ཚད་མ་སྤྱིའི་རྣམ་བཞག་སྡེ་བདུན་བང་མཛོད་ཆེན་པོའི་སྒོ་འབྱེད་འཁྲུལ་འཁོར་གྱི་ལྡེ་མིག

༼ཛ༽༄༅། །ཚད་མ་སྤྱིའི་རྣམ་པར་བཞག་པ་སྡེ་བདུན་གྱི་བང་མཛོད་ཆེན་པོའི་སྒོ་འབྱེད་པར་བྱེད་པའི་རྡོ་རྗེའི་འཁྲུལ་འཁོར་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། མང་པོས་བཀུར་བའི་ཁྲི་ལ་ནི། །རབ་འགོད་ཆོས་ཀྱི་རྒྱལ་པོ་གང༌། །གྲགས་པའི་ཤིང་རྟ་ལ་བཅིབས་པ། །ཁྱོད་ལ་གུས་པས་ཕྱག་འཚལ་ནས། །སྔོན་རབས་མཁས་པ་རྣམས་ཀྱིས་ནི། །གང་བཤད་ཚད་མའི་མཚན་ཉིད་དེ། །བོར་ནས་བློ་ངན་གྱིས་བརྟགས་པ། །དེ་དག་ཆུ་ཤིང་བཞིན་དུ་ནི། །སྙིང་པོ་མེད་ཀྱང་ཚིག་ཕྲེང་གི །ལོ་འདབ་རྒྱས་པར་རབ་མཐོང་ནས། །གཞུང་ལུགས་སུམ་རྩེན་སྐྱེད་ཚལ་ནས། །རབ་དྲངས་དཔག་བསམ་ལྗོན་ཕྲེང་སྤེལ། །དེ་ལ་འདིར་ཚད་མ་སྤྱིའི་མཚན་ཉིད་ནི། རང་གི་གཞལ་བྱ་གསར་དུ་རྟོགས་ཤིང་བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་མི་སླུ་བའི་རིག་པ། དེ་ཡང་མངོན་སུམ་གྱི་གཞལ་བྱ་ནི་རང་མཚན་ཁོ་ནའོ། །རྗེས་སུ་དཔག་པ་རྣམས་ཀྱིས་ནི་སྤྱི་མཚན་ཁོ་ནའོ། །དེ་གཉིས་ཀའི་ཡང་འཇུག་ཡུལ་ནི་རང་མཚན་ཁོ་ན་ཡིན་ལ། འཇུག་ཚུལ་གྱི་སྒོ་ནས་སོ་སོར་ཕྱེ་བའོ། །སྤྱི་མཚན་གཞལ་བའི་མངོན་སུམ་ནི་སྐྲའི་རྩེ་མོ་ཙམ་ཡང་ཁས་མི་ལེན་ཏེ། གཞན་དུ་ན་རྟོག་པར་ཐལ་བའི་ཕྱིར་རོ། །ཚད་མ་དེ་ཐམས་ཅད་ཀྱང་གང་ལ་ཚད་མར་སོང་བའི་ཡུལ་དང་གཞལ་བྱ་ནི། འཇུག་ཡུལ་ཁོ་ན་ཡིན་ཏེ། སློབ་དཔོན་གྱི་གཞུང་ན། མི་སླུ་བའི་རིག་པ་རྟགས་སུ་བཀོད་ནས་ཚད་མར་སྒྲུབ་པ་ཤ་སྟག་སྣང་གི གཞལ་བྱ་ཙམ་གསར་དུ་རྟོགས་པ་ཤེས་བྱེད་དུ་བཀོད་པ་མི་སྣང་བའི་ཕྱིར། དེ་ཡང་བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་ཞེས་པ་ནི་ཚིག་གི་ལྷག་མའོ། །འོ་ན་གཞལ་བྱ་དེ་གསར་དུ་རྟོགས་པ་ཙམ་གྱིས་དེ་ལ་ཚད་མར་མི་འགྲུབ་པ་ཅི་ཞེ་ན། དེའི་ལན་བཤད་པ་ནི། རྗེས་སུ་དཔག་པའི་ཚད་མ་ཐམས་ཅད་ཀྱིས་སྤྱི་མཚན་གསར་དུ་རྟོགས་ཀྱང་དེ་ལ་ཚད་མ་མིན་པ་བཞིན་དང༌། ལོག་པའི་ཤེས་པ་མཐའ་དག་གིས་རང་གི་གཞལ་བྱ་གསར་དུ་རྟོགས་ཀྱང༌། འཇུག་ཡུལ་ལ་མི་སླུ་བ་མིན་པ་བཞིན་དང༌། དོན་རིག་པའི་མངོན་སུམ་རྣམས་ཀྱིས་རང་གི་ངོ་བོ་གསར་དུ་རྟོགས་ཀྱང་དེ་ལ་མི་བསླུ་བས་ཚད་མར་འཇོག་པ་མ་ཡིན་གྱི། ཕྱི་རོལ་གྱི་དོན་ལ་མི་བསླུ་བས་ཚད་མར་འཇོག་པ་བཞིན་ནོ། །དེ་དག་གི་ཤེས་བྱེད་ཀྱང་རིམ་པ་བཞིན་དུ། རྗེས་སུ་དཔག་པས་སྤྱི་མཚན་མ་རྟོགས་ན་སྤྱི་མཚན་རྟོགས་པའི་ཚད་མ་གཞན་སུ་ཡང་མེད་པའི་ཕྱིར་དང༌། དེ་ཡང་སྤྱི་མཚན་ལ་ཚད་མར་སོང་བ་ཡིན་ན་ནི། །དེ་དེ་ལ་མི་སླུ་བར་འགྱུར་ལ། དེ་ཡང་དེ་ལྟ་ན་རང་མཚན་དུ་ཐལ་བར་འགྱུར་ཏེ། ཚད་མའི་འཇུག་ཡུལ་ཡིན་པའི་ཕྱིར་རོ། །ཡང་སྒྲ་རྟག་འཛིན་གྱི་རྟོག་པ་ལྟ་བུ། རང་གི་གཞལ་བྱ་གསར་དུ་རྟོགས་པ་ཡིན་ཀྱང་ཚད་མ་མིན་ཏེ། འཇུག་ཡུལ་ལ་མི་སླུ་བ་མིན་པའི་ཕྱིར། མར་མེའི་འོད་ལས་ནོར་བུར་ཞེན་པའི་བློ་བཞིན་ནོ། །དེས་དེ་རྟོགས་པ་ཡིན་ཏེ། དེས་རང་གི་ངོ་བོ་གསར་དུ་རྟོགས་པའི་ཕྱིར། དེ་ལྟ་ན་ཡང་དེ་དེའི་འཇུག་ཡུལ་དུ་ཁས་མི་ལེན་ཏེ། ཁ་ཕྱིར་ལྟའི་ཤེས་པ་གང་དང་གང་ཡིན་པ་དེའི་འཇུག་ཡུལ་ཡིན་ན་ཕྱི་རོལ་གྱི་དོན་རང་མཚན་ཡིན་དགོས་པའི་ཕྱིར། དཔེར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་སྒྲ་མི་རྟག་པ་རང་མཚན་ལ་མི་སླུ་བ་ཡིན་ཀྱང༌། དེ་དེའི་འཇུག་ཡུལ་དུ་ཁས་མི་ལེན་པ་བཞིན། དེ་དེ་མིན་པའི་རྒྱུ་མཚན་ཡང༌། ཁ་ནང་དུ་བལྟ་བའི་ཤེས་པ་དེའི་འཇུག་ཡུལ་ཡིན་ན་ཤེས་པ་རང་མཚན་ཡིན་དགོས་པས་སོ། །དེ་ལྟར་བྱས་ན་ཁ་ཕྱིར་བལྟའི་ཤེས་པ་གཞིར་བྱས་ལ། ཁོ་ཁ་ནང་དུ་བལྟས་པའི་འཇུག་ཡུལ་ཡིན་ན་ཁོའི་འཇུག་ཡུལ་ཡིན་པས་མ་ཁྱབ་པ་དང༌། ནང་བལྟའི་ཤེས་པ་གཞིར་བྱས་ལ། ཁོ་ཁ་ཕྱིར་བལྟས་པའི་འཇུག་ཡུལ་ཡིན་ན་ཁོའི་འཇུག་ཡུལ་ཡིན་པས་