་ལ་རྩིག་པ་འཚམས་ཡིན་ནོ་ཞེས་གསུངས་པ་ལྟར། རྩིག་རྒྱུན་གཅིག་གིས་བསྐོར་བའི་ནང་ན་དགེ་འདུན་གང་ཡོད་ལ་ཞུ་དགོས་པ་ཡིན་ནོ། །གཉིས་པ་མཁན་པོར་གསོལ་བ་བཏབ་པ་ལ་ཆོ་ག་ནི། བཙུན་པའམ་སློབ་དཔོན་ནམ་མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་གྱི། བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བདག་རབ་ཏུ་བྱུང་བར་བགྱིའོ་ཞེས་ལན་གསུམ་བརྗོད། གསུམ་པ་ལ་མཁན་པོ་མཁན་པོས་ཞེས་བརྗོད་དོ། །མཁན་པོར་གསོལ་བ་བཏབ་པ་ལ་ཆོ་ག་ནི། དགོས་པའི་དོན་ནི། གཅིག་གིས་གཅིག་བསྡུ་བར་བྱ་བའི་ཕྱིར་དང༌། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར་བྱ་བ་ཡིན་ནོ། །བསྡུས་པའི་དོན། སྔར་བཤད་ཟིན་ཏོ། །ཚིག་གི་དོན་ལ། རབ་བྱུང་དང༌། བསྙེན་རྫོགས་དང༌། དགེ་སློབ་མ་གསུམ་ལ་མཁན་པོ་བཤད་ཅིང༌། དགེ་ཚུལ་ལ་སོགས་པ་གཞན་ལ་མཁན་པོའི་བཤད་པ་མེད། བསྙེན་རྫོགས་ཀྱི་མཁན་པོ་མེད་ན་མི་འབྱུང་བའི་རྒྱུ་མ་ཡིན་ལ། ད་ལྟར་ཆོ་ག་ལ་བརྟེན་ནས་རབ་ཏུ་བྱུང་བ་ལ་མཁན་པོ་མེད་ན་མི་འབྱུང་བའི་རྒྱུར་དགོས་པ་ཡིན་ནོ། །མཁན་པོ་དེའི་ལས་སུ་བྱ་བ་ནི། སྤྱིར་སྐྲ་དང་ཁ་སྤུ་བྲེག་པ་བྱེ་བྲག་གཙུག་ཕུད་བྲེག་གོ་ཞེས་དྲིས་ནས་སྟེར་ན་བྲེག་པ། རྟགས་དང་ཆ་ལུགས་སྦྱིན་པ། མཚན་མ་ཚོར་བར་བརྟག་པ་རྣམས་ཡིན་ལ། དེ་དག་ལས་གཞན་རྣམས་ནི་དགེ་སློང་གཞན་ལ་བཅོལ་བས་འགྲུབ་ཅིང༌། རྟགས་དང་ཆ་ལུགས་སྦྱིན་པ་ནི་རང་གིས་ངེས་པར་བྱེད་དགོས་པ་ཡིན་ནོ། །ལུང་དུ་འདིར་ལྷུང་བཟེད་སྦྱིན་པ་མ་བཤད་པས་མདོ་རྩ་བར་ཡང་མི་འབྱུང་ལ། ལས་བརྒྱ་རྩར་དེའི་འོག་ཏུ་མཁན་པོས་ལྷུང་བཟེད་དང༌། གོས་ངུར་སྨྲིག་དག་སྦྱིན་པར་བྱ་ཞིང༌། ཞེས་གསུངས་སོ། །ཕྱག་ལེན་ལ་གདིང་བ་དང༌། ཆུ་ཚགས་ཀྱང་སྟེར་བར་མཛད་མོད། གཞུང་འགྲེལ་ནས་བཤད་པ་མེད་དོ། །སྐབས་འདིར་གོས་སྦྱིན་པའི་ཚེ། གོས་ཕྲག་པ་ལ་འགེལ་བ་དང༌། ལག་པ་སྟེང་འོག་ཏུ་བསྣོལ་བ་སོགས་བྱེད་པ་ནི། གོས་བྱིན་གྱིས་བརླབས་པའི་ཚེ་ཡིན་གྱི། འདིར་ཚིག་ཙམ་གྱི་སྒོ་ནས་སྟེར་བ་ཡིན་པས་དེ་ལྟ་བུ་མི་དགོས་སོ། །བྱིན་ནས་ཀྱང་མཁན་པོ་རང་ཉིད་ཀྱིས་བསྐོན་དགོས་ཤིང༌། ཕྱག་ལེན་ལ་གཞན་ལ་བཅོལ་བར་སྣང་ངོ༌། །དིང་སང་སྟོད་གཡོགས་དང་སྨད་གཡོགས་གཉིས་ཀ་མཁན་པོས་བསྒྲུབ་བྱའི་སྟེང་དུ་བལྟབས་ཏེ་གཡོགས་པ་ལ་ནི་བསྐོན་པའི་དོན་མ་ཚང་བས། ཡང་ན་མཁན་པོ་རང་གིས་ཚུལ་བཞིན་དུ་བསྐོན་པར་བྱ། ཡང་ན་གཞན་ལ་བཅོལ་བར་བྱའོ། །འདིར་མེ་ཏོག་འཐོར་བ་དང༌། སྨོན་ལམ་འདེབས་པ་ནི་ཕྱག་ལེན་ལ་སྣང་ཡང༌། གཞུང་ཡི་གེ་ལས་བཤད་པ་མེད་དོ། །གཉིས་པ་དངོས་གཞི་ལས་སྔགས་ཀྱི་ཆོ་ག་དང་དེའི་དོན་བཤད་པའོ། །དང་པོ་ནི། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་ཞེས་པ་ནས། དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