དཀའ་འགྲེལ་རིགས་པའི་སྣང་བ། ཀ ༽

༼ཛ༽༄༅། །དཀའ་འགྲེལ་རིགས་པའི་སྣང་བ་ཞེས་བྱ་བ་བཞུགས་སོ།།

རིགས་པ་སྨྲ་བ་ཡོངས་ཀྱི་གཙུག་གི་ནོར་བུ་ཐམས་ཅད་མཁྱེན་པ་ཞེས་སྙན་པའི་གདུགས་དཀར་འཇིག་རྟེན་གསུམ་ན་གཡོ་བ་དེའི་ཞབས་ཀྱི་རྡུལ་ཕྲེང་དྲི་མ་མེད་པ་ལ་རྙོག་པ་དང་བྲལ་བའི་མགོ་བོས་གཏུགས་ཏེ་ཡིད་རབ་ཏུ་དྭང་བས་ཕྱག་བགྱིའོ། །བདེ་འབྱུང་གཙུག་གི་ནོར་བུའི་ཆུ་གཏེར་དུ། །ཞབས་ཟུང་ངང་པའི་དེད་དཔོན་རྩེ་འཕྱོ་ཞིང༌། །ཉིད་ཞལ་ལེགས་པར་བཤད་པའི་སྒྲ་དབྱངས་ཅན། །ཀུན་མཁྱེན་ཚད་མ་གསུང་དེ་ཕྱག་གི་གནས། །ཡིད་འོང་རྒྱལ་བ་ཀུན་གྱི་མཁྱེན་པ་ནི། །ངོ་མཚར་ལང་ཚོ་ལྡན་པའི་སྐུར་བསྟན་ནས། །གང་བློའི་སྙིང་གི་རྨོངས་པ་འཕྲོག་མཛད་པའི། །བརྩེ་ཆེན་སྨྲ་བའི་ལྷ་དེ་སྙིང་གི་དཔལ། །འཇམ་དབྱངས་ཡིད་འཕྲོག་བདུད་རྩིའི་ཐིགས་པ་ནི། །ཁྱོད་བློའི་ཨུ་དཔལ་ལྟེ་བས་ཉེར་བཟུང་ནས། །ལེགས་བཤད་སྦྲང་རྩིའི་དགོངས་པ་སྤེལ་མཛད་པ། །ཕན་དགོངས་ཐུགས་རྗེ་ཅན་དེས་འགྲོ་འདི་བསྐྱངས། །ཆོས་ཀྱི་སྣང་བས་ཉི་མ་ཕམ་མཛད་ཅིང༌། །ཐུགས་རྗེའི་ཟེར་གྱིས་ཟླ་བའི་མཛེས་པ་འཕྲོག །སྙན་གྲགས་ཤེས་བྱའི་ཕ་མཐའ་དང་འགྲོགས་པ། །ཐུབ་བསྟན་ཉིན་མོར་བྱེད་ཁྱོད་རྟག་པར་རྒྱལ། །དེ་ལས་བརྒྱུད་པའི་སྲོལ་ཆེན་ལམ་གསུམ་པ། །རྣམ་དཔྱོད་རལ་པའི་ཆུ་གཏེར་གྱིས་བཟུང་ནས། །ཉེས་བཤད་དུག་མཚོའི་འཕན་དང་མ་འདྲེས་པར། །འདོམས་མཛད་བརྒྱུད་པའི་བཤེས་གཉེན་ཀུན་ལ་དད། །བློ་གྲོས་གསེར་གྱི་ཁྱམས་ཆེན་ཉམས་དགའ་བར། །ལེགས་བཤད་ཚོན་བརྒྱའི་རི་མོ་གསར་པ་ཡིས། །སྐལ་བཟང་སློབ་མའི་ཀུན་དགའ་ཉེར་སྤེལ་བ། །ཡོངས་ཀྱི་བཤེས་གཉེན་དམ་པ་བསྔགས་པར་འོས། །རྣམ་འགྲེལ་མཛད་གཞུང་རིགས་པའི་ལང་ཚོ་ཅན། །སྔོན་ཚེ་འཛམ་གླིང་མཛེས་པའི་རྒྱུན་གྱུར་མོད། །དིང་སང་རང་བཟོའི་དགའ་མས་ཡིད་བསྲུབས་ཀྱི། །མལ་སྟན་བཟུང་ནས་ནུབ་རིའི་ཁྲི་ལ་གཟིམས། །དེ་ནས་གཞུང་བཟང་རིགས་པའི་འོད་དཀར་ཅན། །སྟོབས་ལྡན་བློ་གྲོས་གྱད་ཀྱི་རབ་བཏེག་ནས། །ཟོལ་མེད་ཤིང་རྟའི་ཁྲི་ལ་བཞུགས་གསོལ་བས། །རྣམ་དཔྱོད་ཡངས་པའི་མཁའ་ལ་ནམ་ཡང་འཆར། །ཉིད་གཞུང་རེ་རེའི་ཆ་ཤས་ཤེས་པ་ན། །སྐལ་བཟང་སྙིང་གི་མུན་པ་ཀུན་སེལ་བ། །དེ་ཕྱིར་དཀའ་བའི་གནས་ཀྱི་གཞུང་གི་དོན། །རྣམ་པར་བཤད་པས་རིང་ལུགས་ཡོངས་རྫོགས་བྱ། །ཞེས་དེ་ལྟར་མཆོད་པར་བརྗོད་ཅིང་བརྩོམ་པར་དམ་བཅས་ནས། རེ་ཤིག་ཐོག་མར་བསྟན་བཅོས་ཀྱི་འབྲེལ་ནི། ཇི་སྐད་དུ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། ཕྱོགས་ཀྱི་གླང་པོས་གཞན་ལ་ཕན་པའི་བསམ་པ་ཅན། །ཞེས་རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་བརྙེས་པའི་བདག་ཉིད་ཆེན་པོ་དེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས་འདི་སྐད་དུ། ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ང་ཡིན་གྱི། ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱི་མིག་ཅིག་ཏུ་ནི་འདི་འགྱུར་རོ། །ཞེས་བརྩོམ་པ་པོ་རྗེས་སུ་བཟུང་ཞིང་བསྟན་བཅོས་བརྩོམས་ཤིག་པར་ལྷག་པའི་ལྷས་རྗེས་སུ་གནང་བའི་ཚད་མའི་མདོ་རང་གི་གཞུང་ཀུན་ལས་བཏུས་པ་ཞེས་ཉི་མ་ལྟར་གྲགས་པ་དེ་ནི། བསྟན་འཆོས་རྣམ་འགྲེལ་འདིས་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེས་དེ་ཇི་ལྟར་དུ་འཆད་ཅེ་ན། ཐོག་མར་རང་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཚད་མའི་སྐྱེས་བུར་ཇི་ལྟར་འཁྲུངས་པའི་ཚུལ་མདོ་ཙམ་ཞིག་བརྗོད་ནས་དེ་ལ་ཕྱག་འཚལ་ཏེ་དེའི་གསུང་རབ་ལས་བྱུང་བའི་མངོན་སུམ་དང་རྗེས་སུ་དཔག་པ་དང་སྒྲུབ་པ་དང་སུན་འབྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་འཆད་པའི་བསྟན་བཅོས་བརྩོམ་པ་ཡིན་ནོ་ཞེས་སྟོན་པའི་དབང་དུ་བྱས་ནས། ཇི་སྐད་དུ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཚད་མ་སྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་ཅིག་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་ནས་ཇི་སྐད་དུ། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ཞེས་སོགས་རྒྱལ་བ་ཉིད་ཀྱི་ལུང་བསྟན་ཞིང་རིག་པ་འཛིན་པའི་ས་ལ་བཞུགས་པ་སྙན་པའི་གྲགས་པས་ས་སྟེངས་མ་ལུས་པ་ཁྱབ་པ་རིགས་པ་མཁྱེན་པ་ཞེས་ཚད་ལྡན་ཡོངས་ལ་གྲགས་པའི་སློབ་དཔོན་དེས་ཇི་སྐད་དུ་འབྱུང་བའི་མཆོད་བརྗོད་ཀྱི་ཚིག་དོན་རྣམ་པར་འགྲེལ་བའི་དབང་དུ་མཛད་ནས། ཚད་མ་སླུ་མེད་ཅན་ཞེས་པ་ནས། གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པའི་བར་རྒྱས་པར་གསུངས་པ་ཡིན་ལ། ཕྱེད་ཕྱི་མ་བརྩོམ་པར་དམ་བཅའ་བའི་དོན་འཆད་པར་བཞེད་ནས། དེ་ལྟའི་དངོས་དོན་བསྟོད་པ་ནི། །ཞེས་སོགས་གསུངས་པ་ཡིན་ནོ། །ཡང་བདག་ཉིད་ཆེན་པོའི་བསྟན་བཅོས་ཀྱི་ཐོག་མར། ཚད་མར་གྱུར་པ་ཞེས་གསུངས་པའི་ཚད་མ་དེ་གང་ཞེ་ན། མངོན་སུམ་དང་ནི་རྗེས་སུ་དཔག །ཞེས་སོགས་གསུངས་པ་དེའི་དོན་འཆད་པར་བཞེད་ནས། ཇི་སྐད་དུ། གཞལ་བྱ་གཉིས་ཕྱིར་ཞེས་པ་ནས། འཁྲུལ་ཕྱིར་རོ་ཞེས་པའི་བར་དུ་གསུངས་སོ། །མངོན་སུམ་ཇི་ལྟ་བུ་ཞེ་ན། དེ་ནས་ཡང་བདག་ཉིད་ཆེན་པོས། མིང་དང་རིགས་སོགས་སྦྱོར་བ་ཡི། །ཞེས་སོགས་རྒྱས་པར་གསུངས་པའི་དོན་གཏན་ལ་འབེབས་པར་བཞེད་ནས། ཇི་སྐད་དུ། མངོན་སུམ་རྟོག་དང་བྲལ་བར་ནི། །ཞེས་སོགས་མངོན་སུམ་གྱི་ལེའུ་རྫོགས་པར་བསྟན་པ་ཡིན་ནོ། །རྗེས་སུ་དཔག་པ་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན་དེ་ནས་ཡང་བདག་ཉིད་ཆེན་པོས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་དང༌། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཞེས་རང་དོན་རྗེས་སུ་དཔག་པ་དང་གཞན་དོན་རྗེས་སུ་དཔག་པའི་ལེའུ་གཉིས་བར་མ་ཆད་པར་གསུངས་པ་དེའི་གོ་རིམ་ཇི་ལྟ་བ་བཞིན་སློབ་དཔོན་འདིས་ཀྱང་འཆད་པ་ནི། ཚད་མ་རྣམ་པར་ངེས་པ་དང་རིགས་པའི་ཐིགས་པ་ཡིན་ལ། བསྟན་འཆོས་འདིར་ནི་རེ་ཤིག་དགོས་པ་དང་རྒྱུ་མཚན་གྱི་དབང་གིས་རང་དོན་རྗེས་དཔག་དང་པོར་འཆད་པ་ཡིན་ནོ། །རྒྱུ་མཚན་དང་དགོས་པ་ཇི་ལྟར་དུ་ཡོད་ཅེ་ན། ཚད་མའི་མཚན་ཉིད་ཀྱི་བསྟན་འཆོས་འཆད་པའི་རྒྱུ་ཡིན་པའི་ཕྱིར་དང༌། དོན་དང་དོན་མ་ཡིན་པ་རྣམ་པར་དབྱེ་བའི་ཕྱིར་དུའོ། །དེའི་རྒྱུ་ཇི་ལྟར་ཡིན་ཞེ་ན། དཔེའི་ཚད་མ་ངོ་ཤེས་པའི་ཐབས་དང༌། དོན་གྱི་ཚད་མ་ཚད་མའི་སྐྱེས་བུར་སྒྲུབ་པའི་གཏན་ཚིགས་ཁོང་དུ་ཆུད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དཔེའི་ཚད་མ་ནི་མི་སླུ་བ་དང་མ་ཤེས་དོན་གསལ་གཉིས་ཚོགས་པ་ཡིན་ལ། དེ་ཉིད་དེ་ཡིན་པར་ཡང་ཕལ་ཆེར་རྗེས་སུ་དཔག་པའི་ཚད་མས་ངེས་པར་བྱ་དགོས་པའི་ཕྱིར་དང༌། ཚད་མའི་ཐ་སྙད་ཀྱང་རྟགས་ཀྱིས་སྒྲུབ་པར་བྱ་དགོས་པའི་ཕྱིར། དོན་གྱི་ཚད་མ་རྟོགས་པའི་ཐབས་ཀྱང་རྗེས་སུ་དཔག་པ་ཉིད་ཡིན་ཏེ། ཐུབ་པའི་དབང་པོ་ཚད་མའི་སྐྱེས་བུར་བསྒྲུབ་པ་ནི། རང་བཞིན་དང་འབྲས་བུའི་གཏན་ཚིགས་ཡང་དག་གཉིས་ཀྱི་སྒོ་ནས་བཤད་པར་བྱ་བ་ཡིན་ལ། དེ་ལ་ཡང་དེའི་ཚུལ་གསུམ་ཤེས་པ་མངོན་དུ་འགྲོ་དགོས་པའི་ཕྱིར། རང་དོན་རྗེས་དཔག་དང་པོར་འཆད་པ་ཡིན་ནོ། །རྒྱུ་ཡིན་པ་དེ་ལྟ་མོད་ཀྱི། དོན་དང་དོན་མ་ཡིན་པ་རྣམ་པར་དབྱེ་བའི་དགོས་པ་ཇི་ལྟར་ལྡན་ཅེ་ན། བཤད་པར་བྱ་སྟེ། དེ་ལ་དོན་ཞེས་བྱ་བ་ནི་བདག་ཉིད་ཆེན་པོ་བཞེད་པའི་ཚད་མ་གཉིས་ཀྱི་གྲངས་དང་སྤྱོད་ཡུལ་དང་མཚན་ཉིད་དང་འབྲས་བུའི་རྣམ་པར་རྟོག་པ་རྣམས་ཡིན་ལ། ཕྱི་རོལ་པ་དང་རང་གི་སྡེ་པ་གཞན་གྱིས་ལོག་པར་བརྟགས་པའི་གྲངས་ལ་སོགས་པ་དེ་དག་རྣམས་ལ་དོན་མ་ཡིན་པ་ཞེས་བྱའོ། །དེ་རྣམ་པར་འབྱེད་པ་ཡང་རྗེས་སུ་དཔག་པ་ལ་རག་ལས་པ་ཡིན་ཏེ། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ལ་རག་ལས་པའི་ཕྱིར་རོ། །དེའི་ཕྱིར་ཡང་རང་གི་དོན་གྱི་རྗེས་སུ་དཔག་པ་དང་པོར་འཆད་པ་ཡིན་ནོ། །འོ་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡང་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་འཆད་པའི་རྒྱུ་ཡིན་པའི་ཕྱིར་ཐོག་མ་ཉིད་དུ་འཆད་རིགས་པར་འགྱུར་ཏེ། དོན་དང་དོན་མ་ཡིན་པར་རྣམ་པར་དབྱེ་བ་ནི་རང་གི་ཕྱོགས་བསྒྲུབ་པ་དང༌། གཞན་གྱི་ཕྱོགས་སུན་འབྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་རག་ལ། དེ་ཡང་གཞན་དོན་རྗེས་སུ་དཔག་པའི་ལེའུ་ནས་འཆད་པའི་ཕྱིར་རོ་སྙམ་ན། མ་ཡིན་ཏེ། ཐོག་མར་རང་གི་གཞལ་བྱའི་གནས་ཕྱིན་ཅི་མ་ལོག་པར་རྟོགས་པ་ལ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ། རྟོགས་ནས་གཞན་རྗེས་སུ་འཛིན་པ་ལ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེ་ཡང་ཇི་ལྟར་ཡིན་ཞེ་ན། གཞལ་བྱའི་གནས་དང་པོ་རྟོགས་པ་ལ་རྗེས་དཔག་སྔོན་དུ་འགྲོ་བ་མ་ཡིན་ཡང་ཚད་མ་གྲུབ་པའི་ལེའུ་ནས་འཆད་པའི་ཤིན་ཏུ་ལྐོག་ཏུ་གྱུར་པ་དང༌། མངོན་སུམ་གྱི་ལེའུ་ནས་འཆད་པའི་ཚད་མའི་གྲངས་དང༌། སྤྱོད་ཡུལ་ལ་སོགས་པ་ཅུང་ཟད་ལྐོག་ཏུ་གྱུར་པ་རྟགས་ཀྱིས་བསྒྲུབ་པར་བྱ་བ་དེ་དག་ཇི་ལྟ་བ་བཞིན་རྟོགས་པ་ལ་རང་དོན་རྗེས་དཔག་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །དེ་ལ་འདི་སྙམ་དུ། དེ་ལྟར་ན་མངོན་སུམ་གྱི་ལེའུ་ཡང་ཚད་མ་གྲུབ་པའི་གོང་དུ་འཆད་རིགས་པར་འགྱུར་ཏེ། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྣམ་པར་དག་ནས་ཤིན་ཏུ་ལྐོག་གྱུར་ལ་འཇུག་པའི་ཕྱིར། ཞེ་ན། འཇུག་པའི་རིམ་པ་དེ་ལྟར་ཡིན་མོད་ཀྱི། ཚུ་རོལ་མཐོང་བས་མངོན་སུམ་གྱིས་གྲུབ་པ་དེ་དག་ནི་བསྟན་འཆོས་སུ་དཔྱད་པར་བྱ་བ་མ་ཡིན་ཏེ། མངོན་སུམ་ལ་བསྙོན་པ་སུ་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་མངོན་སུམ་ལེའུར་བཤད་པ་དེ་དག་ནི་ཚུ་རོལ་མཐོང་བས་མངོན་སུམ་གྱིས་གང་གྲུབ་ཟིན་པ་དེ་ཉིད་སླར་ཡང་བསྣན་ནས་བཤད་པ་མ་ཡིན་གྱི། མཐའ་གཞན་དུ་ལོག་པར་རྟོག་པ་དང༌། ཐ་སྙད་མ་གྲུབ་པ་འགའ་ཞིག་གྲུབ་པར་བྱ་བའི་ཕྱིར་དུ་བཤད་པ་ཡིན་ནོ། །འོ་ན་ཇི་སྐད་དུ། མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་བཤད་པ་མ་ཡིན་ནམ་ཅེ་ན། དེ་ཡང་བསྒྲུབ་པར་བྱ་བ་ཡིན་གྱི་གྲུབ་ཟིན་པ་ནི་མ་ཡིན་ཏེ། ཀུན་གྱི་རྣམ་རྟོག་མིང་རྟེན་ཅན། །ཞེས་སོགས་ཀྱིས་དེའི་སྒྲུབ་བྱེད་འཆད་པའི་ཕྱིར་རོ། །དེ་ལྟར་ན་ལེའུ་བཞིའི་ནང་ནས་ཐོག་མར་འཆད་པའི་རྒྱུ་མཚན་དང་དགོས་པ་དེ་ལྟ་བུ་དང་ལྡན་པའི་རྗེས་སུ་དཔག་པ་རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི། བདག་ཉིད་ཆེན་པོས། རང་དོན་ནི་ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན་ཞེས་པས་བསལ་ཟིན་ལ། གྲངས་ལ་ལོག་པར་རྟོག་པ་བསལ་བ་ནི་གཞན་དོན་རྗེས་དཔག་གི་ལེའུ་ཉིད་དུ་འཆད་པར་འགྱུར་ཞིང༌། སྤྱོད་ཡུལ་ལ་ལོག་པར་རྟོག་པ་ཡང་མངོན་སུམ་གྱི་ལེའུ་ཉིད་དུ་སེལ་བར་འགྱུར་བས། འདིར་ནི་རྟེན་གཏན་ཚིགས་ལ་ལོག་པར་རྟོག་པ་ཙམ་ཞིག་སྤང་བར་བྱ་སྟེ། རང་དོན་རྗེས་དཔག་དང་པོར་འཆད་པའི་རྒྱུ་མཚན་དང་དགོས་པ་ཡང་དེ་ཁོ་ན་ལ་ཡོད་པའི་ཕྱིར་རོ། །དེ་ལ་ཡང་ལོག་པར་རྟོག་པ་གཉིས་མཐོང་སྟེ། མཚན་ཉིད་ལ་ལོག་པར་རྟོག་པ་དང༌། གྲངས་ལ་ལོག་པར་རྟོག་པའོ། །དང་པོ་ལ་ཡང༌། ཕྱོགས་ཆོས་ལ་ལོག་པར་རྟོག་པ་དག་ཀྱང་ཡོད་མོད་ཀྱི། འདིར་ནི་དེ་བསལ་བ་གཙོ་བོར་མི་མཛད་ཀྱི། ལྡོག་པ་ལ་ལོག་པར་རྟོག་པ་སེལ་བའི་ཆ་ནས་གཞུང་འཛུགས་པར་མཛད་དོ། །རིགས་པ་དེ་ཉིད་ཀྱི་ཞར་ལ་རྗེས་འགྲོ་ལ་ལོག་པར་རྟོག་པ་དང༌། གཏན་ཚིགས་ལྟར་སྣང་འགའ་ཞིག་ལ་ལོག་པར་རྟོག་པ་ཡང་བསལ་བ་ཡིན་ཏེ། ཡང་དག་གི་རྟགས་ཆོས་གཉིས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པའི་ཕྱིར་རོ། །འདི་ལ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་དེ་ཆོས་ཅན། ཁྱོད་ལ་གསུམ་དུ་གྲངས་ངེས་པ་ཡིན་ཏེ། གསུམ་དུ་དབྱེར་ཡོད་གསུམ་ལས་མང་མི་དགོས་དེ་ལས་ཉུང་ན་མི་འདུ་བའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ཡིན་ཏེ། རྟགས་ཡང་དག་ཡིན་ན་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་དགོས་པའི་ཕྱིར་དང༌། དེ་མ་ངེས་ན་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། ཕྱོགས་ཆོས་སོགས་ཤླཽ་ཀ་གཅིག་གོ །ཡང་རེ་རེ་ནས་འགོད་ན། ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཆོས་ཅན། རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས་པའི་ཕྱི་རོལ་གྱི་ངོར། སྔ་རྒོལ་མཁས་པས་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་བཀོད་པའི་ཚེ་ན་བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར་རོ། །རྟགས་ཡང་དག་ཏུ་སྒྲུབ་དགོས་པ་ཐམས་ཅད་འདི་བཞིན་དུ་སྦྱར་བར་བྱའོ། །འབྲེལ་བའི་དབང་གིས་རྟགས་ཡང་དག་གི་གྲངས་ངེས་བཞག་པ་ཡིན་ཏེ། འབྲེལ་པ་ལ་དངོས་འབྲེལ་དང་ལྡོག་འབྲེལ་གཉིས་སུ་ངེས། དངོས་འབྲེལ་ལ་བདག་ཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་ངེས། གཙོ་བོར་དངོས་ཀྱི་དེ་བྱུང་འབྲེལ་པ་ལ་ལྟོས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དང༌། གཙོ་བོར་དངོས་ཀྱི་བདག་ཅིག་འབྲེལ་པ་ལ་ལྟོས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དང༌། གཙོ་བོར་ལྡོག་འབྲེལ་ལ་ལྟོས་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡིན་ན། གོ་རིམ་བཞིན་དུ་འབྲས་བུ་དང་རང་བཞིན་དང་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་དགོས་པའི་ཕྱིར། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ལྟར་སྣང་ཡིན་ཏེ། དེ་དང་མ་འབྲེལ་བའི་ཕྱིར་རོ། །གཞུང་འདིའི་མདོར་བསྟན་དང་རྒྱས་བཤད་ཐམས་ཅད་དུ་མ་ངེས་པའི་གཏན་ཚིགས་ལྟར་སྣང་དེ་ཉིད་བསྟན་ལ་འགལ་བ་དང་མ་གྲུབ་པ་ནི་གཞན་ནས་རྒྱས་པར་འཆད་དོ། །གཉིས་པ་ལ་དེ་ནི་རྣམ་གསུམ་ཞེས་བཤད་ན། གསུམ་པ་དེ་གང་ཞེ་ན། དེ་ལྟར་བཀོད་པའི་ཚེ་ན་དུ་བ་ཡོད་པ་ཆོས་ཅན། ལ་མེ་ལྡན་དུ་བསྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གྲུབ་པ་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་རྟགས་ཆོས་ཀྱི་ཁྱད་པར་བྱེད་ཆོས་གཉིས་ལ་དེ་བྱུང་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་གྲུབ་པའི་ཕྱིར་རོ། །ཞེས་སྟོན་པ་ནི། རྒྱུ་ལ་ཞེས་སོགས་སོ། །བསྒྲུབ་ཚུལ་འདི་བཞིན་འོག་མ་དག་ལ་ཡང་སྦྱར་བར་བྱའོ། །དེའི་ངོར་དེ་ལྟར་བཀོད་པའི་ཚེ་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། དེ་ཚང་བ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དང་མི་རྟག་པ་གཉིས་ལ་བདག་ཅིག་པའི་མེད་ན་མི་འབྱུང་བའི་འབྲེལ་པ་ཚད་མས་ངེས་པའི་ཕྱིར། ཞེས་སྟོན་པ་ནི། རང་བཞིན་ཞེས་སོགས་སོ། །གཏན་ཚིགས་སྔ་མ་གཉིས་བཞིན་དུ། མ་དམིགས་པའི་གཏན་ཚིགས་ཐམས་ཅད་དགག་བྱ་འགོག་ཚུལ་ལ་ཁྱད་པར་མེད་དམ་ཞེ་ན། ཁྱད་པར་གྱི་གཞི་དེ་བསལ་བའི་གཞིར་དགག་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་ཡོད་ངེས་ཀྱི་ཐ་སྙད་ཙམ་འགོག་པའི་གཏན་ཚིགས་ནི། འདྲེ་ཤ་ཟའི་བུམ་པ་ཐ་མལ་པའི་ཚད་མས་མ་དམིགས་པ་ཆོས་ཅན། མདུན་གྱི་གཞི་འདིར་འདྲེ་ཤ་ཟའི་བུམ་པ་ཡོད་ངེས་ཀྱི་གཅད་ཤེས་དོན་མཐུན་མི་འཇུག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཞེས་སྟོན་པ་ནི། ཚད་མ་རྣམས་ནི། ཞེས་སོགས་སོ། །འོ་ན་དེར་ངེས་སམ་ཅེ་ན། དེར་མ་ངེས་ཏེ་རང་ཕྱོགས་ཆོས་སུ་གྲུབ་པའི་གཞིར། རང་གི་དགག་བྱའི་ཆོས་ཀྱི་ཁྱད་པར་བྱེད་ཆོས་སུ་བཟུང་བྱ་དེ་མེད་ངེས་དང་མེད་པའི་ཐ་སྙད་དོན་མཐུན་སྒྲུབ་ནུས་ཀྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཅིག་ཀྱང་ཡོད་པའི་ཕྱིར། དེའི་མཚན་གཞི་ནི། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། སྣང་རུང་གི་བུམ་པས་དག་པའི་ས་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པར་སྒྲུབ་པའི་རྟག་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཞེས་སྟོན་པ་ནི། གཏན་ཚིགས་བྱེ་བྲག་ཞེས་སོགས་སོ། །མི་སྣང་བ་མ་དམིགས་པ་བཞིན་དུ་འདི་ལ་ཡང་དབྱེ་བ་མེད་དམ་ཞེ་ན། སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། རྟགས་སུ་འགོད་བྱའི་སྒོ་ནས་བཞིར་ཡོད་དེ། འགལ་བའི་རང་བཞིན་དམིགས་པ། འབྲས་བུ་དམིགས་པ། སྣང་རུང་གི་རྒྱུ་མ་དམིགས་པ། རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་རྣམས་སུ་ཡོད་པའི་ཕྱིར་རོ། །གཞུང་འདི་དག་གིས་ནི་གཏན་ཚིགས་གཉིས་ཀྱི་ཁྱད་པར་རྟགས་སུ་འགོད་བྱའི་སྒོ་ནས་བཤད་པ་ཡིན་ནོ། །འགལ་བའི་རང་བཞིན་དང་འབྲས་བུ་དམིགས་པ་ཡོད་ན། འགལ་བའི་རྒྱུ་དམིགས་པ་ཡང་ཡོད་རིགས་སོ། །ཞེ་ན། དེ་མེད་པར་སྟོན་པ་ནི། དེ་དང་སོགས་སོ། །ཉེས་པ་དེ་འབྲས་བུ་དམིགས་པ་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་པ་སྟོན་པ་ནི། འགལ་འབྲས་ལ་ཡང་སོགས་སོ། །ཉིད་ཅེས་པ་མི་མཐད་དེ། རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་ནས་རང་གི་གཞིར་འབྲས་བུ་སྒྲུབ་པའི་རྟགས་རྣམས་ཡང་དག་ཡིན་ཀྱང་གསུམ་པོ་གང་རུང་མ་ཡིན་པས་སོ་ཞེ་ན། ཅི་དེས་དེ་འབྱུང་རུང་སྒྲུབ་པའམ། འབྱུང་ངེས་སྒྲུབ་པ་གང་ལ་བྱ། དང་པོ་ལྟར་ན། ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། ཁྱོད་ནས་མྱུག་གི་རྒྱུ་ཚོགས་ཚང་བའི་ཞིང་རང་འབྲས་ནས་མྱུག་འབྱུང་རུང་དུ་བསྒྲུབ་པའི་གཏན་ཚིགས་ཡང་དག་གསུམ་པོ་གང་རུང་མ་ཡིན་པའི་རྒྱུ་མཚན་གྱིས་རྟགས་ཡང་དག་ལ་གསུམ་དུ་གྲངས་མ་ངེས་པ་མ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ཡིན་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག རང་གྲུབ་ཙམ་ནས་རང་འབྲས་ནས་མྱུག་འབྱུང་རུང་གི་ངོ་བོར། སྐབས་བབ་ཀྱི་རྒོལ་བས་ཚད་མས་ངེས་པའི་ཕྱིར། ཞེས་སྟོན་པ་ནི། རྒྱུ་ཚོགས་པ་ལས། ཞེས་སོགས་སོ། །གཉིས་པ་ལྟར་ན། དེ་ཆོས་ཅན། ཁྱོད་དེར་དེ་འབྱུང་ངེས་སུ་སྒྲུབ་པ་ལ་གཏན་ཚིགས་ཡང་དག་ཡིན་པའི་རྒྱུ་མཚན་གྱིས་གཏན་ཚིགས་ཡང་དག་ལ་གསུམ་དུ་གྲངས་མ་ངེས་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར་ཏེ། ཁྱོད་ཀྱིས་དེ་སྐྱེད་པ་ལ་གེགས་སྲིད་པའི་ཕྱིར། ཞེས་སྟོན་པ་ནི། ཚོགས་པའི་ཞེས་སོགས་སོ། །ཡང་ཉིད་ཅེས་པ་མི་འཐད་དེ། རོ་ལས་གཟུགས་སོགས་དཔོག་པའི་རྟགས་རྣམས་རྟགས་ཡང་དག་ཡིན་ཀྱང༌། གསུམ་པོ་གང་རུང་མ་ཡིན་པས་སོ་ཞེ་ན། བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། ཁྱོད་དང་བུར་གཟུགས་ད་ལྟར་བ་གཉིས་ལ་དངོས་ཀྱི་འབྲེལ་པ་མེད་ཀྱང༌། ཁྱོད་ལས་ཁ་ནང་བུ་རམ་གོང་བུའི་སྟེང་དུ། བུར་གཟུགས་ད་ལྟར་བ་རྟོགས་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དང་དེ་གཉིས་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་ཕྱིར། དཔེར་ན། དུ་བས་དུ་ལྡན་གྱི་ལ་ལ་མེ་དངོས་སུ་དཔག་སྟོབས་ཀྱིས་བུད་ཤིང་གི་འགྱུར་བ་ཤུགས་ལ་རྟོགས་པ་བཞིན་ནོ། །ཞེས་སྟོན་པ་ནི། ཚོགས་པ་ཅིག་ལ་ཞེས་སོགས་སོ། །མདོར་ན། དེ་ལས་དེ་རྟོགས་པའི་རྗེས་དཔག་ཆོས་ཅན། ཁྱོད་ཀྱི་རྟེན་དུ་གྱུར་པའི་གཏན་ཚིགས་དེ་གསུམ་པོ་གང་རུང་དུ་མ་འདུས་པ་མ་ཡིན་ཏེ། ཁྱོད་ཀྱི་རྟེན་དུ་གྱུར་པའི་གཏན་ཚིགས་དེ་ཡིན་ན་འབྲས་བུའི་གཏན་ཚིགས་ཡིན་དགོས་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །སྦྱོར་བ་འདི་ལྟར་ན། རྒྱུ་དངོས་སྒྲུབ་དང་རྒྱུ་ཆོས་རྗེས་དཔོག་གཉིས། འབྲས་བུ་རྗེས་དཔག་སྐྱེ་ཚུལ་ལ་ལྟོས་ན་ལྡོག་པ་སོ་སོར་ཕྱེ་བ་ཙམ་མོ། །ཡང་ན་བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། ཁྱོད་དེར་དེ་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡང་དག་གང་ཞིག ཁྱོད་རང་རྒྱུ་བུ་རམ་གྱི་གཟུགས་སྔ་མའི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་ཁྱོད་བུར་གཟུགས་ད་ལྟར་བ་ལ་བརྒྱུད་ནས་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་སྐབས་བབ་ཀྱི་རྒོལ་བའི་རྒྱུད་ཀྱི་ཚད་མས་ངེས་པའི་ཕྱིར་རོ། །དེ་ལྟར་ན་རྒྱུ་དངོས་སྒྲུབ་དང་རྒྱུ་ཆོས་རྗེས་དཔོག་གཉིས་བཀོད་ཚོད་ཀྱི་གཏན་ཚིགས་སོ་སོ་ལ་སོང་ཚོད་ཀྱི་གཏན་ཚིགས་ཅིག་ཡིན་ནོ། །འོ་ན་གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་དོན་ཅི་ཞེ་ན། འདིའི་དོན་ནི་ཕྱོགས་ཆོས་དང་རྗེས་འགྲོ་ཙམ་གྲུབ་ཀྱང༌། ལྡོག་པ་མ་གྲུབ་ན་ལྷག་མ་དང་ལྡན་པའི་གཏན་ཚིགས་ཞེས་བྱ་ལ། དེ་ལ་རང་བཞིན་དང་འབྲས་བུ་དང་མ་དམིགས་པའི་བྱེ་བྲག་གིས་གསུམ་ལས། དང་པོ་ནི། ནས་མྱུག་གི་རྒྱུ་ཚོགས་གྲངས་མ་ཚང་བ་ཆོས་ཅན། ནས་ཀྱི་ས་བོན་དང་ལྡན་པའི་གཞིར། རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་ལྡོག་པ་མ་གྲུབ་པའི་ཕྱིར། གཉིས་པ་ནི། དུ་བ་དང་ལྡན་པ་ཆོས་ཅན། རང་ཕྱོགས་སུ་གྲུབ་པའི་གཞིར་ཙནྡན་གྱི་མེ་ཡོད་པར་སྒྲུབ་པའི་འབྲས་བུའི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་འགྲོ་ཙམ་པོ་དང་ཕྱོགས་ཆོས་གྲུབ་ཀྱང༌། ལྡོག་པ་སྐབས་བབ་ཀྱི་རྒོལ་བས་མ་གྲུབ་པའི་ཕྱིར། ཚིག་སྨྲ་བའི་རྟགས་ཀྱི་ཕ་རོལ་པོ་ཆགས་ཅན་དུ་དཔོག་པ་བཞིན་ནོ། །གསུམ་པ་ནི། ཚིག་སྨྲ་བ་ཆོས་ཅན། དེ་དེར་སྒྲུབ་པའི་མི་མཐུན་ཕྱོགས་ལས་བཟློག་པར་ཐལ། དེ་ལ་སྐབས་ཀྱི་རྒོལ་བས་ཚད་མས་མ་མཐོང་བའི་ཕྱིར་ཞེ་ན། དེ་ལ་དེ་མ་མཐོང་བ་དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་མ་དམིགས་པའི་གཏན་ཚིགས་ཡང་དག་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་འཁྲུལ་བའི་ཕྱིར། ཇི་ལྟར་འཁྲུལ་ཞེ་ན། ཚོས་པའི་འབྲས་དང་ཕྲུ་བ་ཅིག་གི་ནང་དུ་ཆུད་པར་མཚུངས་པ་དེ་ཆོས་ཅན། ཁྱོད་ཕྲུ་བའི་འབྲས་ལྷག་མ་ཚོས་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པར་ཐལ། མི་མཐུན་ཕྱོགས་ལ་མ་མཐོང་བའི་ཕྱིར། ཞེས་སྟོན་པ་ནི། གཞུང་སྔ་ཕྱི་གཉིས་སོ། །གསུམ་པོ་དེ་ལྷག་ལྡན་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། ངག་སྨྲ་བ་ཆོས་ཅན། ངག་སྨྲ་བའི་ལྷ་སྦྱིན་ཆགས་ཅན་དུ་སྒྲུབ་པའི་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་སྐབས་ཀྱི་རྒོལ་བས་ཚད་མས་མཐོང་མི་མཐུན་ཕྱོགས་ལ་ཡོད་མེད་གང་རུང་དུ་སྐབས་ཀྱི་རྒོལ་བའི་ཚད་མས་མ་མཐོང་བའི་ཕྱིར་ཞེས་པ་ནི། གང་ཞིག་མ་མཐོང་སོགས་སོ། །མེད་ན་མི་འབྱུང་ངེས་ཕྱིར་རོ་ཞེས་བཤད་ན། ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་དགོས་པའི་རྒྱུ་མཚན་ཅི། དེ་ངེས་བྱེད་ཀྱི་ཚད་མ་གང་ཞེ་ན། དགོས་པའི་རྒྱུ་མཚན་ནི། རྟགས་ཡང་དག་གི་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་བཟློག་དགོས་པའི་ཕྱིར། དེ་དགོས་པར་ལུང་དང་རིགས་པ་དང་ཁས་བླངས་པ་གསུམ་ལས་སོ། །ཐོག་མར་ལུང་ནི། རང་སྡེའི་ངོར་བརྗོད་པར་བྱ་སྟེ། རང་ཕྱོགས་སྒྲུབ་བྱེད་ཀྱི་ལུང་དང་གཞན་ཕྱོགས་འགོག་བྱེད་ཀྱི་ལུང་གཉིས། དང་པོ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚུལ་གསུམ་ལ་ངེས་བརྗོད་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཡང་དག་ཡིན་ན་ཚུལ་གསུམ་ཚད་མས་གྲུབ་པ་ཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར། ཞེས་པ་དངོས་བསྟན་དང༌། བསྟན་བྱའི་གཙོ་བོ་ནི། བདག་ཉིད་ཆེན་པོས་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི། སྒྲུབ་བྱེད་དོ། །ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཡང་དག་ཡིན་ན་རང་གི་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པ་ཅིག་དགོས་སོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་ཞེས་སོགས་ཤླཽ་ཀ་ཅིག་གོ །འོ་ན་ཡང་དེའི་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་བཟློག་པར་གང་གིས་གྲུབ་ཅེ་ན། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པ་ལས་སོ། །དེ་ཡང་ཇི་ལྟར་ཞེ་ན། དེ་འགྲུབ་པ་ལ་གནོད་བྱེད་ཡོད་པ་ལས་སོ། །ཇི་ལྟར་ཡོད་ཅེ་ན། གཉིས་པ་གནོད་བྱེད་ནི། བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བརྗོད་པ་དོན་མེད་པར་ཐལ། ཁྱོད་ཀྱིས་བྱས་པ་རྟག་པ་ལ་མ་མཐོང་བ་ཙམ་གྱི་དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པའི་ཕྱིར། ཅི་སྟེ་དེ་མ་མཐོང་ཙམ་དེ་གོ་བའི་ཆེད་དུ་དེ་བརྗོད་པ་ཡིན་ནོ་ཞེ་ན། བྱས་པ་རྟག་པ་ལས་སྐབས་བབ་ཀྱི་རྒོལ་བས་མ་མཐོང་ཙམ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་གི་འབྲས་བུ་མ་ཡིན་པར་ཐལ། དེ་མེད་པར་ཁྱོད་ཡོད་པའི་ཕྱིར། འོ་ན་ངག་དེས་དེ་དེ་ལ་མེད་ངེས་སུ་སྒྲུབ་པར་ནུས་སམ་ཅེ་ན། རྟག་ན་མ་བྱས་པས་ཁྱབ་དཔེར་ན་ནམ་མཁའ་བཞིན་ཞེས་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་རྟག་ན་མ་བྱས་པའི་ཁྱབ་པ་སྒྲུབ་མི་ནུས་ཏེ། ཁྱོད་ཁྱབ་པ་དེ་ཚིག་ཟིན་ལ་བརྗོད་པའི་ངག་ཡིན་པའི་ཕྱིར། དེ་ལྟར་ན་ཤེས་བྱ་ཆོས་ཅན། དེ་སྒྲུབ་བྱེད་ཀྱི་རིགས་པ་མེད་པ་མ་ཡིན་ཏེ། རྟག་པ་བྱས་སྟོང་དུ་སྒྲུབ་པའི་གནོད་པ་ཅན་གྱི་གཏན་ཚིགས་ཡང་དག་གིས་དེ་འགྲུབ་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། འཁྲུལ་པ་ཅན་གྱི་གཉེན་པོར་ནི། ཞེས་སོགས་ཤླཽ་ཀ་གཉིས་སོ། །ཡང་སྨིན་པའི་ཤིང་ཐོག་དང་ཤིང་ཕུང་ཅིག་ལས་སྐྱེས་པར་མཚུངས་པ་དེ་ཆོས་ཅན། ཤིང་ཐོག་ལྷག་མ་སྨིན་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་སྐབས་བབ་ཀྱི་རྒོལ་བའི་ཚད་མས་མ་མཐོང་བའི། ཁྱབ་པ་ཁས་བླངས། སྲོག་ལྡན་གྱི་ལུས་སུ་ཚད་མས་དམིགས་པ་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག མི་མཐུན་ཕྱོགས་ལ་སྐབས་ཀྱི་རྒོལ་བས་ཚད་མས་མ་མཐོང་བའི་ཕྱིར། རྟགས་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་མེད་ཐེ་ཚོམ་ཟ་བཞིན་དུ་ཕྱོགས་ཆོས་གྲུབ་པ་སྲིད་པར་ཐལ། རྟགས་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བཞིན་ལྡོག་པ་གྲུབ་པ་སྲིད་པའི་ཕྱིར། རྟགས་ཁས་བླངས། མཉན་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་སྐབས་ཀྱི་རྒོལ་བས་ཚད་མས་མ་མཐོང་བའི་ཕྱིར། རེག་བྱ་བཏང་སྙོམས་པ་མ་མཐོང་བ་དེ་ཆོས་ཅན། ས་ཆུ་མེ་གསུམ་ལ་དེ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། རྟགས་སྔ་མ་དེའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། གལ་ཏེ་མ་མཐོང་ནས། མི་ལྡན་འཁྲུལ་པ་མེད་པ་ཅན་གྱི་བར་རོ། །གཉིས་པ་རིགས་པ་ནི། མ་ཟོས་པའི་སྐྱུ་རུ་ར་རྣམས་ཆོས་ཅན། རོ་མངར་དང་ལྡན་པར་ཐལ། དེ་དང་མི་ལྡན་པ་མ་མཐོང་བའི་ཕྱིར། ཁྱབ་པ་ཁས་བླངས། ཞེས་པ་ནི། ཡུལ་ལ་སོགས་པའོ། །གསུམ་པ་ཁས་བླངས་པ་ནི། གསོན་པོའི་ལུས་ཆོས་ཅན། བདག་མེད་པར་ཐལ། དེ་ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་མ་མཐོང་བའི་ཕྱིར། ས་ལ་ཤེས་པ་དང་འོ་མ་ལ་ཞོ་ཆོས་ཅན། མེད་པར་ཐལ། ཡོད་པར་སྐབས་ཀྱི་རྒོལ་བའི་ཚད་མས་མ་མཐོང་བའི་ཕྱིར། ཁྱབ་བསལ་ཁས་བླངས་སོ་ཞེས་སྟོན་པ་ནི། བདག་དང་ས་ལ། ཞེས་སོགས་ཅིག་གོ །དེ་ལྟར་རྟགས་མི་མཐུན་ཕྱོགས་ལས་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པར་གྲུབ་པ་ན། ཡང་དག་གི་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པར་གྲུབ། དེ་གྲུབ་པ་ན། ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་གྲུབ་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ཕྱིར་དེ་ཙམ་དང་འབྲེལ་ཞེས་སོགས་སོ། །ལྡོག་པའི་ཚུལ་གྲུབ་པ་འབྲེལ་པ་ངེས་པ་ལ་རག་ལས་པར་གྲུབ་སྟེ། འབྲེལ་མེད་དོན་གཞན་ལ་ལྡོག་པ་གྲུབ་ན་ཧ་ཅང་ཐལ་བའི་ཕྱིར། ཡང་དེར་གྲུབ་པ་ན། རྗེས་འགྲོའི་ཚུལ་གྲུབ་པ་ཡང་འབྲེལ་པ་ལ་རག་ལས་པར་གྲུབ་སྟེ། དེ་མེད་པར་ཡང་དེ་གྲུབ་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་རིམ་པར་སྟོན་པ་ནི། ངོ་བོ་ཉིད་ཀྱི་ངོ་བོ་ཉིད་ཅེས་སོགས་དང༌། དེ་བཞིན་ཅེས་སོགས་སོ། །འོ་ན་འབྲེལ་པ་གྲུབ་པ་ལ་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པར་གྲུབ་དགོས་ན། དེར་གྲུབ་པ་དེ་གཞི་དེ་ཆོས་ཅན་དངོས་པོར་གྱུར་པའི་སྟེང་དུ་བསྒྲུབ་པས་ཁྱབ་བམ་ཅེ་ན། འབྲས་རང་གི་རྟགས་ཡང་དག་གི་རྗེས་འགྲོ་ཤེས་པའི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་འབྲས་རང་གི་རྟགས་ཡང་དག་གི་ལྡོག་པ་གཞི་ཆོས་ཅན་དངོས་པོར་གྱུར་པ་ཅིག་གི་སྟེང་དུ་བསྒྲུབ་མི་དགོས་ཏེ། ཁྱོད་ཀྱི་ངོར་མེ་མེད་ན་དུ་བ་མེད་པས་ཁྱབ། ཅེས་དང༌། རྟག་ན་མ་བྱས་པས་ཁྱབ་ཅེས་བརྗོད་པ་ཙམ་གྱིས་དེ་གཉིས་ཀྱི་རྟགས་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པར་ཚད་མས་ཤེས་ནུས་པའི་ཕྱིར། འོ་ན་དེ་གཉིས་ཀྱི་རྗེས་འགྲོ་ལ་ཡང་དེ་ལྟར་འགྱུར་རམ་ཞེ་ན། མེ་དུ་དང་བྱས་མི་རྟག་གི་རྗེས་འགྲོ་མི་ཤེས་པའི་སྐབས་ཀྱི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་འབྲས་རང་གི་རྟགས་ཡང་དག་གི་རྗེས་འགྲོ་མཐུན་དཔེའི་སྟེང་དུ་མ་བསྟན་པར་བརྗོད་པ་ཙམ་གྱིས་རྟོགས་མི་ནུས་ཏེ། མཐུན་དཔེའི་སྟེང་དུ་དེ་གཉིས་ངེས་པར་སྒྲུབ་དགོས་པའི་ཕྱིར། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཚད་མས་ཤེས་ཤིང༌། ཕྱོགས་ཆོས་མི་ཤེས་པའམ། ཤེས་ཀྱང་མ་དྲན་པ་ལ་ཇི་ལྟར་བྱ་ཞེ་ན། མི་ཤེས་པ་ལ་ཕྱོགས་ཆོས་རྐྱང་པ་བསྒྲུབ་དགོས་ཤིང༌། མི་དྲན་པ་ལ་ཕྱོགས་ཆོས་རྐྱང་པ་བརྗོད་པས་ཆོག་གོ །ཞེས་སྟོན་པ་ནི། བྱས་པའི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་འབྲེལ་ཤེས་ཟིན་མ་བརྗེད། ཕྱོགས་ཆོས་མ་ཤེས་པའམ་ཤེས་ཀྱང་མ་དྲན་པའི་སྐབས་ཀྱི་རྒོལ་བ་ཆོས་ཅན། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་ཁྱབ་འབྲེལ་བརྗོད་མི་དགོས་ཏེ། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་རྐྱང་པ་བསྒྲུབ་པའམ། བརྗོད་པས་ཆོག་པའི་ཕྱིར། ཞེས་སྟོན་པ་ནི། དཔེ་ལ་ཞེས་སོགས་དང༌། གཏན་ཚིགས་འབའ་ཞིག་ཅེས་པའོ། །འོ་ན་ཚུལ་གསུམ་ཀ་ཤེས་ཤིང་མ་དྲན་པ་ལ་ཆོས་མཐུན་སྦྱོར་དང་མི་མཐུན་སྦྱོར་གྱི་ངག་གཉིས་ཀ་འགོད་དགོས་སམ་ཅེ་ན། དེ་ཆོས་ཅན། ཁྱོད་ཀྱི་ངོར་ངག་གཉིས་ལས་གང་རུང་ཅིག་བརྗོད་པས་ཅིག་ཤོས་ཀྱི་བསྟན་བྱའི་དོན་དྲན་ལམ་དུ་འཕེན་ནུས་ཏེ། ཁྱོད་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ཤེས་པའི་རྒོལ་བ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཉིད་ཀྱི་ཕྱིར། ཞེས་སོགས་སོ། །འོ་ན་འབྲས་རང་གི་རྟགས་ཀྱི་འབྲེལ་པ་ཤེས་པའི་ངོར་དགག་པའི་གཏན་ཚིགས་ཀྱི་འབྲེལ་པ་ལོགས་སུ་སྟོན་དགོས་སམ་ཤེ་ན། མེ་མེད་པ་དེ་མཚན་མོའི་རྒྱ་མཚོ་དུ་མེད་དུ་བསྒྲུབ་པའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་སུ་སོང་ཞིང༌། མེ་དུའི་འབྲེལ་པ་ཤེས་པའི་སྐབས་ཀྱི་རྒོལ་བ་ཅན། ཁྱོད་ཀྱི་ངོར་མེ་མེད་དང་དུ་མེད་ཀྱི་འབྲེལ་པ་བསྒྲུབ་མི་དགོས་ཏེ། ཁྱོད་ཀྱི་ངོར་མེ་མེད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོ་དུ་བ་མེད་པར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཚུལ་ཚང་བ་ཡིན་ཏེ། ཁྱོད་མེ་དུའི་འབྲེལ་བ་ཚད་མས་ཤེས་པའི་སྐབས་ཀྱི་རྒོལ་བ་ཡིན་པའི་ཕྱིར། ཤིང་མེད་པ་དང་ཤ་པ་མེད་པ་ལ་ཡང་དེ་བཞིན་དུ་སྦྱར་ནས་སྟོན་པ་ནི། དེ་ཕྱིར་ཞེས་སོགས་སོ། །དགག་པའི་གཏན་ཚིགས་ལ་དེ་གཉིས་ཁོ་ནར་ངེས་སམ་ཞེ་ན། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། སྣང་རུང་བུམ་པས་དག་པའི་ས་ཕྱོགས་སུ་སྣང་རུང་གི་བུམ་པ་མེད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་གང་ཞིག སྣང་རུང་གི་བུམ་པ་དམིགས་བྱེད་ཀྱི་ཚད་མ་དང༌། བུམ་པ་ཡོད་པར་ངེས་པའི་ངེས་ཤེས་དོན་མཐུན་གཉིས་ཀྱི་འབྲེལ་པ་ཤེས་པའི་རྒོལ་བའི་ངོར། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་ཚང་བའི་ཕྱིར། ཞེས་སྟོན་པ་ན། དམིགས་པར་ནི་རིགས་ལྡན། ཞེས་སོགས་སོ། །འདི་སྔ་མ་གཉིས་ལས་ལོགས་སུ་བགར་བ་ནི། སྔ་མ་གཉིས་ཀྱིས་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྒྱུ་མཚན་གྱིས་དེ་དང་དེ་ལ་ལྟོས་ནས་དགག་སྒྲུབ་ཀྱི་གཏན་ཚིགས་གཉིས་ཀ་ཡིན་པ་དང༌། འདི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྒྱུ་མཚན་གྱིས་སྒྲུབ་པའི་གཏན་ཚིགས་ཁོ་ན་ཡིན་པར་ཤེས་པའི་ཆེད་ཡིན་ནོ། །སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཆོས་ཅན། བསྡུ་ན་དེ་གསུམ་དུ་འདུས་ཀྱང༌། སྦྱོར་བའི་སྒོ་ནས་དུ་མར་དབྱེར་ཡོད་དེ། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་པའི་སྒོ་ནས་དུ་མར་འགྱུར་བའི་ཕྱིར། ཞེས་སྟོན་པ་ནི། དེ་ལྟར་ཞེས་སོགས་སོ། །དེ་ལྟར་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་བ་དགོས་པར་གྲུབ་ན། འབྲེལ་པ་དེ་ངེས་བྱེད་ཀྱི་ཚད་མ་ཡོད་དམ་མེད་ཅེ་ན། དུ་བའི་རྟགས་ཀྱིས་ཤེས་འདོད་ཆོས་ཅན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཆོས་གཉིས་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་དེ། མེ་དུ་རྒྱུ་འབྲས་སུ་ངེས་པར་བྱེད་པའི་ཚད་མ་ཕྲུགས་གསུམ་གྱིས་དེ་ངེས་པར་བྱེད་པའི་ཕྱིར་ཏེ། དེ་ངེས་བྱེད་ཀྱི་ཚད་མ་མེད་ན་དེའི་རྟགས་ཀྱིས་དེ་སྒྲུབ་པའི་ཁྱབ་པ་འཁྲུལ་བར་འགྱུར་བའི་ཕྱིར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་ཡང་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་དེ་བྱས་མི་རྟག་གཉིས་རང་བཞིན་ཅིག་ཏུ་ངེས་པར་བྱེད་པའི་ལྟོས་མེད་ཀྱི་རྟགས་ལ་བརྟེན་པའི་ཚད་མས་དེ་ངེས་པར་བྱེད་པའི་ཕྱིར། རྟགས་སྒྲུབ་ཡང་དེ་བཞིན་དུ་སྦྱར་ནས་སྟོན་པ་ནི། རྒྱུ་དང༌། ཞེས་སོགས་སོ། །འོ་ན་བྱས་མི་རྟག་གཉིས་ལ་འབྲེལ་བ་གྲུབ་ཏུ་ཆུག་བདག་ཅིག་པར་གང་གིས་གྲུབ་ཅེ་ན། དེ་འགྲུབ་པའི་ཚུལ་ནི་བུམ་པ་ཆོས་ཅན། མི་འཇིག་པར་ཐལ། མི་རྟག་པ་ལས་ངོ་བོ་གཞན་ཡིན་པའི་ཕྱིར། ཡང་བྱས་མི་རྟག་གཉིས་རྒྱུ་འབྲས་སུ་ཐལ། དེ་གཉིས་ལ་འབྲེལ་པ་གྲུབ་ངོ་བོ་གཞན་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་བྱས་པའི་རྒྱུ་ཡིན་ནམ་འབྲས་བུ་ཡིན། དང་པོ་ལྟར་ན། མི་རྟག་པ་ཆོས་ཅན། བྱས་པའི་རྒྱུ་མ་ཡིན་པར་ཐལ། བྱས་པ་ལས་ཕྱིས་བྱུང་བའི་ཕྱིར། རྟགས་ཁས་བླངས། འབྲས་བུ་ཡིན་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བར་ཐལ། དེ་དེའི་འབྲས་བུ་ཡིན་པའི་ཕྱིར། ཞེས་མཐའ་གཞན་འགོག་པའི་རིགས་པ་འཆད་པའི་དབང་དུ་བྱས་ནས། ག་ལ་ངེས་ཀྱི་བར་རོ། །འོ་ན་མེ་དུ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་དེ་ཉིད་འཆད་དགོས་ཞེ་ན། དུ་བ་ཆོས་ཅན། མེའི་འབྲས་བུ་ཡིན་ཏེ། མེས་ཕན་བཏགས་སྟོབས་ཀྱིས་མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཕྱིར། རྗེས་འགྲོ་མི་འཁྲུལ་བ་མངོན་སུམ་གྱིས་གྲུབ་པས་ལོག་རྟོག་སེལ་མི་དགོས་ལ། ལྡོག་པ་སྒྲུབ་པ་ལ་རྒྱུ་མེད་ཡིན་པ་དགག་པ་དང༌། རྒྱུ་གཞན་ལས་སྐྱེ་བ་དགག་པ་གཉིས། དང་པོ་ནི། གལ་ཏེ་མེ་མེད་པར་དུ་བ་ཡོད་ན་དུ་བ་རྒྱུ་མེད་ཡིན་དགོས་ལ། དེ་ལྟར་ན་དུ་བ་ཆོས་ཅན། རྟག་པ་དང་མེད་ངེས་གང་རུང་དུ་ཐལ། རྒྱུ་མེད་ཡིན་པའི་ཕྱིར། གལ་ཏེ་སྔ་མ་ལ་ཁྱབ་པ་མེད་དེ། དུ་བ་བརྒྱ་བྱིན་གྱི་སྤྱི་བོ་ལས་སྐྱེ་བའི་ཕྱིར། ཞེ་ན། བརྒྱ་བྱིན་གྱི་སྤྱི་བོ་མེ་ཡིན་པར་ཐལ། དེ་ལས་དེ་འབྱུང་བའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། མེའི་འབྲས་བུ་ཞེས་སོགས་དང༌། དེ་མེད་པར་ནི་ཞེས་སོགས་དང༌། གལ་ཏེ་བརྒྱ་བྱིན་ཞེས་སོགས་སོ། །དུ་བ་དེ་རྒྱུ་རིགས་མི་མཐུན་ལ་སྐྱེ་ན་རྒྱུ་མེད་དུ་ཐལ་བའི་ཉེས་པ་སོ་ན་གནས་སོ་ཞེས་སྟོན་པ་ནི། དུ་བ་དུ་བའི་ཅེས་སོགས་སོ། །མདོར་ན་དུ་བ་ཆོས་ཅན། མེ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་ཡིན་ཏེ། མེ་ལ་རྗེས་འགྲོ་མངོན་སུམ་གྱིས་གྲུབ་མི་མཐུན་ཕྱོགས་མཐའ་དག་ལས་ལོག་པའི་བཟློག་པ་རིགས་པས་བསྒྲུབས་ཟིན་པའི་ཕྱིར། ཞེས་སྟོན་པ་ནི། གང་ཞིག་གང་གི་རྗེས་འགྲོར་ཞེས་སོགས་སོ། །འོ་ན་རང་བཞིན་ངེས་པར་བྱེད་པ་ལས། །ཞེས་བཤད་ན། རང་བཞིན་གྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གང་ཡིན་ཞེ་ན། ཐོག་མར་རང་བཞིན་གྱི་འབྲེལ་པ་བཤད་ནས། དེའི་རྗེས་སུ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་འཆད་པར་འགྱུར་བ་ལས། ཐོག་མར་བྱས་པ་ཆོས་ཅན། མི་རྟག་པ་མེད་ན་མི་འབྱུང་བ་ཡིན་ཏེ། རང་གྲུབ་ཙམ་ནས་མི་རྟག་པའི་ངོ་བོར་གནས་པའི་ཕྱིར་རོ། །ཞེས་སྟོན་པ་ནི། རང་བཞིན་ལའང་ཞེས་སོགས་སོ། །ཐ་དད་མེད་ཕྱིར་རོ། །ཞེས་པ་ལ་འཕྲོས་ནས། དེ་ལྟར་ན་ཡང་བྱས་མི་རྟག་གཉིས་ཅིག་ཏུ་འགྱུར་ལ། དེ་ལྟ་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་འགྱུར་རོ། །ཞེ་ན། བྱས་མི་རྟག་ལྡོག་པ་ཐ་དད་དུ་བསྒྲུབ་པར་བྱ་སྟེ། སྒྲ་ཆོས་ཅན་རྟོག་ངོར་རིགས་མཐུན་དང་རིགས་མི་མཐུན་མཐའ་དག་ལས་ལོག་པ་ཡིན་ཏེ། རང་གི་ངོ་བོ་གཞན་དང་མ་འདྲེས་པར་གནས་པའི་ཕྱིར། སྒྲ་ཆོས་ཅན་ཁྱོད་ལ་ལྡོག་པ་དུ་མ་དབྱེར་རུང་སྟེ། རིགས་མཐུན་དང་རིགས་མི་མཐུན་མཐའ་དག་ལས་ལོག་པ་ཡིན་པའི་ཕྱིར། ལྡོག་པ་དུ་མ་ཡོད་པ་དེའི་ནང་ནས་བྱས་པ་ཆོས་ཅན། ཁྱོད་མི་རྟག་པ་དང་ངོ་བོ་གཅིག་ཡིན་པའི་རྒྱུ་མཚན་གྱིས་མི་རྟག་པ་དང་ཅིག་ཡིན་པར་མི་འགྱུར་ཏེ། ཁྱོད་མི་རྟག་པ་དང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། བྱས་མི་རྟག་གཉིས་ཆོས་ཅན། ལྡོག་པ་ཐ་དད་ཡིན་ཏེ། དངོས་མིང་ཐ་དད་ཀྱི་གོ་བྱ་སོ་སོ་ཡིན་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། གང་ཕྱིར་ཞེས་སོགས་དང༌། དེ་ཕྱིར་ཞེས་སོགས་དང༌། གང་གིས་གོ་བ་ཞེས་སོགས། སྐབས་འདིར་བདག་ཅིག་གི་འབྲེལ་པ་གཏན་ལ་འབེབས་པ་ལ། རྫས་ངོ་བོ་ཅིག་ལ་རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་སོ་སོར་འབྱེད་པའི་ཚུལ་ཤེས་དགོས་ལ། དེ་ལ་རྫས་གཅིག་པ་ལ་མངོན་སུམ་གྱི་འཇུག་ཚུལ་དང༌། ལྡོག་པ་ཐ་དད་པ་ལ་རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་འཇུག་ཚུལ་ཤེས་དགོས་པས། དང་པོ་ནི། སྒྲ་དང་དེའི་བྱས་མི་རྟག་ཆོས་ཅན། ངོ་བོ་ཐ་དད་པ་མ་ཡིན་ཏེ་རང་འཛིན་པའི་མངོན་སུམ་གྱིས་རྫས་སོ་སོར་མ་མཐོང་བའི་ཕྱིར། འོ་ན་སྒྲ་ལ་ངེས་པ་འདྲེན་ལ་གཞན་ལ་མི་འདྲེན་པའི་རྒྱུ་མཚན་ཅི་ཞེ་ན། དེ་དང་དེ་འཛིན་པའི་མངོན་སུམ་དེ་ཆོས་ཅན་ཁྱོད་ཀྱིས་དེ་འདྲའི་ཁྱད་པར་འཐད་དེ། སྒྲ་ལ་ངེས་པ་འདྲེན་པའི་མཐུན་རྐྱེན་ཚང་ལ་གཞན་ལ་ངེས་པ་འདྲེན་པའི་མཐུན་རྐྱེན་མ་ཚང་བའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། དོན་གྱི་ཞེས་སོགས་དང༌། གཟུགས་ཆོས་ཞེས་སོ། །དེ་གཉིས་ཀའི་དོན་བསྡུ་བ་ནི། སྒྲ་འཛིན་མངོན་སུམ་ཆོས་ཅན་ཁྱོད་ཀྱིས་སྒྲ་མཐོང་བ་ན། སྒྲ་དང་གྲུབ་བདེ་ཅིག་པའི་ཡོན་ཏན་མཐའ་དག་མཐོང་བ་ཡིན་ཏེ། དེ་ལ་སྣང་བས་འཇུག་པའི་ཕྱིར། དེ་ལྟ་ན་ཡང་དེ་སྒྲུབ་ཀྱི་རྟགས་དང་རྗེས་དཔག་འཇུག་པ་དོན་ཡོད་དེ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་སེལ་བའི་ཆེད་ཡིན་པའི་ཕྱིར། ཅེས་སྟོན་པ་ནི། དེ་ཕྱིར། ཞེས་སོགས། འོ་ན་དེ་གསུམ་ལྡོག་པ་ཐ་དད་པ་ཡང་མི་འཐད་དེ། རང་གི་ཡུལ་ཅན་གྱི་རྗེས་སུ་དཔག་པས་སོ་སོར་མ་མཐོང་བའི་ཕྱིར་ཏེ། དེ་དག་ཀྱང་དེ་ལ་སྣང་བས་འཇུག་པའི་ཕྱིར། ཞེ་ན། དེའི་ལན་ལ། འདི་ལ་དངོས་པོའི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་རྣམས་སེལ་འཇུག་ཏུ་སྒྲུབ་པ་རྒྱས་པར་འཆད་ལ། དངོས་མེད་ཀྱི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་རྣམས་སེལ་འཇུག་མ་ཡིན་པ་ལ་དོགས་པའི་གནས་ཆུང་བས་སྒྲུབ་བྱེད་ཀྱི་རིགས་པ་མདོར་བསྡུས་ཏེ་འཆད་པ་ཡིན་ནོ། །དེ་ལ་ཕྱི་རོལ་པ་གང་དག སྒྲ་རྟོག་ཡུལ་ལ་སྒྲུབ་འཇུག་ཏུ་འདོད་པ་དེ་དག་ནི། ཕལ་ཆེར་དངོས་པོའི་ཡུལ་ཅན་དུ་འདོད་པ་ཡིན་པས་དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་འཆད་པ་ལ། རྟོག་པ་ཡུལ་ལ་སེལ་འཇུག་ཏུ་སྒྲུབ་པ་དང༌། རྗོད་བྱེད་ཀྱི་སྒྲ་ཡུལ་ལ་སེལ་འཇུག་ཏུ་སྒྲུབ་པ། དེ་གཉིས་ཀའི་དོན་བསྡུ་བ་དང༌། རྩོད་པ་སྤང་བ་དང་རྣམ་པ་བཞིའི་སྒོ་ནས་བཤད་པར་བྱ་བ་ཡིན་ནོ། །དང་པོ་ལ། སྒྲུབ་པས་འཇུག་པ་ལ་གནོད་བྱེད། གནོད་བྱེད་དེ་རང་ལ་མི་འཇུག་པའི་ཚུལ་འཕྲོས་དང་བཅས་པའི་སྒོ་ནས་བཤད་པར་བྱ་བ་ཡིན་ནོ། །དང་པོ་ལ་དགག་སྒྲུབ་ཅིག་ཆར་དུ་ཐལ་བའི་གནོད་བྱེད་དང༌། སྒྲ་བློ་རྣམ་གྲངས་པར་ཐལ་བའི་གནོད་བྱེད་དོ། །དང་པོ་ནི། སྒྲ་བྱས་པར་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲ་མི་རྟག་པར་རྟོགས་པར་ཐལ། སྒྲ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། ཞེས་པ་ནི། རྗེས་སུ་དཔག་པ་ལས་ཀྱང༌། ཞེས་སོགས། དཔལ་ལྡན་ཆོས་ཀྱི་གྲགས་པ་ཆོས་ཅན། དགག་སྒྲུབ་ཅིག་ཆར་དུ་རྟོགས་པའི་སྐྱོན་གྱིས་མི་གནོད་དེ། རྟོག་པ་ཡུལ་ལ་སེལ་འཇུག་ཏུ་ཁས་ལེན་པའི་ཕྱིར། ཞེས་པ་ནི་སེལ་པ་ཞེས་སོགས་སོ། །གློ་བུར་བའི་རྟགས་ལ་རྟེན་པའི་རྗེས་དཔག་སེལ་འཇུག་ཡིན་པ་མི་མཐད་དེ། དེའི་བསལ་བྱ་སྒྲོ་འདོགས་མ་སྐྱེས་པའི་ཕྱིར། ཞེ་ན། དེ་ཆོས་ཅན། ཁྱོད་ཀྱི་བསལ་བྱ་སྒྲོ་འདོགས་ད་ལྟ་བ་མེད་ཀྱང་ཁྱོད་སེལ་འཇུག་ཡིན་ཏེ། རང་གི་བསལ་བྱ་སྒྲོ་འདོགས་མ་འོངས་པ་སེལ་བའི་རྟོག་པ་ཡིན་པའི་ཕྱིར། དགོས་པ་དང་ལན་འདེབས་ཚུལ་དེ་བཞིན། སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་སྔོན་པོ་དོན་མཐུན་དུ་ངེས་པའི་ངེས་ཤེས་ལ་ཡང་སྦྱར་ནས་རིམ་པ་བཞིན་དུ་སྟོན་པ་ནི། དེ་ཕྱིར་དེ་ལྟར་ཅེས་སོགས་དང༌། །མཐོང་བ་འགའ་ལའང་ཞེས་སོགས་སོ། །གཉིས་པ་སྒྲ་བློ་རྣམ་གྲངས་པར་ཐལ་བའི་གནོད་བྱེད་བརྗོད་པ་ལ། ཐོག་མར་རང་ལ་ཉེས་པ་མི་འཇུག་པའི་ཚུལ་བརྗོད་པ་ནི། སྒྲ་མི་རྟག་པ་དང་སྒྲ་བྱས་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་རྣམས་ཆོས་ཅན། རྣམ་གྲངས་པ་མ་ཡིན་ཏེ་ཡུལ་དང་དགོས་པ་སོ་སོ་ལ་འཇུག་པའི་ཕྱིར། ཞེས་པ་ཆ་ཤས་སྒྲོ་འདོགས་ཞེས་སོ། །གཞན་ལ་ཉེས་པ་དེ་འཇུག་པའི་ཚུལ་ལ། ཐལ་བ་དངོས་ནི། སྒྲ་བྱས་པ་དང་མི་རྟག་པའི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་རྣམས་ཆོས་ཅན། སྒྲ་བློ་རྣམ་གྲངས་པར་ཐལ། ཡུལ་དང་དགོས་པ་ཐ་དད་མེད་པ་ལ་འཇུག་པའི་སྒྲ་བློ་སོ་སོ་བ་ཡིན་པའི་ཕྱིར། ཞེས་པ་ནི། གཞན་ཡུལ་ཞེས་སོ། །ཐལ་འགྱུར་དེའི་ཉེས་སྤོང་ལ་གཉིས་ལས། དང་པོ་ནི། བྱེ་བྲག་པ་ན་རེ། ཡུལ་སོ་སོ་བ་ཡིན་ཏེ། རྫས་བུམ་པ་དང་དེའི་བྱས་མི་རྟག་སོགས་རྫས་ཐམས་ཅད་དང་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ནང་ཕན་ཚུན་དུ་རྫས་ཐ་དད་དོ་ཞེས་ཉེས་སྤོང་འགོད་པ་ནི། གང་གི་ལྟར་ན། ཞེས་སོ། །འོ་ན་རྫས་བུམ་པས། དེའི་བྱས་མི་རྟག་སོགས་ལ་ཕན་པའི་ནུས་པ་ཡོད་དམ་མེད། མེད་ན་དེ་གཉིས་འབྲེལ་མེད་དུ་འགྱུར་ཏེ། དེ་གཉིས་རྫས་ཐ་དད་དེས་དེ་ལ་མི་ཕན་པའི་ཕྱིར། ཅེས་པ་ཁ་བཀང་ནས། གལ་ཏེ་ཡོད་ན། དེ་འདྲའི་ནུས་པ་དེ། རྫས་བུམ་པ་དང༌། རྫས་ཅིག་གམ་ཐ་དད། དང་པོ་ལྟར་ན། བུམ་པ་འཛིན་པའི་རྟོག་པ་ཆོས་ཅན། དེ་འདྲའི་ནུས་པ་དེ་བཟུང་བར་ཐལ། བུམ་པ་ལ་སྒྲུབ་པས་འཇུག་པ་གང་ཞིག དེ་བུམ་པ་དང་རྫས་ཅིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པའི་བྱས་མི་རྟག་སོགས་བཟུང་བར་ཐལ། བུམ་པས་དེའི་བྱས་མི་རྟག་སོགས་ལ་ཕན་པའི་ནུས་པ་དེ་ཁྱོད་ཀྱིས་བཟུང་བ་གང་ཞིག ནུས་པ་དེ་དང་བུམ་པའི་བྱས་མི་རྟག་སོགས་རྫས་ཅིག་པའི་ཕྱིར། གཉིས་པ་ལྟར་ན། བུམ་པས་རང་གི་བྱས་མི་རྟག་སོགས་ལ་ཕན་པའི་ནུས་པ་ཆོས་ཅན། ཁྱོད་བུམ་པ་དང་མ་འབྲེལ་བར་ཐལ། ཁྱོད་བུམ་པ་ལས་རྫས་ཐ་དད། བུམ་པས་ཁྱོད་ལ་ཕན་པའི་ནུས་པ་མེད་པའི་ཕྱིར། ནུས་པ་ཡོད་ན་ཐུག་མེད་དུ་འགྱུར་རོ། །ཞེས་སྟོན་པ་ནི། ཁྱད་པར་སྣ་ཚོགས་ནས། ཐུག་མེད་འགྱུར་གྱི་བར་རོ། །ཉེས་སྤོང་གཉིས་པ་ནི། བྱེ་བྲག་པ་ན་རེ། དེ་ལྟ་ན་ཡང་སྒྲ་བློ་རྣམ་གྲངས་པར་ཐལ་བ་མེད་དེ། བསལ་བྱ་སྒྲོ་འདོགས་སོ་སོར་སེལ་བས་དགོས་པ་སོ་སོ་ཡོད་པའི་ཕྱིར། ཞེས་པ་ནི། གལ་ཏེ་འཁྲུལ་པ་ཞེས་སོ། །འོ་ན་སྒྲ་བྱས་པར་ངེས་པའི་ངེས་ཤེས་དང༌། མི་རྟག་པར་ངེས་པའི་ངེས་ཤེས་གཉིས་ཆོས་ཅན། སེལ་འཇུག་ཡིན་ཏེ། རང་གི་བསལ་བྱ་སྒྲོ་འདོགས་བསལ་བའི་ཚུལ་གྱིས་འཇུག་པའི་ཕྱིར། སྒྲ་མི་རྟག་པ་ཆོས་ཅན། སྒྲ་བྱས་པར་ངེས་པའི་ངེས་ཤེས་སྣང་བས་འཇུག་པའི་ཡུལ་མ་ཡིན་པར་ཐལ། དེས་མ་ངེས་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། དེ་ནི་རྣམ་དཔྱོད། ཅེས་སོ། །འོ་ན་སྒྲ་མི་རྟག་པ་ཆོས་ཅན། སྒྲ་འཛིན་མངོན་སུམ་སྣང་བས་འཇུག་པའི་ཡུལ་མ་ཡིན་པར་ཐལ། དེས་ཁྱོད་མ་ངེས་པའི་ཕྱིར། ཞེ་ན། ཁྱབ་པ་མི་མཚུངས་ཏེ། མངོན་སུམ་ནི་རང་ཡུལ་ལ་ངེས་པ་འདྲེན་བྱེད་ཡིན་གྱི། ངེས་བློ་མ་ཡིན་ལ། སྔ་མ་ནི། ངེས་པའི་ངོ་བོར་སྐྱེས་པའི་ཕྱིར། འོ་ན་མངོན་སུམ་གྱིས་གང་མཐོང་བ་ཐམས་ཅད་ལ་ངེས་པ་འདྲེན་ནུས་སམ་ཞེ་ན། སྒྲ་འཛིན་མངོན་སུམ་ཆོས་ཅན། རང་གི་སྣང་ཡུལ་མཐའ་དག་ལ་ངེས་པ་འདྲེན་མི་ནུས་ཏེ། རང་གི་སྣང་ཡུལ་འགའ་ཞིག་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། ཞེས་པ་ནི། ཁྱད་པར་ཆ་ཤས། ཞེས་སོ། །དེ་ནི་རང་ལ་མཚུངས་པ་སྤང་བར་བྱ་སྟེ། བྱེ་བྲག་པ་ན་རེ། བ་ལང་དང་རྟ་མ་ཡིན་པ་གཉིས་པོ་རྫས་ཅིག་གམ། ཐ་དད། དང་པོ་ལྟར་ན། དེ་གཉིས་ཀྱི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་རྣམས་ཆོས་ཅན། རྣམ་གྲངས་པར་ཐལ། ཡུལ་དང་དགོས་པ་ཐ་དད་མེད་པའི་སྒྲ་བློ་སོ་སོ་བ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་སྤྱི་བསལ་རྫས་ཐ་དད་ལ་ཉེས་པ་གསུམ་བརྗོད་པ་དེ་འཇུག་པར་འགྱུར་རོ་ཞེ་ན། ལོག་ལྡོག་རྫས་གཅིག་ཏུ་ཁས་མི་ལེན་ཏེ། ལོག་ལྡོག་རྫས་སུ་མ་གྲུབ་པའི་ཕྱིར། རྫས་ཐ་དད་དུ་ཡང་ཁས་མི་ལེན་ཏེ། དེ་ལྡན་རང་དབང་མི་འཇུག་ཕྱིར། །ཞེས་སོགས་ཀྱི་ཉེས་པ་གསུམ་འཇུག་པའི་ཕྱིར། དེ་ལྟ་ན་ཡང༌། བ་ལང་དང་རྟ་མ་ཡིན་པའི་ཡུལ་ཅན་གྱི་སྒྲ་ཆོས་ཅན། སྒྲ་རྣམ་གྲངས་པ་མ་ཡིན་ཏེ། ཁྱོད་ཀྱི་བརྗོད་བྱ་བ་གླང་དང་རྟ་མ་ཡིན་པ་གཉིས་པོ་དེ་རྫས་ཐ་དད་མ་ཡིན་ཀྱང༌། ལྡོག་པ་ཐ་དད་པའི་རྒྱུ་མཚན་གྱིས་བརྡའ་ཐ་དད་དུ་སྦྱར་བའི་ཕྱིར། ཞེས་སྟོན་པ་ནི། དེ་ལའང་ཞེས་སོགས་སོ། །འོ་ན་བ་གླང་གི་རྟ་མ་ཡིན་པ་ཞེས་དྲུག་སྒྲ་སྦྱར་བ་མི་མཐད་པར་ཐལ། དེ་གཉིས་རྫས་ཐ་དད་དུ་མེད་པའི་ཕྱིར། ཞེ་ན། བ་གླང་ཆོས་ཅན། ཁྱོད་དང་རྟ་མ་ཡིན་པ་གཉིས་ལ་རྫས་ཐ་དད་དུ་མེད་ཀྱང༌། དྲུག་པའི་སྒྲས་ཁྱོད་དང་དེ་མ་ཡིན་པ་གཉིས་ཐ་དད་དུ་དབྱེ་བའི་རྒྱུ་མཚན་ཡོད་དེ། ཁྱོད་དང་དེ་གཉིས་ཁྱད་གཞི་དང་ཁྱོད་ཆོས་སུ་འཛིན་པའི་རྟོག་པ་དོན་མཐུན་གྱིས་ཐ་དད་དུ་ཕྱེ་བའི་ཕྱིར། ཞེས་སྟོན་པ་ནི། གཉིས་ཀ་ཞེས་སོགས་སོ། །བརྡའི་རྗེས་སུ་བྱེད་པ་ཡིན་ཞེས་པ་ལ་འཕྲོས་ནས། དེ་གཉིས་བརྡ་ཐ་དད་དུ་སྦྱར་བ་མི་འཐད་པར་ཐལ། དེ་གཉིས་རྫས་ཐ་དད་དུ་མེད་པའི་ཕྱིར་ཞེ་ན། བ་གླང་ཆོས་ཅན། ཁྱོད་དང་རྟ་མ་ཡིན་པ་གཉིས་ལ་བརྡའ་ཐ་དད་དུ་སྦྱར་བའི་རྒྱུ་མཚན་ཡོད་དེ། ཁྱོད་ཅེས་བརྗོད་པའི་སྒྲ་དེ། རྟ་མ་ཡིན་པ་ལ་ལྟོས་ཏེ་ཆོས་ཅན། བརྗོད་པའི་སྒྲ་དང༌། རྟ་མ་ཡིན་པ་ཞེས་བརྗོད་པའི་སྒྲ་དེ། ཁྱོད་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་རྟ་མ་ཡིན་པ་ལ་ལྟོས་ཏེ་ཁྱད་པར་གཞན་མི་སྤོང་བའི་སྒྲ་ཡིན། རྟ་མ་ཡིན་པ་ཞེས་བརྗོད་པའི་སྒྲ་དེས་ཁྱོད་ཀྱི་ཁྱད་པར་གཞན་བརྗོད་བྱར་སྤོང་བའི་ཕྱིར། ཞེས་སྟོན་པ་ནི། ཁྱད་པར་གཞན་ཅེས་སོ། །ཅི་སྟེ་དེ་གཉིས་ལ་རྫས་ཐ་དད་པའི་ཁྱད་པར་མེད་ཀྱང༌། སྤྱི་བྱེ་བྲག་དང་ཆོས་ཆོས་ཅན་བརྗོད་པའི་སྒྲ་གཞན་གྱི་བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་ཡོད་དོ། །ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གཞི་དེ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་ན་རང་གིས་ཆོས་ཅན་དེ་བརྗོད་བྱར་མི་སྤོང་བས་ཁྱབ། ཆོས་དེ་ལ་ལྟོས་པའི་ཆོས་ཅན་བརྗོད་པའི་སྒྲ་ཡིན་ན། རང་གི་ཆོས་དེ་བརྗོད་བྱར་མི་སྤོང་བས་ཁྱབ་པའི་ཕྱིར། དེ་ལྟ་ན་ཡང་སྒྲ་གཉིས་ལ་ཁྱད་པར་མེད་པ་མ་ཡིན་ཏེ། སྒྲ་དེ་གཉིས་ཀྱི་བརྗོད་ཚུལ་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །ཞེས་སྟོན་པ་ནི། ཀུན་ལ་ནས། གཞན་མེད་དོན་དེའོ་བར་རོ། །འདིར་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། རྫས་ཐ་དད་པ་ལ་ཆོས་ཅན་དང༌། ཆོས་སྦྱར་དུ་མི་རུང་སྟེ། སྒྲ་གཉིས་ཀྱི་བརྗོད་བྱ་ཕན་ཚུན་སྤོང་བའི་ཕྱིར། རྫས་ཐ་དད་མིན་ཀྱང་ཚོགས་སྤྱི་དང་ཚོགས་པའི་ཁྱད་པར་ཆོས་ཆོས་ཅན་དུ་མི་རུང་སྟེ། བུམ་པ་ཞེས་པའི་སྒྲས་བུམ་པའི་རྡུལ་རྫས