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། དེ་དག་ལ་བཅད་པ་དང་མཐུན་པའི་མི་སླུ་བ་མེད་པའི་ཕྱིར། ཡང་ཁ་ཕྱིར་བལྟའི་མངོན་སུམ་རྣམས་ནི་རང་རང་གི་གཟུང་རྣམས་གསར་དུ་རྟོགས་པའི་བློ་ཡིན་ཡང༌། དེ་ལ་ཚད་མར་འཇོག་པ་མིན་ཏེ། ཁོ་གང་ལ་ཚད་མར་འཇོག་པའི་ཡུལ་གྱི་གཙོ་བོ་ནི་ཕྱི་རོལ་གྱི་དོན་ཁོ་ན་ཡིན་པའི་ཕྱིར་ཏེ། ཁ་ཕྱིར་བལྟའི་མངོན་སུམ་ཡིན་པས་སོ། །དེ་ལྟར་བཤད་པ་ནི། ཤེས་པ་ཡིན་ན་རང་རིག་པས་ཁྱབ་ཀྱང༌། དེ་ཡིན་ན་མངོན་སུམ་དང་ཚད་མ་ཡིན་པས་མ་ཁྱབ་པ་དང༌། རང་རིག་ཡིན་ན་རང་གི་ངོ་བོ་ལ་མངོན་སུམ་ཡིན་ཡང༌། སྤྱིར་མངོན་སུམ་ཡིན་པས་མ་ཁྱབ་པ་དང༌། ཆོས་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་པ་དང༌། འཇུག་ཡུལ་གཅིག་ལ་མི་སླུ་བ་ཡིན་ན་རང་གི་འཇུག་ཡུལ་ལ་མི་སླུ་བ་ཡིན་པས་མ་ཁྱབ་པ་རྣམས་ཤེས་པར་བྱའོ། །འོ་ན་ཚད་མའི་མཚན་ཉིད་དུ་མི་སླུ་བ་དགོས་པར་གཞུང་གང་གིས་བསྟན་ཞེ་ན། ཚད་མ་སླུ་མེད་ཅན་ཤེས་པ། །ཞེས་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པའི་གཞུང་གཉིས་ཀས་རང་མཚན་ལ་གསར་དུ་མི་སླུ་བའི་རིག་པ། དེའི་མཚན་ཉིད་ཀྱི་ཟུར་དུ་དགོས་པར་བཤད་པ་ལ་ཁྱད་པར་མེད་དོ། །དེ་ལྟ་ན་ཡང༌། སོ་སོར་བསྟན་པའི་དགོངས་པ་ནི་ཕྱོགས་ཀྱི་གླང་པོའི་བཤད་པ་བསྡུ་བའི་དོན་དུའོ། །དེའི་ཚེ་མི་སླུ་བའི་རིག་པ་ཡིན་ན་གསར་དུ་མི་སླུ་བ་ཡིན་དགོས་ཏེ། བཅད་ཤེས་རྣམས་ལ་ནི་མི་སླུ་བའི་དོན་མ་ཚང་བའི་ཕྱིར། ཇི་ལྟར་ཞེ་ན། ཚད་མ་སྔ་མས་མི་སླུ་བར་བྱས་ཟིན་པའི་དོན་མནན་ནས་འཛིན་པའི་ཕྱིར། དེ་ཡང་ཚད་མ་སྔ་མས་ངེས་པ་དྲངས་པའི་སྒོ་ནས་མི་སླུ་བར་བྱས་ཟིན་པ་དེ་ཉིད་འཛིན་པ་ལ་མི་སླུ་བའི་དོན་མ་ཚང་བ་ཡིན་ཏེ། དཔེར་ན་སྔོ་འཛིན་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་འཛིན་པའི་བློ་བཞིན་ནོ། །བཅད་ཤེས་ལ་གཞལ་བྱ་གསར་རྟོགས་མེད་པ་ནི་མ་ཡིན་ཏེ། སྤྱི་སྔར་མ་རྟོགས་གསར་དུ་རྟོག་པའི་ཕྱིར། འོ་ན་སྒྲ་འཛིན་མངོན་སུམ་དང༌། དེས་དྲངས་པའི་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གཉིས་ཀྱི་འཇུག་ཡུལ་གྱི་ཁྱད་པར་ཅི་ཞེ་ན། གཅིག་ནི་སྒྲའི་སྐྱེ་མཆེད་ཡིན་ལ། གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དོ། །ཡང་ཚད་མའི་མཚན་ཉིད་དོ། །གཞལ་བྱ་གསར་རྟོགས་དགོས་པ་གང་གིས་བསྟན་ཞེ་ན། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་གཞུང་རྣམས་ཀྱིས་སོ། །དེ་ཉིད་ཀྱིས་དེ་དང་དེ་ལ་མི་སླུ་བར་བསྟན་པ་ཡིན་ན་ནི། རྣམ་འགྲེལ་ངེས་གཉིས་སུ་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པར་སྒྲུབ་པའི་འོག་ཏུ། འཇུག་ཡུལ་ལ་རང་མཚན་གཅིག་པུ་ཉིད་དུ་ངེས་པར་སྒྲུབ་པ་དོན་མེད་ཉིད་དུ་འགྱུར་རོ། །འོ་ན་གཞལ་བྱ་གསར་དུ་རྟོགས་པ་དང༌། འཇུག་ཡུལ་ལ་མི་སླུ་བ་ཙམ་གྱིས་ཚད་མར་འཇོག་ནུས་སམ་ཞེ་ན། མིན་ཏེ། དེ་ཙམ་ཞིག་ནི་ནོར་བུའི་འོད་ལ་ནོར་བུར་ཞེན་པའི་བློ་ལའང་ཡོད་པའི་ཕྱིར། འོ་ན་ཅི་ཞེ་ན། བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་མི་སླུ་བ་ཞིག་དགོས་སོ། །འོ་ན་དེ་གང་གིས་བསྟན་ཞེ་ན། རྣམ་ངེས་ལས། འདི་དག་གིས་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་སླུ་བ་མེད་པའི་ཕྱིར་རོ། །ཞེས་པའི་གཞུང་གིས་བསྟན་ནོ། །འོ་ན་གཞལ་བྱ་རྟོགས་པ་དང༌། བཅད་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྤྱི་མཚན་རྣམས་ལ་ནི་ཁྱད་པར་མེད་ལ་རང་མཚན་རྣམས་ནི་བཅད་ན་རྟོགས་མི་དགོས་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་བཞིན་ནོ། །འོ་ན་བཅད་པའི་དོན་ཅི་ཞེ་ན། སྒྲོ་འདོགས་བཅད་པའོ། །དེ་ལ་གཉིས་ཏེ། རྗེས་དཔག་གིས་ནི་རང་ཉིད་ཀྱིས་གཅོད་ལ། མངོན་སུམ་གྱིས་ནི་ངེས་པ་དྲངས་པའི་སྒོ་ནས་སོ། །མདོར་ན་