གནས་ལྔ་པ་ཕྲ་རྒྱས་བསྟན་པ་ནས་གནས་དགུ་པ་གང་ཟག་བསྟན་པའི་མཛོད། ཀ ༽

༼ཞ༽༄༅། །ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམ་པར་བཤད་པའི་བསྟན་བཅོས་བཞུགས་སོ།།

དེ་ནས་དེའི་འོག་ཏུ་གནས་ལྔ་པ་ཕྲ་རྒྱས་བསྟན་པ་ལ་གསུམ་སྟེ། ཕྲ་རྒྱས་ཀྱི་རང་བཞིན། དེ་ཇི་ལྟར་སྤོང་བའི་ཚུལ། སྤངས་པའི་འབྲས་བུ་ཡོངས་ཤེས་སོ། །དང་པོ་ལ་གཉིས་ཏེ། ཕྲ་རྒྱས་ཀྱི་དབྱེ་བ་དང་རྣམ་པའི་རབ་དབྱེ་རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་འོ་ན། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ་དེ་ཙམ་གྱིས་ཆོག་གམ། དེ་ལྟ་ན་ནི་དགྲ་བཅོམ་པ་ཡང་རྣམ་སྨིན་དང༌། བདག་པོའི་འབྲས་བུར་གྱུར་པའི་འཇིག་རྟེན་སྣ་ཚོགས་བ་ཅན་དུ་འགྱུར་ཏེ། དགྲ་བཅོམ་པ་ཡང་མ་ངེས་པའི་ལས་དང་བཅས་པའི་ཕྱིར། གཞན་དུ་ན། མ་ངེས་པའི་ལས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ལ་གེགས་བྱེད་པ་ཉིད་དུ་འགྱུར་རོ་ཞེ་ན། ལན་ལ་གཉིས་ལས། བསྟན་པ་ནི། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པ་འདི་ལ། རྒྱལ་པོ་སྲས་ནི། སྲིད་པ་ལ། ལས་ཀྱི་སྲིད་པ་དང༌། ཡང་སྲིད་གཉིས་ལས། དེ་གཉིས་ཀའི་རྩ་བ་ཕྲ་རྒྱས་ཡིན་ཏེ། ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་པའི་ཕྱིར། བཅུ་གང་ཞེ་ན། རྩ་བ་བརྟན་བྱེད་ཐོབ་པའི་རྒྱུན། །རྒྱུད་ནས་བྱེད་པ་ཕྲ་རྒྱས་རྒྱུན། །ཞིང་ནི་རང་རྒྱུད་ཕྲ་རྒྱས་བཞིར། །རྒྱུ་མཐུན་སྒྲུབ་པ་ཉེ་ཉོན་བརྒྱད། །ལས་ཀྱི་སྲིད་པ་སྒྲུབ་པར་བྱེད། །རང་ཚོགས་འཛིན་པ་ཚུལ་བཞིན་མིན། །དམིགས་པ་ཀུན་རྨོངས་མི་ཤེས་ཉིད། །རྣམ་ཤེས་རྒྱུན་འཁྲིད་སྲིད་པར་འཕེན། །དགེ་ཕྱོགས་གཡོ་བ་ཉམས་པ་ཡིན། །འཆི་བ་ཁམས་ལས་མི་འདའ་བ། །རྣམ་པ་བཅུ་ནི་གནས་འདིར་ཡང༌། །རབ་ཏུ་བསྟན་པ་ཡིན་པར་འདོད། །ཅེས་བཤད་ལ། དེ་ལྟར་འཆད་པའི་རྒྱུ་མཚན་ཡང༌། འགྲེལ་པར་ཉོན་མོངས་པ་འཇུག་པ་ན་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་པར་བྱེད། རྒྱུན་གནས་པར་བྱེད། ཞིང་དུ་སྒྲུབ་པར་བྱེད། རྒྱུ་མཐུན་པ་སྒྲུབ་པར་བྱེད། ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད། རང་གི་ཚོགས་ཡོངས་སུ་འཛིན་པར་བྱེད། དམིགས་པ་ལ་ཀུན་ཏུ་རྨོངས་པར་བྱེད། རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད། དགེ་བའི་ཕྱོགས་གཡོ་བར་བྱེད། ཁམས་ལས་མི་འདའ་བའི་ཚུལ་གྱི་འཆིང་བའི་དོན་དུ་ཁྱབ་པར་བྱེད། ཅེས་བཤད་པའོ། །གང་སྤེལ་ནི། སྲིད་པ་ནི་ཡང་སྲིད་པ་ཉིད་ཡིན་ལ། དེའི་རྩ་བ་ནི། གཉིས་ཏེ། ལས་དང༌། ཉོན་མོངས་པའོ། །དང་པོ་ནི་བཤད་ཟིན་ལ། གཉིས་པ་འདིར་འཆད་དོ། །ཞེས་འདོད་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །འདི་ན་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་བཤད་དོ། །གཉིས་པ་བཤད་པ་ལ། རྩ་བའི་དབྱེ་བ་དང༌། ཡན་ལག་གི་དབྱེ་བ་གཉིས་ལས། དང་པོ་ནི། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང༌། །ཞེས་སོགས་ཡིན་ལ། གལ་ཏེ། འདོད་ཆགས་སོགས་ཕྲ་རྒྱས་ཀྱི་དབྱེ་བར་འཆད་ན། དེ་ཉིད་སྒྲ་ཇི་བཞིན་པའམ། ཞེ་ན། བྱེ་བྲག་ཏུ་སྨྲ་བ་ནི། ཀུན་དཀྲིས་ལ་ཕྲ་རྒྱས་སུ་བཤད་ནས། གཞུང་དེ་ཉིད་སྒྲ་ཇི་བཞིན་པར་འཆད། གནས་མ་བུ་པ་ནི། ཆགས་སོགས་ཀྱི་ཐོབ་པ་ལ་ཕྲ་རྒྱས་སུ་འཆད། མདོ་སྡེ་པ་ནི་ཆགས་སོགས་ཀྱི་ས་བོན་ལ་ཕྲ་རྒྱས་སུ་འཆད་དོ། །དེ་ཡང་འགྲེལ་པ་ལས་འདི་ལྟར་འབྱུང་སྟེ། བྱེ་བྲག་ཏུ་སྨྲ་བས་མདོ་དང་འགལ་བ་སྤངས་ནས་ཀུན་དཀྲིས་ཉིད་ཕྲ་རྒྱས་སུ་འཆད་པ། སྡེ་པ་གཞན་གྱིས་ཀུན་དཀྲིས་དང་ཕྲ་རྒྱས་ཐ་དད་དུ་འཆད་པའི་ཚུལ་ལོ། །དང་པོ་ལ། བྱེ་སྨྲའི་རང་ལུགས་བཞག་པ་དང༌། གནས་མ་བུ་པའི་འདོད་པ་མི་འཐད་པའོ། །དང་པོ་ནི། གནས་མའི་བུ་དང༌། མདོ་སྡེ་པ་སོགས་གཞན་དག་ན་རེ། འདིར་དྲུག་པོ་ཉིད་ཕྲ་རྒྱས་སུ་འཆད་ན། མདོ་དང་འགལ་ཏེ། མདོ་ལས། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ན། འདོད་ཆགས་ཕྲ་རྒྱས་དང་བཅས་པ་སྤོང་ངོ༌། །ཞེས་བཅས་པའི་སྒྲས་ཐ་དད་དུ་ཕྱེ་བའི་ཕྱིར། ཞེ་ན། བཅས་པའི་སྒྲ་ནི། ཀུན་ནས་དཀྲིས་པ་རང་རང་གི་རྒྱུན་རྗེས་སུ་འབྲེལ་པ་ལ་ཟེར་བ་ཡིན་ལ། གལ་ཏེ་ཐོབ་པ་ལ་འཆད་ན་ཡང༌། ཉེ་བར་བརྟག་པ་ཡིན་ཏེ། དེའི་ཐོབ་པ་ལས་དེ་འབྱུང་བའི་ཕྱིར། དཔེར་ན་མེ་ལ་སྡུག་བསྔལ་ཞེས་བཏགས་པ་བཞིན་ནོ། །དངོས་ལ་གནོད་བྱེད་ནི། འདོད་ཆགས་ཀྱི་ཐོབ་པ་ནི་ཕྲ་རྒྱས་དངོས་མ་ཡིན་ཏེ། ཚོར་བ་གསུམ་དང་མཚུངས་པར་མི་ལྡན་པའི་ཕྱིར། ཁྱབ་པ་ནི། ཆོས་མངོན་པ་ལས། འདོད་ཆགས་ཀྱི་ཕྲ་རྒྱས་ནི། བདེ་བ་དང༌། ཡིད་བདེ་བ་དང༌། བཏང་སྙོམས་ཀྱི་ཚོར་བ་གསུམ་དང་མཚུངས་ལྡན་དུ་བཤད་པས་སོ། །གཉིས་པ་ནི། ཇི་སྐད་དུ། སེམས་ནི་ཉོན་མོངས་བྱེད་ཕྱིར་དང༌། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་འདིར། །ཕྲ་རྒྱས་ལྡན་པ་མ་ཡིན་མིན། །ཞེས་བཤད་ལ། དོན་ནི། ཆགས་སོགས་ཀྱི་ལྡན་པ་ཆོས་ཅན། ཕྲ་རྒྱས་མ་ཡིན་ཏེ། སེམས་ཉོན་མོངས་པ་ཅན་དུ་བྱེད་པ་མ་ཡིན་པའི་ཕྱིར་དང༌། སྔོན་མེད་པའི་དགེ་བ་ལ་མི་སྒྲིབ་པའི་ཕྱིར། སྔོན་སྐྱེས་པའི་དགེ་བ་ཉམས་པར་བྱེད་པ་ཡང་མ་ཡིན་པའི་ཕྱིར། རྟགས་མི་མཐུན་པའི་ཕྱོགས་ལ་ཞུགས་པ་མ་ཡིན་ཏེ། ཕྲ་རྒྱས་ལ་དེ་དང་དེ་དག་བྱེད་པས་ཁྱབ་པའི་ཕྱིར། གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། ཆགས་སོགས་ཀྱི་ཐོབ་པས་ཀྱང་དེ་དང་དེར་བྱེད་ན། དེ་དག་རྟག་ཏུ་ཉེ་བའི་ཕྱིར་ན། དགེ་བ་རྣམས་སུ་ནམ་ཡང་དམིགས་པར་མི་འགྱུར་བ་ཞིག་ན་དགེ་བ་དམིགས་པའི་ཕྱིར་རོ། །ཞེས་པ་ཡིན་ལ། རིགས་པ་འདི་ནི་ས་བོན་ཕྲ་རྒྱས་སུ་འདོད་པ་ལ་ཡང་འཇུག་གོ །གཉིས་པ་ལ་གཉིས་ཏེ། བྱེ་སྨྲའི་རིགས་པ་དེས་དེ་མི་ཁེགས་པར་བསྟན་པ་དང༌། དེ་ལྟ་ན་ཡང་མདོ་སྡེ་པའི་ལུགས་ཉིད་འཐད་པའོ། །དང་པོ་ནི། ཇི་སྐད་དུ། འདི་ནི་གཏན་ཚིགས་སུ་མི་རུང་སྟེ། འདི་ལྟར་གང་ཞིག་ཕྲ་རྒྱས་ལྡན་པ་མ་ཡིན་པར་འདོད་པ་དེ་ཡང༌། འདི་ཐམས་ཅད་ཕྲ་རྒྱས་ཀྱིས་བྱས་པར་ནི་མི་འདོད་ཀྱང༌། ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ། །ཞེས་བཤད། དོན་ནི། སེམས་ཉོན་མོངས་པར་བྱེད་པ་ལ་སོགས་པའི་གཏན་ཚིགས་གསུམ་པོ་དེ་མཐུན་པའི་ཕྱོགས་ཕྲ་རྒྱས་ཁོ་ན་ལ་ཡོད་པར་འདོད་པ་མ་ཡིན་ཏེ། གསུམ་པོ་དེ་ཉིད་ཉོན་མོངས་པ་ཁོ་ནའི་བྱེད་ལས་སུ་འདོད་པའི་ཕྱིར། མ་ངེས་ཏེ། ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་འདོད་པས་སོ། །ཞེ་ན། དེ་ནི་གྲུབ་པ་ཉིད་ཀྱིས་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཉིས་པ་ན་འོ་ན། ཆགས་སོགས་ཀྱི་ཐོབ་པ་ཕྲ་རྒྱས་སུ་ཁས་ལེན་ནམ་ཞེ་ན། དེ་ལྟར་ཡང་མི་འདོད་ཀྱི། མདོ་སྡེ་པའི་འདོད་པ་དེ་ཉིད་ཆོས་མངོན་པའི་དགོངས་པར་གནས་སོ། །ཞེས་འཆད་པ་ནི། ཇི་སྐད་དུ། མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བུ་ཞེ་ན། ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན། ལྡན་པ་མ་ཡིན་པ་ཡང་མ་ཡིན་གྱི་ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། སད་པ་ལ་ནི་ཀུན་ནས་དཀྲིས་པ་ཞེས་བྱའོ། །དེ་ལ་ཉལ་བ་གང་ཡིན་ཞེ་ན། མངོན་མ་གྱུར་བར་ས་བོན་གྱི་དངོས་པོ་རྗེས་སུ་འབྲེལ་བའོ། །སད་པ་གང་ཞེ་ན། མངོན་སུམ་དུ་གྱུར་པའོ། །ས་བོན་གྱི་དངོས་པོ་ཞེས་བྱ་བ་འདི་ཅི་ཞེ་ན། ཡུལ་གྱི་ཉོན་མོངས་པ་སྐྱེད་པའི་མཐུ་ཡིན་ཏེ། དཔེར་ན། སཱ་ལུའི་འབྲས་བུ་ལས་སྐྱེས་པས་སཱ་ལུའི་འབྲས་བུ་སྐྱེས་པའི་མཐུ་དང་འདྲའོ། །ཞེས་འབྱུང་བ་དེའི་དོན་ནི། ཆགས་སོགས་མངོན་གྱུར་བ་དང་དེའི་ཐོབ་པ་གཉིས་ཀ་ལ་ཕྲ་རྒྱས་སུ་མི་འཐད་ཀྱི། དེའི་ས་བོན་ཉིད་དེའོ། །དེ་གང་ཞེ་ན། ཆགས་སོགས་སྔ་མའི་འབྲས་བུར་གྱུར་ཞིང༌། ཕྱི་མ་སྐྱེད་པའི་མཐུའོ། །དེ་ལ་རྩོད་པ་གཉིས་ལས། དང་པོ་ནི། གནས་མ་བུ་པའི་སྡེ་པ་ན་རེ། ཐོབ་པ་ཉིད་ས་བོན་དུ་འདོད་དོ། །ཞེས་ན། དེ་ལྟ་ན་ཉོན་མོངས་པའི་ས་བོན་ཉོན་མོངས་ལས་རྫས་གཞན་དུ་འགྱུར་བས། དྲན་པའི་ས་བོན་ཡང་དྲན་པ་ལས་རྫས་གཞན་དུ་འགྱུར་རོ། །ཞེས་འཆད་པ་ནི། གང་ཞིག་ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་དོན་ཕྲ་རྒྱས་ལྡན་པ་མ་ཡིན་པ་གཞན་དུ་རྟོག་པར་བྱེད་པ་དེས་ན། དྲན་པའི་ས་བོན་ཡང་དོན་གཞན་དུ་རྟོག་པར་བྱ་བར་འགྱུར་རོ། །ཞེས་འབྱུང་ལ། དེའི་དོན་བསྡུས་ན། འདོད་ཆགས་ཀྱི་ས་བོན་དང༌། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་དེ། དཔེར་ན་ནས་རྡོག་སྔ་མ་ལས་སྐྱེས་ཤིང༌། ནས་རྡོག་ཕྱི་མ་བསྐྱེད་པའི་ནུས་པ་དེ་ནི། ནས་རྡོག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ནོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་མི་འདོད་ན། དྲུག་ཚན་དྲུག་པའི་མདོ་ལས། འདོད་པའི་འདོད་ཆགས་དེ་བདེ་བའི་ཚོར་བ་ལ་རྒྱས་པར་འགྱུར་རོ། །ཞེས་བཤད་པ་དང་འགལ་ལོ། །ཞེ་ན། འགྱུར་རོ། །ཞེས་བཤད་པ་ཉིད་ཀྱིས་དེའི་རྒྱུ་ལ་དེའི་མིང་གིས་བཏགས་པར་གསལ་ལོ། །གཉིས་པ་ཉིང་ལག་གི་དབྱེ་བ་ལ། འདོད་ཆགས་དང་ལྟ་བ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་དང༌། བཅུ་ཆར་ཁམས་ཀྱི་སྒོ་ནས་དབྱེ་བ་དང༌། དེ་དག་གི་ཆོས་ལ་དཔྱད་པའོ། །དང་པོ་ནི། འདོད་ཆགས་ལ་གཉིས་ཏེ། འདོད་པའི་འདོད་ཆགས་དང༌། སྲིད་པའི་འདོད་ཆགས་སོ། །ཁམས་གོང་མ་གཉིས་ཀའི་འདོད་ཆགས་དེ་གཉིས་གཅིག་ཏུ་བསྡུད་པའི་རྒྱུ་མཚན་དང༌། སྲིད་པའི་འདོད་ཆགས་ཞེས་ཟེར་བའི་རྒྱུ་མཚན་གཉིས། དང་པོ་ནི། ཁ་ནི་ནང་དུ་བལྟས་ཕྱིར་ཏེ། །ཐར་པའི་འདུ་ཤེས་ཟློག་ཕྱིར་བཤད། །ཅེས་པ་ཡིན་ལ། འོ་ན་ཁམས་གོང་མ་གཉིས་ཀྱི་འདོད་ཆགས་མཐའ་དག་ཁ་ནང་དུ་བལྟས་པར་ངེས་སམ། ཞེ་ན། མ་ཡིན་ཏེ། ཕྱི་རོལ་གྱི་གཞལ་མེད་ཁང་སོགས་ལ་ཆགས་པ་ཡང་ཡོད་པའི་ཕྱིར། དེ་ལ་བསམ་ནས་འགྲེལ་པར། དེ་དག་ནི་ཕལ་ཆེར་སྙོམས་པར་འཇུག་པ་ལ་འདོད་ཆགས་པ་ཡིན་ལ། དེ་ཡང་ཁ་ནང་དུ་བལྟས་པ་ཡིན་ཏེ་ཞེས་ཕལ་ཆེར་གྱི་སྒྲས་བསྟན་ནོ། །གཉིས་པ་ནི། སྤྱིར་སྲིད་པ་ཞེས་པ་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དག་ཡིན་ལ། དེ་ལ་སྲིད་པ་ནི་འདོད་པའི་འདོད་ཆགས་ཀྱང་ཡིན་མོད། ཁམས་གོང་མ་གཉིས་སུ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པས་སྲིད་པ་ཁོ་ན་ལ་སྲེད་པའི་ཕྱིར་ན། སྲིད་པའི་འདོད་ཆགས་ཞེས་སྤྱི་སྒྲ་བྱེ་བྲག་ལ་སྦྱར་བ་ཡིན་ནོ། །ཁམས་གོང་མ་གཉིས་ལ་ཐར་པར་འཛིན་པའི་འདུ་ཤེས་དེ་སུ་ཞིག་ལ་ཡོད་ཅེ་ན། ཕྱི་རོལ་པ་དག་ལ་སྟེ། ཇི་སྐད་དུ། བསམ་གཏན་ཐ་མར་འབྱུང་འདོད་ལས། །ཞེས་འབྱུང་བ་ལྟར། བསམ་གཏན་བཞི་ཐོབ་བོ་སྙམ་ནས། སྙོམས་འཇུག་བཞིའི་བདེ་བ་ལ་རོ་མྱང་བར་བྱེད་པ་དག་ཏུ་འདོད་པས་སོ། །སྲིད་པའི་འདོད་ཆགས་སུ་བཤད་པས་ཐར་པའི་འདུ་ཤེས་མི་ལྡོག་གམ་སྙམ་ན། སྲིད་པ་དང་ཐར་པ་ནི་འགལ་བ་ཉིད་དུ་ཕྱི་རོལ་པ་དག་གིས་ཀྱང་འདོད་པའི་ཕྱིར་རོ། །གཉིས་པ་ལྟ་བའི་དབྱེ་བ་ནི། ལྟ་བ་ལྔ་སྟེ། ཞེས་སོགས་ཡིན་ལ། གལ་ཏེ་འོ་ན་འདོད་ཆགས་དང་ལྟ་བ་བཞིན་དུ་ང་རྒྱལ་ལ་ཡང་བདུན་དང་དགུའི་དབྱེ་བ་མི་འཆད་པ་ཅི་ཞེ་ན། ལྟ་བ་དང་འདོད་ཆགས་ཀྱི་དབྱེ་བ་ནི། དམིགས་པ་དང་རྣམ་པ་གཉིས་ཀའི་སྒོ་ནས་སོ་སོར་འབྱེད་ནུས་ལ། ང་རྒྱལ་གྱི་དབྱེ་བ་ནི་དམིགས་པའི་སྒོ་ནས་སོ་སོར་བཞག་པ་ཙམ་ཡིན་གྱི། རྣམ་པ་ནི་ཁེངས་པའི་རྣམ་པ་ཅན་དུ་གཅིག་པས་སོ་སོར་དབྱེ་མི་ནུས་པའི་ཕྱིར། ཞེས་སྔ་མ་རྣམས་གསུངས་མོད་ཀྱང༌། འདོད་ཆགས་དང་ང་རྒྱལ་གྱི་དབྱེ་བ་ནི་ཇི་ལྟར་ཡོད་པ་བཞིན་དུ་ཕྱེ་བར་མཉམ་ལ། སྲིད་པའི་རྩ་བ་དག་སོ་སོར་དབྱེ་བའི་ཚེ་ནི། གཉིས་པོ་ལ་སོ་སོར་ཕྱེ་བ་མེད་ཅིང༌། ལྟ་བ་ཁོ་ལ་ལྔར་ཕྱེ་བས་ན། དེ་དཔྱད་གཞིར་བཟུང་ནས་དོགས་པ་སེལ་དགོས་པ་ཡིན་ནོ། །དེ་ཡང་འདི་ལྟར། སྲིད་པའི་རྩ་བ་དྲུག་ལས། ལྟ་བ་ལས་ལྔར་ཕྱེ་ལྟ་མིན་ལ་མི་འབྱེད་པར། ཕྲ་རྒྱས་བཅུ་ཁོ་ནར་འཆད་པ་ཅི་ཞེ་ན། སྲིད་པའི་རྩ་བ་ནི་གཉིས་ཏེ། ལྟ་བ་དང༌། ལྟ་མིན་ནོ། །དེ་རེ་རེ་ལ་ལྔ་ལྔ་ལས། དང་པོ་ལྔ་ནི་མཐོང་སྤངས་ཁོ་ནར་ངེས་ལ། ཕྱི་མ་ལྔ་ལ། མཐོང་སྤངས་ཁོ་ནར་ངེས་པ་དང༌། གཉིས་ཀའི་ཆ་ཡོད་པའོ། །དང་པོ་ནི། ཐེ་ཚོམ་མོ། གཉིས་པ་ནི་གཞན་བཞིའོ། །ཞེས་སྤྱིར་བསྟན་ནས། དང་པོ་མཐོང་སྤངས་ཁོ་ནའི་ཆར་གྱུར་པ་ལ། མཐོང་སྤངས་རིས་བཞི་ཀའི་ཆ་ཡོད་པ་དང༌། གཉིས་ཁོ་ནའི་ཆ་ཡོད་པ་དང༌། གཅིག་ཁོ་ནའི་ཆར་གྱུར་པ་སྟེ་གསུམ་དུ་ངེས་སོ། །དང་པོ་ནི། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་འཛིན་གཉིས་ཏེ། དེ་ཡང་ལོག་པར་ལྟ་བ་ནི་བདེན་པ་བཞི་ཆར་ལ་དངོས་སུ་འཇུག ལྟ་བ་མཆོག་འཛིན་ནི་ལྟ་བ་ལོག་པ་དེ་ཉིད་ལ་འཇུག་གོ །གཉིས་པ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། དེ་ནི་སྡུག་བསྔལ་དང་ལམ་གྱི་བདེན་པ་གཉིས་ལ་དངོས་སུ་འཇུག་གི ཀུན་འབྱུང་དང་འགོག་པ་གཉིས་ལ་མི་འཇུག་པས་སོ། །དེའི་ཤེས་བྱེད་ཀྱང༌། ཀུན་འབྱུང་དང་འགོག་པར་གྱུར་པའི་ཚུལ་ཁྲིམས་ནི་མི་སྲིད་ལ། སྡུག་བསྔལ་དང་ལམ་དུ་གྱུར་པའི་ནི་སྲིད་པས་སོ། །དེ་ཡང་ལུས་ངག་གི་ཚུལ་ཁྲིམས་འདོད་པ་ན་སྤྱོད་པ་ནི་འདོད་པའི་སས་བསྡུས་པས་ན་སྡུག་བསྔལ་གྱི་བདེན་པ་ཉིད་ལས་མ་འདས་ལ། བསམ་གཏན་གྱི་སྡོམ་པ་ཡང་སྤོང་བ་བདུན་ནི་སྡུག་བསྔལ་གྱི་ཕུང་པོར་བསྡུས་ཤིང༌། ཟག་མེད་ཀྱི་སྡོམ་པ་ནི་ལམ་གྱི་བདེན་པར་བསྡུས་པའོ། །གསུམ་པ་ནི། ལྟ་བ་དང་པོ་གཉིས་ཏེ། དེ་དག་ནི་སྡུག་བསྔལ་གྱི་བདེན་པ་ལ་དངོས་སུ་འཇུག་ཅིང༌། གཞན་གསུམ་ལ་ནི་དངོས་དང་རྒྱུད་པ་གང་གིས་ཀྱང་མི་འཇུག་པས་སོ། །དངོས་སུ་མི་འཇུག་སྟེ། བདེན་པ་ཕྱི་མ་གསུམ་ལ་དམིགས་ནས་བདག་དང་བདག་གི་བ་ཉིད་དུ་མི་འཛིན་པའི་ཕྱིར། བརྒྱུད་པས་ཀྱང་མི་འཇུག་སྟེ། དེའི་ཡུལ་ཅན་གྱི་ཉོན་མོངས་ལ་བདག་དང་བདག་གི་བ་གང་དུ་ཡང་མི་ལྟ་བའི་ཕྱིར། དེ་ལྟ་བུའི་རྣམ་དབྱེ་བྱ་བ་དགོས་པའི་ཕྱིར། ལྟ་བ་ལ་ལྔར་ཕྱེ་བ་ཡིན་ནོ། །གཉིས་པ་ལྟ་མིན་ལ། ཀུན་བཏགས་དང༌། ལྷན་སྐྱེས་གཉིས་ལས། དང་པོ་ནི་ཐེ་ཚོམ་ཡིན་ལ། གཉིས་པ་ལ། ཁ་ནང་དུ་བལྟས་པ་དང༌། ཕྱིར་བལྟས་པ་དང༌། ཕྱི་ནང་གཉིས་ཀ་ལ་རྨོངས་པའོ། །དང་པོ་ནི། ང་རྒྱལ་ཡིན་ལ། གཉིས་པ་ལ། ཁམས་གསུམ་ཆར་ན་ཡོད་པ་དང༌། འདོད་པའི་ཁམས་ཁོ་ན་ན་ཡོད་པའོ། །དང་པོ་ནི་འདོད་ཆགས་ཡིན་ལ། གཉིས་པ་ནི་ཁོང་ཁྲོའོ། །ལྟ་མིན་གྱི་དབྱེ་བ་ནི། ཞེ་སྡང་མི་འཆད་པར་ཁོང་ཁྲོ་འཆད་པའི་རྒྱུ་མཚན་ཡང་དེ་ཉིད་ཀྱིས་རྟོགས་སོ། །གསུམ་པ་ནི་མ་རིག་པའོ། །དེས་ན་རྣམ་གཞག་དེ་ལྟ་བུ་ཁོང་དུ་ཆུད་པའི་ཕྱིར་དུ་ལྟ་མིན་ལ་ལྔར་གསལ་ལོ། །དེ་དག་ནི་ལྟ་བ་དང་ལྟ་མིན་སོ་སོ་ལ་ལྔར་དབྱེ་བའི་རྒྱུ་མཚན་དང་དགོས་པ་ཡིན་ལ། རྩ་བ་བཅུར་བསྡུས་པའི་རྒྱུ་མཚན་དང་དགོས་པ་ཡང༌། ཆོས་མངོན་པ་ལ་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་འབྱེད་པའི་རྒྱུ་མཚན་དང་དགོས་པ་རྟོགས་པའི་ཆེད་ཡིན་ཏེ། ཇི་སྐད་དུ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཞེས་འབྱུང་བ་དེ་ཉིད་དོ། །དེ་ལྟར་འདོད་པའི་ཁམས་ན་སོ་གཉིས་དང༌། ཁམས་གོང་མ་གཉིས་ན་ནི། ཇི་སྐད་དུ། ཁོང་ཁྲོ་མ་བཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་འབྱུང་བ་དེ་ཉིད་དོ། །གསུམ་པ་ཁྱད་པར་གྱི་ཆོས་དག་བཤད་པ་ལ། དུ་མ་དག་ལས་གཉེན་པོ་གང་གིས་སྤོང་བ་ནི། ཅི་མཐོང་སྤངས་སུ་བཤད་པ་དེ་དག་མཐོང་ལམ་ཁོ་ན་དང༌། སྒོམ་སྤངས་དུ་བཤད་པ་དེ་དག་སྒོམ་ལམ་ཁོ་ནས་སྤོང་བ་ཡིན་ནམ་ཞེ་ན། བཤད་པ། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བའི་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་པ་འདིའི་དོན་ལ། བྱེ་བྲག་ཏུ་སྨྲ་བ་སྔ་རབས་པའི་ལུགས་ཇི་ལྟར་ཁས་ལེན་པའི་ཚུལ། དེ་ལ་གཞན་གྱི་བརྟགས་པའི་སྐྱོན་སེལ་བའོ། །ཞལ་ལས་བྱུང་བའི་དོན་འགའ་ཞིག་བསམ་པའོ། །དང་པོ་ནི། ཐེག་པ་ཆེན་པོ་པ་དག་སྒོམ་པའི་ལམ་ལ་འཕགས་ལམ་གྱིས་ཁྱབ་པར་འདོད་ཀྱང༌། འདིར་ནི་སོ་སོ་སྐྱེ་བོའི་སྒོམ་ལམ་ཁས་བླངས་པ་ཡིན་ཏེ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་འཆད་པའི་ཕྱིར། དེ་ལྟ་ན་ཡང་བྱིས་པའི་སྒོམ་ལམ་དེ་ལམ་ལྔའི་ཡ་གྱལ་དུ་འདོད་པ་ནི་མ་ཡིན་ཏེ། འདི་ནི། ཕྱི་རོལ་པའི་ལྟ་བ་ཅན་དག་ལའང་ཡོད་པའི་ཕྱིར་དང༌། བདེན་པ་མཐོང་དང་གོམས་པ་ལས། །ཞེས། ལམ་ལྔའི་ནང་ཚན་གྱི་སྒོམ་པའི་ལམ་ལ་ནི་བདེན་པ་མཐོང་ཟིན་གོམས་པར་བྱེད་པ་ཞིག་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་བཤད་པའི་སྐབས་ཀྱི་སྒོམ་ལམ་ཟག་བཅས་དེ་དང་དམིགས་རྣམ་མཚུངས་པས་ནི། བྱིས་པའི་རྒྱུད་ཀྱི་སྙོམས་འཇུག་ལ་ཡང་སྒོམ་ལམ་གྱི་མིང་གིས་བཏགས་པ་ཡིན་ནོ། །གལ་ཏེ་འདི་ས་བརྒྱད་ཀྱི་མཐོང་སྤང་སྤངས་པར་ཁས་ལེན་པ་དེའི་ཚེ། བདེན་པ་ལ་ལོག་པར་ཞུགས་པའི་ཉོན་མོངས་རྣམས་སྤངས་པ་དགོས་པས། ཕྱི་རོལ་པ་དག་ལ་ཡང་བདེན་པ་དང་བདག་མེད་མངོན་སུམ་དུ་མཐོང་བ་ཡོད་པར་འགྱུར་ཏེ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་པའི་ལྟ་བ་ལྔ་དང༌། ཐེ་ཚོམ་དག་སྤངས་པ་སྲིད་པའི་ཕྱིར་རོ། །སྙམ་ན། ཉེས་པ་མེད་དེ། དཔེར་ན། བསམ་གཏན་དང་པོའི་དངོས་གཞི་མངོན་དུ་བྱས་པའི་ཚེ། འདོད་པའི་སས་བསྡུས་པའི་ཕུང་པོ་བདག་དང་བདག་གི་བས་སྟོང་པར་མ་མཐོང་ཡང༌། དེ་ལ་དེར་ལྟ་བ་ཉིད་ལ་ཉེས་དམིགས་སུ་མཐོང་བས། འདོད་པའི་འཇིག་ལྟ་ལ་སྲེད་པ་བཅད་པ་ཡིན་ལ། དེའི་ཚེ་དེ་དང་བྲལ་བར་འཇོག་དགོས་པ་བཞིན་ནོ། །འདི་ལྟར་ཁས་ལེན་པ་ལས་གཞན་དུ། བདེན་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོལ་པ་ཁས་ལེན་པའམ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལ་ཚད་མའི་སྟོབས་ཀྱིས་ངེས་པར་འདྲེན་པའི་མུ་སྟེགས་ཅན་ཡང་སྲིད་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་ཏེ། མཐོང་སྤངས་ཉོན་མོངས་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་གཉེན་པོ་རྒྱུད་ལ་ལྡན་པའི་མུ་སྟེགས་ཅན་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་དེ་སྤང་བའོ། །དང་པོ་ནི། མདོ་སྡེ་པ་དང༌། ཐེག་པ་ཆེན་པོ་པ་དག་ན་རེ། སོ་སོ་སྐྱེ་བོས་མཐོང་སྤང་སྤོང་བ་མི་སྲིད་དེ། སྲིད་ན། མདོ་ལས། འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་སོ་སོ་སྐྱེ་བོ་ཕྱི་རོལ་པ་དག་ལ། འདོད་པ་ལ་དམིགས་པའི་ལོག་ལྟ་དང༌། རྟག་པར་ལྟ་བ་དང༌། ཁ་ཅིག་རྟག་པར་ལྟ་བ་དང༌། རྒྱུ་མེད་པར་ལྟ་བ་སོགས་འབྱུང་བར་གསུངས་ལ། དེ་དག་ཀྱང་འདོད་པ་ཁམས་ཀྱི་མཐོང་སྤངས་ཡིན་ཏེ། འདོད་པའི་ཁམས་ལ་དམིགས་པའི་ལྟ་བར་གསལ་བས་སོ། །དེ་ཡང་ཇི་ལྟར་གསུངས་ཞེ་ན། ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། ཀུན་དགའ་བོ་འདི་ན་ལ་ལ་སྲོག་གཅོད་པ་སྤོང་བ་ནས། ལོག་པར་ལྟ་བའི་བར་དུ་ཡིན་ལ། འདི་ལའང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་བའི་འོག་ཏུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་ལ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་པའི་མུ་སྟེགས་པ་དགེ་སྦྱོང་དང་བྲམ་ཟེ་ཡང་རུང༌། རྫུ་འཕྲུལ་དང་ལྡན་པ། ལྷའི་མིག་དང་ལྡན་པ། གཞན་གྱི་སེམས་ཤེས་པ། གང་ཞིག་མཐོང་ནས་དེ་འདི་སྙམ་དུ། ལུས་ཀྱིས་ལེགས་པར་སྦྱང་པ་ཡང་མེད། ལུས་ཀྱིས་ལེགས་པར་སྦྱང་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྦྱང་པའི་ཡང་མེད། ངག་དང་ཡིད་ཀྱིས་ལེགས་པར་སྦྱང་པའི་རྣམ་པར་སྨིན་པ་ཡང་མེད་དོ། །སྙམ་དུ་སེམས་སོ། །ཞེས་སོགས་རྒྱས་པར་གསུངས་ལ། དེའི་དུས་ཀྱི་ལོག་ལྟ་དེ་འདོད་པ་ཁམས་ལ་དམིགས་པ་ཡིན་ཏེ། དེ་དུས་ཀྱི་ལས་དེ་དག་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང༌། དམྱལ་བ་འདོད་པར་གཏོགས་པའི་ཕྱིར། ལུང་འདིར། སྡོམ་པ་ཅན་དམྱལ་བར་སྐྱེ་བ་ཞིག་མངོན་ཤེས་ཀྱིས་མཐོང་བར་བཤད་པ་དེ་ནི། སྔར་བསྲུངས་པ་ལ་ཕྱིས་འགྱོད་པའམ། མི་དགེ་བ་བཅུ་སྤངས་ཀྱང་ཆོས་སྤོང་གི་ཉེས་པ་ལྟ་བུ། ཡིད་ཀྱི་ཉེས་པ་གཞན་བྱས་པས་ན་ངན་སོང་དུ་སྐྱེས་པ་དག་གི་དབང་དུ་བྱས་སོ། །དེ་ཡང་གཟུགས་ཀྱི་སས་བསྡུས་པའི་ཉོན་མོངས་པ་རྣམས་ཀྱིས་ནི་འདོད་པ་ལ་དམིགས་པ་མ་ཡིན་ཏེ། འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་ཕྱིར། གཞན་ཡང༌། མདོ་སྡེ་ཚངས་པའི་དྲྭ་བ་ལས། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ། དགོན་པ་ན་འདུག་ཀྱང་རུང༌། ཤིང་དྲུང་ན་འདུག་ཀྱང་རུང༌། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཀུན་དུ་སྦྱངས་པའི་རྒྱུ་དང༌། སྤོང་པའི་རྒྱུ་དང༌། སྒོམ་པའི་རྒྱུ་དང༌། ལན་མང་དུ་བྱས་པའི་རྒྱུ་དང༌། ལེགས་པར་ཡིད་ལ་བྱས་པའི་རྒྱུས། སེམས་མཉམ་པར་བཞག་པ་ལྟ་བུའི། འཇིག་པ་དང་ཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞིང༌། དེ་འདི་སྙམ་དུ། བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ། །སྙམ་དུ་སེམས་པར་འགྱུར་རོ། །ཞེས་སོགས་རྒྱས་པར་གསུངས་པ་ཡིན་ལ། འདི་ཡང་འདོད་པ་ལ་དམིགས་པ་ཡིན་ཏེ། བདག་དང་འཇིག་རྟེན་སྔོན་འདོད་པའི་ཁམས་སུ་བྱུང་བ་དག་ལ་དམིགས་པའི་ཕྱིར། ཞེས་ཟེར་བ་ནི་མདོ་སྡེ་པ་དག་གི་ཀླན་ཀ་ཡིན་ལ་ཐེག་པ་ཆེན་པོ་པ་དག་ན་རེ། སོ་སོ་སྐྱེ་བོའི་ལམ་གྱིས་ནི། མཐོང་སྤངས་ལྟ་ཞོག