་བརྒྱད་པོ་བརྗོད་བྱར་སྤོང་བའི་ཕྱིར། དེས་ན་ཆོས་ཅན་བརྗོད་པའི་སྒྲ་དེས་རང་གི་ཆོས་མཐའ་དག་བརྗོད་བྱར་མི་སྤོང་ཞིང༌། ཆོས་བརྗོད་པའི་སྒྲས་ཁྱད་པར་ཟླ་བོ་བརྗོད་བྱར་སྤོང་བ་དེ་སྒྲ་གཉིས་ཀྱི་བརྗོད་བྱ་ལ་རྫས་ཐ་དད་པའི་ཁྱད་པར་མེད་ཅིང༌། བརྗོད་བྱ་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་ཡོད་པའི་གོ་དོན་ནོ། །དེའི་ཕྱིར་སྤྱིར་བྱས་པ་ཞེས་བརྗོད་པའི་སྒྲས་མི་རྟག་པ་མི་སྤོང་ཡང༌། བུམ་པའི་བྱས་པ་ཞེས་བརྗོད་པའི་སྒྲ་དེས། བུམ་པའི་མི་རྟག་པ་བརྗོད་བྱར་སྤོང་བ་ཡིན་ཏེ། དེ་བུམ་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར་རོ། །འདིར་ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་དེ་ཡང་ལྡོག་པའི་ཁྱད་པར་ཡིན་གྱི་རྫས་ཀྱི་ཁྱད་པར་ནི་མ་ཡིན་ནོ། །དེ་ལྟར་ན་ཆོས་ཀྱི་གྲགས་པ་ཆོས་ཅན། ལོག་ལྡོག་རྫས་ཅིག་དང་རྫས་ཐ་དད་དུ་བརྟགས་པའི་ཉེས་པས་ཁྱོད་ལ་མི་གནོད་དེ། ལྡོག་པ་གཞན་སེལ་གྱི་ངོ་བོར་སྨྲ་བའི་མཁས་མཆོག་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། དེ་ཕྱིར། ཞེས་སོགས་ཏེ། དེ་ལའང་མན་ཆོད་ཀྱི་དོན་བསྡུ་བ་ཡིན་ནོ། །བྱེ་བྲག་པ་ཆོས་ཅན། ཚིག་གི་རྣམ་པར་དབྱེ་བསྡུ་མི་རུང་བ་དང༌། དྲུག་པའི་སྒྲ་སྦྱོར་བ་མི་རུང་བ་སོགས་ཀྱི་ཉེས་པ་དེ་ཁྱོད་ལ་འཇུག་པ་ཡིན་ཏེ། ཁྱོད་ཀྱིས་སྒྲ་ཡུལ་ལ་དངོས་པོའི་དབང་གིས་འཇུག་པར་ཁས་བླངས་པའི་ཕྱིར། ངེད་ཀྱི་ཕྱོགས་ལ་ཉེས་པ་དེ་དག་མི་རུང་སྟེ། སྒྲ་ཡུལ་ལ་བརྗོད་འདོད་ཀྱིས་འཇུག་པར་ཁས་བླངས་པའི་ཕྱིར། ཞེས་པ་ནི། གང་དག་གིས་ཚིག་ཅེས་སོ་དང༌། །ཕྱི་རོལ་དོན་ལ་མི་ལྟོས། ཞེས་སོ། །ད་ནི་དེ་ལ་འཕྲོས་ནས་སྤྱི་མེད་པར་ཐལ་བའི་བརྩོད་པ་སྤང་བར་བྱ་སྟེ། ཅི་སྟེ་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་མེད་པར་ཐལ། སྤྱི་རྫས་གཞན་མེད་ཅིང་གསལ་བ་རྣམས་གཅིག་ལ་གཅིག་རྗེས་སུ་མི་འགྲོ་བའི་ཕྱིར་ཞེ་ན། འདིའི་ལན་ལ་སྤྱི་གཏན་ལ་དབབ་པ་དང༌། སྤྱི་ཉིད་ལ་བརྩོད་པ་སྤོང་བའོ། །དང་པོ་ལ་སྤྱི་ངོས་བཟུང་བ་དང༌། དེ་དོན་དམ་དུ་མ་བསྒྲུབས་པ། དེ་ལ་བརྩོད་པ་སྤང་བའོ། །དང་པོ་ནི། ཆོས་ཀྱི་གྲགས་པ་ཆོས་ཅན། སྤྱི་རྫས་གཞན་མེད་ཀྱང་གསལ་བ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་གཞག་ཏུ་ཡོད་དེ། བུམ་འཛིན་རྟོག་པ་ལ་བུམ་མ་ཡིན་ལས་ལོག་པར་སྣང་བ་ལ་ཕྱི་རོལ་བུམ་པར་སྒྲོ་བཏགས་ཆ་དེ་བུམ་གསལ་རྣམས་ལ་རྗེས་སུ་འགྲོ་བའི་སྤྱི་ཡིན་པའི་ཕྱིར། གཉིས་པ་ནི། བཏགས་ཆ་དེ་ཆོས་ཅན། དོན་དམ་པར་མ་གྲུབ་སྟེ། རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། གསུམ་པ་ནི། བུམ་པའི་སྤྱི་འཛིན་རྟོག་བློ་རྒྱུ་མེད་དུ་ཐལ། བུམ་སྤྱི་རྫས་གཞན་མེད་པའི་ཕྱིར། ཞེ་ན། བུམ་པའི་སྤྱི་འཛིན་རྟོག་བློ་ཆོས་ཅན། ཁྱོད་སྤྱི་རྫས་གཞན་ལས་སྐྱེ་བ་མ་ཡིན་ཏེ། གསལ་བ་རང་མཚན་ལ་སྐྱེ་བའི་ཕྱིར། ཞེས་སྟོན་པ་ནི། ཐ་དད་དངོས་རྣམས་ལ་བརྟེན་ནས། ཞེས་སོགས་དང༌། དེའི་ཇི་ལྟར་ཀུན་བརྟགས་པ། །ཞེས་སོགས་དང༌། མིང་དོན་གང་ལྡན་ཅེས་སོ། །ད་ནི་སྤྱི་ཉིད་ལ་བརྩོད་པ་སྤང་བར་བྱ་སྟེ། སྤྱི་ཡོད་པར་ནི་རབ་ཏུ་སྒྲགས། །ཞེས་སྨྲས་པ་ལ། དོན་རང་མཚན་གྱི་བུམ་གསལ་རྣམས་རྟོག་པ་ལ་མཚུངས་པར་སྣང་བ་ལ་སྤྱིར་འཇོག་པ་ཡིན་ནམ། གཞན་སེལ་དུ་གྱུར་པའི་བུམ་གསལ་གྱི་མིང་ཅན་རྣམ་རྟོག་པ་ལ་མཚུངས་པར་སྣང་བ་ལ་སྤྱིར་འཇོག་པ་ཡིན། དང་པོ་ལྟར་ན་རྟོག་པས་རང་མཚན་དངོས་སུ་མི་འཛིན་པར་ཁས་བླངས་པ་དང་འགལ། གཉིས་པ་ལྟར་ན། དེས་དོན་བྱེད་མི་ནུས་པའི་ཕྱིར། བུམ་པའི་སྤྱི་འཛིན་རྟོག་བློ་རང་གི་འཇུག་ཡུལ་ལ་སླུ་བར་འགྱུར་རོ། །དེ་ཕྱིར་གཞན་སེལ་ལ་སྤྱིར་འཇོག་པ་མི་འཐད་ཅིང༌། གཞི་མཐུན་ཀྱང་མི་མཐད་ལ། དེ་བཞིན་དུ་ཆོས་ཆོས་ཅན། བསྒྲུབ་བྱ་སྒྲུབ་བྱེད་ལ་སོགས་པའི་རྣམ་པར་བཞག་པ་ཀུན་མི་འཐད་པར་འགྱུར་རོ་ཞེ་ན། དེའི་ལན་ལ། གཞན་སེལ་ལ་སྤྱི་དང་གཞི་མཐུན་གྱི་རྣམ་གཞག་འཇོག་པའི་ཚུལ་དེ་ལྟ་ན་ཡང་སྤྱི་དང་གཞི་མཐུན་གྱི་ཐ་སྙད་བྱེད་པའི་རྟོག་པས་འཇུག་ཡུལ་རང་མཚན་ཐོབ་པའི་འཐད་པ། སྤྱི་དང་གཞི་མཐུན་ངོས་བཟུང་ནས། དོན་དམ་པར་མ་བསྒྲུབ་པའི་རྒྱུ་མཚན་དང༌། ཐ་སྙད་དུ་བཞག་པའི་དགོས་པ། དེས་གྲུབ་པའི་དོན་བསྟན་པའོ། །དང་པོ་ལ། རྟོག་པ་ངོ་བཟུང༌། དེ་ལ་ཡུལ་སྣང་བའི་ཚུལ། སྣང་བ་དེ་ལ་སྤྱི་དང་གཞི་མཐུན་གྱི་ཐ་སྙད་འཇོག་པའི་ཚུལ་ལོ། །དོན་དེ་རྣམས་རིམ་པར་སྟོན་པ་ནི། རང་བཞིན་དེ་འཛིན། ཅེས་སོགས་དང༌། དེ་ལ་ངོ་བོ་ཕྱི་རོལ་ཅེས་སོགས་དང༌། ཤེས་ལ་ཡོད་པའི་ཞེས་སོགས་དང༌། དངོས་པོ་རྣམས་ཀྱི་ཞེས་སོགས་དང༌། དེ་ལ་དུ་མའང་ཅེས་སོགས་དང༌། སྒྲ་དོན་འདི་དང་ཞེས་སོགས་དང༌། དེ་སྤྱི་ཞེས་སོགས། དེ་ལས་ཀྱང༌། གྲགས་པ་བཞིན་དུ་བརྗོད་པ་སྟེ། །ཞེས་པའི་དོན་རྒྱས་པར་འཆད་པ་ནི། ཆོས་དང་ཞེས་སོགས་ཡིན་ལ། དངོས་ལ་འདི་ནི་མི་སྲིད་དོ། །ཞེས་པའི་དོན་རྒྱས་པར་འཆད་པ་ནི། དམ་པའི་དོན་གྱི་ཞེས་སོགས། གོང་དུ་རྗེས་སུ་དཔག་པ་ལས་ཀྱང་དངོས་ཞེས་པར་རྗེས་དཔག་གིས་རང་མཚན་དངོས་སུ་མི་འཛིན་པར་བཤད་ལ། སློབ་དཔོན་ཕྱོགས་གླང་གི་ལུང་དང་འགལ་བ་སྤང་བ་ནི། བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ། །ཞེས་སོགས་ཡིན་ལ། རྟོག་པ་ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པར་མ་ཟད། རྗོད་བྱེད་ཀྱི་སྒྲ་ཡང་དེ་བཞིན་ནོ། །ཞེས་སྟོན་པ་ནི། དེའི་ངོ་བོ་ཀུན་ལས་ལོག་ཅེས་སོགས། འདི་ལྟར་སྦྱར་བར་བྱ་སྟེ། དེ་དེ་བཞིན་དུ་རྟོགས་བྱེད་པའི། །རྟོག་པ་ཡོད་མིན་སྒྲ་ཡང་ནི། །སྤྱི་ཉིད་དུ་ནི་འཇུག་ཕྱིར་རོ། །ཞེས་བྱའོ། །དེ་མ་ཐག་པ་དེ་ལ་འཕྲོས་ནས། གཉིས་པ་སྒྲ་སེལ་འཇུག་ཏུ་སྒྲུབ་པར་བྱ་སྟེ། འདི་ལ་རང་མཚན་ལ་བརྡའ་དངོས་སུ་སྦྱོར་བ་དགག གཞན་སེལ་ལ་བརྡའ་དངོས་སུ་སྦྱོར་བ་བསྒྲུབ། དོན་བསྡུས་ཏེ་སྒྲས་རང་མཚན་མི་ཐོབ་པར་ཐལ་བ་སྤང་བའོ། །དང་པོ་ལ་གསུམ་སྟེ། བརྡའ་སྤྲོད་པ་དོན་རང་མཚན་ལ་བརྡའ་དངོས་སུ་སྦྱོར་བ་འདོད་པ། རིགས་པ་ཅན་པ་སྤྱི་རང་མཚན་ལ་བརྡའ་དངོས་སུ་སྦྱར་བར་འདོད་པ། གཅེར་བུ་པ་གསལ་བ་རང་མཚན་ལ་བརྡའ་དངོས་སུ་སྦྱོར་བ་འདོད་པ་རྣམས་རིམ་པ་བཞིན་དུ་འགོག་པ་ནི། སྒྲ་རྣམས་ཀྱི་ནི་ཅེས་དང༌། ཅི་ནས་སྐྱེས་བུ་ཞེས་སོགས་དང༌། དེ་ལྡན་ནུས་པ་ཞེས་སོགས་སོ། །གཉིས་པ་ལ། སྒྲ་གཞན་སེལ་ལ་སྦྱོར་བའི་རིགས་པ་དང༌། སྤྱི་རྫས་གཞན་མེད་ན་ངོ་ཤེས་ཀྱི་བློ་མི་སྐྱེ་བར་ཐལ་བའི་བྱེ་བྲག་པའི་བརྩོད་པ་སྤང་བའོ། །དང་པོ་ནི། དེ་བྱེད་ཅེས་སོགས་ཡིན་ལ། གཉིས་པ་ལ་ཉེས་པ་དེ་རང་ལ་མི་འཇུག་པའི་ཚུལ་ནི། གསལ་བ་རྣམས་ཀྱི་ཅེས་སོགས་དང༌། ཉེས་པ་དེ་བྱེ་བྲག་པ་ཉིད་ལ་འཇུག་ཅིང༌། བྱེ་བྲག་པས་ཀྱང་སྤྱི་འཛིན་རྟོག་བློ་གསལ་བ་རང་མཚན་ལས་སྐྱེས་པར་ཁས་ལེན་དགོས་པའི་རྒྱུ་མཚན་བསྟན་པ་ནི། གཞན་གྱི་ལྟར་ནའང༌། ཞེས་པ་ནས། ཐ་མི་དད་ཀྱི་བར་རོ། །གསུམ་པ་ལ། དོན་བསྡུ་བ་ནི། བུམ་པ་ཞེས་པའི་བརྡའ་ཆོས་ཅན། བུམ་པའི་གཞན་སེལ་ལ་དངོས་སུ་སྦྱོར་བ་ཡིན་ཏེ། དེ་ཡིན་པའམ། སྤྱི་རྫས་གཞན་དང་གསལ་བ་རང་མཚན་ལ་སྦྱོར་བ་གང་རུང་གང་ཞིག་ཕྱི་མ་རྣམས་ཀྱང་བཀག་ཟིན་པའི་ཕྱིར། ཞེས་པ་ནི། དེ་ཡང་དེ་འབྲས། ཞེས་སོ། །རྩོད་པ་སྤང་བ་ལ། འོ་ན་བུམ་པ་ཞེས་པའི་སྒྲ་ཆོས་ཅན། དོན་རང་མཚན་མི་ཐོབ་པར་ཐལ། དོན་རང་མཚན་དངོས་སུ་མ་བརྗོད་པའི་སྒྲ་ཡིན་པའི་ཕྱིར། ཞེ་ན། བུམ་པ་ཞེས་པའི་སྒྲ་དང་དེ་ལས་དངོས་སུ་སྐྱེས་པའི་རྟོག་པ་ཆོས་ཅན། བུམ་གསལ་རང་མཚན་ལ་མི་སླུ་བ་ཡིན་ཏེ། དེ་ལ་བརྒྱུད་ནས་འབྲེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། ཞེས་པ་ནི། དེ་བྱེད་མིན་ལ་དེ་བྱེད་དང་ནས། ངོ་བོའི་ཕྱིར་གྱི་བར་རོ། །དེ་ལྟར་སྒྲ་སེལ་འཇུག་ཏུ་བསྟན་པ་ལ་སྤང་དགོས་པའི་བརྩོད་པ་ནི་ལྔ་སྟེ། རྟོགས་པ་ཕན་ཚུན་རྟེན་པར་ཐལ་བ་དང༌། སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པའི་བརྩོད་པ་དང༌། སེལ་བ་ཐུག་མེད་དུ་ཐལ་བ་དང༌། དགག་སྒྲུབ་ཅིག་ཆར་དུ་རྟོགས་པར་ཐལ་བ་དང༌། གཞི་མཐུན་མི་སྲིད་པར་ཐལ་བའོ། །དང་པོ་ལ་བརྩོད་པ་ནི། ཤིང་མིན་ལས་ཞེས་སོ། །ལན་ལ་མགོ་མཚུངས་ཀྱི་ལན་དང༌། བརྣལ་མའི་ལན་གཉིས་ལས། དང་པོ་ནི། དེ་དག་གི་ནི། ཞེས་སོགས་ཡིན་ལ། གཉིས་པ་ལ། ཐོག་མར་བརྡའ་སྦྱོར་བའི་སྔ་རོལ་དུ་ཤིང་དང་ཤིང་མིན་སོ་སོར་འབྱེད་པའི་ཚུལ། ཕྱེ་བ་ལ་བརྟེན་ནས་སོ་སོར་ཤེས་པའི་ཚུལ། རྟོག་ངོར་ཤིང་མིན་ལས་ལོག་ཙམ་ལ་ཤིང་གི་བརྡའ་སྦྱར་བས་ཤིང་གསལ་རང་མཚན་གོ་བའི་མཐད་པ་རྣམས་རིམ་པར་སྟོན་པ་ནི། གཅིག་རྟོགས་ཤེས་བྱའི་ཞེས་སོགས་དང༌། བློ་དེ་ལ་ནི་ཞེས་སོགས་དང༌། ཐ་དད་པར་ནི་ཤེས་འགྱུར་བས། །ཞེས་སོགས་སོ། །རྩོད་པ་གཉིས་པ་སྤོང་བ་ནི། །བློ་དོན་འགའ་ལས་ནས། འགའ་ཞིག་ཡོད་ཀྱི་བར་རོ། །གསུམ་པ་བརྩོད་པ་ནི། གསལ་བྱེད་པ་ན་རེ། གཞན་སེལ་ལ་གཞན་སེལ་གཉིས་པ་ཡོད་དམ་མེད། ཡོད་ན་སེལ་བ་ཐུག་མེད་དུ་འགྱུར། མེད་ན་སྒྲ་ལ་སེལ་འཇུག་གིས་མ་ཁྱབ་པར་འགྱུར་རོ། །ཞེ་ན། གཞན་སེལ་ཆོས་ཅན། ཁྱོད་ཀྱི་གཞན་སེལ་ཡོད་ན། ཁྱོད་ཀྱི་གཞན་སེལ་ཐུག་མེད་དུ་ཐལ་བའི་སྒོ་ནས་ཁྱོད་ལ་བརྡའ་སྦྱོར་མི་ནུས་པའི་སྐྱོན་མེད་དེ། རྟོག་ངོར་ཁྱོད་མིན་རྣམ་པར་དཔྱད་ཙམ་དེའམ་ཁྱོད་འཛིན་རྟོག་པ་ལ་ཁྱོད་མིན་ལས་ལོག་པར་སྣང་བ་ལ་ཁྱོད་ཡིན་པར་སྒྲོ་བཏགས་པའི་བཏགས་ཆ་དེ་ལ་ཁྱོད་ཅེས་པའི་སྒྲ་དངོས་སུ་སྦྱར་བའི་ཕྱིར། ཡང་ན། རྩོད་པ་འདི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་འགའ་ཞིག་གིས་བཀོད་པ་ཡིན་ཏེ། དེའི་ངོར་སློབ་དཔོན་གྱི་ལུང་ཤེས་བྱེད་དུ་དྲངས་པའི་ཕྱིར་རོ། །སྒྲ་གཞན་སེལ་ལ་སྦྱོར་བ་དེ་ཉིད་བདག་ཉིད་ཆེན་པོའི་དགོངས་པ་ཡིན་ནོ། །ཞེས་སྟོན་པ་ནི། དེ་ཉིད་གཞན་ལས། ཞེས་སོ། །སྒྲས་གཞན་སེལ་དངོས་མེད་བརྗོད་ཀྱང༌། དོན་རང་མཚན་ཐོབ་པའི་འཐད་པ་སྟོན་པ་ནི། འདི་ལའང་ཞེས་སོགས་སོ། །སྒྲ་གཞན་སེལ་ལ་སྦྱར་བས་རང་མཚན་གོ་ན། དགག་སྒྲུབ་ཀྱི་སྒྲ་གཉིས་དངོས་སུ་སྦྱར་དགོས་སམ་ཞེ་ན། དེ་མི་དགོས་པར་སྟོན་པ་ནི། སྒྲ་གཉིས་ཞེས་སོགས། འོ་ན་རྟོག་ངོར་ཤིང་མིན་རྣམ་པར་བསལ་ཙམ་དེ་ཆོས་ཅན། ཤིང་མ་ཡིན་ཏེ། ཤིང་འཛིན་རྟོག་པ་ལ་ཤིང་དུ་སྣང་བའི་ཕྱིར་ཅེ་ན། ཁྱབ་པ་འཁྲུལ་བར་སྟོན་པ་ནི། འདི་དངོས་མེད་ཅེས་སོགས་སོ། །དེས་སྒྲུབ་བྱེད་འཁྲུལ་བར་བསྟན་ནས། བསྒྲུབ་བྱ་ལ་གནོད་བྱེད་བརྗོད་པ་ནི། འོ་ན་དེ་ཤ་པ་དང་རྫས་གཅིག་ཡིན་ནམ། རྫས་ཐ་དད་ཡིན། དང་པོ་ལྟར་ན་ཙནྡན་ཤིང་མིན་པར་ཐལ། ཤིང་མིན་རྣམ་པར་དཔྱད་ཙམ་དེ་ཤ་པ་དང་རྫས་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། ཤ་པ་ཆོས་ཅན། ཤིང་མིན་པར་ཐལ། དེ་ལས་རྫས་ཐ་དད་པའི་ཕྱིར། ཞེས་སྟོན་པ་ནི། གཞན་དུ་དངོས་པོ་ཞེས་སོ། །རྩོད་པ་བཞི་པ་སྤང་བ་ནི། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་གི་སྒྲའི་སྟེང་དུ་རྟག་པ་རྣམ་པར་དཔྱད་པ་ན། གཞལ་བྱ་མིན་པ་ལ་སོགས་པའི་རིགས་མི་མཐུན་པ་མཐའ་དག་བཅད་པར་འགྱུར་ཏེ། བརྗོད་བྱེད་ཀྱི་སྒྲས་རིགས་མི་མཐུན་བསལ་ཙམ་གྱི་གཞལ་སེལ་བརྗོད་བྱར་བྱས་པ་གང་ཞིག དེ་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་ཞེ་ན། ངེད་ཀྱི་ཕྱོགས་ལ་ཉེས་པ་དེ་འཇུག་པ་མ་ཡིན་ཏེ། སྒྲའི་སྟེང་དུ་རྟག་པ་བཅད་པ་དང་གཞལ་བྱ་མིན་པ་བཅད་པ་གཉིས་རྫས་ཀྱི་སྒོ་ནས་སོ་སོ་བ་མེད་ཀྱང་རྟོག་པས་སོ་སོར་བཟུང་ནས་སྒྲས་སོ་སོར་བརྗོད་པའི་ཕྱིར་ཏེ། ཉེས་པ་དེ་ཁྱོད་ལ་འཇུག་པ་ཡིན་ཏེ། སྒྲ་རྟོག་ཡུལ་ལ་སྒྲུབ་པས་འཇུག་པར་ཁས་ལེན་པའི་ཕྱིར། ཞེས་པའི་རིམ་པ་སྟོན་པ་ནི། འདྲེས་པའི་དོན་གཅིག་ཅེས་སོགས་དང༌། གང་ཞིག་བརྗོད་པར་བྱེད་པ་ལས། །ཞེས་སོགས་སོ། །རྩོད་པ་ལྔ་པ་ནི། གཞི་མཐུན་བརྗོད་པའི་སྒྲ་མི་སྲིད་པར་ཐལ། ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་ཚེ། ཨུཏྤལ་ཞེས་པའི་སྒྲས་སྔོན་པོ་མ་བརྗོད། སྔོན་པོ་ཞེས་པའི་སྒྲས་ཨུཏྤ་ལ་མ་བརྗོད་པའི་ཕྱིར་ཞེ་ན། ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། གཞི་མཐུན་བརྗོད་པའི་སྒྲ་ཡིན་ཏེ། ཁྱོད་ཀྱིས་སྔོན་མིན་རྣམ་པར་བཅད་ཙམ་དང༌། ཨུཏྤལ་མིན་པ་རྣམ་པར་བཅད་ཙམ་གཉིས་ཀ་བརྗོད་པ་གང་ཞིག ཨུཏྤལ་སྔོན་མིན་དེ་སྤྱིར་སྔོན་པོ་དང༌། ཁྱད་པར་ཨུཏྤལ་མིན་པ་ལས་ལོག་པའི་ལོག་པ་གཉིས་ཚོགས་ཡིན་པའི་ཕྱིར། ཞེས་པའམ། ཡང་ན་ཨུཏྤལ་སྔོན་པོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་སྔོན་པོ་ལ་ལྟོས་ཏེ་གཞི་མཐུན་བརྗོད་པའི་སྒྲ་ཡིན་ཏེ། ཁྱོད་ནི་ཞེན་པའི་བརྗོད་བྱར་གྱུར་པའི་ཨུཏྤལ་སྔོན་པོའི་བྱེ་བྲག་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། རྣམ་དཔྱོད་གཅིག་ཅེས་སོ། །གཞི་མཐུན་མི་སྲིད་པའི་ཉེས་པ་དེ་སྤྱི་ཆ་མེད་ཀྱི་དངོས་པོ་གཅིག་ཁོ་ན་སྒྲས་བརྗོད་པར་ཁས་ལེན་པ་ལ་ཡོད་དོ་ཞེས་སྟོན་པ་ནི། དངོས་པོ་གཅིག་ནི་ཞེས་སོ། །སྒྲ་སེལ་འཇུག་དང༌། རྟོག་པ་སེལ་འཇུག་གཉིས་ཀའི་དོན་བསྡུ་བ་ནི། བརྗོད་བྱེད་ཀྱི་སྒྲ་དང་རྟོག་པ་རྣམས་ཆོས་ཅན། སེལ་བས་འཇུག་པ་ཡིན་ཏེ། དེའམ་སྣང་བས་འཇུག་པ་གང་རུང་གང་ཞིག ཁྱོད་ཀྱི་དངོས་ཀྱི་ཡུལ་དེ་ཡིན་ན། དངོས་པོར་མེད་དགོས་པའི་ཕྱིར། དགོས་པ་ཇི་ལྟར་ཞེ་ན། སྤྱི་ཆ་མེད་དེ། གསལ་བ་རྣམས་དང་རྫས་གཅིག་གམ་རྫས་ཐ་དད། དང་པོ་ལྟར་ན་གསལ་བ་གསེར་བུམ་དང་དངུལ་བུམ་རྣམས་ཆོས་ཅན། ཚད་མ་ལ་ཐ་དད་དུ་མི་སྣང་བར་ཐལ། སྤྱི་ཆ་མེད་གཅིག་དང་རྫས་གཅིག་པའི་ཕྱིར། གཉིས་པ་ལྟར་ན། གསེར་བུམ་ཆོས་ཅན། ཁྱོད་བུམ་པ་ཉིད་ལ་ལྟོས་པའི་གཞི་མཐུན་མིན་པར་ཐལ། ཁྱོད་བུམ་པ་དང་འབྲེལ་བ་མེད་པའི་ཕྱིར། ཞེས་པ་དང༌། ཉེས་པ་དེ་རང་ལ་མི་མཚུངས་པའི་ཚུལ་རྣམས་རིམ་པར་སྟོན་པའི་དབང་དུ་བྱས་ནས། དེ་ཕྱིར་ཞེས་སོགས་དང༌། དངོས་པོའི་ངོ་བོ་ཞེས་སོགས། ཐ་དད་གྱུར་ན་དང༌། ལྡོག་པ་ཞེས་པ་རྣམས་སོ། །ད་ནི་གནས་སྐབས་དེ་དག་ཏུ་ལྡོག་ཙམ་ལས་མ་གཏོགས་པའི་སྤྱི་རྫས་གྲུབ་མེད་པར་སྟོན་པ་ལ་བརྩོད་པ་སྤང་བར་བྱ་སྟེ། འདི་ལ་བརྩོད་པ་ཇི་ལྟར་འབྱུང་སྙམ་ན། སྤྱི་རྫས་སུ་སྨྲ་བའི་རྟོག་གེ་པ་ནི་གཉིས་ཏེ། བྱེ་བྲག་པ་དང་གྲངས་ཅན་ནོ། །རིགས་པ་ཅན་པ་ནི་བྱེ་བྲག་པ་ལ་འཕྲོས་པའོ། །དེ་དག་གིས་ཇི་ལྟར་རྩོད་ཅེ་ན། བྱེ་བྲག་པས་ནི། གསལ་བ་དུ་མ་ལ་སྤྱིའི་སྒྲ་ཅིག་དང༌། ངོ་ཤེས་ཀྱི་བློ་གཅིག་མི་འཇུག་པར་ཐལ། ཞེས་རྩོད་ལ། གྲངས་ཅན་གྱིས་ནི་གསལ་བ་དུ་མས་འབྲས་བུ་གཅིག་བསྐྱེད་པ་མི་སྲིད་པར་ཐལ། ཞེས་རྩོད་པ་ཡིན་ལ། གཉིས་ཀས་ཀྱང་སྤྱི་ཆ་མེད་དུ་འདོད་པ་ལ་ཁྱད་པར་མེད་དོ། །རྩོད་པ་དང་པོ་སྤང་བ་ལ། གཞན་སེལ་གྱི་སྤྱི་གཅིག་ཡོད་པའི་རྒྱུ་མཚན་གྱིས་གསལ་བ་མང་པོ་ལ་སྒྲ་རྟོག་ཅིག་ཆར་འཇུག་པར་སྟོན་པའི་དབང་དུ་བྱས་ནས། དེའི་འབྲས་བུ་ཞེས་པ་ནས། བཤད་པར་བྱ་ཅེས་པའི་བར་རོ། །སྤྱི་དངོས་པོ་བ་གཅིག་གནས་པའི་རྒྱུ་མཚན་གྱིས་གསལ་བ་མང་པོ་ལ་སྤྱི་སྒྲ་གཅིག་འཇུག་པ་མ་ཡིན་པའི་ཚུལ་འཆད་པའི་དབང་དུ་བྱས་ནས། གལ་ཏེ་གཅིག་གནས་པའི་ཞེས་སོགས་སོ། །འདི་ལ་ཡང་གནས་པའི་དོན་བརྟགས་ནས་གནས་པ་མི་སྲིད་པར་བསྟན་པ་དང༌། གནས་པ་སྲིད་དུ་ཆུག་ཀྱང་གསལ་བ་གསར་བྱུང་ལ་སྤྱི་སྒྲ་མི་འཇུག་པར་ཐལ་བའོ། །དང་པོ་ནི། གནས་པ་བརྟེན་ནས། དེ་ལྡན་ཐོབ་ཀྱི་བར་རོ། །ཉེས་པ་གཉིས་པ་འདི་ནི་གྲངས་ཅན་དང༌། བྱེ་བྲག་པ་གཉིས་ཀ་ལ་ཐུན་མོང་དུ་འཇུག་པས། རིགས་པ་སྤྱིར་བཤད་པ་དང༌། བྱེ་བྲག་པའི་སློབ་མ་སོ་སོ་ལ་སོ་སོར་བརྗོད་པའོ། །དང་པོ་ནི། གང་དག ནས་རྟེན་མིན་ཕྱིར་གྱི་བར་རོ། །གཉིས་པ་ལ་སྤྱི་ཆ་མེད་ཀྱི་དངོས་པོ་དེ་གསལ་བ་ཐམས་ཅད་ལ་འཕྲོ་འདུའི་འབྲེལ་པ་ཡིན་ནོ། །སྤྱི་དེ་གསལ་བ་ཡོད་པ་ན་ཡོད། མེད་པ་ན་མེད་པ་ཡིན་ནམ། གསལ་བ་ཡོད་མེད་ཀྱི་ཡུལ་ཀུན་ན་ཡོད། འདི་ལ་བྱེ་བྲག་པའི་སློབ་མ་དཔེ་ཐ་ར་ན་རེ། དང་པོ་ལྟར་ན་ཁས་ལེན་ཞེས་ཟེར། འོ་ན་སྤྱི་དེ་ཡུལ་གཞན་དུ་མི་གཡོ་བ་གཅིག་ཡིན་ནམ། གཡོ་བ་གཅིག་ཡིན། དང་པོ་ལྟར་ན། གསལ་བ་གསར་བྱུང་ལ་རྗེས་སུ་མི་འགྲོ་བར་ཐལ་ལོ་ཞེས་སྟོན་པ་ནི། མི་འགྲོ་དེ་ན་ཞེས་སོགས་དང༌། གཡོ་བ་ཡིན་ནོ་ཞེ་ན། གསལ་བ་སྔ་མ་མ་དོར་བར་གཡོ་བ་ཡིན་ནམ། དོར་ནས་གཡོ་བ་ཡིན། དང་པོ་ལྟར་ན་ཆ་དང་བཅས་པར་འགྱུར། གཉིས་པ་ལྟར་ན་གསལ་བ་རྙིང་པ་ལ་རྗེས་སུ་མི་འགྲོ་བར་ཐལ་ལོ་ཞེས་སྟོན་པ་ནི། ཆ་དང་ལྡན་པའང་མིན། ཞེས་སོགས་སོ། །མི་འགྲོ་ཅེས་པའི་དོན་རྒྱས་པར་འཆད་པ་ནི། གཞན་ལ་ཞེས་སོགས་དང༌། རྟེན་སྔ་མ་ཞེས་པའི་དོན་འཆད་པ་ནི། དེ་ལས་གནས་གཞན་ཞེས་སོགས་དང༌། ཆ་དང་ལྡན་པ་མིན་ནམ་ཞེས་པའི་དོན་ནི། དེ་དག་ཡུལ་ཅན་ཞེས་སོགས་སོ། །བྱེ་བྲག་པའི་སློབ་མ་དཔེ་ལུ་ཀ་ན་རེ། གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། དེ་འགོག་པ་ནི། གལ་ཏེ་ཀུན་ན་ཞེས་སོ། །སྤྱི་སྒྲ་གཅིག་འཇུག་པའི་རྒྱུ་མཚན་གྱིས་སྤྱི་ཆ་མེད་གཅིག་ཡོད་པར་འདོད་པའི་ཁྱབ་པ་ལ་དངོས་སྐྱོན་བརྗོད་པའི་དབང་དུ་བྱས་ནས། ཐ་དད་མེད་དོན་ཅེས་སོགས་སོ། །རང་ལུགས་ཀྱི་སྤྱི་སྒྲ་འཇུག་པའི་རྒྱུ་མཚན་ངོས་འཛིན་པ་ནི། ཐ་དད་མཚུངས་པ་ཞེས་སོགས་སོ། ད་ནི་གྲངས་ཅན་གྱིས་བརྗོད་པའི་ཉེས་པ་སྤང་བར་བྱ་སྟེ། གྲངས་ཅན་ན་རེ། སྤྱི་དང་གཙོ་བོ་དང་ནུས་པ་རྣམས་དོན་གཅིག་ཅིང༌། མེ་ལ་ཚ་བས་ཁྱབ་པ་ལྟར། གསལ་བ་ཐམས་ཅད་ལ་ནུས་པ་གཅིག་གིས་ཁྱབ་ཅིང༌། ཁྱད་པར་ཆུ་ལུད་དྲོད་བཤེར་གསུམ་ལ་ནུས་པ་གཅིག་ཡོད་པའི་རྒྱུ་མཚན་གྱིས་འབྲས་བུ་མྱུ་གུ་གཅིག་བསྐྱེད་པ་ཡིན་པ་ལ། སངས་རྒྱས་པ་ལྟར་ན། འབྲས་བུ་གཅིག་རྒྱུ་དུ་མས་བསྐྱེད་པ་མི་འཐད་པ་དང༌། ཐམས་ཅད་ཀྱིས་ཀྱང་ཐམས་ཅད་བསྐྱེད་པར་འགྱུར་ཏེ། ལྡོག་པ་གཞན་སེལ་ལས་མ་གཏོགས་པའི་སྤྱི་གཙོ་བོ་མེད་པའི་ཕྱིར། གྲངས་ཅན་རིང་ལུགས་ལ། དངོས་པོ་ཐམས་ཅད་སྤྱི་གཙོ་བོའི་ནང་དུ་རང་བཞིན་གཅིག་ཀྱང་བདག་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་སྣ་ཚོགས་ལ་ལོངས་སྤྱོད་པར་འདོད་པའི་ཚེ། རྣམ་འགྱུར་རྣམས་གནས་སྐབས་རྫས་ཐ་དད་དུ་སྐྱེ་བ་ཡིན་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ཏེ། གྲངས་ཅན་གྱི་འདོད་པ་འགོག་པ་དང༌། དེས་གཅེར་བུ་བའི་འདོད་པ་ཁེགས་པར་བསྟན་པའོ། །དང་པོ་ལ། བཤད་མ་ཐག་པའི་ཕྱོགས་སྔ་མ་དེ་འཇོག་པའི་དབང་དུ་བྱས་ནས། གལ་ཏེ་ཞེས་སོགས་སོ། །དེ་སུན་འབྱིན་པ་ལ་ཉེས་པ་དེ་གྲངས་ཅན་ལ་ཡོད་པར་བསྟན། སངས་རྒྱས་པ་ལ་མེད་པར་བསྟན། གྲངས་ཅན་ལ་ཁས་བླངས་ནང་འགལ་གྱི་ཉེས་པ་གཞན་ཡང་ཡོད་པར་བསྟན། དེ་དག་གི་གྲུབ་དོན་བཤད་པའོ། །དང་པོ་ལ་ཐམས་ཅད་ཐམས་ཅད་ཀྱི་བསྐྱེད་བྱེད་དང༌། ལྷན་ཅིག་བྱེད་རྐྱེན་དོན་མེད་དུ་ཐལ་བ། ཉེས་པ་དེ་སངས་རྒྱས་པ་ལ་མཚུངས་པ་སྤང་བ། རྣམ་འགྱུར་ཐམས་ཅད་སྐྱེ་འཇིག་ཅིག་ཅར་དུ་བྱེད་པར་ཐལ་བ། ཉེས་པ་དེ་སངས་རྒྱས་པ་ལ་མཚུངས་པ་སྤང་བའོ། །དང་པོ་ནི། ནས་ཀྱི་ས་བོན་ཆོས་ཅན། ས་ལུའི་མྱུ་གུ་བསྐྱེད་པར་ཐལ། དེ་བསྐྱེད་པའི་ནུས་པ་ཅན་ཡིན་པའི་ཕྱིར། མྱུ་གུ་བསྐྱེད་པ་ལ་ཆུ་ལུད་དྲོད་བཤེར་མི་དགོས་པར་ཐལ། ས་བོན་རྐྱང་པས་མྱུ་གུ་བསྐྱེད་པའི་ནུས་པ་དེ་དང༌། ཆུ་ལུད་དྲོད་བཤེར་དང་ས་བོན་ཚོགས་པའི་སྟེང་གི་ནུས་པ་དེ་ལ་བཟང་ངན་གྱི་ཁྱད་པར་མེད་པའི་ཕྱིར། ཞེས་སྟོན་པ་ནི། གལ་ཏེ་བདག་ཉིད་ཅེས་སོགས། གཉིས་པ་ནི། ཐ་དད་མེད་པའི། ནས། འདི་ཡིན་གྱི་བར་རོ། །གསུམ་པ་ནི། རྣམ་འགྱུར་རྣམས་ཆོས་ཅན། སྐྱེ་འཇིག་ཅིག་ཆར་དུ་བྱེད་པར་ཐལ། སྤྱི་གཙོ་བོ་དང་ཆ་མེད་རྫས་གཅིག་ཡིན་པའི་ཕྱིར། ཅི་སྟེ་གནས་སྐབས་རྫས་ཐ་དད་པས་ཉེས་པ་མེད་དོ་ཞེ་ན། སྤྱི་གཙོ་བོ་ཆོས་ཅན། རྣམ་འགྱུར་རྣམས་ལ་རྗེས་སུ་མི་འགྲོ་བར་ཐལ། རྣམ་འགྱུར་རྣམས་དང་དུས་མཉམ་རྫས་གཞན་དུ་ཁས་བླངས་པས་འབྲེལ་པ་མེད་པའི་ཕྱིར། ཞེས་པ་ནི། ཐ་དད་པ་ཞེས་སོགས། བཞི་པ་ནི། འོ་ན་ལྡོག་པ་གཞན་སེལ་དེ། གསལ་པ་རྣམས་དང་རྫས་གཅིག་གམ་རྫས་གཞན། ཞེས་བཏགས་ན་ཉེས་པ་དེ་ཁྱེད་རང་ལ་མཚུངས་སོ་ཞེ་ན། ཆོས་ཀྱི་གྲགས་པ་ཆོས་ཅན། ལྡོག་པ་གཞན་སེལ་དེ་གསལ་བ་དང་རྫས་གཅིག་དང་རྫས་ཐ་དད་དུ་བཏགས་པའི་ཉེས་པས་ཁྱོད་ལ་མི་གནོད་དེ་ཁྱོད་ཀྱི་ལུགས་ལ་ལྡོག་པ་གཞན་སེལ་དེ་རྫས་སུ་མ་གྲུབ་པའི་ཕྱིར། དེ་ཆོས་ཅན། བློ་ལ་སྣང་བའི་སྤྱི་དེ་གསལ་བ་དང་རྫས་གཅིག་དང་རྫས་གཞན་དུ་བཏགས་པའི་ཉེས་པས་ཁྱོད་ལ་མི་གནོད་དེ། ཁྱོད་ཀྱི་ལུགས་ལ་དེ་རྫས་སུ་མ་གྲུབ་པའི་ཕྱིར། ཞེས་པ་ནི། ལྡོག་པ་ཞེས་སོ། །རང་ལ་གནོད་བྱེད་མེད་པར་བསྟན་པ་ལ། རྒྱུ་རྣམས་བསྐྱེད་བྱེད་མིན་པར་ཐལ་བའི་གནོད་བྱེད་མེད་པར་བསྟན། ཐམས་ཅད་ཐམས་ཅད་ཀྱི་བསྐྱེད་བྱེད་དུ་ཐལ་བའི་གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ནི། དེའི་བསྐྱེད་བྱེད་ཅེས་སོགས། གཉིས་པ་ནི། ཇི་ལྟར་ཐ་དད་ཅེས་སོགས། ད་ནི་ཁས་བླངས་ནང་འགལ་གྱི་གནོད་བྱེད་བརྗོད་པར་བྱ་སྟེ། ནས་ཀྱི་ས་བོན་ཆོས་ཅན། ས་ལུའི་མྱུ་གུ་བསྐྱེད་པར་བྱེད་མི་བྱེད་གཉིས་ཡིན་པར་ཐལ། ནས་ཀྱི་ས་བོན་དང་ས་ལུའི་ས་བོན་གཉིས་ཀ་དང་རང་བཞིན་གཅིག་ཡིན་པའི་ཕྱིར། ཅི་སྟེ་ནས་ཀྱི་ས་བོན་ཆོས་ཅན། ས་ལུའི་མྱུ་གུ་མི་བསྐྱེད་དེ། ས་ལུའི་ས་བོན་ལས་གནས་སྐབས་ཐ་དད་པའི་ཕྱིར། ཆུ་ལུད་དྲོད་བཤེར་ཆོས་ཅན། རང་འབྲས་མྱུ་གུ་མི་བསྐྱེད་པར་ཐལ། ས་བོན་ལས་གནས་སྐབས་རྫས་གཞན་ཡིན་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། ཐ་དད་མེད་ན་ཞེས་སོགས་སོ། །ཡང་རྣམ་འགྱུར་རྣམས་ཆོས་ཅན། ཅིག་ཆར་དུ་སྐྱེ་བར་ཐལ། གཙོ་བོ་རྟག་པ་ལས་སྐྱེ་བའི་ཕྱིར། ཞེས་པ་གཅིག་དོན་གྱིས་ཐོབ་པ་ལ་ཉེས་པ་སྤོང་བ་ནི། འོན་ཏེ་རིམ་བཞིན་ཞེས་པའོ། །འོ་ན། སྤྱི་གཙོ་བོ་ཆོས་ཅན། ཆ་དང་བཅས་པར་ཐལ། སྔ་ཕྱིའི་རིམ་པ་དང་བཅས་པའི་ཕྱིར། ཞེས་པ་ནི། དེ་སྤྱི་ཞེས་སོགས་སོ། །ཡང་སྤྱི་གཙོ་བོ་དང་རྣམ་འགྱུར་རྣམས་ཆོས་ཅན། རྫས་ཐ་དད་པ་དང་ཐ་དད་མེད་པ་གཉིས་ཀ་ཡིན་པར་ཐལ། རང་བཞིན་གཅིག་ཅིང་གནས་སྐབས་རྫས་ཐ་དད་པའི་ཕྱིར། ཡང་དེ་རྣམས་ཆོས་ཅན། མཐའ་གཅིག་ཏུ་རྫས་ཐ་དད་པར་ཐལ། འདྲ་བ་དང་མི་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། དེ་འདོད་ན་སྤྱི་གཙོ་བོ་ཆོས་ཅན། ཁྱོད་རྣམ་འགྱུར་རྣམས་ཀྱི་སྤྱི་མིན་པར་ཐལ། ཁྱོད་དང་དེ་གཉིས་འབྲེལ་པ་མེད་པའི་ཕྱིར། དེ་དག་གི་གྲུབ་པའི་དོན་ནི། གསལ་པ་རྣམས་ཀྱི་སྤྱི་དངོས་མེད་དུ་གྲུབ་པ་ན། སྤྱི་གསལ་གཉིས་ཀྱི་ནང་ནས་གསལ་བ་རང་མཚན་ཁོ་ནའམ། དོན་གཉེར་སྐྱེས་བུའི་འཇུག་ཡུལ་དུ་གྲུབ་པ་ཡིན་ཏེ། སྤྱི་དངོས་པོར་མེད་པའི་ཕྱིར། དེ་ལྟ་ན། སྤྱི་མེད་པ་མིན་ཏེ། རྟོག་ངོར་དེ་མིན་རྣམ་པར་བཅད་ཙམ་མེད་པའི་ཕྱིར། མེ་ཆུ་གཉིས་ལ་རང་བཞིན་ནམ་སྤྱི་གཙོ་བོའི་ནུས་པ་གཅིག་ཡོད་པ་མིན་ཏེ། དེ་ལྟ་ན་མེ་དོན་གཉེར་ཆུ་ལེན་པ་ལ་འཇུག་པར་ཐལ་བའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། བདག་ཉིད་ཅེས་སོགས་དང༌། ལྡོག་པ་མཚུངས་པ་ཞེས་སོགས་དང༌། དངོས་པོའི་རྗེས་འགྲོ་མེད་ཅེས་པ་རྣམས་སོ། །སྐབས་འདིར་ལྡོག་པ་ཞེས་པ་ནི་མེད་དགག་ལ་བྱ་ལ། དེ་ཡང་དེ་བརྗོད་བྱེད་ཀྱི་སྒྲ་དང་དེ་འཛིན་པའི་རྟོག་པས་དེ་ཡིན་མིན་གྱི་ཤེས་བྱ་མཐའ་དག་རྣམ་པར་བསལ་ཙམ་མོ། །ཤིན་ཏུ་ཐ་དད་ཅེས་པ་ནི། གང་རུང་གཅིག་ཤེས་བྱ་ལ་མི་སྲིད་པའོ། །རྣམ་གྲངས་ཐམས་ཅད་ཅེས་པ་ནི། །ཕན་ཚུན་ཐམས་ཅད་པའོ། །གཉིས་པ་དེ་གཅེར་བུ་པའི་འདོད་པ་ཡང་ཁེགས་པར་བསྟན་པ་ལ། སྔར་བཤད་པའི་རིགས་པས་ཁེགས་པར་བསྟན་པ་དང༌། མ་བཤད་པའི་རིགས་པས་དགག་པའོ། །དང་པོ་ནི། དེ་ཉིད་ཀྱིས་ནི་ཅེས་སོགས། གཉིས་པ་ལ། འཇུག་པ་འཆོལ་བར་ཐལ་བ་དང༌། སྒྲ་རྟོག་ཐ་དད་མི་འཇུག་པར་ཐལ་བའོ། །དེ་དག་ནི་རིམ་པ་བཞིན་དུ། ཐམས་ཅད་གཉིས་ཀའི་ཅེས་སོགས་དང༌། ཐམས་ཅད་ཀུན་བཏགས་ཞེས་སོགས་སོ། །གཅེར་བུ་པའི་འདོད་པ་ནི་འདི་ཡིན་ཏེ། དངོས་པོ་ཐམས་ཅད་གསེར་དང་གསེར་གྱི་རྣ་རྒྱན་བཞིན་དུ་རང་བཞིན་གཅིག་ཅིང་གནས་སྐབས་ཐ་དད་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ལ་ནི་ཇི་སྐད་དུ། གྲངས་ཅན་ལ་བརྗོད་པའི་ཁས་བླངས་ནང་འགལ་གྱི་ཉེས་པ་དེ་དག་འཇུག་པ་ཡིན་ལ། འདིར་བཤད་པའི་རིགས་པ་ཕྱི་མ་འཇུག་པ་འཆོལ་བར་ཐལ་བ་དང༌། སྒྲ་རྟོག་ཐ་དད་མི་འཇུག་པར་ཐལ་བ་གཉིས་ནི། གྲངས་ཅན་ལ་ཡང་འཇུག་པ་ཡིན་ནོ། །གཉིས་པ་དངོས་མེད་ཀྱི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་སེལ་འཇུག་ཏུ་སྒྲུབ་པ་ནི། དེ་ཆོས་ཅན། སེལ་པས་འཇུག་པ་ཡིན་ཏེ། ཡུལ་ཅན་གང་ཞིག་ཁྱོད་ཀྱི་དངོས་པོ་དང་ཞེན་པའི་ཡུལ་གང་རུང་ཡིན་ན། དངོས་མེད་ཡིན་པས་ཁྱབ་པའི་ཕྱིར། འདིར་དངོས་མེད་ཀྱི་ཡུལ་ཅན་ཞེས་པ་དངོས་པོར་མེད་པ་ལ་བརྟེན་པའི་སྒྲ་དོན་གྱི་ཡུལ་ཅན་ཏེ་ནམ་མཁའ་དང་རི་བོང་གི་རྭ་ལ་སོགས་པའི་ཡུལ་ཅན་ནོ། །དེ་ལྟར་ངོ་བོ་གཅིག་ལ་འབྲེལ་པ་མི་འགལ་བའི་ཤེས་བྱེད་ནི་ལྡོག་པ་ཐ་དད་པ་ཞེས་བྱ་བ་དེ་ཡིན་ལ། དེ་ཡང་བརྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཡུལ་ལ་སེལ་པས་འཇུག་པའི་རྒྱུ་མཚན་གྱི་ཡིན་པས། དེ་དེ་ལྟར་འཇུག་པའི་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་ལ་རྩོད་པ་སྤང་བ་རྣམས་རྒྱས་པར་བཤད་ཟིན་ནས། ད་ནི་རང་བཞིན་གྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དངོས་བཤད་པར་བྱ་སྟེ། འདི་ལ་རང་བཞིན་གྱི་གཏན་ཚིགས་ལ་གཉིས་སུ་འབྱེད་པའི་རྒྱུ་མཚན། དེ་ལྟར་ཕྱེ་བའི་རྟགས་ཆོས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དངོས། དང་པོ་ནི། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་ལ་ལྟོས་པ་དང་འབའ་ཞིག་པ་གཉིས་སུ་འབྱེད་པ་རྒྱུ་མཚན་ཡོད་དེ། ཕྱིར་རྒོལ་གྲངས་ཅན་ལྟ་བུ་སྒྲ་རྒྱུ་སྐྱེས་པར་འདོད་པ་དང༌། རིག་བྱེད་པ་ལྟ་བུ་རིག་བྱེད་ཀྱི་སྒྲ་སྐྱེས་བུས་མ་བྱས་པར་འདོད་པའི་རྒོལ་བ་རིགས་མི་འདྲ་བ་གཉིས་ཡོད་པའི་རྒྱུ་མཚན་གྱིས་དེར་ཕྱེ་བའི་ཕྱིར། གཉིས་སུ་ཕྱེ་བ་ལ་ཆོས་ཅན། དགོས་པ་ཡོད་དེ། རང་གི་བསྒྲུབ་བྱ་སྒྲ་མི་རྟག་པར་བསྒྲུབ་པར་བྱ་བའི་ཆེད་ཡིན་པའི་ཕྱིར། སྦྱོར་བ་ནི། སྦྱོར་བ་དེ་སྐོར་གྱི་ཕྱིར་རྒོལ་ཚུལ་གསུམ་ཚད་མས་ཤེས་པའི་ངོར། གང་བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་དང༌། གང་ཡོད་པ་ཉིད་ཡིན་ན། ཞེས་སོ། །འདིར་ཡོད་པ་དང་དངོས་པོ་གཉིས་སྒྲ་ཡངས་ན་ཡངས་མཉམ་དང༌། དོག་ན་དོག་མཉམ་ཡིན་ལ། ཡོད་པ་ཉིད་ཀྱི་ཚིག་དོན་བྱེད་ནུས་པ་ཡིན་པར་གཏན་ཚིགས་ཐིགས་པ་ལས་གསུངས་སོ། །འགོད་ཚུལ་ལ། སྒྲ་ཡང་ཡོད་པས་ཞེས་དང༌། བྱས་པས་ཞེས་སྦྱོར་བ་གཏན་ཚིགས་ཐིགས་པར་གསུངས་སོ། །ཡོད་ཉིད་བཞིན་ཞེས་པ་ལ་གྲངས་ཅན་ན་རེ། དེ་ལྟ་ན་གཙོ་བོའི་སྒྲ་དོན་གྱི་སྟེང་དུ་ཡོད་པ་ཉིད་བསྒྲུབ་བྱའི་ཆོས་སུ་འགྱུར་ལ། དེ་ལྟ་ན། གཙོ་བོ་ཡོད་པར་འགྱུར་རོ། །ཞེས་རྒོལ་བ་ནི། གལ་ཏེ་གཏན་ཚིགས་ཞེས་སོགས་དེ་མི་མཚུངས་པར་སྟོན་པ་ནི། སྔར་རྒོལ་གྲངས་ཅན་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་པའི་ངོར་གཙོ་བོའི་སྒྲ་དོན་གྱི་སྟེང་དུ། ཡོད་པ་ཁྱད་པར་བ་རྣམ་འགྱུར་ཀུན་གྱི་ཉེར་ལེན་དུ་ཡོད་པ་དེ། ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ཏེ། དེ་ཡིན་པའམ། ཡོད་ཙམ་དེ་དེའི་སྟེང་དུ་ཡིན་པ་གང་རུང་གང་ཞིག ཕྱི་མ་ལྟར་ན་སྔར་རྒོལ་ཁྱོད་ལ་དཔག་འདོད་དང༌། ཕྱིར་རྒོལ་སངས་རྒྱས་པ་ལ་ཤེས་འདོད་མེད་པའི་ཕྱིར། དེ་འདོད་ན། ཁྱད་པར་རྣམས་རྗེས་སུ་འགྲོ་བ་ལ་སོགས་པའི་གཏན་ཚིགས་ལྔ་པོ་དེ་ཡིན་ནོ། །གཙོ་བོའི་སྒྲ་དོན་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་ལྟར་སྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་བ་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། ཡོད་པ་བསྒྲུབ་བྱ་ཞེས་པའི་རྐང་པ་གཉིས་གོང་དུ་འཐེན་ནས། ཡོད་པའི་ཁྱད་པར་ཞེས་སོགས་སྦྱར་རོ། །གྲངས་ཅན་ན་རེ། འོ་ན་ཁྱོད་ལ་ཡང༌། ཡོད་པ་གཏན་ཚིགས་ཡིན་ན་དེས། །ཁྱད་པར་དག་ནི་རྟགས་སུ་འགྱུར། །ཁྱད་པར་རྟགས་སུ་བཟུང་ན་འདིར། །གཏན་ཚིགས་ཕྱོགས་ཆོས་མེད་པར་འགྱུར། །ཞེས་མཚུངས་སོ། །ཞེས་རྒོལ་བའི་དབང་དུ་བྱས་ནས། ཁྱད་པར་རྗེས་འགྲོ་ཞེས་པའི་རྐང་པ་གཉིས་ཕྱིར་འཐེན་ནོ། །སྔ་རྒོལ་སངས་རྒྱས་པ་ཆོས་ཅན། ཁྱོད་ལ་ཕྱིར་རྒོལ་རིགས་བྱེད་པས། རིགས་སྒྲ་མི་རྟག་པ་སྒྲུབ་པ་ལ་ཡོད་པ་ཉིད་ཙམ་རྟགས་སུ་བཀོད་དམ། ཡོད་པ་ཁྱད་པར་ཅན་རྟག་དངོས་སུ་ཡོད་པའམ། མི་རྟག་པའི་དངོས་པོར་ཡོད་པ་རྟགས་སུ་འགོད། ཅེས་པའི་རྩོད་པས་ཁྱོད་ལ་མི་གནོད་དེ། ཁྱོད་ཉིད་ལུགས་ལ་ཡོད་ཉིད་ཙམ་དེ། རིག་བྱེད་པའི་ངོར་དེ་སྒྲུབ་ཀྱི་རྟགས་སུ་བཟུང་བྱ་ཡིན་ལ། དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་མ་ཚང་བའི་ཕྱིར། ཞེས་སྟོན་པ་ནི། དེའི་ཁྱད་པར་ཞེས་སོགས། གྲངས་ཅན་ན་རེ། ངེད་ལ་ཡང་གཙོ་བོའི་སྒྲ་དོན་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་གཞན་ཡོད་དོ་ཞེ་ན། གཙོ་བོ་སྒྲ་དོན་དང་འབྲས་བུའི་ཉེར་ལེན་དུ་ཡོད་པའི་ཚོགས་དོན་ཆོས་ཅན། ཁྱོད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་མེད་དེ། ཁྱོད་སྒྲུབ་བྱེད་དུ་བཀོད་པའི་གཏན་ཚིགས་ཡིན་ན། གཏན་ཚིགས་ལྟར་སྣང་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། ཞེས་མ་གྲུབ་པ་ལ་ཞེས་སོགས་སོ། །འོ་ན་ཡོད་པ་ཉིད་ལ་ཡང་མཚུངས་སོ་ཞེ་ན། བཀོད་པའི་ཚེ་ཡོད་པ་ཉིད་ཆོས་ཅན། ཁྱོད་དེས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡིན་ཏེ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ། ཁྱོད་མི་རྟག་པ་ལ་རྗེས་སུ་འགྲོ། རྟག་པ་ལས་ཟློག་པའི་ཕྱིར། དཔེར་ན་དེ་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་བཞིན་ནོ་ཞེས་སྟོན་པ་ནི། རང་བཞིན་གྲུབ་པ་ཞེས་སོ། །འདིར་སེལ་ངོའི་ཡོད་པ་བསལ་བའི་ཕྱིར་དུ་ཡོད་པ་ཉིད་ཅེས་སྨོས་པ་ཡིན་ལ། དངོས་པོ་རྟགས་སུ་བཀོད་པའི་ཚེ་ན་ཡང་ཉིད་ཅེས་པ་སྦྱར་དགོས་ཏེ། ཡོད་པ་རྟགས་སུ་བཀོད་པའི་ཚེ་གཞུང་དུ། ཉིད་ཅེས་ངེས་པར་སྦྱར་ལ། ཡོད་པ་དང་དངོས་པོ་ནི་འགྱུར་གྱི་ཁྱད་པར་ཙམ་དུ་ཟད་པའི་ཕྱིར་དང༌། སེལ་ངོའི་དངོས་པོ་བསལ་དགོས་པའི་ཕྱིར་རོ། །གཉིས་པ་ལ། བྱས་ཡོད་དང་མི་རྟག་པའི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ནི། ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་རྟགས་དང་བརྟེན་པའི་བྱེ་བྲག་གཉིས་ཡིན་ལ། དེའི་ནང་ནས་བྱས་པ་དང་མི་རྟག་པ་མེད་ན་མི་འབྱུང་བའི་འབྲེལ་པ་ནི། ལྟོས་མེད་ཀྱི་གཏན་ཚིགས་ཀྱིས་སྒྲུབ་ནུས་ཏེ། བྱས་པ་ལ་རང་གྲུབ་ཙམ་ནས་འཇིག་པས་ཁྱབ་པར་འདོད་པའི་ལོག་རྟོག་ཡོད་ཀྱང༌། བྱས་པ་དང་སྤྱིར་མི་འཇིག་པའི་གཞུང་བཞིན་འདོད་པའི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་མི་སྣང་བའི་ཕྱིར། ཡོད་པའམ་དངོས་པོ་དང་མི་རྟག་པའི་འབྲེལ་པ་སྒྲུབ་པ་ལ་གནོད་པ་ཅན་གྱི་གཏན་ཚིགས་ཀྱང་དགོས་སོ། །རྟག་དངོས་ཁས་ལེན་པའི་རང་གཞན་གྱི་སྡེ་པ་ཁུངས་ཐུབ་དུ་མ་སྣང་བའི་ཕྱིར། གྲངས་ཅན་གྱིས་སྒྲ་རྟག་པར་ཁས་ལེན་པ་ཡང༌། གྲུབ་ཙམ་ནས་མི་འཇིག་པར་འདོད་པ་ཡིན་གྱི། སྤྱིར་མི་འཇིག་པ་འདོད་པ་མིན་ཏེ། གྲངས་ཅན་པ་དེ་ཙམ་ལྔ་པོ་དེ་སྐྱེ་འཇིག་ཅན་གྱི་རྟགས་ལས་བློ་བདེ་སེམས་མེད་དུ་སྒྲུབ་པའི་ཁྱབ་འབྲེལ་གཏན་ལ་འབེབས་པའི་གཞིར་རང་རང་གི་རྩ་བའི་གྲུབ་མཐར་ཁས་བླངས་པའི་ཕྱིར། དེ་ལྟ་ན་ལྟོས་མེད་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་གི་རྟེན་གཏན་ཚིགས་ནི། གང་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པ་ཡིན་ན། གྲུབ་ཙམ་ནས་འཇིག་ངེས་ཡིན་པས་ཁྱབ། དཔེར་ན་འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པའི་རྒྱུ་ཚོགས་ཐ་མ་བཞིན། སྐྱེ་ལྡན་ཐམས་ཅད་ཀྱང་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་མེད་དུ་འཇིག་པ་ཡིན་ནོ་ཞེས་སྟོན་པ་ནི། རྒྱུ་མེད་ཕྱིར་ན་ཞེས་པའོ། །དེའི་ཕྱོགས་ཆོས་གྲུབ་པ་ནི། གང་འཇིག་པ་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པ་ཡིན་ན། འཇིག་ངེས་ཡིན་པས་ཁྱབ། དཔེར་ན་གོས་དཀར་པོ་ཆོས་ཅན་དུ་འགྱུར་བ་བཞིན། སྐྱེ་ལྡན་གྱི་དངོས་པོ་རྣམས་ཀྱང་འཇིག་པ་ཕྱིས་ཀྱི་རྒྱུ་དོན་གཞན་ལ་ལྟོས་པ་དང་བཅས་པར་གྲངས་ཅན་གྱི་ཁས་བླངས་སོ། །ཞེས་སྟོན་པ་ནི། དངོས་པོ་ལྟོས་དང་ཞེས་སོ། །དེ་ལ་རིག་བྱེད་པ་ན་རེ། སྐྱེ་ལྡན་ཐམས་ཅད་འཇིག་པ་ཡིན་ཀྱང༌། ཡོད་པའི་དངོས་པོ་ཐམས་ཅད་ལ་འཇིག་པས་མ་ཁྱབ་སྟེ། དབང་ཕྱུག་ལ་སོགས་པ་རྟག་པའི་དངོས་པོ་སྲིད་པའི་ཕྱིར། ཞེ་ན། རྟག་པ་ལ་ཆོས་ཅན། དངོས་པོ་མེད་དེ། དོན་བྱེད་པས་སྟོང་པའི་ཕྱིར། ནམ་མཁའ་བཞིན། ཞེས་གནོད་པ་ཅན་གྱི་གཏན་ཚིགས་སྟོན་པའི་དབང་དུ་བྱས་ནས། གསལ་འགྱུར་ཞེས་བྱ་ཅེས་སོགས། ཡང་ན་བྱས་པ་ཐམས་ཅད་མི་རྟག་པར་གྲུབ་པ་ན་དངོས་པོ་ཐམས་ཅད་མི་རྟག་པར་གྲུབ་སྟེ། དངོས་པོ་འགའ་ཞིག་ལ་རྟག་པར་སྐྱེད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་ཞེས་འགོད། རྒྱུ་དང་འབྲས་བུའི་དངོས་པོའི་ཞེས་པ་མན་གྱི་དོན་བསྡུ་བ་ནི། སྒྲུབ་རྟགས་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གྲུབ་པ་ཡིན་ནོ། །དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གོང་དུ་རྒྱས་པར་བསྒྲུབས་ཟིན་པའི་ཕྱིར། ཞེས་པ་ནི། དེས་དངོས་པོའི་ཞེས་སོགས། ད་ནི་དགག་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་པར་བྱ་སྟེ། འོ་ན་ཅི་སྒྲུབ་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ལས་ལོགས་སུ་དགག་པའི་གཏན་ཚིགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད་རྒྱུ་ཡོད་དམ་ཞེ་ན། དེ་ནི་ཡོད་པ་མིན་ཏེ། སྔར་བཤད་པའི་བདག་གཅིག་པ་དང་དེ་བྱུང་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དེ་ལས་མ་གཏོགས་པའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གསུམ་པ་མི་བཞེད་པའི་ཕྱིར། དེ་ལྟ་ན་ཡང་མ་དམིགས་པའི་གཏན་ཚིགས་ཡང་དག་གང་དང་གང་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་སྔར་བཤད་པ་གཉིས་པོ་དེ་ལས་གང་དང་གང་ཡོད་པ་ཙམ་ཞིག་འདི་མན་ཆད་དུ་བཤད་པར་བྱ་བ་ལས། ཐོག་མར་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད། དེའི་རྗེས་སུ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་བཤད། དེ་གཉིས་ལ་རྩོད་པ་སྤང་བ་གསུམ་གྱི་སྒོ་ནས་བཤད་པར་བྱའོ། །དང་པོ་ནི། ཤ་ཟ་ཐ་མལ་པའི་ཚད་མས་མ་དམིགས་པའི་རྟགས་ཀྱིས་མདུན་གྱི་གཞི་འདིར་འདྲེ་ཤ་ཟ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་དེ། ཤ་ཟ་ཡོད་པར་ངེས་པའི་ངེས་ཤེས་དོན་མཐུན་དེ་དང་རང་རྒྱུ་ཤ་ཟ་དམིགས་བྱེད་ཀྱི་ཚད་མ་གཉིས་ལ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། ཞེས་པ་ནི། འཇུག་པ་ཞེས་སོགས་སོ། །འོ་ན་དེ་ལ་དེ་ལྟ་མོད་ཀྱི་མདུན་གྱི་གཞི་འདིར་འདྲེ་ཤ་ཟའི་བུམ་པ་མེད་ངེས་སུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་གི་རྟགས་ཆོས་ཀྱི་འབྲེལ་པ་གང་གིས་སྒྲུབ་ཅེ་ན། དེ་འདྲ་མི་སྲིད་དོ་ཞེས་སྟོན་པ་ལ། བསྟན་བཅོས་ཞེས་སོགས། འདི་ལ་ཤེས་བྱ་ཆོས་ཅན། མདུན་གྱི་གཞི་འདིར་འདྲེ་ཤ་ཟའི་བུམ་པ་མེད་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མེད་དེ། དེ་ལྟར་སྒྲུབ་པའི་ཡིད་ཆེས་པའི་གཏན་ཚིགས་ཡང་དག་ཀྱང་མེད་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཀྱང་མེད་པའི་ཕྱིར། དང་པོ་མེད་དེ། འདྲེ་ཤ་ཟ་དེ་བསྟན་བཅོས་ཀྱི་སྐབས་དང་འབྲེལ་བ་མེད་པའི་ཕྱིར། གཉིས་པ་མེད་དེ། འདྲེ་ཤ་ཟ་ཡོད་ཀྱང་སྣང་མི་རུང་པའི་ཕྱིར། ཞེས་པའོ། །མདུན་གྱི་གཞི་འདིར་ཆོས་ཅན། འདྲེ་ཤ་ཟ་དེ་ཡོད་པར་ངེས་པ་དང་མེད་པར་ངེས་པ་གང་རུང་མིན་ཏེ། དེ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། དེའི་ཕྱིར་དེ་ལ་ཐལ་བའི་ཚད་མ་མི་འཇུག་གོ་ཞེས་སྟོན་པ་ནི། ཡོད་མེད་ངེས་པའི་ཞེས་སོགས། འདི་ནི་མཚོན་པ་ཙམ་སྟེ། རྒོལ་བ་གང་གི་ངོར་ཡོད་ཀྱང་སྣང་དུ་མི་རུང་བའི་དོན་ཐམས་ཅད་ལ་མི་སྣང་བ་མ་དམིགས་པའི་གཏན་ཚིགས་འཇུག་པས་ཁྱབ་ལ། ཡོད་ཀྱང་སྣང་མི་རུང་བ་འགའ་ཞིག་ལ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་འཇུག་པ་ཡོད་དེ། ཤིན་ལྐོག་ལ་དཔྱོད་པའི་ཚེ། ལམ་པོ་ཆེའི་སྐྱེས་བུ་འདི་ཆོས་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱུད་ལ་མེད་པར་ངེས་ཏེ། འདོད་ཆགས་དང་ལྡན་པའི་ཕྱིར། ཞེས་པ་ལྟ་བུའོ། །འོ་ན་གོང་དུ། འགའ་ཞིག་མེད་ཅེས་འབྲས་བུ་ཅན། །ཞེས་བཤད་པ་དང་མི་འགལ་ལམ་ཞེ་ན། དེ་སྣང་རུང་གི་ཆོས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་འཆད་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྟགས་ཀྱི་ཞེས་སོགས་སོ། །གཉིས་པ་ལ། འབྲེལ་ཟླ་མ་དམིགས་པའི་གཏན་ཚིགས་ཡང་དག་གི་དང༌། འགལ་ཟླ་མ་དམིགས་པའི་གཏན་ཚིགས་ཀྱི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་གཉིས་ལས། དང་པོ་ནི། རྒྱུ་མ་དམིགས་པའི་གཏན་ཚིགས་ཀྱི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་དེ་མེ་དུ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། རང་བཞིན་མ་དམིགས་པའི་གཏན་ཚིགས་ཡང་དག་གི་དེ་ཡོད་དེ། སྣང་རུང་གི་བུམ་པ་དམིགས་བྱེད་ཀྱི་ཚད་མ་དང༌། དེའི་འབྲས་བུར་གྱུར་པའི་སྣང་རུང་གི་བུམ་པ་ཡོད་པར་ངེས་པའི་ངེས་ཤེས་གཉིས་ལ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །ཞེས་རིམ་པར་སྟོན་པ་ནི། རྒྱུ་མི་ཤེས་ན་ཞེས་སོགས་དང༌། དོན་གྱི་རང་བཞིན་ཅེས་སོགས་དང༌། གལ་ཏེ་གཏན་ཚིགས་ཞེས་སོགས་དང༌། གཉིས་པ་ནི། འགལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་རྟགས་ཆོས་གཉིས་ལ་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡོད་དེ། ཚ་རེག་དང་དེའི་གནོད་བྱ་རྒྱུན་དུ་གྱུར་པའི་ནུས་མེད་ཀྱི་གྲངས་རེག་གཉིས་ལ་རྒྱུ་འབྲས་སུ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། ཞེས་འགལ་བའི་ཞེས་སོགས། ཚ་རེག་ཙམ་དང་གནོད་བྱའི་རྒྱུན་དུ་གྱུར་པའི་གྲང་རེག་ནུས་མེད་གཉིས་རྒྱུ་འབྲས་སུ་གྲུབ་པ་ན། ཚ་རེག་སྟོབས་ཆེན་པ་དེ་འབྲས་བུ་ནུས་མེད་ཀྱི་གྲང་རེག་དེའི་ལྷན་ཅིག་བྱེད་རྐྱེན་དུ་གྲུབ་པ་ཡིན་ནོ། །གསུམ་པ་ནི། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་གཙོ་བོ་ནི་ཡོད་པ་མིན་ཏེ། མ་དམིགས་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཡིན་ནམ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡིན། དང་པོ་ལྟར་ན། དེས་གཞི་འགའ་ཞིག་མེད་ངེས་སུ་སྒྲུབ་མི་ནུས་པར་བཤད་པ་དང་འགལ། གཉིས་པ་ལྟར་ན་གཙོ་བོ་ཡོད་དམ་མེད། ཡོད་ན་མེད་པར་སྒྲུབ་པ་མི་འཐད། མེད་ན་ཆོས་ཅན་མེད་པས་གཏན་ཚིགས་ཡང་དག་ཏུ་མི་རུང་ངོ་ཞེ་ན། སློབ་དཔོན་བདག་ཉིད་ཆེན་པོས་མ་དམིགས་པའི་སྦྱོར་བ་དེ་ནི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱི་སྦྱོར་བ་ཡིན་ལ། དེའི་ཡང་བསམ་དོན་སོང་ཚོད་ནི། གཙོ་བོའི་སྒྲ་དོན་ཆོས་ཅན། རྣམ་འགྱུར་ཀུན་གྱི་ཉེར་ལེན་དུ་མེད་དེ་དེར་སྣང་རུང་མ་དམིགས་པའི་ཕྱིར། ཞེས་པ་ཡིན་ལ། དེའི་ཚེ་ན་དེ་ཆོས་ཅན། སྐབས་བབ་གྱི་རྒོལ་བའི་ངོར་དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་གཏན་ཚིགས་ཡང་དག་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་གང་ཞིག གཙོ་བོའི་སྒྲ་དོན་དེ་རྣམ་འགྱུར་ཀུན་གྱི་ཉེར་ལེན་དུ་ཡོད་ན་ཚད་མ་ལ་སྣང་དགོས་པའི་ཕྱིར། ཞེས་པ་ནི་ཐོགས་མེད་ཅེས་སོགས། འདིར་སློབ་དཔོན་བདག་ཉིད་ཆེན་པོའི་རྗེས་སུ་འབྲང་བ་གང་ཞིག གཙོ་བོའི་སྒྲ་དོན་མེད་པར་འདོད་པ་དེ། དེར་འགོག་པ་ནི། སྒྲ་དོན་སྙོན་པ་ཞེས་སོགས། བཞི་པ་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ལ་རྩོད་པ་སྤང་བ་ནི། བསྟན་བཅོས་སྐབས་དང༌། ཞེས་པ་ལ་འཕྲོས་ནས། རིག་བྱེད་པ་ན་རེ། བསྐལ་བ་དང་མ་བསྐལ་བའི་དོན་གང་ཡིན་ཀྱང་རུང་སྟེ། ལུང་ལས་མ་བཤད་ན་མེད་དགོས་ཤིང༌། བཤད་ན་གང་བཤད་པ་དེ་ཁོ་ན་ལྟར་ཡིན་དགོས་ཏེ། ལུང་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར། བྱེ་བྲག་ཏུ་རིག་བྱེད་ལས་བཤད་པ་དེ་ཁོ་ན་ལྟར་ཡིན་དགོས་ཤིང༌། དེ་ལས་མ་བཤད་ན་མེད་དགོས་ཏེ། རིག་བྱེད་ནི་བདེན་པའི་དོན་ཅན་ཡིན་པའི་ཕྱིར་དང༌། ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེ་དགག་པ་ལ་གསུམ་སྟེ། སྤྱིར་ཚིག་ཙམ་གྱིས་བརྗོད་བྱའི་དོན་སྒྲུབ་མི་ནུས་པར་བསྟན། བྱེ་བྲག་ཏུ་སྐྱེས་བུ་ཁྱད་པར་ཅན་གྱི་ཚིག་ལས་བརྗོད་བྱའི་དོན་རྟོགས་ནུས་ཀྱང༌། སྐྱེས་བུ་ཁྱད་པར་ཅན་དེ་ངོ་ཤེས་དཀའ་བར་བསྟན། སྐྱེས་བུས་མ་བྱས་པའི་ཚིག་མི་སྲིད་པར་བསྟན་པའོ། །དང་པོ་ནི། སྒྲ་རྣམས་ཞེས་སོགས། འོ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྒྲ་བྱུང་གི་ཚད་མ་བཞེད་པ་དང་འགལ་ལོ་ཞེ་ན། དེའི་ལན་དུ། དེ་དག་སྨྲས་སོ་ཞེས་སོགས། ཡང་ཇི་སྐད་དུ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་ཕྱོགས་གླང་གིས་བཤད་པ་དང༌། ཚིག་ཙམ་ལས་བརྗོད་བྱའི་དོན་སྒྲུབ་མི་ནུས་པར་འགལ་ལོ། །ཞེ་ན། འདིའི་ལན་ལ། ཡིད་ཆེས་ཚིག་ཅེས་པའི་དོན་བཤད་པ་དང༌། སྤྱི་ལས་རྗེས་སུ་དཔག་པ་ཉིད། །ཅེས་པའི་དོན་བཤད་པ་དང་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི། བརྗོད་བྱའི་དོན་སྒྲུབ་མི་ནུས་པ་དང༌། ཕྱོགས་ཀྱི་གླང་པོས་ཡིད་ཆེས་པའི་ཚིག་ཅེས་པ་དང་མི་འགལ་ཏེ། དེ་སྐད་གསུང་བ་དེའི་དོན་ནི། ལུང་དོན་ལ་དཔྱད་པ་གསུམ་གྱིས་དག་ཟིན་པའི་འོག་ཏུ། ལུང་ཁྱད་པར་གསུམ་ལྡན། ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་འགྱུར་བའི་དབང་དུ་བྱས་པའི་ཕྱིར། ཞེས་སྟོན་པ་ནི། འབྲེལ་པ་དང་ནི་ཅེས་སོགས། གཉིས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་ཏེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། གསུམ་པ་ལ། ཡིད་ཆེས་རྗེས་དཔག་གསུང་བའི་རྒྱུ་མཚན་དང༌། དེ་རྗེས་དཔག་ཡིན་པའི་རྒྱུ་མཚན་ནོ། །དང་པོ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། དཔྱད་གསུམ་གྱིས་དག་པའི་ལུང་དེ་གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་སྒྲུབ་བྱེད་དུ་གསུང་བའི་རྒྱུ་མཚན་ཡོད་དེ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་རྟོགས་པའི་ཐབས་གཅིག་ཡོད། དེ་ལས་གཞན་མེད་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། མཐོང་དང་ཞེས་སོགས་དང༌། ཡིད་ཆེས་ཚིག་ཅེས་སོགས། གཉིས་པ་ནི། སྤྱད་པ་ལས་བདེ་བ་འབྱུང་བར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་ལས་གསུངས་པའི་རྟགས་ཡང་དག་གི་སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བར་གསར་དུ་རྟོགས་པའི་བློ་ཆོས་ཅན། རྗེས་སུ་དཔག་པའི་ཚད་མ་ཡིན་ཏེ། ཚུལ་གསུམ་པ་ཅན་གྱི་རྟགས་ལས་ཤིན་ཏུ་ལྐོག་གྱུར་གསར་དུ་རྟོགས་པའི་བློ་ཡིན་པའི་ཕྱིར། ཞེས་བླང་དང་དོར་བྱའི་ཅེས་སོགས། གཉིས་པ་ནི། སྐྱེས་བུ་ཕུལ་བྱུང་ཞེས་སོགས། དེ་རྟོགས་དཀའ་ཡང་མི་སྲིད་པ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། འགྲིབ་དང་ཞེས་སོགས། གསུམ་པ་སྐྱེས་བུས་མ་བྱས་པའི་ཚིག་མི་སྲིད་པར་བསྟན་པ་ལ། སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་ཡིན་པའི་འགོག །ཕྱོགས་གཅིག་བདེན་པའི་རྟགས་ཀྱིས་རིག་བྱེད་བདེན་པའི་དོན་ཅན་ཡིན་པ་དགག་པའོ། །དང་པོ་ནི། རིག་བྱེད་པ་ན་རེ། རིག་བྱེད་ཆོས་ཅན། བདེན་པའི་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པའི་ཚིག་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཚིག་རྣམས་དོན་རྫུན་པ་སྟོན་པའི་རྒྱུ་ནི་ཉེས་པ་ཆགས་སོགས་ཡིན་ལ། དེ་ཡང་སྐྱེས་བུ་ལ་བརྟེན་པའི་ཕྱིར། ཕྱོགས་ཆོས་གྲུབ་སྟེ། བྱེད་པ་པོ་མི་དྲན་པའི་ཕྱིར་དང་འདོན་པ་སྔ་མ་སྔོན་དུ་མ་སོང་བར་འདོན་མི་ནུས་པའི་ཕྱིར། ཞེས་པའི་ཕྱོགས་སྔ་མ་འཇོག་པ་ནི། ཚིག་རྣམས་ཞེས་སོགས། བྱེད་པ་པོ་རྣམས་ཞེས་སོགས། དེ་སུན་འབྱིན་པ་ལ་གཉིས་ཏེ། བསྒྲུབ་བྱ་སུན་འབྱིན་བརྗོད་པ་དང༌། སྒྲུབ་བྱེད་འཁྲུལ་བར་བསྟན་པའོ། །དང་པོ་ལ་མགོ་མཚུངས་དང༌། ཧ་ཅང་ཐལ་བ་དང༌། རྣམ་པར་བཏགས་ནས་དགག་པ་དང་གསུམ་མོ། །དང་པོ་ནི་ཚིག་རྣམས་ཞེས་སོགས། གཉིས་པ་ནི། དོན་ཤེས་ཞེས་སོགས་དང༌། གསུམ་པ་ལ་རྟག་པ་རྣམ་པ་ལྔ་རིམ་པ་བཞིན་དུ་སྟོན་པ་ནི། འགྲེལ་པ་ནས། འཇུག་པར་འགྱུར་གྱི་བར་རོ། །དེའི་ནང་ནས་རྟག་པ་ལྔ་པ་ནི། རིག་བྱེད་དང་རང་གི་བརྗོད་བྱའི་དོན་ལ་དངོས་པོར་གྲུབ་པའི་འབྲེལ་པ་ཡོད་ན། རིག་བྱེད་ཀྱི་ཡི་གེ་དང་ཡོད་དམ། མིང་ཚིག་དང་ཡོད། དང་པོ་ལྟར་ན། རིག་བྱེད་ཀྱི་མིང་ཚིག་གི་སྲོག་ཏུ་གྱུར་པའི་ཡི་གེ་ཆོས་ཅན། ཁྱོད་དང་རང་གི་བརྗོད་བྱའི་དོན་ལ་འབྲེལ་པ་མེད་པར་ཐལ། ཁྱོད་ཀྱིས་གང་བརྗོད་པར་འདོད་པའི་བརྗོད་བྱའི་དོན་དེ་སྟོན་མི་ནུས་པའི་ཕྱིར། གཉིས་པ་ལྟར་ན། རིག་བྱེད་ཀྱི་མིང་ཚིག་ཆོས་ཅན། ཁྱོད་རང་གི་བརྗོད་བྱའི་དོན་ལ་ངོ་བོ་ཉིད་ཀྱི་འབྲེལ་པ་མེད་དེ། ཁྱོད་རང་གི་ཆ་ཤས་ལ་བཏགས་པའི་བཏགས་ཡོད་ཡིན་པས་དོན་དམ་པའི་དངོས་པོར་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། ཡི་གེ་དོན་མེད་ཅེས་སོགས། གཉིས་པ་ལ་ཕྱོགས་ཆོས་ཀྱི་སྒྲུབ་བྱེད་འཁྲུལ་པར་བསྟན། ཁྱབ་པའི་སྒྲུབ་བྱེད་འཁྲུལ་བར་བསྟན། རིག་བྱེད་སྐྱེས་བུས་བྱས་པའི་སྒྲུབ་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ། རིག་བྱེད་སྐྱེས་བུས་མ་བྱས་པའི་སྒྲུབ་བྱེད་ལ་དངོས་ཀྱི་མ་ངེས་པ་སྟོན་པ་དང༌། བསྒྲུབ་བྱ་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་རྣམ་པར་བརྟགས་ནས་དགག་པ་དང༌། རིག་བྱེད་སྐྱེས་བུས་མ་བྱས་པར་སྒྲུབ་པའི་ཕྱིར་དུ་རིག་བྱེད་རྟག་པར་སྒྲུབ་པའི་སྒྲུབ་བྱེད་འཁྲུལ་བར་བསྟན་པའོ། །དང་པོ་ནི། བྱེད་པ་པོ་རྣམས་ཞེས་སོ། །གཉིས་པ་ལ། ཡི་གེ་སྐྱེས་བུས་མ་བྱས་པ་དང༌། ངག་སྐྱེས་བུས་མ་བྱས་པ་དང༌། ཡི་གེའི་གོ་རིམ་སྐྱེས་བུས་མ་བྱས་པར་དགག་པའོ། །གསུམ་པ་ལ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །གཉིས་པ་ལ། ཡུལ་དུས་ཀྱི་རིམ་པ་དགག གསལ་བའི་རིམ་པ་དགག གཉིས་པ་ལ། བྱེད་པ་ལྕེ་རྐན་གྱི་བསལ་བའི་རིམ་པ་དགག སྒྲིབ་བྱེད་དང་བྲལ་ཙམ་གྱི་བསལ་བའི་རིམ་པ་དགག བློ་ཉན་ཤེས་ལ་བསལ་བའི་རིམ་པ་སྐྱེས་བུས་མ་བྱས་པའི་ངག་ཏུ་འདོད་པ་དང༌། ཡི་གེ་ལས་རྫས་ཐ་དད་དུ་གྱུར་པའི་ཡི་གེའི་གོ་རིམ་དགག་པའོ། །དེ་དག་ནི་རིམ་པ་བཞིན་དུ། ཡི་གེ་རྣམས་གཞན་དང་ཞེས་སོགས་དང༌། ངག་ནི་ཡི་གེ་ཞེས་སོགས་དང༌། གལ་ཏེ་ཡི་གེ་ཞེས་སོགས་དང༌། ཁྱབ་དང་རྟག་པ་ཞེས་སོགས་དང༌། གསལ་བའི་རིམ་པ་ཞེས་སོགས་དང༌། གལ་ཏེ་ཁྱེད་ཀྱི་ཞེས་སོགས་དང༌། བློ་ནི་སྐྱེས་བུས་ཞེས་སོགས། འདིར་རིག་བྱེད་ཀྱི་ཡི་གེ་ཐོས་པའི་བློ་ཉན་ཤེས། །དེ་ཡི་གེའི་གོ་རིམ་དང་དེ་སྐྱེས་བུས་མ་བྱས་པའི་ངག་ཏུ་ཁས་བླངས་པ་ན། ཉན་ཤེས་སྐྱེས་བུ་ལ་མི་བདེན་པར་དམ་བཅས་པར་སོང་བས། སྤྱོད་པ་པས་དེ་ལྟར་དམ་བཅས་པའི་དམ་བཅའ་དེ་ཆོས་ཅན། དམ་བཅའ་ཡང་དག་མིན་ཏེ། ཁྱོད་ལ་རང་དམ་བཅའ་བ་པོ་སྤྱོད་པ་པས་བློ་ལུས་ཀྱི་ཡོན་ཏན་དུ་ཁས་བླངས་དང༌། བློ་ཉན་ཤེས་སྐྱེས་བུ་ལ་བརྟེན་ནས་མཐོང་བའི་སྤྱོད་པ་པས་རང་གི་མངོན་སུམ་དང༌། འཇིག་རྟེན་གྱི་གྲགས་པ་དང༌། ཉན་ཤེས་རང་གི་རྐྱེན་གསུམ་ལས་སྐྱེས་པར་གྲུབ་པའི་གཏན་ཚིགས་ལ་བརྟེན་པའི་རྗེས་སུ་དཔག་པའི་ཚད་མ་རྣམས་ཀྱིས་གནོད་པའི་ཕྱིར་ཞེས་པའོ། །གསུམ་པ་ནི། རིག་བྱེད་རྟག་པར་གྲུབ་ན་སྐྱེས་བུས་མ་བྱས་པར་འགྲུབ་པར་བསམས་ནས། རིག་བྱེད་པ་ན་རེ། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། རྟག་པ་ཡིན་ཏེ། འདིའོ་ཞེས་སྔར་ནས་ངོ་ཤེས་པའི་ཕྱིར་དང༌། སྔར་ནས་ཡོད་ཟིན་པ་ཞིག་ལས་ལ་སྦྱོར་བའི་ཕྱིར་དང༌། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་ཞེས་ཟེར་རོ། །འདི་ལ། རིག་བྱེད་རྟག་པར་སྒྲུབ་པའི་སྒྲུབ་བྱེད་འཁྲུལ་པར་བསྟན་པ་དང༌། རིག་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་བཤད་པའོ། །དང་པོ་ནི། ངོ་ཤེས་པ་དང་ཞེས་སོགས་རྐང་པ་ལྔ་སྟེ། སྐྱེས་བུའི་རྟེན་ཅན་མིན་ཞེས་པའི་འོག་ཏུ་འཐེན་ནས་བཤད་པར་བྱའོ། །གཉིས་པ་ལ། རིག་བྱེད་ཀྱི་སྒྲ་མི་རྟག་པར་སྒྲུབ། དེས་འབྲེལ་པ་རྟག་པར་ཁེགས་པར་བསྟན། དེས་ནུས་པ་རྟག་པ་ཡང་ཁེགས་པར་བརྟན་པའོ། །དང་པོ་ལ་རྟགས་འགོད་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། གང་ཡོད་པ་ཉིད་ཡིན་ན་འཇིག་པས་ཁྱབ། དཔེར་ན་གློག་བཞིན་སྒྲ་ཡང་ཡོད་པ་ཉིད་ཡིན་ནོ། །ཞེས་པ་ནི། ཡོད་ཉིད་ཕྱིར། སྒྲ་ནི་མི་རྟག་ཉིད་ཅེས་པའོ། །གཉིས་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། འཇིག་པ་ཡོད་ཙམ་འབྲེལ་པ་ཅན། ཞེས་པའོ། །གཉིས་པ་ལ་ལྟོས་མེད་ཀྱི་གཏན་ཚིགས་དང་གནོད་པ་ཅན་གྱི་གཏན་ཚིགས་སོ། །དང་པོ་ལ། ཤིང་གི་འཇིག་པ་ཤིང་དང་རྫས་གཞན་ཡིན་པ་དགག