གཞལ་བྱ་ལ་སྒྲོ་འདོགས་བཅད་པའི་སྒོ་ནས་ཁྱབ་པ་ན་འཇུག་ཡུལ་ལ་མི་སླུ་བ་ཞེས་པའི་དོན་ཏོ། །དེའི་ཕྱིར་བཅད་ཤེས་བྱ་བ་ཡང་ཉེར་ལེན་ཚད་མ་སྔ་མས་གང་ལ་སྒྲོ་འདོགས་བཅད་ཟིན་པའི་དོན་དེ་ཉིད་ངེས་པའོ། །ཉེར་ལེན་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་ལ་འཇུག་པ་ཙམ་གྱིས་བཅད་ཤེས་སུ་འཇོག་ནུས་པ་མིན་ཏེ། སྒྲ་མི་རྟག་པ་འཛིན་པའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་སྐྲ་མི་རྟག་པར་རྟོགས་པའི་རྗེས་དཔག་བཞིན་ནོ། །དེ་ནས་དེ་དག་ལ་སྤང་དགོས་པའི་རྩོད་པ་ནི་གསུམ་སྟེ། དོན་དེ་ལ་ཚད་མ་ཡིན་ན་དེ་མ་རྟོགས་པར་འགལ་ལོ་སྙམ་པ་དང༌། སྔར་མེད་རྟོགས་པའི་རྗེས་དཔག་ཚད་མ་རྣམས་ཚད་མར་སོང་བའི་འཇུག་ཡུལ་མེད་པར་ཐལ་ལོ་སྙམ་པ་དང༌། མ་ཤེས་དོན་གྱི་གསལ་བྱེད་ཀྱང༌། །ཞེས་པའི་གཞུང་གི་གཞལ་བྱ་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཚད་མའི་མཚན་ཉིད་དུ་བསྟན་པ་མིན་པར་ཐལ་ལོ་སྙམ་དུ་དོགས་པའོ། །དེ་དག་སེལ་བའི་ཚུལ་ལ། །རྩོད་པ་དང་པོས་མི་གནོད་པ་ནི་འདི་ལྟར། སྔོ་འཛིན་དབང་པོའི་མངོན་སུམ་དེ་སྔོན་པོ་ལ་ཚད་མ་ཡིན་ཡང༌། དེ་མ་རྟོགས་པ་བཞིན་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་སྒྲ་མི་རྟག་པ་རང་མཚན་ལ་ཚད་མ་ཡིན་ཡང༌། དེ་མ་རྟོགས་པ་བཞིན་ནོ། །དང་པོའི་སྒྲུབ་བྱེད་ནི། ཇི་སྐད་དུ། རང་རིག་ཡིན་ཡང་དོན་རིག་འདོད། །ཅེས་གསུང་པ་ལས་ཤེས་ཏེ། དེའི་དོན་ནི་ཕྱི་རོལ་དོན་དུ་སྣང་བའི་མངོན་སུམ་ཐམས་ཅད་གཞལ་བྱ་རང་རིག་པ་དང༌། འཇུག་ཡུལ་ཕྱི་རོལ་གྱི་དོན་ལ་མི་སླུ་ཞེས་པའི་དོན་ནོ། །ཇི་སྐད་དུ། རྣམ་པར་ངེས་པ་ལས། འབྲས་བུ་ལས་འདི་ནི་དོན་རིག་པར་བལྟའོ། །ཞེས་གསུངས་པའང་དེ་ཉིད་དོ། །དེ་བས་ན་བོད་སྔ་མ་དག བཅད་ན་རང་རིག་པ་ཡིན་ཡང་ཐ་སྙད་དུ་དོན་རིག་པ་ཞེས་འཆད་པ་དག་གིས་ལེགས་པར་མ་སྨྲས་སོ། །དེ་ཁོ་ནར་མ་ཟད་ཀྱི་སློབ་དཔོན་ཆོས་མཆོག་གིས་གཞན་ལས་ངེས་ཀྱི་ཚད་མར་བཤད་པའི་ཚད་མ་གཉིས་ལ་ཡང་འཇུག་ཡུལ་ལ་མི་སླུ་བའི་རིག་པ་དང་ཚད་མར་སོང་བ་ཡོད་ཀྱང༌། དེ་རྟོགས་པ་མེད་དོ། །དེ་ཡང་འདི་ལྟར་རྟོག་པས་ཐེ་ཚོམ་ཟ་དུས་ཀྱི་ཐག་རིང་པོའི་དམར་འབར་བ་འཛིན་པའི་མིག་ཤེས་དེ་མེ་ལ་ཚད་མ་ཡིན་ཏེ། དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། དེ་ཡིན་ཏེ། བཅད་པ་དང་མཐུན་པའི་འཇུག་ཡུལ་མེ་རང་མཚན་ལ་གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། གཞན་དུ་ན་དེ་ཚད་མར་སོང་སའི་ཡུལ་བཙལ་བར་བྱའོ། །དེས་མེ་རྟོགས་པར་འདོད་མི་ནུས་ཏེ། དེ་གཟུགས་ཀྱི་སྐྱེ་མཆེད་དུ་ཐལ་བའི་ཕྱིར་རོ། །ཤ་པ་དང་ནགས་ཚལ་འཛིན་པའི་མིག་ཤེས་ལ་ཡང་དེ་བཞིན་ནོ། །རྩོད་པ་གཉིས་པ་སེལ་བའི་ཚུལ་འདི་ལྟར། །ནམ་མཁའ་དངོས་མེད་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་སྒྲ་མི་རྟག་པ་རང་མཚན་ཡིན་པ་དེའི་ཚེ་ནི། དེ་དེ་ལ་ཚད་མ་ཡིན་ནོ། །འོ་ན་དངོས་པོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་ཐལ་བ་མིན་ནམ་ཞེ་ན། མིན་ཏེ། ཚད་མས་གྲུབ་ཟིན་པ་ཞེས་བྱ་བ་འདི་ནི་རང་ལས་ངེས་ཀྱི་ཚད་མས་བྱས་པ་ཡིན་གྱི། ཅིག་ཤོས་ལ་ཡོད་པ་མིན་ཏེ། སྒྲ་མི་རྟག་པ་འཛིན་པའི་མངོན་སུམ་རྒྱུད་ལ་ལྡན་པའི་རྒོལ་བའི་ངོར། སྒྲ་མི་རྟག་པ་རྟགས་ཀྱིས་སྒྲུབ་དགོས་པ་བཞིན་ནོ། །དེ་ཡང་ཇི་སྐད་དུ། དེ་ཡང་དབང་པོ་ལས་སྔར་གྲུབ། །ཅེས་དང༌། དེ་མ་གྲུབ་ན་དེ་ལྟར་དེ། །རབ་ཏུ་གྲུབ་ཕྱིར་རྗེས་དཔོག་བཞིན། །ཞེས་པའི་འཕྲོས་ལས་གསལ་ལོ། །རྩོད་པ་གསུམ་པས་མི་གནོད་པའི་ཚུལ་འདི་ལྟར། གཞུང་དེས་དོན་དེ་བསྟན་པ་མིན་ཏེ། གལ་ཏེ་ཡིན་ན། རང་མཚན་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་དེ་ཚད་མའི་མཚན་ཉིད་དུ་བསྟན་པར་ཐལ་བའི་ཕྱིར་དང༌། བཅད་ཤེས་མངོན་སུམ་གྱིས་དྲངས་པ་དེ་རང་གི་གཞལ་བྱ་སྔར་མ་རྟོགས་གསར་རྟོགས་སུ་ཡང་བཤད། ཚད་མ་མིན་པར་ཡང་བཤད་པས་བསྟན་བཅོས་མཛད་པས་འཁོར་གསུམ་དངོས་འགལ་དུ་ཁས་བླངས་པར་ཐལ་བའི་ཕྱིར་རོ། །ཚད་མ་སྤྱིའི་རྣམ་གཞག་གི །མྱུར་མགྱོགས་གྲུ་ཆེན་ལ་ཞོན་ཏེ། །སྡེ་བདུན་རྒྱ་མཚོ་བརྒལ་བྱེད་པའི། །དོན་མཐུན་གྲོགས་པོ་དེ་དག་ལ། །སྔོན་རབས་མཛངས་པའི་གསུང་གི་ནི། །ཁོར་ཡུག་ཁོང་ལས་མི་འདའ་བའི། །ལུང་རིགས་སྨྲ་བ་བཟང་པོ་གང༌། །འཛིན་མཁས་ཁ་ལོ་པ་དེས་བྱིན། །དགེ་དེས་ཁྱེད་ཅག་དེ་རིང་ནས། །བྱིས་པས་ཞུགས་པའི་ལམ་དག་ཏུ། །ནམ་ཡང་འཇུག་པར་མ་བྱེད་པར། །ལེགས་བཤད་ནོར་བུའི་འཁྱམས་ཆེན་དེར། །ཀུན་གྱིས་བཀུར་བའི་ཁྲིར་འཁོད་ནས། །རྒན་པོ་རྣམས་དང་གཏམ་བྱོས་ལ། །མཁས་པ་ཡོངས་ཀྱི་གྲལ་མགོར་སྡོད། །ཅེས་ཚད་མ་སྤྱིའི་རྣམ་པར་བཞག་པ་སྡེ་བདུན་གྱི་བང་མཛོད་ཆེན་པོའི་སྒོ་འབྱེད་པར་བྱེད་པའི་རྡོ་རྗེའི་འཁྲུལ་འཁོར་གྱི་ལྡེ་མིག་ཅེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་རིགས་པ་སྨྲ་བ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གི་སའི་ཐིག་ལེར་གྲུབ་པའོ།།  །།  ༄། །ཚད་མས་ངེས་པ་འདྲེན་པའི་ཚུལ་ཉུང་ངུར་བསྡུས་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ་བཞུགས་སོ།།  ༄། །ཆོས་ཀྱི་འབེལ་གཏམ་ཡིད་འོང་པདྨོའི་ཕྲེང༌། །སྙན་གྲགས་ནོར་བུའི་མདངས་དང་ལྷན་ཅིག་ཏུ། །རྣམ་དཔྱོད་ལང་ཚོ་ལྡན་པའི་སྤྱི་གཙུག་གི །རྒྱན་དུ་སྩོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། ཚད་མས་ངེས་པ་འདྲེན་པའི་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། འདི་ལ་གཞུང་གི་འཕྲོས་ཇི་ལྟར་ཡིན་པ་དང༌། གཞུང་དེས་བསྟན་པའི་རྣམ་གཞག་ཞིབ་མོར་ཕྱེ་བའོ། །དང་པོ་ནི། ཚད་མ་སླུ་མེད་ཅན་ཤེས་པ། ཚད་མ་ཐམས་ཅད་མི་སླུ་བའི་རིག་པར་བསྟན་པ་ལ། འོ་ན་དེ་དེར་གང་ལས་ངེས་པ་ཡིན་ཞེ་ན། འདིའི་ལན་ལ་གསུམ་སྟེ། རིག་པར་གང་ལས་ངེས་པ་དང༌། མི་སླུ་བར་གང་ལས་ངེས་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རང་ལས་རང་གི་ངོ་བོ་རྟོགས་ཤེས་པ་སྟེ། གང་ཤེས་པ་ཡིན་ན་རང་གི་ངོ་བོ་རིག་ཙམ་གྱི་ཆ་དེ་ཚད་མ་གཞན་ལས་ངེས་མི་དགོས་པས་ཁྱབ། དཔེར་ན་བྱེ་བྲག་པས་ཀྱང་བདེ་སོགས་རང་གི་ངོ་བོ་མྱོང་བ་ཡིན་པ་ལ་རྩོད་པ་མི་འབྱུང་བ་བཞིན། ཇི་སྐད་བཤད་མ་ཐག་པའི་ཚད་མ་རྣམས་ཀྱང་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་ཟླ་དམིགས་པའི་གཏན་ཚིགས་སོ། །གཉིས་པ་ནི། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་པ་སྟེ། ཐ་སྙད་ལས་ནི་མི་སླུ་ཉིད། །ཅེས་པ་དང་འགྱུར་གྱི་ཁྱད་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །གང་ཚད་མ་ཡིན་ན་རང་ཉིད་དོན་གང་ལ་མི་སླུ་བ་ཡིན་པ་དེ་ཐ་སྙད་ལས་ངེས་དགོས་པས་ཁྱབ། དཔེར་ན་ཡིད་གཟུགས་མིག་ཤེས་ལ་ཆགས་བཞིན་པའི་སྒྲ་འཛིན་མངོན་སུམ་བཞིན་ནོ། །ཚུལ་རོལ་མཐོང་བའི་མངོན་སུམ་དང༌། རྗེས་སུ་དཔག་པ་མཐའ་དག་ཀྱང་འདིར་གཏན་ལ་དབབ་པར་བྱ་བའི་ཚད་མ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་ཐ་སྙད་ནི་ངེས་པ་ལ་བྱ་ལ། དེ་ལ་ཡང་རྣམ་པ་གསུམ་སྟེ། རང་གིས་ངེས་པ་དང༌། རང་ལས་ངེས་པ་དང༌། གཞན་ལས་ངེས་པ་རྣམས་སོ། །དེ་དག་གི་དཔེར་བརྗོད་པ་ནི། རྗེས་དཔག་དང༌། ཚུལ་རོལ་མཐོང་བའི་མངོན་སུམ་གོམས་པ་ཅན་དང༌། མངོན་སུམ་འཁྲུལ་བའི་རྒྱུ་མཚན་ཅན་རྣམས་སོ། །དེ་དག་གི་ཤེས་བྱེད་ཀྱང་འདི་ལྟ་སྟེ། སྒྲ་མི་རྟག་པར་རྟོགས་པའི་རྗེས་སུ་དཔག་པ་ནི་ཆོས་ཅན། རང་ཉིད་སྒྲ་མི་རྟག་པ་ལ་མི་སླུ་བ་ཡིན་པར་རང་ལས་ངེས་པ་ཡིན་ཏེ། སྒྲ་མི་རྟག་པར་རང་ཉིད་ཀྱིས་ངེས་པའི་ཕྱིར། གོམས་པ་ཅན་གྱི་སྔོན་འཛིན་དབང་པོའི་མངོན་སུམ་ཆོས་ཅན། རང་ཉིད་སྔོན་པོ་ལ་མི་སླུ་བ་ཡིན་པར་རང་ལས་ངེས་པ་ཡིན་ཏེ། སྔོན་པོ་ངེས་པའི་ངེས་ཤེས་དེ་མ་ཐག་འབྲས་སུ་འདྲེན་ཅིང༌། རང་ཉིད་ཀྱིས་སྔོན་པོ་མ་ངེས་པའི་ཕྱིར། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་པོའི་མངོན་སུམ་ཆོས་ཅན། སྒྲ་མི་རྟག་པ་ལ་མི་སླུ་བར་ཚད་མ་གཞན་ལས་ངེས་པ་ཡིན་ཏེ། སྒྲ་མི་རྟག་པར་ངེས་པའི་ངེས་ཤེས་རང་གི་དེ་མ་ཐག་འབྲས་སུ་འདྲེན་མི་ནུས་པར་ཁྱོད་དང་དེ་གཉིས་ཀྱི་བར་དུ་ཚད་མ་གཞན་ཞིག་བརྒྱུད་དགོས་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་བསྟན་བཅོས་སུ་ཚད་མའི་མཚན་ཉིད་བསྟན་པ་དོན་མེད་པར་འགྱུར་ཏེ། ཚད་མའི་མཚན་གཞི་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་མི་སླུ་བ་དེ། ཚད་མ་རང་ངམ་རང་གིས་དྲངས་པའི་ངེས་ཤེས་ལས་ངེས་ནུས་པའི་ཕྱིར་རོ་ཞེ་ན། བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན་ཞེས་པ་སྟེ། དེ་འདྲའི་བསྟན་བཅོས་བརྩམས་པ་ཆོས་ཅན། དགོས་པ་ཡོད་དེ། ཚད་མའི་ཐ་སྙད་ལ་རྨོངས་པ་བཟློག་པར་བྱ་བའི་ཕྱིར་དུ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་བཤད་པའི་ཕྱིར། ཐ་སྙད་འབའ་ཞིག་སྒྲུབ་ནི་འདི་ལྟ་སྟེ། གང་གསར་དུ་མི་སླུ་བའི་རིག་པ་ཡིན་ན་ཚད་མའི་ཐ་སྙད་བྱར་རུང་བས་ཁྱབ། དཔེར་ན་མངོན་སུམ་གྱི་ཚད་མ་བཞིན། དུ་བའི་རྟགས་ལས་དུ་ལྡན་གྱི་ལ་མེ་ལྡན་དུ་གསར་དུ་རྟོགས་པའི་རིག་པ་གང་ཡིན་པ་དེ་ཡང་གསར་དུ་སླུ་བ་མེད་པ་ཅན་གྱི་ཤེས་པ་ཡིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །མདོར་ན། ཐ་སྙད་ལས་ནི་ཚད་མ་ཉིད། །ཅེས་པ་ཚད་མའི་དོན་གྱི་དབང་དུ་བྱས་ལ། རྨོངས་པ་བཟློག་བྱེད་ཡིན་ཞེས་པ་ཚད་མའི་ཐ་སྙད་ཀྱི་དབང་དུ་བྱས་སོ། །གཉིས་པ་དེས་བསྟན་པའི་རྣམ་གཞག་ལ། ཚད་མ་གཉིས་ཀྱི་རྣམ་གཞག་གང་ལས་བྱུང་བའི་ཁུངས་བཙལ་བ་དང༌། གཉིས་པོའི་དོན་བཟློག་སོ་སོར་དབྱེ་བ་དང༌། མཚན་གཞིའི་དབྱེ་བ་དཔེར་བརྗོད་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོའི་གཞུང་དུ་གཉིས་པོ་འདིའི་རྣམ་གཞག་མི་འབྱུང༌། རྣམ་འགྲེལ་མཛད་པའི་གཞུང་རྩ་བར་གཉིས་པོའི་རྣམ་གཞག་དངོས་སུ་ཐོན་པ་མེད་ལ། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའི་གཞུང་རྐང་པ་གཅིག་པོས་ཚད་མ་གཉིས་པོའི་ཟླས་ཕྱེ་བའི་རང་ངེས་ཚད་མའི་རྣམ་གཞག་སྟོན་པར་འཆད་པའི་ཚད་ལྡན་གྱི་འགྲེལ་པ་བྱེད་པ་དག་ཀྱང་ཡོད་པ་མིན་ནོ། །འགྲེལ་པ་མཛད་པ་དག་གི་ནང་ནས་ཀྱང༌། ལྷ་ཤཱཀ་གཉིས་པོའི་རྣམ་གཞག་སོ་སོར་ངེས་པ་མི་གསལ་ཞིང༌། རྒྱན་དང་ཆོས་མཆོག་ལས་གསལ་བ་ཡིན་ནོ། །བདག་ཉིད་ཆེན་པོ་ལོ་ཙྪ་བ་རྗེས་འབྲང་དང་བཅས་པ་ཕལ་ཆེར་ནི་ཆོས་མཆོག་གི་ལུགས་དེ་ཉིད་འགོག་ཅིང་གཙོ་བོར་མི་མཛད་ལ། འཇམ་དབྱངས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ནི་གཉིས་པོའི་རྣམ་གཞག་སློབ་དཔོན་ཆོས་མཆོག་གི་ལུགས་ཇི་ལྟ་བ་བཞིན་མཛད་དོ། །གངས་ཅན་པ་ཕྱི་མ་དག་ཚད་མ་ཡིན་ན་རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་པས་ཁྱབ་པ་སློབ་དཔོན་ཕྱྭ་པའི་ལུགས་བཞིན་ཁས་བླངས་ནས་གཉིས་པོའི་དཔེར་བརྗོད་སློབ་དཔོན་ཆོས་མཆོག་གི་ལུགས་བཞིན་དུ་འདོན་པ་དེ་དག་ནི། རྒྱ་བོད་ཀྱི་སྲོལ་འབྱེད་གང་གི་ཡང་ལུགས་མིན་ཞིང༌། ནང་འགལ་བ་ཅན་ཁོ་ན་ཡིན་ལ། དེའི་ཚུལ་ཡང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེས་ན་ཚད་མ་གཉིས་པོའི་རྣམ་གཞག་ཇི་སྲིད་དུ་ཁས་ལེན་པ་དེ་སྲིད་དུ། ཐ་སྙད་ལ་ནི་ཚད་མ་ཉིད། །ཅེས་པའི་གཞུང་རྐང་པ་གཅིག་པོ་འདིའི་ཁོངས་ནས་གཉིས་ཀ་ཐོན་དགོས་པ་ཡིན་ནོ། །དེ་ལྟ་ནའང༌། རང་ལས་རང་གི་ངོ་བོ་རྟོགས། །ཞེས་པའི་གཞུང་གིས་རང་ལས་ངེས་ཀྱི་ཚད་མའི་འགྲོ་ཚུལ་ཅིག་མ་བསྟན་པ་ནི་མིན་ཏེ། གཞུང་དེས་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་ལས་ངེས་ཀྱི་ཚད་མར་