སྒོམ་སྤངས་ཡང་སྤོང་བ་མ་ཡིན་ཏེ། དེ་དེའི་ས་བོན་སྤོང་བ་ཡང་མ་ཡིན། མངོན་གྱུར་ལ་གནོད་པ་བྱེད་པ་ཡང་མ་ཡིན་པའི་ཕྱིར། ས་བོན་སྤོང་ན་ནི། འདོད་པ་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོ་སླར་ཡང་འདོད་པའི་ཁམས་སུ་སྐྱེ་མི་སྲིད་པར་འགྱུར་ཏེ། དེར་སྐྱེ་བའི་རྒྱུ་ཉོན་མོངས་ཀྱི་ས་བོན་བཏོན་ཟིན་པའི་ཕྱིར། མངོན་གྱུར་ལ་གནོད་པ་བྱེད་པ་ཡང་མ་ཡིན་ཏེ། འདས་པ་ནི་འགགས། མ་འོངས་པ་ནི་མ་སྐྱེས། ད་ལྟར་བ་གཉེན་པོ་དང་ལྷན་ཅིག་མི་འཇུག་པའི་ཕྱིར། འོ་ན་ཅི་ཞེ་ན། ས་བོན་ཉམས་དམས་པར་བྱས་པ་ཡིན་ཏེ། དཔེར་ན་ནས་ལ་སོགས་པའི་ས་བོན་བརླན་དང་བྲལ་བ་བཞིན་ནོ། །ཉམས་པ་ནི་བཞི་སྟེ། དེ་ལ་དམིགས་པའི་ཉོན་མོངས་མི་སྐྱེ་བས་ཉམས་པ་དང༌། ཉེས་དམིགས་སུ་ལྟ་བས་ཉམས་པ་དང༌། ཞི་གནས་ཀྱིས་ཉམས་པ་དང༌། གྲོགས་ཡང་དག་པར་བཅོམ་པས་ཉམས་པའོ། །དེ་དག་ལས་འདིར་འཇིག་རྟེན་པའི་སྙོམས་འཇུག་སྐྱེས་པའི་ཚེ་ནི་ཞི་གནས་ཀྱིས་ཉམས་པ་ཡིན་ནོ། །ཞེས་ཟེར། གཉིས་པ་ལ་གཉིས་ཏེ། རྒོལ་བ་དང་པོའི་ལན་དང༌། གཉིས་པའི་ལན་ནོ། །དང་པོ་ནི། མངོན་ཤེས་ཅན་ལ་ལོག་ལྟ་འབྱུང་བར་སྟོན་པའི་མདོ་སྡེ་དག་ནི། བསམ་གཏན་གྱི་དངོས་གཞི་ལས་ཉམས་པ་དང་དུས་མཉམ་དུ་ལྟ་བ་ངན་པ་སྐྱེས་པ་ལ་དགོངས་པ་ཡིན་ཏེ། དཔེར་ན་ལུང་དབྱེན་གྱི་གཞི་ལས། ལྷས་སྦྱིན་བསྙེན་བཀུར་གྱིས་ཟིལ་གྱིས་ནོན་ཏེ། དགེ་སློང་གི་དགེ་འདུན་འཁོར་དུ་བྱས་པའི་ཕྱིར་བཅོམ་ལྡན་འདས་ལ་ཐུགས་ལས་ཆུང་ངུར་བཞུགས་སུ་གསོལ་ལོ་སྙམ་དུ་སྡིག་པའི་བསམ་པ་སྐྱེས་པ་དང་དུས་མཉམ་དུ་རྫུ་འཕྲུལ་ལས་ཉམས་པར་བཤད་པ་བཞིན་ནོ། །གཉིས་པ་ནི། འཇིག་རྟེན་པའི་ལམ་གྱིས་རང་གི་སྤང་བྱ་ཉོན་མོངས་ཀྱི་ས་བོན་གཅོད་པ་ཡིན་ཏེ། ས་བོན་གྱི་དོན་ནི་ཐོབ་པ་ལ་འཇོག་ལ། དེ་ནི་དེས་གཅོད་པའི་ཕྱིར། དེ་ལྟ་ཡང་ཕྱིས་ཉོན་མོངས་པ་སྐྱེ་བ་ནི། འདས་པའི་ཉོན་མོངས་རྫས་སུ་ཡོད་པ་ལས་སྐྱེ་བ་ཡིན་ནོ། །འདི་ཡང་རྐྱེན་ཚང་བ་ལ་ལྟོས་པ་ཡིན་པས་ན་གཞན་ལ་ཧ་ཅང་ཐལ་བ་མེད་དོ། །ཞེས་ཟེར་རོ། །གསུམ་པ་ནི། སོ་སོ་སྐྱེ་བོ་ལ་མཐོང་སྤང་སྤངས་པ་ཞིག་སྲིད་པར་འདོད་པ་འདི། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ནོར་བའོ། །ཞེས་གསུང་བ་དག་ཤིན་ཏུ་མང་མོད། བསྟན་བཅོས་འདིའི་དབུ་ཞབས་ཀྱི་གོང་འོག་གི་ཆགས་པ་བྲལ་བའི་ཚུལ་འཆད་པའི་སྐབས་ཐམས་ཅད་དུ། འདིར་བཤད་པ་ཉིད་རང་ལུགས་སུ་གཞག་པ་ཡིན་ཏེ། དེ་མ་ཐག་རྐྱེན་གྱི་སྐབས་སུ་བཤད་པ་དང༌། སྙོམས་འཇུག་བསྟན་པའི་མཛོད་དུ་གོང་མའི་དངོས་གཞི་ཅན་ལ་འོག་མའི་ཉོན་མོངས་དང་མི་ལྡན་པ་ཤ་སྟག་ཏུ་བཤད་པ་བཞིན་ནོ། །དེ་ལས་གཞན་དུ་བསམ་གཏན་དང་པོའི་དངོས་གཞི་ཅན་ལ་འདོད་པའི་ཉོན་མོངས་པ་མ་སྤངས་པ་དག་ཡོད་ན། འདོད་པའི་འདོད་ཆགས་དང་ཁོང་ཁྲོ་དག་ཀྱང་ཡོད་དགོས་ཏེ། མཐོང་སྤང་དུ་གྱུར་པའི་དེ་དག་མ་སྤངས་པར་ཡོད་པའི་ཕྱིར། དཔེར་ན་ལྟ་བ་དག་བཞི་ནི། འདོད་ནུས་པ་མ་ཡིན་ཏེ། འདོད་པ་ལ་འདུན་པ་དང་རྣམ་འཚེ་མ་སྤངས་པར་ནི་འདོད་པའི་ཆག་བྲལ་མི་རུང་བས་སོ། །གཞན་ཡང༌། གོང་སའི་རྟེན་ལ་འདོད་པའི་ཉོན་མོངས་མངོན་དུ་འགྱུར་བར་ཁས་ལེན་དགོས་པ་ཉིད་དུ་འགྱུར་ཏེ། དེར་མཐོང་སྤང་མ་སྤངས་པ་དག་ཡོད་པར་ཁས་བླངས་པས་སོ། །མ་སྤངས་ཀྱང་མངོན་དུ་མི་འགྱུར་རོ། །ཞེ་ན། དེ་ཅི། བྲལ་བས་སམ། མ་བྲལ་བར་ཡིན། དང་པོ་ལྟར་ན་སྤངས་པ་ཉིད་ལས་མ་འདས་ལ། གཉིས་པ་ལྟར་ན། ཐེག་པ་ཆེ་ཆུང་གང་གི་ལྟར་ན་ཡང༌། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད་དུ་འཇོག་པ་རྣམས་མི་འཐད་པར་འགྱུར་ཏེ། ས་འོག་མ་ལ་ཆགས་པ་དང་མ་བྲལ་བཞིན་དུ་གོང་མའི་དངོས་གཞི་ཅན་དུ་འཇོག་པའི་ཕྱིར། གལ་ཏེ་འདི་སྙམ་དུ། འདོད་ཆགས་ནི་གཉིས་ཏེ། ཡུལ་ལ་ལོག་པར་ཞུགས་པ་དང༌། བདེན་པ་ལ་ལོག་པར་ཞུགས་པ་གཉིས་ལས། ཁམས་དང་སའི་ཆགས་བྲལ་གྱི་རིམ་པ་ནི་དང་པོའི་དབང་དུ་བྱས་པའོ། །ཞེ་ན། དེ་ལྟར་ཡང་མི་འདོད་པ་ནི་སུ་ཡང་མེད་མོད་ཀྱང༌། བསམ་གཏན་གྱི་དངོས་གཞིའི་རྟེན་ལ་འདོད་པའི་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ལྡན་པ་ནི་མ་ཡིན་ཏེ། འདོད་ཆགས་དེ་ལ་དམིགས་པའི་སྲེད་པ་བཅད་པས་ན་དེའི་ཐོབ་པ་དང་བྲལ་བའི་ཕྱིར་རོ། །གཞན་ཡང་མདོ་སྡེ་པ་དང་ཐེག་པ་ཆེན་པོ་པ་དག་གི་ལུགས་ལ། གོང་མའི་དངོས་གཞི་ཅན་གྱི་སོ་སོ་སྐྱེ་བོ་དག་ལ་འོག་མའི་འདོད་ཆགས་ཡོད་པར་ཁས་ལེན་རྒྱུ་ཡིན་ནམ་མིན། ཡིན་ན་རྣམ་གཞག་མཐའ་དག་འཇིག་པར་འགྱུར་བ་མ་ཡིན་ནམ། མ་ཡིན་ན། དེའི་ཤེས་བྱེད་གང་ལ་ཐུག མཐོང་སྤངས་ལ་དམིགས་པའི་ཉོན་མོངས་སྤངས་པས་སོ། །ཞེ་ན། བྱེ་བྲག་ཏུ་སྨྲ་བས་ཀྱང༌། དེ་ཙམ་ལ་མཐོང་སྤང་སྤངས་པ་ཙམ་དུ་ཁས་བླངས་པས་ཚིག་ལ་མི་མཐུན་པ་ཙམ་དུ་ཟད་དོ། །བདེན་པ་མ་མཐོང་བར་མཐོང་སྤང་སྤོང་བ་མི་སྲིད་དོ་སྙམ་ན། བདེན་པ་མ་སྒོམ་པར་སྒོམ་སྤང་སྤོང་བ་ཡང་མི་སྲིད་དོ། །དེ་ལྟར་ཁས་ལེན་ནོ། །ཞེ་ན། དེ་ལྟར་ཁས་མི་ལེན་པ་ཉིད་ཀྱིས་བསལ་ལོ། །མི་མཚུངས་ཏེ། མཐོང་སྤང་སྤངས་པའི་སྤངས་པ་སླར་ལྡོག་མི་སྲིད་པས་སོ་ཞེ་ན། མི་སྲིད་པ་དེ་དག་གཉེན་པོ་ཞི་རགས་ཀྱི་རྣམ་པ་ཅན་ཡིན་མིན་ལ་ཐུག་པ་མ་ཡིན་གྱི། སྤང་བྱ་གཞི་ཅན་ཡིན་མིན་ལ་ཐུག་པ་ནི་ལུགས་འདིར་ཡིན་ལ། ལམ་ཟག་མེད་ཀྱི་སྤངས་པ་མི་ལྡོག་པས་ཁྱབ་པ་མ་ཡིན་ཏེ། དགྲ་བཅོམ་ཉམས་པའི་ཆོས་ཅན་བཞིན་ནོ། །གལ་ཏེ་འོ་ན། བསམ་གཏན་གྱི་དངོས་གཞི་ཅན་གྱི་འདོད་པའི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་དེ། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་བདག་ཏུ་ལྟ་བ་སྲིད་དམ་མི་སྲིད། སྲིད་ན་དེའི་ཚེ་ཉོན་མོངས་པ་དེ་འདྲ་དེ་ཁམས་གོང་མའི་ཉོན་མོངས་སུ་འགྱུར་ཏེ། འོག་མའི་ཉོན་མོངས་དག་ནི་མི་ལྡན་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། གོང་མའི་ཉོན་མོངས་ཀྱིས་འོག་མའི་ཕུང་པོ་ལ་མི་དམིགས་པའི་ཕྱིར་དང༌། བདག་ཏུ་ལྟ་བ་ནི་ས་གང་ན་ཡོད་པ་དེའི་ཕུང་པོ་ལ་དམིགས་ནས་དེར་ལྟ་དགོས་པའི་ཕྱིར། གཉིས་པ་ལྟར་ན། འདོད་པའི་རྟེན་ཅན་གྱི་སོ་སོ་སྐྱེ་བོ་ངར་འཛིན་དང་མི་ལྡན་པ་དག་སྲིད་པར་འགྱུར་རོ། །ཞེ་ན། དེ་འདྲ་དེ་ལ་ལྟ་བར་གྱུར་པའི་ངར་འཛིན་ནི་མེད་དེ། ཡོད་ན་འདོད་པའི་སས་བསྡུས་ཀྱི་དེ་ཡོད་དགོས་པ་ལས་དེ་མེད་པའི་ཕྱིར། ལྟ་བ་མ་ཡིན་པའི་ངར་འཛིན་ནི་ཡོད་ཀྱང་མཐོང་སྤངས་མ་ཡིན་པས་ཉེས་པ་མེད་དོ། །དེ་ཇི་ལྟ་བུ་ཞེ་ན། ལྟ་བ་མ་ཡིན་པའི་ངར་འཛིན་ལ་ནི་ལུགས་འདིར་ལྟ་མིན་གྱི་ནང་ནས་ང་རྒྱལ་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ལ། །རྣམས་སོགས་ངའོ་སྙམ་མི་འབྱུང༌། །ཞེས་བཤད་པས་སོ། །གཞན་ཡང་ངར་འཛིན་པ་ནི། བཞི་སྟེ། བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་དང༌། བདག་ཏུ་ཆགས་པ་དང༌། བདག་ཏུ་ལྟ་བའོ། །དེའི་ཕྱིར་དེ་དག་ལས་ཐ་མ་ནི་གྲུབ་པའི་མཐས་ཀུན་ཏུ་བརྟགས་པར་ངེས་པས་མཉམ་པར་བཞག་པའི་སས་བསྡུས་པའི་ཞི་གནས་ཀྱིས་ཀྱང་ཕྱོགས་གཅིག་ཉམས་པར་བྱེད་ནུས་པ་ཡིན་ནོ། །དེའི་འོག་ཏུ་ལྟ་བ་ལྔའི་ངོས་འཛིན་ནི། བདག་དང་བདག་གི་རྟག་ཆད་དང༌། །མེད་དང་དམན་ལ་མཆོག་ལྟ་དང༌། །རྒྱུ་མིན་ལམ་མིན་དེར་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །ཞེས་འདི་ལ་ལྔ་ལས། འཇིག་ལྟའི་ངོས་འཛིན་ནི། སྒྲ་བཤད་པ་དང༌། འཇུག་པ་གཉིས་ལས། དང་པོ་ནི། འདུས་བྱས་མཐའ་དག་ལ་འཇིག་ཚོགས་ཞེས་བྱ་སྟེ། འགྲེལ་པར། ཟག་པ་དང་བཅས་པ་དམིགས་པ་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ཡིན་མོད་ཀྱི། ཞེས་དང༌། འཇིག་པས་ན་འཇིག་པ་དང༌། བསགས་པས་ན་ཚོགས་པའོ། །ཞེས་སོ། །གཉིས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཁོ་ན་ལ་བདག་གམ་བདག་གི་བར་རྗེས་སུ་ལྟ་བ་ལ་དེ་ཞེས་བྱ་ལ། དེ་ལ་དེར་འཆད་པའི་རྒྱུ་མཚན་དང༌། དགོས་པ་གཉིས་ལས། དང་པོ་ནི། ལྔ་པོ་ཉིད་འཇིག་པ་དང་ཚོགས་སུ་གྱུར་པའོ། །གཉིས་པ་ནི། མུ་སྟེགས་པ་དག བདག་ཏུ་ལྟ་བས་ནི་བདག་རྟག་པ་དང་གཅིག་པུ་ལ་བདག་ཏུ་ལྟ་བ་ཡིན་ནོ། །ཞེས་ཟེར་བ་དེ་སྤང་བའི་ཕྱིར་དུའོ། །དེ་སྐད་དུ་ཡང༌། དགེ་སློང་དག དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ། བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་ན། ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་ལྟ་བ་ཁོ་ནར་ཟད་དོ། །ཞེས་སོ། །གཉིས་པ་མཐར་འཛིན་ནི། འཇིག་ལྟས་གང་ལ་བདག་ཏུ་བཟུང་བའི་དངོས་པོ་དེ་ཉིད་རྟག་པའམ་ཆད་པར་འཛིན་པའི་ཤེས་རབ་བོ། །འདིའི་ནང་ནས་ཆད་པར་ལྟ་བའི་ཆ་ནས་སྐུར་འདེབས་ཀྱི་ལྟ་བ་ཡིན་པའི་ཕྱིར་ལོག་ལྟའི་མཚན་ཉིད་དུ་བཤད་པ་དེ་ཚང་ཡང༌། རྟག་ལྟའི་ཆ་ནས་དེའི་མཚན་ཉིད་མ་ཚང་བས་དེར་མི་འཆད་གལ་ཏེ་བདག་ཆད་པར་ལྟ་བ་སྐུར་འདེབས་སུ་འཆད་ན། བདག་ཆད་པ་མི་སྲིད་པར་འགྱུར་ལ། དེ་ལྟ་ན་ལྷག་མེད་ཀྱི་ཚེ། ཕུང་པོ་ལྔ་ཆད་པ་མ་ཡིན་པར་འགྱུར་རོ། །ཞེ་ན། ཕུང་པོ་ཉིད་བདག་ཏུ་ཁས་བླངས་ན་ཉེས་པ་དེས་གནོད་ཀྱང༌། དེ་དེར་ཁས་མི་ལེན་པའི་ཕྱིར་ཉེས་པ་མེད་དོ། །འོ་ན་ཅི། འགྲེལ་པ་ལས། བདག་ཏུ་མངོན་པར་འདོད་པའི་དངོས་པོ་ཉིད་ལ། རྟག་པར་ལྟ་བའམ་ཆད་པར་ལྟ་བ་ནི། ཞེས་བཤད་པ་མ་ཡིན་ནམ་ཞེ་ན། སྒྲ་ཇི་བཞིན་པ་དེ་ལྟ་ན། ཕུང་པོ་ཉིད་བདག་ཏུ་འདོད་དགོས་པར་ཡང་འགྱུར་རོ། །དེས་ན་ཁྱད་གཞི་བདག་མེད་པ་ལ། ཁྱད་ཆོས་རྟག་པ་དང༌། ཆད་པ་ག་ལ་འབྱུང༌། གཉིས་པ་ལོག་པར་ལྟ་བ་ནི། སྤྱིར་ལྟ་བ་ལྔ་པོ་ཐམས་ཅད་ཀྱང་ལོག་པར་ལྟ་བ་ཡིན་མོད། འདི་ནི་སྤྱི་མིང་བྱེ་བྲག་ལ་སྦྱར་ནས་བདེན་པ་བཞི་པོ་ཐམས་ཅད་དང་གང་རུང་མེད་པར་ལྟ་བའི་ཤེས་རབ་ལ་ལོག་པར་ལྟ་བ་ཞེས་བྱ་སྟེ། དཔེར་ན། མར་ཐམས་ཅད་དྲི་ང་བ་ཡིན་ཀྱང༌། དྲི་ཧ་ཅང་ཚབས་ཆེན་པོ་དང་ལྡན་པ་ལ་མར་དྲི་ང་བ་ཞེས་བརྗོད་པ་བཞིན་ནོ། །གསུམ་པ་ལྟ་བ་མཆོག་འཛིན་ནི། དམན་པ་ལ་མཆོག་ཏུ་འཛིན་པའི་ཤེས་རབ་སྟེ། དམན་པ་དེ་ཡང་གང་ཞེ་ན། ཟག་པ་དང་བཅས་པ་ཐམས་ཅད་དེ། འཕགས་པ་རྣམས་ཀྱིས་སྤངས་པའི་ཕྱིར་རོ། །དེ་བས་ན་ལྟ་བ་ལ་སོགས་པ་མཆོག་ཏུ་འཛིན་པ་ཟེར་རྒྱུ་ཡིན་པ་ལ། འདིར་སོགས་པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ་ཞེས་འགྲེལ་པར་གསུངས་སོ། །འདིར་ནི་སྒྲ་འཇུག་པའི་ཚེ་དེ་ལྟར་ཁས་བླངས་པས་ཆོག་པར་མངོན་ལ། སྔ་མ་འཇིག་ཚོགས་ལ་ལྟ་བ་ནི་སྒྲ་ཡངས་པ་དེ་ལྟར་ཁས་བླངས་ན། འཇིག་ལྟ་བདེན་པ་གསུམ་ཆར་གྱི་སྒོ་ཅན་ཉིད་དུ་ཐལ་བར་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། ལྟ་བ་མཆོག་འཛིན་ཞེས་པའི་སྒྲས་དམན་པ་གཞན་ལ་མཆོག་འཛིན་ཡོད་པར་དོན་གྱིས་གོ་བ་ཡིན་གྱི། སོགས་པའི་སྒྲ་དགོས་པ་མ་ཡིན་ནོ། །ཞེས་ཟེར། ལྔ་པ་ནི། རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང༌། ལམ་མ་ཡིན་པ་ལ་ལམ་དུ་ལྟ་བའི་ཤེས་རབ་བོ། །དེ་ལ་ཟུར་དང་པོས་ནི་སྡུག་བསྔལ་མཐོང་སྤངས་ཀྱི་དབང་དུ་བྱས། གཉིས་པ་ནི་ལམ་མཐོང་སྤངས་ཀྱི་དབང་དུ་བྱས་སོ། །འདི་ལ་དངོས་དང༌། རྩོད་པ་སྤངས་པ་གཉིས་ལས། དང་པོ་ནི། འདི་ལྟ་སྟེ། དབང་ཕྱུག་ཆེན་པོའམ། སྐྱེ་རྒུའི་བདག་པོའམ། གཞན་ཡང་རུང་སྟེ། འཇིག་རྟེན་གྱི་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་དང༌། མེ་དང་ཆུར་འཇུག་པ་ལ་སོགས་པ་མཐོ་རིས་ཀྱི་རྒྱུ་མ་ཡིན་པ་ལ་དེར་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་དང༌། ཕྱི་རོལ་པས་བརྟགས་པའི་ཐར་པའི་ལམ་དུ་འདོད་པ་དག་ལམ་དུ་ལྟ་བ་སྟེ། འདིར་ཡང་སོགས་པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ །ཞེས་གྲག་གོ །ཞེས་འགྲེལ་པར་གསུངས་ལ། དེའི་དོན་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་གཟུགས་ཀྱི་ཕུང་པོར་འདུས་ལ། སོགས་ཁོངས་ནས་ཕུང་པོ་གཞན་བསྡུད་པའི་དོན་དུའོ། །དེ་ལྟ་ཡང་འགོག་པ་ནི་འདུས་མ་བྱས་པའི་ཕུང་པོར་མི་རུང༌། ཀུན་འབྱུང་དུ་གྱུར་པའི་རྒྱུ་མ་ཡིན་ལ་རྒྱུར་འཛིན་ཀྱང༌། དེ་འདིས་མི་སྡུད་པའི་ཤེས་བྱེད་འོག་ནས་འབྱུང་ངོ༌། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང༌། ལན་ནོ། །དང་པོ་ནི། དབང་ཕྱུག་སོགས་རྒྱུ་མ་ཡིན་པ་རྒྱུར་ལྟ་བ་དེ་ཀུན་འབྱུང་མཐོང་སྤངས་དུ་འགྱུར་ཏེ། རྒྱུ་ལ་ལོག་པར་ཞུགས་པའི་ཕྱིར། འདོད་ན། ཀུན་འབྱུང་མཐོང་སྤངས་ལ་དེ་མེད་པར་འཆད་པ་དང་འགལ་ལོ། །ཞེ་ན་འདི་ལྟར། དབང་ཕྱུག་སོགས་རྒྱུར་མངོན་ཞེས་པ། ཞེས་པ་ནི་ཆོས་ཅན་ནོ། །རྟག་བདག་ཕྱིན་ཅི་ལོག་པ་ཡིས། །རབ་ཏུ་འཇུག་པས། ཞེས་པ་ནི་གཏན་ཚིགས་སོ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །ཅེས་པ་ནི། བསྒྲུབ་པར་བྱ་བའི་ཆོས་སོ། །གཏན་ཚིགས་ཀྱི་དོན་ནི། དེ་དག་ལ་འཇིག་རྟེན་གྱི་རྒྱུར་ཞེན་པ་ནི། དེ་དག་རྟག་པ་དང་བདག་ཏུ་འཛིན་པས་ཀུན་ནས་བླངས་པ་ཡིན་ལ། དེ་དག་ཀྱང་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་ན། སྡུག་བསྔལ་གྱི་བདེན་པའི་རྣམ་པ་རྣམས་ཡོངས་སུ་ཤེས་པས་སྤོང་བར་འགྱུར། ཞེས་པའོ། །དེ་བཞིན་དུ། མཐོ་རིས་ཀྱི་རྒྱུ་མ་ཡིན་པ་ལ་རྒྱུ་དང༌། ཐར་པའི་རྒྱུ་མིན་ལ་རྒྱུར་ལྟ་བ་ཡང་སྡུག་བསྔལ་མཐོང་བས་སྤང་བྱ་ཡིན་ཏེ། སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་དང༌། བསྟན་བཅོས་ལས་དེ་དེར་གསུངས་པའི་ཕྱིར། འདི་ལ། གཞན་གྱིས་བརྟགས་པ་དང༌། དེའི་ལན་གཉིས་ལས། དང་པོ་ནི། ཇི་སྐད་དུ། ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་རོ། །ཡང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལས་མཐོང་བས་སྤང་བར་བྱ་བ་གཞན་ཇི་ལྟ་བུ་ཞིག་ཡོད། བྱེ་སྨྲ་ན་རེ། ལམ་མཐོང་བས་སྤང་བར་བྱ་བ་མ་དམིགས་པ་གང་ཡིན་པའོ། །དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ། །ཡང་གང་ལ་ལམ་ལ་དམིགས་པའི་ལོག་པར་ལྟ་བའམ་ཐེ་ཚོམ་ཡོད་པ་དེ། ཐར་པའི་ལམ་མེད་དོ་ཞེས་ལྟ་བའམ། ཐེ་ཚོམ་ཟ་ན། ཇི་ལྟར་དེས་འདག་པར་ཡིད་ཆེས་པར་འགྱུར། འོན་ཏེ་ཐར་པའི་ལམ་གཞན་མཆོག་ཏུ་བཟུང་ནས། འདི་ནི་ཐར་པ་ཡིན་གྱི། ལམ་ནི་མེད་དོ། །ཞེ་ན། དེ་ཡང་གཞན་དེ་ཁོ་ནས་འདག་པར་ཡིད་ཆེས་ཀྱི། ལོག་པར་ལྟ་བ་དེ་ནི་མ་ཡིན་པས་དེའི་དེ་ཡང་ལམ་མཐོང་བས་སྤངས་བར་བྱ་བ་ལ་དམིགས་པར་མི་འགྲུབ་བོ། །ཡང་གང་ཞིག་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ལོག་པར་ལྟ་བས་འདག་པར་ཡིད་ཆེས་པར་འགྱུར་བ་དེ་ཡང་ཅིའི་ཕྱིར་དེ་དག་མཐོང་བས་སྤང་བར་བྱ་བ་མ་ཡིན་ནམ། དེ་བས་འདི་ནི་བརྟག་པར་བྱ་བ་ཡིན་ནོ། །ཞེས་གསུང༌། དེའི་དོན་ནི་གཉིས་ཏེ། ཧ་ཅང་ཐལ་བ་དང༌། དེའི་ཉེས་སྤོང་ལ་བརྟག་པའོ། །དང་པོ་ནི། ཟག་བཅས་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་མཐོང་སྤངས་སུ་ཐལ་བ་དང༌། ལམ་མཐོང་སྤང་དུ་གྱུར་པའི་ཚུལ་ཞུགས་མཆོག་འཛིན་མི་སྲིད་པར་ཐལ་བའོ། །གཉིས་པ་ལ་བཞི་སྟེ། ལམ་མཐོང་སྤང་ལ་དམིགས་པའི་ཚུལ་ཞུགས་མཆོག་འཛིན་ཡོད་པས་ཉེས་པ་དེ་མེད་པའི་ལན་དགག ལམ་ཉིད་ལ་དམིགས་པའི་ལོག་ལྟ་དང་ཐེ་ཚོམ་ཡོད་པས་ཉེས་པ་མེད་པའི་ལན་དགག ལམ་མིན་ལ་ལམ་དུ་འཛིན་པ་ཡོད་པས་ཉེས་པ་མེད་པའི་ལན་དགག ལམ་ལ་སྐུར་འདེབས་ཀྱི་ལོག་ལྟས་འདག་པར་ཞེན་པ་ཡོད་པས་ཉེས་པ་དེ་མེད་པའི་ལམ་དགག་པའོ། །དང་པོ་ནི། ལམ་མཐོང་བས། ཞེས་སོགས་སོ། །གཉིས་པ་ནི། ལམ་མེད་པར་ལྟ་བ་སོགས་ཆོས་ཅན། ཚུལ་ཞུགས་མཆོག་འཛིན་མ་ཡིན་ཏེ། འདག་གྲོལ་གྱི་རྒྱུ་ལྟ་བ་མེད་པའི་ཕྱིར། ཞེས་པ་ནི། ཡང་གང་ལ་ཞེས་སོ། །གསུམ་པ་ནི། ལམ་གཞན་ལ་མཆོག་འཛིན་གྱི་ལྟ་བ་ཆོས་ཅན། ལམ་ལ་ཚུལ་ཞུགས་མཆོག་འཛིན་མ་ཡིན་ཏེ། ལམ་ལ་དམིགས་པ་ཡང་མེད། ལམ་མཐོང་སྤང་ལ་དམིགས་པ་ཡང་མིན་པའི་ཕྱིར། བཞི་པ་ནི། ལམ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་འདག་གྲོལ་གྱི་རྒྱུར་ལྟ་བ་ཡོད་པ་ཙམ་གྱིས་མཐོང་སྤང་དུ་གྱུར་པའི་ཚུལ་ཞུགས་མཆོག་འཛིན་ཡོད་པར་འགྲུབ་ན། ཀུན་འབྱུང་དང་འགོག་པ་གཉིས་ལ་ཡང་ཧ་ཅང་ཐལ་ལོ། །ཞེས་འཆད་པ་ནི། ཡང་གང་ཞིག་ཅེས་སོགས་སོ། །བོད་སྔ་མ་རྣམས། འདི་ནི་སློབ་དཔོན་གྱིས་བྱེ་སྨྲའི་གྲུབ་མཐའ་བཀག་པ་ཡིན་ལ། སློབ་དཔོན་རང་གི་བཞེད་པ་ནི། རྣལ་འབྱོར་སྤྱོད་པའི་ལུགས་ལྟར་རོ། །ཞེས་འཆད་པ་ནི་འཐད་པ་མ་ཡིན་ཏེ། གཞུང་འགྲེལ་འདི་ནི་ཐེག་པ་ཆེན་པོ་རང་ལུགས་སུ་བཟུང་ནས་ཉན་ཐོས་སྡེ་པའི་འདོད་པ་འགོག་པའི་སྐབས་མ་ཡིན་པའི་ཕྱིར། དེས་ན་བྱེ་སྨྲ་སྔ་རབས་པའི་འདོད་པ་དེ་ཧ་ཅང་རྩིངས་པས་ཞིབ་མོར་བརྟག་དགོས། ཞེས་པའི་དོན་ནོ། །གཉིས་པ་སློབ་དཔོན་རང་གིས་བརྟགས་པའི་ལན་ནི། དབང་ཕྱུག་དང༌། སྐྱེས་བུ་དང༌། ཚངས་པ་སོགས་ནི་སྡུག་བསྔལ་ཡིན་ལ། དེ་དག་རྟག་པ་དང༌། གང་ཟག་ཡིན་པའི་རྒྱུ་མཚན་གྱིས་འཇིག་རྟེན་གྱི་རྒྱུར་ལྟ་བའི་ཤེས་རབ་ངན་པ་ནི། སྡུག་བསྔལ་གྱི་མཚན་ཉིད་མི་རྟག་པ་དང་བདག་མེད་པ་གཉིས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་ལྟ་བ་ཡིན་པས་སྡུག་བསྔལ་མཐོང་སྤང་དུ་གཞག་ལ། སངས་རྒྱས་ཀྱིས་གསུངས་པའི་ལམ་ལས་གཞན་མུ་སྟེགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་འདག་གྲོལ་གྱི་རྒྱུར་ལྟ་བས་ནི། ལམ་གྱི་མཚན་ཉིད་གཞིའི་འགལ་བ་མི་མཐུན་ཕྱོགས་སུ་ལྟ་བའི་རྒྱུ་མཚན་གྱིས་ལམ་མཐོང་སྤང་འཇོག་གོ་ཞེས་བྱ་བ་འདི་ནི་བྱེ་སྨྲའི་གྲུབ་པའི་མཐའ་འོ། །དེ་ལས་གཞན་དུ་སྡུག་བསྔལ་ལ་དམིགས་པའི་རྩ་ཉོན་ཡིན་པས་སྡུག་བསྔལ་མཐོང་སྤང་དུ་འཇོག་པ་དང༌། ལམ་ཉིད་ལ་དམིགས་པའི་ལོག་ལྟ་ཡིན་པས་སམ། ལོག་ལྟ་དེ་ལ་དམིགས་ནས་འདག་གྲོལ་དུ་ཞེན་པའི་ལྟ་བ་ཡིན་པ་ཙམ་གྱིས། ལམ་མཐོང་སྤང་དུ་གྱུར་པའི་ཚུལ་ཞུགས་མཆོག་འཛིན་དུ་འཇོག་པ་ནི་བྱེ་སྨྲའི་གྲུབ་མཐའ་མ་ཡིན་ཏེ། ཡིན་ན། མཐོང་སྤང་ཀུན་འགྲོར་བཤད་པ་རྣམས་ཀྱིས་སྤང་བྱ་རིགས་ལྔ་ཆར་ལ་དམིགས་པར་དེ་མ་ཐག་ཏུ་འཆད་པ་དང་དེ་མ་ཐག་ཏུ་འགལ་བའི་ཕྱིར། གལ་ཏེ་འོ་ན། ཕྱིན་ཅི་ལོག་མཐའ་དག །རྟག་བདག་ཕྱིན་ཅི་ལོག་པ་ཡིས། །ཤེས་པ་དེ་ཙམ་དུ་ངེས་སམ་ཞེ་ན། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན། ཞེས་པ་མཐར་འཛིན་པའི་ལྟ་བ་ལས་རྟག་པར་ཕྱིན་ཅི་ལོག་པ་དང༌། ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་པ་དང༌། འཇིག་ཚོགས་ལ་ལྟ་བ་ལས་བདག་ཏུ་ཕྱིན་ཅི་ལོག་པའོ། །འཇིག་ལྟའི་ནང་གི་བདག་གིར་ལྟ་བ་ནི་ཕྱིན་ཅི་ལོག་ལྔ་པར་མི་འཆད་དེ། ཕྱིན་ཅི་ལོག་གི་མདོ་ལས་དེ་ལྟར་མ་བཤད་པའི་ཕྱིར་དང༌། བདག་ཏུ་ལྟ་བ་ཡོད་ན་བདག་གིར་ལྟ་བ་ཤུགས་ལ་འབྱུང་བས་ལྟ་བ་གཞན་མ་ཡིན་པའི་ཕྱིར། དེ་ལྟ་ན་ཆད་ལྟ་དང༌། ལོག་ལྟ་དང༌། ཚུལ་ཞུགས་མཆོག་འཛིན་དང༌། འདོད་ཆགས་ལ་སོགས་པ་ནི་ཕྱིན་ཅི་ལོག་ཏུ་མ་བཞག་གོ །ལྟ་བ་གསུམ་པའི་ཆ་ཁོ་ན་ཕྱིན་ཅི་ལོག་ཏུ་འཆད་པའི་རྒྱུ་མཚན་ནི་ཕྱིན་ཅི་ལོག་ཕྱིར་དང༌། ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །ཞེས་པ་སྟེ། ཤེས་བྱེད་ཀྱི་གཏན་ཚིགས་དེ་གསུམ་ཚང་བ་ནི་ལྟ་བ་གསུམ་པོ་དེ་ལས་གཞན་ལ་མེད་དོ། །འོ་ན་ཕྱིན་ཅི་ལོག་པའི་མདོ་སྡེ་ལས། སེམས་ཕྱིན་ཅི་ལོག་གམ། འདུ་ཤེས་ཕྱིན་ཅི་ལོག་ཅེས་བཤད་པ་མ་ཡིན་ནམ། ཇི་ལྟར་ན་བཞི་པོ་དེར་ངེས་ཞེས་ན། སེམས་དང་འདུ་ཤེས་དེ་དབང་གིས། །ཤེས་པ་ལྟ་བ་ཕྱིན་ཅི་ལོག་བཞི་པོའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་དང༌། འདུ་ཤེས་གཉིས་ཀྱང་ཕྱིན་ཅི་ལོག་ཏུ་གཞག་པ་ཡིན་གྱི། ལོགས་པར་མི་འཐད་དོ། །འོ་ན། ཚོར་བ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཕྱིན་ཅི་ལོག་གི་ཐ་སྙད་ཀྱང་བྱེད་དགོས་པར་འགྱུར་ཏེ། དེ་དག་དང་མཚུངས་པར་ལྡན་པའི་ལྟ་བ་ཕྱིན་ཅི་ལོག་སྲིད་པས་སོ། །ཞེ་ན། དེ་དག་ནི་འཇིག་རྟེན་ན་མ་གྲགས་པའི་ཕྱིར། ཐ་སྙད་མེད་དོ། །ཕྱིན་ཅི་ལོག་དེ་ཐམས་ཅད་རྒྱུན་དུ་ཞུགས་པས་སྤངས་པ་ཡིན་ཏེ། ལྟ་བ་མཚུངས་ལྡན་དང་བཅས་པ་རྣམས་ནི་མཐོང་སྤང་དུ་ངེས་པའི་ཕྱིར། སྡེ་པ་གཞན་དག་ན་རེ། ཕྱིན་ཅི་ལོག་བཞི་པོ་རེ་རེ་ལ། འདུ་ཤེས་དང༌། སེམས་པ་དང༌། ལྟ་བ་ཕྱིན་ཅི་ལོག་གསུམ་གསུམ་དུ་ཕྱེ་ནས་བཅུ་གཉིས་སུ་འགྱུར་བ་ལས། བརྒྱད་ནི་མཐོང་སྤང་ཁོ་ནར་ངེས་ལ། སྡུག་བསྔལ་ལ་བདེ་བ་དང༌། མི་གཙང་བ་ལ་གཙང་བར་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་པ་གཉིས་གཉིས་ཏེ། བཞི་ནི་སྒོམ་པས་སྤང་བར་བྱ་བ་ཡང་ཡིན་ཏེ། འཕགས་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་རྣམས་ལ། བདེ་བ་དང༌། གཙང་བའི་འདུ་ཤེས་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །བྱེ་སྨྲ་ན་རེ། དེ་ཙམ་གྱིས་ཕྱིན་ཅི་ལོག་ཏུ་མི་བཞག་སྟེ། གཞན་དུ་སེམས་ཅན་གྱི་འདུ་ཤེས་དང་སེམས་དག་ཀྱང་ཕྱིན་ཅི་ལོག་ཏུ་ཐལ་བའི་ཕྱིར། དེས་ན། ལྟ་བས་ཀུན་ནས་བསླངས་པའི་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཡིན་གྱི་དེ་དང་མཚུངས་པར་མི་ལྡན་པའི་དེ་དག་ནི་མ་ཡིན་ཏེ། འཕགས་པ་ལ་འདོད་ཆགས་སྐྱེ་བ་ནི། འགལ་མེའི་འཁོར་ལོ་དང༌། རི་མོའི་གཟུགས་ལ་གནོད་སྦྱིན་དུ་འཁྲུལ་བ་ལྟར། རྐྱེན་གྱི་སྟོབས་ཀྱིས་ཡུད་ཙམ་ཞིག་འཁྲུལ་བ་ཡིན་གྱི་ཕྱིན་ཅི་ལོག་མ་ཡིན་ནོ། །གལ་ཏེ་དེ་ཙམ་གྱིས་ཕྱིན་ཅི་ལོག་ཏུ་འཇོག་ནུས་ན། འཕགས་པ་ལ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ཀྱང་ཡོད་པར་འགྱུར་ཏེ། བུད་མེད་དང་རང་ཉིད་ལ་སེམས་ཅན་གྱི་འདུ་ཤེས་མེད་པར་ནི་འདོད་ཆགས་སྐྱེ་བ་མི་སྲིད་པའི་ཕྱིར། ཡང་གྲུབ་མཐའ་སྨྲ་བ་སྔ་མ་གཉིས་ལས་གཞན་ཞིག་ན་རེ། ཕྱིན་ཅི་ལོག་བཅུ་གཉིས་པོ་དེའི་ནང་ནས་ལྟ་བ་ཕྱིན་ཅི་ལོག་བཞི་པོ་ནི་མཐོང་སྤང་ཁོ་ན་ཡིན་ལ། སེམས་དང་འདུ་ཤེས་ཕྱིན་ཅི་ལོག་བརྒྱད་པོ་ནི་སྒོམ་སྤང་ཁོ་ནར་ངེས་པ་ཡིན་ཏེ། འཕགས་པ་ངག་གི་དབང་ཕྱུག་ཅེས་བྱ་བ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞིག་གིས་གནས་བརྟན་ཀུན་དགའ་བོ་ལ་ཞུས་པ། འདོད་པའི་འདོད་ཆགས་ཟིལ་གནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏམ་ཁྱོད་ཀྱི་ཐུགས་རྗེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་གསོལ། །ཞེས་ཞུས་པའི་ལན་དུ། འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུང༌། །དེ་ཕྱིར་འདོད་ཆགས་ལྡན་པ་ཡིས། །རྒྱུ་མཚན་སྡུག་པ་སྤངས་བར་གྱིས། །ཞེས་འབྱུང་བས་སོ། །ཡང༌། ཅི་འཕགས་པ་རྣམས་སྒོམ་སྤང་མ་སྤངས་པར་མངོན་དུ་བྱེད་དམ་ཞེ་ན། སྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་སྲེད་འཕགས་པ་ལ། །རྣམས་སོགས་ངའོ་སྙམ་མི་འབྱུང༌། །མི་དགེའི་འགྱོད་པའང་མ་ཡིན་ནོ། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །ཞེས་པ་ལ་སོགས་པའི་སྒྲས་ནི། སྲོག་གཅོད་པར་བྱེད་ནས་རྫུན་དུ་སྨྲ་བའི་བར་བསྡུས་པ་ཡིན་ལ། དེ་དག་ནི་སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། སྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར། ཞེས་འགྲེལ་པར་གསུངས་ལ། དེ་བཞི་ནི་སྒོམ་སྤང་ཁོ་ན་ལ་ཞེས་སྦྱར་དགོས་པ་ཡིན་ཏེ། གཞན་དུ་ན། སྡུག་བསྔལ་དང༌། ཀུན་འབྱུང་མཐོང་སྤང་དུ་གྱུར་པའི་ལྟ་བ་ཡང་དེར་ཐལ་བས་སོ། །འོ་ན་མཐོང་སྤང་ལ་ཡང་ཁོ་ན་ཞེས་སྦྱོར་དགོས་སམ་ཞེ་ན། མ་ཡིན་ཏེ། མཐོང་སྤང་ལ་དམིགས་པའི་ཉོན་མོངས་པ་ནི་མཐོང་སྤང་ཁོ་ནར་ངེས་པས་སོ། །དེ་ཕྱིར་འཕགས་པ་ལ་མི་དགེ་བའི་ལས་ལམ་བདུན་པོ་དག་སྔོན་དུ་འགྱུར་བ་མེད་དོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་སྲིད་པ་བསྡུས་པ་སྟེ། བདག་གླང་པོ་ཆེ་ས་བསྲུངས་ཀྱི་བུར་སྐྱེ་བར་གྱུར་ན་ཅི་མ་རུང་སྙམ་པ་ལྟ་བུ་ཡིན་ལ། འཇིག་སྲེད་ནི་མི་རྟག་པ་ཉིད་དོན་དུ་གཉེར་བ་སྟེ། ཁམས་གསུམ་པའི་བདག་མེད་པར་གྱུར་ན་ཅི་མ་རུང་སྙམ་པའོ། །ཞར་ལ་སྤངས་ཀྱང་མངོན་དུ་བྱེད་པ་ཡོད་དེ། དགེ་བ་ཟག་བཅས་དག་ལ་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤངས་ཀྱང་དེ་མངོན་དུ་འགྱུར་བ་ལྟ་བུའོ། །ལྟ་བས་རྒྱས་པར་འགྱུར། ཞེས་པ་ནི་འཕགས་པ་ལ་ང་རྒྱལ་གྱི་རྣམ་པ་དགུ་དང༌། ངའོ་སྙམ་པའི་ང་རྒྱལ་མི་འབྱུང་བའི་ཤེས་བྱེད་ཡིན་ལ། དེ་ལྟ་ན་མཐོང་སྤང་ཁོ་ནར་འགྱུར་ལ། དེ་ལྟར་ན། མཐོང་དང་སྒོམ་པས་ཟད་བྱ་བ། །ཞེས་འཆད་པ་མ་ཡིན་ནམ། ཞེ་ན། མཐོང་སྤང་གིས་ཀུན་ནས་བསླངས་པ་ཙམ་གྱིས་མཐོང་སྤང་དུ་མི་འགྲུབ་སྟེ། ལུས་ངག་གི་དགེ་བ་བདུན་པོ་ལོག་པར་ལྟ་བས་ཀུན་ནས་སློང་བ་དང་འཇིག་སྲེད་ནི་མཐར་འཛིན་ལྟ་བའི་ཆད་ལྟས་ཀུན་ནས་སློང་བ་དང༌། སྐྱེ་སྲེད་ནི་མཐར་འཛིན་ལྟ་བའི་རྟག་ལྟས་ཀུན་ནས་སླང་བ་བཞིན་ནོ། །དེ་བཞིན་དུ་འདོད་པའི་མི་དགེ་བའང་ཐེ་ཚོམ་གྱིས་ཀུན་ནས་བསླངས་པའོ། །འདོད་པར་རྟོགས་པའི་འཕགས་པས་སྤངས་ཀྱང༌། མངོན་དུ་བྱེད་པ་ནི་གཉིད་དང༌། སྡུག་བསྔལ་གྱི་དབང་པོ་དང༌། མི་དགེ་བ་ལ་སོགས་པའི་དབང་རྣམས་བཞིན་ནོ། །ཞེས་གང་སྤེལ་ལས་བཤད་པ་ལྟར་ཁས་ལེན་དགོས་ཏེ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་དང་དགྲ་བཅོམ་པས་དེ་དག་སྤངས་པ་དང་མངོན་དུ་བྱེད་པ་གཉིས་ཀར་ཁས་ལེན་དགོས་པའི་ཕྱིར། དེ་ལྟར་ན་ཡང་ངོ་བོའི་སྒོ་ནས་སྤངས་པ་མངོན་དུ་འགྱུར་བ་ནི་མེད་མོད། སྤངས་ཀྱང་ལྡན་པ་ནི་འོག་ནས། ཇི་སྐད་དུ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཞེས་སོགས་ནས་འཆད་པར་འགྱུར་རོ། །གཉིས་པ་ཕྲ་རྒྱས་ཀྱི་རྣམ་པའི་རབ་དབྱེ་ལ་དོན་ཚན་བཅུ་སྟེ། ཀུན་འགྲོ་ཡིན་མིན་དབྱེ་བ་དང༌། ཟག་བཅས་དང་ཟག་མེད་གང་ལ་དམིགས་པའི་དང༌། རྒྱས་པ་དང༌། མི་རྒྱས་པའི་དང༌། ལུང་མ་བསྟན་གྱི་དང༌། མི་དགེ་བ་དང་ལུང་མ་བསྟན་གྱི་རྩ་བ་བཤད་པ་དང༌། ལྡན་པའི་ཚུལ་དང༌། ཆོས་དུའི་ཡུལ་ཅན་ཡིན་པ་དང༌། གོ་རིམ་དང་སྐྱེ་བའི་རྒྱུ་དང༌། ཟག་པ་ལ་སོགས་པ་མདོ་ལས་གསུངས་པའི་རྣམ་པའི་དབྱེ་བ་བཤད་པ་རྣམས་སོ། །དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། ལྟ་བ་དང་དེ་བཞིན་ཐེ་ཚོམ་དང༌། གང་དང་ལྷན་གཅིག་མ་འདྲེས་པའི། མ་རིག་གང་ཡིན་ཀུན་ཏུ་འགྲོ་བའི་དོན་ནི། རང་དང་སྐལ་བ་མཉམ་པའི་ཁམས་སོ་སོའི་སྤང་བྱ་རིས་ལྔ་ཆར་ལ་དམིགས་ཤིང་བསྐྱེད་པའི་སྒོ་ནས་ཁྱབ་པར་འགྲོ་བའོ། །མཚན་གཞི་ནི། མཐོང་སྤང་དང་པོ་གཉིས་སུ་གྱུར་པའི་ལྟ་བ་ཇི་སྙེད་པ་ནི་བདུན་དང༌། ལྟ་མིན་གྱི་ནང་ནས་ཐེ་ཚོམ་གཉིས་དང༌། ལྟ་བ་དང་ཐེ་ཚོམ་དེ་དག་དང་ལྷན་ཅིག་ཏུ་མཚུངས་པའི་མ་རིག་པ་དང༌། རྩ་བའི་ཉོན་མོངས་པ་གཞན་དང་མ་འདྲེས་པའི་མ་རིག་པ་གཉིས་ཏེ་བཅུ་གཅིག་གོ །འདྲེས་མ་འདྲེས་ཀྱི་མ་རིག་པ་གཉིས་པོ་གཅིག་ཏུ་བསྡུས་ནས་སྤང་བྱ་སོ་སོ་ལ་རེ་རེ་སྟེ། གཉིས་སུ་བགྲངས་པའོ། །དེ་ཡང་སྤང་བྱ་དང་པོ་གཉིས་སུ་གྱུར་པའི་མ་རིག་པ་ཡིན་ཀྱང༌། འདོད་ཆགས་དང་མཚུངས་ལྡན་དུ་གྱུར་པ་ནི་ཀུན་འགྲོ་མ་ཡིན་ཏེ། ཉོན་མོངས་རང་མཚན་པ་རྣམས་ནི་ཀུན་འགྲོར་མི་རུང་བའི་ཕྱིར། དེ་བཞིན་དུ་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞི་པོ་ཡང༌། འདོད་ཁོང་ང་རྒྱལ་གསུམ་ནི་རང་མཚན་པ་ཁོ་ནར་ངེས་པ་དང༌། མ་རིག་པ་ཙམ་ལྡོག་ནས་སྤྱི་མཚན་པ་ཡིན་ཀྱང༌། སྒོམ་སྤང་དུ་གྱུར་པའི་གསུམ་པོ་དང་མཚུངས་པར་ལྡན་པའི་ཚེ། ཟག་བཅས་ཀྱི་དངོས་པོ་མཐའ་དག་ལ་དམིགས་པར་མི་ནུས་པས་ཀུན་འགྲོ་མ་ཡིན་ནོ། །བདེན་པ་དང་པོ་གཉིས་ཀྱི་ལྟ་བ་སོགས་ཀུན་འགྲོར་འཇོག་པ་ནི། རང་སའི་ཟག་བཅས་ཐམས་ཅད་ལ་དམིགས་པ་བསགས་པས་བརྟན་ཞིང་སྟོབས་དང་ལྡན་པ་ཡིན་ལ། འགོག་ལམ་མཐོང་སྤང་དུ་གྱུར་པའི་ལྟ་བ་སོགས་ནི་དེ་ལྟ་མ་ཡིན་པས་དེར་མ་གཞག་གོ །འོ་ན་སྡུག་ཀུན་མཐོང་སྤང་དུ་གྱུར་པའི་བདག་ཏུ་ལྟ་བ་དང་བདག་ཏུ་མེད་པ་གཉིས་ཀུན་འགྲོར་འཇོག་པ་དེ་ལྟ་ན། འཇིག་ལྟའི་ཚོགས་པ་ན་བདག་ཏུ་སྲེད་པ་དང༌། བདག་ཏུ་ང་རྒྱལ་བ་གཉིས་ཀྱང་ཡོད་པས། དེ་དག་ཀྱང་ཀུན་འགྲོར་འགྱུར་ཏེ། འཇིག་ཚོགས་ཀྱི་ལྟ་བས་གང་ལ་དམིགས་པའི་ཡུལ་ལ་དེ་གཉིས་ཀྱིས་ཀྱང་དམིགས་པའི་ཕྱིར། ཞེ་ན། ཉེས་པ་མེད། ང་རྒྱལ་དང་འདོད་ཆགས་ཀྱིས་ནི་རང་དང་མཚུངས་པར་ལྡན་པའི་ལྟ་བའི་ཡུལ་གྱི་ཕྱོགས་གཅིག་ལ་དམིགས་ཀྱང༌། ཉོན་མོངས་པ་རང་མཚན་པ་ཡིན་པའི་ཕྱིར། ཞེས་ལན་འདེབས་པ་ཡིན་ལ། དེ་ལྟ་ན་ཡང་དེ་དུས་ཀྱི་སྲིད་པ་དང་ང་རྒྱལ་གཉིས་པོ་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་ལ་དམིགས་པའི་ཕྱིར། སྤང་བྱ་གཉིས་ལས་གང་ཡིན་ཞེ་ན། འགྲེལ་པར། འདྲེས་པར་དམིགས་པའི་ཕྱིར་སྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཡང་ན། ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ཡིན་པའི་ཕྱིར་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཞེས་གསུངས། འདིའི་དོན་ནི། རྣམ་བཤད་མཛད་པ་དག་གིས་དམིགས་ཕྱེད་པར་བཤད་པ་མེད་མོད། འདྲེས་པ་ལ། ཞེས་པ་ནི། ལྟ་བ་དང་ཐེ་ཚོམ་མ་ཡིན་པའི་ཉོན་མོངས་པ་དག་དང་མཚུངས་པར་ལྡན་པའི་སྲེད་པ་དང༌། ང་རྒྱལ་ནི་སྒོམ་སྤངས་ཡིན་ལ། ལྟ་བ་དང་མཚུངས་པར་ལྡན་པ་ནི་མཐོང་བས་སྤང་བར་བྱ་བ་ཉིད་ཡིན། ཞེས་པའི་དོན་ནོ། །དོགས་པ་འདི་དཔྱད་དགོས་པའི་རྒྱུ་མཚན་ཡང༌། ཀུན་འགྲོ་མ་གཏོགས་པའི་ཉོན་མོངས་པ་རྣམས་ནི་མཐོང་སྤང་ལ་དམིགས་ན་མཐོང་སྤང་ཡིན་དགོས་པ་དང༌། སྒོམ་སྤང་ལ་དམིགས་ན་སྒོམ་སྤང་ཡིན་དགོས་པའི་ངེས་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་སོ། །ཡང་གལ་ཏེ། བཅུ་གཅིག་པོ་དེ་དག་ལས་ཁམས་གོང་མ་ལ་དམིགས་པ་དུ་ཞེ་ན། དེ་དག་ལས་དགུ་གོང་དུ་དམིགས། ལྟ་བ་གཉིས་པོ་མ་གཏོགས་སོ། །ཤེས་པ་འདིའི་ཤེས་བྱེད་ནི། །གཉིས་པོ་རང་སའི་ཕུང་པོ་ལ་བདག་ཏུ་ལྟ་བ་དང༌། དེ་ལྟར་ལྟས་པའི་བདག་དེ་ཉིད་ལ་རྟག་ཆད་དུ་ལྟ་བ་ཡིན་ལ། ས་གོང་འོག་ནི་རྒྱུད་དང་ཕུང་པོ་ཐ་དད་པའི་ཕྱིར་རོ། །འདིར་འོག་མའི་ཉོན་མོངས་ཀྱིས། གོང་མ་ལ་དམིགས་པར་བཤད་ཀྱང༌། གོང་མའི་ཉོན་མོངས་པས་འོག་མ་ལ་དམིགས་པ་ནི་མི་སྲེད་དོ། །ཞེས་བྱ་བ་ནི། བྱེ་སྨྲ་སྔ་ཕྱི་གཉིས་ཀ་མཐུན་ལ། མངོན་པ་གོང་མ་ལས་ཀྱང༌། མ་རིག་པ་དང༌། ལྟ་བ་དང༌། ཐེ་ཚོམ་མ་གཏོགས་པར། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ནི་ས་གོང་མ་ལ་མི་དམིགས་སོ། །ས་གོང་མའི་ཉོན་མོངས་པ་ནི་འོག་མ་ལ་དམིགས་པ་ཡིན་ནོ། །ཞེས་བཤད་དོ། །ཡང་ཀུན་འགྲོ་ལ་ཕྲ་རྒྱས་ཀྱིས་ཁྱབ་བམ། ཞེ་ན། དེ་དག་དང་ནི་ལྷན་ཅིག་གང༌། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཤེས་པ་དེའི་ཤེས་བྱེད་ནི། ཕྲ་རྒྱས་དང༌། ཐོབ་པ་ནི། འབྲས་བུ་མི་གཅིག་པའི་ཕྱིར། ཐོབ་པས་རྣམ་སྨིན་མི་འབྱིན་པ་དང༌། རྒྱུ་མཐུན་ཡང་མི་གཅིག་པའོ། །དེའི་ཕྱིར་ཕྲ་རྒྱས་ཀུན་འགྲོ་དང༌། རྒྱུ་ཀུན་འགྲོ་ལ་མུ་བཞི་སྟེ། དང་པོ་ནི། ཕྲ་རྒྱས་ཀུན་འགྲོ་མ་འོངས་པ་རྣམས་སོ། །དེའི་ཤེས་བྱེད་ཀྱང༌། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ། །ཞེས་སོ། །གཉིས་པ་ནི། འདས་ད་ལྟར་གྱི་ཕྲ་རྒྱས་དང་ལྷན་ཅིག་འབྱུང་བའི་ཚོར་བ་ལ་སོགས་པ་རྣམས་སོ། །གསུམ་པ་ནི། འདས་ད་ལྟར་གྱི་ཕྲ་རྒྱས་རྣམས་སོ། །བཞི་པ་ནི། མ་འོངས་པའི་ཕྲ་རྒྱས་དང་ལྷན་ཅིག་འབྱུང་བ་དང་ཐོབ་པ་ལ་སོགས་པའོ། །བདེན་པ་དང་པོ་གཉིས་ཀྱི་སྤང་བྱ་མ་རིག་པ་དྲུག་ཀ་ལ། ཀུན་འགྲོ་ཡིན་མིན་གཉིས་ཀ་དངོས་སུ་བསྟན་པས་ཤུགས་ལ་ཀུན་འགྲོ་རྣམས་ནི་བདེན་པ་དང་པོ་གཉིས་ཀྱི་མཚན་ཉིད་དང་འགལ་བར་ཞུས་པས། དངོས་སུ་ལོག་ཞུགས་དང༌། ཀུན་འགྲོ་མ་ཡིན་པ་རྣམས་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་དང་མི་འགལ་བས་ལོག་ཞུགས་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་པ་དག་དང་འཆད་ཚུལ་འདྲ་བ་མ་ཡིན་ཏེ། དེར་ནི་དངོས་སུ་ལོག་ཞུགས་དང༌། ལོག་པ་ལ་ལོག་ཞུགས་དང༌། དབང་གི་ལོག་ཞུགས་ཏེ་གསུམ་དུ་འཆད་ཅིང༌། ལྟ་བ་དང་པོ་གསུམ་དང༌། མ་རིག་པ་དང༌། ཐེ་ཚོམ་དང་ལྔ་ནི་བདེན་པ་ལ་དངོས་སུ་ལོག་ཞུགས་ཡིན་ཏེ། བདེན་པ་ཉིད་ལ་ཅི་རིགས་པར། ང་དང་ང་ཡིར་འཛིན་པ་དང༌། རྟག་ཆད་དུ་སྒྲོ་འདོགས་པ་དང༌། མེད་དོ་ཅེས་བསྐུར་པ་འདེབས་པ་དང༌། གནས་ལུགས་མི་ཤེས་པ་དང༌། མཐའ་གཞན་དུ་དོགས་པའི་ཕྱིར། འདོད་ཆགས་དང༌། ང་རྒྱལ་དང༌། ལྟ་བ་ཕྱི་མ་གཉིས་ཏེ་བཞི་ནི། ལོག་པ་ལ་ལོག་ཞུགས་ཡིན་ཏེ། གོ་རིམ་བཞིན་དུ། ལྟ་བ་དང་པོ་གསུམ་ལ་སྲེད་པ་དང༌། ལྟ་བ་དེས་ཁེངས་པ་དང༌། ལྟ་བ་དེ་དག་ལ་མཆོག་ཏུ་འཛིན་པ་དང༌། ལྟ་བ་དེ་དག་འདག་གྲོལ་གྱི་རྒྱུ་མ་ཡིན་པ་ལ་དེར་འཛིན་པའི་ཕྱིར། ཁོང་ཁྲོ་ནི་དབང་གི་ལོག་ཞུགས་ཡིན་ཏེ། རང་དང་ལྟ་བ་མི་མཐུན་པ་ལ་སེམས་འཁྲུག་པའི་ཕྱིར། ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས། ཟག་བཅས་ལ་དམིགས་པ་དུ་ཟག་མེད་ལ་དམིགས་པ་དུ་ཞེ་ན། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང༌། །ལྡན་དང་འགའ་ཞིག་མ་རིག་དང༌། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་དྲུག་པོ་དེ་ཟག་མེད་ལ་དམིགས་པར་དངོས་སུ་བཤད་པས་ལྷག་མ་རྣམས་ཟག་བཅས་ལ་དམིགས་པར་གྲུབ་བོ། །དྲུག་པོ་ཟག་མེད་ལ་དམིགས་པར་བཤད་པ་ལ། འོ་ན་ས་གང་གི་ལོག་ལྟ་ལ་སོགས་པ་གསུམ་པོ་དེས་ས་གང་གི་གཉེན་པོ་འགོག་ལམ་ལ་དམིགས་ཤེ་ན། རང་གི་ས་པའི་འགོག་པ་དང༌། ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་པ་དེའི་དོན་ལ་འཕྲོས་ནས། འོ་ན་ཆོས་ཤེས་དང་རྗེས་ཤེས་ཀྱི་ལམ་ཡང་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། རྗེས་ཤེས་ཀྱང་ཆོས་ཤེས་ལ་དམིགས་པའི་ལོག་ལྟ་སོགས་ཀྱི་ཡུལ་དུ་ཐལ་ལོ། །ཞེ་ན། མི་འགྱུར་ཏེ། འདོད་པའི་ཁམས་ཀྱི་རྗེས་མ་ཡིན། །ཞེས་རྗེས་ཤེས་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར། འོ་ན་ཆོས་ཤེས་པའི་ལམ་ཡང་ཁམས་གོང་མ་གཉིས་ཀྱི་ལོག་ལྟ་ལ་སོགས་པ་གསུམ་གྱི་ཡུལ་འགྱུར་ཏེ། ཇི་སྐད་དུ། སྒོམ་པའི་ལམ་ལ་འགོག་པ་དང༌། །ལམ་ལ་ཆོས་ཤེས་གང་ཡིན་དེས། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འཆད་པས་སོ། །ཞེ་ན། དེའི་ལན་ནི་འགྲེལ་པ་ལས། དང་པོ་མེད་པའི་ཕྱིར་དང༌། དང་པོ་རྣམས་ཀྱིས་མ་ཡིན་པའི་ཕྱིར། དམིགས་པ་མ་ཡིན་ནོ། །ཞེས་འབྱུང་སྟེ། དེའི་དོན་ནི། ཆོས་ཤེས་ནི་ཁམས་གོང་མ་གཉིས་ཀྱི་ལྟ་བ་ལ་སོགས་པའི་དམིགས་པ་མ་ཡིན་ཏེ། དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ཆོས་ཤེས་པ་མཐའ་དག་ཀྱང་ཁམས་གོང་མའི་གཉེན་པོ་མ་ཡིན་ཏེ། བདེན་པ་བཞིའི་ཆོས་ཤེས་པ་རྣམས་ཀྱི་དང་པོ་བདེན་པ་དང་པོ་གཉིས་ཀྱི་ཆོས་ཤེས་པ་ཁམས་གོང་མའི་གཉེན་པོར་མི་རུང་བའི་ཕྱིར། གོང་མ་མཐའ་དག་གི་གཉེན་པོ་ཡང་ཆོས་ཤེས་མ་ཡིན་ཏེ། མཐོང་སྤང་གི་གཉེན་པོ་མ་ཡིན་པའི་ཕྱིར། དེས་ན་འདིར་དང་པོ་ཞེས་པ་ནི་གཉིས་ཏེ། ཆོས་ཤེས་ཀྱི་དང་པོ་སྡུག་ཀུན་ལ་ཆོས་ཤེས། སྤང་བྱའི་དང་པོ་མཐོང་སྤང་ངོ༌། །དང་པོ་གཉིས་ཀྱིས་ཁམས་གོང་གི་བདེན་པ་ལ་མ་དམིགས་པས་དེའི་གཉེན་པོར་མི་རུང༌། འགོག་ལམ་ལ་ཆོས་ཤེས། སྒོམ་ལམ་གྱིས་བསྡུས་པ་ནི་ཁམས་གསུམ་ཆར་གྱི་གཉེན་པོར་རུང་ཡང༌། མཐོང་སྤང་གི་གཉེན་པོར་མི་རུང་སྟེ། དེའི་གཉེན་པོ་བཞི་པོ་གང་དུ་ཡང་མི་རུང་བས་སོ། །འོ་ན་འགོག་ལམ་ལ་ཆོས་ཤེས་ཀྱིས་ཁམས་གོང་མའི་བདེན་པ་ལ་ཇི་ལྟར་དམིགས་ཞེ་ན། ཁམས་གོང་མའི་སས་བསྡུས་ཀྱི་བདེན་པ་ལ་དམིགས་པ་ནི་མ་ཡིན་གྱི་འདོད་པའི་གཉེན་པོར་ལམ་ཟག་མེད་དེ་ཉིད་ཁམས་གོང་མའི་ཡང་གཉེན་པོར་རུང་བ་ལ་བསམ་པའོ། །སྡུག་ཀུན་ལ་མི་མཚུངས་ཏེ། དེ་ཉིད་ནི་ཁམས་ཀྱིས་བསྡུས་པའི་ཕྱིར་རོ། །འོ་ན་འགོག་ལམ་ལ་རྗེས་ཤེས་དོན་མེད་པར་འགྱུར་རོ། །སྙམ་ན། ཉེས་པ་མེད་དེ། ཆོས་ཤེས་གཉིས་པོ་ཁམས་གསུམ་ཀའི་གཉེན་པོར་རུང་བ་ཙམ་ཡིན་གྱི། དེས་དེ་བྱེད་ངེས་པས་ནི་མ་ཁྱབ་པའི་ཕྱིར་རོ། །འོ་ན་འགོག་ལམ་ལ་རྗེས་ཤེས་ཀྱང་གསུམ་ཆར་གྱི་གཉེན་པོར་མཚུངས་སོ། །ཞེ་ན། མ་ཡིན་ཏེ། རྗེས་ཤེས་ལ་ནི་ཆོས་ཤེས་སྔོན་དུ་སོང་བ་ཉིད་ཀྱིས་ཁྱབ་པས་ན། དེའི་དུས་སུ་འདོད་པ་ལ་ངེས་པར་ཆགས་བྲལ་བྱས་ཟིན་པའི་ཕྱིར་རོ། །འགོག་ལམ་ལ་ཆོས་ཤེས་ཀྱིས་ཁམས་གསུམ་གྱི་གཉེན་པོ་བྱས་པ་གཅིག་སྲིད་པ་དེའི་ཚེ། སྤང་བྱ་ཅིག་ཆར་བའི་རྣམ་གཞག་གཅིག་ཁས་ལེན་དགོས་པར་མངོན་ཏེ། དེ་ཡིན་པའམ། ཡང་ན་ཆོས་ཤེས་གཉིས་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་ཟིན་པའི་འོག་ཏུ་ཁམས་གོང་མ་གཉིས་ཀྱིས་བྱེད་དགོས་པ་གང་རུང་ལས་མ་འདས་པའི་ཕྱིར། དེ་ལྟར་ཁས་ལེན་ནི། ཆོས་ཤེས་དེ་གཉིས་ཀྱི་གཟུགས་ལ་ཆགས་བྲལ་བྱས་པའི་འོག་ཏུ། གཟུགས་མེད་ལ་ཆགས་བྲལ་བྱེད་དགོས་པ་ཉིད་དུ་ཁས་ལེན་དགོས་ལ། དེ་ལྟ་ན་འདོད་པ་ལ་ཆགས་བྲལ་བྱས་རྗེས་སུ། ཁམས་གོང་ལ་ཆགས་བྲལ་བྱེད་པའི་བདེན་པ་བཞི་ཤེས་པ་ནི་རྗེས་ཤེས་ལས་མ་འདས་ཞེས་ལས་རྣམ་པར་བརྟག་དགོས་སོ། །དེ་ལྟ་ན་ཟག་པ་མེད་པའི་ཡུལ་ཅན་གྱི་ཀུན་འགྲོ་དག་གིས་འགོག་པ་ནི་རང་ས་གཅིག་པུ་ལ་དམིགས་པ་དང༌། ལམ་ནི་ས་དྲུག་གམ་ས་དགུའི་སྤྱོད་ཡུལ་ཅན་དུ་བཤད་པ་དང༌། འདོད་པའི་ཉོན་མོངས་སྤངས་པའི་འགོག་པ་དང༌། ཁམས་གོང་གི་ཉོན་མོངས་སྤངས་པའི་འགོག་པ་གཉིས་ལ་གཞི་མཐུན་མི་སྲིད་པ་དང༌། འདོད་པའི་གཉེན་པོར་གྱུར་པའི་ལམ་ལ་གཞི་མཐུན་སྲིད་པའི་རྒྱུ་མཚན་གྱིས་དེ་ལྟར་འཆད་པ་ཡིན་གྱི། ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པ་ཙམ་ལ་ཐུག་ན་དོགས་པ་སྔ་མ་དེ་སྤང་བར་མི་ནུས་སོ། །གཞི་མཐུན་དེ་ཡང་གང་ཞེ་ན། བསམ་གཏན་ས་དྲུག་ལས་དངོས་གཞི་ལ་རྟེན་པའི་ཆོས་ཤེས་ཀྱིས་ནི་རང་ས་དང་གོང་སའི་གཉེན་པོ་བྱེད། ཉེར་བསྡོགས་ལ་བརྟེན་པའི་ཆོས་ཤེས་ཀྱིས་ནི་འོག་སའི་གཉེན་པོ་བྱེད་པའི་སྒོམ་ལམ་ཆོས་ཤེས་དེ་ཉིད་དོ། །དེ་ཁོ་ནར་མ་ཟད། མི་ལྕོགས་མེད་ལ་བརྟེན་པའི་ཆོས་ཤེས་གཅིག་པུ་དེས། ཁམས་གསུམ་ས་དགུའི་སྒོམ་སྤང་དུ་གྱུར་པའི་ཆགས་སོགས་ཉོན་མོངས་པ་བཞི་པོ་མཐའ་དག་གི་ཐོབ་པ་གཅོད་པར་བྱེད་ནུས་ཀྱང༌། དེ་བཅད་པའི་འགོག་པ་ནི་སོ་སོ་པ་ཁོ་ན་སྟེ། སྤང་བྱའི་ངོ་སྐལ་གྱི་དབྱེ་བས་འགོག་པ་སོ་སོ་འབྱེད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་སོ། །ཉེར་བསྡོགས་དེ་ལ་བརྟེན་པའི་ཆོས་ཤེས་དེ་སྤྱིར་བདེན་པ་བཞི་ཀ་ཤེས་པ་དང༌། བྱེ་བྲག་ཏུ་ཁམས་གསུམ་ཆར་གྱི་བདེན་པ་བཞི་ཀ་ཤེས་པ་ཡིན་ཏེ། བདེན་པ་མངོན་པར་རྟོགས་རྗེས་ཀྱི་ཆོས་ཤེས་སུ་འདུག་པས་སོ། །དེའི་ཚེ་འདོད་པའི་སྡུག་ཀུན་ཤེས་པ་དང༌། ཁམས་གོང་མ་གཉིས་ཀྱི་སྡུག་ཀུན་ལ་དམིགས་པའི་ཆོས་ཤེས་ཀྱི་དམིགས་པ་ནི་སོ་སོ་བ་ཡིན་ཏེ། ཁམས་གསུམ་གྱི་སས་བསྡུས་པའི་སྡུག་ཀུན་རྫས་འགལ་བས་སོ། །འགོག་ལམ་ལ་ནི་དམིགས་པའི་ཆོས་ཤེས་ནི་དམིགས་པ་སོ་སོ་བ་ཡིན་པའི་ངེས་པ་མེད་དེ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་རྟེན་པའི་ཆོས་ཤེས་གཅིག་པུ་དེ་ཉིད་ཁམས་གསུམ་ཀའི་གཉེན་པོ་དང་བྲལ་བ་སོ་སོ་བ་རྣམས་འཐོབ་བྱེད་དུ་འདུག་པའི་ཕྱིར། འོ་ན་ཆོས་ཤེས་དང༌། རྗེས་ཤེས་ཀྱི་དབྱེ་བ་མི་འཐད་དོ། །ཅེ་ན། མ་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པའི་སྒོམ་ལམ་ཟག་མེད་གཅིག་པུ་དེས་འདོད་པའི་སྡུག་ཀུན་ལ་དམིགས་ནས་དེ་ལ་ཆགས་བྲལ་བྱས་པའི་ཚེ་ཆོས་ཤེས་ཞེས་བྱ། དེ་གཉིས་ཀྱིས་ཁམས་གོང་མའི་སྡུག་ཀུན་ལ་དམིགས་ནས། དེ་ལ་དེ་ལྟར་བྱེད་པའི་ཚེ་རྗེས་ཤེས་ཞེས་བྱ་ཞིང༌། ཡང་དེ་འདྲ་དེ་ཁམས་གསུམ་ཀའི་གཉེན་པོ་འགོག་ལམ་ལ་དམིགས་ནས་གསུམ་ཀ་ལ་ཆགས་བྲལ་བྱས་པའི་ཚེ། དེ་ཉིད་ལ་ཆོས་ཤེས་ཞེས་བྱ་བ་ཡིན་གྱི། རྗེས་ཤེས་ཞེས་ནི་མི་བྱ་སྟེ། འདོད་པའི་གཉེན་པོར་གྱུར་པའི་ཕྱིར། དེས་ན་འདོད་པའི་ལོག་ལྟས་གཟུགས་མེད་དང་པོ་གསུམ་ལ་བརྟེན་པའི་འགོག་ལམ་ལ་སྐུར་པ་མི་འདེབས་པ་ནི་དེ་དེའི་གཉེན་པོར་མི་རུང་ལ། སྐུར་འདེབས་ནི་ས་རང་རང་གི་སྤང་གཉེན་ལ་སྐུར་འདེབས་སོགས་སུ་འཇོག་པའོ། །དེ་བཞིན་དུ་ཁམས་གོང་མ་གཉིས་ཀྱི་ལོག་ལྟ་སོགས་ཀྱིས་ཆོས་ཤེས་ཕྱོགས་མཐུན་ལ་སྐུར་པ་མི་འདེབས་པ་ནི་དེས་འདོད་པ་ལ་ཆགས་བྲལ་བྱས་ཟིན་པས་རྟེན་གྱི་གང་ཟག་དེའི་རྒྱུད་ལ་ཁམས་གོང་གི་གཉེན་པོར་གྱུར་པའི་ཆོས་ལ་སྐུར་འདེབས་ཀྱི་ལོག་ལྟ་དང་ཐེ་ཚོམ་སོགས་འབྱུང་མི་སྲིད་པའོ། །མདོར་ན་ཁམས་གོང་མའི་རྟེན་ལ་ཆོས་ཤེས་ཀྱིས་ཁམས་གོང་མ་ཉིད་ཀྱི་གཉེན་པོ་བྱེད་མི་སྲིད་དོ། །དེ་ནས་ཕྲ་རྒྱས་དགུ་བཅུ་རྩ་གཅིག་པོ་དེ་དག་ལས། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་འགྱུར་དུ་ཞེ་ན། ཕྲ་རྒྱས་ལ་གཉིས་ཏེ། ཀུན་འགྲོ་ཡིན་པ་དང༌། མ་ཡིན་པའོ། །དང་པོ་ལ། གཉིས་ཏེ། རང་ས་ལ་དམིགས་པ་དང༌། གོང་ས་དམིགས་པའོ། །དང་པོའི་དབང་དུ་བྱས་ན། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །གཉིས་པའི་དབང་དུ་བྱས་ནས། གོང་མའི་སྤྱོད་ཡུལ་མིན། གཉེན་པོའི་ཕྱིར། གཉིས་པ་ལ། ཟག་བཅས་ལ་དམིགས་པ་དང༌། ཟག་མེད་ལ་དམིགས་པ་གཉིས་ལས། དང་པོའི་དབང་དུ་བྱས་ནས། ཀུན་འགྲོ་མ་ཡིན་རང་རིས་སོ། །གཉིས་པའི་དབང་དུ་བྱས་ནས། ཟག་མེད་མིན། བདག་གིར་མ་བྱས། ཞེས་པའོ། །འོ་ན་དམིགས་པའི་སྒོ་ནས་རྒྱས་པ་མ་ཡིན་པའི་ཕྲ་རྒྱས་དེ་དག་རྒྱས་པར་མི་འགྱུར་བའམ། འགྱུར་ན་ཚུལ་ཇི་ལྟར་ཞེ་ན། གང་ཞིག་གང་དང་མཚུངས་ལྡན་པ། །དེར་ནི་དེར་མཚུངས་ལྡན་སྒོ་ནས། །ཞེས་སོ། །དེ་ཡང་རྒྱས་པར་བཤད་ན་འདི་ལྟར་རང་སའི་སྤང་བྱ་རིགས་ལྔ་ཆར་ལ་རྒྱས་པའི་དོན་ནི་སྡུག་ཀུན་མཐོང་སྤང་དུ་གྱུར་པའི་ལོག་ལྟ་ལྟ་བུ་དེས། འགོག་ལམ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ལྟ་བུའམ། སྒོང་སྤང་དུ་གྱུར་པའི་ཟག་བཅས་ཀྱི་དངོས་པོ་གང་ལ་དམིགས་ཀྱང༌། དམིགས་པ་དེ་ཉིད་དུ་ཞེན་ཞིང་ཞུགས་ནས། ཞིང་ལ་ས་བོན་བཏབ་པ་སྐྱེ་བ་ལྟར། དེ་ཉིད་དུ་གནས་ཐོད་དེ་རྒྱས་པར་འགྱུར་བའོ། །ཀུན་འགྲོ་མ་ཡིན་པར་རང་རིས་ལ་རྒྱས་པའི་དོན་ནི། སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ལྟ་བུ་དེ་སྤྱིར་སྡུག་བསྔལ་མཐོང་སྤང་གི་རིགས་དང༌། བྱེ་བྲག་འདོད་ཆགས་ཉིད་ལ་དམིགས་ནས། སྔ་མ་ལྟར་རྒྱས་པ་ཡིན་གྱི། ཀུན་འབྱུང་མཐོང་སྤང་སོགས་གཞན་ལ་རྒྱས་པ་མ་ཡིན་ཏེ། ཉོན་མོངས་པ་རང་མཚན་པ་རྣམས་ནི་དམིགས་རྣམ་སོ་སོར་ངེས་པ་ཅན་ཡིན་པས། རང་རང་གི་དམིགས་རྣམ་དུ་བཤད་པ་དེ་ལས་གཞན་ལ་མི་འཇུག་པའི་ཕྱིར་དང༌། ཞུགས་པའི་ཚེ་རང་རང་གི་མཚན་ཉིད་འདོར་བའི་ཕྱིར། ཉོན་མོངས་སྤྱི་མཚན་པ་ཡིན་ཀྱང༌། འགོག་ལམ་ལ་དམིགས་པའི་ལྟ་བ་དང་མ་རིག་པ་སོགས་ནི། རང་གི་དམིགས་པ་ཟག་མེད་ཡིན་པས་དེ་ལ་ཟག་པའི་གནས་མི་མཐོང་པའི་ཕྱིར་ན། དམིགས་པའི་སྒོ་ནས་རྒྱས་འགྱུར་མི་འཇོག་ལ། ས་གོང་མ་ལ་དམིགས་པ་དག་ཀྱང༌། གང་ལ་དམིགས་པ་དེ་སྲིད་པས་བདག་གིར་མ་བྱས་པའི་ཕྱིར། དམིགས་པ་རྒྱས་འགྱུར་དུ་མི་འཆད་དོ། །དེའི་ཕྱིར་ཕྲ་རྒྱས་ཀུན་འགྲོ་ལ་དམིགས་པའི་སྒོ་ནས་རྒྱས་གྱུར་གྱིས་མ་ཁྱབ་སྟེ། དེའི་ནང་ན་གོང་ས་ལ་དམིགས་པ་དག་ཀྱང་ཡོད་པས་སོ། །ཀུན་འགྲོ་མ་ཡིན་པའི་ཕྲ་རྒྱས་ཀྱང་རང་རིས་ལ་རྒྱས་པ་དེ་དམིགས་པའི་སྒོ་ནས་རྒྱས་འགྱུར་ཡིན་པས་མ་ཁྱབ་སྟེ། དེའི་ནང་ན་ཟག་མེད་ལ་དམིགས་པ་དག་ཡོད་པས་སོ། །དེ་བས་ན་ཕྲ་རྒྱས་ཀུན་འགྲོ་ནི། གང་ལ་དམིགས་པ་དེ་ལ་རྒྱས་པས་མ་ཁྱབ་ཀྱང༌། རང་སའི་སྤང་བྱ་རིགས་ལྔ་ཆར་ལ་རྒྱས་པས་ཁྱབ་ལ། ཀུན་འགྲོ་མ་ཡིན་པའི་ཕྲ་རྒྱས་རྣམས་ཀྱང་རང་རིགས་ལ་དམིགས་པས་མ་ཁྱབ་ཀྱང༌། དེ་ལ་རྒྱས་པས་ནི་ཁྱབ་པའོ། །འོ་ན་སྤྱིར་རྒྱས་ལ། དམིགས་པའི་སྒོ་ནས་རྒྱས་པ་མ་ཡིན་པ་དེ་དག་ལ། མིང་ཅི་ཞེ་ན། མཚུངས་ལྡན་གྱི་སྒོ་ནས་རྒྱས་པ་ཞེས་བྱ་སྟེ། གང་ལ་དམིགས་པ་དེར་ཞུགས་ནས་རྒྱས་པ་མ་ཡིན་ཀྱང༌། རང་གི་མཚུངས་ལྡན་གྲོགས་ཀྱི་དབང་གིས་རྒྱས་པའོ། །དེ་ཡང་ཕྲ་རྒྱས་ཀུན་འགྲོ་གཞིར་བྱས་པ་ལ་དམིགས་པའི་སྒོ་ནས་རྒྱས་ན་མཚུངས་ལྡན་གྱི་སྒོ་ནས་ཀྱང་རྒྱས་པས་ཁྱབ་ལ། དེ་ལྟ་ན་ཡང་གང་ལ་དམིགས་པ་དེ་དང་མཚུངས་ལྡན་ཡིན་དགོས་པ་ནི་མ་ཡིན་ནོ། །ཡང༌། ཇི་སྐད་དུ། གང་ཞིག་གང་དང་མཚུངས་ལྡན་པ། །ཞེས་པའི་འགྲེལ་པར། ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ནི་ཞེས་བྱ་བའི་སྒྲས་ནི། ཇི་སྲིད་མ་སྤངས་པ་ཞེས་ཁྱད་པར་དུ་བྱེད་པའི་ཕྱིར་རོ། །ཞེས་བཤད། དེའི་དོན་ནི། ཚོར་བ་དང་མཚུངས་ལྡན་གྱི་འདོད་ཆགས་ཡིན་ན། དེ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པས་ཁྱབ་བམ་སྙམ་པ་ལ། དེ་དུས་ཀྱི་འདོད་ཆགས་དེ་མ་སྤངས་ན་དེས་ཁྱབ་ཀྱང༌། སྤངས་ན་གཉིས་པོ་དེ་མཚུངས་པར་ལྡན་མོད་ཀྱང༌། རྒྱས་པར་མི་འགྱུར་ཞེས་བྱ་བའི་དོན་ཏེ། དེ་ཡང་དགྲ་བཅོམ་པས་སྤངས་པའི་འདོད་ཆགས་ད་ལྟར་བ་ཚོར་བ་སོགས་དང་ལྷན་ཅིག་གནས་པ་མི་སྲིད་ཀྱང༌། དེས་སྤངས་ཟིན་པའི་འདོད་ཆགས་འདས་པ་ནི་འདས་པའི་ས་ན་ཚོར་བ་དང་ལྷན་ཅིག་ཏུ་གནས། དེས་སྤངས་ཟིན་པའི་འདོད་ཆགས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི་མ་འོངས་པའི་ས་ན་ཚོར་བ་དང་ལྷན་ཅིག་ཏུ་གནས། དེ་ལྟ་ན་ཡང༌། རྒྱས་པར་ནི་མི་འགྱུར་ཏེ། སྤངས་ཟིན་པའི་ཕྱིར། ཞེས་པའི་དོན་ནོ། །འོ་ན་དགྲ་བཅོམ་པའི་སེམས་ཕྲ་རྒྱས་དང་བཅས་པར་འཇོག་གོ་ཅེ་ན། མ་ཡིན་ཏེ། ཕྲ་རྒྱས་དང་བཅས་པར་འཇོག་ཚུལ་ལ། གཉིས་ཏེ། ཉོན་མོངས་པ་ཅན་རྣམས་དེ་དང་བཅས་པར་འཇོག་ཚུལ་དང༌། ཉོན་མོངས་པ། མ་ཡིན་པ་ཅན་རྣམས་དེ་དང་བཅས་པར་འཇོག་ཚུལ་ལོ། །ཉོན་མོངས་པ་ཅན་རྣམས་ལ་ནི་རང་ལ་དམིགས་པའི་ཉོན་མོངས་མ་སྤངས་པ་རྣམས་ཀྱིས་དེ་དང་བཅས་པར་འཇོག་པས། མཚུངས་ལྡན་པ་རྣམས་ནི་སྤངས་ཀྱང་དེ་དང་བཅས་པར་འཇོག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི། དེ་ལ་དམིགས་པ་ལ་སྤངས་པ་ཁོ་ནས་ཕྲ་རྒྱས་པ་དང་བཅས་པར་འཇོག་གི མཚུངས་པར་ལྡན་པ་མི་འཇོག་པའི་ཕྱིར་ཉེས་པ་མེད་དོ། །དེ་སྐད་དུ་ཡང༌། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་འབྱུང་བས་སོ། །ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས། ཆོས་གསུམ་གྱི་རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། གོང་མ་རྣམས་ལུང་མ་བསྟན། །ཞེས་པ། ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་ཐམས་ཅད་ལུང་མ་བསྟན་ཡིན་པའི་ཤེས་བྱེད་དུ། ཆོས་ཉོན་མོངས་པ་ཅན་རྣམས་ཀྱི་རྣམ་པར་སྨིན་པ་ནི་སྡུག་བསྔལ་ཡིན་ན། དེ་ཡང་དེ་གཉིས་ན་མེད་དེ། ཕ་རོལ་ལ་གནོད་པའི་རྒྱུ་མེད་པའི་ཕྱིར་རོ། །ཞེས་བཤད་པ་དེའི་དོན་ནི། སྤྱིར་རྣམ་སྨིན་སྡུག་བསྔལ་མི་འབྱིན་པའི་དོན་ནི་མ་ཡིན་ཏེ། གོང་མའི་རྟེན་ལ་ས་གོང་མར་འཕེན་བྱེད་ཀྱི་ལས་སོག་པ་དག་ཡོད་པའི་ཕྱིར། དེས་ན་འདིར་རྣམ་སྨིན་ཞེས་པ་རྒྱུ་མཐུན་གྱི་འབྲས་བུའམ། སྐྱེས་བུ་བྱེད་པའི་འབྲས་བུའི་དབང་དུ་བྱས་པ་དེ། ཉོན་མོངས་དེ་ཀུན་ནས་བསླངས་པའི་ལས་ཀྱིས་གཞན་ལ་གནོད་པ་བྱེད་པ་མེད་པའི་དོན་ནོ། །ཡང༌། འདོད་ན་འཇིག་ཚོགས་ལྟ་བ་དང༌། །མཐར་འཛིན་ལྷན་ཅིག་མ་རིག་པ། །ཞེས་པ་ཁམས་གོང་མ་གཉིས་ལྟ་ཞོག