་རབ་ཏུ་བྱུང་བའི་རྗེས་སུ། བདག་ཀྱང་རབ་ཏུ་འབྱུང་སྟེ་ཁྱིམ་པའི་རྟགས་སྤོང་ངོ༌། །རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ། །ལན་གསུམ་མོ། །གཉིས་པ་ལ་དགོས་པའི་དོན། རབ་ཏུ་བྱུང་བའི་ཕན་ཡོན་མང་པོ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡིན་ནོ། །བསྡུས་པའི་དོན་སྔར་བསྟན་ཟིན་ཏོ། །ཚིག་དོན་ནི། འདིའི་སྔ་རོལ་དུ་མིང་སྤོ་བ་འདུལ་བའི་ཆོས་བསྐོར་གྲགས་ཆེ་བ་རྣམས་ལས་གསལ་བར་བཤད་པ་མེད་ཅིང༌། སྔོན་སྡེ་པ་བཞིར་མ་གྱེས་པའི་གོང་རོལ་དུ་མིང་སྤོ་བ་མེད་པར་གསལ་ལོ། །ཐམས་ཅད་མཁྱེན་པ་བུའི་ཞལ་ནས། སོ་ཐར་གྱི་འགྲེལ་པ་གླང་པོ་ཆེའི་ཆུ་འཐུངས་ལས། མིང་བརྗེ་བར་བཤད་ཅིང༌། དེ་ལ་སྡེ་པའི་མིང་གི་མཐའ་ཅན་དང༌། མཁན་པོའི་མིང་གི་མཐའ་ཅན་གཉིས་ལས། དང་པོ་ནི། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ། དང་པོའི་མཁན་པོའི་མིང་གི་མཐའ་ཅན། དཔལ་དང་འོད་དང༌། གྲགས་པ་དང༌། བཟང་པོ་སྟེ་བཞི་པོ་གང་རུང་གི་མཐའ་ཅན། ཕལ་ཆེན་སྡེ་པ་ལ། ཡེ་ཤེས་དང༌། སྦས་པའི་མཐའ་ཅན། གནས་བརྟན་པའི་སྡེ་པ་ལ། འབྱུང་གནས་དང༌། གོ་ཆའི་མཐའ་ཅན། ཀུན་གྱིས་བཀུར་བའི་སྡེ་པ་ལ། སྡེ་དང༌། འབངས་ཀྱི་མཐའ་ཅན་ཞེས་གྲགས་ཤིང༌། བོད་ཀྱི་སད་མི་བདུན་ལ་ཡང་མཁན་པོའི་མིང་གི་མཐའ་ཅན་དུ་ཡོད། དེ་ལྟར་བྱས་པས་སྡེ་པ་མི་འདྲེ་ཞིང༌། མཁན་པོ་གང་ལས་རབ་ཏུ་བྱུང་བ་རྟོགས་པའི་དགོས་པ་ཡོད་དོ། །ཞེས་གསུང་ངོ༌། །བོད་ཀྱི་འདུལ་འཛིན་རྣམས་ན་རེ། ཕལ་ཆེན་སྡེ་པའི་ལུང་ནས་ཁྱིམ་པའི་མིང་སྤངས་ཏེ་ཚོགས་པའི་ཚུལ་གྱིས་དགེ་སློང་གི་མིང་གདགས་པ་སྔོན་དུ་འགྲོ་བས་ཞེས་བཤད་པ་ཁུངས་སུ་བྱེད་པར་གྲགས་སོ། །འདི་ལ་སྡོམ་པ་སྐྱེ་བའི་བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་པ་མི་དགོས་ཏེ། འདི་བར་མ་དགེ་བ་ཡིན་གྱི་སྡོམ་པ་དངོས་མ་ཡིན་པའི་ཕྱིར་དང༌། ལུང་ལས་འཚམས་མེད་བྱས་པའི་གང་ཟག་ལའང་འདི་སྐྱེ་བར་བཤད་པའི་ཕྱིར་དང༌། ཉམས་པ་དང་མ་སྐྱེས་པ་གཉིས་ལའང་འདི་རྒྱུད་ལ་ལྡན་པར་བཤད་པའི་ཕྱིར་རོ། །དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་སོགས་གང་ཡང་མི་ལེན་པར་འདི་རྐྱང་པ་སྦྱིན་པས་ཀྱང་སྐྱེ་ལ། དེ་འདྲ་དེ་རབ་ཏུ་བྱུང་བ་ནི་ཡིན་ལ་རྩ་བའི་སྡོམ་པ་བསྲུང་རྒྱུ་ནི་ཡོད་པ་མ་ཡིན་ནོ། །འདི་ལ་སྤྱིར་རབ་བྱུང་གི་རྟགས་དང་ཆ་ལུགས་ཚང་དགོས་ཀྱང་ལྷུང་བཟེད་མེད་པ་འདི་མི་སྐྱེ་བ་ནི་མ་ཡིན་ཏེ། མེད་ན་རབ་ཏུ་དབྱུང་བར་བྱའོ། །ཞེས་གསུངས་པས་སོ། །བརྒལ་ལན་ནི། འདི་མ་བླངས་པར་ཡང་དགེ་ཚུལ་དང་བསྙེན་པར་རྫོགས་པ་སྐྱེ་བར་བཤད་ལ། དེ་ལྟ་ན་ཡང་རབ་བྱུང་གི་རྟགས་དང་ཆ་ལུགས་མི་ལྡན་པ་ལ། སྡོམ་པ་མི་སྐྱེ་བ་ཡིན་ཏེ། ཇི་སྐད་དུ།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*