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གཉིས་པོའི་ཟླས་ཕྱེ་བའི་རང་ལས་ངེས་ནི་མིན་ཏེ། གཉིས་པོའི་ཟླས་ཕྱེ་བའི་རང་ལས་ངེས་དེ་ནི། རང་གི་གཞལ་བྱ་ལ་ཡིན་གྱི་རང་གི་ངོ་བོ་ལ་མིན་པའི་ཕྱིར་དང༌། གཞན་དུ་ན། གཞན་ལས་ངེས་ཀྱང་རང་གི་ངོ་བོ་ལ་གཞན་ལས་ངེས་སུ་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་དོན་བཟློག་སོ་སོའི་ཁྱད་པར་ལ། དོན་གྱི་ཁོག་ཕུབ་པ་དང༌། རྣམ་གཞག་ཞིབ་མོར་ཕྱེ་བའོ། །དེའི་ལུགས་རྣམ་པ་གསུམ་སྟེ། ཚད་མ་ལ་གཞན་ངེས་ཁོ་ནས་ཁྱབ་པར་འདོད་པའི་ལུགས་དང༌། རང་ངེས་ཁོ་ནས་ཁྱབ་པར་འདོད་པའི་ལུགས་དང༌། གཉིས་ཀ་ཡོད་པར་འདོད་པའི་ལུགས་རྣམ་པ་གསུམ་མོ། །ལུགས་ཕྱི་མ་འདི་ལ་ཡང་གསུམ་སྟེ། མཚོན་བྱ་ཚད་མའི་ཐ་སྙད་ལ་རང་ངེས་གཞན་ངེས་སུ་འདོད་པའི་ལུགས་དང༌། མཚན་ཉིད་མི་སླུ་བ་ལ་རང་ངེས་གཞན་ངེས་སུ་འདོད་པའི་ལུགས་དང༌། རང་གི་གཞལ་བྱ་ལ་རང་ངེས་གཞན་ངེས་སུ་འཇོག་པའི་ལུགས་གསུམ་མོ། །ལུགས་དང་པོ་དེ་ནི་བྲམ་ཟེ་ཆེན་པོ་ཤམ་ཀར་ནན་ཏའི་དགོངས་པ་ཡིན་པར་གྲགས་ལ། གཉིས་པ་དེ་ནི་ཁྱུང་རིན་ཆེན་གྲགས་ཀྱི་བཞེད་པ་ཡིན་ཞིང༌། གསུམ་པ་དེ་ནི་གངས་ཅན་གྱི་རྟོག་གེ་པ་ཆེན་པོ་ས་རྔོག་གཉིས་ཀྱི་ལུགས་སོ། །ལུགས་གསུམ་པ་དེའི་ཡང་དང་པོ་དེ་ནི་རྟོག་གེ་མི་ཤེས་པ་དག་གི་འདོད་པར་སྣང་བས་དཔྱད་རྒྱུ་མེད་ལ། གཉིས་པ་དེ་ནི་ཆོས་ཀྱི་སྤྱན་ལྡན་ལོ་ཆེན་དང༌། ཐུགས་སྲས་གྲོ་ལུང་པ་ཆེན་པོ་དང༌། རིགས་པའི་དབང་ཕྱུག་ཕྱྭ་པ་རྣམས་ཀྱི་བཞེད་པ་ཡིན་ལ་དེ་དག་གི་དགོངས་པ་ཡང་གཞལ་བྱ་ལ་མི་སླུ་བའི་དོན་གྱི་གཞལ་བྱ་ཐོབ་པ་ལ་བྱས་ལ། ཐོབ་པའི་ཚུལ་ལ་གཉིས་ཏེ། ཐོབ་ངེས་པ་དང༌། ཐོབ་རུང་བའོ། །དང་པོ་ནི་རང་ལས་ངེས་དང་ཕྱི་མ་ནི་གཞན་ལས་ངེས་སོ། །ལུགས་གསུམ་པ་ནི་འཇམ་དབྱངས་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་བཞེད་པ་དྲི་མ་མེད་པ་ཡིན་ལ། ཇི་སྲིད་གཉིས་ཀྱི་རྣམ་གཞག་ཁས་ལེན་པ་དེ་སྲིད་དུ་འདིའི་སྟེང་ནས་འཆད་དགོས་ལ། གཞལ་བྱ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་འདྲེན་འདི་ཉིད་མི་སླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་འདྲེན་གྱི་དོན་དུ་ཡིན་ནོ། །གཉིས་པ་ལ་དིང་སང་གྲགས་ཆེ་བའི་ལུགས་དགག རང་གི་ལུགས་རིགས་པའི་གཏེར་གྱི་རྗེས་སུ་འབྲངས་ཏེ་བཞག དེ་ལ་རྩོད་པ་སྤངས་ཏེ་གྲུབ་པའི་དོན་བསྟན་པའོ། །དང་པོ་ནི། དར་ཊཱིཀ་མཛད་པ་ན་རེ། ཚད་མ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། མཚན་གཞི་ནི་རྗེས་དཔག་ཚད་མ་རྣམས་དང༌། གོམས་པ་ཅན་གྱི་སྔོ་འཛིན་དབང་པོའི་མངོན་སུམ་ལྟ་བུའོ། །ཚད་མ་གང་ཞིག་དེ་ལྟར་མི་ནུས་པ་དེ་གཉིས་པའི་མཚན་ཉིད། མཚན་གཞི་ནི། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་པོའི་མངོན་སུམ་ལྟ་བུའོ། །ཞེས་ཟེར་རོ། །མཚན་ཉིད་དེ་ལྟར་བཞག་ནས་མཚན་གཞི་སློབ་དཔོན་ཆོས་མཆོག་གི་ལུགས་བཞིན་ཁས་ལེན་པ་འདི་ནི་ནང་འགལ་བ་ཡིན་ཏེ། དེ་ཡང་འདི་ལྟར། ཁྱོད་ཀྱིས་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞིར་བཟུང་མ་ཐག་པ་དེ་ཆོས་ཅན། ཁྱོད་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། ཁྱོད་ཚད་མར་སོང་བའི་གཞལ་བྱ་དེ་ཡིན་ན་གཞན་ལས་ངེས་སུ་སོང་བའི་གཞལ་བྱ་དེ་མིན་དགོས། དེ་ཡིན་ན་ཚད་མར་སོང་བའི་གཞལ་བྱ་དེ་མིན་དགོས་པའི་ཕྱིར། རྟགས་ཇི་ལྟར་དུ་ཁས་ལེན་ཞེ་ན། འོ་ན་ཁྱོད་ཀྱི་དེ་འདྲའི་གཞི་མཐུན་སྲིད་པར་ཁས་ལེན་དགོས་པས། མཚན་གཞི་གང་ཡིན་སྟོན་ཅིག