འདོད་པའི་ཁམས་སུ་ཡང་ལྟ་བ་འདི་གཉིས་ནི། སྦྱིན་སོགས་དང་མི་འགལ་བའི་ཕྱིར་དང༌། གཞན་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར། དེས་ན་ཕྱི་རོལ་པའི་ལྟ་བ་རྣམས་ཀྱི་ནང་ནས་ཀྱང༌། ཆད་པའི་ལྟ་བ་འདི་མཆོག་ཡིན་ཏེ། ཐར་པ་དང་རྗེས་སུ་མཐུན་པའི་ཕྱིར། ཞེས་བྱེ་བྲག་ཏུ་སྨྲ་བས་འཆད་ལ། སྔོན་གྱི་སློབ་དཔོན་གཞན་དག་ནི། ལྟ་བ་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་དང༌། མཐོ་རིས་ལ་སྲེད་པའི་འདོད་ཆགས། ངའོ་སྙམ་པའི་ང་རྒྱལ་ཡང་ལུང་མ་བསྟན་དུ་ཐལ་བར་འགྱུར་ཏེ། བྱེ་སྨྲས་འདོད་པའི་གཏན་ཚིགས་དེ་དག་ཞུགས་པའི་ཕྱིར། ཞེས་ཟེར་རོ། །སྐབས་འདིར་ཁ་ཅིག་ན་རེ། འཇིག་མཐར་གྱི་ལྟ་བ་གཉིས་ལས། ལྷན་སྐྱེས་དང༌། ཀུན་བཏགས་གཉིས་ལས། དང་པོ་ལུང་མ་བསྟན་པ་དང༌། ཕྱི་མ་མི་དགེ་བ་ཡིན་ནོ། །ཞེས་འཆད་པ་དག་ཡོད་མོད། རིགས་པ་མ་ཡིན་ཏེ། ཀུན་བཏགས་ལ་མི་དགེ་བས་ཁྱབ་ན། ཁམས་གོང་མ་ན་མཐོང་སྤང་དུ་གྱུར་པའི་ལྟ་བ་དང་ལྟ་མིན་གང་ཡང་ཡོད་པ་མ་ཡིན་པར་འགྱུར་རོ། །དྲུག་པ་ལྡན་པའི་ཚུལ་འཆད་པ་ནི། འདས་དང་ཉེར་གནས་འདོད་ཆགས་དང༌། །ཁོང་ཁྲོ་ང་རྒྱལ་དག་གི་ནི། །གང་ལ་སྐྱེས་དེ་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཡིད་ཀྱི་དེ་དག་མ་འོངས་པ། །ཀུན་དང་གཞན་གྱི་རང་དུས་པ། །མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང༌། །ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་སོ། །དོན་ནི། ལྡན་ནོ། །ཞེས་པ་བཤད་པའི་གཞི། གང་དང་ལྡན་ན། ཡུལ་གང་ལ་དམིགས་ནས་ཕྲ་རྒྱས་སྐྱེ་བའི་གཞིར་གྱུར་པའི་དངོས་པོ་དེ་དང་ངོ༌། །སུ་ཞིག་ལྡན་ན། དེ་ལ་དམིགས་པའི་ཕྲ་རྒྱས་རྒྱུད་ལ་ལྡན་པའི་གང་ཟག་དེའོ། །གང་གིས་ན། ཕྲ་རྒྱས་དེ་ཉིད་ཀྱི་སོ། །དཔེར་ན། ཡུལ་ནེའུ་སིང་ལྟ་བུ་དེར། གང་ཟག་གླང་བུ་ལྟ་བུ་དེ། ཉོན་མོངས་པ་རྟོད་ཕུར་དང་འདྲ་བ་དེས་སོ། །གང་གིས་ལྡན་པར་བྱེད་པའི་ཉོན་མོངས་པ་ལ། གཉིས་ཏེ། ཉོན་མོངས་པ་རང་མཚན་པ་དང༌། སྤྱི་མཚན་པའོ། །དང་པོ་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ་རྣམས་སོ། །གཉིས་པ་ནི། ལྟ་བ་དང༌། ཐེ་ཚོམ་དང༌། མ་རིག་པ་རྣམས་སོ། །དེ་དག་ལ་དེ་དང་དེ་ཞེས་ཟེར་བའི་རྒྱུ་མཚན་ནི། ཡུལ་རང་རང་སོ་སོ་བ་ལ་འཛིན་སྟངས་མི་འདྲ་བས་དམིགས་པའི་ཕྱིར་རང་མཚན་པ་ཞེས་བྱ་སྟེ། དཔེར་ན་འདོད་ཆགས་དང་ང་རྒྱལ་ནི། ཡུལ་བདེ་བ་མྱོང་གྱུར་གྱི་ཡུལ་ལ་དམིགས་ནས་སྐྱེ་ཞིང༌། ཁེངས་པའི་འཛིན་སྟངས་ཅན་ཡིན་ལ། ཁོང་ཁྲོ་ནི་སྡུག་བསྔལ་མྱོང་འགྱུར་གྱི་ཡུལ་ལ་དམིགས་ནས་འཁྲུག་པའི་འཛིན་སྟངས་ཅན་ནོ། །གཉིས་པ་སྤྱི་མཚན་པ་ནི། ལྟ་བ་སོགས་གསུམ་གྱི་ཡུལ་ལ་བྱེ་བྲག་མེད་པར་བདེ་བ་མྱོང་འགྱུར་སོགས་གསུམ་ཀ་ལ་དམིགས་ནས། རྨོངས་པ་དང༌། ཡིད་གཉིས་ཟབ་ལ་སོགས་པའི་འཛིན་སྟངས་ཅན་ནོ། །ཉོན་མོངས་རང་མཚན་པ་འདི་ལ། གཉིས་ཏེ། རྣམ་ཤེས་ཚོགས་དྲུག་ཀའི་འཁོར་དུ་འབྱུང་བ་དང༌། ཡིད་ཤེས་ཁོ་ནའི་འཁོར་དུ་འབྱུང་བའོ། །དང་པོ་ནི་ཆགས་སྡང་གཉིས་ཡིན་ལ། གཉིས་པ་ནི་ང་རྒྱལ་ལོ། །གཉིས་པོ་རེ་རེ་ལའང་དུས་གསུམ་གྱི་དབྱེ་བས་གསུམ་དུ་འགྱུར་ལ། མ་འོངས་པ་ལའང༌། སྐྱེ་བའི་ཆོས་ཅན་དང༌། མི་སྐྱེ་བའི་ཆོས་ཅན་གྱི་དབྱེ་བས་གཉིས་སོ། །ཡིད་ཤེས་འཁོར་དུ་བྱུང་བའི་ཉོན་མོངས་པ་གསུམ་པོ་དེས་རེ་རེ་ནས་ཡུལ་འདས་མ་འོངས་གསུམ་ཆར་ལ་དམིགས་ཤིང༌། རེ་རེ་ནས་གང་ལ་སྐྱེས་ཤིང་མ་སྤངས་པའི་ཡུལ་དེ་དང་རང་གི་གང་ཟག་དེ་ལྡན་པར་བྱེད། དེ་ཡང་ཡིད་ཀྱི་ཡུལ་དུས་གསུམ་འགྱུར་བའི་རྒྱུ་མཚན་གྱིས་སོ། །དབང་ཤེས་འཁོར་གྱི་ཉོན་མོངས་པ་གཉིས་པོ་ནི། ཡུལ་རང་དང་དུས་མཉམ་པ་ཁོ་ན་ལ་དམིགས་ནས་ལྡན་པར་བྱེད་ཀྱི། དུས་མི་མཉམ་པ་ལ་དམིགས་པ་དང་ལྡན་པར་བྱེད་པ་མ་ཡིན་ཏེ། རྣམ་ཤེས་ཚོགས་ལྔ་ནི་ཡུལ་རང་མཚན་གྱི་སྤྱོད་ཡུལ་ཅན་དུ་ངེས་པའི་རྒྱུ་མཚན་གྱིས་སོ། །དེ་ཁོ་ནར་ངེས་སམ་ཞེ་ན། ཇི་སྐད་བཤད་པ་དེ་དག་མ་འོངས་པ་སྐྱེ་བའི་ཆོས་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། སྒོ་ལྔའི་དབང་ཤེས་འཁོར་གྱི་ཆགས་སོགས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ནི་ཡུལ་དུས་གསུམ་ཀ་ལ་དམིགས་ཤིང་མ་སྤངས་པའི་ཡུལ་དུས་གསུམ་ཀ་དང་ལྡན་པར་བྱེད་དོ། །འདིར་གང་ལ་སྐྱེས་པ་ཞེས་འབྱུང་བ་ནི། ཉོན་མོངས་རང་མཚན་དེ་དག་ཡུལ་འགའ་ཞིག་ལ་མི་དམིགས་པ་དང་མི་སྐྱེ་བ་སྲིད་པ་དེ་ལས་དམིགས་ཀྱིས་བསལ་བ་དང༌། མ་སྤངས་པ་ཞེས་པས་ནི། སྐྱེས་ཀྱང་སྤངས་ན་མི་ལྡན་པའི་རྒྱུ་མཚན་གྱིས་དེ་ལས་དམིགས་ཀྱིས་བསལ་བའོ། །འོ་ན་སྤངས་ཀྱང་ལྡན་པར་བྱེད་པའི་ཉོན་མོངས་པ་དག་བཤད་པ་མ་ཡིན་ནམ། ཞེ་ན་དེ་ནི་ཇི་སྐད་དུ། ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་གང་གིས་ལྡན་བྱེད་ཀུན་འགྲོ་ཡིན་པའི་དབང་དུ་བྱས། འདི་ནི་ལྡན་བྱེད་ཉོན་མོངས་རང་མཚན་པས་དབང་དུ་བྱས་པས་མི་འགལ་ལོ། །འོ་ན། ལྷག་མ་ཀུན་གྱིས་ཀུན་དང་ལྡན། །ཞེས་པའི་འགྲེལ་པར། ཉོན་མོངས་སྤྱི་ལ་ཡིན་པའི་ཕྱིར་དངོས་པོ་ཐམས་ཅད་དང་ལྡན་ནོ། །ཇི་སྲིད་དུ་མ་སྤངས་པ་ཞེས་བྱ་བའི་དབང་དུ་བྱས་པ་ཁོ་ན་ཡིན་ནོ། །ཞེས་བཤད་པ་མ་ཡིན་ནམ། ཞེས་ན། དེ་ནི་ཀུན་ཞེས་པའི་ཚིག་གི་ནུས་པས་སྤང་བྱ་རིགས་ལྔ་པོ་ཀུན་སྤངས་ན། ཀུན་འགྲོས་ལྡན་པར་མི་བྱེད་ཅེས་པའི་དོན་ཏོ། །འོ་ན་སྤངས་པའི་དོན་ཐོབ་པ་བཅད་པ་ལ་བྱེད་པ་མ་ཡིན་ནམ། དེ་བཅད་ན་ལྡན་པ་ཇི་ལྟར་འབྱུང་སྟེ། མ་ཐོབ་པ་དང་མི་ལྡན་པ་དོན་གཅིག་པའི་ཕྱིར། སྙམ་ན། སྤྱིར་ལྡན་པ་ནི། རྣམ་པ་གཉིས་ཏེ། གང་དང་ལྡན་པ་དང༌། གང་གིས་ལྡན་པའོ། །དང་པོ་ལ། གཉིས་ཏེ། ཡུལ་རྒྱུད་ཀྱིས་མ་བསྡུས་པ་དག་དང་ལྡན་པ་དང༌། རྒྱུད་ཀྱིས་བསྡུས་པ་ཁོ་ན་དང་ལྡན་པའོ། །གང་གིས་ལྡན་པ་ལ་གཉིས་ཏེ། ཉོན་མོངས་པས་ལྡན་པར་བྱེད་པ་དང༌། ཐོབ་པས་ལྡན་པར་བྱེད་པའོ། །དེ་ལས་ལྡན་བྱེད་ཉོན་མོངས་པ་ཡིན་པ་ལ་ནི་རྒྱུད་དུ་མ་གཏོགས་པ་དག་དང་སྤངས་ཀྱང་ལྡན་པ་དག་སྲིད་ལ། ལྡན་བྱེད་གཉིས་པའི་དབང་དུ་བྱས་ན། དེ་དང་དེ་དག་མི་སྲིད་དོ། །དེའི་ཡང་དམིགས་ཀྱིས་བསལ་ནི། གནས་གཉིས་པར། ཇི་སྐད་དུ། འགོག་གཉིས་ཀྱི། ཞེས་པ་དེར་བཤད་ཟིན་ནོ། །དེ་ལྟ་ན་ཡང་གང་དང་ལྡན་པའི་ཆོས་ལ་སྤྱིར་རྒྱུད་ཀྱིས་བསྡུས་མ་བསྡུས་གཉིས་བཤད་ཀྱང༌། གང་ལ་ལྡན་པ་ལ་ནི་རྒྱུད་ཀྱིས་མ་བསྡུས་པའི་བཤད་པ་རྣམ་པ་ཐམས་ཅད་དུ་མེད་དོ། །གང་ལ་སྐྱེས་དེ་མ་སྤངས་པའི། །ཞེས་པའི་ཤུགས་ལ། གང་ལ་དམིགས་ནས་སྐྱེས་ཤིང་སྤངས་པ་དག་ཡོད་པར་བཤད་པ་དེའི་ཚེ། དམིགས་ལ་སྤངས་པ་ཞིག་ཡོད་པར་གྲུབ་ན། དེ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་ཡིན་ནམ། ཞེ་ན། མ་ཡིན་ཏེ། སྤངས་ཟིན་པའི་ཕྱིར། ཡང་གལ་ཏེ། དབང་ཤེས་འཁོར་གྱི་ཉོན་མོངས་རང་མཚན་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ཡུལ་དུས་གསུམ་ཀ་ལ་དམིགས་ན་མི་སྐྱེ་བ་འགལ་ལོ། །ཞེ་ན། དེ་དག་ནི་དམིགས་པ་གཅིག་པུ་ལ་དམིགས་ནས་སྐྱེ་བ་མ་ཡིན་གྱི། དབང་པོ་ལ་སོགས་པ་ཚོགས་ནས་སྐྱེ་དགོས་ལ། དེ་དག་ཚོགས་པ་མི་སྲིད་པས་མི་སྐྱེ་བའི་ཆོས་ཅན་དུ་བཞག་གོ །དེ་ལྟར་ན་དེ་ནི་ཚོགས་པའི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་ནོ། །འོ་ན་ཡུལ་དུས་གསུམ་ཀ་ལ་དམིགས་པ་ཇི་ལྟར་ཞེ་ན། དེ་དག་ནི་ཡུལ་རྣམས་ལ་འཕོ་བར་འགྱུར་བ་ཡིན་ཏེ། དེ་ནི་ལྕམ་པ་བཞིན་དུ་ཡུལ་མངོན་པར་ཕྱོགས་པའི་ཕྱིར། ཞེས་འཆད་དོ། །དེ་ལྟར་བཤད་པ་ལ་འཕྲོས་ནས། གལ་ཏེ་འདས་པ་དང་མ་འོངས་པའི་དངོས་པོ་དུས་ཐམས་ཅད་དུ་རྫས་སུ་ཡོད་དམ་མེད། ཡོད་ན་འདུ་བྱེད་རྣམས་རྟག་པར་འགྱུར་ལ། མེད་ན་མེད་པ་དེ་དང་ཇི་ལྟར་ལྡན། ཞེ་ན། དུས་གསུམ་ཀ་ཡང་རང་གི་མཚན་ཉིད་ནི་རྫས་སུ་ཡོད་ལ། འདུས་བྱས་སྤྱིའི་མཚན་ཉིད་དང་ལྡན་པའི་ཕྱིར་རྟག་པར་དམ་བཅའ་བ་ནི་མ་ཡིན་ནོ། །འདི་ལ་དུས་གསུམ་གྱི་རྫས་རྟག་ཏུ་ཡོད་པའི་ཤེས་བྱེད་དང༌། དངོས་པོ་གཞན་དུ་འགྱུར་བའི་རྒྱུ་མཚན་གྱིས་དུས་སུ་འཇོག་པའི་ཚུལ་ལོ། །དང་པོ་ནི། ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས། དུས་གསུམ་རྫས་ཡོད་དུ་སྨྲ་བ་ལ་ནི་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་ལ། གང་དག་ད་ལྟར་བྱུང་བ་དང༌། འབྲས་བུ་སྐྱེད་མ་ཟིན་པའི་ལས་འདས་པ་རྣམས་ནི་ཡོད་ལ། མ་འོངས་པ་དང༌། འབྲས་བུ་བསྐྱེད་ཟིན་པའི་ལས་འདས་པ་རྣམས་ནི་མེད་དོ། །ཞེས་ཟེར་བ་དེ་ནི་རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ་པ་ཡིན་ནོ། །གང་དེ་ལྟར་བྱུང་བ་དེ་ཁོ་ན་རྫས་སུ་ཡོད་ཀྱི་གཉིས་པོ་རྫས་སུ་མེད་དོ་ཞེས་སྨྲ་བ་དེ་ནི་མདོ་སྡེ་པ་ཡིན་ནོ། །གཉིས་པ་ནི། རྣམ་བཞི་དངོས་དང་མཚན་ཉིད་དང༌། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཞེས་པ། རྫས་གཞན་དུ་འགྱུར་ཀྱང༌། དངོས་པོ་གཞན་དུ་མི་འགྱུར་བ་ནི། བཙུན་པ་ཆོས་སྐྱོབ་ཀྱི་ལུགས་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་སྣོད་གཞན་དུ་བསྒྱུར་བ་གཞན་དུ། སྣོད་ཀྱི་དབྱིབས་ཙམ་འགྱུར་བ་ཡིན་གྱི། ཁ་དོག་གཞན་དུ་མི་འགྱུར་བ་བཞིན་དང༌། འོ་མ་ཞོར་འགྱུར་བ་ན། རོ་ནུས་ལ་སོགས་པ་གཞན་དུ་འགྱུར་གྱི། རྫས་དང་ཁ་དོག་མི་འགྱུར་བ་བཞིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་ནི། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཏེ། རྫས་གཅིག་ཉིད་དུས་གསུམ་དུ་རིམ་པར་འཇུག་པ་ན། དུས་གསུམ་གྱི་མཚན་ཉིད་ཤས་ཆེ་ཆུང་གི་སྒོ་ནས་འཇོག་པ་ཡིན་ཏེ། དཔེར་ན། སྐྱེས་བུ་ཞིག་བུད་མེད་གཅིག་ལ་ཆགས་པ་དང་བཅས་པའི་ཚེ། གཞན་ལ་ཆགས་བྲལ་མ་ཡིན་པ་བཞིན་ནོ། །རྫས་མི་འཕོ་ཡང༌། གནས་སྐབས་འཕོ་བ་ནི། བཙུན་པ་དབྱིག་བཤེས་ཀྱི་ལུགས་ཏེ། དཔེར་ན། རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་གཞག་པ་ན་གཅིག་དང༌། བརྒྱའི་ཤོད་མིག་ཏུ་བཞག་པ་ན་བརྒྱ་དང༌། སྟོང་གི་ཤོད་མིག་ཏུ་གཞག་པ་ན་སྟོང་ཞེས་པ་བཞིན་ནོ། །རྫས་འགྱུར་བ་མ་ཡིན་ཀྱང༌། གཞན་གཞན་དུ་འགྱུར་བར་སྨྲ་བ་ནི། སངས་རྒྱས་ལྷའི་ལུགས་ཏེ། དཔེར་ན། བུད་མེད་གཅིག་ཉིད་མ་ལ་ལྟོས་ནས་བུ་མོ་དང༌། བུ་མོ་ལ་ལྟོས་ནས་མར་འཇོག་པ་བཞིན་ནོ། །ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་བརྟགས་པ་ནི། ལུགས་གསུམ་ལས་གསུམ་པ་དེ་ཅུང་ཟད་བཟང་བར་བསྟན་པ་དང༌། མདོ་སྡེ་པའི་ཕྱོགས་བཟུང་ནས་དེ་ཡང་མི་འཐད་པར་འཆད་པའོ། །དང་པོ་ནི། ཆོས་སྐྱོབ་ཀྱི་ལུགས་དེ་ནི་རང་བཞིན་རྟག་ཀྱང་གནས་སྐབས་མི་རྟག་པར་སྨྲ་བའི་གྲངས་ཅན་གྱི་ལུགས་དང་ཁྱད་པར་མེད། གཉིས་པ་དབྱངས་སྒྲོགས་ཀྱི་ལུགས་ནི། གསུམ་ཆར་ལ་གསུམ་ཀའི་མཚན་ཉིད་ཚང་ན་འཆོལ་བར་འགྱུར། སངས་རྒྱས་ལྷའི་ལུགས་དེ་ལའང༌། འདས་པའི་དུས་གཅིག་པུ་ཉིད་ཀྱང་སྔ་ཕྱི་བར་གསུམ་དང་བཅས་པས་ན། ད་ལྟར་བ་དང་མ་འོངས་པ་དག་ཀྱང་སྲིད་པ་ཉིད་དུ་འགྱུར་རོ། །དེས་ན་ལུགས་གསུམ་པ་བཟང་བ་ཡིན་ཏེ། བྱ་བ་མི་བྱེད་པ་དང༌། བྱེད་བཞིན་པ་དང༌། བྱས་ནས་འགགས་པ་གསུམ་གྱི་སྒོ་ནས་དུས་གསུམ་པོ་དག་ཏུ་འཇོག་པས་སོ། །འོ་ན་མིག་དེ་མཚུངས་ད་ལྟར་བ་དེ་ད་ལྟར་གྱི་མིག་མ་ཡིན་པར་འགྱུར་ཏེ། གཟུགས་ལ་ལྟ་བའི་བྱ་བ་མི་བྱེད་པའི་ཕྱིར། ཞེ་ན། བདག་འབྲས་བསྐྱེད་པའི་བྱ་བ་མི་བྱེད་ཀྱང༌། རྒྱུ་མཐུན་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་འཛིན་འབྱིན་གྱི་བྱ་བ་བྱེད་པས་སྐྱོན་མེད་དོ། །འོ་ན། སྐལ་ཀུན་རྣམ་གསུམ་འདས་པ་དག་ཀྱང་ད་ལྟར་བ་ཉིད་དུ་འགྱུར་ཏེ། འབྲས་བུ་འབྱིན་པའི་བྱ་བ་ཡོད་པའི་ཕྱིར། ཞེ་ན། འབྱིན་པ་ཡོད་ཀྱང༌། འཛིན་པ་མེད་པས་ད་ལྟར་བ་ཉིད་དུ་ཐལ་བར་མི་འགྱུར་རོ། །གཉིས་པ་ནི། གེགས་སུ་བྱེད། ཅེས་དང༌། ཡོད་ན་ཅི་ཕྱིར་མ་སྐྱེས་ཞིག ཅེས་པའི་ཕྱིར་རོ། །དོན་ནི་དུས་གསུམ་པོ་ཐམས་ཅད་དུས་ཀུན་ཏུ་རྫས་སུ་ཡོད་ན་འདུས་བྱས་ཀྱི་མཚན་ཉིད་ཅན་དུ་འགལ་ལོ། །ཞེས་འཆད་པ་ནི། འགྲེལ་པ་ལས། རང་བཞིན་ཡང་ནི་རྟག་ཏུ་ཡོད། །དངོས་པོ་ཡང་ནི་རྟག་མི་འདོད། །རང་བཞིན་ལས་ཀྱང་དངོས་མིན་གཞན། །དབང་ཕྱུག་ཐ་སྙད་ཡིན་པར་གསལ། །ཞེས་སོ། །དེ་ལ་བྱེ་སྨྲས་ལན་འདེབས་པ་ནི། ཆོས་ཉིད་དག་ནི་ཟབ་པ་ཡིན། །ཞེས་སོ། །དེ་ལ་བྱེ་སྨྲའི་ལུགས་མ་ནོར་བ་ནི་འདི་ཡིན་ཏེ། དུས་གསུམ་པོ་རང་རང་གི་ས་དེ་ནི་ནམ་ཡང་རྫས་སུ་ཡོད་ལ། དེ་ལྟ་མོད་ཀྱི། འདས་པའི་དངོས་པོ་དང༌། མ་འོངས་པའི་དངོས་པོ་ད་ལྟར་གྱི་དུས་སུ་ཡོད་པར་འདོད་པ་ནི་མ་ཡིན་ཏེ། ཡིན་ན་ད་ལྟར་བ་ཉིད་དུ་ཐལ་བས་སོ། །འོ་ན་ཤི་ཟིན་པའི་བ་ལང་དེ་འདས་པའི་དུས་དེ་ཉིད་ན་བ་ལང་གི་བྱ་བ་བྱེད་བཞིན་པར་ཡོད་དམ། མེད་ན་ནི་བ་ལང་དུ་དུས་དེ་ཉིད་དུ་ན་ཡོད་པར་འགལ་ལོ། །ཞེ་ན། འདས་པ་དང་མ་འོངས་པའི་གང་ཡིན་པ་དེ་དུས་རང་རང་ན་ཡོད་པར་འདོད་ཀྱང༌། དེ་དང་དེའི་བྱ་བ་དུས་དེ་ན་ཡོད་པར་ཁས་མི་ལེན་ཏེ། འདས་པ་དང་མ་འོངས་པའི་བྱ་བ་དངོས་པོར་མེད་པའི་ཕྱིར་ཏེ། དེའི་བྱ་བ་ཞིག་ཟིན་པའི་ཕྱིར་དང༌། མ་སྐྱེས་པའི་ཕྱིར། གལ་ཏེ། འདས་མ་འོངས་ཀྱི་བྱ་བ་རྫས་སུ་མེད་ན། འདས་པའི་བྱ་བ་ལྟ་བུ་ཞིག འདས་པ་ཆོས་ཅན། འདས་པ་མ་ཡིན་པར་འགྱུར་ཏེ། རྫས་སུ་མེད་པའི་ཕྱིར་ཞེ་ན། བྱེ་བྲག་ཏུ་སྨྲ་བས་ཁྱབ་པ་ཁས་བླངས་པ་མ་ཡིན་ཏེ། རྫས་སུ་ཡོད་ཀྱང་བྱ་བ་མི་བྱེད་པར་ཁས་བླངས་པ་ལ། གེགས་སུ་བྱེད་ཅེས་བྱ་བའི་རྩོད་པ་འདི་འབྱུང་བ་ཡིན་ཞིང༌། དེ་ལ་བྱ་བ་བྱེད་པའི་ནུས་པ་མ་ཚང་བས་མི་བྱེད་ཅེས་པ་ཉིད་ལན་ཡིན་ལ། དེ་ལ་གཞན་དག་ན་རེ། ཤི་ཟིན་པའི་མི་ཆོས་ཅན། མིའི་བྱ་བ་བྱེད་དེ། མི་ཉིད་ཡིན་པའི་ཕྱིར། ཞེས་རྩོད་པ་ནི། ཡོད་ན་ཅི་ཕྱིར། ཞེས་སོ། །དེ་ལ་བྱེ་སྨྲས། དེའི་རྫས་ཡོད་ཀྱང་དེའི་བྱ་བ་མི་བྱེད་པའི་དཔེ་ནི། གསེར་གྱི་བུམ་པ་ཞིག་ནས་མགུལ་རྒྱན་དུ་བྱས་པ་དེའི་ཚེ། གསེར་གྱི་བུམ་པའི་རྫས་ཡོད་ཀྱང་བུམ་པའི་བྱ་བ་མི་བྱེད་པ་བཞིན་ནོ། །མདོ་སྡེ་པའི་ལུགས་ཀྱི་དུས་གཉིས་པོ་དངོས་པོར་ཡོད་ཀྱང༌། རྫས་སུ་ཡོད་པ་མ་ཡིན་ཏེ། དངོས་པོར་འཇོག་པ་ལ་ནི་རང་གི་ངོ་བོ་མེད་ཀྱང་དེའི་རྒྱུའམ་འབྲས་བུ་ཡོད་པ་ཙམ་གྱིས་ཆོག་ལ། རྫས་སུ་ཡོད་པ་ལ་ནི་རང་གི་མཚན་ཉིད་ཡོད་དགོས་པའི་ཕྱིར་རོ། །ཡང་དངོས་པོ་གང་ཞིག་སྤངས་ན་དེ་དང་བྲལ་བས་ཁྱབ་པ་ཡིན་ནམ། ཡང་བྲལ་བ་ལ་དེ་སྤངས་པས་ཁྱབ་བམ། ཞེ་ན། བྲལ་ན་སྤངས་པས་ཁྱབ་པར་ནི་ངེས་ལ། སྤངས་པ་ལ་བྲལ་བར་ངེས་པ་ནི། འདི་ལྟར། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱི། །ཞེས་པ་འདི་ལ། སྤངས་པ་དང་བྲལ་བའི་ཁྱད་པར་ནི། སྤངས་པ་ཞེས་པ་ནི་གང་སྤངས་པའི་དངོས་པོ་དེའི་ཐོབ་པ་ཆད་པ་ཡིན་ལ། བྲལ་བ་ནི་དེའི་ཡུལ་གྱི་ཤེས་པ་སྤངས་པའོ། །དེ་ལ་དམིགས་པའི་ཡུལ་ལྡན་པའི་རྒྱུ་མཚན་གྱིས་ན་ཡུལ་དེ་སྤངས་ཀྱང་ལྡན་ནོ། །ཞེས་པ་ནི་འདིར་གྲུབ་པའི་མཐའ་ཡིན་ལ། ཡུལ་ཅན་ལའང་ཉོན་མོངས་པ་ཅན་ཡིན་མིན་གཉིས་དང༌། ཡུལ་ལའང༌། སྤང་བྱ་ཡིན་མིན་གཉིས་ཀྱི་སྒོ་ནས་བཤད་ནུས་ཀྱང༌། འདིར་ཡུལ་ཅན་ཀུན་འགྲོ་དང་སྒོམ་སྤང་ཉོན་མོངས་ཀྱི་ཆ་ནས་བཤད་པ་ནི། སྤངས་པ་དང་ལྡན་པ་ལ་གཞི་མཐུན་མི་སྲིད་པའི་དོགས་པ་སེལ་བའི་དབང་དུ་བྱས་པའོ། །ཀུན་འགྲོ་ལྷག་མ་ཞེས་པ་ནི། ཀུན་འབྱུང་མཐོང་སྤང་ལས་གཞན་ཡོད་པ་མ་ཡིན་ཏེ། མཐོང་སྤང་ཀུན་འགྲོ་ནི་སྡུག་ཀུན་གཉིས་ལས་གཞན་ལ་མི་འཆད་པའི་ཕྱིར། དང་པོའི་རྣམ་པ། ཞེས་སོགས་ནི་སྒོམ་སྤང་གི་དབང་དུ་བྱས་པ་ཡིན་ལ། དེ་ཡང༌། བཞི་ནི་སྒོམ་པས་སྤང་བྱ་ཡིན། ཞེས་འབྱུང་བ་དེ་ཉིད་ལ་ཆུང་འབྲིང་དགུར་ཕྱེ་བའོ། །འོ་ན་ཀུན་འགྲོ་རྣམས་ནི་སྤང་བྱ་རིགས་ལྔ་ཆར་ལ་དམིགས་པ་དེ་ལྟར་འཆད་ནུས་ན་སྒོམ་སྤང་ཕྱི་མ་རྣམས་ཀྱིས་སྔ་མ་དམིགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། འོག་དེ་མ་ཐག་ཏུ་དངོས་པོ་གང་ལས་ཕྲ་རྒྱས་དུ་ཞིག་དམིགས་ཞེས་དཔྱོད་པའི་སྐབས་ལས་ཤེས་པར་འགྱུར་རོ། །དེ་ལྟར་བཤད་ཟིན་པ་དེའི་འོག་ཏུ། ཡུལ་གྱི་དངོས་པོ་གང་ལ། ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་པ་འདི་ཤེས་ན། ཕྲ་རྒྱས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར། ཞེས་འཆད་པ་དེ་ཡུལ་གང་དང་གང་ལ་དམིགས་ནས་རྒྱས་པར་འགྱུར་བའི་ཚུལ་བདེ་བླག་ཏུ་རྟོགས་ནུས་པས། དེ་འཆད་པ་ནི། མདོར་ན་དམིགས་ཡུལ་གྱི་ཆོས་ནི་བཅུ་དྲུག་སྟེ། ཁམས་གསུམ་པོ་རེ་རེ་ན། སྤང་བྱ་རིགས་ལྔ་ལྔ་དང་ཟག་པ་མེད་པའོ། །ཡུལ་ཅན་གྱི་སེམས་ཀྱང་བཅོ་ལྔ་པོ་དེ་ཉིད་དོ། །སེམས་གང་གི་ཡུལ་དུ་ཆོས་དུ་འགྱུར་བ་ལ་གཉིས་ཏེ། རྩ་བར་བསྟན་པ་དང༌། འགྲེལ་པ་སོགས་ཀྱིས་ཁ་བསྐང་ནས་བཤད་པའོ། །དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་གོམ་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་བཞི། །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །གཟུགས་ཁམས་ལས་སྐྱེས་རང་གི་དང༌། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང༌། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང༌། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཞེས་པ་འདི་དག་གི་སྐབས་སུ་རང་སའི་སྡུག་ཀུན་མཐོང་སྤང་གིས་རང་སའི་དེ་གཉིས་ལ་དམིགས་པ་ནི། གོང་དུ་བཤད་ཟིན་པའི་སྐལ་མཉམ་ཀུན་འགྲོའི་དབང་དུ་བྱས་པ་དག་ཡིན་ལ། རང་སའི་སྒོམ་སྤང་གིས་ཀྱང་དམིགས་པ་ནི། རང་སའི་དགེ་བ་ཟག་བཅས་ཀྱིས་གསུམ་པོ་དེ་ཉིད་ལ་དམིགས་པའི་དབང་དུ་བྱས་པ་ཡིན་ཏེ། སྤང་བྱ་གསུམ་པོ་དེ་ལ་དམིགས་པའི་ཐོས་བསམ་དང༌། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལྟ་བུའོ། །གཟུགས་སུ་གཏོགས་པའི་སྒོམ་སྤང་གིས་འདོད་པའི་དེ་གསུམ་ལ་དམིགས་པ་ལའང༌། གཟུགས་ཀྱི་དགེ་བའི་དབང་དུ་བྱས་པ་ཡིན་ཏེ། ས་གོང་མའི་ཉོན་མོངས་ཀྱི་ས་འོག་མ་ལ་དམིགས་པའི་ཕྱིར་དང༌། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་འཆད་པས་སོ། །གཟུགས་མེད་ཀྱི་དགེ་བས་ནི་འདོད་པ་ལ་མི་དམིགས་ཏེ། རིང་བ་བཞིས་རིང་བའི་ཕྱིར་རོ། །འོ་ན་གསུམ་པོ་དེ་འདོད་པ་ཉིད་ཀྱི་འགོག་ལམ་མཐོང་སྤང་གིས་མི་དམིགས་པ་ཅི་ཞེ་ན། འགོག་ལམ་མཐོང་སྤང་ལ་གཉིས་ཏེ། ཟག་མེད་ཀྱི་ཡུལ་ཅན་སྤྱི་མཚན་པ་དང༌། ཟག་བཅས་ཀྱི་ཡུལ་ཅན་རང་མཚན་པ་གཉིས་ལས། དང་པོ་ནི། ཟག་མེད་ཁོ་ནའི་ཡུན་དུ་ངེས་པ་ལས་དང༌། གཉིས་པ་ནི། ཇི་སྐད་དུ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་པས་སྤང་བྱ་རང་རིས་ཁོ་ན་ལ་དམིགས་པའི་རྒྱུ་མཚན་གྱིས་སོ། །གཟུགས་ཁམས་ཀྱི་སྤང་བྱ་རིས་གསུམ་ལ་འདོད་པའི་གསུམ་གྱིས་དམིགས་པའི་ཤེས་བྱེད་ནི། དེ་དག་ལས་དགུ་གོང་དུ་དམིགས། །ཞེས་དང༌། འདོད་པའི་དགེ་བ་ཟག་བཅས་ཁམས་གོང་མའི་ས་ལ་དོན་དུ་གཉེར་བའི་འདུན་པ་དག་ཀྱང་ཡོད་པས་སོ། །རང་སའི་གསུམ་གྱིས་དམིགས་པའང་སྔ་མ་གཉིས་ཀུན་འགྲོའི་དབང་དུ་བྱས་པ་དང༌། སྒོམ་སྤང་ཡང་སྔ་མ་ལྟར་དགེ་བས་ཡིན་གྱི། ཉོན་མོངས་པ་ཅན་གྱིས་ནི་མ་ཡིན་ཏེ། སྒོམ་སྤངས་ཀུན་འགྲོ་མི་སྲིད་ཅིང༌། ཇི་སྐད་དུ། ཀུན་འགྲོ་མ་ཡིན་རང་རིས་སུ། །ཞེས་འཆད་པས་སོ། །གཟུགས་མེད་ཀྱི་གཅིག་ནི་སྒོམ་སྤང་དུ་གྱུར་པའི་དགེ་བ་ཟག་བཅས་ཏེ། དེས་གཟུགས་ཁམས་ལ་དམིགས་ནས་རགས་པའི་ལྟ་བའི་ཕྱིར། ཟག་མེད་ནི་རྗེས་བཟོད་ཕྱོགས་མཐུན་དང་བཅས་པ་རྣམས་སོ། །གཟུགས་མེད་ཁམས་སུ་གཏོགས་པའི་སྤང་བྱ་གསུམ་པོ་འོག་མ་གསུམ་གྱི་ཡུལ་དུ་བྱེད་པ་དང༌། རང་སའི་གསུམ་གྱི་ཡུལ་དུ་བྱེད་པ་ནི་སྔ་མ་དང་འདྲ་ལ། ཟག་མེད་ནི་རྗེས་ཤེས་ཕྱོགས་མཐུན་ཏེ། བཅུ་ཁོ་ནས་དམིགས་ཤིང༌། དེ་ལས་གཞན་གྱིས་མི་དམིགས་པ་ནི། དེ་དག་ལས་དགུ་གོང་དུ་དམིགས། །ཞེས་དང༌། འོག་མའི་དགེ་བ་ཟག་བཅས་གོང་མ་ལ་དོན་དུ་གཉེར་བའི་རྣམ་པ་ཅན་དག་སྲིད་པ་དང༌། རང་སའི་སྡུག་ཀུན་མཐོང་སྤང་ཀུན་འགྲོ་དག་གིས་རང་སའི་སྤང་བྱ་རིས་ལྔ་ཆར་ལ་དམིགས་པ་དང༌། རང་སའི་དགེ་བ་ཟག་བཅས་ཀྱིས་སའི་ཟག་བཅས་མཐའ་དག་ལ་དམིགས་པ་ནི། ཇི་སྐད་དུ། གཟུགས་མེད་དངོས་གཞི་དགེ་རྣམས་ཀྱི། །སྤྱོད་ཡུལ་ཟག་བཅས་འོག་མ་ཡིན། །ཞེས་འབྱུང་བ་དེ་ཉིད་དོ། །དེ་ལྟར་སྤང་བྱ་རིས་གསུམ་གྱི་ཡུལ་ཅན་ངོས་བཟུང་ནས། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་དུ་གྱུར་པའི་སྤང་བྱ་རྣམས་སེམས་དུའི་སྤྱོད་ཡུལ་དུ་འགྱུར་ཞེས་དཔྱོད་པ་ནི། སྔར་གྱི་སྟེང་དུ་རང་རང་བསྣན་པར་བྱ་བ་ཡིན་ཏེ། དེ་ཡང་ཀུན་འགྲོ་རྣམས་ཀྱི་ནི་སྤང་བྱ་རིགས་ལྔ་ཆར་ལ་དམིགས་པས་དང༌། སྒོམ་སྤང་དགེ་བས་ནི། བསམ་གཏན་དགེ་ཡུལ་ཡོད་དགུ་ཡིན། །ཞེས་དང༌། འགོག་ལམ་མཐོང་སྤང་གཉིས་པོ་སོ་སོས་རང་རང་ལ་དམིགས་པ་ནི། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་པ་ལས་རྟོགས་པར་འགྱུར་རོ། །དེས་ན་འདི་ལྟར། འདོད་པའི་འགོག་ལམ་མཐོང་སྤང་ནི། །རྣམ་ཤེས་དྲུག་དང་གཟུགས་ཀྱི་ནི། །དགུ་དང་གཟུགས་མེད་འགོག་ལམ་གྱི། །སྤང་བྱ་གཉིས་པོ་རྣམ་པར་ཤེས། །བཅུ་གཅིག་པོ་ཡི་ཡུལ་དུ་འགྱུར། །ཞེས་པའོ། །ཟག་མེད་ཀྱི་སེམས་སྤང་བྱ་ཐ་མ་གསུམ་གྱི་སྤྱོད་ཡུལ་དུ་འགྱུར་བའི་ཤེས་བྱེད་ཀྱང༌། འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་དག་གིས་དང༌། སྒོམ་སྤང་དུ་གྱུར་པའི་དགེ་བ་ཟག་བཅས་འདོད་པའི་སས་བསྡུས་ཀྱིས་ནི་དོན་དུ་གཉེར་བའི་རྣམ་པས་དང༌། བསམ་གཏན་གྱི་ནི་དགེ་ཡུལ་ཡོད་དགུ་ཅོག་དང༌། གཟུགས་མེད་ཀྱི་ནི་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་གཉིས་གཉིས་ལ་དམིགས་པའང་སྲིད་དོ། །སློབ་དཔོན་ཡོན་ཏན་བློ་གྲོས་དང༌། བཙུན་པ་དབྱིག་ཤེས་ན་རེ། ནམ་མཁའ་དང་རྟགས་མིན་གྱི་འགོག་པ་གཉིས་སྒོམ་སྤང་ཉོན་མོངས་ཅན་ཡིན་མིན་གཉིས་ཀའི་དམིགས་པ་ཡིན་ནོ། །ཞེས་ཟེར་བ་ནི་མི་རིགས་ཏེ། དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བརྟགས་འགོག་དང་ལམ་བདེན་ཁོ་ན་ཉོན་མོངས་ཅན་གྱི་དམིགས་པར་བཤད་པའི་ཕྱིར་རོ། །འདིའི་ཡུལ་ཅན་ཟག་མེད་ནི་ཤེས་པ་གཉིས་པོ་ཡིན་གྱི། བཟོད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཟག་མེད་རྣམ་གཉིས་ཆོས་དང་ནི། །རྗེས་སུ་ཤེས་པ་ཁོ་ན་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། འགྲེལ་པ་དང་མངོན་པ་གོང་མར་བཤད་ཚུལ་གྱི་ངེས་པ་བསྐྱེད་པ་དང༌། བོད་ཀྱི་རྣམ་བཤད་མཛད་པའི་ཁ་བསྐང་བའོ། །དང་པོ་ནི། འགྲེལ་པར། ཁམས་གསུམ་སྡུག་བསྔལ་རྒྱུ་མཐོང་དང༌། །སྒོམ་པས་སྤང་བྱ་ཟག་པ་མེད། །རྣམ་ཤེས་ལྔ་བརྒྱད་བཅུ་དང་ནི། །རྣམ་ཤེས་བཅུ་ཡི་སྤྱོད་ཡུལ་ཏེ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་འབྱུང་བ་དེས་ནི་གོང་དུ་བཤད་པའི་ཡུལ་ཅན་གྱི་རྐང་གྲངས་མདོར་བསྡུས་པའོ། །གཉིས་པ་ནི། ཇི་སྐད་དུ། འདོད་པ་ན་སྤྱོད་པའི་ཡིད་ཀྱིས་ཁམས་གསུམ་ན་སྤྱོད་པ་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །འདོད་པའི་ཁམས་ཇི་ལྟ་བར་གཟུགས་ན་སྤྱོད་པའང་དེ་བཞིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་ཡིད་ཀྱིས་ནི་གཟུགས་མེད་རང་གི་སའི་ཆོས་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་དང༌། ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །ཟག་པ་མེད་པའི་ཡིད་ཀྱི་ཁམས་གསུམ་ནི་སྤྱོད་པ་རྣམས་དང༌། ཟག་མེད་ཀྱི་ཆོས་རྣམས་ཀྱང་ཤེས་སོ། །ཞེས་བཤད་པ་དེས་ཀྱང་འདིར་འབྱུང་བ་ཉིད་ངེས་པར་བྱེད། དེ་ལྟར་ན་ཡང་ཟག་མེད་གང་དང་དམིགས་པ་དེ་ཉིད་ལ་རྒྱས་པའི་ངེས་པ་ནི་མེད་དེ། ཟག་མེད་གོང་མའི་ཡུལ་ཅན་མིན། །ཞེས་བཤད་པས་སོ། །གཉིས་པ་ནི། དེས་མཚོན་ནས་སེམས་བཅུ་དྲུག་པོ་རེ་རེའི་ཡུལ་ཆོས་བཅུ་དྲུག་པོ་དུ་དུ་འགྱུར་ཞེས་དཔྱད་པ་ནི། འདི་ལྟར། ཁམས་གསུམ་བདེན་བཞི་མཐོང་སྤང་དང༌། །སྒོམ་སྤང་སེམས་ཀྱི་ཡུལ་དུ་ནི། །རིམ་གཞན་བཅོ་ལྔ་གཉིས་བཅུ་དྲུག །བཅུ་དང་གཉིས་དང་བཅུ་དྲུག་དང༌། །ལྔ་དང་གཉིས་དང་བཅུ་གཅིག་འགྱུར། །ཟག་མེད་ཡུལ་དུ་བཅུ་དྲུག་འགྱུར། །ཞེས་བཤད་དོ། །དེ་ལྟ་ན་ཡུལ་དང་ཡུལ་ཅན་རྣམས་ལས། ཡུལ་གང་ལ་ཡུལ་ཅན་ཕྲ་རྒྱས་དུ་རྒྱས་དཔྱད་པའི་སྐབས་འདིར་དཔྱད་པ་བཞི་འཇུག་དགོས་པ་ཡིན་ཏེ། ཡུལ་དེ་ཆོས་གང་དུ་གཏོགས་པ་དང༌། དེ་སེམས་དུའི་ཡུལ་དུ་གྱུར་པ་དང༌། ཡུལ་ཅན་གྱི་སེམས་དེ་ཕྲ་རྒྱས་ཡིན་མིན་དང༌། ཕྲ་རྒྱས་ཡིན་པ་དེ་ཡུལ་དེ་ལ་རྒྱས་སམ་མི་རྒྱས་ཞེས་དཔྱད་དགོས་པའི་ཕྱིར་རོ། །དེ་ཡང་དཔེར་ན། གཟུགས་ཀྱི་ཕུང་པོ་ལ་མཚོན་ན། དེ་འདོད་གཟུགས་ཀྱི་སྒོམ་སྤང་དང་ཟག་མེད་གསུམ་པོ་གང་རུང་དུ་རྟོགས་ལ། འདོད་པའི་སྒོམ་སྤང་གི་གཟུགས་རྒྱུད་ཀྱིས་བསྡུས་པ་ཉོན་མོངས་པ་ཅན་ཡིན་ན། འདོད་པ་རང་སའི་བདེན་པ་དང་པོ་གཉིས་ཀུན་འགྲོ་གཉིས་དང༌། སྒོམ་སྤང་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་དང༌། སྒོམ་ལམ་ཟག་མེད་དང༌། སེམས་ལྔའི་ཡུལ་དུ་འགྱུར་ལ། སེམས་ལྔ་ལས། དང་པོ་ཕྲ་རྒྱས་དང༌། ཕྱི་མ་གཉིས་སྒོམ་ལམ་ཟག་བཅས་དང་ཟག་མེད་ཡིན་པས། བདེན་པ་དང་པོ་གཉིས་ཀྱིས་ཀུན་འགྲོ་བཅུ་གཅིག་དང༌། སྒོམ་སྤང་བཞི་སྟེ་ཕྲ་རྒྱས་བཅོ་ལྔས་རྒྱས་པར་འགྱུར་ཞིང༌། རྒྱུད་ཀྱིས་བསྡུས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པ་དང༌། རྒྱུད་ཀྱིས་མ་བསྡུས་པ་ཐམས་ཅད་ལ་སྒོམ་སྤང་བཞི་པོ་ཁོ་ན་རྒྱས་སོ། །ཞེས་ཤེས་དགོས་པ་བཞིན་ནོ། །སྐབས་འདིར་འགྲེལ་པ་ལས། བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར། ཞེས་བྱ་བའི་དྲི་བ་ལ་དཔྱད་པར་བྱ་སྟེ། བདེ་བའི་དབང་པོ་ནི་རྣམ་པ་བདུན་ཏེ། འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་དང༌། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང༌། གཟུགས་མེད་པའོ། །དེ་དག་ཀྱང་མདོར་བསྡུ་ན་རྣམ་པར་ཤེས་པ་བཅུ་གཉིས་ཀྱི་དམིགས་པ་ཡིན་ཏེ། འགོག་པ་མཐོང་བས་སྤང་བར་བྱ་བ་མ་གཏོགས་པ་འདོད་པ་ན་སྤྱོད་པ་རྣམ་པ་བཞི་དང༌། གཟུགས་ན་སྤྱོད་པ་རྣམ་པ་ལྔ་དང༌། གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ། ལམ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་དང༌། ཟག་པ་མེད་པའི་དམིགས་པ་ཡིན་ཏེ། རྣམ་པ་བཅུ་གཉིས་པོ་འདི་ནི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་རིགས་པར་ཕྲ་རྒྱས་འདོད་པ་ན་སྤྱོད་པའི་རིགས་བཞི་དང༌། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་དང༌། གཟུགས་མེད་པ་ན་སྤྱོད་པའི་རིས་གཉིས་དང༌། ཀུན་ཏུ་འགྲོ་བ་རྣམས་རྒྱས་པར་འགྱུར་བར་ཤེས་པར་བྱའོ། །བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར། བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་བཅུ་གཉིས་པོ་དེ་ནི། རྣམ་པར་ཤེས་པ་གང་གི་དམིགས་པ་ཡིན་ཞེ་ན། རྣམ་པ་བཅུ་གཉིས་པོ་དེ་ཉིད་དང༌། ཡང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡིན་ཏེ། རྣམ་པ་བཅུ་གཉིས་པོ་འདི་བདེ་བའི་དབང་པོ་ལ་དམིགས་པའི་རྣམ་པར་ཤེས་པ་ཡིན་ནོ། །དེ་ལ་གཟུགས་མེད་པ་ན་སྤྱོད་པ་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་བསྐྱེད་ནས། འདོད་པ་ན་སྤྱོད་པ་དང༌། གཟུགས་མེད་པ་ན་སྤྱོད་པའི་རིས་བཞི་བཞི་དང༌། གཟུགས་ན་སྤྱོད་པ་འདུས་བྱས་ལ་དམིགས་པ་རྣམས་རྒྱས་པར་འགྱུར་རོ། །ཞེས་བྱ་བར་ཤེས་པར་བྱ་སྟེ་ལམ་འདིས་གཞན་ཡང་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས། འདིའི་དོན་ལ་གཉིས་སྟེ། བདེ་བའི་དབང་པོ་ཉིད་ཀྱི་ཡུལ་ཅན་ཤེས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར། ཞེས་སྤྱད་པ་དང༌། ཡུན་དེའི་ཡུལ་ཅན་གཉིས་པ་ལ་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་དཔྱད་པའོ། །དང་པོ་ལ། གཉིས་ཏེ། ཡུལ་བདེ་བའི་རྐང་གྲངས་དེ་ལ་དམིགས་པའི་ཡུལ་ཅན་རྣམ་ཤེས་གྱི་རྐང་གྲངས་སོ། །དང་པོ་ལ་སྐབས་སུ། སྤྱིར་བདེ་བ་ལ་ཟག་བཅས་དང་ཟག་མེད་གཉིས། དང་པོ་ལ་འདོད་པའི་སྒོམ་སྤང་བདེ་བ་རིགས་གཅིག་ཏུ་བཞག གཟུགས་ཀྱི་བདེ་བ་ལ་རིས་ལྔར་ཕྱེ། གཟུགས་མེད་དུ་བདེ་བའི་དབང་པོ་མ་བཞག་པ་ཡིན་ནོ། །དེ་དག་ཤེས་བྱེད་ནི། བསམ་གཏན་བཞི་པ་ཡན་ཆོད་ཚོར་བ་བཏང་སྙོམས་ཀྱི་ས་པ་ཁོ་ན་ཡིན་པས་དང༌། བསམ་གཏན་གྱི་སའི་བདེ་བ་ནི་སེམས་ཚོར་ཁོ་ན་དང༌། འདོད་པའི་བདེ་བ་ལུས་ཚོར་ཁོ་ནར་ངེས་པས་སྔ་མ་ལ་སྤང་བྱ་རིགས་གཉིས་སུ་འབྱེད་ནུས་ཤིང༌། ཇི་སྐད་དུ། གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཞེས་དྲུག་པ་ཡིད་ཀྱི་ས་པ་མ་ཡིན་པ་རྣམས་ལ་མཐོང་སྤང་མི་རུང་བར་བཤད་པ་ཡིན་ནོ། །འདོད་གཟུགས་ཀྱི་ཚོར་བ་དག་ལུས་སེམས་སོ་སོར་ངེས་པའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། ལུས་ཚོར་སེམས་པ་མ་ཡིན་གང༌། །སྡུག་བསྔལ་དབང་པོ་སིམ་པ་ནི། །བདེ་བའི་བསམ་གཏན་གསུམ་པ་ན། །སེམས་ཀྱི་དེ་ནི་བདེ་དབང་པོ། །གཞན་ན་དེ་ཡིད་བདེ་བ་ཡིན། །ཞེས་བཤད་པ་ལས་སོ། །སེམས་བདེ་ལ་རིགས་ལྔར་འབྱེད་ནུས་པ་ཡང༌། བདེ་བ་དག་ཀྱང་འདོད་ཆགས་སུ། མཚུངས་ལྡན། ཞེས་བཤད་ཅིང༌། འདོད་ཆགས་མཚུངས་ལྡན་དང་བཅས་པ་ལ་རིགས་ལྔར་འབྱེད་པའོ། །གཉིས་པ་ནི། བདེ་བ་དེ་དག་རེ་རེ་ཞིང་ཡང་ཡུལ་ཅན་གྱི་རྣམ་པར་ཤེས་པ་ལ་རིགས་ཀྱི་སྒོ་ནས་དབྱེ་བསྡུ་བྱས་ན་བཅུ་གཉིས་ཀྱི་དམིགས་པ་སྲིད་དོ། །དེ་ཡང་འདི་ལྟར། འདོད་པ་ན་སྤྱོད་པའི་སྤང་བྱ་རིས་བཞི་དང༌། གཟུགས་ན་སྤྱོད་པའི་རིས་ལྔ་དང༌། གཟུགས་མེད་པ་ན་སྤྱོད་པའི་ལམ་མཐོང་སྤང་དང་སྒོམ་སྤང་གཉིས་ཏེ། ཁམས་གསུམ་གྱིས་བསྡུས་པའི་རྣམ་པར་ཤེས་པ་བཅུ་གཅིག་དང༌། ཟག་པ་མེད་པའི་ཤེས་པའོ། །འདི་ལ་གཉིས་ཏེ། ཡུལ་ཅན་གྱི་གྲངས་ངེས་དང༌། ཡུལ་ཅན་དེས་བདེ་བ་ལ་དམིགས་པ་ན་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་དཔྱད་པའོ། །དང་པོ་ནི། གཟུགས་མེད་ཀྱི་སྡུག་ཀུན་མཐོང་སྤང་གཉིས་ཀྱི་བདེ་བའི་དབང་པོ་ལ་མི་དམིགས་པ་ནི། ས་དེ་ན་བདེ་བའི་དབང་པོ་མེད་པ་ལས་ཡིན་ལ། འདོད་པའི་འགོག་པ་མཐོང་སྤང་གིས་བདེ་བའི་དབང་པོ་ལ་མི་དམིགས་པ་ཡང༌། བདེ་བའི་དབང་པོ་དང་འགོག་པའི་གཞི་མཐུན་པ་མི་སྲིད་པ་ཁོ་ནར་མ་ཟད། འདོད་པ་ན་སྤྱོད་པའི་བདེ་བའི་དབང་པོ་རྣམ་པ་ཐམས་ཅད་དུ་བདེན་པ་ལ་ལོག་པར་མི་འཇུག་པས་མཐོང་སྤང་དུ་མི་རུང་བ་ལས་སོ། །དེ་ཡང་ཡུལ་ཅན་འགོག་པ་མཐོང་སྤང་ལ། ཟག་མེད་ལ་དམིགས་པ་དང༌། ཟག་བཅས་ལ་དམིགས་པ་གཉིས་སུ་གྲངས་ངེས། དང་པོའི་ཡུལ་ཅན་ནི་འགོག་པ་ཁོ་ནར་ངེས་ལ། གཉིས་པའི་དམིགས་པ་ནི། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་པས་འགོག་པ་མཐོང་སྤང་ཁོ་ན་ལ་དམིགས་ནས་རྒྱས་དགོས་པ་ལས། འདོད་པའི་བདེ་བ་ནི་སྤྱིར་ཡང་མཐོང་སྤང་དུ་མི་རུང་བས་སོ། །འོ་ན་གཟུགས་ན་སྤྱོད་པའི་བདེ་བ་ལ་གཟུགས་ཀྱི་འགོག་པ་མཐོང་སྤང་གིས་དམིགས་པར་འཆད་པ་དེ་ཇི་ལྟར་ཞེ་ན། བསམ་གཏན་གསུམ་པའི་སས་བསྡུས་པའི་སེམས་བདེ་ནི། དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དག་གིས། བདེན་པ་བཞི་ཆར་ལ་ལོག་པར་འཇུག་པ་ཡོད་པས་སོ། །བདེ་བ་ལ་སྤྱིར་མཐོང་སྤང་དང༌། བྱེ་བྲག་འགོག་པ་མཐོང་སྤང་གི་ཆ་དབྱེ་བར་རུང་ངོ༌། །འདི་ཡང་དཔེར་ན། བསམ་གཏན་གསུམ་པའི་སས་བསྡུས་ཀྱི་ལོག་ལྟ་འགོག་བདེན་ལ་སྐུར་འདེབས་སུ་གྱུར་པ་དེ་དང་མཚུངས་པར་ལྡན་པའི་འདོད་ཆགས་དང༌། བསམ་གཏན་གསུམ་པའི་བདེ་བ་མཚུངས་ལྡན་དུ་ཡོད་པའོ། །འོ་ན་གལ་ཏེ་བདེ་བའི་ཡུལ་ཅན་གྱི་སྤང་བྱ་རིགས་ལྔ་པོ་རྣམས་ཀྱིས་རང་སའི་བདེ་བ་ཁོ་ན་ལ་དམིགས་པར་འདོད་ན། གཟུགས་མེད་ཀྱི་ལམ་མཐོང་སྤངས་དང༌། སྒོམ་སྤང་གི་བདེ་བའི་དབང་པོ་ལ་ཇི་ལྟར་དམིགས་ཞེ་ན། གཟུགས་མེད་ཀྱི་ལོག་ལྟས་ལམ་ཟག་མེད་གང་ཡང་རུང་བ་ཞིག་ལ་སྐུར་བ་བཏབ་པ་ན། བསམ་གཏན་གསུམ་པའི་བདེ་བ་ཟག་མེད་ལ་ཡང་དམིགས་པ་ཡིན་ཏེ། ཇི་སྐད་དུ། ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཡིན་ནོ། །ཞེས་འབྱུང་བས་སོ། །འོ་ན་བདེ་བའི་དབང་པོ་གཟུགས་མེད་ཀྱི་སས་བསྡུས་པའི་སྒོམ་སྤང་གིས་ཇི་ལྟར་དམིགས་ཞེ་ན། གཟུགས་མེད་ཀྱི་སས་བསྡུས་པའི་དགེ་བ་ཟག་བཅས་ཀྱི་གཟུགས་མེད་དང་པོ་གསུམ་ལ་བརྟེན་པའི་ལམ་ཟག་མེད་ནི་ཐར་པའི་ལམ་མོ། །ཞེས་འཛིན་ཞིང་དམིགས་པ་དག་ཡོད་ལ། དེའི་ཚེ་བསམ་གཏན་གཉིས་པའི་བདེ་བ་ཟག་མེད་ལ་ཡང་དམིགས་པ་ཡིན་ཏེ། ཟག་མེད་ས་དགུའི་ལམ་ནི་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པས་སོ། །དེ་ལྟར་དཔྱད་པ་དེ་ནི། སྤྱིར་བདེ་བའི་དབང་པོ་ལ་སེམས་དུ་ཞིག་གིས་དམིགས་པ་ཡིན། ཞེས་དཔྱོད་པ་ཡིན་གྱི། ཡུལ་བདེ་བ་གཅིག་ཉིད་ལ་ཡུལ་ཅན་གྱི་སེམས་བཅུ་གཉིས་པོས་དམིགས་པས་ཁྱབ་པར་སྟོན་པ་ནི་མ་ཡིན་ཏེ། དེ་ལྟར་སྟོན་མི་ནུས་པ་དང༌། དཀའ་བའི་ཕྱིར་རོ། །གཉིས་པ་ནི། ཡུལ་ཟག་མེད་ལ་དམིགས་པ་དང༌། ཡུལ་ཅན་ཟག་མེད་ཀྱིས་དམིགས་པ་དག་གི་ཚེ་ནི། ཟག་པ་རྒྱས་པར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ཡུལ་ཡུལ་ཅན་གཉིས་ཀ་ཟག་བཅས་སུ་ཐལ་བས་སོ། །དེས་ན་ཡུལ་ཅན་ཉོན་མོངས་པས་ཡུལ་ཟག་བཅས་སྤངས་པ་མ་ཡིན་པ་རྣམས་ལ་དམིགས་པ་ན། དམིགས་བྱེད་ཀྱི་ཟག་པ་དེ་ཉིད་འཕེལ་ཞིང་རྒྱས་པ་ཡིན་མོད། དེའི་གྲོགས་སུ་ཡང་ཟག་པ་དུ་ཞིག་རྒྱས་པར་འགྱུར། ཞེ་ན། ཇི་སྐད་དུ། དེ་ལ་ཅི་རིགས་པར། ཞེས་སོགས་ཀྱི་དོན་ནི། འདོད་པའི་སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ཀྱིས་འདོད་པའི་བདེ་བ་ལ་དམིགས་པ་ན། འདོད་པའི་སྤང་བྱ་རིས་བཞི་དང༌། གཟུགས་ཀྱི་སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ཀྱི་གཟུགས་ཀྱི་བདེ་བ་ལ་དམིགས་པ་ན། གཟུགས་ན་སྤྱོད་པའི་སྤང་བྱ་རིགས་ལྔ་ཆར་ལ་རྒྱས་པར་འགྱུར་ལ། དེ་ཡང་འདུས་བྱས་ལ་དམིགས་པ་དག་གི་དབང་དུ་བྱས་པ་དང༌། གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་ལྟ་བུས་བདེ་བ་ཟག་བཅས་ལ་དམིགས་པ་མི་སྲིད་དེ། ས་གོང་མའི་ཉོན་མོངས་པས་འོག་མ་ལ་མི་དམིགས་པའི་ཕྱིར། གོང་དུ་སྐལ་མཉམ་གྱི་རྒྱུའི་སྒོ་ནས་བཤད་པ་ལྟར། ས་འོག་མའི་ལམ་ཟག་མེད་ལ་སྐུར་པ་བཏབ་པ་དེའི་ཚེ། བཤད་མ་ཐག་པའི་གཟུགས་མེད་ཀྱི་སྤང་བྱ་རིགས་གཉིས་དང༌། གཟུགས་མེད་ཀྱི་ཕྲ་རྒྱས་ཀུན་འགྲོ་གང་ཡིན་པ་དེ་དག་རྒྱས་པར་འགྱུར་རོ། །འོ་ན་ཟག་མེད་ལ་དམིགས་པ་འདི་རྣམས་དམིགས་པའི་སྒོ་ནས་རྒྱས་འགྱུར་དུ་འཆད་ནུས་སམ། ཞེ་ན། དེའི་ཚེ་དམིགས་པ་ཟག་མེད་ལ་དམིགས་ཀྱང་རྒྱས་པ་ནི་མཚུངས་ལྡན་ཁོ་ནའི་སྒོ་ནས་ཡིན་ཏེ། ཇི་སྐད་དུ། བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་པས་སོ། །གལ་ཏེ་འདོད་ཆགས་ཀྱི་བདེ་བ་ལ་དམིགས་པའི་ཚེ་སྤང་བྱ་རིགས་བཞིའམ་ལྔ་ཆར་རྒྱས་པ་སྲིད་ན། འདོད་ཆགས་དེ་ཀུན་འགྲོ་ཉིད་དུ་ཐལ་བར་འགྱུར་ཏེ། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཞེས་པས་སོ། །ཞེ་ན། འདིར་བཤད་པ་ནི་ཕྲ་རྒྱས་ཀུན་འགྲོ་དང་མཚུངས་ལྡན་གྱི་དབང་དུ་བྱས་པ་ཡིན་ཏེ། འཇིག་ལྟ་དང་མཚུངས་ལྡན་གྱི་འདོད་ཆགས་ཀྱིས་རང་སའི་ཚོར་བ་བདེ་བ་ལ་དམིགས་ཏེ་རྒྱས་པ་ན། དེ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་ཡང་རྒྱས། དེ་འདྲའི་འཇིག་ལྟ་དེ་ཀུན་འགྲོ་ཡིན་པས་རང་སའི་ཕུང་པོ་ལྔ་ཆར་ལ་དམིགས་པ་ཡིན་ལ། དེའི་ཚེ་དེ་དང་མཚུངས་ཀྱི་འདོད་ཆགས་ཀྱིས་ཀྱང་རང་སའི་ཚོར་བ་མཐའ་དག་ལ་དམིགས་པས་ན། སྡུག་ཀུན་མཐོང་སྤང་གཉིས་རྒྱས་པར་འགྱུར་ཞིང༌། ཡང་འདོད་པའི་བདེ་བ་ལ་དམིགས་པའི་འདོད་ཆགས་དང་མཚུངས་ལྡན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་སྤང་དུ་གྱུར་པ་དག་ཀྱང་སྲིད་ཅིང༌། འདོད་པའི་འདོད་ཆགས་སྒོམ་སྤང་དུ་གྱུར་པ་དག་ཀྱང་སྲིད་ལ། དེའི་ཚེ་འདོད་ཆགས་རིས་བཞི་ཆར་གྱི་བདེ་བ་ལ་དམིགས་པར་སྲིད་པས་སོ། །འགོག་པ་མཐོང་སྤང་དུ་གྱུར་པའི་འདོད་ཆགས་འདོད་པའི་བདེ་བ་ལ་དམིགས་པ་མི་སྲིད་དེ། དེ་ནི་རང་རིས་ཁོ་ན་ལ་དམིགས་པ་ཡིན་ལ། འདོད་པའི་སྒོམ་སྤང་དུ་ངེས་པས་སོ། །དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་ཀྱིས་གཟུགས་ཀྱི་བདེ་བ་ལ་དམིགས་པའི་ཚེ། སྤངས་བྱ་རིགས་ལྔ་ཆར་རྒྱས་པའི་ཤེས་བྱེད་ཀྱང༌། ས་དེའི་ཡུལ་ཅན་འདོད་ཆགས་དང་ཡུལ་བདེ་བ་ལ་སྤང་བྱ་རིས་ལྔ་ཆར་སྲིད་པས་སོ། །ཡང་གཟུགས་མེད་པའི་འདོད་ཆགས་ཀྱིས་བདེ་བ་ལ་དམིགས་པའི་ཚེ། སྤང་བྱ་རིགས་གཉིས་དང༌། ཀུན་འགྲོ་རྣམས་རྒྱས་པའི་ཤེས་བྱེད་ནི། ཡུལ་ཅན་འདོད་ཆགས་ལ་སྤང་བྱ་རིགས་གཉིས་དང་ཀུན་འགྲོ་དང་མཚུངས་ལྡན་སྲིད་ཅིང༌། ཡུལ་བདེ་བ་ལ་ལམ་དང༌། སྒོམ་སྤང་དང༌། སྡུག་ཀུན་གྱི་བདེན་པ་དག་སྲིད་པས་སོ། །དེ་ཡང་གཟུགས་མེད་ཀྱི་སས་བསྡུས་པའི་ལོག་ལྟ་དང་མཚུངས་ལྡན་གྱི་འདོད་ཆགས་དེས་ལམ་ཟག་མེད་ལ་སྐུར་པ་བཏབ་ན། གཟུགས་མེད་ཀྱི་ལམ་མཐོང་སྤང་རྒྱས་ཤིང༌། དེའི་ཚེ་དེ་ལ་དམིགས་པའི་ཀུན་འགྲོ་རྣམས་ཀྱང་རྒྱས་པ་དང༌། སྒོམ་སྤང་ཉོན་མོངས་ཅན་དག་རྒྱས་པར་འགྱུར་བ་ཡིན་ནོ། །དེ་ནས་དེའི་འོག་ཏུ་སེམས་ཕྲ་རྒྱས་དང་བཅས་པར་འཇོག་པའི་ཚུལ་འཆད་པ་ནི། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་ཅན་མིན་རྒྱས་འགྱུར་གྱིས། །ཞེས་པ། ཕྲ་རྒྱས་དང་བཅས་པའི་སེམས་ནི་གཉིས་ཏེ། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། ཕྲ་རྒྱས་རྒྱས་པར་འགྱུར་བ་དང༌། མི་འགྱུར་བའོ། །དང་པོ་ལ། གཉིས་ཏེ། མཚུངས་པར་ལྡན་པས་རྒྱས་པར་འགྱུར་བ་དང༌། དམིགས་པས་རྒྱས་པར་འགྱུར་བའོ། །དང་པོ་ནི། འདོད་ཆགས་དང་མཚུངས་ལྡན་གྱི་སེམས་ལྟ་བུ་སྟེ། འདི་ཡང་མ་སྤངས་པའི་དབང་དུ་བྱེད་དགོས་ལ། སྤངས་ན་མཚུངས་པར་ལྡན་ཡང་རྒྱས་པར་མི་འགྱུར་བ་སྲིད་དེ། དགྲ་བཅོམ་པའི་སེམས་འདས་པ་འདོད་ཆགས་དང་བཅས་པ་ལྟ་བུ་དང༌། དེའི་སེམས་འདས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ལྟ་བུའོ། །དམིགས་པའི་སྒོ་ནས་རྒྱས་འགྱུར་ནི། དགེ་བ་ཟག་བཅས་གང་ཡིན་པ་དེ་རང་གི་ངོ་བོའི་སྒོ་ནས་ཀྱང་ཟག་པ་མ་ཡིན། ཟག་པ་དང་མཚུངས་པར་ལྡན་པ་མ་ཡིན་མོད། ཟག་པས་དེ་ལ་དམིགས་པའི་སྒོ་ནས་ཟག་པ་ཉིད་རྒྱས་པར་འགྱུར་བའི་རྒྱུ་མཚན་གྱི་ཟག་པ་དང་བཅས་པར་འགྱུར་བའོ། །འདིར་ཡང་ཟག་བཅས་ཀྱི་དངོས་པོ་དེ་ལ་ཟག་པས་དམིགས་པ་ཙམ་གྱིས་རྒྱས་པར་ཁྱབ་པ་མེད་དེ། དགྲ་བཅོམ་པའི་དགེ་སེམས་ཟག་བཅས་འདས་པ་རྣམས་ལྟ་བུའོ། །དེ་འདྲ་དེ་སྤངས་པ་ནི་ཡིན་ཏེ། སྒོམ་སྤང་ཡིན་པས་སོ། །དེ་བཞིན་དུ་དགྲ་བཅོམ་པའི་རྒྱུད་ཀྱི་སྙོམས་འཇུག་དག་པ་རྣམས་ཟག་པ་དང་བཅས་པར་འཇོག་པ་དེ་ཡང༌། དམིགས་པ་ཁོ་ནའི་སྒོ་ནས་ཟག་བཅས་སུ་འཇོག་པ་ཡིན་མོད། རྒྱས་པར་འགྱུར་བ་ནི་མ་ཡིན་ཏེ། ཟག་པ་སྤངས་པའི་ཕྱིར། འདིར་གཞུང་རྐང་པ་དང་པོའི་དོན་ནི། མཚུངས་ལྡན་གྱི་སྒོ་ནས་ཟག་བཅས་ཡིན་པ་གཞིར་བྱས་པ་ལ། རྒྱས་པར་འགྱུར་བ་དང་མི་འགྱུར་བ་གཉིས་ཡོད། ཅེས་དང༌། དངོས་པོ་ཉོན་མོངས་ཅན་ལ། ཡུལ་ཅན་ཉོན་མོངས་པ་དམིགས་པས་རྒྱས་པ་དང་མཚུངས་ལྡན་གྱིས་རྒྱས་པ་གཉིས་ཡོད་པས་ཕྲ་རྒྱས་དང་བཅས་པར་འཇོག ཅེས་པ་ཡིན་ལ། རྐང་པ་ཕྱི་མའི་དོན་ནི། དགེ་བ་ཟག་བཅས་དང༌། མ་སྒྲིབས་ལུང་མ་བསྟན་རྣམས་ཕྲ་རྒྱས་དང་བཅས་པར་འཇོག་པ་ནི་དམིགས་པས་རྒྱས་འགྱུར་ཁོ་ནས་དེར་འཇོག་པ་ཡིན་ཏེ། རང་སའི་ཉོན་མོངས་ཀྱིས་དམིགས་ནས་མི་རྒྱས་པར་མི་སྲིད་པའི་ཕྱིར་དང༌། རང་སའི་ཉོན་མོངས་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། དེ་བས་ན་འདིར། ཟག་བཅས་ཡིན་པ་ལ། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བས་མ་ཁྱབ་པ་ཉིད་དུ་བཤད་པ་དེའི་ཕྱིར། བོད་ཀྱི་རྣམ་བཤད་མཛད་པ་དག་དེ་དེའི་མཚན་ཉིད་དུ་འཇོག་པ་ནི་བྱེ་སྨྲའི་གྲུབ་པའི་མཐའ་མ་ཡིན་ནོ། །དེ་ཡང་ལུགས་འདིར་ཟག་པ་སྤངས་པའི་དོན། ངང་པས་ཆུའི་ནང་ནས་འོ་མ་འཐུངས་པ་ལྟར། སེམས་ལོགས་སུ་བཞག་ནས་ཟག་པ་སྤོང་བར་ནི་མི་འདོད་ཀྱི། ཟག་པ་དང་སེམས་ལྷན་གཅིག་པ་ཁོ་ནར་འདས་པ་དང༌། ལྷན་ཅིག་པ་ཁོ་ནར་མ་འོངས་པའི་ས་ན་མི་སྐྱེ་བའི་ཆོས་ཅན་དུ་ཡོད་པ་ཡིན་ནོ། །ཞེས་འདོད་པའོ། །ཡང་དམིགས་པ་སྤངས་མ་སྤངས་ལས་རྒྱས་མི་རྒྱས་སུ་འཇོག་པ་དེའི་དོན་ནི། གང་ལ་དམིགས་པའི་ཡུལ་དེ་སྤངས་མ་སྤངས་ལ་བྱ་བ་ཁོ་ནར་མ་ཟད་ཀྱི། དེ་ལ་དམིགས་པར་བྱེད་པའི་ཡུལ་ཅན་གྱི་ཤེས་པ་སྤངས་མ་སྤངས་ལས་ཀྱང་འཇོག་དགོས་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །ཞེས་འབྱུང་བ་ལྟར་རོ། །དེའི་འོག་ཏུ་ཕྲ་རྒྱས་བཅུ་པོའི་གོ་རིམ་བསྟན་པ་ནི། རྨོངས་ལས་ཐེ་ཚོམ་དེ་ལས་ནི། །ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་དེ་ནས་ནི། །ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། །རང་གི་ལྟ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་དེ་ལྟར་རིམ། །ཞེས་པའོ། །དེར་རྨོངས་པ་ལས་ཐེ་ཚོམ་དེ་ལས་ལོག་ལྟ་སྐྱེ་བ་ནི་གོ་བར་ཟད་ལ། ལོག་ལྟ་ལས་འཇིག་ལྟ་སྐྱེ་བ་ནི་འགྲེལ་པར། སྡུག་བསྔལ་ཕུང་པོ་བསལ་ནས་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །ཞེས་བཤད་པ་དེའི་དོན་ནི། རྣམ་བཤད་མཛད་པ་དག ཕུང་པོ་མི་རྟག་པ་དང་དུ་མར་མ་ཤེས་པས་བདག་ཏུ་ཞེན་པ་ཡིན་ཞེས་འཆད་པ་ནི། ཡི་གེའི་དོན་མ་ཡིན་ཏེ། དེ་ལྟར་འཆད་པ་ནི་མ་རིག་པ་དང་ཐེ་ཚོམ་ལས་འཇིག་ལྟ་འབྱུང་བའི་དོན་དུ་སོང་བས། བར་དུ་ལོག་ལྟ་བརྒྱུད་པའི་དགོས་པ་མ་གྲུབ་པའི་ཕྱིར། དེས་ན་དོན་ནི། འཇིག་ལྟའི་དམིགས་པ་དང་འཛིན་སྟངས་ནི། ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་སུའི་ལུགས་ལ་ཡང་ཕུང་པོ་ཉིད་བདག་ཏུ་འཛིན་པར་འཆད་པ་ཡིན་ལ། ལོག་པར་ལྟ་བས་སྡུག་བསྔལ་སོགས་མེད་དོ་ཞེས་སྐུར་པ་བཏབ་པ་དེའི་ཚེ། མ་མཐོང་བའི་རྒྱུ་འབྲས་ལ་སྐུར་པ་བཏབ་པ་ཡིན་ཏེ། མཐོང་བའི་ཕུང་པོ་ལ་ནི་རྒྱང་འཕན་གྱིས་ཀྱང་མི་སྙོན་པའི་ཕྱིར། དེས་ན་མ་འོངས་པའི་སྡུག་བསྔལ་ལས་ད་ལྟར་གྱི་ཕུང་པོ་ལོགས་ཤིག་ཏུ་བསལ་ནས་ད་ལྟར་གྱི་ཕུང་པོ་ཉིད་བདག་ཏུ་ཞེན་པའོ། །དེ་འདྲའི་འཇིག་ལྟ་དེ་ལས་ནི་ཆད་པའི་ལྟ་བ་འབྱུང་བ་ཡིན་ཏེ། ཕུང་པོ་འདི་ཆད་ནས་ཕྱི་མ་མཚམས་མི་སྦྱོར་བར་འདོད་པའི་ཕྱིར། དེས་ན་སྤྱིར་འཇིག་ལྟ་ཙམ་ལོག་ལྟ་ལ་རག་མ་ལས་ཀྱང༌། མཐར་འཛིན་ལྟ་བ་འདྲེན་བྱེད་ཀྱི་འཇིག་ལྟ་ལ་ལོག་ལྟ་སྔོན་དུ་འགྲོ་དགོས་པའི་དོན་ནོ། །ཡང་ན་བྱེ་སྨྲའི་གྲུབ་མཐའ་འདི་ལྟར་འཆད་ནུས་ཏེ། འཇིག་ལྟའི་ངོས་འཛིན་བདག་ཏུ་ལྟ་བ་ཡིན་ཀྱང༌། ཕུང་པོ་ལ་དེར་ལྟ་བ་ལ་མི་འཆད་ཀྱི། མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་བདག་ཏུ་ལྟ་བའོ། །དེ་ལ་ནི་ལོག་ལྟ་སྔོན་དུ་འགྲོ་དགོས་ཏེ། སྡུག་བསྔལ་གྱི་ཕུང་པོ་འདི་མེད་དོ་ཞེས་སྐུར་པ་བཏབ་ནས། དེ་ལས་གཞན་པའི་བདག་གཅིག་ཡོད་པར་སྒྲོ་འདོགས་དགོས་པའི་ཕྱིར། འགྲེལ་པའི་ཚིག་ཀྱང༌། སྡུག་བསྔལ་གྱི་ཕུང་པོ་བསལ་ནས་བདག་ཏུ། ཞེས་པའོ། །དེའི་ཕྱིར་མཐར་འཛིན་གྱི་དོན་ཀྱང༌། མུ་སྟེགས་ཀྱི་བཏགས་པའི་བདག་དེ་ཉིད་ལ་རྟག་པའམ་ཆད་པར་ལྟ་བ་ཡིན་གྱི། ཕུང་པོ་ཉིད་རྟག་ཆད་དུ་འཛིན་པ་མ་ཡིན་ཏེ། ཕུང་པོ་མེད་དོ། །ཞེས་སྐུར་པ་འདེབས་པའི་ལོག་ལྟ་སྔོན་དུ་སོང་བའི་མཐར་འཛིན་ཉིད་ཡིན་པའི་ཕྱིར་རོ། །དོན་དེ་ལ་བསམ་ནས། ལུགས་འདིར་འཇིག་མཐར་གཉིས་མཐོང་སྤང་ཁོ་ནར་འཆད་པ་དང༌། ཇི་སྐད་དུ། འཕགས་པ་ལ། རྣམ་སོགས་ང་འོ་སྙམ་མི་འབྱུང༌། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་མཆོག་འཛིན་གཉིས་དང༌། རང་གི་ལྟ་བ་ལ་ཆགས་པ་དང༌། གཞན་གྱི་ལྟ་བ་ལ་ཞེ་སྡང་བ་ཡང་མུ་སྟེགས་པས་བརྟགས་པའི་བདག་ཉིད་རྟག་པའམ་ཆད་པར་ལྟ་བ་དེ་ཉིད་གཞིར་བཞག་ནས་འཆད་དགོས་པ་ཡིན་གྱི། སྤྱིར་ལྟ་བ་ངན་པ་ཙམ་གྱི་དབང་དུ་བྱས་ནས་བཤད་ན་འབྱོར་བ་མ་ཡིན་ཏེ། དེ་ལ་ནི་འདིར་འཆད་པའི་གོ་རིམ་དེའི་ངེས་པ་མི་དགོས་པའི་ཕྱིར་རོ། །འོ་ན་སྔར་གོང་དུ་ལྟ་བ་ལྔའི་ངོས་འཛིན་བཤད་པ་དང་མ་མཐུན་ནོ། །ཞེ་ན། གོང་དུ་ནི་སྤྱིར་མདོའི་ལུགས་དང་མཐུན་པར་བཤད་པ་ཡིན་ལ། འདིར་ནི་རང་གི་གྲུབ་པའི་མཐས་བཏགས་ནས་བཤད་པའོ། །གཞན་ལ་ཞེ་སྡང༌། ཞེས་པའི་དོན་གཞན་རྒྱུད་ཀྱི་ལྟ་བ་ལ་དམིགས་ནས་ཞེ་སྡང་བ་ནི་མ་ཡིན་ཏེ། མཐོང་སྤང་གི་དམིགས་པ་ནི་རང་གི་རྒྱུད་ཁོ་ན་ལ་ཡོད་དགོས་པའི་ཕྱིར། དེས་ན་གཞན་ཞེས་པ་ནི་རང་རྒྱུད་ཀྱི་ལྟ་བ་ལ་ཞེ་སྡང་བའི་སྒོ་ནས་བཤད་པའི་ཕྱིར། དེའི་རིགས་པས་མ་རིག་པ་ཡང༌། བདག་ཏུ་རྨོངས་པ་དང༌། ཐེ་ཚོམ་ཡང༌། ཕུང་པོ་ཉིད་བདག་གམ། དེ་ལས་གཞན་ཞིག་ཡོད་སྙམ་དུ་དོགས་པའོ། །དེ་བཤད་པ་ན་མཐོང་བས་སྤང་བྱ་བ་ཐམས་ཅད་ཁ་ནང་དུ་ལྟས་པ་དང༌། གཞི་མེད་ལ་དམིགས་པ་ཡིན་ནོ། །ཞེས་བྱ་བར་གྲུབ་པ་ཡིན་ཏེ། བདག་ཏུ་ལྟ་བའི་ཕྱིར་དང༌། བདག་ཏུ་འདོགས་པའི་གཞི་ཕུང་པོ་ལ་མི་དམིགས་པར། གཞི་མེད་པ་གྲུབ་མཐས་བཏགས་པ་ཤིག་ལ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། དང་པོ་ལས་མ་ཡིན། ཞེས་པའི་འགྲེལ་པར། ཅིའི་ཕྱིར་འབྲས་བུ་དང་པོ་ལས་ཡོངས་སུ་ཉམས་པ་མེད་ཅེ་ན། མཐོང་བས་སྤང་བྱ་བ་རྣམས་གཞི་མེད་པའི་ཕྱིར་ཏེ། དེ་དག་ནི་འཇིག་ཚོགས་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར། བདག་གི་གཞི་ལ་འཇུག་པ་ཅན་ཡིན་ན་བདག