རྫས་གཅིག་ཡིན་ན་གྲུབ་ཙམ་ནས་འཇིག་ངེས་སུ་གྲུབ་པ། གཉིས་ཀ་མིན་ན་རྫས་སུ་མ་གྲུབ་པར་ཐལ་བ། དེ་ལ་རྩོད་པ་སྤང་བ་རྣམས་སོ། །རྩོད་པ་སྤང་བ་ལའང༌། དངོས་འགལ་རྫས་གཅིག་ཏུ་ཐལ་བའི་དང༌། དངོས་པོ་རྣམས་མི་འཇིག་པར་ཐལ་བ་དང༌། རང་ལ་མཚུངས་པའི་རྩོད་པ་སྤང་བ་རྣམས་སོ། །དེ་དག་ནི། རིམ་པ་ཇི་ལྟ་བ་བཞིན་དུ། མེ་ལས་ཞེས་སོགས་དང༌། འཇིག་པ་གཞན་ཉིད་ཅེས་སོགས་དང༌། འདི་ལས་ཞེས་པའི་རྐང་པ་གཅིག་དང༌། འཇིག་པ་རྒྱུ་མེད་ཅེས་སོགས་དང༌། མེད་ལས་ཞེས་སོགས་དང༌། མེད་པ་རང་ཉིད་ཅེས་སོགས་དང༌། གནོད་པ་ཅན་གྱི་གཏན་ཚིགས་སོ། །དབང་ཕྱུག་པ་ན་རེ། དངོས་པོ་ལ་གཉིས་ཏེ། སྐྱེ་ལྡན་དང༌། སྐྱེ་ལྡན་མིན་པའོ། །དང་པོ་མི་རྟག་པ་ཡིན་ཀྱང༌། དབང་ཕྱུག་རྟག་པ་ལྟ་བུ་སྐྱེ་ལྡན་མ་ཡིན་པའི་དངོས་པོ་རྟག་ཅེས་ཕྱོགས་སྔ་མ་འཇོག་པ་ནི། ཇི་ལྟར་ཞེས་སོགས། དངོས་པོ་རྣམས་ཆོས་ཅན། རྟག་མི་རྟག་པ་སོ་སོར་ངེས་ཏེ། རྟག་པར་སྐྱེད་བྱེད་ཀྱི་རྒྱུ་མེད་པའི་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ནི། རྒྱུའི་རང་བཞིན་ཅེས་སོགས། འདིར་རྟག་པ་ཆོས་ཅན། དངོས་པོར་མེད་དེ། རང་བཞིན་གྱི་དོན་བྱེད་པའི་ནུས་པས་སྟོང་པའི་ཕྱིར། ཞེས་པ་ནི་ཚད་མ་རྣམ་པར་ངེས་པ་ལས་འབྱུང་ངོ༌། །གཉིས་པ་ནི། དེ་ཕྱིར་ཞེས་སོགས། གསུམ་པ་ནི་སྒྲའི་ནུས་པའང་ཞེས་སོགས། གཉིས་པ་ཁྱབ་པ་འཁྲུལ་བར་བསྟན་པ་ལ། འཁྲུལ་བའི་ཚུལ་དང་འཁྲུལ་བའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ཁྱབ་པ་མ་ངེས་པར་བསྟན་པ་དང༌། འགལ་བར་བསྟན་པ་གཉིས། དང་པོ་ནི། སྐྱེས་བུས་མ་བྱས་ཞེས་སོགས་དང༌། གཉིས་པ་ནི། དེ་ནི་མ་བྱས་ཞེས་སོགས། གཉིས་པ་ནི་རིག་བྱེད་པ་ན་རེ། སྐྱེས་བུས་མ་བྱས་པའི་རྟགས་ཀྱིས་རིག་བྱེད་བདེན་པ་པའི་དོན་ཅན་དུ་སྒྲུབ་པའི་རྗེས་འགྲོ་སངས་རྒྱས་པའི་བློ་ངོར་མ་གྲུབ་ཀྱང༌། ལྡོག་པ་གྲུབ་པ་ཡིན་ཏེ། རྫུན་པའི་ཚིག་ཐམས་ཅད་སྐྱེས་བུས་བྱས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། ཁྱབ་བྱ་འགལ་བ་བདེན་རྫུན་གཉིས་ལ། ཁྱབ་བྱེད་སྐྱེས་བུས་བྱས་པ་གཅིག་མི་འཇུག་པའི་ཕྱིར། ཞེས་ཕྱོགས་སྔ་མ་འཇོག་པ་ནི། གལ་ཏེ་བྱས་ངག་ཅེས་སོགས། འདི་འགོག་པ་ལ་སྐྱེས་བུས་མ་བྱས་པ་དེ་རིག་བྱེད་བདེན་པའི་དོན་ཅན་དུ་སྒྲུབ་པའི་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་མིན་པར་བསྟན། སྤྱིར་ཡང་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་མི་སྲིད་པར་བསྟན་པའོ། །དང་པོ་ནི། མེད་ཕྱིར་ཞེས་སོགས་དང༌། གཉིས་པ་ནི། གལ་ཏེ་རྗེས་འགྲོ་ཞེས་སོགས་ཏེ། འདི་ལ་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་མི་སྲིད་དེ། གཏན་ཚིགས་ཡང་དག་ཡིན་ན་ཚུལ་གསུམ་ཚང་དགོས་པའི་ཕྱིར། ཞེས་སོགས། ཡང་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡང་དག་མི་སྲིད་དེ། སྦྱོར་བ་སྐོར་གཅིག་གི་རྟགས་མི་མཐུན་ཕྱོགས་ལས་ལྡོག་པའི་ཚུལ་གྲུབ་ན། སྦྱོར་བ་སྐོར་གཅིག་གི་གཏན་ཚིགས་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་དགོས་པའི་ཕྱིར། ཞེས་གང་ལ་བསྒྲུབ་བྱའི་ཞེས་སོགས། གསུམ་པ་ལ། རིག་བྱེད་སྐྱེས་བུས་བྱས་པ་ལ་སྒྲུབ་བྱེད་དང༌། མ་བྱས་པ་ལ་གནོད་བྱེད་བརྗོད་པ་གཉིས། དང་པོ་ལ། སྔགས་དང་སྔགས་ཀྱི་གོ་རིམ་སྤྱིར་སྐྱེས་བུས་བྱས་པར་སྒྲུབ། དེ་ཡང་སྐྱེས་བུ་ཁྱད་པར་ཅན་གཅིག་གིས་བྱས་པར་སྒྲུབ། དེས་སྐྱེས་བུ་ཁྱད་པར་ཅན་མི་སྲིད་པའི་ལོག་རྟོག་ཀྱང་ཁེགས་པར་བསྟན་པའོ། །དང་པོ་རིག་བྱེད་ཀྱི་སྔགས་སྐྱེས་བུས་བྱས་པར་སྒྲུབ། རིག་བྱེད་སྔགས་ཀྱི་གོ་རིམ་སྐྱེས་བུས་བྱས་པར་བསྒྲུབ། དང་པོ་ནི། འགའི་ནས། དངོས་པོ་ལ་མིན་གྱི་བར་རོ། །གཉིས་པ་ནི། རིག་བྱེད་ཀྱི་སྔགས་ལས་དོན་གཞན་དུ་གྱུར་པའི་སྔགས་ཀྱི་གོ་རིམ་མེད་ན། ས་ར་ཞེས་བརྗོད་པས་མཚོ་དང༌། ར་ས་ཞེས་བརྗོད་པས་རོ་གོ་བར་མི་འགྱུར་བའི་སྐྱོན་ཡོད་དོ་ཞེ་ན། ཡི་གེས་ས་ར་ཆོས་ཅན། སྐྱེས་བུ་ལ་བརྟེན་པ་ཅན་གྱི་གོ་རིམ་ཡོད་དེ། ཀུན་སློང་ལས་སྐྱེ་བའི་རིམ་པ་དང༌། ཉན་ཤེས་ཀྱི་ཐོས་པའི་རིམ་པ་དང༌། དྲན་ཤེས་ཀྱི་དྲན་པའི་རིམ་པ་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡི་གེ་ས་ཀུན་སློང་གི་ཤེས་པ་ལས་ས་དང་སའི་སྲོག་ཡིག་ཏུ་གྱུར་པའི་ཨ་ཀུན་སློང་གི་ཤེས་པ་སྐྱེ། དེ་ལས་སྒྲའི་བདག་ཉིད་དུ་གྱུར་པའི་ཨ་སྐྱེ་བའི་ཕྱིར་དང༌། དེའི་རྗེས་སུ་རྗེས་དཔག་ཀུན་སློང་གི་ཤེས་པ་སྐྱེ། དེ་ནས་ར་ཀུན་སློང་གི་ཤེས་པ་ལས་ར་ས་རའི་སྲོག་ཡིག་ཏུ་གྱུར་པའི་ཨ་ཀུན་སློང་གི་ཤེས་པ་སྐྱེ། དེ་ལས་སྒྲའི་བདག་ཉིད་དུ་གྱུར་པའི་ཨ་སྐྱེ་བའི་ཕྱིར། གཉིས་པ་ཡོད་དེ། ཡི་གེ་ས་ར་ཞེས་བརྗོད་པའི་ཚེ་སྲོག་ཡིག་གཉིས་པོ་ཉན་ཤེས་ཀྱི་རིམ་ཅན་དུ་ཐོས་པའི་ཕྱིར། གསུམ་པའང་ཡོད་དེ། དེ་སྐད་བརྗོད་པའི་ཚེ། དབྱངས་གསལ་གྱི་ཡི་གེ་ལྔ་པོ་དེ་དྲན་ཤེས་ཀྱིས་རིམ་ཅན་དུ་དྲན་པའི་ཕྱིར། དེ་ལྟར་ན་ཡི་གེའི་རིམ་སྐྱེས་བུས་བྱས་པའི་ཕྱིར། གཉིས་པོ་དེ་བརྗོད་བྱའི་དོན་སོ་སོ་ལ་འཇུག་པ་ཡིན་ནོ་ཞེས་རིམ་པར་སྟོན་པ་ནི། གལ་ཏེ་གོ་རིམ་ཞེས་དང༌། དེ་ནི་སྐྱེས་བུའི་ཞེས་སོགས་དང༌། དེ་ནི་རྒྱུ་དང་ཞེས་སོགས་སོ། །གཉིས་པ་ནི། ཤེས་མཐུ་དག་གི་ཞེས་སོགས། གསུམ་པ་ལ། སྔར་བཤད་པའི་རིགས་པས་དགག རིགས་པ་གཞན་གྱིས་དགག དང་པོ་ནི། སྐྱེས་བུ་ནུས་མེད་ཅེས་སོགས། གཉིས་པ་ནི། བློ་དབང་ཞེས་སོགས། གཉིས་པ་ལ། སྐྱེས་བུ་ཁྱད་པར་ཅན་མེད་ན་རིག་བྱེད་དོན་དེས་མི་རྟོགས་པར་ཐལ་བ། དེ་མེད་ཀྱང་དེ་རྟོགས་པའི་ལན་དགག་པའོ། །དང་པོ་ནི། སྒྲ་ནི་ནས། ཚད་མ་གང་གི་བར་རོ། །གཉིས་པ་ནི། འཇིག་རྟེན་ཚིག་རབ་ནས། བསམ་མི་འགྱུར་གྱི་བར་རོ། །གཉིས་པ་ཕྱོགས་གཅིག་བདེན་པའི་རྟགས་ཀྱི་རིག་བྱེད་བདེན་པའི་དོན་ཅན་ཡིན་པ་དགག་པ་ལ། ཕྱོགས་སྔ་མ་ནི། གང་ཕྱིར་ཞེས་སོགས། དེ་དགག་པ་ལ། སྒྲུབ་བྱེད་འཁྲུལ་པར་བསྟན་པ་དང༌། བསྒྲུབ་བྱ་ཁས་ལེན་པ་པོ་བླུན་པར་བསྟན་པ། སྒྲུབ་བྱེད་ལ་དངོས་སྐྱོན་བརྗོད་པའོ། །དེ་དག་ནི་རིམ་པ་བཞིན་དུ་ར་ལ་ཞེས་སོགས་དང༌། སྐྱེས་བུ་རྟག་པ་ཞེས་སོགས་དང༌། གལ་ཏེ་དེ་ལྟར་ཞེས་སོགས། སྒྲ་རྣམས་དངོས་དང་ཞེས་པ་ལན་གྱི་དོན་བསྡུ་བ་ནི། རྗོད་བྱེད་ཀྱི་སྒྲ་དོན་ལ་འབྲེལ་པ་མེད་དེ། འབྲེལ་པ་གཉིས་གང་རུང་མེད་པའི་ཕྱིར། ཞེས་བརྗོད་པ་པོ་ལ་ཞེས་སོགས། ཅི་སྟེ་དེ་ལ་དེ་ཡོད་དེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔོན་སོང་ཡིན་པའི་ཕྱིར། ཞེ་ན། འོ་ན་འགལ་བ་ལ་མ་གྲུབ་པའི་ཚད་མ་ཡོད་པར་ཐལ་ལོ། །ཞེས་རྗོད་བྱེད་རྣམས་ཀྱི་ཞེས་སོགས་སོ། །དེས་ན་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་གསུམ་གྱིས་རྣམ་དབྱེ་བྱེད་པའི་ཚེ། ལུང་ཉིད་རྟགས་སུ་བཀོད་པའི་འབྲས་བུའི་གཏན་ཚིགས་དང༌། ལུང་གིས་མ་དམིགས་པ་རྟགས་སུ་བཀོད་པའི་མ་དམིགས་པའི་གཏན་ཚིགས་མི་རུང་སྟེ། ལུང་དང་རང་གི་བརྗོད་བྱའི་དོན་གྱི་འབྲེལ་པ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མ་གྲུབ་པའི་ཕྱིར། ཞེས་སྟོན་པ་ནི། དེས་ན་ལུང་དང་ཞེས་སོགས། གཞལ་བྱའི་གནས་དང་པོ་གཉིས་ལ། དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་དཔྱད་པ་རྣམ་པར་དག་ནས་ཤིན་ལྐོག་ལ་འཕོ་བའི་ཚེ། དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། མདོ་བརྒྱད་སྟོང་པ་ལྟ་བུ་རང་གི་བསྟན་བྱའི་དོན་རྟོགས་པའི་ཚིག་སྔ་མ་སྔོན་སོང་དུ་རྟོགས་པའི་རྗེ་དཔག་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་དང༌། དེའི་བསྟན་དོན་ཤིན་ཏུ་ལྐོག་གྱུར་གཉིས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་ཡིན་པར་འོག་ལེའུ་བཞི་པ་ནས་བཤད་དོ། །ཕྱོགས་ཆོས་འཕྲོས་དོན་དང་བཅས་པ་གཞན་དོན་ནས་འབྱུང༌། རང་དོན་འདིར་ཟློག་པ་ཁྱད་པར་ཅན་བསྒྲུབ་པས། འབྲེལ་པ་ངེས་བྱེད་ཀྱིས་རྒྱས་པར་བཤད། མ་མཐོང་ཙམ་གྱིས་བཟློག་གྲུབ་པ། །བཀག་པས་བཟློག་ཀྱང་འདོད་པ་ཁེགས། །དེ་ལས་བཟློག་པ་ཁྱད་པར་ཅན། །གྲུབ་ཕྱིར་རྗེས་འགྲོ་དཔྱད་མི་དགོས། །སྒྲ་རྟོག་སེལ་འཇུག་མ་ཤེས་ན། །ལྡོག་པ་ཐ་དད་མི་ཤེས་པས། །བདག་གཅིག་འབྲེལ་པའི་སྒྲུབ་བྱེད་དུ། །གཞན་སེལ་རྣམ་གཞག་རྒྱས་པར་བཤད། །ཅེས་བསྡུ་བའི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ། །རང་དོན་ལེའུའི་དཀའ་བའི་གནས་རྣམས་ནི། །རང་བཟོ་མཁན་པོའི་རྗེས་སུ་འབྲང་མིན་པར། །རང་གི་བརྒྱུད་པའི་བཤད་སྲོལ་ཇི་བཞིན་དུ། །རང་གཞུང་ཚུགས་པར་བཤད་འདི་བསྟན་པའི་རྒྱན། །ཞེས་བྱ་བ་འདིས་ནི་རང་དོན་རྗེས་སུ་དཔག་པའི་ལེའུ་ཡི་སྔ་ཕྱིའི་འབྲེལ་པ་དང༌། གཞུང་སོ་སོའི་ངག་དོན་ཟུར་ཕྱིན་པར་བཤད་པ་ཡིན་ནོ།།  །།ཁྱོད་ཀྱི་སྙན་གྲགས་ངང་པའི་སྡེ་དཔོན་ནི། །ལྷ་བརྒྱའི་འགྲམ་པའི་ཆུ་གཏེར་དབུས་ན་རྩེ། །ཉིད་ཀྱི་ཕྲིན་ལས་ནོར་བུའི་སིལ་ཡབ་ཀྱང༌། །ཀུན་གྱི་སྤྱི་བོས་ལེན་དེར་ཕྱག་བགྱིའོ། །དེ་ལྟར་གཞལ་བྱའི་གནས་གསུམ་ལས། ཚུ་རོལ་མཐོང་བས་མངོན་གསུམ་གྱིས་གྲུབ་པ་རྣམས་ནི། ཇི་ལྟར་གྲུབ་པ་དེ་ཁོ་ན་ལྟར་ཁས་ལེན་གྱི། དེ་ལ་སྙོན་པ་སུ་ཡང་མེད་པས། མེ་ཚ་བ་དང་ཆུ་བཤེར་བ་ལ་སོགས་པའི་སྒྲུབ་བྱེད་བསྟན་བཅོས་སུ་དཔྱད་པར་བྱ་བ་མ་ཡིན་ལ། གནས་གཉིས་པ་ཅུང་ཟད་ཀློག་ཏུ་གྱུར་པ་དེ་ཚུ་རོལ་མཐོང་བ་རྣམས་ཀྱིས་རྟོགས་པའི་ཐབས་བླ་ན་མེད་པ་ནི། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་ཁོ་ན་ཡིན་པས། དེ་ཕྱིན་ཅི་མ་ལོག་པར་བཤད་ཟིན་པས། ད་ནི་གནས་གསུམ་པ་ཤིན་ཏུ་ལྐོག་གྱུར་རྟོག་དཔྱོད་འཕོ་བ་ནི། ཡིད་ཆེས་པའི་རྗེས་སུ་དཔག་པའི་ལེའུ་འདིར་བཤད་པར་བྱའོ། །དེ་བསྒྲུབ་པར་བྱེད་པའི་ཡིད་ཆེས་པའི་གཏན་ཚིགས་དེ་ཅི་ཞེ་ན། དེ་ལ་བདག་ཉིད་ཆེན་པོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ཏེ། །ཞེས་གསུངས་སོ། །དེ་ལས་ཀྱང་ཚད་མར་གྱུར་པ་ཞེས་བཤད་པས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དེ་ངོས་བཟུང་ནས། ཚིག་ཕྱི་མ་རྣམས་ཀྱིས་དེ་བསྒྲུབ་པའི་ཡིད་ཆེས་པའི་གཏན་ཚིགས་བསྟན་པ་ཡིན་ནོ། །གཏན་ཚིགས་ཀྱང་རྣམ་པ་གཉིས་མཐོང་སྟེ། ལུགས་འབྱུང་ལྟར་བཤད་ན། རང་བཞིན་གྱི་གཏན་ཚིགས་དང༌། ལུགས་བཟློག་ལྟར་བཤད་ན། འབྲས་བུའི་གཏན་ཚིགས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་བཤད་ཚུལ་རྣམ་པ་གཉིས་མཛད་པ་ལ་དགོས་པ་རྣམ་པ་གཉིས་མཐོང་སྟེ། བཤད་ཚུལ་དང་པོ་ནི། ཐམས་ཅད་མཁྱེན་པ་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་ཐབས་མེད་པར་འཛིན་པའི་ལོག་རྟོག་སེལ་ལ། བཤད་ཚུལ་གཉིས་པས་ནི། ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་ཐབས་ཡོད་ཀྱང་དེ་ལ་ནན་ཏན་བྱེད་པ་མེད་པར་འདོད་པའི་ལོག་པར་རྟོག་པ་བསལ་བ་ཡིན་ནོ། །ཡང་ན་ནི། སྔ་མས་སྐྱེད་བྱེད་ཀྱི་རྒྱུ་མེད་པར་འདོད་པའི་ལོག་རྟོག་དང༌། ཕྱི་མས་ཤེས་བྱེད་ཀྱི་རྗེས་སུ་དཔག་པ་མེད་པར་འཛིན་པའི་ལོག་རྟོག་བསལ་བ་ཡིན་ནོ། །དེ་ལས་བཤད་ཚུལ་དང་པོར་ནི། ཚད་མར་གྱུར་པ་ཞེས་པས་དམ་བཅའ་བཞག་ནས་ཕྱི་མ་རྣམས་ཀྱིས་དེ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ཡིན་ལ། བཤད་ཚུལ་གཉིས་པར་ནི། སྒྲུབ་བྱེད་ཀྱི་རིགས་པ་སྔར་བཤད་ནས། ཚད་མར་གྱུར་པ་ཞེས་གྲུབ་པའི་དོན་དུ་གསུངས་སོ། །བཤད་ཚུལ་དང་པོ་ལ། རྩ་བའི་སྦྱོར་བ་ནི། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་དེས་ཆོས་ཅན། ཚད་མའི་སྐྱེས་བུ་ཉིད་ཡིན་ཏེ། བདེ་བར་གཤེགས་པ་དང་སྐྱོབ་པ་ཉིད་ཡིན་པའི་ཕྱིར། དཔེར་ན་མི་བསླུ་བ་དང༌། མ་ཤེས་དོན་གསལ་གཉིས་ཚོགས་ཀྱི་རིག་པ་ཚད་མར་འཇོག་པ་བཞིན་ནོ། །ཞེས་པ་ནི། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པའི་གཞུང་གིས་བསྟན་ནོ། །དེ་ལ་ཁྱབ་པ་དཔེའི་སྟེང་དུ་སྒྲུབ་པ་ནི། ཚད་མ་བསླུ་མེད་ཅེས་སོགས་ཡིན་ལ། ཕྱོགས་ཆོས་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་སྟེ། སྟོན་པ་ཐུབ་པའི་དབང་པོ་འདི་དང་རྒྱུད་གཅིག་ཏུ་གྱུར་པའི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེའི་རྒྱུད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཆོས་ཅན། བསྐལ་བ་དུ་མར་གོམས་པ་ལས་མཐའ་མེད་དུ་འཕེལ་དུ་རུང་བ་ཡིན་ཏེ། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས། གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན། ཤིང་སྐམ་པོ་ལ་མེ་ཐོགས་མེད་དུ་འབར་བ་དང༌། གསེར་ལ་དངུལ་ཆུ་ཐོགས་མེད་དུ་འགྲོ་བ་བཞིན་ནོ། །ཞེས་བསྒྲུབས་ནས། རང་རྒྱུད་ཐུགས་རྗེ་ཆེན་པོའི་ངང་ཚུལ་ཅན་གྱི་བྱང་སེམས་མཐོང་ལམ་པ་ཆོས་ཅན། གཞན་རྒྱུད་ཀྱི་སྡུག་བསྔལ་ཞི་བའི་དོན་དུ། བདག་མེད་མངོན་སུམ་དུ་མཐོང་ཟིན་རྒྱུད་ལྡན་དུ་གོམས་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འབྱུང་དུ་རུང་སྟེ། རང་རྒྱུད་བརྩེ་བ་ཆེན་པོའི་ངང་ཚུལ་ཅན་དུ་གྱུར་པའི་བྱང་སེམས་ཡིན་པའི་ཕྱིར། ཞེས་སྒྲུབ་པར་བྱེད་དོ། །འདིར་དེ་ལྟ་བུའི་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་དེ་འབྲས་དུས་ཀྱི་སྟོན་པ་དེའི་རྒྱུ་ཡིན་པའི་ཕྱིར། འདི་ལའང་སློབ་དཔོན་བདག་ཉིད་ཆེན་པོས་སྟོན་པ་ཞེས་བཤད་དོ། །དེ་ལྟར་གྲུབ་པ་ན། རང་རེའི་སྟོན་པ་དང་རྒྱུད་གཅིག་ཏུ་གྱུར་པའི་བྱང་སེམས་ས་བཅུ་པ་བ་ཆོས་ཅན། སྤངས་པ་ཁྱད་པར་གསུམ་ལྡན་རང་རྒྱུད་ལ་འབྱུང་དུ་རུང་སྟེ། རྒྱུ་དུས་ཀྱི་སྟོན་པ་ཐུགས་རྒྱུད་ལ་འཁྲུངས་པ་དེའི་ཕྱིར། དེ་ཆོས་ཅན། རང་གིས་ཇི་ལྟར་གཟིགས་པ་བཞིན་གཞན་ལ་འདོམས་པར་མཛད་པའི་སྐྱོབ་པ་ཉིད་རང་རྒྱུད་ལ་འབྱུང་དུ་རུང་བ་ཡིན་ཏེ། ཕན་བཞེད་པ་ཐུགས་རྒྱུད་ལ་འཁྲུངས་པའི་ཕྱིར་ཞེས་ལྡོག་ཆ་སོ་སོར་ཕྱེ་ཡང་རུང༌། ཡང་ན་དེ་ཆོས་ཅན། རང་རྒྱུ་དོན་གཉིས་ཕུན་ཚོགས་རང་རྒྱུད་ལ་འབྱུང་དུ་རུང་སྟེ། རྒྱུ་བསམ་སྦྱོར་ཕུན་ཚོགས་ཐུགས་རྒྱུད་ལ་འཁྲུངས་པའི་ཕྱིར། དཔེར་ན་ནས་མྱུག་གི་རྒྱུ་ཚོགས་གྲངས་ཚང་བའི་གཞིར། ནས་མྱུག་འབྱུང་དུ་རུང་བ་བཞིན་ནོ། །ཞེས་ཚུལ་གསུམ་བསྒྲུབས་ནས་གཏན་ཚིགས་ནི་འདི་ལྟར་འགོད་དེ། གང་རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་ཚོགས་རང་རྒྱུད་ལ་འཁྲུངས་པ་དེ་ཡིན་ན། ཚད་མ་ཡིན་པས་ཁྱབ། དཔེར་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཚོགས་ཀྱི་རིག་པ་བཞིན། ཁོ་བོ་ཅག་གི་སྟོན་པ་ཡང་དེ་ཡིན་ནོ་ཞེས་སྟོན་པ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ནི་དེ་ཕྱིར་ཚད་ཡིན་ཞེས་པའི་གཞུང་གིས་སྟོན་པ་ཡིན་ནོ། །འདིར་སྟོན་པ་ཚད་མའི་སྐྱེས་བུ་ཡིན་གྱི། ཚད་མ་མིན་ནོ་སྙམ་དུ་དོགས་པ་མི་བྱ་སྟེ། ཚད་མར་གྱུར་པ་ཞེས་དང༌། འདིར་ཡང༌། གང་དེ་ཚད་མ་ཉིད་འདོད་ཀྱི། ཞེས་དང༌། ཚད་ཡིན་ཞེས་དང༌། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཡེ་ཤེས་ཀྱི་ངོ་བོར་ཁས་ལེན་དགོས་པ་རྣམ་པར་རིག་པ་ཙམ་གྱི་གཞུང་རྒྱ་མཚོ་ལྟ་བུ་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །བཤད་ཚུལ་གཉིས་པ་འབྲས་བུའི་རྟགས་སུ་འགྲོ་ཚུལ་ནི་འདི་ཡིན་ཏེ། ཁོ་བོ་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་ཆོས་ཅན། སྐྱོབ་པ་ཉིད་ཡིན་ཏེ། བདེན་པ་བཞི་རང་གིས་ཕྱིན་ཅི་མ་ལོག་པར་རྟོགས་ནས། གཞན་ལ་ཇི་ལྟ་བ་བཞིན་དུ་འདོམས་པར་མཛད་པའི་ཕྱིར། ཞེས་ཐོག་མར་རང་བཞིན་གྱི་རྟགས་ཀྱིས་ཕྱོགས་ཆོས་དང་པོ་བསྒྲུབས་ནས། ད་བཟོད་འབྲས་བུའི་གཏན་ཚིགས་འགོད་པར་བྱ་སྟེ། དེ་ཆོས་ཅན། མཁྱེན་པ་ཁྱད་པར་གསུམ་ལྡན་སྔོན་དུ་སོང་བ་ཡིན་ཏེ། སྐྱོབ་པ་ཉིད་ཡིན་པའི་ཕྱིར། ཞེས་བསྒྲུབས་ནས། ཡང་དེ་ཆོས་ཅན། རྒྱུ་དུས་ཀྱི་སྟོན་པ་སྔོན་དུ་སོང་བ་ཡིན་ཏེ། བདེ་བར་གཤེགས་པ་ཉིད་ཡིན་པའི་ཕྱིར། ཞེས་བསྒྲུབས་ནས། རྒྱུ་དུས་ཀྱི་སྟོན་པ་རྒྱུད་ལ་ལྡན་པའི་བྱང་སེམས་སློབ་པ་དེ་ཆོས་ཅན། ཕན་བཞེད་པ་སྔོན་དུ་སོང་བ་ཡིན་ཏེ། གཞན་གྱི་དོན་དུ་ལམ་ཉམས་སུ་ལེན་པ་ལ་སྦྱོར་བ་བྱེད་བཞིན་པ་ཡིན་པའི་ཕྱིར། དེ་ལྟར་ཕྱོགས་ཆོས་གྲུབ་ནས། རྩ་བའི་གཏན་ཚིགས་སྔ་མ་བཞིན་དུ་འགོད་པར་བྱའོ། །དོན་གྱི་སྐབས་འདིར། བདེ་བར་གཤེགས་པས་ནི་མ་ཤེས་དོན་གསལ་གྱི་དོན་ཚང་བར་བསྟན་པ་ཡིན་ལ། སྐྱོབ་པ་ཉིད་ཀྱིས་ནི་མི་བསླུ་བའི་དོན་བསྟན་པ་ཡིན་ལ། འདི་ལ་ཁ་ཅིག གཏན་ཚིགས་འདི་དག་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡིན་པའི་ཕྱིར། ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་བསྒྲུབས་པ་ཡིན་ནོ། །ཞེས་ཟེར་བ་དེ་ནི་མི་བདེན་ཏེ། འདིའི་རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་དེ་དག་ནི། སྒྲུབ་བྱེད་ལུང་ཁོ་ན་ལ་རག་ལས་པ་ཡིན་ལ། དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ། ལུང་སྒྲུབ་བྱེད་དུ་འཇུག་པ་ནི་རིགས་པ་མཁྱེན་པའི་གཞུང་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གཞན་ཡང་འདི་ཡིད་ཆེས་པའི་གཏན་ཚིགས་ཀྱིས་བསྒྲུབས་པས་ཆོག་མོད། དེས་མ་གྲུབ་ཅི་ཞིག་ཡོད། འོན་ཀྱང་སངས་རྒྱས་པའི་ལུང་མི་ཤེས་ཤིང་ཁས་མི་ལེན་པའི་ངོར་དེས་དེ་སྒྲུབ་པ་མ་ཡིན་ནོ་སྙམ་ན། དེའི་ངོར་ནི། རྩོད་གཞིའི་ཆོས་ཅན་ཉིད་ཀྱང་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པས། ལུང་ལ་མ་ལྟོས་པས་མི་གྲུབ་པའི་ཕྱིར། དེ་ལུང་ལ་མི་ལྟོས་ན་ནི། ལུང་ལ་ལྟོས་པའི་ཤིན་ཏུ་ལྐོག་གྱུར་འགའ་ཡང་མེད་པར་འགྱུར་རོ། །འདོད་པ་དེའི་ཚེ་ནི། གནས་གསུམ་པར་ནི་འཕོ་བ་ན། །བསྟན་འཆོས་ལེན་པར་རིགས་ལྡན་ཡིན། །ཞེས་ཇི་སྐད་དུ་གསུངས་པ་རྣམས་དང་འགལ་བར་འགྱུར་རོ། །འོ་ན་དེ་དག་གི་འབྲེལ་པ་ལུང་གིས་སྒྲུབ་ཚུལ་ཇི་ལྟར་ཞེ་ན། འདི་ལྟར། སྐྱོབ་ལས་དེ་ཉིད་དང་བསྟན་དང༌། །ཞེས་སོགས་དང༌། བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་སོགས་ཀྱི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་ལས་བརྟེན་པའི་རྗེས་དཔག་གིས་འགྲུབ་པ་ཡིན་ནོ། །གཏན་ཚིགས་འདི་ནི། དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་ཡིན་ལ། དེ་ཙམ་གྱི་རྩ་བའི་གཏན་ཚིགས་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་གཏན་ཚིགས་སུ་འཇོག་ན། ཡིད་ཆེས་པའི་གཏན་ཚིགས་མི་རྙེད་པ་དང༌། དངོས་སྟོབས་ཡུལ་ལ་དཔྱད་པས་དག་པའི་རྗེས་སུ་ལུང་སྒྲུབ་བྱེད་དུ་ཁས་ལེན་ཞེས་པ་ལ་གོ་བ་མི་རྙེད་པར་འགྱུར་རོ། །གཞུང་འདིས་ཚད་མ་ཡིན་ན་འཇུག་ཡུལ་ལ་གསར་དུ་མི་སླུ་བ་དགོས་པར་བསྟན་ལ། དེ་གཞལ་བྱ་གསར་དུ་རྟོགས་པ་ལ་རག་ལས་པའི་ཕྱིར། ཚད་མ་ལ་གཞལ་བྱ་གསར་རྟོགས་དགོས་པའང་གཞུང་འདིས་མཚོན་ནོ། །འདི་ནི་རེ་ཞིག་སྤྱིའི་དོན་ཏོ། །གཞུང་གི་དོན་ལ། ཕྱེད་སྔ་མ་མཆོད་བརྗོད་ཀྱི་དོན་བཤད་པའི་སྒོ་ནས། རང་གི་སྟོན་པ་ལ་ཚད་མར་གྱུར་པའི་སྒོ་ནས་བསྟོད་པའི་དགོངས་པ་བཤད། ཕྱེད་ཕྱི་མ་རྩོམ་པར་དམ་བཅའ་ཡི་དགོངས་པ་བཤད་པའི་སྒོ་ནས་དེ་ལ་དེས་བསྟོད་པའི་དགོས་པ་བཤད་པའོ། །དང་པོ་ལ། དཔེའི་སྒོ་ནས་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ། དེ་སྒྲུབ་བྱེད་ཀྱི་ཐབས་ལ་ལྟོས་པར་བསྟན། ཚད་མའི་སྐྱེས་བུ་མི་སྲིད་པའི་ལོག་རྟོག་དགག་པའོ། །དང་པོ་ལ། དཔེ་སྒྲུབ་པ་དང་དོན་ལ་སྦྱར་བ་གཉིས། དང་པོ་ལ། དཔེའི་ཚད་མ་ལ་མི་བསླུ་བ་དགོས་པར་བསྟན། མ་ཤེས་དོན་གསལ་དགོས་པར་བསྟན། དང་པོ་ལ། མཚན་ཉིད་ངོས་བཟུང་ནས་དེ་ལ་མཚན་ཉིད་ཀྱི་སྐྱོན་གསུམ་སྤང་བ། མཚན་ཉིད་དེ་དང་མཚོན་བྱའི་ཐ་སྙད་མཚན་གཞིའི་སྟེང་དུ་ངེས་བྱེད་ཀྱི་ཚད་མ་བཤད་པའོ། །དང་པོ་ནི། དོན་དེ་གསར་དུ་བཅད་ཅིང་བཅད་པ་ལྟར་གྱི་དོན་དེ་ལ་བསླུ་བ་མེད་པ་ཅན་གྱི་ཤེས་པ་དེ། དོན་དེ་ལ་ཚད་མ་ཡིན་པའི་མཚན་ཉིད་དོ། །ཡང་ན་གསར་དུ་མི་བསླུ་བའི་རིག་པ་ཆོས་ཅན། ཚད་མའི་མཚན་ཉིད་ཡིན་ཏེ། དེའི་དངོས་འགལ་གཅོད་པའི་དོན་ལྡོག་ཡིན་པའི་ཕྱིར། མི་བསླུ་བའི་དོན་ནི། སྔོན་འཛིན་མངོན་སུམ་དང་ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། མི་བསླུ་བ་ཡིན་ཏེ། རང་གི་འཇུག་ཡུལ་གྱི་གཙོ་བོ་དེ་དོན་བྱེད་ནུས་པར་གནས་པའི་ཕྱིར། ཞེས་སྟོན་པ་ནི། དོན་བྱེད་ཅེས་སོགས། གཉིས་པ་ནི། དེ་ཆོས་ཅན། ཁྱོད་རང་གི་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ལ་མི་བསླུ་བ་ཡིན་ཏེ། ཁྱོད་དངོས་པོའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ལ་བརྟེན་པའི་ཚད་མ་ཡིན་པའི་ཕྱིར། མཚན་ཉིད་དེས་སྒྲ་བྱུང་གི་ཚད་མ་ལ་མ་ཁྱབ་བོ་ཞེ་ན། གནས་སྐབས་ལྔ་བྲལ་གྱི་ཕྱོགས་ཚིག་ཡིན་པའི་རྟགས་ཀྱིས་ལྷས་བྱིན་གྱིས་སྨྲས་པའི་གནས་སྐབས་ལྔ་བྲལ་གྱི་བུམ་པ་མི་རྟག་ཅེས་པའི་ཚིག་རང་རྒྱུ་ཀུན་སློང་གི་བསམས་པ་སྔོན་སོང་དུ་གསར་དུ་རྟོགས་པའི་བློ་ཆོས་ཅན། མི་བསླུ་བ་ཡིན་ཏེ། མངོན་པར་འདོད་པའི་འཇུག་ཡུལ་སྟོན་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། ཞེས་སྒྲ་ལས་ཞེས་སོགས། བུམ་པ་མི་རྟག་ཅེས་པའི་ཚིག་སྨྲས་པའི་རྟགས་ལས། མདུན་གྱི་གཞི་འདིར་བུམ་པ་མི་རྟག་པར་ངེས་པའི་བློ་ཆོས་ཅན། ཚད་མ་མིན་ཏེ། མངོན་སུམ་མིན་ཅིང་ཁྱོད་ཀྱི་རྟེན་གཏན་ཚིགས་མེད་པའི་ཕྱིར། ཞེས་དོན་གྱི་དེ་ཉིད་ཅེས་པའོ། །མཚན་ཉིད་བཅད་ཤེས་ལ་ཁྱབ་ཆེས་སོ་ཞེ་ན། ཀུན་རྫོབ་པའི་བློ་བཅད་ཤེས་ཆོས་ཅན། མི་བསླུ་བའི་རིག་པ་ཡིན་པའི་རྒྱུ་མཚན་གྱིས་ཚད་མར་ཐལ་བ་མིན་ཏེ། རང་གི་དངོས་ཀྱི་ཉེར་ལེན་དུ་གྱུར་པའི་ཚད་མ་སྔ་མས་བཟུང་ཟིན་འཛིན་པའི་བློ་ཀུན་རྫོབ་པ་ཡིན་པའི་ཕྱིར། ཞེས་བཟུང་བ་ཞེས་སོགས། གཞུང་འདིས་ཚད་མ་ཡིན་ན་འཇུག་ཡུལ་ལ་གསར་དུ་མི་བསླུ་བ་དགོས་པར་བསྟན་ལ། དེ་གཞལ་བྱ་གསར་དུ་རྟོགས་པ་ལ་རག་ལས་པའི་ཕྱིར། ཚད་མ་ལ་གཞལ་བྱ་གསར་རྟོགས་དགོས་པའང་གཞུང་འདིས་མཚོན་ནོ། །འདིར་ཀུན་རྫོབ་ཅེས་པས་དོན་དམ་པའི་ཚད་མ་འགའ་ཞིག་བཟུང་ཟིན་འཛིན་ཀྱང་ཚད་མར་སྟོན་ནོ། །ཡང་མཚན་ཉིད་དེས་མཚན་གཞི་དབང་པོ་གཟུགས་ཅན་པ་དང༌། དཔེ་དང་ལུང་དང་སྐྱེས་བུ་སོགས་ལ་མི་སྲིད་ཅེ་ན། ཚད་མ་ཡིན་ན་བློ་ཉིད་ཡིན་དགོས་ཏེ། ཆོད་པ་དང་མ་ཆོད་པའི་ཚད་འབྲས་གཉིས་པོ་གང་རུང་སྒྲུབ་བྱེད་ཀྱི་ཚད་མ་ཡིན་ན་རིག་པ་ཡིན་དགོས་པའི་ཕྱིར། ཞེས་པ་ནི། བློ་ནི་ཚད་མ་ཉིད་ཅེས་སོགས། །གསུམ་པ་ནི། འོ་ན་གསར་དུ་བསླུ་བ་མེད་པ་ཅན་གྱི་རིག་པ་དེ་དང༌། མཚོན་བྱ་ཚད་མའི་ཐ་སྙད་མཚན་གཞི་མངོན་རྗེས་གཉིས་ཀྱི་སྟེང་དུ་ངེས་བྱེད་ཀྱི་ཚད་མ་དེ་གང་ཡིན་ཞེ་ན། འདི་ལ་གསུམ་སྟེ། རྐང་པ་དང་པོས་རིག་པ་ངེས་བྱེད་ཀྱི་ཚད་མ་བཤད། རྐང་པ་གཉིས་པས། མི་བསླུ་བར་ངེས་བྱེད་ཀྱི་ཚད་མ་བཤད། རྐང་པ་གསུམ་པས། མཚོན་བྱ་ཚད་མའི་ཐ་སྙད་ངེས་བྱེད་ཀྱི་ཚད་མ་བཤད། དང་པོ་ནི། ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་ལ་སོགས་ཚད་མ་རྣམས་ཆོས་ཅན། རང་གི་ངོ་བོ་རིག་ཅིང་གསལ་ཙམ་དེ་ཐ་སྙད་ཀྱིས་ངེས་དགོས་པ་ཡིན་ཏེ། རང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་དེ་རྟོགས་པའི་ཕྱིར། འོ་ན་རང་གི་གཞལ་བྱ་ལ་མི་བསླུ་ཡང་དེས་རྟོག་སམ་ཞེ་ན། གཉིས་པ་ནི། དེ་རྣམས་ཆོས་ཅན། རང་ཉིད་རང་གི་གཞལ་བྱ་ལ་མི་བསླུ་བར་རང་གིས་རྟོགས་པས་མ་ཁྱབ་སྟེ། དེར་ཐ་སྙད་ལས་རྟོགས་དགོས་པ་གཅིག་ཀྱང་ཡོད་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། རང་ལས་དང༌། ཐ་སྙད་ལས་མི་བསླུ་ཉིད་ཅེས་པའོ། །འདིར་ཐ་སྙད་ནི་ངེས་ཤེས་ལ་བྱ་ལ། དེ་ལའང་གཉིས་ཏེ། ཚད་མ་རང་གིས་དྲངས་པའི་ངེས་པ་དང༌། ཚད་མ་གཞན་གཅིག་རྒྱུད་ནས་དྲངས་པའི་ངེས་པའོ། །དང་པོས་རང་གི་གཞལ་བྱ་ངེས་པའི་ཚད་མ་རྣམས་ལ་ནི། རང་ལས་ངེས་ཀྱི་ཚད་མ་དང༌། གཉིས་པས་རང་གི་གཞལ་བྱ་ངེས་པའི་ཚད་མ་རྣམས་ལ་ནི། གཞན་ལས་ངེས་ཀྱི་ཚད་མ་ཞེས་བྱ་བ་ཡིན་ཞིང༌། དེ་གཉིས་ཀ་ཡང་ཐ་སྙད་ལས་ནི་ཞེས་པའི་གཞུང་རྐང་པ་གཅིག་པོ་འདིས་བསྟན་པ་ཡིན་ནོ། །གསུམ་པ་ནི། འོ་ན་དེ་རྣམས་རིག་ཅིང་གསལ་ཙམ་མིན་པ་རང་གིས་རྟོགས་པ་དང༌། ཐ་སྙད་ལས་མི་བསླུ་བ་ཡིན་པའི་ཕྱིར་རྟོག་ན། བསྟན་བཅོས་སུ་བདེ་སོགས་ཤེས་པ་ཡིན་པ་དང༌། རྗེས་དཔག་ཚད་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་བསྟན་པ་དོན་མེད་པར་འགྱུར་རོ་ཞེ་ན། དེ་དང་དེ་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། དེ་དང་དེ་དག་དེ་དང་དེར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཁོང་དུ་ཆུད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་པ་ནི། བསྟན་བཅོས་ཞེས་སོ། །གཉིས་པ་ལ། མཚན་ཉིད་ངོས་བཟུང༌། དེ་ལ་ཁྱབ་ཆེས་པ་སྤང་བ། དེ་མཚན་གཞིའི་སྟེང་དུ་གང་གིས་ངེས་པའི་ཚུལ་ཁ་བསྐང་སྟེ་བཤད་པའོ། །དང་པོ་ནི། ཚད་མ་བསླུ་མེད་ཅན་ཞེས་པའི་སྒྲས་ཟིན་ལ་འཕྲོས་ནས། འོ་ན་དེ་ཙམ་གྱི་ཚད་མར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དོན་དེ་ལ་ཚད་མར་འགྱུར་བ་ལ། དོན་དེ་སྔར་མ་རྟོགས་གསར་དུ་རྟོགས་པ་དགོས་པའི་ཕྱིར། ཞེས་པ་ནི་མ་ཤེས་དོན་གྱི་ཞེས་པའོ། །གཉིས་པ་ནི། བདག་དང་གཙོ་བོ་དང་མོ་གཤམ་གྱི་བུ་ལ་སོགས་པ་སྔར་མ་དྲན་གསར་དུ་དྲན་པའི་བློ་ཆོས་ཅན། ཚད་མར་ཐལ། མ་ཤེས་དོན་གསལ་གྱི་རིག་པ་ཡིན་པའི་ཕྱིར་ཞེ་ན། དེ་རྣམས་ཆོས་ཅན། དེ་ཙམ་གྱིས་དེར་མི་འགྱུར་ཏེ། མི་བསླུ་བ་མིན་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། རང་གི་ངོ་བོ་ཞེས་དང༌། རང་གི་མཚན་ཉིད་ཅེས་སོགས། དེས་ན་མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་དེ་འདིར་མཚན་ཉིད་ཡིན་ནོ། །འདིར་གཞུང་འདི་ལྟར་འདོན་པར་བྱ་སྟེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཚད་མའོ་སྤྱིའི་རྣམ་ཤེས་ཀྱང༌། །ཐལ་ན་ངོ་བོ་རྟོགས་འོག་ཏུ། །རང་གི་མཚན་ཉིད་མ་ཐོབ་པ། །ཐོབ་པ་གང་ཡིན་ཞེས་དགོངས་ཕྱིར། །ཞེས་སྦྱོར། མདོར་ན་སྤྱི་མཚན་གསར་རྟོགས་ཀྱི་རིག་པ་ལ་སྤྱིར་ཚད་མས་ཁྱབ་ཀྱང་དེ་ལ་ཚད་མ་ཡིན་པར་ནི་འགལ་ལ། བདག་དང་སྐྲ་ཤད་དང་གཙོ་བོ་ལ་སོགས་པའི་དོན་སྤྱི་ནི་སྤྱི་མཚན་མིན་ཏེ། ཇི་སྐད་དུ། སྐྲ་ཤད་ལ་སོགས་དོན་མིན་ཏེ། །ཞེས་གསུངས་སོ། །དེ་ཡང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པས་ཚད་མ་ལ་གཞལ་བྱ་གསར་རྟོགས་དགོས་པར་བསྟན། དེ་ཙམ་གྱིས་ཆོག་གམ་སྙམ་པ་ལ། རང་གི་ངོ་བོ་རྟོགས་འོག་སོགས་གསུངས། དེའི་ཕྱིར་གཞུང་སྔ་ཕྱི་གཉིས་ཀས་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་དང༌། གཞལ་བྱ་གསར་རྟོགས་ཀྱི་གཞི་མཐུན་ཚད་མའི་མཚན་ཉིད་དུ་བསྟན་པ་ལ་ཁྱད་པར་མེད་དོ། །གསུམ་པ་ནི། མ་ཤེས་དོན་གསལ་གྱི་རིག་པ་དེ་མཚན་གཞིའི་སྟེང་དུ་ངེས་པར་བྱེད་པའི་ཚད་མ་གང་ཡིན་ཞེ་ན། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་དོན་གསལ་ཉིད། །བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་སྦྱར་རོ། །གཉིས་པ་དོན་ལ་སྦྱར་བ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་ཡིན་པའི་ཕྱིར། དཔེར་ན་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་བཞིན་ནོ། །ཁྱབ་པ་ནི་གོང་དུ་བསྒྲུབས་ཟིན་ལ། ཕྱོགས་ཆོས་ནི་འོག་ནས་བདེ་བར་གཤེགས་པ་དང་སྐྱོབ་པ་ཉིད་ཡིན་པའི་རྟགས་ཀྱིས་སྒྲུབ་བོ། །གཉིས་པ་ལ། དངོས་དང་ལོག་རྟོག་དགག་པའོ། །དང་པོ་ནི། མ་སྐྱེས་པ་ནི་དང༌། གྱུར་པ་ཉིད་དང༌། སྒྲུབ་བྱེད་སོགས་སོ། །གཉིས་པ་ལ། རང་བྱུང་ཚད་མ་དགག རང་བྱུང་གི་ཚད་མའི་སྒྲུབ་བྱེད་དགག དང་པོ་ལ། རྟག་པ་རང་བྱུང་གི་ཚད་མ་དགག མི་རྟག་པ་རང་བྱུང་གི་ཚད་མ་དགག དེ་དག་ནི་མ་སྐྱེས་པ་ནི་ཞེས་སོགས་དང༌། ཚད་མ་རྟག་པ་ཞེས་སོགས་དང༌། མི་རྟག་ན་ཡང་ཚད་མེད་ཉིད་ཅེས་སོགས། གཉིས་པ་ནི། དབང་ཕྱུག་པ་ན་རེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་སོགས་ཆོས་ཅན། སྐྱེས་བུ་ཁྱད་པར་ཅན་གཅིག་གི་བློ་སྔོན་དུ་སོང་བ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། གཞལ་ཡས་ཁང་བཞིན། དོན་བྱེད་ནུས་པ་ཡིན་པའི་ཕྱིར་དགྲ་སྟྭ་བཞིན། སོགས་ཁོངས་ནས་སྐྱེ་ལྡན་དང་སེམས་མེད་ཡིན་པའི་ཕྱིར། །ཞེས་ཟེར་རོ། །འདི་ལ་སྒྲུབ་བྱེད་འཁྲུལ་པར་བསྟན་པ་དང༌། སྒྲུབ་བྱེད་ལ་གནོད་བྱེད་བསྟན་པའོ། །དང་པོ་ལ། བསྒྲུབ་བྱ་ལ་བརྟག་པ་དང༌། སྒྲུབ་བྱེད་ལ་བརྟག་པའོ། །དང་པོ་ནི། ཅི་དེ་རྣམས་དབང་ཕྱུག་རྟག་པའི་བློ་སྔོན་སོང་དུ་སྒྲུབ་པ་ཡིན་ནམ། སྤྱིར་སྐྱེས་བུའི་བློ་སྔོན་སོང་དུ་སྒྲུབ་པ་ཡིན། དང་པོ་ལྟར་ན་དབང་ཕྱུག་པ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་པའི་ངོར་དེ་ལྟར་དུ་སྒྲུབ་མི་ནུས་པར་ཐལ། སངས་རྒྱས་པའི་ངོར་ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་མཐུན་དཔེ་མེད་པའི་ཕྱིར་དང༌། དེ་ལྟར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། ཁྱོད་ཀྱིས་དེའི་ངོར་དེ་ལྟར་དུ་སྒྲུབ་མི་དགོས་པར་ཐལ། དེས་དེ་ལྟར་དུ་གྲུབ་ཟིན་པའི་ཕྱིར། གཉིས་པ་ནི། དེ་དག་རང་རྒྱུ་སྐྱེས་བུའི་བློ་སྔོན་སོང་དུ་སྒྲུབ་པ་ལ། དབྱིབས་ཁྱད་པར་ཅན་རྟགས་སུ་འགོད་པ་ཡིན་ནམ། དབྱིབས་ཀྱི་སྒྲ་འཇུག་རུང་ཙམ་རྟགས་སུ་འགོད་པ་ཡིན། དང་པོ་ལྟར་ན། སངས་རྒྱས་པའི་ངོར་དེ་ལྟར་སྒྲུབ་མི་དགོས་ཀྱང༌། རྒྱང་འཕན་པ་སོགས་ཀྱི་ངོར་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་ནོ་ཞེས་སྟོན་པ་ནི། བྱིན་བརློབ་ཅེས་སོགས་སོ། །གཉིས་པ་ལྟར་ན་ཁྱབ་པ་འཁྲུལ་བར་བསྟན་པ་ནི། ཐ་སྙད་ཅེས་སོགས་སོ། །དེ་ལྟ་བུའི་རྟགས་དེ་འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་ནོ་ཞེ་ན། ལྟག་ཆོད་དེ་ངོས་འཛིན་པ་ནི། བསྒྲུབ་བྱའི་ཞེས་སོགས་ཏེ། འདི་ལ་སངས་རྒྱས་པས་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། སྒྲའི་བྱས་པ་རྟགས་སུ་འགོད་ན། དཔེ་ལ་རྗེས་འགྲོ་མེད། བུམ་པའི་བྱས་པ་རྟགས་སུ་བཀོད་ན་ཕྱོགས་ཆོས་མི་འགྲུབ་བོ་ཞེས་པའི་སུན་འབྱིན་འདི་ཆོས་ཅན། འབྲས་བུ་དང་མཚུངས་པའི་ལྟག་ཆོད་ཡིན་ཏེ། བྱས་ཙམ་གྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྲུབ་པ་ལ། སྒྲ་བུམ་གཉིས་འབྲེལ་མེད་ཡིན་པའི་རྒྱུ་མཚན་བཀོད་ནས་སྔ་མ་སུན་འབྱིན་པ་སུན་འབྱིན་ཡིན་པའི་ཕྱིར། དེ་རང་ལ་མི་མཚུངས་པར་སྟོན་པ་ནི་དབྱིབས་ཀྱི་ཁྱད་པར་དང་ལྡན་པ་ཙམ་པོ་དེ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་མིན་ཏེ། ཁྱོད་སྐྱེས་བུས་མ་བྱས་པ་ལ་ཚད་མས་མཐོང་བའི་ཕྱིར། དཔེར་ན་གོ་ཞེས་པའི་སྒྲ་འཇུག་པའི་རྟགས་ཀྱིས་འགའ་ཞིག་རྭ་ཅན་དུ་སྒྲུབ་པ་བཞིན་ནོ། །དཔེ་མ་གྲུབ་སྟེ། རྭ་ཅན་གྱི་སྒྲ་འཇུག་ན་རྭ་ཅན་ཡིན་དགོས་སོ་ཞེ་ན། འོ་ན་སྐྱེས་བུ་ཐམས་ཅད་ཀྱི་འདོད་དོན་འབད་མེད་དུ་གྲུབ་པར་ཐལ། མིང་གྲུབ་ན་དོན་གྲུབ་དགོས་པའི་ཕྱིར། དེ་ཡོད་པས་ནི་ཞེས་པའི་རིག་པ་དེ་ཆོས་ཅན། རིགས་ཅན་གཞན་ཡང་སྟོན་པ་ཡིན་ཏེ། གྲངས་ཅན་གྱིས་བློ་བདེའི་སྟེང་དུ་མིང་རེ་རེ་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། སྐྱེ་འཇིག་ཅན་གྱིས་མིང་གྲུབ་ཀྱང༌། དོན་མ་གྲུབ་པ་དང༌། སངས་རྒྱས་པས་ཤིང་གི་སྟེང་དུ་འཆི་བའི་མིང་གྲུབ་ཀྱང་དོན་མ་གྲུབ་པར་བསྟན་པའི་ཕྱིར། ཕྱོགས་ཆོས་སུ་གྱུར་པ་ལ་མིང་དོན་གཉིས་ཀྱི་སྟེང་ནས་དོན་གཙོ་ཆེ་ན། ངོ་བོ་གཙོ་ཆེ་ཞེས་པ་དང༌། རྟགས་སུ་བཟུང་བྱ་དེའི་དོན་ཤེས་འདོད་ཆོས་ཅན་དེའི་སྟེང་དུ་གྲུབ་ནས། མིང་དེ་དེར་མ་གྲུབ་ན་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཏེ། རྟགས་དེའི་མིང་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་སྐབས་ཀྱི་རྒོལ་བས་གྲུབ་ཀྱང༌། དོན་མ་གྲུབ་པར་ཕྱོགས་ཆོས་མི་གྲུབ་པའི་ཕྱིར་ཞེ་ན། དེ་མི་མཚུངས་པ་ནི། སྔར་རྒོལ་སངས་རྒྱས་པས་ཕྱིར་རྒོལ་འུག་པ་པའི་ངོར། འབྱུང་བཞིའི་རྡུལ་ཕྲ་རབ་མི་རྟག་པར་སྒྲུབ་པ་ལ་ལུས་ཅན་དང་སོགས་པ་ཐོགས་བཅས་རྟགས་སུ་བཀོད་པའི་ཚེ་ན་དེ་ཆོས་ཅན། བྱེ་བྲག་པས་ཁྱོད་ཀྱི་མིང་འབྱུང་བཞིའི་རྡུལ་ཕྲ་རབ་ཀྱི་སྟེང་དུ་མ་གྲུབ་ཀྱང༌། ཁྱོད་བྱེ་བྲག་པའི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ཏེ། ཁྱོད་ཀྱི་དོན་རེག་བྱ་ཅན་དེ་དེའི་སྟེང་དུ་ཐ་དད་པའི་ཚུལ་གྱིས་ཡོད་པ་ཉིད་དུ་ཕྱིར་རྒོལ་བྱེ་བྲག་པ་དང༌། སྔ་རྒོལ་སངས་རྒྱས་པ་གཉིས་ཀའི་ཚད་མས་གྲུབ་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། བསྒྲུབ་བྱའི་ཞེས་སོགས་དང༌། རིགས་ཀྱི་ཁྱད་པར་ཞེས་སོགས་དང༌། ངག་ལས་ཞེས་སོགས་དང༌། བརྗོད་པར་འདོད་པ་ཞེས་སོགས་དང༌། འདི་ནི་ཞེས་སོགས་དང༌། དངོས་པོའི་ངོ་བོ་ཞེས་སོགས་དང༌། སྒྲ་མ་གྲུབ་ཀྱང་ནས། མིན་གྱི་བར་རོ། །གཉིས་པ་བསྒྲུབ་བྱ་དགག་པ་ལ་དབང་ཕྱུག་རྟག་པ་འབྲས་བུའི་རྒྱུ་ཡིན་པ་ལ། ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། དབང་ཕྱུག་རྟག་པ་ཆོས་ཅན། དུས་རྟག་ཏུ་འབྲས་བུའི་རྒྱུ་ཡིན་པའམ། འབྲས་བུའི་རྒྱུ་མིན་པ་གང་རུང་དུ་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་སྟོན་པ་ནི་ཇི་ལྟར་ཞེས་སོགས། གཉིས་པ་མི་འདོད། དང་པོ་འདོད་ན། བསལ་བ་སྟོན་པ་ནི་མཚོན་དང་ཞེས་སོགས་སོ། །གཉིས་པ་ནི། དབང་ཕྱུག་རྟག་པ་ཆོས་ཅན། འབྲས་བུ་ཀུན་གྱི་རྒྱུ་མིན་ཏེ། ཁྱོད་ཕན་བྱེད་དུ་བཟློག་ན་འབྲས་བུ་བཟློག་པའི་ཁྱབ་པ་མེད་པའི་ཕྱིར། ཞེས་ཁྱབ་སྒྲུབ་དང་བཅས་ཏེ་སྟོན་པ་ནི། རྟག་ལ་ཞེས་སོགས། གསུམ་པ་ནི། རང་བཞིན་ཁྱད་པར་མེད་པ་ནི་ཞེས་པར་དབང་ཕྱུག་རྟག་པ་ཆོས་ཅན། འབྲས་བུའི་རྒྱུ་མིན་ཏེ། འབྲས་བུ་མི་སྐྱེད་པའི་གནས་སྐབས་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་ཞེས་སྨྲས་པ་ལ། སོ་ཀའི་ཞིང་གིས་མ་ངེས་སོ་ཞེས་དང༌། རྐྱེན་གསུམ་ཚོགས་པས་མ་ངེས་སོ་ཞེ་ན། རྟགས་མ་གྲུབ་བོ་ཞེས་རིམ་པར་སྟོན་པ་ནི། མྱུ་གུ་བསྐྱེད་ལ་ཞེས་དང༌། གལ་ཏེ་ཇི་ལྟར་ཞེས་སོགས། གསུམ་པ་ཚད་མའི་སྐྱེས་བུ་མི་སྲིད་པའི་ལྡོག་པ་དགག་པ་ལ། ཕྱོགས་སྔ་མ་ནི་ཚད་མ་ལྐོག་གྱུར་ཞེས་སོགས་ཡིན་ལ། དེ་སུན་འབྱིན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། ཁོ་བོ་ཅག་གི་ལུགས་ལ། ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཤེས་སམ་མི་ཤེས་ཀྱང་རུང་སྟེ། གྲོལ་བ་དོན་གཉེར་གྱི་བླང་དོར་ཐབས་དང་བཅས་པ་ཕྱིན་ཅི་མ་ལོག་པར་རང་གིས་ཤེས་ནས། གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་དེ་ལ། དོན་གྱི་སྐབས་འདིར་ཚད་མ་ཞེས་བྱ་ལ། དེ་འདྲ་དེ་ལ་ནི་སྒྲུབ་བྱེད་ཀྱི་ཐབས་ཀྱང་ཡོད་ལ། སྒྲུབ་བྱེད་ཀྱི་ཐབས་ལ་ནན་ཏན་བྱེད་པ་ཡང་ཡོད་དོ། །ཞེས་སྟོན་པ་ནི། མི་ཤེས་སྟོན་པར་ཞེས་སོགས་གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། ཞེས་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་ནས་སྒྲུབ་བྱེད་ཀྱི་ཐབས་ཡོད་པར་བསྟན། ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་ནས་སྒྲུབ་བྱེད་ཀྱི་ཐབས་ལ་ནན་ཏན་བྱེད་པ་མདོར་བསྟན། དང་པོ་ལ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པ་འབྱུང་བའི་ཚུལ། དེས་ན་བཅོམ་ལྡན་འདས་ཚད་མར་གྱུར་པ་ཉིད་དུ་གྲུབ་པའོ། །དང་པོ་ལ། བསམ་པ་ཕུན་སུམ་ཚོགས་པ་དང༌། སྦྱོར་བ་ཕུན་སུམ་ཚོགས་པའོ། །དང་པོ་ནི། ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་ཐབས་ཡོད་པ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དེ་དང་དེ་སྒྲུབ་བྱེད་ཀྱི་ཐབས་ཡིན་ལ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེ་དེ་སྒྲུབ་བྱེད་ཀྱི་ཤེས་རབ་ཡིན་པར་འོག་ནས་འཆད་པའི་ཕྱིར། ཞེས་པ་ནི་སྒྲུབ་བྱེད་ཐུགས་རྗེ་ཞེས་པའོ། །འོ་ན་དེ་གཉིས་རྒྱུད་ལ་སྐྱེས་པ་ཙམ་གྱིས་དེར་འགྱུར་རམ། ཞེ་ན། མིན་ཏེ། དེ་གཉིས་སྐྱེ་བ་དུ་མར་གོམས་པ་ལས་དེར་འགྱུར་བའི་ཕྱིར། ཞེས་པ་ནི། གོམས་ལས་ཏེ་ཞེས་པའོ། །འདི་ལ་རྩོད་པ་གཉིས་འབྱུང་བར་འགྱུར་ཏེ། བརྩེ་བ་དང་ཤེས་རབ་སྐྱེ་བ་དུ་མར་གོམས་པ་མི་སྲིད་པའི་རྩོད་པ་དང༌། སྲིད་དུ་ཆུག་ཀྱང་མཐའ་མེད་དུ་མི་འཕེལ་བའི་རྩོད་པའོ། །དང་པོ་ནི། རྒྱང་འཕན་པ་ན་རེ། དེ་མི་སྲིད་དེ། བློ་ནི་ལུས་ལ་བརྟེན་ཚུལ་གསུམ་པོ་གང་རུང་གི་སྒོ་ནས་བརྟེན་པས། ལུས་ཞིག་པ་ན་བློ་ཡང་ཞིག་པའི་ཕྱིར། ཞེས་རྩོད་པ་ནི། བློ་ནི་ཞེས་སོགས། དེ་དགག་པ་ལ། བསྟན་པ་དང་བཤད་པ་གཉིས་ལས། དང་པོ་ནི། མིན་ཞེས་སོགས། གཉིས་པ་ལ་སྐྱེ་བ་སྔ་མ་མེད་པ་ལ་གནོད་བྱེད་ཡོད་པ་དང༌། ཕྱི་མ་མེད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ། ཐལ་འགྱུར་དངོས་ནི་སྐྱེ་བ་ཞེས་སོགས། དེ་ལྟར་ཐལ་བ་ལས་སྐྱེ་བ་ཕྱི་མ་ཡོད་པར་གྲུབ་བོ་ཞེས་སྟོན་པ་ནི། དེ་ཕྱིར་བློ་གནས་ཞེས་སོ། །གཉིས་པ་ལ་རྒྱང་འཕན་ན་རེ། གང་འཆི་སེམས་ཡིན་ན་རིག་པ་ཕྱི་མ་མཚམས་མི་སྦྱོར་བས་ཁྱབ། དཔེར་ན་དགྲ་བཅོམ་པ་ཐ་མའི་སེམས་བཞིན་ནོ། །ཞེས་ཟེར་རོ། །དེ་དགག་པ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཐ་མའི་སེམས་ནི་ཞེས་སོ། །གཉིས་པ་ལ་དཔེའི་སྒྲུབ་བྱེད་དྲི་བ། དེ་དོན་གྱི་སྒྲུབ་བྱེད་དུ་ཡང་འདོད་དགོས་པ། དེ་ལྟར་འདོད་པ་ལ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ནི། དགྲ་བཅོམ་པ་ཞེས་སོགས། གཉིས་པ་ནི། དེ་ཕྱིར་འདིར་ནི་ཞེས་པ་སྟེ། གལ་ཏེ་ཞེས་པར་དགྲ་བཅོམ་པ་ཐ་མའི་སེམས་ཆོས་ཅན། རིག་པ་ཕྱི་མ་མཚམས་མི་སྦྱོར་ཏེ། རིག་པ་ཕྱི་མའི་ཉེར་ལེན་གྱི་རྒྱུ་ལུས་དང་བྲལ་བའི་ཕྱིར། ཞེས་ཟེར་བ་ལ་དེ་དང་བྲལ་བ་དེ་ཆོས་ཅན། སྐྱེས་བུ་ཀུན་གྱི་འཆི་སེམས་དེར་སྒྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དགྲ་བཅོམ་པ་ཐ་མའི་སེམས་དེར་སྒྲུབ་པའི་གཏན་ཚིགས་ཡང་དག་གང་ཞིག མཚུངས་པའི་ཕྱིར་ཞེས་པའོ། །གསུམ་པ་ནི། དེ་ལ་འདོད་དོ་ཞེ་ན། འདི་ལ་ལུས་བློའི་ཉེར་ལེན་ཡིན་པ་དགག བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ། བརྟགས་ནས་ཐལ་འགྱུར་གྱིས་དགག མ་བརྟགས་པར་རང་རྒྱུད་ཀྱིས་བསྒྲུབ། སླར་ཡང་བརྟགས་ནས་ཐལ་འགྱུར་གྱིས་དགག་པའོ། །དང་པོ་ན། དབང་པོ་དང་བཅས་པའི་ལུས་སམ་དབང་པོ་མེད་པའི་ལུས་བློའི་ཉེར་ལེན་ཡིན། དང་པོ་ལྟར་ན། དབང་པོ་རེ་རེ་བའམ། དབང་པོ་ཀུན་ཚོགས་པའི་ལུས་ཉེར་ལེན་ཡིན་ཞེས་བརྟགས་ནས་འགོག་པ་ནི། དེ་བློ་བཞིན་དུ་ནས། ལྡོག་པ་ཡིན་གྱི་བར་རོ། །གཉིས་པ་ལ་ལུས་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་རྟགས་ཀྱིས་ཉེར་ལེན་ཅན་མིན་པར་སྒྲུབ། སེམས་སྔ་མའི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྟགས་ཀྱིས་སེམས་ཕྱི་མ་སེམས་སྔ་མའི་ཉེར་ལེན་ཅན་དུ་སྒྲུབ་པའོ། །དང་པོ་ལ་གཏན་ཚིགས་འགོད་པ་དང༌། ཕྱོགས་ཆོས་སྒྲུབ་པ་ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བའོ། །དང་པོ་ནི། ཉེར་ལེན་དུ་འདོད་པའི་དངོས་པོ་གང་ཡིན་པ་དེ་གཞན་དུ་འགྱུར་བ་མེད་པར་ཉེར་ལེན་ཅན་དུ་འདོད་པའི་དངོས་པོ་དེ་གཞན་དུ་འགྱུར་པ་ཡིན་ན། དེ་དེའི་ཉེར་ལེན་དུ་མི་རིགས་པས་ཁྱབ། དཔེར་ན་བ་ལང་དང་བ་མེན་བཞིན། ལུས་གཞན་དུ་གྱུར་པ་མེད་པར་སེམས་གཞན་དུ་གྱུར་པ་ཚད་མས་མཐོང་ངོ༌། །ཞེས་ཁྱབ་བྱེད་འགལ་བ་དམིགས་སམ། གཏན་ཚིགས་འཆད་པ་ནི། དངོས་གང་ཞེས་སོགས། གཉིས་པ་ནི། ཕྱོགས་ཆོས་མ་གྲུབ་བོ་ཞེ་ན། འདི་ལ་ཐལ་འགྱུར་དངོས་དང༌། དེའི་ཉེས་སྤོང་གི་ལན་དགག་པ་དང༌། དེས་གྲུབ་པའི་དོན་བསྡུ་བ་རྣམས་ནི། ལུས་ནི་ཞེས་སོགས་དང༌། ཉེར་ལེན་འགྱུར་བ་མེད་པར་ནི། ཞེས་སོགས། འདིའི་དོན་ནི། ཉེར་ལེན་དང་ཉེར་ལེན་ཅན་དུ་འདོད་པའི་དངོས་པོ་ཡིན་ན། ཉེར་ལེན་གཞན་དུ་མ་གྱུར་ན། དེའི་ཉེར་ལེན་གྱི་འབྲས་བུ་གཞན་དུ་མི་འགྱུར་བས་ཁྱབ། དཔེར་ན་འཇིམ་པ་གཞན་དུ་མ་གྱུར་པར་རྫ་བུམ་གཞན་དུ་མི་འགྱུར་བ་བཞིན། ལུས་སེམས་གཉིས་ཀྱང་ཉེར་ལེན་ཅན་དུ་ཁས་བླངས་སོ། །ཅི་སྟེ་དེ་ལྟར་ཁས་བླངས་པས་གཞན་དུ་མི་འགྱུར་བར་འདོད་དོ་ཞེ་ན། དེ་ལྟར་ཤི་བའི་ལུས་ལ་སེམས་གནས་པར་ཐལ་བ་ལས་དེ་ལྟར་ཡང་ཁྱོད་མི་འདོད་པས། རྩ་བའི་རྟགས་ཀྱིས་ཕྱོགས་ཆོས་གྲུབ་ཅེས་པའོ། །གསུམ་པ་ནི། ཡོད་མེད་དག་ལ་བརྟེན་མེད་ཕྱིར། །ཞེས་སོ། །གཉིས་པ་ལ་རྟགས་འགོད་པ་དང༌། ཁྱབ་པ་སྒྲུབ་པ་དང༌། ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བ། དེས་གྲུབ་པའི་དོན། དེ་ལ་རྩོད་པ་སྤང་བ་དེ་ལའང་གསུམ་སྟེ། ལུས་སེམས་གཅིག་པ་ཡིན་པའི་རྒྱུ་མཚན་གྱིས་ལུས་སེམས་ཀྱི་ཉེར་ལེན་དུ་ཐལ་བའི་རྩོད་པ། སེམས་སྔ་མ་ཕྱི་མའི་ཉེར་ལེན་ཡིན་ན་འཁོར་བར་སྐྱེ་བ་མི་ལེན་པའི་རྩོད་པ། བར་སྲིད་མ་མཐོང་བའི་རྒྱུ་མཚན་གྱིས་མེད་པར་ཐལ་བའི་རྩོད་པ་སྤང་བའོ། །དེ་དག་ནི་རིམ་པ་བཞིན་དུ། ལུས་ཀྱི་དང༌། འདིས་ནི་དང༌། དེ་ལས་དང༌། དེའི་ཕྱིར་དང༌། ཇི་ལྟར་དང༌། བདག་ལ་དང༌། གལ་ཏེ་ཞེས་སོགས་རྣམས་ཀྱིས་བསྟན་ནོ། །སླར་ཡང་བརྟགས་ནས་དགག་པ་ལ། ཡན་ལག་ཅན་ཆ་མེད་གཅིག་བློའི་ཉེར་ལེན་ཡིན་པ་དགག ཡན་ལག་དུ་མ་བློའི་ཉེར་ལེན་ཡིན་པ་དགག དང་པོ་ནི། འོ་ན་ཡན་ལག་ཆ་མེད་པ་གཅིག་གམ། ཡན་ལག་དུ་མ་བློའི་ཉེར་ལེན་ཡིན་པ་བརྟག དང་པོ་ལྟར་ན། སྐྱེས་བུའི་ལུས་དེ་ཆ་མེད་གཅིག་ཏུ་ཁས་བླངས་པ་ལ་གནོད་བྱེད་ཡོད་པར་བསྟན། ཆ་དུ་མ་དང་བཅས་པར་ཁས་བླངས་པ་ལ་གནོད་བྱེད་མེད་པར་བསྟན། ཡན་ལག་ཅན་རྫས་གཞན་སྒྲུབ་བྱེད་ཀྱིས་མི་གྲུབ་པར་བསྟན་པའོ། །དང་པོ་ནི། སྐྱེས་བུའི་ལུས་ཆོས་ཅན། ཁྱོད་ཀྱི་ཕྱོགས་གཅིག་གཡོ་བ་ན་ཕྱོགས་ཐམས་ཅད་གཡོ་བ་དང༌། ཕྱོགས་གཅིག་སྒྲིབ་པ་ན་ཕྱོགས་ཐམས་ཅད་སྒྲིབ་པར་ཐལ། ཆ་མེད་ཡིན་པའི་ཕྱིར། ཐལ་བ་ལས་དེ་ཆོས་ཅན། ཆ་མེད་གཅིག་མིན་ཏེ། ཡན་ལག་དུ་མ་ཚོགས་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི་ལག་སོགས་གཡོ་ན་དང༌། དེ་ཕྱིར་ཞེས་སོགས་དང༌། གཉིས་པ་ནི། དུ་མ་ཉིད་ནའང༌། ནས། འགྱུར་གྱི་བར་རོ། །གསུམ་པ་ནི། བྱེ་བྲག་པ་ན་རེ། ཡན་ལག་རྫས་གཞན་ཡོད་དེ། དེས་དྲངས་སོགས་ཡོན་ཏན་གཞན་གྱི་རྟེན་བྱེད་པའི་ཕྱིར་ཞེ་ན། གྲངས་སོགས་ཡོན་ཏན་དེའི་རྟེན་རྫས་གཞན་དུ་མེད་དེ། དེ་ལྟར་དུ་སྣང་རུང་མ་དམིགས་པའི་ཕྱིར། འོ་ན་བུམ་པའི་གྲངས་ཞེས་རྣམ་དབྱེ་དྲུག་པའི་སྒྲ་སྦྱོར་བ་མི་འཐད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་གཉིས་ལྡོག་པ་ཐ་དད་པའི་རྒྱུ་མཚན་གྱིས་དེ་སྦྱར་བའི་ཕྱིར། དཔེར་ན་བྱེ་བྲག་པ་རང་གི་ལུགས་ལ་ཡོན་ཏན་དཀར་སོགས་དང་གྲངས་སོགས་རྫས་གཞན་དུ་མེད་ཀྱང༌། རྣམ་དབྱེ་དྲུག་པའི་སྒྲ་སྦྱར་བ་བཞིན་ནོ། །ཞེས་རིམ་པར་སྟོན་པ་ནི། དེ་ལྡན་དང༌། སྒྲ་ཤེས་དང༌། དཔེར་ན་ཞེས་སོགས་བུམ་པ་དང་གྲངས་རྫས་གཞན་དུ་མེད་ན་བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་དེ་ལ་ཆོས་བརྗོད་ཀྱི་སྒྲ་དང༌། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན་བརྗོད་པའི་སྒྲ་ཡིན་པའི་ཁྱད་པར་མི་འཐད་དོ། །དེ་གཉིས་རྫས་གཞན་དུ་མེད་ཀྱང་བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་ཏེ། ཁྱོད་ཀྱིས་བུམ་པ་དང་བུམ་པའི་གྲངས་བརྗོད་བྱར་མི་སྤོང་ཞིང༌། བུམ་པའི་ཁྱད་པར་གྱི་ཆོས་གཞན་བརྗོད་བྱར་སྤོང་བའི་སྒྲ་ཡིན་པའི་ཕྱིར། དཔེར་ན་བྱེ་བྲག་པའི་ལུགས་ལ་སོར་མོ་དང་ལྡན་པ་རྫས་གཞན་དུ་མེད་ཀྱང༌། སོར་མོའི་ལྡན་པ་ཞེས་བརྗོད་པའི་སྒྲ་དེ། སོར་མོ་ལ་ལྟོས་ཏེ་ཆོས་བརྗོད་ཀྱི་སྒྲ་ཡིན་པ་བཞིན། དེ་གཉིས་རྫས་གཞན་དུ་མེད་ཀྱང་བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པའི་གྲངས་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་ཡིན་ཏེ། བུམ་པ་དང་བུམ་པའི་གྲངས་བརྗོད་བྱར་མི་སྤོང་ཞིང༌། བུམ་པའི་ཁྱད་པར་གྱི་ཆོས་གཞན་ཡང་བརྗོད་བྱར་མི་སྤོང་བའི་ཕྱིར། བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་དང༌། བུམ་པ་གྲངས་ཞེས་བརྗོད་པའི་སྒྲ་གཉིས་ཀ་ཡང༌། སྒྲའི་བརྗོད་ཚུལ་ཙམ་མ་གཏོགས་པ། བརྗོད་བྱའི་དོན་གཅིག་ཉིད་བརྗོད་པ་ཡིན་ནོ། །ཞེས་སྟོན་པ་ནི། དངོས་དང༌། དོན་གཅིག་ཅེས་སོགས། བྱེ་བྲག་པ་ནི། བ་ལང་ཉིད་དེ་བ་ལང་ལས་རྫས་གཞན་དུ་ཡོད་པའི་རྒྱུ་མཚན་གྱིས་བ་ལང་ཞེས་བརྗོད་པ་ཆོས་ཅན་བརྗོད་པའི་སྒྲ་དང༌། བ་ལང་གི་བ་ལང་ཉིད་ཅེས་པ་ཆོས་བརྗོད་པའི་སྒྲར་ཁས་ལེན་པ་ཡིན་ནོ། །འོ་ན་བུམ་པ་དང་བུམ་པའི་གཟུགས་ཞེས་བརྗོད་པའི་སྒྲ་གཉིས་དང་བརྗོད་བྱ་ཕན་ཚུན་དུ་མི་སྤོང་བར་འགྱུར་རོ་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲ་དེ་བུམ་པའི་གཟུགས་སོགས་རྡུལ་རྫས་བརྒྱད་པོ་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་དང༌། བུམ་པའི་གཟུགས་སོགས་བརྗོད་པའི་སྒྲ་དེ་བུམ་པ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་ཏེ། བུམ་པ་ཞེས་བརྗོད་པའི་སྒྲས་རྡུལ་རྫས་བརྒྱད་པོ་དེ་བརྗོད་བྱར་སྤོང༌། བུམ་པའི་གཟུགས་ཞེས་བརྗོད་པའི་སྒྲས་བུམ་པ་བརྗོད་བྱར་སྤོང་བའི་ཕྱིར། མདོར་ན་བུམ་པ་གཟུགས་སོ་ཞེས་བརྗོད་པའི་སྒྲ་ཆོས་ཅན། སོར་མོ་ལྡན་གྱུར་ཞེས་བརྗོད་པའི་སྒྲ་དང་བརྗོད་ཚུལ་མཚུངས་པ་མིན་ཏེ། ཁྱོད་གཞི་མཐུན་བརྗོད་པའི་སྒྲ་མིན་ཞིང༌། ཅིག་ཤོས་དེ་ཡིན་པའི་ཕྱིར། ཇི་སྐད་བཤད་པའི་རིག་པ་དེ་ཆོས་ཅན། རིགས་བརྗོད་ཀྱི་སྒྲ་དང༌། ཚོགས་བརྗོད་ཀྱི་སྒྲའི་ཁྱད་པར་ཡང་གྲུབ་པ་ཡིན་ཏེ། རིགས་བརྗོད་ཀྱི་སྒྲས་རང་གི་རིགས་ཅན་བརྗོད་བྱར་མི་སྤོང༌། ཚོགས་བརྗོད་ཀྱི་སྒྲས་རང་གི་ཚོགས་ཅན་བརྗོད་བྱར་སྤོང་བའི་ཕྱིར། ཡང་ན། འཕེན་ཕྱིར་ཞེས་པ་དང༌། སྤོང་བས་ཞེས་པའི་ཁྱད་པར་མི་འཐད་དོ་ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་གསེར་བུམ་བརྗོད་བྱར་མི་སྤོང་ཞིང་བུམ་པའི་གཟུགས་བརྗོད་བྱར་སྤོང་བའི་ཁྱད་པར་འཐད་དེ། ཁྱོད་གསེར་བུམ་ལ་ལྟོས་ཏེ་རིགས་བརྗོད་ཀྱི་སྒྲ་དང༌། བུམ་པའི་གཟུགས་ལ་ལྟོས་ཏེ་ཚོགས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེས་དེ་སྤོང་ན་བུམ་པའི་གཟུགས་ཞེས་དྲུག་པ་འབྲེལ་བའི་སྒྲས་སྟོན་པ་མི་འཐད་དོ་ཞེ་ན། བུམ་པའི་གཟུགས་ཞེས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། བུམ་པའི་སྟེང་གི་གཟུགས་འཛིན་མིག་ཤེས་བསྐྱེད་པའི་ནུས་པ་ཁྱད་པར་ཅན་དུ་གོ་བའི་ཆེད་ཡིན་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། གཟུགས་སོགས་ནུས་པའི་ཁྱད་པར་དང༌། དེས་ན་བུམ་པ་དང༌། དེས་ན་འདི་ནི་དང༌། དེ་ཅི་ཞེས་སོ། །འདིར་ཆོས་ནི་རྫས་དང་ལྡོག་པ་ལ་བྱ། ཆོས་ལ་གཉིས་ཏེ། རྫས་ཀྱི་ཆོས་དང་ལྡོག་པའི་ཆོས་སོ། །དང་པོའི་དབང་དུ་བྱས་ནས་ཆོས་དང་ཆོས་ཅན་བརྗོད་པའི་སྒྲ་འཇོག་པ་ནི་མིན་ཏེ། བུམ་པ་དང་བུམ་པའི་གཟུགས་སོགས་བཞིན་ནོ། །གཉིས་པའི་དབང་དུ་བྱས་ནས་དེར་འཇོག་པ་ཡིན་ལ། དེ་ལ་ཡང་རྣམ་པ་གཉིས་སུ་འགྱུར་རོ། །ཆོས་དང་ཆོས་ཅན་དངོས་སུ་སྦྱར་བའི་བརྗོད་ཚུལ་དང༌། དངོས་སུ་མ་སྦྱར་བའི་བརྗོད་ཚུལ་ལོ། །དང་པོ་ནི། བུམ་པའི་མི་རྟག་ཅེས་བརྗོད་པ་དང་བུམ་པ་མི་རྟག་ཅེས་བརྗོད་པ་ལྟ་བུ་སྟེ། འདི་གཉིས་ནི་ཁྱད་པར་གཞན་སྤོང་མི་སྤོང་ལས། སྒྲ་གཉིས་སུ་བཞག་པ་ཡིན་ནོ། །དེར་མ་ཟད་སྔ་མ་ནི་སྤྱི་བརྗོད་པའི་སྒྲ་དང༌། ཕྱི་མ་ནི་གཞི་མཐུན་བརྗོད་པའི་སྒྲ་ཡང་ཡིན་ཏེ། ཕྱི་མས་ནི་བུམ་དང་མི་རྟག་པའི་ཚོགས་དོན་བརྗོད་ལ་དེ་ཡང་ལྡོག་པ་གཉིས། ཚོགས་ཀྱི་ངོ་བོ་ཡིན་པའི་ཕྱིར། གཉིས་པ་ལ་སྦྱར་བ་ནི། བུམ་པ་ཞེས་བརྗོད་པའི་སྒྲ་དེ་སྤྱིར་བྱས་མི་རྟག་དང་ཤེས་བྱ་གཞལ་བྱ་སོགས་ལ་ལྟོས་ཏེ་ཆོས་ཅན་བརྗོད་པའི་སྒྲ་དང༌། དེ་རྣམས་བརྗོད་པའི་སྒྲ་དེ་ཡང་དེ་ལ་ལྟོས་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་ཏེ། བུམ་པ་དང་དེ་རྣམས་སྤྱི་དང་བྱེ་བྲག་ཡིན་པའི་ཕྱིར། བྱས་མི་རྟག་སོགས་བུམ་པ་ལས་ལྡོག་པ་ཐ་དད་དུ་གྱུར་པའི་ཁྱད་པར་རྣམས་བུམ་པའི་སྟེང་གི་ལྡོག་པའི་ཆོས་ཡིན་ཀྱང༌། དེ་རྣམས་ཕན་ཚུན་གཅིག་གིས་གཅིག་བརྗོད་བྱར་སྤོང་བ་མིན་ཏེ། དེ་རྣམས་ཀྱང་སྤྱི་དང་བྱེ་བྲག་ཡིན་པའི་ཕྱིར། འོན་ཀྱང་བུམ་པའི་བྱས་པ་ཞེས་བརྗོད་པའི་སྒྲས་བུམ་པའི་མི་རྟག་པ་བརྗོད་བྱར་སྤོང་བ་མིན་ཏེ། ཉན་པ་པོའི་ཤེས་འདོད་ཀྱི་དབང་གིས་རྣམ་དབྱེ་དྲུག་པའི་སྒྲ་སྦྱར་བ་ཡིན་པའི་ཕྱིར། གཉིས་པ་ཡན་ལག་དུ་མ་བློའི་ཉེར་ལེན་ཡིན་པ་དགག་པ་ལ། ཐལ་འགྱུར་དངོས་དང་དེའི་ཉེས་སྤོང་གི་ལན་དགག་པའོ། །གཉིས་པ་ལ། དབུགས་འབྱུང་རྔུབ་རེ་རེ་ཁོ་ནར་ངེས་པའི་ཉེས་སྤོང་དང༌། དང་པོར་ལུས་ལས་ཡིད་བློ་མང་པོ་ཅིག་ཅར་དུ་སྐྱེ་ཞིང༌། ཕྱིས་རེ་རེ་ཁོ་ན་སྐྱེ་བའི་ཉེས་སྤོང་དགག་པའོ། །དེ་དག་ནི་ལུས་ཞེས་དང༌། དུ་མ་ཉིད་དང༌། གལ་ཏེ་ལུས་ལས་ཞེས་སོ། །གཉིས་པ་རྩོད་པ་སྤང་བ་ལ། ཅི་སྟེ་ཤི