དམར་འབར་བ་དེའོ་ཞེ་ན། དེ་ཆོས་ཅན། ཁྱོད་དམར་འབར་བ་ལ་གཞན་ལས་ངེས་མིན་པར་ཐལ། དེ་ལ་རང་ལས་ངེས་ཡིན་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ། འདོད་ན་ཁས་བླངས་ཀྱིས་བསལ། རྟགས་བདེན་ཞེན་གྱིས་ཁས་ལེན་པའི་ཚུལ་ནི། དེ་འདྲ་དེ་སྣང་བ་རང་ལས་ངེས་སུ་ཁས་ལེན་པས་སོ། །དེ་ལྟར་ན་ལན་གྱིས་ཟློག་པར་མི་ནུས་པའི་ཐལ་འགྱུར་གཅིག་ཡིན་ནོ། །ཅི་སྟེ་དོན་སྟེངས་ཀྱི་མེ་དེ་འདྲའི་གཞི་མཐུན་ནོ་ཞེ་ན། དེ་དུས་ཀྱི་མངོན་སུམ་དེ་ཆོས་ཅན། དོན་སྟེངས་ཀྱི་མེ་ལ་སྒྲོ་འདོགས་བཅད་པར་ཐལ། དེ་ལ་ཚད་མ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། དམ་བཅའ་ལ་ཚད་མའི་བསལ་བཞུགས་པའི་ཐལ་འགྱུར་གཉིས་པ་ཡིན་ནོ། །ལུགས་འདིའི་རྗེས་སུ་འབྲང་བ་ཁ་ཅིག་ན་རེ། དེ་གཞན་ལས་ངེས་ཀྱི་ཚད་མར་སོང་བའི་གཞལ་བྱ་མི་སྲིད་ཅེས་ཟེར་རོ། །ཁས་བླངས་ནང་འགལ་བ་འདི་ལྟ་སྟེ། དེ་ཆོས་ཅན། ཁྱོད་ཚད་མར་སོང་བའི་གཞལ་བྱ་མི་སྲིད་པར་ཐལ། ཁྱོད་རང་ལས་ངེས་ཀྱི་ཚད་མར་སོང་བའི་གཞལ་བྱ་ཡང་མི་སྲིད། གཞན་ལས་ངེས་ཀྱི་ཚད་མར་སོང་བའི་གཞལ་བྱ་ཡང་མི་སྲིད་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ། རྟགས་ཕྱི་མ་དངོས་འགལ། འདོད་ན། རང་གི་གཞལ་བྱ་ལ་གསར་དུ་མི་སླུ་བ་ཚད་མའི་མཚན་ཉིད་དུ་འདོད་པ་དང་འགལ། རྟགས་སྔ་མ་མ་གྲུབ་ན། དེར་སོང་བའི་གཞལ་བྱ་དེ་གང་ཡིན། དེ་ལ་ཁོ་ན་རེ། དམར་འབར་བ་ཙམ་དེ་ཡིན་ཏེ། སློབ་དཔོན་ཆོས་མཆོག་གིས་མངོན་སུམ་དེ་སྣང་བ་རང་ལས་ངེས་སུ་བཤད་པས་སོ་ཞེ་ན། དོན་ལ་དེ་ལྟར་ཡིན་མོད། ཁྱོད་ལ་ནང་འགལ་ཏེ། འདི་ལྟར། དོན་ལ་ཞེས་སོགས་ཀྱི་དབང་པོའི་མངོན་སུམ་དེ་ཆོས་ཅན། དམར་འབར་བ་རང་གི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། དམར་འབར་བ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་དུ་ཁས་བླངས་པའི་ཐལ་འགྱུར་གསུམ་པ་ཡིན་ནོ། །གཞན་ཡང་དེ་འདྲའི་མངོན་སུམ་དེ་ཆོས་ཅན། དམར་འབར་བ་ལ་རང་ལས་ངེས་ཀྱི་ཚད་མར་ཐལ། དེ་ལ་རང་ལས་ངེས་ཀྱང་ཡིན། དེ་ལ་ཚད་མ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར་རོ། །རྟགས་གཉིས་ཀ་དངོས་འགལ་ཁྱབ་པ་ཚད་མ། འདོད་ན་སྔ་མ་ལྟར་འཕངས་པས་འཁོར་གསུམ་དངོས་འགལ་ལོ། །དེ་དག་ནི་ཁས་བླངས་པ་དང་འགལ་བ་ཡིན་ནོ། །ད་ནི་རིགས་པ་དང་འགལ་བ་བརྗོད་པར་བྱ་སྟེ། དོན་ལ་ཙནྡན་གྱི་མེ་ཡིན་ཞིང་རྟོག་པས་ཙནྡན་གྱི་མེ་ཡིན་མིན་ཐེ་ཚོམ་ཟ་དུས་ཀྱི་དུ་བའི་རྟགས་ལས་རྒྱང་རིང་པོའི་དུ་ལྡན་གྱི་ལ་ལ་མེ་ཙམ་ཡོད་པར་རྟོགས་པའི་རྗེས་དཔག་དེ་ཆོས་ཅན། མཚན་ཉིད་དེར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཚད་མའི་བསལ་བ་དང༌། ཁས་བླངས་ཀྱི་བསལ་བ་གཉིས་ཀ་འཇུག་པ་ཡིན་ནོ། །ཇི་ལྟར་ཞེ་ན། དེ་ཆོས་ཅན། ཙནྡན་གྱི་མེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། ཙནྡན་གྱི་མེ་མེད་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཁྱེད་ཀྱི་གཞན་ལས་ངེས་ཀྱི་མཚན་གཞིར་ཁས་བླངས་པའི་མངོན་སུམ་དེས་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། འདོད་མ་ཐག་པའི་རྗེས་དཔག་དེས་འདྲེན་ནུས་པའི་ཕྱིར། ད་ནི་ལུང་དང་འགལ་བ་ཡང་བརྗོད་པར་བྱ་སྟེ། མི་སླུ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པ་རང་ངེས་ཀྱི་དོན་དུ་འཇོག་པ་གཞུང་གི་འབྲེལ་ལ་བསམས་ན། བདག་ཉིད་ཆེན་པོའི་དགོངས་པར་སོང་མོད་མི་སླུ་བའི་དོན་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་གང་ཡིན་པ་དེ་ལ་ངེས་པ་འདྲེན་པ་ལ་བྱེད་ན། སློབ་དཔོན་ཆོས་མཆོག་གིས་གཞན་ལས་ངེས་ཀྱི་ཚད་མར་བཤད་པ་གསུམ་ཀ་ཆོས་ཅན། མི་སླུ་པའི་རིག་པ་ཡིན་པར་ཐལ། རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ལ་ངེས་པ་མ་དྲངས་པའི་ཕྱིར། འདོད་ན་སློབ་དཔོན་ཆོས་མཆོག་གི་གཞུང་ལུང་ཚད་མར་འདོད་པ་དང་འགལ། གཞན་ཡང་དོན་ལ་མི་རྟག་པ་ཡིན་ཞིང་རྟོག་པས་མི་རྟག་པ་ཡིན་མིན་ཐེ་ཚོམ་ཟ་བའི་དུས་ཀྱི་སྔོ་འཛིན་དབང་པོའི་མངོན་སུམ་གོམས་པ་ཅན་དེ་ཆོས་ཅན། མཚན་ཉིད་དེར