དེ་ཡང་མེད་དོ། །མཐར་འཛིན་པ་ལ་སོགས་པ་ཡང་དེའི་གཞི་ལ་ཞུགས་པ་ཡིན་པས་གཞི་མེད་པ་དག་ཅེས་བྱའོ། །སྒོམ་པས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པ་ནི་གཞི་དང་བཅས་པ་དག་ཅེས་བྱ་སྟེ། གང་ལ་དེ་དག་འཇུག་པར་འགྱུར་བ་སྡུག་པ་ལ་སོགས་པ་ཙམ་ཡོད་ཀྱི། བདག་ལ་སོགས་པ་ནི་བག་ཀྱང་མེད་དོ། །ཞེས་གསུངས་པས་སོ། །གལ་ཏེ། དེ་ལྟར་མཐོང་སྤང་ཐམས་ཅད་འཇིག་ལྟའི་རྩ་བ་ཅན་དུ་འཆད་ན། འདིར་ལོག་ལྟ་ཉིད་འཇིག་ལྟའི་རྩ་བར་འཆད་པ་ཅི་ཞེ་ན། འཇིག་ལྟའི་རྩ་བར་བཤད་པའི་ལོག་ལྟ་ནི། སྡུག་བསྔལ་གྱི་ཕུང་པོ་ཉིད་ལ་ལོག་པར་ལྟ་བ་ཡིན་ཏེ། བདག་ཏུ་འཁྲུལ་པའི་གཞི་ཡིན་ངོ་ཤེས་པ་དེ་ལ་སྐུར་པ་འདེབས་པའི་ཕྱིར། དེ་ཉིད་འཇིག་ལྟའི་འབྲས་བུ་ཡང་ཡིན་ཏེ། བདག་ཏུ་འཁྲུལ་པའི་གཞི་མ་ཡིན་པ་ཞིག་བདག་ཏུ་བཟུང་བ་ལས། འཁྲུལ་གཞི་དེ་ལ་སྐུར་འདེབས་ཀྱི་ལྟ་བ་འབྱུང་བའི་ཕྱིར། དེ་ནས་དགུ་པ་སྐྱེ་བའི་རྒྱུ་བཤད་པ་ནི། ཕྲ་རྒྱས་སྤངས་པ་མ་ཡིན་དང༌། །ཡུལ་ནི་ཉེ་བར་གནས་པ་དང༌། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་པ་རྐང་པ་དང་པོས་རྒྱུའི་སྟོབས་ཞེས་པ་དེ་འཆད་པ་ཡིན་ལ། དེ་ཡང་ཉོན་མོངས་དེའི་གཉེན་པོ་མ་སྐྱེས་ཤིང་ཐོབ་པ་མ་བཅད་པའོ། །གཉིས་པ་ནི། ཡུལ་གྱི་སྟོབས་ཞེས་པ་དེ་འཆད་ལ། དེ་ཡང་ཉོན་མོངས་སྐྱེ་བ་དང༌། རྗེས་སུ་མཐུན་པའི་ཡུལ་ཡོད་པའོ། །རྐང་པ་གསུམ་པས་ནི་སྦྱོར་བའི་སྟོབས་ཞེས་པ། ཡུལ་དེ་ལ་དམིགས་པའི་ཡིད་བྱེད་སྔ་མ་ཡོད་པ་དེ་འཆད་ལ། སྤྱིར་ཡིད་བྱེད་ལ། ཚུལ་བཞིན་དང༌། དེ་མ་ཡིན་པར་ཡིད་ལ་བྱེད་པ་གཉིས་ལས། འདིར་ནི་ཕྱི་མ་སྟེ་དེ་མ་ཐག་པའི་རྐྱེན་ནོ། །རྐང་པ་སྔ་མ་གཉིས་ཀྱིས་རྒྱུའི་རྐྱེན་དང་དམིགས་པའི་རྐྱེན་ཏེ། མདོར་ན་ཉོན་མོངས་པ་གང་དང་གང་གི་རྐྱེན་གསུམ་ཚང་བ་ལ་དེའི་རྒྱུ་ཚོགས་ཚང་བ་ཞེས་བྱའོ། །འོ་ན་དགྲ་བཅོམ་པ་ལ་ཉོན་མོངས་སྐྱེ་བ་མི་སྲིད་པར་འགྱུར་ཏེ། རྒྱུ་གསུམ་པོ་དེ་མ་ཚང་བའི་ཕྱིར། འདོད་ན་ཡོངས་སུ་ཉམས་པའི་ཆོས་ཅན་ཇི་ལྟ་ཞེ་ན། སྤངས་པ་ལས་ཉམས་པའི་ཚེ་རྐྱེན་གསུམ་པོ་ཚང་བ་ཡིན་ནོ། །ཞེས་ཐོག་མར་བརྗོད་ནས། ཉམས་བྱེད་ཀྱི་རྐྱེན་ཉོན་མོངས་པ་ཉིད་མ་ཡིན་ནམ། ཞེ་ན། ཡིན་མོད། ཉམས་བྱེད་ཀྱི་རྐྱེན་ཉོན་མོངས་པ་སྐྱེས་པ་དང་སྤངས་པ་ལས་ཉམས་པ་དུས་མཉམ་པའོ། །ཞེས་འཆད་དགོས་ལ། འགྲེལ་པར་ནི། རེས་འགའ་ཡུལ་གྱི་སྟོབས་ཁོ་ན་ལས་སྐྱེ་ཡི། རྒྱུའི་སྟོབས་ཀྱིས་ནི་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ལྟ་བུའོ། །ཞེས་གྲག་གོ །ཞེས་བཤད་ལ། གྲག་གོའི་དོན་ནི། རྒྱུ་མ་ཚང་བར་འབྲས་བུ་འབྱུང་ན། ཐུག་པ་མེད་པར་ཐལ་བ་དང༌། འདིར་ཉོན་མོངས་སྐྱེ་བའི་རྒྱུ་ཚོགས་ཀྱི་གྲངས་དེས་འཆད་པ་དང་དགྲ་བཅོམ་ཉམས་པའི་ཆོས་ཅན་ཁས་ལེན་པ་འགལ་བ་འདུས་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏེ། དགྲ་བཅོམ་པ་ལ་ཉམས་པ་མི་སྲིད་པར་འཆད་པའོ། །བྱེ་སྨྲའི་གྲུབ་མཐའ་ལ་ནི། ཉམས་པའི་འོག་ཏུ་ཉོན་མོངས་སྐྱེ་བར་འཆད་ཀྱི། ཉོན་མོངས་སྐྱེས་ནས་ཉམས་པར་འཆད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །དྲུག་དང་དྲུག་དང་གཉིས་རྙེད་དོ། །ཞེས་འཆད་པས་སོ། །བཅུ་པ་མདོ་ལས་གསུངས་པའི་དབྱེ་བ་བསྟན་པ་ལ་དོན་མཚན་རྣམ་པ་བཅུ་བཞི་སྟེ། ཟག་པ་དང༌། ཆུ་བོ་དང༌། སྦྱོར་བ་དང༌། ཉེར་ལེན་དང༌། ཕྲ་རྒྱས་ལ་སོགས་པའི་མིང་དོན་དང༌། ཀུན་ཏུ་སྦྱོར་བ་དང༌། འཆིང་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། ཀུན་ནས་དཀྲིས་པ་དང༌། དྲི་མ་དང༌། དེ་དག་གི་རྣམ་པའི་རབ་དབྱེ་དང༌། སྒྲིབ་པ་ལྔ་བཤད་པ་རྣམས་སོ། །དེ་ཡང་ཟག་པ་ནས་འཆིང་བའི་བར་ཕྲ་རྒྱས་ཉིད་ཀྱི་དབང་དུ་བྱས་ནས་དགོས་པ་དང༌། རྒྱུ་མཚན་ལ་ལྟོས་པའི་མིང་གི་རྣམ་གྲངས་དུ་མས་འཆད་ལ། དམིགས་ལ་ཅུང་ཟད་ནི། ཀུན་སྦྱོར་གྱི་སྐབས་སུ་ཕྲག་དོག་དང༌། སེར་སྣ་གཉིས་ཉེ་བའི་ཉོན་མོངས་པའི་ནང་ཚན་ཡིན་ཀྱང༌། ཀུན་སྦྱོར་གྱི་དབྱེ་བར་བཤད་ཅིང༌། དེར་འཆད་པའི་རྒྱུ་མཚན་ཡང༌། ཇི་སྐད་དུ། གང་ཕྱིར་གཉིས་ཀ་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཅེས་འབྱུང་ལ། དེ་དག་ལས། ཤེས་པའི་དོན་ཡང༌། ཀུན་ནས་དཀྲིས་པ་ཞེས་བྱ་བ་ཉེ་བའི་ཉོན་མོངས་པ་དེ་དག་ལས། གཉིས་པོ་ཁོ་ན་འདིར་བཤད་ཅེས་པའི་དོན་ནོ། །དབྱེ་བ་དེ་དག་ཕལ་ཆེ་བ་ནི་གཞུང་འགྲེལ་གྱི་སྒྲ་ཇི་པ་བཞིན་པ་ཉིད་ཀྱིས་རྟོགས་པར་ནུས་ལ། ཀུན་སྦྱོར་གྱི་དབྱེ་བ་འཆད་ཚུལ་མི་འདྲ་བ་གསུམ་སྟེ། །དགུར་བཞག་པ་དང༌། ཐ་མའི་ཆ་མཐུན་ལྔར་ཕྱེ་བ་དང༌། གོང་མའི་ཆ་མཐུན་ལྔར་བཞག་པའོ། །དགུ་ནི། ལྟ་མིན་ལྔ་པོ་སོ་སོར་བཞག་པས་ལྔ་དང༌། ལྟ་བ་ལ་གསུམ་ལྟ་བའི་ཀུན་སྦྱོར་དང༌། གཉིས་མཆོག་ཏུ་འཛིན་པའི་ཀུན་སྦྱོར་དུ་བཞག་ནས་གཉིས་དང༌། ཕྲག་དོག་སེར་སྣ་གཉིས་སྟེ་དགུའོ། །སྐབས་འདིར་འགྲེལ་པ་ལས། ཇི་སྐད་དུ། དེ་ཉིད་ཀྱི་ཕྱིར་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ལ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བས་ལྡན་ཞིང༌། ལྟ་བས་ཀུན་ཏུ་སྦྱོར་བས་མ་ཡིན་ལ། དེ་ལ་ལྟ་བའི་ཕྲ་རྒྱས་རྒྱས་པར་མི་འགྱུར་བ་མ་ཡིན་པ་ལྟ་ཡོད་དམ། ཞེ་ན། སྨྲས་པ། ཡོད་དེ། ཀུན་འབྱུང་ཤེས་པ་སྐྱེས་ལ། འགོག་པ་ཤེས་པ་མ་སྐྱེས་པའི་ཚེ། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ། ལྟ་བ་མཆོག་ཏུ་འཛིན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་མཚུངས་པར་ལྡན་པའི་ཆོས་རྣམས་དང་སྟེ། དེ་དག་ནི་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དེ་ལ་དམིགས་པས་ལྡན་ལ། ལྟ་བའི་ཀུན་ཏུ་སྦྱོར་བས་ནི་མི་ལྡན་ཏེ། ཀུན་ཏུ་སྦྱོར་བས་ནི་སྤངས་པའི་ཕྱིར་དང༌། ཀུན་ཏུ་སྦྱོར་བ་མ་ཡིན་པ་དེ་ལ་དམིགས་པ་དང་རྣམ་པས་མཚུངས་པར་ལྡན་པ་ཅན་ལ་ལྟ་བའི་ཀུན་ཏུ་སྦྱོར་བ་ནི་མེད་པའི་ཕྱིར་རོ། །དེ་དག་ལ་ལྟ་བའི་ཕྲ་རྒྱས་དག་ནི་རྒྱས་པར་འགྱུར་ཏེ། མཆོག་ཏུ་འཛིན་པའི་ལྟ་བ་དེ་དག་ཁོ་ན་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཞེས་བྱའོ། །ཞེས་གསུངས་པ་འདིའི་དོན། ཀུན་སྦྱོར་གྱི་དབྱེ་བ་འཆད་པའི་ཚེ་ལྟ་བའི་ཕྲ་རྒྱས་གཅིག་པུ་ལ་ཀུན་སྦྱོར་གཉིས་ཕྱེ་བས་གྲུབ་པའི་དོན་ཏེ། དེ་ཡང་འདི་ལྟར། རྒྱུ་ཉོན་མོངས་པ་དང་སྦྱོར་བར་བྱེད་པས་ན་ཀུན་སྦྱོར་ཞེས་བྱ་ལ། དེ་ལ་ཡང༌། སྦྱོར་བྱེད་ཉོན་མོངས་པ་སྤྱི་མཚན་པས་སྦྱོར་བ་དང༌། རང་མཚན་པས་སྦྱོར་བ་གཉིས་ལས། དང་པོ་ནི། ལྟ་བ་དང༌། མ་རིག་པ་དང༌། ཐེ་ཚོམ་རྣམས་ཀྱིས་སྦྱོར་བ་ཡིན་ལ། དེ་དག་གིས་སྦྱོར་བའི་ཚུལ་དང༌། ཡུལ་གང་དང་སྦྱོར་བ་རྣམས་ནི། ཇི་སྐད་དུ། འདས་དང་ཉེར་གནས་འདོད་ཆགས་སུ། །ཞེས་བཤད་ཟིན་པ་དེ་ཉིད་ཡིན་ལ། འདིར་ནི། འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བས་སྦྱོར་བ་ལ། ལྟ་བའི་ཀུན་ཏུ་སྦྱོར་བས་ཀྱང་སྦྱོར་བར་ངེས་སམ། གལ་ཏེ་ལྟ་བའི་ཀུན་ཏུ་སྦྱོར་བས་མ་སྦྱར་བ་ལ་ལྟ་བའི་ཕྲ་རྒྱས་ཀྱང་རྒྱས་པར་མི་འགྱུར་བས་ཁྱབ་པ་ཡོད་དམ། ཞེས་པ་ནི་དྲི་བ་ཡིན་ལ། ལན་ལ་གཉིས་ཏེ། དྲི་བ་སྔ་མ་ལ་ཁྱབ་པ་མ་ངེས་པར་བསྟན་པ་དང༌། ཕྱི་མ་ལ་ཁྱབ་པ་མ་ངེས་པར་བསྟན་པའོ། །དང་པོ་ནི། སྡུག་ཀུན་མཐོང་སྤང་སྤངས་ཤིང༌། འགོག་པ་ལ་ཆོས་ཤེས་མ་སྐྱེས་པའི་སྐབས་དེར། འགོག་ལམ་མཐོང་སྤང་དུ་གྱུར་པའི་མཆོག་འཛིན་གྱི་ཀུན་སྦྱོར་གཉིས་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བས་ནི་ལྡན་པར་བྱེད་དེ། དེ་ལ་དམིགས་པའི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་བའི་ཕྱིར། འདོད་ཆགས་དེ་ཡང་གང་ཞེ་ན། དེར་གྱུར་པའི་མཆོག་འཛིན་གྱི་ཀུན་སྦྱོར་དང་མཚུངས་པར་ལྡན་པ་སྟེ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་འབྱུང་བ་དེ་ཉིད་དོ། །ལྟ་བའི་ཀུན་སྦྱོར་གྱིས་ནི་དེ་དག་ལ་དམིགས་ནས་དེ་དང་ལྡན་པར་བྱེད་པ་མ་ཡིན་ཏེ། སྤྱིར་ལྟ་བའི་ཀུན་སྦྱོར་ལ། ཀུན་འགྲོ་དང༌། ཀུན་འགྲོ་མ་ཡིན་པ་གཉིས་སུ་ངེས་ཤིང༌། ཀུན་འགྲོ་ནི་སྐབས་དེར་སྤང་ཟིན་པས་དེས་དེ་ལ་དམིགས་པར་མི་བྱེད། ཀུན་འགྲོ་མ་ཡིན་པ་ནི། འགོག་ལམ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་གཅིག་པུར་ངེས་ལ། དེས་ནི། ཇི་སྐད་དུ། དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བཤད་པས། མཆོག་འཛིན་གྱི་ཀུན་སྦྱོར་དང་མཚུངས་པའི་ཚོར་བ་སོགས་ལ་དམིགས་པར་མི་བྱེད་དེ། ཟག་མེད་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར། དེར་གྱུར་པའི་མ་རིག་པ་དང་ཐེ་ཚོམ་གྱིས་ཀྱང་དེ་བཞིན་ནོ། །ལྟ་བའི་ཀུན་སྦྱོར་གྱིས་མ་དམིགས་ཀྱང༌། ལྟ་བའི་ཕྲ་རྒྱས་ནི་རྒྱས་པར་འགྱུར་ཏེ། མཆོག་འཛིན་གྱི་ལྟ་བ་གཉིས་པོ་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར་ཏེ། དེ་དག་དང་མཚུངས་པར་ལྡན་པའི་ཕྱིར། དེ་དག་ནི་མཚུངས་པར་ལྡན་པ་བཞིན་དུ། དེ་དག་ལ་དེས་དམིགས་པ་ཡང་ཡིན་ཏེ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་སྤྱིར་བཏང་དུ་བཤད་པ་དེ་ཉིད་འདི་ལ་འཇུག་པའི་ཕྱིར། དེའི་དམིགས་བསལ་ཀུན་འགྲོ་མ་ཡིན་པ་ཟག་མེད་ལ་དམིགས་པ་དག རང་རིས་ལ་དམིགས་པ་དང༌། རྒྱས་པ་གཉིས་ཀའི་ངེས་པ་མེད་པར་འཆད་དགོས་སོ། །འགོག་ལམ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་ནི་མཆོག་འཛིན་གཉིས་དང་ལྡན་པ་ཡིན་ཏེ། དམིགས་རྣམ་མི་མཚུངས་པས་ཚོགས་པ་ཐ་དད་པའི་ཕྱིར་དང༌། ལྟ་བའི་ཀུན་སྦྱོར་གསུམ་ནི་གཟུང་བ་ཡུལ་དུ་གྱུར་པ་ཡིན་ལ། མཆོག་འཛིན་གྱི་ཀུན་སྦྱོར་གཉིས་འཛིན་པ་ཡུལ་ཅན་དུ་གྱུར་པ་ཡིན་པས་སོ། །དེས་ན་མཆོག་འཛིན་གཉིས་ལྟ་བ་དང་པོ་གསུམ་སྟེ་སྔ་ཆར་ལྟ་བའི་ཕྲ་རྒྱས་སུ་མཚུངས་ཀྱང༌། དམིགས་རྣམས་འགལ་བ་ཅན་དུ་ངེས་པས། མཆོག་འཛིན་གཉིས་དང་མཚུངས་ལྡན་དུ་བྱུང་བའི་ཚོར་བ་སོགས་ལ། དམིགས་པ་དང་མཚུངས་ལྡན་གང་གི་སྒོ་ནས་ཀྱང་ལྡན་པ་དང་རྒྱས་པར་འགྱུར་བ་མ་ཡིན་ལ། མཆོག་འཛིན་གཉིས་ནི་དམིགས་པ་དང་མཚུངས་ལྡན་གཉིས་ཀའི་སྒོ་ནས་ལྡན་པ་དང་རྒྱས་པར་འགྱུར་བའོ། །མཆོག་འཛིན་གཉིས་ཀུན་སྦྱོར་ལ་སོགས་པར་འཇོག་པའི་ཤེས་བྱེད་འཆད་པ་ན། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། །ལྟ་གཉིས་ཀུན་ཏུ་སྦྱོར་གཞན་ནོ། །ཞེས་འབྱུང་བ་དེའི་སྟེང་དུ། འགྲེལ་པར། ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་གཟུང་འཛིན་གཉིས་ཡིན་པའི་ཕྱིར། ཞེས་ཀྱང་བཤད་དོ། །ཕྲག་དོག་དང་སེར་སྣ་གཉིས་ཀུན་སྦྱོར་ལོགས་པར་འཇོག་པའི་ཤེས་བྱེད་དུ། གང་ཕྱིར་གཉིས་ཀ་གཅིག་ཏུ་ནི། །མི་དགེར་རང་དབང་དེ་ཡི་ཕྱིར། །ཞེས་བཤད་ལ། དེའི་དོན་ནི་ཀུན་ཏུ་སྦྱོར་བ་དང་པོ་བདུན་ནི་རྩ་ཉོན་ཁོ་ན་ལས་ཕྱེ་བ་ཡིན་ལ། གཉིས་པོ་འདི་ནི། ཀུན་དཀྲིས་བརྒྱད་ཀྱི་ནང་ནས་འདི་གཉིས་ཁོ་ན་ཀུན་སྦྱོར་དུ་འཆད་པའི་ཤེས་བྱེད་ཡིན་ལ། དེའི་ཤུགས་ལ། ཀུན་ནས་དཀྲིས་པ་གཞན་རྣམས་ནི། རེས་འགའ་དགེ་བ་དང་ལུང་མ་བསྟན་དུ་ཡང་འགྱུར་བ་སྲིད་པས། མཐའ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་མ་ཡིན། ཞེས་བྱ་བའི་དོན་ཏེ། དེ་ཡང་འདི་ལྟར། ངོ་ཚ་མེད་པ་དང༌། ཁྲེལ་མེད་པ་ནི་མཐའ་གཅིག་ཏུ་མི་དགེ་བ་ཡིན་ཀྱང༌། ཆགས་སོགས་དང་མཚུངས་པར་ལྡན་པའི་ཕྱིར་རང་དབང་ཅན་མ་ཡིན། འགྱོད་པ་ནི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པས་རང་དབང་ཅན་ཡིན་ཀྱང༌། དགེ་བ་ཡང་སྲིད་པས་གཅིག་ཏུ་མི་དགེ་བ་མ་ཡིན། རྨུགས་རྒོད་གཉིས་དང་གསུམ་པོ་ནི་ཆགས་སོགས་དང་མཚུངས་པར་ཡང་ལྡན། དགེ་བ་དང་ལུང་མ་བསྟན་ཡང་སྲིད་པས། རྒྱུ་མཚན་གཉིས་ཀ་མ་ཚང་བས་ན་ཀུན་སྦྱོར་དུ་མི་བཞག་གོ །འདི་ལ། བྱེ་སྨྲའི་ནང་ཚན་གཞན་དག་ན་རེ། འོ་ན་ཁྲོ་བ་དང་འཆབ་པ་གཉིས་ཀྱང་ཀུན་སྦྱོར་ལོགས་པ་ཉིད་དུ་འཆད་རིགས་པར་འགྱུར་ཏེ། རྒྱུ་མཚན་གཉིས་པོ་ཚང་བའི་ཕྱིར། དེས་ན་རྒྱུ་མཚན་འདི་ནི་ཡང་དག་པ་མ་ཡིན་ནོ། །ཞེས་ཟེར། སློབ་དཔོན་འདུས་བཟང་ན་རེ། ཕྲག་དོག་དང་སེར་སྣ་གཉིས་པོ་ནི་ཡང་དང་ཡང་དུ་བྱུང་བའི་ཕྱིར། ཞེས་པ་ཉིད་ཤེས་བྱེད་དེ་ལྷ་དང་ལྷ་མ་ཡིན་རྩོད་པའི་གཞི་ཡང༌། རང་གི་ཕྱོགས་ལ་སེར་སྣ་དང༌། གཞན་གྱི་ཕྱོགས་ལ་ཕྲག་དོག་པར་བྱེད་དེ། མིར་གྱུར་པའི་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཀྱང་ཕྱོགས་གཉིས་ལ་དེ་ལྟར་བྱེད་པས་སོ། །ཞེས་ཟེར། ཡང་ཀུན་སྦྱོར་གྱི་འཆད་ཚུལ་དགུ་པོ་དེ་ཁོ་ནར་མ་ཟད། གཞན་ཡང༌། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་དང༌། གོང་མའི་ཆ་དང་མཐུན་པ་ལྔར་ཡང་བཤད་དོ། །དང་པོ་ནི། ལྟ་བ་གཉིས་དང༌། ལྟ་མིན་གསུམ་ལས། དང་པོ་ནི་འཇིག་ཚོགས་ལ་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བའོ། །གཉིས་པ་ནི། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། ཐེ་ཚོམ་མོ། །ཡང་ལྟ་བ་གཉིས་པོའི་སྟེང་དུ་ཐེ་ཚོམ་བསྣན་པ་དེ་ལ་ཀུན་དུ་སྦྱོར་བ་གསུམ་ཞེས་ཀྱང་བཤད་དེ། མཐོང་སྤང་ཀུན་སྦྱོར་གསུམ་ཞེས་བྱ་བའི་ཐ་སྙད་དེ་ཉིད་དོ། །དེ་དག་ཏུ་གྲངས་ངེས་པའི་ཤེས་བྱེད་ལ་གསུམ་ལས། དང་པོ་ལྔར་གྲངས་ངེས་པའི་ཤེས་བྱེད་ནི། གཉིས་ཀྱིས་འདོད་ལས་མི་འདས་ལ། །གསུམ་པོ་ཡིས་ནི་ཕྱིར་ལྡོག་བྱེད། །ཅེས་པ་དང༌། གཉིས་ན། སྒོ་དང་རྩ་བསྡུས་ཕྱིར་གསུམ། ཞེས་པ། རྒྱུན་དུ་ཞུགས་པས་ལྟ་བ་ལྔ་དང་ཐེ་ཚོམ་སྟེ་དྲུག་ཆར་སྤངས་སུ་ཟིན་ཀྱང་ཀུན་ཏུ་སྦྱོར་བ་གསུམ་པོ་སྤངས་ཞེས་འཆད་པ་ནི། ཉོན་མོངས་པ་དྲུག་པོ་དེ་སྒོ་གསུམ་དུ་འདུས་ལ། འདི་གསུམ་གྱིས་སྒོ་གསུམ་ཀ་བསྡུས་པའི་ཕྱིར། ཇི་ལྟར་ཞེ་ན། དྲུག་པོ་དེ་ལས་སྒོ་གཅིག་པ་ཁོ་ན་ཡིན་པ་ནི་འཇིག་མཐར་གཉིས་ཏེ། སྡུག་བསྔལ་མཐོང་སྤང་ཁོ་ནར་ངེས་པའི་ཕྱིར། སྒོ་གཉིས་པ་ཁོ་ན་ཡིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྟེ། དེ་ནི་སྡུག་བསྔལ་དང་ལམ་མཐོང་སྤང་ཁོ་ནར་ངེས་པའི་ཕྱིར། སྒོ་བཞི་པ་ཁོ་ན་ཡིན་པ་ནི་ཐེ་ཚོམ་སྟེ། མཐོང་སྤང་རིགས་བཞི་ཆར་ལ་རྗེས་སུ་འགྲོ་བའི་ཕྱིར། དེ་དག་ལས་འཇིག་ལྟ་དངོས་སུ་བསྟན་པ་ན་མཐར་འཛིན་ལྟ་བ་དོན་གྱིས་གོ་བ་ཡིན་ཏེ། སྒོ་གཅིག་པར་འདྲ་བའི་ཕྱིར། ཐེ་ཚོམ་དངོས་སུ་བསྟན་པ་ན་ལོག་ལྟ་དང་ལྟ་བ་མཆོག་འཛིན་དོན་གྱིས་གོ་བ་ཡིན་ཏེ། སྒོ་བཞི་པར་འདྲ་བའི་ཕྱིར། ཚུལ་ཁྲིམས་མཆོག་འཛིན་ནི་དངོས་སུ་བསྟན་པ་འདོད་དོ། །རྩ་བ་བསྡུས་པ་ཡང་ཡིན་ཏེ། འཇིག་ལྟ་ནི་མཐར་ལྟའི་རྩ་བ་དང༌། ཚུལ་ཁྲིམས་མཆོག་འཛིན་ནི་ལྟ་བ་མཆོག་འཛིན་གྱི་རྩ་བ་དང༌། ཐེ་ཚོམ་ནི་ལོག་ལྟའི་རྩ་བ་ཡིན་པའི་ཕྱིར། ཞེས་པའོ། །འདི་ནི་སྔ་རབས་པའི་ལུགས་ཡིན་ལ། སློབ་དཔོན་རང་གི་ལུགས་ནི། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་གཅིག །ཐར་པ་འགྲོ་ལ་གེགས་བྱེད་པ། དེ་ཡི་ཕྱིར་ན་གསུམ་བསྟན་ནོ། །ཞེས་སོ། །གཉིས་པ་ནི། གོང་མའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་པ། འདོད་ཆགས་གཉིས་པོ་ཁམས་གོང་མ་ལས་མི་འདའ་བ་ཡིན་ལ། གཞན་གསུམ་པོ་ནི་སྔ་མའི་རིགས་པས་ཕྱིར་ལྡོག་བྱེད་དུ་འབྲེལ་བ་ཡིན་ཏེ། རྒོད་པ་ནི་ལྟ་བ་ཤས་ཆེ་བ་ཡིན་ལ། ང་རྒྱལ་ཤས་ཆེ་བ་དང༌། མ་རིག་པའམ་ཐེ་ཚོམ་ཤས་ཆེ་བའི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གོང་མ་གོང་མ་ལས་ཉམས་པར་བྱེད་པའི་ཕྱིར། དེ་ལྟར་རྩ་བའི་ཉོན་མོངས་ལ་བྱེད་ལས་ཀྱི་སྒོ་ནས་མིང་མི་འདྲ་བ་དག་བཤད་ཟིན་ནས། དེའི་འོག་ཏུ་ཉེ་བའི་ཉོན་མོངས་པ་དག་ནི། ཀུན་ནས་བཀྲིས་པ་བཅུ་དང༌། དྲི་མ་དྲུག་སྟེ་བཅུ་དྲུག་པོ་དག་གི་རྣམ་པར་གཞག་པ་ཙམ་ཞིག་བཤད་པར་བྱ་བ་ཡིན་ནོ། །དེ་ལ་མདོར་བསྟན་པ་ནི། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །གང་དེའང་ཉེ་བའི་ཉོན་མོངས་ཏེ། སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །དེ་དག་ཉོན་མོངས་ཤེས་མི་བྱ། །ཞེས་པ་འདི་ལ། ཉེ་ཉོན་རྣམས་ལ་རྩ་ཉོན་ཞེས་མི་བྱ། །ཞེས་དང༌། ཉེ་ཉོན་རྣམས་ཉོན་མོངས་མཚན་ཉིད་པ་མ་ཡིན་ནོ་ཞེས་པ་ནི། བོད་ཀྱི་རྣམ་བཤད་བྱེད་པ་དག་གི་འཆད་ཚུལ་ཡིན་ལ། འགྲེལ་པར་བཤད་པ་ནི། ལུང་གཞི་དང༌། ཕྲ་ཚོགས་ལས་ཉེ་བའི་ཉོན་མོངས་སུ་བཤད་པ་གང་ཡིན་པ་དེ་དག་ནི་ཉོན་མོངས་མ་ཡིན་པས་འདིར་མི་འཆད་ཀྱི། འདིར་ནི་བཅུ་དྲུག་པོ་ཙམ་ཞིག་བཤད་པར་བྱའོ། །དེ་དག་ཏུ་བཤད་པ་དེ་གང་ཞེ་ན། མི་དགའ་བ་དང༌། གླལ་བྱེད་པ་དང༌། སེམས་ཞུམ་པ་ཉིད་དང༌། སྨྱ་བ་དང༌། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང༌། ཐ་དད་པའི་འདུ་ཤེས་དང༌། ཡིད་ལ་མི་བྱེད་པ་དང༌། ལུས་ཀྱི་གནས་ངན་ལེན་པ་དང༌། རྒྱུ་གདུག་དང༌། འཕྱ་རྨོད་དང༌། མཉམ་པ་ཉིད་དང༌། མི་མཉམ་པ་ཉིད་དང༌། རང་བཞིན་དུ་མི་འདུག་པ་དང༌། འདོད་པའི་རྣམ་པར་རྟོག་པ་དང༌། འཚེ་བའི་རྣམ་པར་རྟོག་པ་དང༌། ཉེ་དུའི་རྣམ་པར་རྟོག་པ་དང༌། ཡུལ་མིའི་རྣམ་པར་རྟོག་པ་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། བརྙས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང༌། རིགས་བསྙེམས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང༌། མྱ་ངན་དང༌། སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་ཞེས་བྱ་བ་ཉེར་བཞི་པོ་དག་སྟེ་འདི་དག་གི་དོན་ནི། དབུ་མ་རིན་ཆེན་ཕྲེང་བ་དང༌། གཞི་བསྡུ་བ་ལས་འབྱུང་ངོ༌། །དེ་དག་ཉེ་ཉོན་ཡིན་ལ། ཉོན་མོངས་མ་ཡིན་པའི་མཚན་གཞིར་འཆད་པ་ཡིན་ལ། མངོན་པ་ནས་བཤད་པའི་ཉེ་ཉོན་ཉི་ཤུར་གྲགས་པ་དེ་དག་ཉོན་མོངས་སུ་མི་འཆད་པ་ནི་འགྲེལ་པའི་དགོངས་པར་མི་མངོན་ནོ། །དེ་ནས་ཉེ་ཉོན་བཅུ་དྲུག་འཆད་པ་ནི་གཞུང་ཇི་ལྟ་བ་བཞིན་ཏེ། འདིར་མ་འདུས་པ་གནས་གསུམ་པར་འབྱུང་བ་ནི། མ་དད་པ་དང༌། ལེ་ལོ་དང་བག་མེད་པ་དག་རྣམས་སོ། །དེའི་འོག་ཏུ་སྒྲིབ་པ་ལྔ་བཤད་པ་ནི། འདོད་ན་སྒྲིབ་རྣམས། ཞེས་པ། རྨུགས་རྒོད་གཉིས་དང་ཐེ་ཚོམ་སྟེ། གསུམ་པོ་ནི་ཁམས་གསུམ་ཆར་ན་ཡོད་པར་བཤད་པས། དེ་དག་ཀྱང་འདིའི་སྒྲིབ་པར་འཆད་དམ། ཞེ་ན། མ་ཡིན་ཏེ། ལྔ་པོ་ནི་མཐའ་གཅིག་ཏུ་མི་དགེ་བར་གསུངས་པའི་ཕྱིར་རོ། །ཞེས་པའོ། །ཟས་དང༌། ཞེས་པར། གཉིད་རྨུགས་གཉིས་ཀྱི་ཟས་ནི་ལྔ་སྟེ། སྨྱ་བ་དང༌། མི་རྒ་བ་དང༌། བྱ་མྱང་དང༌། ཁམས་ཟས་ཀྱི་དྲོད་མི་ཟིན་པ་དང༌། སེམས་ཞུམ་པ་ཉིད་དོ། །དེ་གཉིས་ཀྱི་ཟས་མ་ཡིན་པ་ནི། སྣང་བའི་འདུ་ཤེས་སོ། །ཞེས་བཤད་ལ། དེ་ཡང་སྣང་བའི་གཙོ་བོ་ནི་བསྟན་བཅོས་ལ་གྲགས་པ་སྟེ་ཐོས་བསམ་གྱི་ཤེས་རབ་དང༌། དྲན་པ་དང༌། ཤེས་བཞིན་ལ་སོགས་པའོ། །རྒོད་འགྱོད་ཀྱི་ཟས་ནི་བཞི་སྟེ། ཉེ་དུའི་རྣམ་པར་རྟོག་པ་དང༌། ཡུལ་གྱི་རྣམ་པར་རྟོག་པ་དང༌། མི་འཆི་བའི་རྣམ་པར་རྟོག་པ་དང༌། སྔོན་རྒོད་པ་དང༌། རྩེས་པ་དང༌། དགའ་དགུར་སྤྱད་པ་རྣམས་དྲན་པའོ། །ཟས་མ་ཡིན་པ་ནི། ཞི་གནས་སོ། །གྲངས་ངེས་པ་ནི། མདོ་ལས་བདུན་བཤད་པ་དེ་འདི་ཉིད་དུ། ལྔར་བསྡུ་བའི་རྒྱུ་མཚན་དང༌། གཞན་ཡང་ཉོན་མོངས་པ་མཐའ་དག་སྒྲིབ་པ་ཡིན་པ་ལ་ལྔ་པོ་འདི་ཁོ་ན་སྒྲིབ་པར་འཇོག་པའི་རྒྱུ་མཚན་ཅི་ཞེས་པའི་ལན་དུ། གཉིས་གཅིག་ཕུང་པོ་གནོད་བྱེད་དང༌། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་པར་དྲི་བ་དང་པོའི་ལན་ནི། གཉིས་གཅིག་ཅེས་པ་དོན་ནི་གོང་དུ་བསྟན་མ་ཐག་པ་དེ་ཉིད་དོ། །གཉིས་པའི་ལན་ནི། འདོད་པ་ལ་འདུན་པ་དང་གནོད་སེམས་ཀྱིས་ནི་འདོད་པའི་སྡིག་པ་དང་མི་བྲལ་བར་བྱེད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད། རྨུགས་གཉིད་ཀྱིས་ལྷག་མཐོང་དང་མི་ཕྲད་པས་ཤེས་རབ་ཀྱི་ཕུང་པོ་ལ་གནོད། རྒོད་འགྱོད་ཀྱིས་ཞི་གནས་རིང་དུ་བྱེད་པས་ཤེས་རབ་ཀྱི་ཕུང་པོ་ལ་གནོད། ཏིང་ངེ་འཛིན་དང་ཤེས་རབ་མེད་ན་བདེན་པ་ལ་ཐེ་ཚོམ་ཟ་བར་འགྱུར། དེའི་ཕྱིར་ལྔ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བ་ཕལ་ཆེ་བ་ན་རེ། དེ་ལྟར་ན། མདོ་ལས། གཉིད་རྨུགས་ཀྱིས་སྔར་རྒོད་འགྱོད་གཉིས་སྨོས་རིགས་པར་འགྱུར་ཏེ། སྒྲིབ་བྱ་ཤེས་རབ་ཀྱི་སྔར་ཏིང་ངེ་འཛིན་སྐྱེ་དགོས་པའི་ཕྱིར། དེས་ན་གཉིད་རྨུགས་ཀྱིས་ཏིང་ངེ་འཛིན་དང༌། རྒོད་འགྱོད་ཀྱིས་ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་དོ། །དེའི་ཤེས་བྱེད་ཀྱང༌། ཏིང་ངེ་འཛིན་དང་ཤེས་རབ་ལ་བརྩོན་པ་རྣམས་ནི་གཉིས་པའི་མི་མཐུན་ཕྱོགས་དེ་དང་དེ་ཤེས་དགོས་ཏེ། དེ་དང་ཆ་འདྲ་བས་བསླུ་བའི་ཕྱིར། དེ་བཞིན་དུ་ཐེ་ཚོམ་ཡང་ཤེས་རབ་ལ་གནོད་བྱེད་ཡིན་ཏེ། མཉམ་གཞག་ལས་ལངས་རྗེས་སུ་ཆོས་ལ་ངེས་པར་རྟོག་པའི་ཚེ་ཐེ་ཚོམ་གྱིས་བར་དུ་བཅོད་པའི་ཕྱིར། ཡང་བྱེ་སྨྲའི་སློབ་དཔོན་གཞན་དག་ན་རེ། ལྔ་པོ་དེ་ཏིང་ངེ་འཛིན་གྱི་སྦྱོར་བ་དང་དངོས་གཞི་དང་རྗེས་ཀྱི་མི་མཐུན་ཕྱོགས་སུ་བཞག་པ་ཡིན་ཏེ། དང་པོར་རྣལ་འབྱོར་ལ་འཇུག་པའི་ཚེ། ཡུལ་སྡུག་བསྔལ་བའམ། མི་སྡུག་པའི་མཚན་མ་མཐོང་བ་ན། འདུན་པ་དང་གནོད་སེམས་སུ་གྱུར་ནས་ཏིང་ངེ་འཛིན་ལ་མི་འཇུག་པའི་ཕྱིར། བཞི་པོས་ནི་དངོས་གཞི་ལ་གེགས་བྱེད་པ་ཡིན་ཏེ། ཞི་གནས་དང་ལྷག་མཐོང་ལ་བར་དུ་བཅོད་པའི་ཕྱིར། ཐེ་ཚོམ་ནི་རྗེས་ཀྱི་མི་མཐུན་ཕྱོགས་ཏེ། རྗེས་སུ་ཆོས་ལ་ངེས་པར་སེམས་པ་ན། ཐེ་ཚོམ་གྱིས་བར་དུ་གཅོད་པའི་ཕྱིར། ཞེས་འཆད་དོ། །གཉིས་པ་དེ་ཇི་ལྟར་སྤོང་བའི་ཚུལ་ལ་གཉིས་ཏེ། དངོས་དང༌། གཉེན་པོའི་དབྱེ་བའོ། །དངོས་ནི། དམིགས་པ་ཡོངས་སུ་ཤེས་པ་དང༌། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །གཉེན་པོ་སྐྱེས་པས་རྣམ་ཉམས་འགྱུར། །ཞེས་པ། རྐང་པ་དང་པོ་གསུམ་གྱིས་མཐོང་སྤང་སྤོང་ཚུལ་དང༌། བཞི་པས་སྒོམ་སྤང་སྤོང་ཚུལ་འཆད་པ་ཡིན་ལ། དེ་ཡང་མཐོང་སྤང་ལ་སྤོང་ཚུལ་གསུམ་ཡོད་པའི་ཤེས་བྱེད་དང༌། སྒོམ་སྤང་སྤོང་ཚུལ་ལ་གཅིག་པུ་དེ་ལས་མི་འཆད་པའི་ཤེས་བྱེད་ནི། སྤོང་ཚུལ་གཉིས་འགལ་བ་ནི་མ་ཡིན་ཏེ། མཐོང་སྤང་གི་སྤོང་ཚུལ་གསུམ་ཀ་ཡང་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཉིད་དུ་ཐུག་པ་ཡིན་ལ། དེའི་ཚེ་ན་མཐོང་སྒོམ་གྱི་སྤང་བྱ་གཉིས་ཀ་ཡང་དམིགས་པ་ཡོངས་སུ་ཤེས་པ་དང་གཉེན་པོ་སྐྱེས་པ་གཉིས་ཀས་སྤོང་དགོས་པའི་ཕྱིར། དེ་ལྟ་ན་ཡང་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་སྤོང་བ་ལ་དམིགས་པའི་ཤེས་བྱེད་དེ་ཉིད་དོ། །དེ་ལྟ་མོད་ཀྱི། འཇིག་རྟེན་ལས་འདས་པའི་སྒོམ་ལམ་གྱིས་དམིགས་པ་བདེན་བཞི་ཤེས་པ་ཙམ་གྱིས་སྒོམ་སྤང་སྤོང་བ་ནི་མ་ཡིན་ཏེ། དེ་ནི་མཐོང་ལམ་གྱི་དུས་ནས་ཤེས་ཟིན་པས་ཤེས་ཟིན་དེ་ཉིད་གོམས་པ་ལ་རག་ལས་པ་ཉིད་ཀྱི་ཕྱིར་ན། གཉེན་པོ་སྐྱེས་ཞེས་སྨོས་སོ། །ཡང་མཐོང་སྤང་སྤོང་ཚུལ་གཉིས་པ། དེ་ལ་དམིགས་པ་ཡང་དག་པར། ཟད་པས་སྤོང་བ་ཞེས་བྱ་བ་དེ་ཡང་སྒོམ་སྤང་སྤོང་ཚུལ་ལ་ཡོད་པ་མ་ཡིན་ཏེ། སྒོམ་སྤངས་དགུ་པ་ལ་དམིགས་བྱེད་ནི། སྒོམ་སྤང་དང་པོ་བརྒྱད་དང༌། མཐོང་སྤང་ཀུན་འགྲོ་རྣམས་ཡིན་ལ། དེ་ཟད་པ་ཙམ་གྱིས་དགུ་པོ་དེ་སྤངས་པར་བཞག་མི་ནུས་པའི་ཕྱིར། མཐོང་སྤང་གི་སྤོང་ཚུལ་གསུམ་པ་དམིགས་པ་སྤངས་པས་སྤོང་བ་ཞེས་བྱ་བ་དེ་ཡང༌། སྒོམ་སྤང་སྤོང་ཚུལ་ལ་ཡོད་པ་མ་ཡིན་ཏེ། དགུ་པའི་དམིགས་པ་ནི། ཇི་སྐད་དུ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་བཤད་པ་ལྟར། དང་པོ་བརྒྱད་ཡིན་ལ། དེ་ཟད་པ་ཙམ་གྱིས་དགུ་པ་དེ་ཟད་པར་འཇོག་མི་ནུས་པས་སོ། །དེའི་ཕྱིར་ཡང་དམིགས་པ་ཡོངས་སུ་ཤེས་པ་ཞེས་སྨོས་སོ། །མཐོང་སྤང་རྣམས་ནི་དམིགས་པ་བདེན་པ་བཞིའི་མཚན་ཉིད་ཡོངས་སུ་ཤེས་པའི་སྒོ་ནས་སྤོང་དགོས་པ་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། དམིགས་པ་བདེན་པ་བཞི་ལ། རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་གིས་མི་ཤེས་ན། མཐོང་བས་སྤང་བར་བྱ་བ་གང་ཡང་རུང་བ་ཞིག་ཀྱང་སྤོང་མི་ནུས་པའི་ཕྱིར། དེ་ཡང་བཟོད་པ་རྣམས་ཀྱི་དུས་སུ་རང་རང་གི་དམིགས་པ་ལ་ཐེ་ཚོམ་གཅོད་པ་ཡིན་ཀྱང་ཤེས་པ་ཞེས་ནི་མི་བྱ་སྟེ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་པས་སོ། །དེ་ལྟ་མོད་ཀྱི། འདིར་དངོས་ཀྱི་དམིགས་པ་བདེན་པ་ཉིད་ལ་དམིགས་པ་དང༌། བདེན་པ་ལ་ལོག་པར་ཞུགས