་བའི་འོག་རོལ་དུ་སེམས་འབའ་ཞིག་པ་ཡན་གར་དུ་གནས་པར་ཐལ། ལུས་སེམས་ཀྱི་ཉེར་ལེན་མིན་པའི་ཕྱིར་ཞེ་ན། སྐྱེ་བ་ཕྱི་མ་འདོད་གཟུགས་སུ་ཉིང་མཚམས་སྦྱར་བའི་ཚེ་ཆོས་ཅན། ལུས་སེམས་ལྷན་ཅིག་ཏུ་གནས་པའི་རྒྱུ་མཚན་ཡོད་དེ། དེར་གནས་པའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། སྐྱེ་བ་ཕྱི་མ་གཟུགས་མེད་ཁམས་སུ་ཉིང་མཚམས་སྦྱོར་བའི་ཚེ་ཆོས་ཅན། སེམས་འབའ་ཞིག་ཡན་གར་དུ་འབྱུང་བ་ཡིན་ཏེ། ལུས་སེམས་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་ཚོགས་མ་ཚང་བའི་ཕྱིར། རྒྱུན་འཇུག་ཅེས་པ་ཚེ་འདིའི་འཆི་སེམས་རང་འབྲས་ཕྱི་མའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་ཁས་བླངས་པ་ལ། དེའི་ཉེ་བར་ལེན་པའི་རྒྱུ་གང་ཡིན་ཞེ་ན། འདོད་པ་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པའི་ཚེ། ཚེ་འདི་ཉིད་ཀྱི་མིག་སོགས་སྐྱེ་མཆེད་ལྔ་ཆོས་ཅན། རང་འབྲས་སྐྱེ་བ་ཕྱི་མའི་ལུས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་ཏེ། དེའི་ངོ་བོ་ལ་གཙོ་བོར་ཕན་འདོགས་བྱེད་ཡིན་པའི་ཕྱིར། ཞེས་རིམ་པར། གལ་ཏེ་ལུས་ལས་དང༌། གལ་ཏེ་དེའི་དང༌། ཚེ་འདི་ཉིད་ཀྱི་ཞེས་སོ། །གལ་ཏེ་དེ་རྒྱུ་བྲལ་ཕྱིར་ན་མན་གྱི་དོན་བསྡུ་བ་ནི། དེས་ན་རྒྱུ་དང་ཞེས་སོ། །གཉིས་པ་མཐའ་མེད་དུ་མི་འཕེལ་བའི་རྩོད་པ་ལན་དང་བཅས་པ་ནི། གོམས་ལས་ཞེས་སོགས། འདིར་དོན་ནི། སྙིང་རྗེ་ཆེན་པོ་དང་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་བསྒོམས་ན་མཐའ་མེད་དུ་འཕེལ་དུ་རུང་སྟེ། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཤིང་སྐམ་པོ་ལ་མེ་དང༌། གསེར་ལ་དངུལ་ཆུ་བཞིན་ནོ། །འཆོངས་པ་དང་དྲོད་ཆོས་ཅན། གོམས་ཀྱང་མཐའ་མེད་དུ་འཕེལ་བ་མ་ཡིན་ཏེ། རྟེན་མི་བརྟན་འབད་རྩོལ་སྐྱར་མ་ལ་ལྟོས་པའི་ཕྱིར། ཞེས་པའོ། །གཉིས་པ་སྦྱོར་བ་ཕུན་ཚོགས་སྟོན་པ་བཤད་པ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །གཉིས་པ་ལ། དང་པོར་བདེན་པ་བཞི་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚུལ། ཕབ་པའི་དོན་དེ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས་པས་འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ། ཉམས་ལེན་དེ་སྟོན་པ་ཡིན་པར་བཤད་པའོ། །དེ་དག་ནི་རིམ་པར་བརྩེ་ལྡན་དང་ལུང་དང་རིགས་པས་དང༌། རྣམ་པ་དུ་མར་དང༌། དེ་དོན་ཕྱིར་ན་དང༌། གྲུབ་ལས་ཞེས་སོགས་རྣམས་སོ། །གཉིས་པ་འབྲས་བུ་དོན་གཉིས་ཕུན་ཚོགས་བཤད་པ་ལ། རང་དོན་ཕུན་སུམ་ཚོགས་པ་བདེ་བར་གཤེགས་པ་དང༌། གཞན་དོན་ཕུན་སུམ་ཚོགས་པ་སྐྱོབ་པ་བཤད་པ་གཉིས་སོ། །དང་པོ་ལ་སྤངས་པ་ཁྱད་པར་གསུམ་ལྡན་བདེ་གཤེགས་སུ་བསྟན་པ་དང༌། སྤངས་པ་ཁྱད་པར་གསུམ་ལྡན་མི་སྲིད་པར་རྩོད་པ་སྤང་བ་རྣམས་ནི། རྒྱུ་སྤངས་དང་ཁ་ཅིག་དང༌། སྐྱོབ་པ་ཉིད་ཅེས་སོགས་རྣམས་སོ། །གྲུབ་དོན་ནི། དེ་ཕྱིར་ཚད་ཡིན་ཞེས་པའོ། །གཉིས་པ་ལ། བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་རྟགས་ཀྱིས་འོ་སྐོལ་གྱི་སྟོན་པ་སྐྱོབ་པ་ཉིད་ཡིན་པར་སྒྲུབ། སྐྱོབ་པ་སོགས་ཕྱི་མ་ཕྱི་མ་ལས་བདེ་བར་གཤེགས་པ་སོགས་སྔ་མ་སྔ་མ་དཔོག་པའི་ཚུལ་ལོ། །དེས་ན་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་བསྟན་པའོ། །དང་པོ་ལ་རྟགས་འགོད། བསྟན་བྱ་བདེན་པ་བཞི་ངོས་བཟུང་བའོ། །དང་པོ་ནི། ཡང་ན་སྐྱོབ་ཅེས་སོགས། སྟོན་པ་བཅོམ་ལྡན་འདས་སྡུག་བདེན་ཕྱིན་ཅི་མ་ལོག་པར་དང༌། ཀུན་འབྱུང་དང་འགོག་པ་དང༌། ལམ་གྱི་བདེན་པ་ཕྱིན་ཅི་མ་ལོག་པར་གསུང་བར་སྒྲུབ་པའོ། །དང་པོ་ལ། སྡུག་བསྔལ་གྱི་བདེན་པ་ངོས་བཟུང༌། དེ་ལ་ཕྱི་རོལ་པའི་སྟོན་པས་བརྟགས་པ་ཕྱིན་ཅི་ལོག་ཡིན་པར་བསྟན། སྟོན་པ་སངས་རྒྱས་ཀྱིས་གསུངས་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་ནི། སྡུག་བསྔལ་འཁོར་བ་ཞེས་པའོ། །གཉིས་པ་ལ། འཁོར་བ་ཡོད་པ་རང་རྒྱུད་ཀྱིས་སྒྲུབ། མེད་པ་ཐལ་འགྱུར་གྱིས་དགག་པའོ། །དང་པོ་ལ་འབྲེལ་ནི་འདི་ཡིན་ཏེ། འདིར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་དེ་སྡུག་བསྔལ་གྱི་བདེན་པར་བཤད་ནས་དེ་རྒྱུ་མེད་ཡིན་པ་དང༌། རྒྱུ་གཞན་ལས་སྐྱེ་བ་བཀག་སྟེ། སྲེད་པ་ཉིད་རྒྱུའི་གཙོ་བོ་ཡིན་པར་སྒྲུབ་པ་ནི། འོག་ཀུན་བྱུང་གི་བདེན་པ་འཆད་པའི་སྐབས་སུ་འབྱུང་ལ། འདིར་ནི་སྲེད་པ་དེ་ཡང་རྒྱུ་མེད་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་བཀག་ནས། མ་རིག་པ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བར་སྒྲུབ་པ་ཡིན་ལ། དེ་ལས་ཀྱང་རྒྱུ་མེད་ལས་སྐྱེ་བ་བཀག་པ་ནི་རྗེས་འགྲོ་སྒྲུབ་པ་ཡིན་ལ། རྒྱུ་གཞན་ལས་སྐྱེ་བ་བཀག་པས་ནི་ལྡོག་པ་སྒྲུབ་པ་ཡིན་ནོ། །འདི་ལ་གཉིས་ཏེ་གོམས་ལས་གསལ་བར་སྐྱེ་བའི་རྟགས་ཀྱིས་ཆགས་སོགས་རྒྱུ་དང་བཅས་པར་སྒྲུབ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད་པའི་རྟགས་ཀྱིས་རྒྱུ་གཞན་ལས་མི་སྐྱེ་བར་སྒྲུབ། དང་པོ་ནི། གོམས་ལས་ཞེས་སོགས། གཉིས་པ་ལ། ཕྱོགས་ཆོས་སྒྲུབ། རྟགས་འགོད། གྲངས་ཅན་གྱི་ཕྱོགས་ཆོས་མ་གྲུབ་པའི་རྩོད་པ་སྤང་བ། དང་པོ་ལ་ཆགས་སོགས་ནད་ཀྱི་ཉེར་ལེན་ལས་སྐྱེ་བ་དགག འབྱུང་བའི་ཉེར་ལེན་ལས་སྐྱེ་བ་དགག དང་པོ་ལྟར་བཀག་པ་ན་ཤེས་པ་སྔ་མ་ཉིད་ཉེར་ལེན་དུ་སྒྲུབ་པ་རྣམས་ནི་རིམ་པར་འཁྲུལ་ཕྱིར་དང༌། འདིས་ནི་བྱུང་བའི་དང༌། གང་ཚེ་ལུས་ལ་དང༌། རྣམ་ཤེས་མིན་པ་དང༌། གལ་ཏེ་དངོས་པོ་ཞེས་སོ། །གཉིས་པ་ཐལ་འགྱུར་ལ། ཆགས་སོགས་མི་སྐྱེ་བར་ཐལ་བ། ཆགས་པ་ཆེ་ཆུང་མཚུངས་པར་ཐལ་བ། ཆགས་སོགས་རྟག་ཏུ་སྐྱེ་བར་ཐལ་བའོ། །དེ་དག་རིམ་པར་སྔ་ན་དང༌། འབྱུང་བའི་དང༌། རྒྱུ་ནི་ཉེ་ཕྱིར་རྣམས་སོ། །གཉིས་པ་སྟོན་པ་སངས་རྒྱས་ཀྱིས་གསུངས་པ་འཐད་པར་སྒྲུབ་པ་ལ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་དོན་ཚང་བའི་ཚུལ་རིམ་པར་སྟོན་པ་ནི། དེ་ནི་དང༌། ཉེས་པའི་དང༌། རྒྱུ་དབང་དང༌། བདག་མིན་དང༌། རྒྱུ་མིན་རྣམས་སོ། །གཉིས་པ་ཀུན་འབྱུང་གི་བདེན་པ་ཕྱིན་ཅི་མ་ལོག་པར་སྟོན་པ་སྒྲུབ་པ་ལ། ཀུན་འབྱུང་གི་བདེན་པ་ཤུགས་བསྟན་གྱི་སྒོ་ནས་ངོས་བཟུང༌། དེ་ལ་ཕྱི་རོལ་པས་བརྟག་པ་དགག སྟོན་པ་སངས་རྒྱས་ཀྱིས་གསུངས་པ་སྒྲུབ་པའོ། །གཉིས་པ་རྒྱུ་མེད་ལས་སྐྱེ་བ་བཀག་པའི་སྒོ་ནས་རྗེས་འགྲོ་སྒྲུབ། རྒྱུ་རིགས་མི་མཐུན་ལས་སྐྱེ་བ་བཀག་སྟེ་ལྡོག་པ་སྒྲུབ་པ། རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་རྟགས་ཀྱིས་སྲེད་པ་ཉིད་རྒྱུར་སྒྲུབ་པའོ། །དེ་དག་ནི་རིམ་པར། རེས་འགའ་བ་ཉིད་དང༌། ཇི་ལྟར་དང༌། རྟགས་རྣམས་དང༌། དེ་ཕྱིར་རྣམས་སོ། །གཉིས་པ་ལ། སྲེད་པ་ངོས་བཟུང་ནས་དེ་ལ་ཀུན་འབྱུང་གི་དོན་ཚང་བར་སྒྲུབ། དེ་ལ་བརྟེན་པ་རྒྱུ་སོགས་ལྷག་མ་རྣམས་ཀྱི་དོན་ཚང་བར་སྒྲུབ་པའོ། །དང་པོ་ནི། གང་གི་ཕྱིར་མི་རྣམས་ཞེས་སོགས་དང༌། གཉིས་པ་ནི། མི་ཤེས་ཞེས་སོགས་ཡིན་ལ། འདི་ལ་རྒྱུ་ཡིན་ཞེས་དང༌། འཕེན་པར་བྱེད་ཅེས་པས་རྒྱུའི་དོན་ཚང་བར་བསྟན། དེ་མ་ཐག་ཕྱིར་ཞེས་པས་རབ་སྐྱེད་དང་རྐྱེན་གྱི་དོན་ཚང་བར་བསྟན། སྲེད་པ་ཉིད་ཅེས་པས་ཀུན་འབྱུང་གི་དོན་ཚང་བར་བསྟན་པ་ཡིན་ནོ། །ཀུན་འབྱུང་གི་བདེན་པ་འཆད་པའི་སྐབས་འདིར་ཆོས་ཅན། མ་རིག་པ་དང་ལས་དང་སྲེད་པ་གསུམ་གྱིས་ནང་ནས་སྲེད་པ་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། དེ་སྡུག་བསྔལ་བདེན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེ་ཡིན་ཏེ། སྡུག་བསྔལ་གསུམ་པོ་གང་རུང་ཡིན་ན། རང་གི་རྣམ་སྨིན་གྱི་རྒྱུར་གྱུར་པའི་ལས་དེ་ལ་སྲེད་པ་དུས་ཀྱི་ཀུན་སློང་དུ་ཡོད་དགོས་པའི་ཕྱིར་དང༌། སྲེད་པ་དུས་ཀྱི་ཀུན་སློང་དུ་ཡོད་པའི་ལས་དེ་ཡིན་ན། སྡུག་བསྔལ་འགྲུབ་བྱེད་ཀྱི་རྒྱུ་ཡིན་དགོས་པའི་ཕྱིར་དང༌། མི་རྟག་པ་དང་ལས་གཉིས་ལ་རྒྱུ་མཚན་དེ་དག་མེད་པའི་ཕྱིར་རོ། །གསུམ་པ་འགོག་བདེན་ཕྱིན་ཅི་མ་ལོག་པ་གསུང་བར་སྒྲུབ་པ་ལ། འགོག་པའི་བདེན་པ་ངོས་བཟུང༌། དེ་ལ་ཕྱི་རོལ་པས་བརྟགས་པ་དགག སྟོན་པ་སངས་རྒྱས་ཀྱིས་གསུངས་པ་ཕྱིན་ཅི་མ་ལོག་པར་བསྟན་པའོ། །དང་པོ་ལ། འབྲེལ་ནི། གོང་དུ་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་སྲེད་པ་ཡིན་པ་དང༌། སྲེད་པ་ཡང་མ་རིག་པའི་རྩ་བ་ཅན་དུ་བཤད་ཟིན་པས་ཕྱོགས་ཆོས་གྲུབ་ན། རྟགས་འགོད་པ་ནི། སྡུག་བསྔལ་གྱི་བདེན་པ་ཆོས་ཅན། གཏན་དུ་བ་མིན་ཏེ། ཁྱོད་ནི་རྒྱུ་མ་ཚང་བ་ཡང་སྲིད། བདག་མེད་རྟོགས་པའི་བར་ཆད་མེད་ལམ་གྱིས་ཁྱོད་ནི་རྒྱུ་མ་རིག་པ་དེའི་ས་བོན་དྲུངས་ཕྱུང་བ་སྲིད་པའི་ཕྱིར། ཞེས་པ་ནི། དེ་ནི་ཞེས་སོགས། གཉིས་པ་ལ། ཆད་སྨྲ་བས་ཐར་པ་མེད་པར་འདོད་པ་དགག རྟག་སྨྲ་བས་ཐར་པ་ཁས་ལེན་ཀྱང་གྲོལ་བ་པོའི་བདག་འདོད་པ་དགག དང་པོ་ནི། འཁོར་ཕྱིར་ཞེས་སོ། །གཉིས་པ་ནི་ཇི་སྲིད་བདག་ཁས་ལེན་པ་དེ་སྲིད་དུ་བདག་ཏུ་འཛིན་པ་སྤོང་མི་ནུས་ལ། དེ་མ་སྤངས་པ་དེ་སྲིད་དུ་ཐར་པ་མི་ཐོབ་བོ། །ཞེས་པ་ནི། ཇི་སྲིད་ཅེས་སོགས། དེ་ལ་རྩོད་པ་གཉིས་འབྱུང་སྟེ། གྲོལ་བ་པོའི་བདག་མེད་ན། གྲོལ་བ་དོན་གཉེར་ལམ་ལ་བརྩོན་པ་མི་འཐད་པར་ཐལ་བ། ཆགས་བྲལ་འཁོར་བར་གནས་པ་མི་འཐད་པར་ཐལ་བའོ། །དང་པོ་ནི། གྲོལ་བ་པོ་ནི་ཞེས་དང༌། གཉིས་པ་ནི། འདོད་ཆགས་བྲལ་བའི་ཞེས་སོགས་ཀྱིས་སྤོང་བ་ཡིན་ནོ། །སྐབས་འདིར། བྱང་སེམས་འཕགས་པ་རྣམས་བརྩེ་བ་སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བར་གནས་པ་དང༌། ཉན་རང་དགྲ་བཅོམ་པ་རྣམས་ལས་ཀྱི་དབང་གིས་འཁོར་བར་གནས་པ་དང༌། ཉན་རང་སློབ་པ་རྣམས་ཉོན་མོངས་པའི་དབང་གིས་འགྲུབ་བྱེད་ཀྱི་ལས་བསགས་ནས་འཁོར་བར་གནས་ཞེས་བསྟན་པ་ལ། རྩོད་པ་འབྱུང་སྟེ། ཆགས་བྲལ་བརྩེ་བའི་དབང་གིས་འཁོར་བར་གནས་ན། དུག་གསུམ་གྱི་དབང་གིས་འཁོར་བར་གནས་པར་ཐལ་བ། དགྲ་བཅོམ་པ་ལས་ཀྱི་དབང་གིས་གནས་ན་འཁོར་བ་ལས་མི་གྲོལ་བར་ཐལ་བ། བྱང་སེམས་བརྩེ་བའི་དབང་གིས་གནས་ན་དགྲ་བཅོམ་པ་ཡང་བརྩེ་བའི་དབང་གིས་གནས་པར་ཐལ་བ། སློབ་པ་ཉོན་མོངས་པའི་དབང་གིས་གནས་ན། མཐོང་ལམ་ཐོབ་ནས་འཁོར་བར་མི་གནས་པར་ཐལ་བ་རྣམས་ནི། སྡུག་བསྔལ་ཤེས་ལ་དང༌། གྲོལ་མེད་མིན་དང༌། སྙིང་རྗེ་དམན་པ་དང༌། གལ་ཏེ་འཇིག་ཚོགས་རྣམས་སོ། །གསུམ་པ་ནི། སྡུག་བསྔལ་ནས། སྨྲོས་ཀྱི་བར་རོ། །སྐབས་འདིར། རྒྱུ་ལས་དང་ཉོན་མོངས་པ་འགོག་པར་སྟོན་པའི་གཞུང་རྣམས་ཀྱིས་འགོག་པའི་དོན་དང༌། འབྲས་བུ་སྡུག་བསྔལ་འགོག་དགོས་པར་སྟོན་པའི་གཞུང་གིས་ཞི་བའི་དོན་དང༌། འགོག་བྱེད་ལམ་ཡིན་པར་སྟོན་པའི་གཞུང་རྣམས་ཀྱི་གྱ་ནོམ་གྱི་དོན་དང༌། སྤངས་པ་སླར་མི་ལྡོག་པར་སྟོན་པའི་གཞུང་གིས་ངེས་འབྱུང་གི་དོན་བསྟན་པ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། ལོག་པར་སྒྲོ་བཏགས་གཞོམ་ཕྱིར་ཞེས་དང༌། ལས་གཞན་འཕེན་ནུས་མིན་ཏེ། ཞེས་དང༌། ཟད་ནས་གཞན་མཚམས་མི་སྦྱོར་ཕྱིར། ཞེས་དང༌། སྡུག་བསྔལ་མི་སྐྱེད་རྒྱུད་ཉིད་ནི། །ཐར་ཡིན་ཞེས་པ་ལྟ་བུའོ། །བཞི་པ་ལམ་གྱི་བདེན་པ་ལ། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་བསྟན། ཕྱི་རོལ་པས་འདོད་པའི་ལམ་བསྒོམས་པས་འཁོར་བ་ལས་མི་གྲོལ་བར་བསྟན་པའོ། །དང་པོ་ལ། ལམ་གྱི་བདེན་པ་ངོས་བཟུང༌། དེ་ལམ་སོགས་བཞིའི་དོན་ཚང་བར་སྒྲུབ། དང་པོ་ལ། གགས་སོགས་སྲིད་ཕྱིར་རོ་ཞེས་བཤད་ན། གགས་དེ་གང་ཡིན་ཞེ་ན། བཤད་ཟིན་ཞེས་སོགས། གཉིས་པ་ལ་ངེས་འབྱིན་གྱི་དོན་ནི། གལ་ཏེ་ཞེས་སོ། །རིག་པའི་དོན་ནི། རྣམས་ཤེས་ཞེས་སོ། །བསྒྲུབ་པའི་དོན་ནི། སེམས་ཀྱི་རང་བཞིན་ཞེས་སོ། །འོ་ན་བཤད་ཟིན་ལམ་དེ་ཞེས་བཤད་ན། ཕན་བཞེད་པ་དང་སྟོན་པ་གཉིས་ལམ་ཡིན་ནམ་ཞེ་ན། དེ་མ་ཡིན་གྱི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཁོ་ནའོ་ཞེས་སྟོན་པ་ནི། བདག་འཛིན་ནས་གྲུབ་པ་ཡིན་གྱི་བར་རོ། །གསུམ་པ་ནི། ཟད་མིན་ཞེས་སོ། །གཉིས་པ་ལ་ཐར་པ་ཁས་ལེན་པའི་ཕྱི་རོལ་པ་དག་ན་རེ། གྲོལ་བ་པོའི་བདག་ཁས་ལེན་དགོས་ཏེ། དེ་མེད་ན་སུས་ཀྱང་ཐར་པ་མི་ཐོབ་པའི་ཕྱིར། ཞེས་ཟེར་རོ། །དེ་དགག་པ་ལ། ཐུན་མོང་དུ་དགག་པ་དང༌། སོ་སོར་དགག་པ། བཀག་པ་དེ་ལ་རྩོད་པ་སྤང་བ། དེས་གྲུབ་པའི་དོན་ནོ། །དང་པོ་ནི། གང་ཞིག་བདག་མཐོང་ཞེས་པའོ། །གཉིས་པ་ལ་བྱེ་བྲག་པས་འདོད་པའི་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་དགག གྲངས་ཅན་འདོད་པའི་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བ་དགག དབང་ཕྱུག་པ་འདོད་པའི་ལམ་བསྒོམས་པས་དང༌། གཅེར་པུ་པས་འདོད་པའི་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། ཇི་སྲིད་བདག་དང་དབང་སོགས་བདག་གི་བ་གཉིས་ཀྱི་འཕྲོ་འདུའི་འབྲེལ་པ་གྲུབ་པ་དེ་སྲིད་དུ། འཁོར་བ་པ་ཡིན་ལ། བདག་ལ་ཆགས་པ་སྐྱོན་བཅས་སུ་བསྒོམས་པ་ལ་བརྟེན་ནས། དབང་སོགས་བདག་གི་བ་ལ་ཆགས་པ་སྤོང་ཞིང༌། དེ་ལས་བདག་དང་བདག་གི་བ་གཉིས་ཀྱིས་འཕྲོ་འདུའི་འབྲེལ་པ་ཆད་ནས་བདག་ཡན་གར་དུ་གནས་པ་དེའི་ཚེ་ཐར་པ་ཐོབ་པ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ། ཇི་སྲིད་བདག་ཉེས་མེད་ཡོན་ཏན་ཅན་དུ་འཛིན་པ་དེ་སྲིད་དོ། །བདག་ལ་ཆགས་པ་སྤོང་མི་ནུས་སོ་ཞེས་སྟོན་པ་ནི། ངེས་པར་བདག་ལ་ཆགས་པ་ནི། །ཞེས་པ་ནས། དེ་ལ་ཇི་ལྟར་གནོད་ཀྱི་བར་རོ། །གཉིས་པ་ལ་གྲངས་ཅན་ན་རེ། ཇི་སྲིད་བདག་དང་དབང་སོགས་བདག་གི་བ་གཉིས་གཅིག་ཏུ་འཛིན་པ་དེ་སྲིད་དུ་འཁོར་བ་པ་ཡིན་ལ། ཐ་དད་དུ་ཤེས་པ་དེའི་ཚེ་འཁོར་བ་ལས་གྲོལ་བ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ལ། ད་ལྟར་དུ་འཁོར་བ་པ་རྣམས་ཀྱིས་ཀྱང་ཤེས་པ་པོ་ཞེས་སྟོན་པ་ནི། མཆོག་གཞན་ནས། བྱུང་བར་གྱིས་ཀྱི་བར་རོ། །གསུམ་པ་ནི། དབང་ཕྱུག་པ་ན་རེ། དབང་ཕྱུག་གི་དབང་བསྐུར་བྱས་པ་ལས་འཁོར་བ་ལས་གྲོལ་བ་ཡིན་ཏེ། དེ་ལྟར་དབང་ཕྱུག་གི་ལུང་ལས་བཤད་པའི་ཕྱིར་དང༌། མངོན་སུམ་གྱིས་ཀྱང་འགྲུབ་སྟེ། དབང་ཕྱུག་གི་དབང་བསྐུར་བྱས་མ་ཐག་ཏུ་ལུས་ཀྱི་ལྕིད་ཡང་བར་མཐོང་བའི་ཕྱིར་དང༌། རིགས་པས་ཀྱང་གྲུབ་སྟེ། དབང་ཕྱུག་གི་རིག་སྔགས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་བསྐྱེད་པའི་ཕྱིར། ཞེས་ཟེར་རོ། །དེ་དགག་པ་ནི། ལུང་ནི་ནས། འགྲུབ་པ་མིན་གྱི་བར་རོ། །གསུམ་པ་ནི། གྲོལ་བ་པོའི་བདག་རྟག་པ་མེད་པར་ཁས་བླངས་པ་ལ། ཕྱི་རོལ་པ་ན་རེ། བདག་གིས་བྱས་པའི་འབྲས་བུ་ལ་གཞན་གྱིས་ལོངས་སྤྱོད་པ་དང༌། བདག་གི་མྱོང་བ་གཞན་གྱི་དྲན་པར་འགྱུར་ཏེ། བདག་གི་མྱོང་བ་དང་དྲན་པ་ནི་ཡོད་ལ། བདག་རྟག་པ་མེད་པའི་ཕྱིར་ཞེ་ན། དཔལ་ལྡན་ཆོས་ཀྱི་གྲགས་པ་ཆོས་ཅན། ཁྱོད་ལ་ཐལ་བ་དེས་གནོད་པ་མིན་ཏེ། བདག་གིས་མྱོང་བ་དང་དྲན་པ་ཁྱོད་ཀྱིས་ཁས་མ་བླངས་པའི་ཕྱིར། ཞེས་པ་ནི། གཞན་གྱིས་ཞེས་སོགས། བཞི་པ་ནི། བདེན་པ་བཞི་ལ་ཞེས་སོགས། བཞི་པ་ནི། གཅེར་བུ་པ་ན་རེ། ལས་དང་ལུས་དང་སྲེད་པ་གསུམ་ཀ་འཁོར་བའི་རྒྱུ་ཡིན་པས། ལས་གསར་པ་མི་གསོག་ཅིང་རྙིང་པ་ཟད་པར་བྱ་བའི་དོན་དུ། སྐྲ་འབལ་བ་དང༌། མེ་ལྔ་བརྟེན་པ་ལ་སོགས་པའི་དཀའ་ཐུབ་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་དགག་པ་ནི། ལས་དང་ལུས་ངག་ཅེས་སོགས་ཏེ། མི་ནུས་པ་དང༌། མི་ཕན་པ་དང༌། མི་དགོས་པ་དང་གསུམ་གྱི་སྒོ་ནས་འཆད་དོ། །སྔ་མ་ལས་ཟད་དུབ་པ་ལ་འཕྲོས་ནས། སངས་རྒྱས་པ་རང་གི་ལུགས་ལ་ཟག་པ་དང་བཅས་པའི་ལས་སྤང་མི་དགོས་སམ་ཞེ་ན། ཉོན་མོངས་སྤངས་པའི་སྒོ་ནས་ལས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཡིན་གྱི། ལས་བྱས་ཟིན་སྤོང་བ་མ་ཡིན་ནོ། །ཞེས་སྟོན་པ་ནི། སྐྱེ་འདོད་ཅེས་སོ། །གཉིས་པ་སྐྱོབ་པ་སོགས་ཕྱི་མ་ལས་བདེ་བར་གཤེགས་པ་སོགས་སྔ་མ་དཔོག་པའི་ཚུལ་ནི། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། མཉམ་གཞག་ཏུ་ཁྱད་པར་གསུམ་ལྡན་གྱི་མཁྱེན་པ་སྔོན་དུ་སོང་བ་ཡིན་ཏེ། སྐྱོབ་པ་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུ་དུས་ཀྱི་སྟོན་པ་སྔོན་དུ་སོང་བ་ཡིན་ཏེ། བདེ་བར་གཤེགས་པ་ཉིད་ཡིན་པའི་ཕྱིར། དེ་དང་རྒྱུད་གཅིག་པའི་བྱང་སེམས་འཕགས་པ་ཆོས་ཅན། སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། རྒྱུ་དུས་ཀྱི་སྟོན་པ་ཐུགས་རྒྱུད་ལ་མངའ་བའི་ཕྱིར། དེས་ན་བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ཉམས་སུ་བླངས་པ་ལས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་འཁྲུངས་པའི་ཕྱིར། ཞེས་རིམ་པར་སྟོན་པ་ནི། སྐྱོབ་ལས་དང༌། དེའི་ཕྱིར་གཞན་དོན་དང༌། དེ་ལས་བརྩེ་བ་ཡིན་དང༌། བརྩེ་བས་ཞེས་སོགས། གཉིས་པ་ནི། སློབ་དཔོན་བདག་ཉིད་ཆེན་པོས་བསྟན་བཅོས་ཀྱི་ཐོག་མར་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་གཏན་ཚིགས་ཡང་དག་གིས་བསྒྲུབས་ནས་ཕྱག་འཚལ་བ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་རྗེས་སུ་དཔག་པའི་ཚད་མ་གསུང་བར་གྲུབ་བོ་ཞེས་ཤེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཡང་དེས་ཚད་མ་སྒྲུབ་ཕྱིར་ཞེས་སོགས་རྩོམ་པར་དམ་བཅའ་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལས། ཚད་མ་མངོན་རྗེས་གཉིས་ཀྱི་མཚན་ཉིད་དང༌། མཚན་གཞིའི་རྣམ་པར་བཞག་པ་སོགས་ཕྱིན་ཅི་མ་ལོག་པར་གསུངས་སོ་ཞེས་བསྒྲུབ་པའི་ཆེད་ཡིན་པའི་ཕྱིར་ཞེས་སྟོན་པ་ནི། དེ་ལྟའི་དངོས་སྟོན་ནས། གསལ་བར་བཤད་ཀྱི་བར་རོ། །ཡང་ན་བཤད་ཚུལ་གཉིས་པོའི་ཁྱད་པར་འདི་ཡིན་ཏེ། སྔ་མར་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཚོགས་པའི་རྟགས་ཀྱིས་དཔེ་དོན་གཉིས་ཀ་ཚད་མར་བསྒྲུབ་པ་ཡིན་ནོ། །གཉིས་པར། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་འཁྲུངས་པའི་རྟགས་ཀྱིས་དོན་གྱི་ཚད་མ་ཁོ་ན་བསྒྲུབས་པ་ཡིན་ནོ། །སྔ་མར་ནི་སྒྲུབ་བྱེད་ཀྱི་ཐབས་ལ་ལྟོས་པའི་རྟགས་ཀྱིས་གྱུར་པ་ཉིད་དུ་བཤད་པ་ཡིན་ལ། གཉིས་པར་ནི། སྒྲུབ་བྱེད་དེ་གཞན་རྒྱུད་ལ་མངོན་པར་སྦྱོར་བའི་རྟགས་ཀྱིས་གྱུར་པ་ཉིད་དུ་བསྒྲུབས་པ་ཡིན་ནོ། །སྔ་མར་ནི། གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་ཆ་ནས་ཕན་བཞེད་པ་དེ་བཤད་པ་ཡིན་ལ། སྔ་མར་ནི། རང་གི་སྡུག་བསྔལ་སེལ་བའི་ཆེད་དུ་ལམ་ཉམས་སུ་ལེན་པའི་ཆ་ནས་སྟོན་པ་བཤད། གཉིས་པར་ནི། གཞན་རྒྱུད་ཀྱི་སྡུག་བསྔལ་སེལ་བའི་ཆེད་དུ་ལམ་ཉམས་སུ་ལེན་པའི་ཆ་ནས་སྟོན་པར་བཤད། སྔ་མར་ནི་སྤངས་པ་ཁྱད་པར་གསུམ་ལྡན་གྱི་ཆ་ནས་བདེ་བར་གཤེགས་པ་བཤད་ཅིང༌། དེའི་རྒྱུའི་གཙོ་བོ་སྟོན་པ་ལ་བཤད། གཉིས་པར་ནི། རྟོགས་པ་ཁྱད་པར་གསུམ་ལྡན་གྱི་ཆ་ནས་བདེ་བར་གཤེགས་པ་བཤད། དེའི་རྒྱུའི་གཙོ་བོ་ཡང་ཕན་བཞེད་པར་བཤད། སྔ་མར་ནི་རང་གིས་གཟིགས་པའི་ལམ་གཞན་ལ་སྟོན་པའི་ཐུགས་མངའ་བའི་ཆ་ནས་སྐྱོབ་པ་ཉིད་ཡིན་པར་བཤད། གཉིས་པར་ནི། རང་གིས་གཟིགས་པའི་ལམ་གཞན་ལ་སྟོན་པའི་མཁྱེན་རབ་མངའ་བའི་ཆ་ནས་སྐྱོབ་པ་ཉིད་ཡིན་པར་བཤད། གཏན་ཚིགས་གཉིས་ཀྱི་ཁྱད་པར་ཡང་འདི་ཡིན་ཏེ། བྱང་སེམས་འཕགས་པ་ཆོས་ཅན། རང་དོན་སྤངས་པ་ཕུན་ཚོགས་དང༌། གཞན་དོན་ཕྲིན་ལས་ཕུན་ཚོགས་རང་རྒྱུད་ལ་འབྱུང་དུ་རུང་སྟེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་མངའ་བའི་ཕྱིར། སྟོན་པ་བཅོམ་ལྡན་འདས་ཆོས་ཅན། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་སྔོན་དུ་སོང་བ་ཡིན་ཏེ། རང་དོན་རྟོགས་པ་ཕུན་ཚོགས་གཞན་དོན་ཕྲིན་ལས་ཕུན་ཚོགས་ཐུགས་རྒྱུད་ལ་མངའ་བའི་ཕྱིར། ཞེས་པའོ། །མཆོད་བརྗོད་ཚིག་གི་དོན་དྲུག་པའོ། །བསྒྲུབ་བྱ་གཉིས་དང་སྒྲུབ་བྱེད་བཞི། །སྒྲུབ་བྱེད་བཤད་ཚུལ་གཉིས་ཀྱིས་ཏེ། །བསྒྲུབ་བྱའི་དམ་བཅའ་འཇུག་བསྡུད་ཀྱི། །ཚུལ་དུ་བཤད་ཀྱི་ལུགས་འབྱུང་དང༌། །ལུགས་ལས་བཟློག་པའི་བཤད་པ་མེད། །ཅེས་བསྡུ་བའི་ཚིགས་སུ་བཅད་པ་ཉེ་བར་སྦྱར་བ་ཡིན་ནོ། །ཚད་མར་གྱུར་པའི་བཅོམ་ལྡན་ཉག་གཅིག་ནི། །ཚད་མར་བསྒྲུབ་པའི་དཔེ་དང་གཏན་ཚིགས་ཀྱིས། །ཚད་མ་མིན་པའི་ལོག་རྟོག་ཀུན་བསལ་ཏེ། །ཚད་མ་གྲུབ་པ་ཇི་བཞིན་ལེགས་པར་བཤད། །ཅེས་བྱ་བ་འདིས་ནི་ཚད་མ་གྲུབ་པའི་ལེའུ་ཡི་སྔ་ཕྱིའི་འབྲེལ་དང་གཞུང་སོ་སོའི་ངག་དོན་ཟུར་ཕྱིན་པར་བཤད་པ་ཡིན་ནོ།།  །།རྣམ་དཔྱོད་རྟ་བརྒྱས་དྲངས་པའི་རིགས་པ་ཡི། །ཤིང་རྟའི་ཁྲི་ལ་ཆོས་ཀྱི་འོད་སྟོང་ཅན། །སྙན་གྲགས་ཤར་གྱི་རི་བོའི་བ་གམ་ལ། །ལེགས་པར་བཤད་པ་ཁྱོད་ལ་ཕྱག་འཚལ་ལོ། །མངོན་པར་ཤར་ན་ཟླ་བའི་མཛེས་པ་འཕྲོག །མངོན་དུ་གྱུར་ན་མི་ཤེས་རབ་རིབ་སེལ། །མངོན་ཤེས་ཅན་བཞིན་གནས་ཚུལ་ཀུན་སྟོན་པའི། །མངོན་སུམ་ལེའུའི་ཉི་མ་དེང་འདིར་ཤར། །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། མངོན་གྱུར་གྱི་གཞལ་བྱ་གཞན་ལ་སྟོན་པའི་ཐབས་མངོན་སུམ་གྱི་ལེའུ་བཤད་པར་བྱའོ། །འོ་ན་འདི་རང་ཉིད་ཀྱིས་གཞལ་བྱ་རྟོགས་པའི་ཐབས་མིན་ནམ་ཇི་ལྟར་ན་གཞན་ལ་མངོན་གྱུར་སྟོན་པའི་ཐབས་ཡིན་ཞེ་ན། ལེའུ་འདིར་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བ་དེ་རང་ཉིད་ཀྱིས་མངོན་གྱུར་རྟོགས་པའི་ཐབས་ཁོ་ནར་འཆད་པ་ནི་མིན་ཏེ། རང་ཉིད་ཀྱིས་གཞལ་བྱ་མངོན་གྱུར་རྟོགས་པ་ནི་རང་ཉིད་ཀྱི་མྱོང་བས་གྲུབ་པས། དེ་ལ་སྙོན་པ་སུ་ཡང་མེད་པའི་ཕྱིར་རོ། །གཞན་ལ་མངོན་པར་སྟོན་པའི་ཐབས་སུ་ནི། མངོན་སུམ་ལ་ལོག་པར་རྟོག་པ་བསལ་དགོས་ཏེ། དེ་མ་བསལ་བར་མངོན་སུམ་གྱིས་གྲུབ་པའི་དོན་ནི་འདི་ཡིན་ནོ། །ཞེས་གཞན་ལ་ཐ་སྙད་ཀྱིས་བསྟན་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་འོ་ན་དེ་མ་བསལ་བར་དེས་གྲུབ་པའི་དོན་འདི་ཡིན་ནོ་ཞེས་རང་གིས་ཀྱང་མི་ངེས་པའི་ཕྱིར། རང་གིས་མངོན་གྱུར་རྟོགས་པའི་ཐབས་སུ་ཡང་མཚུངས་སོ་ཞེ་ན། ཐབས་ཙམ་དུ་མཚུངས་མོད་མངོན་སུམ་གྱི་ལེའུ་བསྟན་དགོས་པའི་གཙོ་བོ་དེ་མིན་ཏེ། རང་ཉིད་ནི་མངོན་སུམ་གྱིས་གྲུབ་པའི་དོན་ལ་རྨོངས་པ་སེལ་མི་དགོས་ལ། ཕ་རོལ་གཞན་ནི་ཐ་སྙད་ལ་རྨོངས་པ་མ་བཟློག་པར་རྗེས་སུ་བཟུང་མི་ནུས་པའི་ཕྱིར་དང༌། འདིར་ལོག་པར་རྟོག་པ་སེལ་བའི་གཞུང་གི་ཆ་ཤས་དག་ཏུ་ལོག་པར་རྟོག་པ་སེལ་བ་དེ་དག་ཀྱང་གཞན་ངོར་སེལ་བ་ཁོ་ནར་སྣང་གི་རང་གི་ངོར་སེལ་བ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། རྗེས་སུ་དཔག་པའི་ཚད་མ་ལ་ནི་མི་མཚུངས་ཏེ། དུ་བས་ལ་མེ་ལྡན་དུ་རྟོགས་པ་ལྟ་བུ་འགའ་ཞིག