་པ་ཡུལ་ཅན་ལ་དམིགས་པ་གཉིས་ལས། དང་པོ་ནི། སྡུག་ཀུན་མཐོང་སྤང་རང་ས་ལ་དམིགས་པ་རྣམས་དང༌། འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་དག་ཡིན་ལ། གཉིས་པ་ལ། སྐལ་བ་མི་མཉམ་པ་ལ་དམིགས་པ་དང་མཉམ་པ་ལ་དམིགས་པ་གཉིས་ལས། དང་པོ་ནི་ཀུན་འགྲོ་བཅུ་གཅིག་གི་ནང་ནས་གོང་ས་ལ་དམིགས་པ་དག་ཡིན་ལ། གཉིས་པ་ནི། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པར་བཤད་པ་རྣམས་སོ། །དང་པོ་རྣམས་ནི་དམིགས་པ་ཡོངས་སུ་ཤེས་པས་སྤོངས་བ་ཡིན་ཏེ། འདོད་པའི་སྡུག་བསྔལ་མཐོང་སྤང་རྣམས་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་ཚེ་དང༌། དེའི་ཀུན་འབྱུང་མཐོང་སྤང་རྣམས་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་ཚེ་དང༌། ཁམས་གོང་མའི་དེ་དག་ཀྱང་རང་རང་གི་རྗེས་ཤེས་ཀྱི་ཚེ་ན་སྤངས་པ་དང༌། འགོག་ལམ་མཐོང་སྤངས་ཟག་མེད་ལ་དམིགས་པ་འདོད་པར་གཏོགས་པ་རྣམས་འགོག་ལམ་ལ་ཆོས་ཤེས་ཀྱི་ཚེ་དང༌། དེ་དང་དེ་ཁམས་གོང་དུ་གཏོགས་པ་རྣམས་དེ་དང་དེའི་རྗེས་ཤེས་ཀྱི་ཚེ་ན་སྤངས་པས་སོ། །གཉིས་པ་ནི། མཐོང་སྤང་ཇི་སྙེད་པ་མཐའ་དག་སྤངས་ཟིན་པའི་དུས་ནི་བཤད་མ་ཐག་པ་དེར་འདུས་པ་ཡིན་མོད། འོན་ཀྱང་ཐ་སྙད་འདོགས་ཚུལ་གཉིས་པ་ནི། མཐོང་སྤང་ཀུན་འགྲོ་གོང་ས་ལ་དམིགས་པ་དགུ་པོ་དེ་དངོས་ཀྱི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ནི་མ་ཡིན་ཏེ། དེའི་དངོས་ཀྱི་དམིགས་པ་ནི་ས་གོང་མའི་སྤང་བྱ་རིགས་ལྔ་པོ་དག་ཡིན་ལ། དེ་ཡོངས་སུ་ཤེས་པ་ལ་དམིགས་ཀུན་འབྱུང་ལ་རྗེས་ཤེས་སྐྱེས་པ་ཞིག་དགོས་པ་ལས། སྡུག་ཀུན་ལ་ཆོས་ཤེས་སྐྱེས་པ་ཙམ་གྱི་ཚེ་ན། འདོད་པའི་སྡུག་ཀུན་མཐོང་སྤང་གོང་ས་ལ་དམིགས་པ་དགུ་པོ་སྤངས་ཟིན་པའི་ཕྱིར། འོ་ན་གོང་ས་ལ་དམིགས་པ་དགུ་པོ་ཇི་ལྟར་སྤོང་ཞེ་ན། དེ་ལ་དམིགས་པ་ཤེས་པ་ནི། སྡུག་ཀུན་མཐོང་སྤང་རང་ས་ལ་དམིགས་པ་རྣམས་ལ་ཟེར་བ་ཡིན་ཏེ། དེས་རང་སའི་སྤང་བྱ་རིགས་ལྔ་ཆར་ལ་དམིགས་པའི་ཕྱིར། དེ་ཡང་དག་པར་ཟད་པས་གོང་ས་ལ་དམིགས་པ་དགུ་པོ་དེ་ཡང་སྤངས་པ་ཡིན་ཏེ། དེ་སྤངས་པ་ན་མཐོང་སྤང་ཀུན་འགྲོ་མ་ལུས་པར་སྤངས་པའི་ཕྱིར། གསུམ་པ་ནི། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་ཞེས་བྱ་བའི་དོན་ནི། འགོག་ལམ་མཐོང་སྤང་དག་ལས་གང་རུང་ཡང་ཡིན། དངོས་ཀྱི་དམིགས་པ་ཟག་བཅས་ཀྱང་ཡིན་པའི་གཞི་མཐུན་པ་ཞིག་གི་མིང་ཡིན་ལ། མཚན་གཞི་ནི། འགོག་པ་མཐོང་སྤང་དུ་གྱུར་པའི་འདོད་ཁོང་ང་གསུམ་དང༌། ལྟ་བ་མཆོག་ཏུ་འཛིན་པ་རྣམས་ཏེ། དེ་དག་གི་དངོས་ཀྱི་དམིགས་པ་ནི་འགོག་པ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་ཐེ་ཚོམ་གསུམ་པོ་ལ་དམིགས་ནས་སྲེད་པ་དང་ཁེངས་པ་ལ་སོགས་པའི་རྣམ་པ་ཅན་དུ་གྱུར་པས་སོ། །ལམ་མཐོང་སྤང་ལ་ཡང་དེ་བཞིན་དུ་སྦྱར་བ་ལས། ཁྱད་པར་ནི། ཚུལ་ཞུགས་མཆོག་འཛིན་བསྣན་པའོ། །དེ་དག་ཀྱང་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ནི་ཡིན་ཏེ། འགོག་ལམ་ལ་རྗེས་ཤེས་ཀྱི་ཚེ་སྤངས་པས་སོ། །འོན་ཀྱང་ཐ་སྙད་འདོགས་ཚུལ་དངོས་ཀྱི་དམིགས་པ་ཤེས་པས་སྤོང་བ་ནི་མ་ཡིན་ཏེ། དེ་དག་དངོས་ཀྱི་དམིགས་པ་ནི་ཀུན་འབྱུང་གི་བདེན་པར་འདུས་པས། ཀུན་འབྱུང་ལ་རྗེས་ཤེས་ཀྱི་ཚེ་སྤངས་པར་ཐལ་བས་སོ། །འོ་ན་ནམ་གྱི་ཚེ་སྤོང་ཞེ་ན། འགོག་ལམ་མཐོང་སྤང་དུ་གྱུར་པའི་ལོག་ལྟ་སོགས་ཉོན་མོངས་པ་སྤྱི་མཚན་པ་གསུམ་པོ་དེ་སྤངས་པའི་ཚེ་ན་ཡིན་ཏེ། དེ་དེའི་དངོས་ཀྱི་དམིགས་པར་འདུག་པས་སོ། །དེ་ལྟར་སྤོང་ཚུལ་མི་འདྲ་བས་སྤོང་བའི་སྤང་བྱ་དེ་དག་གི་མཚན་གཞིའི་གྲངས་ལ། དང་པོ་དམིགས་པ་ཡོངས་སུ་ཤེས་པས་སྤོང་བའི་རྐང་གྲངས་ནི་ལྔ་བཅུར་འཆད་དེ། མཐོང་སྤང་བརྒྱ་ཅུ་རྩ་བརྒྱད་ལས། འདོད་པའི་སྡུག་བསྔལ་མཐོང་སྤང་རང་ས་ལས་དམིགས་པ། སྐལ་བ་མཉམ་པའི་ཁམས་ཀུན་འགྲོ ལྟ་བ་དང་པོ་གཉིས་དང༌། ཀུན་འགྲོ་མ་ཡིན་པ་འདོད་ཁོང་གསུམ་དང༌། ཀུན་འབྱུང་མཐོང་སྤང་ཀུན་འགྲོ་མ་ཡིན་པ་འདོད་ཁོང་ང་གསུམ་པོ་དེ་དག་ཉིད་དེ། དེ་ལྟར་ན་འདོད་ཁམས་ལ་བརྒྱད་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པའི་སྡུག་བསྔལ་མཐོང་སྤང་དགུ་དགུ་དང་ཀུན་འབྱུང་མཐོང་སྤང་དྲུག་དྲུག་སྟེ་སུམ་ཅུ་དང༌། ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་དུ་གྱུར་པའི་མ་རིག་པ་དྲུག་མ་གཏོགས་ཟག་མེད་ལ་དམིགས་པའི་ལོག་ལྟ་དང་ཐེ་ཚོམ་བཞི་སུམ་ཅུ་གཉིས་ཏེ། ལྔ་བཅུ་པོ་དེ་དག་ནི་བདེན་པ་བཞིའི་རང་མཚན་ཡོངས་སུ་ཤེས་པས་སྤོང་སྟེ། དེ་ལྟར་ཤེས་པའི་ཤེས་པ་དང༌། ངོ་སྐལ་གྱི་སྤང་བྱར་སྦྱར་བ་རྣམས། དངོས་ཀྱི་དམིགས་པ་གཅིག་ལ་དམིགས་ནས། འཛིན་སྟངས་འགལ་བའི་རྣམ་པ་ཅན་གྱི་ཤེས་པ་ཡིན་པའི་ཕྱིར། དེ་ཡང་དཔེར་ན། སྡུག་བསྔལ་ལ་ཆོས་ཤེས་ཀྱི་ཚེ། འདོད་པའི་ཕྲ་རྒྱས་རང་ས་ལ་དམིགས་པ་དང༌། རྗེས་ཤེས་ཀྱི་ཚེ་ཁམས་གོང་མའི་མཐོང་སྤང་རང་ས་ལ་དམིགས་པ་རྣམས་སྤོང་བ་བཞིན་ནོ། །གཉིས་པ་ནི། དངོས་ཀྱི་དམིགས་པ་དེ་ལ་དམིགས་པའི་ཡུལ་ཅན་ཡང་དག་པར་ཟད་པས་སྤང་དགོས་པའི་སྤང་བྱ་རྣམས་ཀྱི་རྐང་གྲངས་ནི། དེ་དག་ལས་དགུ་གོང་དུ་དམིགས། ཞེས་བཤད་པའི་སྡུག་ཀུན་མཐོང་སྤང་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་དགུ་པོ་རྣམས་ཏེ། དེ་དག་ནི་འདོད་པའི་སྡུག་ཀུན་མཐོང་སྤང་དུ་གྱུར་པའི་འཇིག་མཐར་གཉིས་ནམ་སྤངས་པའི་ཚེ་ན་སྤངས་པས་སོ། །འདི་ཡང་ཀུན་འབྱུང་ལ་ཆོས་ཤེས་ཀྱི་ཚེ་ཡིན་གྱི་རྗེས་ཤེས་ལ་ལྟོས་པ་ནི་མ་ཡིན་ཏེ། གཟུགས་ཁམས་ཀྱི་སྡུག་ཀུན་མཐོང་སྤང་ལ་སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་མི་འཇོག་པའི་ཕྱིར། དེའི་ཕྱིར་གཟུགས་ཁམས་ཀྱི་སས་བསྡུས་པའི་ཀུན་འགྲོ་ཡིན་ན། དངོས་ཀྱི་དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཞེས་བྱ་བ་དེར་འདུས་པས་ཁྱབ་ཏེ། དེ་ཡིན་ན་རང་ས་ཁོ་ན་ལ་དམིགས་པ་དང༌། གོང་ས་ལ་དམིགས་པ་ཞེས་བྱ་བའི་དབྱེ་བ་མི་འབྱུང་བས་ཁྱབ་པའི་ཕྱིར་ཏེ། གཟུགས་ཁམས་ཀྱི་སྡུག་བསྔལ་མཐོང་སྤང་ལྟ་བུ་གཅིག་ཡིན་ན། ཁམས་གོང་མ་གཉིས་ཀའི་བདེན་པ་ལ་ཅིག་ཆར་དུ་དམིགས་པས་ཁྱབ་པའི་ཕྱིར། ཁམས་གོང་གི་སྡུག་ཀུན་མཐོང་སྤང་ལ་ཀུན་འགྲོའི་རྣམ་གཞག་ཡོད་ཀྱང༌། སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོའི་རྣམ་གཞག་མི་འབྱུང་བ་དེས་ན། དམིགས་བྱེད་ཡང་དག་པར་ཟད་པས་སྤོང་དགོས་པའི་སྤང་བྱའི་རྐང་གྲངས་དགུ་པོ་དེ་ཁོ་ནའོ། །གསུམ་པ་དམིགས་པ་སྤངས་པས་སྤོང་དགོས་པའི་སྤང་བྱའི་རྐང་གྲངས་ནི། འདོད་པ་ན་འགོག་པ་མཐོང་སྤང་རིགས་བཞི་དང༌། ལམ་མཐོང་སྤང་ལྔ་སྟེ་དགུ་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་བདུན་བདུན་སྟེ་ཉི་ཤུ་རྩ་གསུམ་པོ་རྣམས་ཏེ། དེ་དག་ནི་འགོག་ལམ་གྱི་དབང་དུ་བྱས་པའི་ལོག་ཞུགས་ཡིན་པས་སོ། །དེ་ལྟར་ན་སྤོང་ཚུལ་གསུམ་པོ་དེ་ནི། འཛིན་སྟངས་འགལ་བས་དང༌། རྒྱུ་སྤངས་པས་འབྲས་བུ་ཁེགས་པ་དང༌། ཡུལ་ཁེགས་པས་ཡུལ་ཅན་ཁེགས་པའི་དབང་དུ་བྱས་སོ། །གཉིས་པ་གཉེན་པོའི་དབྱེ་བ་ལ། དབྱེ་བ་དངོས་དང༌། དེས་གང་ལས་སྤོང་བའོ། །དང་པོ་ནི། གཉེན་པོ་རྣམ་བཞི། ཞེས་སོགས་ཏེ། འདིར་སྤོང་བ་གཉེན་པོ་ནི་བར་ཆད་མེད་པའི་ལམ་ཁོ་ན་སྟེ། རྣལ་འབྱོར་སྤྱོད་པ་པ་དག སྦྱོར་བའི་ལམ་དག་སྤོང་གཉེན་གྱི་དབྱེ་བར་འཆད་པ་དང་མི་འདྲའོ། །བར་ཆད་མེད་ལམ་འདི་ནི་སོ་སོ་སྐྱེ་བོ་དག་ལ་ཡང་ཡོད་དེ། སྤང་བྱའི་ཐོབ་པ་གཅོད་པས་དེར་འཇོག་ལ། དེ་ནི་དེ་ལ་ཡང་ཡོད་པའི་ཕྱིར། དེ་བས་ན་སོ་སོར་བརྟགས་འགོག་དང་རྣམ་པར་གྲོལ་བའི་ལམ་ཡང་གཞག་མོད། རྣམ་པར་གྲོལ་བའི་ལམ་གྱིས་བྲལ་ཐོབ་འཛིན་པ་ཞེས་བྱ་བའི་རྣམ་གཞག་ནི་ཡོད་པ་མ་ཡིན་ཏེ། དེ་ནི་ཟག་མེད་ཁོ་ན་ལ་རག་ལས་པའི་ཕྱིར། འདི་ཡང་ཞིབ་མོར་ན། བྲལ་ཐོབ་འཛིན་པ་ཙམ་ནི་འཇིག་རྟེན་པའི་ལམ་ལ་ཡང་བཞག་ཏུ་རུང་མོད། ལམ་ཟག་མེད་ཀྱིས་སྤངས་པ་དེ་གཟུང་བའི་སྟོབས་ཀྱིས། ཉམས་བཞིན་པའི་ངང་ལ་འཆི་བ་མེད་པ་ཞེས་བྱ་བ་དེ་ནི་བྲལ་ཐོབ་ཟག་མེད་ཁོ་ནའི་བྱེད་ལས་སོ། །སྤང་བྱ་དེ་སྤངས་པ་ལ་དེའི་ས་བོན་སྤངས་པ་ཞིག་དགོས་པས་ཁྱབ་པར་ཁས་ལེན་པའི་ཕྱོགས་ལ་ནི། བར་ཆད་མེད་ལམ་ལ་འདས་ལམ་གྱིས་ཁྱབ་པར་ཁས་ལེན་པ་ཡིན་གྱི། འདིར་ཐོབ་པ་བཅད་པ་ཙམ་གྱིས་སྤངས་པའི་གོ་ཆོད་པར་འདོད་པའི་ཕྱོགས་ལ་ནི། སོ་སོ་སྐྱེ་བོ་ལ་ཡང་ལམ་དུ་བཞི་ཀ་རྣམ་པར་བཞག་གོ །འདིར་རྣམ་པར་སུན་འབྱིན་པའི་གཉེན་པོར་ཐ་མར་བཤད་ཀྱང༌། སྐྱེ་བའི་གོ་རིམ་ཐོག་མར་འཆད་དགོས་ཏེ། སྦྱོར་བའི་ལམ་སྔོན་དུ་མ་སོང་བར་བར་ཆད་མེད་པའི་ལམ་འབྱུང་བའི་ཕྱིར། དེ་ཡང་གང་ཞེ་ན། འགྲེལ་པར། ཇི་སྐད་དུ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པ་སྦྱོར་བའི་ལམ་མོ། །ཞེས་འབྱུང་བ་དེའི་དོན་ལ། ཁ་ཅིག་ངེས་འབྱེད་ཆ་མཐུན་ལ་འཆད་པ་དང༌། གཞན་དག་སྡུག་ཀུན་ལ་རྗེས་ཤེས་ཚུན་ཚད་སྦྱོར་བའི་ལམ་དུ་འཆད་པ་ཡོད་མོད། དེའི་ལྟར་ན་སྤོང་གཉེན་ལ་སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གཉིས་སུ་ཕྱེ་བའོ། །གཉིས་པ་ནི། ཉོན་མོངས་སྤོང་བ་ན་གང་ལས་སྤང་བར་བྱ་ཞེ་ན། བཤད་པ། དམིགས་པ་ལས། ཉོན་མོངས་པ་ནི་སྤང་བྱར་འདོད་ཅེས་པ་སྤང་བྱ་ཉོན་མོངས་པ་ནི་གཉིས་ཏེ། རང་རྒྱུད་ལ་མཚུངས་ལྡན་དུ་ཡོད་པ་དང༌། མཚུངས་ལྡན་མ་ཡིན་པའི་ཆོས་ལ་དམིགས་ནས་སྐྱེ་བའོ། །གཉིས་པ་ལྟ་ཞོག དང་པོ་དེ་ཡང་གང་ལ་དམིགས་པའི་ཡུལ་ལས་ལོགས་སུ་ཕྱེ་ནས་སྤོང་བ་ཡིན་གྱི། མཚུངས་ལྡན་ལས་ལོགས་སུ་ཕྱེ་ནས་སྤོང་བ་ནི་མ་ཡིན་ཏེ། དེ་ལས་ལོགས་སུ་དབྱེ་བར་མི་ནུས་པའི་ཕྱིར། མི་ནུས་པའི་དོན་གང༌། དམིགས་པ་ལས་དབྱེ་བར་ནུས་པའི་དོན་ཅི་ཞེ་ན། དང་པོའི་དོན་ནི། དཔེར་ན་ངང་པས་ཆུ་ལས་འོ་མ་འཐུང་པ་ན། གཉིས་པོ་སོ་སོར་ཕྱེ་ནས་འོ་མ་འཐུང་ལ། ཆུ་ཤུལ་དུ་འཇོག་པ་ལྟར། ཉོན་མོངས་པ་སྤོང་བ་ན། འདོད་ཆགས་སྤངས་པའི་ཤུལ་དུ་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་ལོགས་སུ་ཕྱེ་ནས་འཇོག་པ་ནི་མ་ཡིན་ཏེ། འདོད་ཆགས་ཀྱི་གཉེན་པོས་སྤང་བྱ་དེ་མཚུངས་ལྡན་ལས་དབྱེ་བར་མི་ནུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། གཉིས་པོ་ཡུལ་དང་དེ་མ་ཐག་རྐྱེན་གྱི་ཚོགས་པ་གཅིག་ལ་སྐྱེ་བའི་དུས་དང་འགག་པའི་དུས་མཉམ་དུ་བྱེད་པའི་ཕྱིར། དམིགས་པ་ལས་ནི་དེ་ལྟར་མིན་པས་ལོགས་སུ་དབྱེ་བར་ནུས་པ་ཡིན་ཏེ། གང་ལ་དམིགས་པའི་ཡུལ་གྱི་མཚན་ཉིད་ཡོངས་སུ་ཤེས་པའམ། དེ་མ་ཤེས་ཀྱང༌། བྱིས་པ་དག་གིས་ཡུལ་དེ་ལ་དམིགས་པའི་འདོད་ཆགས་སྤྱད་པས་ཡུལ་ཅན། ལོགས་སུ་དབྱེ་ནུས་པའི་ཕྱིར། དེ་ཡང་དམིགས་པ་ལ་གཉིས་ཏེ། རང་རྒྱུད་ལ་ཡོད་པ་དང༌། གཞན་རྒྱུད་དམ་རྒྱུད་ཀྱིས་མ་བསྡུས་པ་དག་གོ །དང་པོ་ལ་གཉིས་ཏེ། ཉོན་མོངས་པ་ཅན་དང༌། དེ་མ་ཡིན་པའོ། །དང་པོ་ནི། །དམིགས་ཡུལ་ཉོན་མོངས་ཅན་དེའི་ཐོབ་པ་བཅད་པ་ན། ཡུལ་ཅན་ཉོན་མོངས་པ་དེ་སྤངས་པ་ལ་ནི་དམིགས་པ་ལས་སྤངས་པ་ཞེས་བྱ་བར་འཇོག་ཚུལ་གཅིག་ཡིན་ལ། ཉོན་མོངས་ཅན་མ་ཡིན་པ་སོགས་གསུམ་པོ་ལ་ནི། ཡུལ་དེ་ལ་འདུན་པའི་རང་རྒྱུད་ཀྱི་འདོད་ཆགས་སྤངས་པ་ལ། ཡུལ་དེ་ཡང་སྤངས་པའི་ཐ་སྙད་བྱས་པ་ཡིན་ཏེ། འདི་ཡང་དམིགས་པ་ལས་སྤངས་པ་ཞེས་བྱ་བའི་ཁྱད་པར་གཅིག་གོ །དེ་ལ་དམིགས་པ་ལས་སྤོང་བའི་ཚུལ་ནི་གཉིས་ཏེ། ཡུལ་དམིགས་པ་དེ་ཉིད་སྤངས་པས་སྤོང་བ་དང༌། དེ་སྤོང་མི་ནུས་པ་ཞིག་ཡིན་ན་ཡུལ་དང་ཡུལ་ཅན་གྱི་སྦྲེལ་ཐག་གཅོད་པའོ། །དང་པོ་ནི། རང་རྒྱུད་ཀྱི་ལོག་ལྟ་ལ་དམིགས་པའི་འདོད་ཆགས་སྤོང་བ་ལྟ་བུ་ཡིན་ལ། གཉིས་པ་ནི། གཞན་རྒྱུད་ཀྱི་ཆོས་གསུམ་དང༌། རང་རྒྱུད་ཀྱི་དགེ་བ་དང༌། ལུང་མ་བསྟན་ལ་དམིགས་པའི་ཉོན་མོངས་སྤོང་བའི་ཚེ་ལྟ་བུའོ། །དེ་གཉིས་ཀ་ལ་ཡང༌། ཡུལ་ཅན་ཉོན་མོངས་ཀྱི་ཐོབ་པ་གཅོད་དགོས་པར་ནི་འདྲ་བ་ཡིན་ཏེ། དེ་མ་བཅད་ན་སྤངས་པའི་ཐ་སྙད་མི་འབྱུང་བས་སོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། འགྲེལ་པ་ལས། ཇི་ཙམ་གྱི་ན། ཉོན་མོངས་པ་སྤངས་པ་ཞེས་བརྗོད་ཅེ་ན། རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་གཅོད་པས་སོ། །གཞན་གྱི་རྒྱུད་ལ་ཡོད་པ་ནི། ཉོན་མོངས་པ་དང་གཟུགས་ཐམས་ཅད་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་ནི། དེ་དག་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པས་སོ། །ཞེས་འབྱུང་ངོ༌། །ཡང་འགྲེལ་པ་ལས། ཇི་སྐད་དུ། རེ་ཤིག་མ་འོངས་པ་ནི་དམིགས་པ་ལས། རྣམ་པར་དབྱེ་བར་ཡང་ནུས་གྲང་ན། འདས་པ་ཇི་ལྟར་ནུས། འོན་ཏེ་འདིའི་དོན་ནི། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་ཞེས་བྱ་བ་དེ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ངེས་ཏེ། དེ་བས་ན་འདི་ནི་བརྗོད་པར་བྱ་དགོས་སོ། །ཞེས་བཤད། དེའི་དོན་ནི། སློབ་དཔོན་གྱིས་བྱེ་སྨྲ་སྔ་རབས་པ་ལ་རྒོལ་བ་སྟེ། འདི་ལ་གསུམ་ལས། དང་པོ་སློབ་དཔོན་གྱིས་དྲིས་པ་ནི། ཉོན་མོངས་པ་ལ་མ་འོངས་པ་དག་ཡུལ་ལ་དམིགས་ནས་མི་སྐྱེ་བར་བྱར་ཡོད་པས་དམིགས་པ་ལས་དབྱེ་ནུས། ཉོན་མོངས་པ་འདས་པ་རྣམས་ནི་ཡུལ་ལ་དམིགས་ཟིན་པས་ཇི་ལྟར་དབྱེ་ཞེས་པའོ། །འདི་ལྟར་འདྲི་བའི་རྒྱུ་མཚན་ཡང༌། གྲུབ་པའི་མཐའ་ལ། གཉེན་པོ་འདས་པས་སྤང་བྱ་ད་ལྟ་བ་དང་མ་འོངས་པ་གཉིས་སྤོང་བ་ཡིན་ཏེ། གཉེན་པོའི་དུས་ན་དེའི་སྤང་བྱ་ད་ལྟ་བ་ནི་མེད་པས་སྤོང་མི་ནུས་པའི་ཕྱིར། འདས་པ་ནི་སྤོང་དགོས་ཏེ། སྤང་བྱ་ནི་ཡིན་ཞིང༌། མ་སྤངས་པའི་ཕྱིར། ཇི་ལྟར་སྤོང་ན། འདས་པའི་གོ་ས་ན་ཡུལ་ཡུལ་ཅན་གཉིས་ཀ་མཉམ་དུ་ཚོགས་ནས་ཡོད་པ་དེ་མ་སྤངས་ན་རྒྱས་པར་འགྱུར་བས་སོ་སོར་ཁ་ཕྲལ་བའོ། །དེ་ལྟར་བྱེད་པ་པོ་ནི་གཉེན་པོ་ད་ལྟ་བ་ཉིད་དེ། དེས་མཚུངས་ལྡན་ཕྲལ་མི་ནུས་ལ། ཡུལ་ཡུལ་ཅན་ཁ་ཕྲལ་བར་ནུས་པ་ནི་གྲུབ་པའི་མཐའ་ལ་ཡོད་པའི་རྒྱུ་མཚན་གྱིས་དྲིས་སོ། །གཉིས་པ་བྱེ་སྨྲའི་ལན་ནི། གཉེན་པོ་ད་ལྟ་བས་ཉོན་མོངས་འདས་པ་དེའི་དམིགས་ཡུལ་གྱི་མཚན་ཉིད་ཡོངས་སུ་ཤེས་པ་ན། གཉིས་པོ་སོ་སོར་ཕྲལ་ནུས་པ་ཡིན་ལ། མཚུངས་ལྡན་ལ་ནི་དེ་ལྟར་མ་ཡིན་ནོ། །གསུམ་པ་དེ་ལ་སློབ་དཔོན་གྱིས་སུན་འབྱིན་བརྗོད་པ་ནི། དེ་ཡང་མ་ངེས་ཏེ། ཞེས་པ། དེ་ལྟ་ན་དམིགས་པ་ཡོངས་སུ་ཤེས་པ་ལ་སོགས་པའི་སྤོངས་ཚུལ་གསུམ་བཤད་པ་དང་འགལ་ཏེ། སྐལ་བ་མི་མཉམ་པའི་ཁམས་ཀུན་འགྲོ་འདས་པ་རྣམས་ལ་སྤོང་ཚུལ་དང་པོ་དེ་མེད་པའི་ཕྱིར། ཞེས་པའོ། །དེ་ལ་བྱེ་སྨྲས་ལན་ལྡོན་མི་ཤེས་པ་ལྟ་བུའི་ཚུལ་དུ་འཆད་པ་ན། དེ་བས་ན་འདི་བརྗོད་དགོས་སོ། །ཞེས་བཤད་ཀྱང༌། ལན་ནི་འདི་ལྟར་ལྡོན་ནུས་ཏེ། སྤོང་ཚུལ་གཉིས་པ་དེས་དམིགས་པ་ལས་འབྱེད་ནུས་སོ། །གཉིས་པ་དེ་ནམ་གྱི་ཚེ་འབྱུང་ཞེ་ན། སྡུག་ཀུན་ལ་ཆོས་ཤེས་སྐྱེས་པའི་ཚེ་ན། ཆོས་ཤེས་ད་ལྟར་བས་ཀུན་འགྲོ་འདས་པའི་ཡུལ་ཡུལ་ཅན་གྱི་སྦྲེལ་ཐག་གཅོད་པར་བྱེད་དོ། །ཞེས་བྱ་བ་འདི་ཉིད་གྲུབ་པའི་མཐའ་ཡིན་པས་སོ། །གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་བཤད་པ་ལ་གཉིས་ཏེ། ངོ་བོ་དང༌། དབྱེ་བའོ། །དང་པོ་ལ། སྤྱིར་ཡོངས་སུ་ཤེས་པའི་མིང་ཅན་ནི་གཉིས་ཏེ། ཡེ་ཤེས་ཀྱི་ཡོངས་ཤེས་དང༌། སྤངས་པའི་ཡོངས་ཤེས་སོ། །དང་པོ་ནི། ཟག་མེད་རྣམ་གྲོལ་ལམ་གྱི་ངོ་བོར་གྱུར་པའི་ཡེ་ཤེས་ཤིག་ཡིན་ལ། གཉིས་པ་ནི། ངོས་སྐལ་གྱི་སྤང་བྱ་སྤངས་པའི་འགོག་བདེན་ཞིག་གོ །དེ་ལྟར་གཉིས་ལས། འདིར་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། དེ་ཡང་ཡོངས་ཤེས་གཏགས་པ་བ་ཡིན་ཏེ། རྒྱུ་ཡེ་ཤེས་ཀྱི་མིང་གིས་སམ། ཡུལ་ཅན་ཡེ་ཤེས་ཀྱི་མིང་གིས་བཏགས་པའི་ཕྱིར། སྤངས་པ་ལ་ཡོངས་ཤེས་སུ་འཇོག་པ་དེ་ལྟར་ན། ཡོངས་ཤེས་གོང་ནས་གོང་དུ་འགྲོར་མེད་པའམ། ཡང་ན་སྤངས་པ་གོང་ནས་གོང་དུ་འགྲོར་ཡོད་པར་འགྱུར་རོ། །ཞེ་ན། ལན་གཅིག་ཏུ་ཟད་དེ་དག་གི །བྲལ་བའི་ཐོབ་པ་ཡང་དང་ཡང༌། །ཞེས་པ། སྤངས་པ་ནི་རྟག་པས་འགྱུར་བ་མེད་ལ། སྤངས་པ་དེ་འཛིན་བྱེད་ཀྱི་ཐོབ་པ་ནི་ཡང་དང་ཡང་དུ་འཕོ་བ་ཡིན་ཏེ། གནས་སྐབས་དྲུག་པོ་དག་ཏུ་བྲལ་ཐོབ་སྔ་མ་བཏང་ནས་ཕྱི་མ་སྐྱེ་བའི་ཕྱིར། དྲུག་པོ་གང་ཞེ་ན། གཉེན་པོ་སྐྱེས་དང་འབྲས་ཐོབ་དང༌། །དབང་པོ་རྣམ་པར་འཕེལ་རྣམས་སུ། །ཞེས་པ་སྟེ། གཉེན་པོ་ནི་འདིར་རྣམ་པར་གྲོལ་བའི་ལམ་ལ་བྱ་དགོས་ཏེ། བར་ཆད་མེད་ལམ་གྱི་ཚེ་ན་བྲལ་ཐོབ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཙམ་ཡིན་གྱི། སྐྱེས་པ་མ་ཡིན་པའི་ཕྱིར། སྤྱིར་བྲལ་ཐོབ་འཛིན་བྱེད་ཀྱི་གཉེན་པོ་རྣམ་གྲོལ་ལམ་ལ། འཇིག་རྟེན་པའི་ལམ་ཡོད་ཀྱང༌། འདིར་ཡོངས་ཤེས་འཇོག་བྱེད་ཀྱི་བྲལ་ཐོབ་ནི་ཟག་མེད་ཁོ་ན་སྟེ། འདི་ཡོངས་ཤེས་ལ་ནི་རྒྱུ་བཟོད་ཤེས་སྔོན་དུ་འགྲོ་དགོས་པའི་ཕྱིར། དེ་ལྟ་ན་ཡང༌། བྲལ་ཐོབ་ཟག་མེད་ཀྱིས་གཟུང་བའི་སྤངས་པ་ཡིན་པ་ཙམ་གྱིས་ཡོངས་ཤེས་སུ་བཞག་ནུས་པ་མ་ཡིན་ཏེ། དཔེར་ན། སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་བཞིན་ནོ། །འབྲས་ཐོབ་དང༌། ཞེས་པ་ནི། དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་པོ་དག་གོ །དེ་ལྟར་བཤད་པ་དེའི་ཕྱིར་སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་དེ་ཉིད། བཅུ་དྲུག་པའི་ཚེ་ན་བྲལ་ཐོབ་སྔ་མ་བཏང་ནས་ཕྱི་མ་སྐྱེས་པ་ཡིན་མོད། དེའི་གོང་དུ་མ་ཡིན་ཏེ། དེར་གཉེན་པོ་སྐྱེས་པ་དང༌། འབྲས་བུ་ཐོབ་པ་དང༌། དབང་པོ་འཕོ་བ་གསུམ་པོ་གང་ཡང་མ་ཚང་བའི་ཕྱིར། དེ་ལྟ་ན་ཡང༌། གོང་དེར་ཡོངས་ཤེས་སུ་ནི་གཞག་དགོས་ཏེ། ཀུན་འབྱུང་མཐོང་སྤང་སྤངས་པའི་ཚེ། ཇི་སྐད་དུ། འདོད་པ་ན། །དང་པོ་རྣམ་གཉིས་ཟད་ལ་གཅིག །ཅེས་བཤད་པའི་ཕྱིར། དེ་ལྟ་ན་ཡང་སྐབས་དེར་ཀུན་འབྱུང་མཐོང་སྤང་མ་ལུས་པར་སྤངས་པའི་འགོག་བདེན་གཅིག་པུ་ཤེས་ཡོངས་སུ་འཇོག་པའམ། སྡུག་བསྔལ་མཐོང་སྤང་སྤངས་པའི་འགོག་པ་དང་གཉིས་ཀ་དེར་འཇོག་ཅེས་བརྟག་དགོས་ཏེ། དེའི་ཚེ་གཉིས་པོ་ཐོབ་པ་ཐུན་མོང་བ་གཅིག་གིས་བསྡུས་པར་ནི་མི་འཆད་པས་སོ། །ཞེས་དཔྱད་ན་དཀའ་བའི་གནས་སུ་འགྱུར་བས། འདི་ལྟར་འཆད་དགོས་པ་ཡིན་ཏེ། མཐོང་ལམ་གྱི་ཤེས་པ་བརྒྱད་པོ་རེ་རེ་ཞིང་ཡང༌། ཐོབ་པ་གསར་རྙེད་རེ་རེ་དང༌། སྒོམ་སྤང་དགུ་པོ་སྤངས་པའི་རྣམ་པར་གྲོལ་བའི་ལམ་རེ་རེ་ཞིང་ཡང་ཐོབ་པ་གསར་དུ་རྙེད་པ་རེ་རེ་ཡོད་པ་ཡིན་ལ། དེ་དག་ཀྱང་ངོ་སྐལ་གྱི་སྤང་བྱ་མ་ཡིན་པའི་སྤངས་པ་སྔ་མ་ཞིག་སྔོན་དུ་སོང་ན། དེ་དང་ངོ་སྐལ་གྱི་སྤངས་པ་གཉིས་ཀ་བསྡོམས་པའི་ཐོབ་པ་ཡིན་པ་ལ་ཁྱད་པར་མེད་དོ། །དེ་ཐམས་ཅད་ཡོངས་ཤེས་སུ་འཇོག་པ་ནི་མ་ཡིན་ཏེ། དེར་འཇོག་པ་ལ་རྒྱུ་གཉིས་ཀུན་ཏུ་བཅོམ་པ་ལ་སོགས་པའི་ཁྱད་ཆོས་དག་ཚང་དགོས་པའི་ཕྱིར། འདིར་འགྲེལ་པ་ལས། དེ་ལ་ཅི་རིགས་པར་ཁ་ཅིག་ནི་དུས་དྲུག་ཏུ་ཐོབ་པ་ནས། ཁ་ཅིག་ནི་དུས་གཉིས་ཀྱི་བར་དུ་ཐོབ་པར་ལྟའོ། །ཞེས་བཤད་པ་དེ་ནི། ཆགས་བྲལ་སྔོན་དུ་མ་སོང་ན། སྡུག་བསྔལ་མཐོང་སྤང་སྤངས་པའི་སྤངས་པ་དེའི་ཐོབ་པ་ཟག་མེད། གཉེན་པོ་ཆོས་ཤེས་ཀྱི་ཚེ་ཐོབ་པ་དང༌། འབྲས་བུ་བཞིའི་རིམ་པས་བཞི་དང༌། དབང་པོ་འཕོས་པའི་ཚེའོ། །གཉིས་ཐོབ་པ་ནི། འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་སྤངས་པ་དེ་བཅུ་དྲུག་པའི་ཚེ་དང༌། དགྲ་བཅོམ་པའི་ཚེའོ། །དེ་ཡང་དབང་པོ་རྣོན་པོས་ཐོབ་པའི་དབང་དུ་བྱས་ཤིང༌། འདི་ལ་གཉེན་པོས་ཐོབ་པ་ནི་མི་བཞག་སྟེ། གཉེན་པོ་འཇིག་རྟེན་པའི་རྣམ་གྲོལ་སྡོན་དུ་སོང་བའི་ཕྱིར། འོ་ན་ཆགས་བྲལ་སྔོན་སོང་འདིས་མཐོང་ལམ་གྱི་ཤེས་པ་བརྒྱད་པོ་གང་རུང་མངོན་དུ་བྱས་པའི་ཚེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་འཇོག་ནུས་སམ། ཞེ་ན། མ་ཡིན་ཏེ། དེ་ལ་ནི། ཇི་སྐད་དུ། ལྷག་མ་རྣམས་ནི་ཤེས་པའི་ཡིན། ཞེས་སྒོམ་ལམ་ཆོས་ཤེས་དང་རྗེས་ཤེས་ཀྱིས་ཐོབ་པ་ཞིག་དགོས་པའི་ཕྱིར། དེས་ན་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུར་གྱུར་པའི་སྤངས་པ་ལས་ཡོངས་ཤེས་ཀྱིས་མ་ཁྱབ་ཅིང༌། རྒྱུན་ཞུགས་དང༌། དགྲ་བཅོམ་པའི་འབྲས་བུར་གྱུར་པའི་དེ་ལ་དེས་ཁྱབ་པར་ཁས་ལེན་པ་ཡིན་ཏེ། དེ་དང་དེ་ལ་མཐོང་སྤང་སྤངས་པའི་དང༌། ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་ཀྱིས་ཁྱབ་པའི་ཕྱིར། གཉིས་པ་དབྱེ་བ་ལ། དངོས་དང༌། དེར་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། ཡོངས་སུ་ཤེས་དགུ་འདོད་པ་ན། །དང་པོ་རྣམ་གཉིས་ཟད་ལ་གཅིག །གཉིས་ཟད་པ་ནི་དེ་གཉིས་སོ། །དེ་བཞིན་གོང་མའི་དེ་གསུམ་ཉིད། །ཐ་མའི་ཆ་དང་མཐུན་གཟུགས་དང༌། གཟུགས་མེད་ཟག་པ་ཀུན་ཟད་ཉིད། །ཅེས་པ། མཐོང་སྤང་སྤངས་པའི་ཡོངས་ཤེས་ནི་དྲུག་སྟེ། འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། དེ་བཞིན་དུ། ཁམས་གོང་མའི་གསུམ་མོ། །གང་ཞེ་ན། འདོད་པའི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་དང༌། འགོག་ལམ་མཐོང་སྤང་སྤངས་པ་ལས་རེ་རེ་སྟེ། གོང་མ་ལ་ཡང་དེ་བཞིན་ནོ། །འོ་ན་དང་པོ་གཉིས་གཅིག་ཏུ་བསྡོམ་པ་ཅི་ཞེ་ན། ཡོངས་ཤེས་སུ་འཇོག་པ་ལ་ནི་སྤངས་པ་དང་བྲལ་བ་གཉིས་ཀ་ཚོགས་པ་དགོས་ཏེ། དེར་འཇོག་པ་ལ་བྲལ་ཐོབ་ཟག་མེད་ཀྱིས་སྤངས་པ་དེ་འཛིན་དགོས་པའི་ཕྱིར། སྡུག་བསྔལ་མཐོང་སྤང་སྤངས་ཀྱང༌། ཀུན་འབྱུང་ལ་དེ་མ་སྤངས་ན་སྤངས་པ་དེ་ཡོངས་ཤེས་སུ་མི་བཞག་སྟེ། སྤང་བྱ་དེ་དང་མ་བྲལ་བའི་ཕྱིར། དེ་སྐད་དུ་ཡང༌། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང༌། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་སོ། དེ་བཞིན་དུ་ཁམས་གསུམ་པོ་རེ་རེའི་ཉོན་མོངས་མ་ལུས་པ་སྤངས་པ་ཉིད་ཀྱི་ཚེ་ན་ཡོངས་ཤེས་སུ་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་སོ། །འོ་ན་འགོག་པ་མཐོང་སྤང་སྤངས་ཀྱང༌། ལམ་མཐོང་སྤང་མ་སྤངས་པའི་ཚེ་ན། ཡོངས་ཤེས་གཞག་ཏུ་མེད་པར་མཚུངས་སོ། །ཞེ་ན། འགོག་ལམ་མཐོང་སྤང་ལ་ཀུན་འགྲོ་མི་འཇོག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱི་ཤེས་བྱེད་དང༌། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཀྱི་ཤེས་བྱེད་དོ། །དང་པོ་ནི། བྲལ་བའི་ཐོབ་པ་ཟག་མེད་དང༌། །སྲིད་རྩེ་ཉམས་པར་བྱས་པ་དང༌། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཞེས་པ། རྒྱུ་མཚན་གསུམ་པོ་འདི་ཚང་བའི་སྤངས་པ་ཁོ་ན་ཡོངས་ཤེས་སུ་འཇོག་གི གཞན་ལ་མ་ཡིན་ཏེ། སོ་སོ་སྐྱེ་བོ་ལ་ནི་རྒྱུ་མཚན་དང་པོ་གཉིས་མ་ཚང༌། འཕགས་པ་ཡང་ཇི་སྲིད་སྡུག་བསྔལ་ལ་རྗེས་ཤེས་མ་སྐྱེས་པ་དེ་སྲིད་དུ། རྒྱུ་མཚན་དང་པོ་ཚང་ཡང༌། གཉིས་པ་མ་ཚང༌། སྡུག་བསྔལ་ལ་རྗེས་ཤེས་ནས་ཀུན་འབྱུང་ལ་ཆོས་བཟོད་ཀྱི་བར་དེར་རྒྱུ་མཚན་དང་པོ་གཉིས་ཚང་ཡང་གསུམ་པ་མ་ཚང་བའི་ཕྱིར། འདིར་རྒྱུ་གཉིས་ཞེས་པ་ནི། སྡུག་ཀུན་མཐོང་སྤང་དུ་གྱུར་པའི་ཀུན་འགྲོ་དག་ལ་ཟེར་བ་ཡིན་ལ། དེ་ཡང་འདོད་པའི་སྡུག་ཀུན་མཐོང་སྤང་དུ་གྱུར་པའི་ཀུན་འགྲོ་སྤང་པ་ཙམ་གྱིས་རྒྱུ་གཉིས་བཅོམ་པའི་གོ་ཆོད་པ་ཡིན་ཏེ། ཀུན་འབྱུང་ལ་ཆོས་ཤེས་ཀྱི་ཚེ། ཁམས་གོང་མའི་ཀུན་འབྱུང་མཐོང་སྤང་དུ་གྱུར་པའི་ཀུན་འགྲོ་རྣམས་མ་སྤངས་ཀྱང༌། དེས་འདོད་པའི་སྡུག་ཀུན་མཐོང་སྤང་ལ་མ་དམིགས་པས་དེ་དང་ལྡན་པར་མི་འཇོག་པའི་ཕྱིར། དེས་ན། ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཞེས་པ་ཁམས་གཅིག་པའི་དབང་དུ་བྱེད་དགོས་པའི་ཕྱིར། ཁམས་རེ་རེའི་དབང་དུ་བྱས་པའི་སྡུག་ཀུན་མཐོང་སྤང་སྤངས་པ་ན་རྒྱུ་གཉིས་ཀུན་ཏུ་བཅོམ་པར་བཞག་པའོ། །འོ་ན་འདོད་པའི་ཀུན་འབྱུང་མཐོང་སྤང་སྤངས་པའི་ཚེ། ཁམས་གོང་མའི་སྡུག་བསྔལ་མཐོང་སྤང་སྤངས་པ་སྔོན་དུ་འགྲོ་མི་དགོས་ན་ནི། ཀུན་འབྱུང་ལས་ཆོས་ཤེས་ཀྱི་ཚེ་རྒྱུ་གཉིས་ཀུན་ཏུ་བཅོམ་པར་མི་འགྲུབ་ལ། དགོས་ན་ནི་སོ་སོ་སྐྱེ་བོ་ལ་རྒྱུ་གཉིས་ཀུན་ཏུ་བཅོམ་པ་ཡོད་པ་འཆད་པ་དེ་ཇི་ལྟ་བུ་ཞེ་ན། སྤོང་ཚུལ་གཉིས་པོ་མི་མཚུངས་ཏེ། སོ་སོ་སྐྱེ་བོས་ནི་འདོད་པའི་ཁམས་ཀྱི་མཐོང་སྤང་མ་ལུས་པ་ཆུང་འབྲིང་དགུའི་རིམ་པས་སྤངས་ཟིན་པའི་འོག་ཏུ། གཟུགས་ཀྱི་མཐོང་སྤང་མ་ལུས་པ་དང༌། དེའི་འོག་ཏུ་གཟུགས་མེད་དང་པོ་གསུམ་གྱི་མཐོང་སྤང་སྤོང་བ་ཡིན་ལ། འཕགས་པས་ནི་ཁམས་གསུམ་ཆར་གྱི་སྡུག་བསྔལ་མཐོང་སྤང་རྣམས་སྤངས་ཟིན་པའི་འོག་ཏུ་གསུམ་ཆར་གྱི་ཀུན་འབྱུང་མཐོང་སྤང་སྤོང་བ་ལ་སོག་པའི་རིམ་པ་ལ་འཇུག་པས་སོ། །གཉིས་པ་ནི། ཁམས་ལས་འདས་པ་ལས། ཞེས་པ། སྒོམ་སྤང་སྤངས་པའི་ཡོངས་ཤེས་སུ་འཇོག་པ་ལ་ནི་རྒྱུ་མཚན་ལྔ་མ་གསུམ་པོ་དེ་ཚང་བའི་སྟེང་དུ། ཁམས་གསུམ་པོ་གང་རུང་ལས་འདས་པ་སྟེ། རྒྱུ་མཚན་བཞི་ཚང་དགོས་པའོ། །འོ་ན་ཇི་སྐད་དུ། ལྷག་མ་རྣམས་ནི་ཤེས་པའི་ཡིན། །ཞེས་བཤད་པས། ཡོངས་ཤེས་ཕྱི་མ་དག་ལ་ཆགས་བྲལ་སྔོན་སོང་དུ་མི་འཇོག་གམ། ཞེ་ན། མ་ཡིན་ཏེ། བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཅེས་འཆད་པའི་ཕྱིར། དེ་ཡང་ལྔ་ཞེས་པ་ནི་ཁམས་གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་དང༌། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཕྱི་མ་གཉིས་སོ། །བརྒྱད་ཅེས་པ་ནི། བཙུན་པ་དབྱངས་སྒྲོགས་ན་རེ། འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་པོ་ཡང༌། ཆགས་བྲལ་སྔོན་སོང་གི་ཐོབ་པ་ན་བསམ་གཏན་གྱི་སྟོབས་ཀྱི་བྲལ་ཐོབ་ཟག་མེད་གསར་དུ་རྙེད་པའི་དང༌། མི་ལྕོགས་མེད་ཁོ་ནའི་ཐོབ་འབྲས་ནི་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུར་ངེས་པའི་ཕྱིར། ཞེས་པའོ། །ཡང་གང་ཟག་སུ་ཞིག་ཡོངས་སུ་ཤེས་པ་དུ་དང་ལྡན་ཞེ་ན། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །སྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ༌། །ཞེས་པ། སོ་སོ་སྐྱེ་བོ་ནི་གཅིག་དང་ཡང་མི་ལྡན་ལ། ཀུན་འབྱུང་ལ་ཆོས་ཤེས་ལ་གནས་པ་ནི། འདོད་པའི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་གཅིག་པུ་དང་ལྡན། ཀུན་འབྱུང་ལ་རྗེས་ཤེས་ཀྱི་ཚེ། གོང་མ་གཉིས་ཀྱི་སྡུག་ཀུན་མཐོང་སྤང་སྤངས་པའི་ཡོངས་ཤེས་བསྣན་པས་གཉིས་དང་ལྡན། འགོག་པ་ལ་ཆོས་ཤེས་ཀྱི་ཚེ་གསུམ་དང༌། རྗེས་ཤེས་ཀྱི་ཚེ་བཞི་དང༌། ལམ་ལ་ཆོས་ཤེས་ཀྱི་ཚེ་ལྔ་དང་ལྡན་ནོ། །ཆགས་བྲལ་སྔོན་དུ་མ་སོང་བའི་བཅུ་དྲུག་པ་ལ་གནས་པ་ནི། དྲུག་དང༌། དེ་ཉིད་ཀྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་ཚེ་ཡོངས་ཤེས་སྔ་མ་རྣམས་བསྡོམས་ནས། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུ་དང་ལྡན་པ་ཡིན་ལ། དེས་གཟུགས་ལ་ཆགས་བྲལ་བྱས་པའི་ཚེ་ཡོངས་ཤེས་སྡོམ་པ་མེད་པས། གཟུགས་ལ་ཆགས་བྲལ་གྱི་ཡོངས་ཤེས་དང་གཉིས་ལྡན་པ་ཡིན་ཞིང༌། དགྲ་བཅོམ་པའི་ཚེ་གཅིག་ཁོ་ན་དང་ལྡན་པ་ཡིན་ཏེ། ཁམས་ལས་འདོད་ཆགས་བྲལ་བ་དང༌། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་པས་སོ། །འདིར་ཡོངས་ཤེས་བསྡོམས་པ་དང༌། སྤངས་པ་བསྡོམས་པའི་ཁྱད་པར་ཕྱེད་དགོས་ཏེ། སྤངས་པ་ནི་བཅུ་དྲུག་པའི་ཚེ་ན་ཡང་བསྡོམས་པར་བཤད་ལ། ཡོངས་ཤེས་ནི་དེའི་ཚེ་མི་སྡོམ་པར་དྲུག་ལྡན་དུ་བཤད་པའི་ཕྱིར། བཅུ་དྲུག་པའི་ཚེ་ཡོངས་ཤེས་མི་བསྡོམས་པས་ཁྱབ་པ་ཡང་མ་ཡིན་ཏེ། འདོད་པ་ཆགས་བྲལ་སྔོན་སོང་གི་བཅུ་དྲུག་པ་ཐོབ་པའི་ཚེ། དེ་གོང་གི་ཡོངས་ཤེས་ལྔའི་བར་སོ་སོ་བ་དག་དང་ལྡན་པ་དེ་བསྡོམས་ནས་ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཅིག་པུ་དང་ལྡན་པར་འཆད་པའི་ཕྱིར་ཏེ། འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་པས་སོ། །ཆགས་བྲལ་སྔོན་སོང་གིས་ཤེས་པ་དང་པོ་བདུན་ལས་ཀུན་འབྱུང་ལ་ཆོས་ཤེས་མངོན་དུ་བྱས་པའི་ཚེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཞག་ནུས་པར་འགྱུར་ཏེ། དེར་འཇོག་བྱེད་ཀྱི་རྒྱུ་མཚན་བཞི་པོ་ཚང་བས་སོ། །ཞེ་ན། ཅུང་ཟད་དཔྱད་དགོས་མོད། དེར་ངེས་པ་མ་ཡིན་ཏེ། ཐ་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་ཡིན་ན། དེ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་དགོས་པའི་ཕྱིར། སྨྲས་པ། གཞན་དུ་ཉོན་མོངས་པ་ནི་འཁོར་བར་མ་ཟད་མི་གནས་པའི། །མྱང་འདས་ཐབས་སུ་མེད་མི་རུང་ཞེས་འཆད་མོད་གང་འདིར་ནི། །ནག་པོའི་རྣམ་སྨིན་ཁོ་ནར་མ་ཟད་བདེ་འགྲོའི་འཁོར་བར་ཡང༌། །འདྲེན་བྱེད་ཉིད་ཡིན་དེ་དྲུང་འབྱིན་པའི་ལམ་དེ་བཙལ་བར་གྱིས།།  །།ཞེས་ཆོས་མངོན་པའི་མཛོད་ཀྱི་དཀའ་བའི་གནས་རྣམས་ཞིབ་མོར་བཤད་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པའི་མཚོ་ཆེན་པོ་ཞེས་བྱ་བ་ལས་གནས་ལྔ་པ་ཕྲ་རྒྱས་བསྟན་པའི་མཛོད་ཉིད་རྒྱས་པར་བཤད་པའོ།།  །།གང་ཡང་འདི་ན་བདེ་ནས་བདེ་བར་རྒྱུ་བའི་ཤུལ་བཟང་པོ། །འཁྲུལ་མེད་ཐར་པའི་ཁང་ཆེན་གཞན་ལ་མེད་གང་དེར། །བར་མཚམས་མེད་པར་གཤེགས་མཛད་དེ་དང་དེ་ནི་རྒྱལ་རྣམས་དང༌། །ཡང་དག་སློབ་མའི་ཚོགས་ཡིན་དེ་དང་དེ་ལ་ཕྱག་བགྱིའོ། །ཁམས་དང་དབང་པོ་འཇིག་རྟེན་བསྟན་ཤེས་པ། །སྡུག་བསྔལ་ཀུན་འབྱུང་རྟོགས་པ་དེ་ཡི་རྒྱུ། །ལས་དང་ཉོན་མོངས་སྤོང་བྱེད་དེ་སྤངས་པའི། །འགོག་པ་འཐོབ་བྱེད་ལམ་དང་གང་ཟག་འཆད། །དེ་ལྟར་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་མཛོད་འཆད་པ་ལ། གཉིས་ཏེ། མཚམས་སྦྱར་བ་དང༌། དཀའ་བའི་གནས་སོ་སོ་ལ་ཞིབ་མོར་དཔྱད་པའོ། །དང་པོ་ནི། ཇི་སྐད་དུ། ཉོན་མོངས་སྤངས་པ་ཞེས་བཤད་པ། །བདེན་པ་མཐོང་དང་གོམས་པ་ལས། །ཞེས་བཏོན་ནས། གནས་ལྔ་པར། སྤངས་པའི་འབྲས་བུ་ཡོངས་ཤེས་ཞེས་བཤད་པ་དེ་འཐོབ་བྱེད་ཀྱི་ལམ་ཇི་ལྟ་བུ་ཞེ་ན། ལམ་གཉིས་པོ་ཁོ་ན་སྟེ་གཉིས་པོ་གང་ཡང་རུང་བ་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཚོགས་ཀྱི་ལམ་དང་ངེས་འབྱེད་ཆ་མཐུན་ཙམ་གྱིས་ནི་ཉོན་མོངས་སྤངས་པར་འཇོག་པ་མེད་དོ། །འདིར་བདེན་པ་ཞེས་པ་ནི་མཐོང་ལམ་གྱི་ཁྱད་ཆོས་ཡིན་གྱི། ཅིག་ཤོས་ལ་ངེས་པར་སྦྱོར་དགོས་པ་མ་ཡིན་ཏེ། དེ་ལ་ནི། བདེན་པ་སྒོམ་པས་མ་ཁྱབ་པའི་ཕྱིར། དེ་ཡང་འཇིག་རྟེན་པ་སོ་སོ་སྐྱེ་བོའི་ལམ་གྱིས་ནི་བདེན་པའི་རྣམ་པ་ཅན་གྱི་སྒོམ་པའི་ལམ་དུ་འགལ་ལ། འཇིག་རྟེན་ལས་འདས་པའི་ལམ་དུའང་སྒོམ་པའི་ལམ་ལ་བདེན་པའི་རྣམ་པ་ཅན་ཡིན་མིན་གཉིས་སུ་དབྱེ་བའི་ཕྱིར། འདི་ཡང་འཇིག་རྟེན་པ་དང་ཆ་མཐུན་འདྲ་བས་དེར་བཏགས་པ་ཡིན་གྱི། དངོས་ནི་མ་ཡིན་ཏེ། རྟེན་གྱི་གང་ཟག་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །འདྲ་བ་ཇི་ལྟར་ཞེ་ན། ཞི་རགས་ཀྱི་རྣམ་པ་ཅན་གྱིས་འཕེན་འགྲུབ་ཀྱི་ལས་སོགས་པའི་ཕྱིར་དང༌། དངོས་གཞིའི་དགེ་བ་དག་ཀྱང་ཉོན་མོངས་པ་དག་གིས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །དེ་ནས་ཇི་སྐད་དུ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་པར། འདིར་བཤད་པའི་འཇིག་རྟེན་པའི་སྒོམ་ལམ་ནི་འཕགས་པའི་གང་ཟག་གི་ལམ་ཉིད་ལ་འཆད་དགོས་པ་ཡིན་ཏེ། མཐོང་ལམ་གྱི་འདས་དྲངས་པའི་ཕྱིར་དང༌། སྤངས་པའི་འབྲས་བུ་ཡོངས་ཤེས་ཐོབ་བྱེད་ཀྱི་ལམ་འཆད་པ་སྐབས་སུ་བབ་པའི་ཕྱིར། ཅི་འཕགས་ལམ་དུ་མ་གྱུར་པའི་སྒོམ་པའི་ལམ་དག་ཀྱང་ཁས་ལེན་པར་བྱེད་དམ་ཞེ་ན། དེའི་མིང་ཅན་ཞིག་ནི་ལུགས་འདིར་འབྱུང་བ་ཡིན་ཏེ། ཇི་སྐད་དུ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་བཤད་པས་སོ། །དེ་འདྲ་དེ་ཡང་ཐར་ལམ་དུ་ནི་ཁས་མི་ལེན་ཏེ། ཆོས་འདི་པ་མ་ཡིན་པ་དག་ལ་ཡང་ཡོད་པའི་ཕྱིར་དང༌། ཐར་པ་ཆ་མཐུན་གྱི་བསམ་པ་སྔོན་དུ་མ་སོང་བའི་ཕྱིར་དང༌། དེ་འདྲ་དེ་ཐར་ལམ་ཡིན་ན་ལམ་ལྔ་པོ་གང་རུང་དུ་འགྱུར་ལ། དེ་ལྟ་ན། དེའི་ཡ་གྱལ་དུ་གྱུར་པའི་སྒོམ་པའི་ལམ་ལས་འོས་མེད་ཅིང༌། དེ་ཡང་མ་ཡིན་ཏེ། མཐོང་ལམ་གྱི་རྟོགས་པ་སྔོན་དུ་མ་སོང་བའི་ཕྱིར་དང༌། ཐར་ལམ་ཡིན་ན་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་དགོས་པ་ལས་སྲིད་པ་ཚོལ་བའི་དང་ཚུལ་ཅན་ཡིན་པའི་ཕྱིར། སྔ་མ་འཇིག་རྟེན་པའི་སྒོམ་ལམ་དངོས་སུ་ཁས་ལེན་པ་དེ་ལ་ནི་མཚུངས་ཏེ། ཐར་པ་ཆ་མཐུན་གྱི་དགེ་རྩ་སྔོན་དུ་སོང་བས་ན་རྒྱུའི་ཀུན་སློང་ངེས་འབྱུང་གི་བསམ་པ་ཅན་ཡིན་པའི་ཕྱིར་དང༌། སྦྱོར་མཐོང་གི་རྟོགས་པ་སྔོན་དུ་སོང་བའི་ཕྱིར། སྲིད་པར་འཕེན་འགྲུབ་གང་རུང་ཡིན་པ་ཙམ་གྱིས་ཐར་ལམ་མ་ཡིན་པར་མི་འགྲུབ་སྟེ། ངེས་འབྱེད་ཆ་མཐུན་བཞིན་ནོ། །འོ་ན་དེས་འཕངས་པའི་སྲིད་པ་གང་ཞེ་ན། བསམ་གཏན་བཞི་པོ་དག་གོ །དེ་ལྟར་ན་ཀུན་འབྱུང་གི་བདེན་པ་ཉིད་དུ་ཐལ་བ་མ་ཡིན་ནམ་ཞེ་ན། འདི་ཡང་ཞིབ་མོར་ན། བདེན་པའི་རྣམ་པ་ཅན་གྱི་ཆ་ནས་ནི་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པས་དེར་མི་འཆད་ཀྱང༌། སྤྱིར་བསམ་གཏན་དུ་གཏོགས་པའི་དགེ་བ་དག་པ་བ་ཡིན་པ་ལས་དང༌། བྱེ་བྲག་ཏུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཆ་ནས་ནི་ཀུན་འབྱུང་བའི་བདེན་པ་ཉིད་དུ་བཞག་སྟེ། ཁམས་གོང་མ་དག་འཕེན་པའམ་འགྲུབ་པར་བྱེད་པའི་ཕྱིར། སྲིད་པའི་རྒྱུ་དང་གཏན་མ་འདྲེས་པའི་ངེས་འབྱེད་ཆ་མཐུན་དག་ཀྱང་ཁས་ལེན་དགོས་ཏེ། ཞི་གནས་རྐྱང་པའི་ངོ་བོར་གནས་པའི་ཉེར་བསྡོགས་ལ་བརྟེན་པའི་ངེས་འབྱེད་ཆ་མཐུན་དག་བཞིན་ནོ། །དེ་ནས། ཇི་སྐད་དུ། མཐོང་བ་ཞེས་བྱ་ཟག་པ་མེད། །མཐོང་བའི་ལམ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པའི་ཕྱིར་དང༌། མཐོང་བས་སྤང་པ་དགུ་ཅིག་ཆར་སྤོང་བའི་ཕྱིར། འཇིག་རྟེན་ལས་འདས་པ་ཁོ་ན་ཡིན་ཏེ། འཇིག་རྟེན་པ་ལ་ནི་དེ་འདྲ་བའི་མཐུ་མེད་དོ། །ཞེས་བཤད། དོན་ནི། ཁམས་གསུམ་ཆར་གྱི་མཐོང་སྤང་དུ་གྱུར་པ་མཐའ་དག་གི ཞེས་བྱ་བའི་དོན་ཏེ། ཆོས་ཤེས་ཕྱོགས་མཐུན་ནི་འདོད་པའི་ཕྱིར་དང༌། རྗེས་ཤེས་ཕྱོགས་མཐུན་ནི་ཁམས་གོང་མའི་གཉེན་པོར་ངེས་པས་སོ། །འོ་ན་སྲིད་རྩེའི་གཉེན་པོ་ནི་ཟག་མེད་ཁོ་ནར་ངེས་མོད། ས་འོག་མ་རྣམས་ཀྱི་མཐོང་བས་སྤང་བར་བྱ་བའི་གཉེན་པོ་འདས་ལམ་ཁོ་ནར་ངེས་པ་ཅི་ཞེ་ན། མཐོང་སྤང་ནི་བདེན་པ་རྣམས་ལ་ལོག་པར་ཞུགས་པ་ཁོ་ན་ཡིན་ལ། དེའི་དངོས་ཀྱི་འགལ་ཟླ་ནི་བདེན་པ་མངོན་སུམ་དུ་མཐོང་བ་ཁོ་ནར་ངེས་པའི་ཕྱིར། འོ་ན་སྲིད་རྩེ་མ་གཏོགས་པའི་ས་ལྷག་མའི་མཐོང་སྤང་དུ་བཤད་པ་རྣམས་བྱིས་པའི་ལམ་གྱིས་སྤོང་བ་དག་སྲིད་པར་འཆད་དགོས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ཡང༌། དེ་འདྲ་དེས་ས་ལྷག་མའི་མཐོང་སྤང་རིལ་གྱིས་སྤོང་བར་ཁས་ལེན་པ་ནི་མ་ཡིན་ཏེ། བདེན་པ་ལ་དངོས་སུ་ལོག་པར་ཞུགས་པའི་ཉོན་མོངས་པ་རྣམས་ལ་སྲེད་པའི་འདོད་ཆགས་དང༌། མི་མཐུན་པ་ལ་ཞེ་སྡང་བའི་ཁོང་ཁྲོ་བྱིས་པའི་ལམ་གྱིས་སྤོང་བ་ལ་བསམ་ནས། དེས་དེ་དང་དེ་སྤོང་བར་འཆད་པ་ཡིན་གྱི། བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་རྣམས་སྤོང་བར་ནི་བྱེ་བྲག་ཏུ་སྨྲ་བས་ཀྱང་མི་འདོད་དོ། །དེ་བས་ན། གཞན་དག ཇི་སྐད་དུ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས། བྱེ་སྨྲའི་རྟོག་པས་སྒྲོ་བཏགས་སུ་འཆད་མོད། བྱེ་སྨྲའི་བསམ་དོན་དེ་ནི་ཐེག་པ་ཆེན་པོ་པ་དག་གིས་ཀྱང་ཁས་ལེན་དགོས་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་འདོད་པ་ལ་ཆགས་བྲལ་བྱས་སོ་ཞེས་ཁས་ལེན་པ་དེའི་ཚེ། འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ལ་སྲེད་པའི་འདོད་ཆགས་སྤངས་པར་ཁས་ལེན་དགོས་པའི་ཕྱིར། དེས་ན་སྤངས་པའི་དོན་ནི་གཉེན་པོ་དེས་སྤང་བྱ་དེའི་ཐོབ་པ་བཅད་ནས་མི་ལྡན་པ་ལ་བྱ་ཞིང༌། མི་ལྡན་པའི་ཚུལ་ལའང་གཉིས་ཏེ། རྣམ་པ་འགལ་བས་དང༌། ཡུལ་དེ་ལ་འདུན་པའི་འདོད་ཆགས་དང་བྲལ་བའོ། །དང་པོ་ནི་མཐོང་བའི་ལམ་ཉིད་ཀྱི་མཐོང་སྤང་སྤོང་བ་ལྟ་བུ་ཡིན་ལ། གཉིས་པ་ནི། བྱིས་པའི་ལམ་གྱིས་ཏེ། ཇི་སྐད་དུ། གང་ལ་སྐྱེས་དེ་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཞེས་པའི་སྐབས་ནས་འབྱུང་བ་ལྟར་རོ། །ཡང་མཐོང་ལམ་གྱིས། སྤང་བྱ་རྣམ་པ་དགུ་ཅིག་ཆར་དུ་སྤོང་ཞེས་པ། མཐོང་སྤང་ལ་ཡང་ཆུང་འབྲིང་སོགས་རྣམ་པ་དགུར་དབྱེ་བ་དག་འཆད་དམ། དེ་ལྟ་ན་ནི་གཉེན་པོ་མཐོང་ལམ་ལ་དེ་ལྟར་དབྱེ་བ་གང་ནས་ཀྱང་མི་འབྱུང་བས། ཇི་ལྟར་ཞེ་ན། འདིར་དགུ་ཞེས་པ། ས་དགུའི་མཐོང་སྤང་དགུ་ལས་དང་པོ་བརྒྱད་ཀྱི་ལམ་ནི་དགུ་དགུར་འབྱེད་པ་ཡིན་ལ། དེ་ཡང་གཉེན་པོ་མཐོང་ལམ་གྱི་དབྱེ་བ་ལས་མ་ཡིན་གྱི། གཉེན་པོ་བྱིས་པའི་སྒོམ་ལམ་ལ་དགུར་དབྱེ་དགོས་པ་ལས་ལ། སྲིད་རྩེ་སས་བསྡུས་པའི་མཐོང་སྤང་ལ་ནི་དགུར་དབྱེ་བ་མ་ཡིན་ཏེ། དེའི་གཉེན་པོར་གྱུར་པའི་བྱིས་ལམ་དགུ་པོ་དག་མི་འཆད་པའི་ཕྱིར། དེའི་ཕྱིར་དེ་དང་འདྲ་བར་ས་བརྒྱད་ཀྱིས་བསྡུས་པའི་ལྟ་བ་ཐེ་ཚོམ་དང་མ་རིག་པ་མཐོང་སྤང་དུ་གྱུར་པ་རྣམས་ལ་ཡང་དགུར་དབྱེ་བ་ནི་མ་ཡིན་ཏེ། དེ་ལྟར་དབྱེ་བའི་རྒྱུ་མ་ཚང་བའི་ཕྱིར། དེས་ན་འདོད་ཆགས་དང་ཁོང་ཁྲོ་ང་རྒྱལ་ཏེ་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་རིགས་གསུམ་དང༌། སྒོམ་སྤང་དུ་གྱུར་པའི་འདོད་ཁོང་མ་རིག་རྣམས་ལས་རེ་རེ་བཞིན་ཡང་དགུ་དགུར་ཕྱེ་བས་སོ། །དགུ་པོ་ཆོས་བཟོད་ཀྱི་ཅིག་ཆར་དུ་སྤོང་ཞེས་པའི་དོན་ཡང༌། ས་ཐམས་ཅད་ཀྱི་བསྡོམས་ནས་སྤོང་བ་ལྟ་བུ་ནི་མ་ཡིན་ཏེ། རྗེས་བཟོད་རྣམས་དོན་མེད་པར་ཐལ་བའི་ཕྱིར། དེས་ན་སྡུག་བསྔལ་ཆོས་བཟོད་ཀྱིས་འདོད་པ་ཁམས་པའི་སྡུག་བསྔལ་ལ་དམིགས་པའི་ཉོན་མོངས་པ་གང་དང་གང་ལ་དགུར་ཕྱེ་བ་དེ་དང་དེ་དག་ཅིག་ཆར་དུ་སྤོང་བ་དང༌། ཀུན་འབྱུང་ལ་ཆོས་བཟོད་ཀྱིས་ཀྱང་དེ་ལྟར་སྤོང་བ་དང༌། སྡུག་བསྔལ་ལ་རྗེས་བཟོད་ཀྱིས་ཁམས་གོང་མ་བདུན་གྱི་སྡུག་བསྔལ་ལ་དམིགས་པའི་ཉོན་མོངས་པ་དགུ་ཚན་བདུན་ཅིག་ཆར་དུ་སྤོང་བ་སོགས་ཤེས་པར་བྱའོ། །བཟོད་པ་རྣམས་ཀྱིས་དགུར་ཕྱེ་བ་དེ་ལས་གཞན་ཡང་དེ་དག་དང་མཉམ་དུ་སྤོང་བ་ཡིན་ཏེ། དེའི་ཚེ་ན་བདེན་པ་སོ་སོ་ལ་དམིགས་པའི་ཉོན་མོངས་སྤྱི་མཚན་པ་གསུམ་ཡང་སྤོང་བའི་ཕྱིར། སྔོན་བྱིས་པའི་ལམ་གྱིས་ས་བརྒྱད་ཀྱི་མཐོང་སྤང་གང་ཡིན་ཐམས་ཅད་སྤོང་ནུས་པ་ནི་མ་ཡིན་ཏེ། ཡིན་ན་དེས་སྒོམ་ལམ་ཟག་མེད་ཀྱི་སྤང་བྱ་རྣམས་ཀྱང་སྔོན་སོ་སོ་སྐྱེ་བོའི་དུས་སྤོང་ནུས་པ་ལྟ་ཅི་སྨོས་པའི་ཕྱིར། དེ་ཡང་དེ་ལྟ་ན་ནི། ས་བརྒྱད་ཀྱིས་བསྡུས་པའི་མ་རིག་པ་ཡུལ་ལ་རྨོངས་པ་བདེན་པ་བཞི་བསྒོམ་པར་བྱས་པ་ལས་ངེས་པར་སྤོང་དགོས་པ་དག་མེད་པར་འགྱུར་རོ། །དེ་ནས་ཡང༌། ཇི་སྐད་དུ། བདེན་པ་དག་ནི་བཞིར་བཤད་དོ། །ནས། དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་པ། མངོན་པར་རྟོགས་པའི་རིམ་པ་ནི། ཤེས་པར་བྱ་བ་དང༌། དེའི་རྒྱུ་སྤང་པར་བྱ་བ་དང༌། སྤངས་པའི་འབྲས་བུ་དོན་དུ་གཉེར་བ་དང༌། སྤོང་བྱེད་ཀྱི་ཐབས་ལ་རྟོག་པ་སྟེ། ཡུལ་ཅན་རྟོགས་པ་བཞི་པོ་རིམ་པར་སྐྱེ་བའི་དབང་གིས། ཡུལ་བདེན་པ་བཞི་པོ་གོ་རིམ་དུ་བསྟན། ཞེས་པའོ། །འདིར་མངོན་པར་རྟོགས་པ་དངོས་ནི་བདེན་པ་མངོན་པར་རྟོགས་པ་སྟེ། དེའི་དུས་སུ་ཐོག་མར་སྡུག་བསྔལ་ལ་ཆོས་ཤེས་དང༌། དེ་ནས་ཀུན་འབྱུང་ལ་བཟོད་ཤེས་སོགས་རིམ་པར་སྐྱེ་བ་ཡང༌། སྔོན་ཐོས་བསམ་གྱི་དུས་སུ་དེ་ལྟར་གཏན་ལ་ཕབ་པ་ལས་ཡིན་ཏེ། དཀྱུས་ས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ནོ། །སོ་སོའི་ངོས་འཛིན་ནི། ཇི་སྐད་དུ། དེ་ལ་ཉེ་བར་ལེན་པའི་ཕུང་པོ་འབྲས་བུར་གྱུར་པ་རྣམས་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་གི་བདེན་པ་ཡིན་ཏེ། འདི་ལས་ཀུན་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་གཉིས་ནི་རྒྱུ་དང་འབྲས་བུར་གྱུར་པའི་མིང་གི་སྒོ་ནས་བྱེ་བྲག་ཡོད་ཀྱི། རྫས་སུ་ནི་མ་ཡིན་ནོ། །འགོག་པ་དང་ལམ་ནི་རྫས་སུ་ཡང་བྱེ་བྲག་ཡོད་དོ། །ཞེས་བཤད། འདིའི་དོན་ལ་བོད་སྔ་མ་རྣམས་བྱེ་བྲག་ཏུ་སྨྲ་བས་བདེན་པ་དང་པོ་གཉིས་ཡིན་ཁྱབ་མཉམ་དུ་འདོད་དོ། །ཞེས་གསུངས་ཡང་ལེགས་པ་མ་ཡིན་ཏེ། ལུང་དང་མི་མཐུན་པ་དང༌། རིགས་པས་གནོད་པའོ། །དང་པོ་ནི། དེ་ལྟར་ན་ཀུན་འབྱུང་གི་རྫས་ལ་དམིགས་ནས་རྟག་སོགས་ཕྱིན་ཅི་ལོག་ཏུ་འཛིན་པ་དང༌། མི་རྟག་སོགས་མཚན་ཉིད་བཞིའི་སྒོ་ནས་ཤེས་པར་བྱས་ཏེ་གོམས་པ་ན། སྡུག་བསྔལ་ལ་ཕྱིན་ཅི་ལོག་གི་བློ་དང་འཛིན་སྟངས་དངོས་སུ་འགལ་བའི་རྣམ་པ་གོམས་པར་འགྱུར་བ་དང༌། དེ་ལས་སྡུག་བསྔལ་མཐོང་བར་འགྱུར་བ་དང༌། དེ་བཞིན་དུ་སྡུག་བསྔལ་ལ་དམིགས་ནས་རྒྱུ་སོགས་སུ་སྒོམ་བྱར་ཐལ་བ་དང༌། གཞུང་ལས་སྡུག་ཀུན་གྱི་ངོས་འཛིན་སོ་སོར་བཤད་པ་དང་མ་མཐུན་ནོ། །གཞུང་ལས་ཇི་ལྟར་བཤད་ཅེ་ན། གནས་དང་པོ་གསུམ་དུ་སྡུག་བསྔལ་གྱི་བདེན་པ་དང༌། དེའི་འོག་མ་གཉིས་སུ་ཀུན་འབྱུང་གི་བདེན་པ་བཤད་དོ། །མཚན་གཞི་འཛིན་ཚུལ་ཡང་མི་འདྲ་སྟེ། དང་པོ་ནི་གནོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འགྲོ་བའི་ཆ་ནས་བཤད་ལ། གཉིས་པ་ནི་ལས་དང་ཉོན་མོངས་པའི་ཆ་ནས་བཤད་དོ། །རིགས་པས་གནོད་པའི་ཚུལ་ནི། གཉིས་པོ་ཁྱབ་མཉམ་པ་མ་ཡིན་ཏེ། སྡུག་བདེན་གྱི་གཙོ་བོ་ནི། ཇི་སྐད་དུ། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་དག་བཤད་ལ། ཀུན་འབྱུང་གི་གཙོ་བོ་ནི་ལས་དང་ཉོན་མོངས་པ་དག་ལ་བཤད་པའི་ཕྱིར། མདོར་ན། རྣམ་སྨིན་གྱི་ཕུང་པོ་དང་མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། ཀུན་འབྱུང་གི་བདེན་པ་མ་ཡིན་ཏེ། དེའི་མཚན་ཉིད་རྒྱུ་སོགས་བཞི་དང་མི་ལྡན་པའི་ཕྱིར། སྤྱིར་སྡུག་བསྔལ་གྱི་རྒྱུ་ཡིན་པ་ཙམ་གྱིས་ཀུན་འབྱུང་བདེན་པར་འཇོག་ནུས་ན། ལམ་གྱི་བདེན་པ་ཡང་དེར་འགྱུར་ཏེ། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་འཆད་པའི་ཕྱིར་དང༌། ཉན་ཐོས་དགྲ་བཅོམ་པའི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་ཡང་ཀུན་འབྱུང་གི་བདེན་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ། སྡུག་བསྔལ་གང་ཡིན་ཀུན་འབྱུང་དུ་ཁས་ལེན་པར་མི་ནུས་མོད། ཀུན་འབྱུང་གང་ཡིན་ལ་སྡུག་བསྔལ་གྱིས་ཁྱབ་སྟེ། ཆོས་ཀྱི་སྡོམ་བཞིའི་མདོ་ལས་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་དུ་བཤད་པའི་ཕྱིར་ཞེ་ན། དེ་ནི་སྡུག་བསྔལ་གྱི་རྒྱུ་ལ་ཡང་སྡུག་བསྔལ་དུ་གཏགས་པ་ཡིན་ཏེ། འགྱུར་བའི་སྡུག་བསྔལ་བཞིན་ནོ། །དེ་ལས་གཞན་དུ། མི་རྟག་པ་ཐམས་ཅད་དང་འདུ་བྱེད་ཐམས་ཅད་ཀྱང་སྡུག་བསྔལ་བར་འགྱུར་ཏེ། སྡུག་བསྔལ་གྱི་མཚན་ཉིད་དུ་མི་རྟག་པར་བཤད་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བཤད་པའི་ཕྱིར་དང༌། ཚོགས་སྦྱོར་གཉིས་ཀྱང་སྡུག་བསྔལ་དུ་ཐལ་བར་འགྱུར་རོ། །འདོད་ན་སྡུག་བསྔལ་གསུམ་ལས་གང་ཡིན། འདུ་བྱེད་ཀྱི་སྡུག་བསྔལ་ལོ། །ཞེ་ན། ལས་དང་ཉོན་མོངས་པས་འདུས་བྱས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཐེག་པ་གཞན་ལས་ཚོགས་སྦྱོར་གྱི་ལམ་ཀུན་འབྱུང་དུ་འཆད་པ་དག་ཡོད་ཀྱང༌། སྡུག་བསྔལ་གྱི་བདེན་པར་འཆད་པ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་གསུམ་གྱི་ཟླས་ཕྱེ་བའི་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཟག་བཅས་སྐྱེས་ཐོབ་དག་ལ་འཇོག་པ་ཡིན་གྱི། སྦྱོར་བ་ལས་བྱུང་བའི་ཡོན་ཏན་དག་ལ་མི་བཞེད་པའི་ཕྱིར་རོ། །ཡང་འོ་ན། བཞི་པོ་འདི་དག་འཕགས་པས་ཇི་ལྟར་གཟིགས་པ་དང་མཐུན་པར་སྡུག་བསྔལ་སོགས་སུ་གནས་པས་ན་འཕགས་པའི་བདེན་པ་ཞེས་བྱ་བར་འཇོག་ལ། བྱིས་པས་མཐོང་བ་དང་མཐུན་པར་མི་གནས་པའི་དོན་གྱིས་བྱིས་པའི་བདེན་པ་ཞེས་ནི་མི་བྱ་བ་དེ་ལྟ་མོད་ཀྱི། སྤྱིར་བདེན་ནམ་རྫུན་ཞེ་ན། འགྲེལ་པ་ལས། འདི་དག་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཐམས་ཅད་ཀྱང་བདེན་ན། ཞེས་བཤད་པ་དེའི་དོན་ལ་བརྟགས་ན། ཐམས་ཅད་བདེན་པར་ནི་བཤད་པས། ཐམས་ཅད་དོན་དམ་དུ་བདེན་པ་ཡིན་ནམ། ཀུན་རྫོབ་ཏུ་བདེན་པས་བདེན་པའི་གོ་ཆོད་པར་འདོད། དང་པོ་ལྟར་ན། ཐམས་ཅད་ཀྱང་དོན་དམ་པའི་བདེན་པར་འགྱུར་ལ། གཉིས་པ་ལྟར་ན། ཤིན་ཏུ་འཁྲུགས་པ་ཡིན་ཏེ། དེ་ལྟར་འདོད་པ་ནི་བདེན་གཉིས་ཀྱི་རྣམ་དབྱེ་འཆད་པའི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་སུ་ལ་ཡང་མི་སྣང་བའི་ཕྱིར་དང༌། ཀུན་རྫོབ་ཀྱང་བདེན་ན་བདེན་གཉིས་ཀྱི་རྣམ་དབྱེ་འཆད་པ་དོན་མེད་པའི་ཕྱིར་རོ། ། དེ་ནས། ཇི་སྐད་དུ། སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་པ་འདིའི་དོན་ནི། འདི་སྙམ་དུ། ཚོར་བ་བདེ་བ་དང་བཏང་སྙོམས་དག་ཀྱང་ཡོད་མོད། ཟག་པ་དང་བཅས་པ་མཐའ་དག་མདོ་ལས་སྡུག་བསྔལ་དུ་བཤད་པ་ཅི་ཞེ་ན། ཟག་བཅས་ཀྱི་ཚོར་བ་བདེ་བ་རྣམས་ནི་སྐྱེ་བ་དང་གནས་པ་བདེ་ཡང༌། འགྱུར་བ་ན་སྡུག་བསྔལ་བས་དེར་བཞག་ལ། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ནི་སྡུག་བསྔལ་དུ་འཇོག་པའི་ཤེས་བྱེད་དུ། འགྲེལ་པ་ལས། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་རྐྱེན་གྱི་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་དོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ། །ཞེས་འབྱུང་ངོ༌། །དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་བརྗོད་དོ། །ཞེས་བཤད། དེའི་དོན་ནི། གསུམ་སྟེ། ཁོ་ན་སྨོས་པའི་རྣམ་བཅད་དང༌། མི་རྟོག་པ་གང་ཡིན་སྡུག་བསྔལ་དུ་བཤད་པའི་དོན་དང༌། ཚོར་བ་དང་འདྲ་བར་བརྗོད་པའི་དོན་ནོ། །དང་པོ་ནི། སྡུག་བསྔལ་གཞན་གཉིས་ལས་ཁྱད་པར་དུ་ཕྱེ་བ་སྟེ། གཅིག་ནི་འགྱུར་བ་དང་འདུ་བྱེད་གཉིས་ཀྱིས་སྡུག་བསྔལ་ཅིག་ཤོས་ནི་སྡུག་བསྔལ་གྱི་ངོ་བོར་གནས་པ་དང་འདུ་བྱེད་ཀྱི་སྒོ་ནས་སྡུག་བསྔལ། འདི་ནི་འདུ་བྱེད་ཁོ་ནས་སྡུག་བསྔལ་ཞེས་པའོ། །གཉིས་པ་ནི། འོ་ན་རྐྱེན་གྱིས་མངོན་པར་འདུ་བྱས་པ་ཐམས་ཅད་སྡུག་བསྔལ་བའི་རྒྱུ་མཚན་ཅི་ཞེ་ན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*