ཐ་སྙད་ལ་མི་ལྟོས་ཀྱང་ཤིན་ཏུ་ལྐོག་ཏུ་གྱུར་པ་རྣམས་ལུང་གི་ཐ་སྙད་ལ་མ་བརྟེན་པར་དེའི་དོན་ལ་རྟོགས་པ་པོ་རང་ཉིད་རྨོངས་པ་མཐོང་བའི་ཕྱིར། དོན་དང་དོན་མིན་པ་རྣམ་པར་འབྱེད་པའི་རྒྱུ་ཡིན་པས། རྗེས་དཔག་དང་པོར་འཆད་ཅེས་པའི་དོན་ཡང་དེ་ཉིད་དོ། །གཞན་དུ་ན་མངོན་གྱུར་རྟོགས་པ་རྟགས་ལ་ལྟོས་པར་འགྱུར་ཏེ་དེ་རྟོགས་པ་ནི་མངོན་སུམ་ལ་ལོག་པར་རྟོག་པ་རྣམ་པ་བཞི་བསལ་བ་ལས་རྟོགས་པ་ཡིན་ལ། དེ་ཡང་གཏན་ཚིགས་ཡང་དག་དང་ཐལ་འགྱུར་ལས་རྟོགས་པའི་ཕྱིར་རོ། །དེ་ལ་ཐོག་མར་སྤྱིའི་འབྲེལ་ནི། ལོག་པར་རྟོག་པ་རྣམ་པ་བཞི་བསལ་བའི་སྒོ་ནས་མངོན་སུམ་གྱི་ལེའུ་འཆད་དོ། །ཞེས་པ་འགྲེལ་པ་བྱེད་པ་དག་གི་ལུགས་སོ། །དེ་དང་མཐུན་པར་བཤད་ན། ལོག་པར་རྟོག་པ་ནི་གཉིས་ཏེ། དོན་དམ་པའི་ཚད་མ་དང༌། ཐ་སྙད་པའི་ཚད་མ་ལ་ལོག་པར་རྟོག་པ་ལྟ་བུའོ། །དང་པོ་དེ་ལ་མི་སྲིད་པའི་ལོག་པར་རྟོག་པ་ནི། ཚད་མ་གྲུབ་པར་བསལ་ཞིང༌། སྲིད་ཀྱང་རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི། ལེའུ་འདིར་སེལ་བར་བྱེད་དོ། །གཉིས་པ་ལ། ངོ་བོ་ལ་ལོག་པར་རྟོག་པ་དང༌། གྲངས་ལ་དང༌། སྤྱོད་ཡུལ་དང༌། འབྲས་བུ་ལ་ལོག་པར་རྟོག་པའོ། །དང་པོ་ལ། སྤྱིའི་ངོ་བོ་ལ་དང༌། སོ་སོའི་ངོ་བོ་ལ་ལོག་པར་རྟོག་པའོ། །དང་པོ་ལ་མི་སྲིད་པའི་ལོག་རྟོག་དང༌། སྲིད་ཀྱང་མཚན་ཉིད་ལ་ལོག་པར་རྟོག་པ་གཉིས་ནི། ཚད་མ་གྲུབ་པའི་ལེའུར་བསལ་བ་ཡིན་ནོ། །གཉིས་པ་ལ། མངོན་སུམ་གྱི་ངོ་བོ་ལ་ལོག་པར་རྟོག་པ་དང༌། རྗེས་དཔག་གི་ངོ་བོ་ལ་ལོག་པར་རྟོག་པའོ། །དང་པོ་ལ། མི་སྲིད་པའི་ལོག་པར་རྟོག་པ་ནི་གྲུབ་མཐའ་སྨྲ་བ་དག་ལ་མེད་ལ། དེ་ཚད་མ་མིན་པར་འདོད་པའི་ལོག་པར་རྟོག་པ་དག་ནི་ཡོད་པས་དེ་ནི་ཚད་མའི་མཚན་ཉིད་བསྟན་པས་སེལ་ལོ། །མངོན་སུམ་གྱི་ཚད་མ་ཁས་བླངས་ནས་རང་གི་ངོ་བོ་ལ་ལོག་པར་རྟོག་པ་ནི་ལེའུ་འདིར་སེལ་བར་བྱེད་དོ། །གཉིས་པ་ལ། རྗེས་སུ་དཔག་པའི་ཚད་མ་མེད་པར་འདོད་པ་ནི་ལེའུ་འདིར་སེལ་བར་བྱེད་དོ། །ཡོད་ཀྱང་རྟེན་གཏན་ཚིགས་ལ་ལོག་པར་རྟོག་པ་ནི་རང་དོན་རྗེས་སུ་དཔག་པའི་ལེའུས་སེལ་བར་བྱེད་དོ། །གཉིས་པ་གྲངས་ལ་ལོག་པར་རྟོག་པ་ལ། སྤྱིའི་གྲངས་ལ་ལོག་པར་རྟོག་པ་དང༌། སོ་སོའི་གྲངས་ལ་ལོག་པར་རྟོག་པའོ། །དང་པོ་ནི། གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ལ་སོགས་པས་སེལ་བར་བྱེད་དོ། །གཉིས་པ་ནི། རྗེས་སུ་དཔག་པའི་གྲངས་ལ་ལོག་པར་རྟོག་པ་སེལ་བ་ནི། གཞན་དོན་གྱི་ལེའུས་འཆད་ལ། མངོན་སུམ་གྱི་གྲངས་ལ་ལོག་པར་རྟོག་པ་ལ་ཡང༌། མངོན་སུམ་དང་པོ་མེད་པར་འདོད་པའི་ལོག་རྟོག་ནི་གྲུབ་མཐའ་སྨྲ་བ་ལ་མེད་ཅིང༌། མུ་སྟེགས་རྣ་བ་མ་ཕུག་པ་ཡིད་ཀྱི་མངོན་སུམ་མེད་པར་འདོད་པ་དང༌། གྲངས་ཅན་དང་བྱེ་བྲག་པ་རང་རིག་པའི་མངོན་སུམ་མེད་པར་འདོད་ལ། རྒྱང་འཕན་པ་རྣལ་འབྱོར་པའི་མངོན་སུམ་མེད་པར་འདོད་པ་རྣམས་ལས། དང་པོ་གཉིས་ནི་ལེའུ་འདིར་སེལ་བར་བྱེད་ཅིང༌། གསུམ་པ་ནི་སྔར་བསལ་ཟིན་ཏོ། །མངོན་སུམ་གྱི་ཡུལ་མིན་པ་ལ་ཡིན་པའི་ལོག་པར་རྟོག་པ་དང༌། ཡིན་པ་ལ་མིན་པའི་ལོག་པར་རྟོག་པ་རྣམས་ཏེ་དེ་དག་ནི་ལེའུ་འདིར་སེལ་བར་བྱེད་དོ། །བཞི་པ་ཚད་མའི་འབྲས་བུ་ལ་ལོག་པར་རྟོག་པ་ལ། སྤྱི་ལ་ལོག་པར་རྟོག་པ་དང༌། སོ་སོ་ལ་ལོག་པར་རྟོག་པའོ། །དང་པོ་ནི། ཚད་མ་གྲུབ་པར་སེལ་ཟིན་ཏོ། །གཉིས་པ་ལ། མངོན་སུམ་གྱི་དང༌། རྗེས་སུ་དཔག་པའི་ཚད་འབྲས་ལ་ལོག་པར་རྟོག་པའོ། །དང་པོ་ལ། དོན་རིག་མངོན་སུམ་གྱི་དང༌། རང་རིག་མངོན་སུམ་གྱི་ཚད་འབྲས་ལ་ལོག་པར་རྟོག་པ་སྟེ། དེ་དག་ནི་ལེའུ་འདིས་སེལ་བར་བྱེད་ཅིང༌། རྗེས་དཔག་གི་ཚད་འབྲས་ལ་ལོག་པར་རྟོག་པ་ནི་ཤས་ཆུང་བས་དེ་སེལ་བྱེད་རྒྱས་པར་མ་གསུངས་ཤིང་མངོན་སུམ་གྱི་ལེའུར་ཁ་འཕངས་པ་ཡིན་ནོ། །ཡང་འདི་ལྟར་ཡང་ཤེས་པར་བྱ་སྟེ། ཐ་སྙད་པའི་ཚད་མ་ནི་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །མངོན་སུམ་ལ་ཡང་གཉིས་ཏེ། དོན་རིག་པའི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་མོ། །དང་པོ་ནི། རྟོག་པ་མེད་ཅིང་བག་ཆགས་བརྟན་པའི་ཕྱིར་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་ཙམ་ལ་དགོངས་ནས་ཚད་མར་བཤད་པ་ཡིན་ནོ། །དགོས་པ་ནི་དོན་སྨྲ་བ་དག་རིམ་གྱིས་དྲང་བར་བྱ་བའི་ཆེད་ཡིན་ལ། དངོས་ལ་གནོད་བྱེད་ནི། ཚད་མ་མིན་ཏེ། ལོག་པའི་ཤེས་པ་ཡིན་པའི་ཕྱིར། རང་རིག་པ་ལ་ཡང་གཉིས་ཏེ། ཕྱི་རོལ་གྱི་རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པའི་རང་རིག་རང་གསལ་བའོ། །དང་པོ་ནི། ཡང་དག་པར་མངོན་སུམ་གྱི་ཚད་མ་མ་ཡིན་ཏེ། སྒྲོ་བཏགས་པའི་ཡུལ་ཅན་ཡིན་པའི་ཕྱིར། རྗེས་སུ་དཔག་པའི་ཚད་མ་རྣམས་ལས་ཀྱང་དུ་བས་ལ་མེ་ལྡན་དུ་རྟོག་པ་ལྟ་བུ་འགའ་ཞིག་ནི་ཚད་མ་ཡིན་ལ། ཉེར་ལེན་གྱི་མིང་བཞིའི་ཕུང་པོ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་རྟོགས་པའི་རྗེས་དཔག་རྣམས་ནི་དོན་སྨྲ་བ་དང་ཐུན་མོང་དུ་ཐ་སྙད་པའི་ཚད་མར་བཞག་པ་ཁོ་ནར་མ་ཟད། གནས་སྐབས་ཀུན་ཏུ་ཐ་སྙད་པའི་ཚད་མར་ཁས་ལེན་དགོས་པ་ཡིན་ཏེ། དེས་བཟུང་བའི་དོན་གོམས་པར་བྱས་པ་ལས་དོན་དམ་པའི་ཚད་མ་མངོན་དུ་བྱེད་པའི་ཕྱིར་རོ། །དེས་ན་སྡེ་བདུན་དུ། དོན་སྨྲ་བའི་གྲུབ་པའི་མཐའ་ལ་བརྟེན་ནས་ཐ་སྙད་པའི་ཚད་མ་བསྟན་པའི་དགོས་པ་ནི་གཉིས་ཏེ། ཕྱི་རོལ་གྱི་དོན་དུ་ཞེན་པ་བཟློག་པ་དང༌། དོན་དམ་པའི་ཚད་མ་ལ་འཇུག་པའོ། །དང་པོ་ནི། དོན་རིག་པའི་མངོན་སུམ་དུ་བཤད་པ་རྣམས་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་ཙམ་ལ་འཇིག་རྟེན་ན་ཚད་མར་བརྗོད་པ་ཡིན་གྱི། མ་རིག་པའི་སླད་པ་ཞུགས་པའི་ཕྱིར། རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་བཞིན་དུ་འཁྲུལ་ལོ་ཞེས་བརྗོད་པས། དོན་དུ་མངོན་པར་ཞེན་པ་བཟློག་པའི་ཕྱིར། འོ་ན་དེ་ལྟ་བུ་དེ་རྣམ་པར་རིག་པ་ཙམ་གྱི་ཚུལ་བསྟན་པའི་དགོས་པར་སོང་གི དོན་རིག་པའི་མངོན་སུམ་ཚད་མར་བསྟན་པའི་དགོས་པར་མ་སོང་ཞིང་དོན་དུ་མངོན་པར་ཞེན་པ་བཟློག་པ་ལ་དང་པོ་ཉིད་ནས་དོན་དུ་སྣང་བའི་ཤེས་པ་འཁྲུལ་པ་ཡིན་པར་བརྗོད་པས་མཆོག་པ་ཅི་ཞིག་ཡོད་ཅེ་ན། མིན་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བའི་གྲུབ་པའི་མཐའ་ལ་མ་ལྟོས་པར་དང་པོ་ཉིད་ནས་རྗེས་སུ་བཟུང་བར་མི་ནུས་པ་དག་མཐོང་བའི་ཕྱིར། གཞན་དུ་ན་གྲུབ་མཐའ་སྨྲ་བ་བཞིའི་རིམ་པ་དོན་མེད་པར་འགྱུར་རོ། །གཉིས་པ་ནི། རྗེས་སུ་དཔག་པའི་ཚད་མས་བསྟན་པ་ནི་དོན་དམ་པའི་ཚད་མ་མངོན་དུ་བྱེད་པའི་དགོས་པ་གྲུབ་པ་ཡིན་ཏེ། རྣལ་འབྱོར་པའི་མངོན་སུམ་ཇི་སྙེད་པ་ནི་རྗེས་སུ་དཔག་པའི་ཚད་མ་མངོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། དེ་ལྟར་ན་འདིར་ཡིན་ལུགས་ཀྱི་ཚད་མ་ནི་རང་རིག་རང་གསལ་བ་གཅིག་པུ་ཡིན་ལ། དེ་ཡང་སེམས་ཅན་ཐམས་ཅད་ལ་ཡོད་མོད། ཚུ་རོལ་མཐོང་བ་རྣམས་ཀྱིས་ངོས་མི་ཟིན་པའི་ཕྱིར། འཕགས་པའི་ཚད་མ་ཁོ་ནར་བཞག་པ་ཡིན་ནོ། །ཇི་སྐད་འདི་ནི་ཀུན་ཏུ་ཐ་སྙད་པའི་ཚད་མའི་རང་བཞིན་བརྗོད་པ་ཡིན་ཏེ། འདི་ཡང་ཕ་རོལ་རྨོངས་པ་འཇིག་རྟེན་བསླུ་བར་བྱེད་པའི་ཕྱིར། བསམ་པ་ལས་བྱུང་བ་ཉིད་ཀྱི་ཤེས་རབ་གོམས་པར་བྱས་པས། རྣམ་པར་འཁྲུལ་པས་དབེན་ཞིང་དྲི་མ་མེད་ལ་རྟོག་པ་མེད་པ་དོན་དམ་པའི་ཚད་མ་མངོན་སུམ་དུ་བྱེད་དོ། །ཞེས་གསུངས་པ་ཡིན་ནོ། །ཞེས་བྱ་བ་འདི་མངོན་སུམ་ལེའུ་ཡི་སྤྱིའི་འབྲེལ་ཡིན་ནོ། །གཉིས་པ་སོ་སོའི་འབྲེལ་ལ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་སྒྲུབ། མངོན་སུམ་གཏན་ལ་ཕབ་པའོ། །དང་པོ་ལ་སྒྲུབ་བྱེད་ཡོད་པར་བསྟན། གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ལ་རྟགས་འགོད། ཚུལ་སྒྲུབ། དེས་གྲུབ་པའི་དོན་ནོ། །དང་པོ་ནི། ཇི་སྐད་དུ། བདག་ཉིད་ཆེན་པོས། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིས་གཞལ་བྱ། །དེ་ལ་རབ་འབྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་བྱ་བའི་མདོ་དེས་ཚད་མ་གཉིས་ལས་མང་བའི་ལོག་པར་རྟོག་པ་བསལ་མོད། རྗེས་སུ་དཔག་པའི་ཚད་མ་མེད་པར་འདོད་པའི་ལོག་པར་རྟོག་པ་མ་བསལ་ལོ་སྙམ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བཞེད་པ་ཡིན་ཏེ། ཚད་མའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་བཞེད་པའི་ཕྱིར། ཞེས་སྟོན་པ་ནི། གཞལ་བྱ་གཉིས་ཕྱིར་ཞེས་རྐང་པ་གཅིག་གོ འདིར་གྲངས་ངེས་པའི་དོན་ནི། ཚད་མ་ལ་མངོན་རྗེས་གཉིས་སུ་དབྱེར་ཡོད། དེ་གཉིས་ལས་མང་མི་དགོས་ཤིང་ཉུང་ན་མི་འདུ་བ་ལ་བྱ་བ་ཡིན་ནོ། །མང་མི་དགོས་པའི་དོན་ཡང༌། ཚད་མ་ལ་དེ་གཉིས་གང་རུང་གིས་ཁྱབ་པ་ཡིན་ནོ། །མི་འདུ་བའི་དོན་ནི་གཉིས་པོ་རེ་རེ་ནས་ཚད་མ་ཡིན་པའོ། །གཉིས་པ་ལ་ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ། རང་སྤྱི་གཉིས་ཀྱི་རང་བཞིན་གཏན་ལ་ཕབ་པའོ། །དང་པོ་ལ། རྟགས་འགོད། ཁྱབ་པ་སྒྲུབ། ཁྱབ་པའི་སྒྲུབ་བྱེད་ལ་རྩོད་པ་སྤང་བའོ། །དང་པོ་ནི། ཕྱོགས་ཆོས་མ་གྲུབ་སྟེ། ཨུཏྤལ་ནི་སྔོན་པོ་ཡིན་ནོ་ཞེས་བརྗོད་པའི་ཚེ་དེ་གཉིས་ཀྱི་ཚོགས་དོན་རང་སྤྱི་གཉིས་ཀ་འདྲེས་པའི་ཕུང་པོ་གསུམ་པ་ཡིན་ཏེ། ཨུཏྤལ་ནི་ཆོས་ཅན་དང་རང་མཚན་ཡིན་ལ། སྔོན་པོ་ནི་དེ་ལ་ལྟོས་པའི་ལྡོག་པ་དང་ཆོས་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་ཡིན་ཏེ། གཞལ་བྱ་ལ་དོན་དམ་པར་དོན་བྱེད་ནུས་མི་ནུས་གཉིས་སུ་གྲངས་ངེས་པའི་ཕྱིར་དང༌། འདྲ་མི་འདྲ་གཉིས་སུ་གྲངས་ངེས་པའི་ཕྱིར་དང༌། བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་མིན་གཉིས་སུ་ངེས་པའི་ཕྱིར་དང༌། རང་འཛིན་ཤེས་པ་སྐྱེ་བ་བརྡ་དྲན་ལ་ལྟོས་མི་ལྟོས་གཉིས་སུ་ངེས་པའི་ཕྱིར་རོ། །ཡང་ཅི་སྟེ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ལ་སྣང་བའི་སྐྲ་ཤད་དེ། གཞལ་བྱ་གཉིས་མིན་གྱི་ཕུང་པོ་གསུམ་པ་ཡིན་ཞེ་ན། དེ་ཆོས་ཅན། གཞལ་བྱ་མིན་དེ། ཁྱོད་འཇལ་བྱེད་ཀྱི་ཚད་མ་མེད་པའི་ཕྱིར། ཞེས། སྐྲ་ཤད་སོགས་སོ། །གཉིས་པ་ནི། གཞལ་བྱ་ལ་དོན་དམ་པར་དོན་བྱེད་ནུས་མི་ནུས་གཉིས་སུ་གྲངས་ངེས་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཁྱབ་སྟེ། དོན་དམ་པར་དོན་བྱེད་ནུས་པ་དེ་དོན་དམ་དུ་ཡོད་པའི་མཚན་ཉིད་དང༌། རང་མཚན་གྱི་མཚན་ཉིད་ཡིན། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་དེ་ཀུན་རྫོབ་ཏུ་ཡོད་པའི་མཚན་ཉིད་དང༌། སྤྱི་མཚན་གྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་དོན་དམ་སོགས་སོ། །གསུམ་པ་ནི། དབུ་མ་པ་ན་རེ། དོན་དམ་པར་དོན་བྱེད་ནུས་པ་མི་སྲིད་དོ་ཞེ་ན། མིན་ཏེ། ས་བོན་ལས་མྱུ་གུ་སྐྱེ་བ་མངོན་སུམ་གྱིས་མཐོང་བའི་ཕྱིར། དེ་ཀུན་རྫོབ་ཙམ་དུའོ་ཞེ་ན། དེ་ལྟ་ན་ཡང་ཚིག་ལ་མི་རྩོད་ཅིང༌། དོན་ལ་རྩོད་པ་ནི། དོན་དམ་པར་དོན་བྱེད་ནུས་པ་ཡོད་པར་ཐལ། ས་བོན་ལས་མྱུ་གུ་སྐྱེ་བའི་ཕྱིར། ཉན་ཐོས་པ་ན་རེ། མི་ནུས་པ་མི་སྲིད་དེ། འདུས་མ་བྱས་ལ་ཡང་དེ་ཡོད་པའི་ཕྱིར་ཞེ་ན། སྤྱི་མཚན་ཆོས་ཅན། དོན་དམ་པར་དོན་བྱེད་ནུས་པ་མིན་ཏེ། རང་འཛིན་གྱི་ཤེས་པ་ལ་ཕན་བཏགས་སྟོབས་ཀྱིས་རང་འཛིན་ཤེས་པ་དེ་ཁྱོད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་མཐོང་བའི་ཕྱིར། དེ་ལྟར་བསྟན་པ་དེ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་ནུས་ཏེ། བྱེ་བྲག་པས་ཚིག་གི་དོན་དྲུག་འཛིན་པའི་རྟོག་པ་དེ། དོན་དྲུག་པོའི་བཟུང་དོན་ལ་སྐྱེ་བར་འདོད་པ་ཡང་ཁེགས་པའི་ཕྱིར། ཞེས་གལ་ཏེ་ཐམས་ཅད་དང༌། གལ་ཏེ་དེ་ཀུན་དང༌། གལ་ཏེ་ཀུན་ལ་དང༌། དེས་ལ་ནི་ཞེས་སོ། །མོས་པ་མེད་ཕྱིར་རོ། །ཞེས་པ་ལ་འཕྲོས་ནས། སྐྲ་ཤད་དེ་སྤྱི་མཚན་ཡིན་ནོ་ཞེ་ན། དབང་ཤེས་ལ་སྣང་བ་དེ་ཆོས་ཅན། སྤྱི་མཚན་མིན་ཏེ། རང་སྣང་བའི་ཡུལ་ཅན་གྱི་ཤེས་པས་དོན་དུ་ཞེན་པ་མེད་པའི་ཕྱིར། འོ་ན་ནམ་མཁའ་ཡང་དེར་ཐལ་ལོ་ཞེ་ན། དེ་ཆོས་ཅན། དེས་ཁྱོད་ལ་དེར་ཞེན་པ་ཡིན་ཏེ། རང་གི་ཡུལ་ཅན་གྱི་རྟོག་པས་དེར་ཞེན་པ་གང་ཞིག་རྟོག་མེད་ཀྱི་ཤེས་པ་ལ་ཁྱོད་དུ་སྣང་བ་མེད་པའི་ཕྱིར་རོ། །འོ་ན་དབང་ཤེས་ལ་སྣང་བའི་སྐྲ་ཤད་དེ། གཞལ་བྱ་མིན་ན། དེ་ལ་དེར་སྣང་བ་དེ་མེད་པར་འགྱུར་རོ་ཞེ་ན། དེ་དེར་སྣང་བ་ཉིད་དེ་ཆོས་ཅན། རང་མཚན་ཡིན་ཏེ། གཟུང་རྣམ་ཡིན་པའི་ཕྱིར། དབང་ཤེས་ལ་དེར་སྣང་བ་ལ་རྟོག་པས་དེར་བརྟགས་པའི་ཆ་ཆོས་ཅན། སྤྱི་མཚན་ཡིན་ཏེ། དོན་སྤྱི་ཡིན་པའི་ཕྱིར། དེ་ཙམ་གྱིས་སྐྲ་ཤད་ཡོད་པ་མི་འགྲུབ་སྟེ། དེར་སྣང་གི་དབང་ཤེས་དེ་མེད་པ་གསལ་སྣང་ཅན་ཡིན་པའི་ཕྱིར། ཞེས་སྐྲ་ཤད་སོགས་ནི་དང༌། ཤེས་བྱར་དང༌། དེ་དག་གི་དང༌། སྐྲ་སོགས་དང༌། སྐྲར་སྣང་ཞེས་པ་རྣམས་སོ། །གལ་ཏེ་ཤིང་སྤྱི་ཆོས་ཅན། རང་མཚན་ཡིན་པར་ཐལ། གཟུང་རྣམ་ཡིན་པའི་ཕྱིར་ཞེ་ན། ཤིང་གི་སྤྱི་རྣམ་ལ་ཟེར་ན། འདོད་ན། དོན་སྤྱི་ཆོས་ཅན་ཟེར་ན། མ་གྲུབ་བོ་ཞེས། གལ་ཏེ་སྤྱི་ནི་སོགས་སོ། །གཉིས་པ་ལ། སྤྱི་མཚན་དངོས་མེད་དུ་རྟགས་ཀྱིས་སྒྲུབ། དེས་རང་མཚན་དངོས་པོར་གྲུབ་པར་བསྟན། སྤྱི་མཚན་དངོས་མེད་དུ་བསྟན་པ་ལ་རྩོད་པ་སྤང༌། ཐུན་མོང་གི་གྲུབ་དོན་བསྟན་པའོ། །དང་པོ་ལ་བརྒྱད་ལས། དང་པོ་ལ་རྩ་བའི་རྟགས་དང༌། ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་བསྟན། ཁྱབ་པ་མ་གྲུབ་པའི་བརྒལ་ལན་རྒྱས་པར་བཤད། དང་པོ་ནི། བུམ་པའི་དོན་སྤྱི་ཆོས་ཅན། དངོས་པོ་མིན་ཏེ། བརྗོད་བྱེད་སྒྲའི་དངོས་ཀྱི་བརྗོད་བྱ་ཉིད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རང་མཚན་དངོས་སུ་འཛིན་པའི་ཤེས་པ་བསྐྱེད་པ་ལ་དབང་སོགས་འབྲས་བུ་དང་བཅས་པའི་ཕྱིར་རོ། །ཞེས་བརྗོད་བྱ་ཉིད་ཕྱིར་ཞེས་སོགས་སོ། །གཉིས་པ་ལ། བརྗོད་བྱེད་ཀྱི་སྒྲས་མིང་སོགས་ལྡན་མིན་འདུ་བྱེད་རང་མཚན་དངོས་སུ་བརྗོད་པས་དབང་སོགས་དོན་ཡོད་པའི་བརྒལ་ལན། སྤྱི་རང་མཚན་པ་དངོས་སུ་བརྗོད་པས་དབང་སོགས་དོན་ཡོད་པའི་བརྒལ་ལན། རྟོག་པས་རང་མཚན་དངོས་སུ་འཛིན་ཡང་དེ་ལ་མངོན་སུམ་མིན་པས། དབང་སོགས་དོན་ཡོད་པའི་བརྒལ་ལན་ནོ། །དང་པོ་ནི། གལ་ཏེ་སྒྲས་རང་མཚན་དངོས་སུ་བརྗོད་ཀྱང་དབང་སོགས་དོན་མེད་པར་མི་འགྱུར་ཏེ། བུམ་པ་ཞེས་བརྗོད་པའི་སྒྲས། བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་རང་མཚན་བརྗོད་ཀྱང༌། བུམ་པ་རང་མཚན་མ་བརྗོད་པའི་ཕྱིར་ཞེ་ན། འོ་ན་དེས་རྟོག་པ་ལ་སྣང་བའི་མིང་སོགས་བརྗོད་པ་ཡིན་ནམ། བུམ་པ་དང་རྫས་གཅིག་ཏུ་གྱུར་པའི་མིང་སོགས་བརྗོད་པ་ཡིན་ནམ། དེ་གཉིས་གང་ཡང་མིན་པའི་མིང་སོགས་བརྗོད་པ་ཡིན། དང་པོ་ལྟར་ན། འབྲེལ་པ་མེད་པ་ཅན་ཞེས་སོགས་དང༌། གསུམ་པ་ལྟར་ན། འབྲེལ་མེད་ན་ཡང་ཞེས་དང༌། གཉིས་པ་ལྟར་ན། ཁ་སང་གི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་དང༌། སང་ཉིན་གྱི་བུམ་པའི་མིང་སོགས་ལྡན་མིན་འདུ་བྱེད་ཆོས་ཅན། དེ་རིང་གིས་དུས་སུ་བུམ་པ་ཞེས་པའི་སྒྲས་མ་བརྗོད་པར་ཐལ། དེ་རང་གི་བུམ་པ་དང་རྫས་གཅིག་ཏུ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། འདས་མ་འོངས་ཀྱི་བུམ་པ་སྒྲའི་བརྗོད་བྱ་མིན་པར་འགྱུར་རོ། །ཞེས། གལ་ཏེ་དོན་དང་ཞེས་སོ། །གཉིས་པ་ནི། སྒྲའི་དང༌། གསུམ་པ་ནི། གལ་ཏེ་མངོན་སུམ་ཞེས་སོ། །འདི་ལ་གཟུགས་འཛིན་པའི་རྟོག་པ་ཆོས་ཅན། ཁྱོད་དང་གཟུགས་འཛིན་མངོན་སུམ་གཉིས་གཟུགས་ལ་མངོན་སུམ་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། ཁྱོད་དང་དེ་གཉིས་གཟུགས་ལ་སྣང་ཅན་གྱི་ཤེས་པར་མཚུངས་པ་གང་ཞིག ཁྱོད་ལོག་ཤེས་མིན་པའི་ཕྱིར། གཏན་ཚིགས་གཉིས་པ་ལ་རྩ་བའི་རྟགས་འགོད། ཕྱོགས་ཆོས་སྒྲུབ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། གྲངས་ཅན་ན་རེ། སྤྱི་གསལ་རྫས་གཅིག་ཡིན་ནོ་ཞེ་ན། གསེར་བུམ་ཆོས་ཅན། སྤྱི་གཙོ་བོ་དང་ཆ་མེད་གཅིག་མིན་པར་ཐལ། དངུལ་བུམ་སོགས་ལ་རྗེས་སུ་མི་འགྲོ་བའི་ཕྱིར། ཐལ་བ་ཁས་བླངས་ཏེ། ལྡོག་པ་ཐ་དད་ཀྱི་རྣམ་གཞག་ཁས་མི་ལེན་པས་སོ། །ཞེས་རིགས་ལྡན་སོགས་བྱེ་བྲག་པ་ན་རེ། སྤྱི་གསལ་རྫས་ཐ་དད་དོ་ཞེ་ན། ཡོད་པ་ཉིད་དང༌། བ་ལང་ཉིད་ཅེས་བྱ་བའི་སྤྱི་རྣམས་ཆོས་ཅན། རང་གི་བསལ་བ་རྣམས་ཀྱི་འབྲས་བུར་ཐལ། དེ་དང་འབྲེལ་བ་གང་ཞིག དེ་དང་རྫས་ཐ་དད་ཡིན་པའི་ཕྱིར་རོ། །ཞེས་གལ་ཏེ་ཞེས་སོགས་རྐང་པ་གཉིས་སོ། །རང་གི་ཞེས་སོགས་རྐང་པ་ལྔ་ནི། རང་ལུགས་ལ་དོན་དམ་པར་འབྲེལ་པ་མེད་ཀྱང་རྟོག་པས་སྦྲེལ་བར་སྟོན་པའོ། །གཉིས་པ་ནི། བུམ་སྤྱི་ཆོས་ཅན། དངོས་པོར་མེད་དེ། བུམ་གསལ་རྣམས་དང་རྫས་གཅིག་དང་རྫས་ཐ་དད་གང་རུང་དུ་མེད་པའི་ཕྱིར། ཞེས། དེ་ཕྱིར་ཞེས་པའོ། །གསུམ་པ་ལ། དམ་བཅའ་ལ་རྒོལ། ཁྱབ་པ་ལ་རྩོད་པ། སླར་ཡང་དམ་བཅའ་བ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་བུམ་སྤྱི་ལ་རང་བཞིན་མེད་ན། རི་བོང་གི་རྭ་ལ་སོགས་པ་བུམ་པའི་རིགས་སུ་ཅིའི་ཕྱིར་མི་འདོད་ཅེ་ན། དེ་ཆོས་ཅན། དེའི་རིགས་མིན་ཏེ། རྟོག་པ་དང་བརྗོད་བྱེད་ཀྱི་སྒྲས། བུམ་པའི་སྟེང་དུ་ཁྱོད་མིན་མི་སེལ་བའི་ཕྱིར། གལ་ཏེ་བུམ་པ་ཞེས་པའི་སྒྲས་རང་མཚན་འཇུག་ཡུལ་དུ་མི་ཐོབ་པར་ཐལ། དེའི་དངོས་ཀྱི་བརྗོད་བྱ་རང་མཚན་དུ་མེད་པའི་ཕྱིར། ཞེ་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། བུམ་པ་རང་མཚན་འཇུག་ཡུལ་དུ་བྱེད་པ་ཡིན་ཏེ། དེ་ལ་རྒྱུད་ནས་འབྲེལ་བའི་ཡུལ་ཅན་ཡིན་པའི་ཕྱིར། འོ་ན་བུམ་སྤྱི་ཆོས་ཅན། རང་མཚན་དུ་ཐལ། རྟོག་པ་ལ་རང་མཚན་དུ་སྣང་བའི་ཕྱིར་ཞེ་ན། ཁྱབ་སྟེ། རྟོག་པ་འཁྲུལ་བའི་ཕྱིར། ཞེས་རིམ་པར་མེད་པའི་ཕྱིར་དང༌། དེ་ཕྱིར་དང༌། དེ་ལ་རྣམས་སོ། །དེ་དག་གི་ནི་སྤྱི་དངོས་པོར་མེད་པ་ལ་གནོད་བྱེད་སྤངས་ནས། མེད་པའི་སྒྲུབ་བྱེད་ཀྱང་བརྗོད་པར་བྱས་ཏེ། འདིར་སྤྱིའམ་གཞན་སེལ་ནི་གཉིས་ཏེ། སྒྲའི་སེལ་བ་དང༌། བློའི་སེལ་བ་གཉིས་སམ། མེད་པར་དགག་པ་དང༌། མིན་པར་དགག་པའོ། །དང་པོ་ནི། བརྗོད་བྱེད་ཀྱི་སྒྲ་དང་རྟོག་པས་དེ་དང་དེ་མིན་པ་རྣམ་པར་བསལ་ཙམ་མོ། །གཉིས་པ་ནི། རང་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་དེ་མིན་བསལ་ཙམ་ལ་དེ་དང་དེར་བརྟགས་པའི་ཆའོ། །དེའི་ནང་ནས། དང་པོ་བུམ་འཛིན་རྟོག་པའི་ངོར་བུམ་མིན་རྣམ་པར་བསལ་ཙམ་དེ་ཆོས་ཅན། ངོ་བོ་མེད་དེ། ལྡོག་པ་ཡིན་པའི་ཕྱིར། བུམ་འཛིན་རྟོག་པ་ལ་སྣང་བ་ལ་བུམ་པར་སྒྲོ་བཏགས་པའི་ཆ་ཆོས་ཅན། ངོ་བོ་མེད་དེ། རྟོག་པས་སྒྲོ་བཏགས་ཡིན་པའི་ཕྱིར། ཞེས་རིམ་པར། དོན་རྣམས་དང༌། ངོ་བོ་མེད་ཅན་རྣམས་སོ། །གཉིས་པ་ནི། གལ་ཏེ་བརྗོད་བྱ་སོགས་སོ། །གསུམ་པ་ནི། གལ་ཏེ་བུམ་སྤྱི་དངོས་པོར་ཡོད་དེ། དེ་རིང་གི་དུས་སུ་དངོས་པོར་མེད་པ་འདས་མ་འོངས་ཀྱི་བུམ་པ་ལ་བུམ་པ་ཞེས་པའི་སྒྲ་འཇུག་པའི་ཕྱིར། ཞེ་ན། དེ་རིང་གི་དུས་སུ་དངོས་པོར་ཡོད་པའི་བུམ་སྤྱི་ཆོས་ཅན། འདས་མ་འོངས་ཀྱི་བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། དེ་རིང་གི་དུས་སུ་དངོས་པོར་ཡོད་པའི་ཕྱིར། ཞེས། འདས་པ་དང་ནི། ཞེས་སོ། །གལ་ཏེ་འདས་མ་འོངས་ཀྱི་བུམ་པ་ལ་བུམ་པ་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་པས་ཉེས་པ་མེད་དོ་ཞེ་ན། སྣམ་བུ་ཆོས་ཅན། ཁྱོད་ལ་བུམ་པ་ཞེས་པའི་སྒྲ་བཏགས་མིང་དུ་འཇུག་པར་ཐལ། ཁྱོད་དང་དེ་གཉིས་ཀ་ལ་བུམ་པ་ཞེས་པའི་སྒྲ་འཇུག་པའི་རྒྱུ་མཚན་དུ་ཁས་བླངས་པ་དེ་མེད་པར་མཚུངས། དེ་ལ་དེ་བཏགས་མིང་དུ་མི་འཇུག་པའི་ཕྱིར། ཞེས་གལ་ཏེ་སོགས། གལ་ཏེ་བརྗོད་བྱ་དོན་གཞན་ཡོད་མེད་ལ་དངོས་མིང་དུ་མི་འཇོག་ན། དེ་གཉིས་ཀྱི་ཁྱད་པར་གང་ཡིན་ཞེ་ན། སེང་གེ་ཞེས་པའི་མིང་ཆོས་ཅན། རི་དྭགས་ཀྱི་རྒྱལ་པོ་ལ་དངོས་མིང་དུ་འཇུག་པ་ཡིན་ཏེ། དེ་ལ་འདོད་རྒྱལ་ཐོག་མར་སྦྱར་བའི་མིང་ཡིན་པའི་ཕྱིར། དེ་ཆོས་ཅན། བྲམ་ཟེའི་ཁྱེའུ་ལ་བཏགས་མིང་དུ་འཇུག་པ་ཡིན་ཏེ། དེ་ལ་རྗེས་སྒྲུབ་ཏུ་སྦྱར་བའི་མིང་གང་ཞིག བྲམ་ཟེའི་ཁྱེའུ་དང་སེང་གེ་གཉིས་འདྲ་འབྲེལ་གང་རུང་གྲུབ་པ་རྒྱུ་མཚན་དུ་བྱས་པའི་ཕྱིར་ཞེས། བློ་ནི་ཞེས་སོ། །འདིར་འདོད་རྒྱལ་ཐོག་མའི་མིང་ཡིན་ན་དངོས་མིང་ཡིན་པས་ཁྱབ། རྗེས་སྒྲུབ་ཏུ་སྦྱར་བའི་མིང་ཡིན་ན། བཏགས་མིང་ཡིན་པས་མ་ཁྱབ་སྟེ། རྗེས་སྒྲུབ་ཀྱི་མིང་ལ་ཡང་འདོད་རྒྱལ་གྱི་མིང་དང༌། དོན་ལྡན་གྱི་མིང་གཉིས་སུ་ཕྱེ་ནས། དོན་ལྡན་ལའང་དངོས་མིང་བཏགས་མིང་གཉིས་སུ་འབྱེད་པར་བརྡ་སྤྲོད་པའི་གཞུང་ལས་བཤད་པའི་ཕྱིར། དེ་ལྟར་ན། བཏགས་མིང་ཡིན་ན་རྗེས་སྒྲུབ་ཀྱི་མིང་ཡིན་པས་ཁྱབ་ལ། དངོས་མིང་ཡིན་ན་འདོད་རྒྱལ་ཐོག་མའི་མིང་ཡིན་པས་མ་ཁྱབ་སྟེ། དངོས་མིང་ལ་ཁྱི་ནག་པོ་ལ་དུང་ཞེས་བརྗོད་པ་རྗེས་སྒྲུབ་ཀྱི་འདོད་རྒྱལ་དང༌། ལྷས་སྦྱིན་པའི་ཕྱིར། ལྷས་བྱིན་ནོ་ཞེས་རྗེས་སྒྲུབ་དོན་ལྡན་གཉིས་སུ་ཡོད་པའི་ཕྱིར། དོན་ལྡན་ལའང་འཁྲུལ་པ་ཅན་དང་མ་འཁྲུལ་བ་གཉིས་ཡོད་དོ། །ཞེས་པ་ནི་ཞར་ལ་འོངས་པའོ། །དེ་ལྟ་ན་འདས་མ་འོངས་ཀྱི་བུམ་པའམ་ཡང་ན་དེའི་བ་ལང་ཆོས་ཅན། བུམ་པའམ་བ་ལང་གི་སྒྲ་དངོས་མིང་དུ་འཇུག་པ་ཡིན་ཏེ། ཁྱེད་ལ་དེའི་མིང་འདོད་རྒྱལ་ཐོག་མར་སྦྱར་བ་ཡིན་པའི་ཕྱིར། མི་བླུན་པོ་ཆོས་ཅན། ཁྱོད་ལ་བ་ལང་ཞེས་པའི་མིང་བཏགས་མིང་དུ་འཇུག་པ་ཡིན་ཏེ། ཁྱོད་ལ་དེ་རྗེས་སྒྲུབ་ཏུ་སྦྱར་བའི་མིང་གང་ཞིག དེ་ཁྱོད་ལ་དོན་ལྡན་འཁྲུལ་པ་ཅན་གྱི་མིང་ཡིན་པའི་ཕྱིར། ཞེས་དོན་མེད་ན་ཡང་ཞེས་སོགས། རིགས་པ་གསུམ་པ་དང༌། བཞི་པ་དང༌། ལྔ་པ། དྲུག་པ། བདུན་པ་རྣམས་ནི་ཞིག་ལ་དང༌། ཕན་ཚུན་དང༌། དེ་འབྲས་དང༌། དངོས་པོའི་སྟོབས་ལས་དང༌། རྣམ་པ་འགས་ཀྱང་དང༌། བརྒྱད་པ་ནི། དེ་མི་རུང་ཕྱིར། ཞེས་པས་ཏེ། དེ་དག་ལ་རིམ་པ་བཞིན་དུ་ད་ལྟར་བའི་བུམ་པ་ལ་རྟོག་པས་རྟོག་པ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོར་མེད་དེ། དངོས་མེད་འཛིན་པའི་རྟོག་པ་དང་སྣང་ཚུལ་མཚུངས་པའི་ཕྱིར། བུམ་སྤྱི་ཆོས་ཅན། དངོས་པོར་མེད་དེ། རང་གི་བསལ་བ་ལ་རྗེས་སུ་འགྲོ་བར་མཚུངས་པའི་ཕྱིར། དེ་ཆོས་ཅན། དངོས་པོར་མེད་དེ། འབྲས་བུ་མིན་པའི་ཕྱིར། སྔ་མ་དེ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་དངོས་པོར་མེད་དེ། རང་ཡུལ་འཛིན་པ་བརྡ་དྲན་ལ་ལྟོས་པའི་ཕྱིར། ཕྱི་མ་དེ་ཆོས་ཅན། དངོས་པོར་མེད་དེ། རང་འཛིན་གྱི་ཤེས་པ་ལ་ཡན་གར་དུ་མི་སྣང་བའི་ཕྱིར། ཡན་གར་བ་ཞེས་པ་ནི། བསལ་བ་ལ་མ་ལྟོས་པའོ། །ཡང་སྤྱི་ཆོས་ཅན། དངོས་པོར་མེད་དེ། དོན་བྱེད་མི་ནུས་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། ཇི་སྙེད་ཅེས་སོགས་ཏེ། རང་མཚན་ཆོས་ཅན། དངོས་པོ་ཡིན་ཏེ། དོན་བྱེད་ནུས་པ་ལ་སོགས་པའི་རིགས་པ་བརྒྱད་པོ་དེ་ཁྱོད་དངོས་པོར་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། གསུམ་པ་རྩོད་པ་སྤང་བ་ནི། འོ་ན་སྤྱི་མཚན་ལ་དབྱེ་བ་མེད་པར་འགྱུར་ཏེ། དངོས་པོར་མེད་པའི་ཕྱིར། རི་བོང་གི་རྭ་བཞིན་ནོ་ཞེ་ན། སྤྱི་ཆོས་ཅན། ཁྱོད་ལ་ངོ་བོའི་སྒོ་ནས་དབྱེ་བ་མེད་ཀྱང༌། ཡུལ་ཅན་གྱི་སྒོ་ནས་གསུམ་དུ་དབྱེ་བར་ཡོད་དེ། ཡུལ་ཅན་ལ་རང་བཞིན་གྱི་རྟགས་ལ་བརྟེན་པའི་རྟོག་པ་ལྟ་བུ། དངོས་པོར་ཡོད་མེད་གཉིས་ཀ་ལ་བརྟེན་པའི་རྟོག་པ་དང༌། མ་དམིགས་པའི་གཏན་ཚིགས་ལ་བརྟེན་པའི་རྟོག་པ་ལྟ་བུ་དངོས་མེད་ལ་བརྟེན་པ་དང༌། འབྲས་རྟགས་ལ་བརྟེན་པའི་རྟོག་པ་ལྟ་བུ། དངོས་པོ་ལ་བརྟེན་པའི་རྟོག་པ་དང་གསུམ་དུ་ཕྱེ་བའི་ཕྱིར། འོ་ན་དངོས་པོ་ལ་བརྟེན་པའི་སྤྱི་འཛིན་གྱི་རྟོག་བློ་ཆོས་ཅན། དངོས་པོར་སྣང་བར་ཐལ། དངོས་པོ་དང་འབྲེལ་བའི་ཕྱིར། གལ་ཏེ་མ་འབྲེལ་ན་དངོས་པོའི་ཆོས་ཡིན་པ་ཉམས་སོ། །དེ་ཆོས་ཅན། ཁྱོད་ལ་དེ་མི་སྣང་སྟེ། ཁྱོད་རྟོག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དེ་མི་སྣང་ཡང་ཁྱོད་དེ་ལ་འབྲེལ་བ་མི་འགལ་ཏེ། ཁྱོད་དེ་ལས་རྒྱུད་ནས་སྐྱེ་བའི་ཕྱིར། ཞེས་རིམ་པར། དངོས་དང༌། གལ་ཏེ་དང༌། ལན་བཏབ་དང༌། དངོས་པོར་འཛིན་པ་རྣམས་སོ། །བཞི་པ་ནི། སྒྲ་མི་རྟག་པའི་དོན་སྤྱི་དང༌། སྒྲ་མི་རྟག་པ་རང་མཚན་གཉིས་ཀྱི་ནང་ནས་སྒྲ་མི་རྟག་པ་རང་མཚན་ཆོས་ཅན། ཁྱོད་ཁོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མའི་འཇུག་ཡུལ་ཡིན་ཏེ། ཁྱོད་ཁོ་ནས་དོན་བྱེད་ནུས་པའི་ཕྱིར། འོ་ན་སློབ་དཔོན་གྱི་གཞལ་བྱ་གཉིས་སུ་གསུངས་པ་དང་འགལ་ལོ་ཞེ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཆོས་ཅན། སྒྲ་མི་རྟག་པའི་དོན་སྤྱི་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་འཇུག་ཡུལ་མིན་ཡང༌། དེ་སྤྱིར་གཞལ་བྱར་བཞེད་པའི་རྒྱུ་མཚན་ཡོད་དེ། དེ་འདྲ་དེ་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྒྲ་མི་རྟག་པ་ལ་འཇུག་པའི་འཇུག་ཚུལ་གྱི་སྒོ་ནས་གཞལ་བྱར་བཞག་པའི་ཕྱིར། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་མི་རྟག་པའི་དོན་སྤྱི་ལ་སྒྲ་མི་རྟག་པ་རང་མཚན་དུ་ཞེན་པའི་འཇུག་ཚུལ་གྱི་སྒོ་ནས། སྒྲ་མི་རྟག་པ་ལ་འཇུག་ན་འཇུག་ཚུལ་དེ་འཁྲུལ་བ་ཡིན་ནམ་ཞེ་ན། རྗེས་དཔག་དེ་ཆོས་ཅན། རང་གི་འཇུག་ཡུལ་ལ་འཇུག་ཚུལ་འཁྲུལ་བ་ཡིན་ཏེ། རང་གི་འཇུག་ཡུལ་མིན་པ་ལ་འཇུག་ཡུལ་དུ་ཞེན་པའི་ཕྱིར། ཞེས་རང་གི་དང༌། དེ་ནི་དང༌། ཇི་བཞིན་རྣམས་སོ། །འོ་ན་རྗེས་དཔག་ཆོས་ཅན། བསླུ་བར་ཐལ། འཁྲུལ་བའི་ཕྱིར་ཞེ་ན། དེ་ཆོས་ཅན་འཁྲུལ་ཡང་མི་བསླུ་བ་ཡིན་ཏེ། འཇུག་ཡུལ་ཐོབ་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། དེ་མི་ཐོབ་པར་ཐལ། དེ་མི་སྣང་བའི་ཕྱིར་ཞེ་ན། མ་ཁྱབ་པར་ཐལ། དོན་དེ་མི་སྣང་བར་ཡང་དོན་དེ་ཐོབ་པར་མཐོང་བ་ཡིན་པའི་ཕྱིར། ཇི་ལྟར་མཐོང་ཞེ་ན། ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་བཞིན་ནོ། །ཞེས་གལ་ཏེ་དང༌། བསམ་པ་དང༌། རྣམ་གཞན་དང༌། ནོར་བུ་རྣམས་སོ། །གཞུང་འདིས་ནི་གལ་ཏེ་གཞན་གྱི་ངོ་བོས་ནི། ཞེས་པ་ལ་ཁྱབ་པ་མ་ངེས་པ་སྟོན་ཏེ། ནོར་བུ་ཁང་པའི་ཕུགས་སུ་གནས། འོད་སྒོ་སེབ་ཏུ་བྱུང་བ་དེའི་ཚེ་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ཆོས་ཅན། བསླུ་བར་ཐལ། འཁྲུལ་བའི་ཕྱིར། ཞེས་པའོ། །མདོར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང༌། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་གཉིས་ཆོས་ཅན། བསླུ་མི་བསླུའི་ཁྱད་པར་མི་འཐད་པ་མིན་ཏེ། སྒྲ་མི་རྟག་པ་ལ་འབྲེལ་མ་འབྲེལ་གྱི་ཁྱད་པར་ཡོད་པའི་ཕྱིར།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*