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་ཁས་བླངས་དང་ཚད་མ་གཉིས་ཀས་གྲུབ། འདོད་ན། སྔོན་པོའི་བདག་ཉིད་ཡུལ་སྟེངས་ན་གནས་པ་དེ་ངེས་པར་ཐལ་ལོ། །གཞན་ཡང་དོན་ལ་སེང་རྒྱའི་སྔོན་པོ་ཡིན་ནོ། །ཞེས་སོགས་ཀྱང་སྦྱར་བར་བྱའོ། །རང་ལ་མི་མཚུངས་པའི་ཚུལ་ནི། སྤྱིར་ཆོས་གཅིག་ལ་ཚད་མ་ཡིན་ན་ཚད་མ་ཡིན་མི་དགོས་པ་དང༌། བྱེ་བྲག་ཏུ་ཆོས་གཅིག་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་ན་སྤྱིར་རང་ལས་ངེས་ཀྱི་ཚད་མ་ཡིན་མི་དགོས་པ་སོགས་ལ་ཐུག་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། ཆོས་དེ་ལ་ཚད་མ་གང་ཞིག ཆོས་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་དེ། ཆོས་དེ་ལ་རང་ལས་ངེས་ཡིན་པའི་མཚན་ཉིད་དང༌། ཆོས་དེ་ལ་ཚད་མ་ཡིན་པ་གང་ཞིག ཆོས་དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པ་དེ། ཆོས་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་མཚན་ཉིད་དོ། །ཆོས་དེ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ན། ཆོས་དེ་ལ་ངེས་པ་ཚད་མ་གཞན་སྟོབས་ཀྱིས་འདྲེན་ངེས་པའི་ཁྱབ་པ་ནི་ཡོད་པ་མིན་ཏེ། གྲངས་ཅན་གྱི་རྒྱུད་ཀྱི་སྒྲ་འཛིན་དབང་པོའི་མངོན་སུམ་དེ་སྒྲ་མི་རྟག་པ་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཀྱང༌། དེ་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་བསྐལ་པ་འབུམ་ཕྲག་བརྒྱའི་བར་དུ་མི་འབྱུང་བ་སྲིད་པའི་ཕྱིར་རོ། །འདིར་ཤེས་པ་ཡིན་ན་རང་གི་ངོ་བོ་རིག་ཅིང་གསལ་ཙམ་གྱི་ཆ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་སྟེ། དེ་ཡིན་ན་དེ་ལ་དེའི་མཚན་ཉིད་ཚང་བས་ཁྱབ་པའི་ཕྱིར། ཡང་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་ཡིན་པ་ཙམ་གྱི་ངེས་པ་འདྲེན་པས་མ་ཁྱབ་སྟེ། རྒྱུན་འགག་ཁ་མའི་རྟོག་པ་ཚད་མ་དང༌། རྣམ་མཁྱེན་ལ་སོགས་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བས་གྲུབ་པའི་དོན་ནི། འདི་ལ་ཁ་ཅིག་ན་རེ། སློབ་དཔོན་ཆོས་མཆོག་གིས་གཞན་ལས་ངེས་ཀྱི་ཚད་མར་བཤད་པ་གསུམ་པོ་དེ་ཆོས་ཅན། དོན་བདེན་པའི་ཆ་དང༌། ཤ་ཟ་ལ་སོགས་པའི་ཁྱད་པར་གྱི་ཆ་དང༌། སྣང་བ་ཉིད་ལ་ཚད་མར་ཐལ། བདེན་པ་དང༌། ཁྱད་པར་དང༌། སྣང་བ་ཉིད་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། འདོད་ན་དེ་དང་དེ་དག་རྟོག་པར་ཐལ་ལོ། །དེ་ཡང་འདོད་ན། དེ་དག་སྒྲོ་འདོགས་ཆོད་པར་ཐལ་ལོ། །ཆོས་མཆོག་གི་གཞན་ངེས་སུ་བཤད་པའི་ཚད་མ་དེ་རྣམས་གང་ལ་གཞན་ངེས་སུ་སོང་སའི་དོན་དེ་དང་དེ་ལ་ཚད་མ་ཡིན་ཏེ། དེ་དང་དེ་ལ་མངོན་སུམ་ཡིན་པའི་ཕྱིར་ཏེ། དེ་དང་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེའི་ཕྱིར་ཆོས་གཅིག་ལ་མངོན་སུམ་ཡིན་ན་ཆོས་གཅིག་ལ་ཚད་མ་ཡིན་པས་ཁྱབ་པ་དང༌། སློབ་དཔོན་ཆོས་མཆོག་གི་གཞན་ལས་ངེས་ཀྱི་ཚད་མ་གསུམ་གྱི་རྣམ་པར་བཞག་པ་འདི་ནི་ཆེས་ཤིན་ཏུ་འགྲིག་པ་ཡིན་ལ། དར་ཊཱིཀ་མཛད་པ་རྗེས་འབྲང་དང་བཅས་པའི་ཕྱོགས་ལ་ནི། སློབ་དཔོན་ཆོས་མཆོག་གི་བཞེད་པ་འདི་དག་སྒྲུབ་བྱེད་མ་ཡིན་པ་ཁོ་ནར་མ་ཟད་ཀྱི་གནོད་བྱེད་ཡང་དག་པ་ཁོ་ན་ཡིན་ནོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ། ལོ་ཙཱ་བ་ཆེན་པོ་རྗེས་འབྲང་དང་བཅས་པ་ནི་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞི་ཇི་ལྟ་བ་བཞིན་དུ་བཤད་པ་མི་སྣང་ལ། ས་སྐྱ་པཎྜི་ཏ་ནི། དོན་རིག་གཉིས་དང་རང་རིག་དང༌། །རྗེས་སུ་དཔག་རྣམས་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་གསུངས་སོ། །དེ་དག་ལས་གཞན་ལས་ངེས་ཀྱི་ཚད་མར་བཤད་པ་དེ་རྣམས་རང་ལས་ངེས་ཀྱི་ཚད་མར་སོང་བའི་ཆོས་ཅིག་མི་སྲིད་པ་ནི་མིན་ཏེ། རང་གི་ངོ་བོ་ལ་རང་ལས་ངེས་ཀྱི་ཚད་མ་ཁོ་ན་ཡིན་པའི་ཕྱིར་རོ། །འདིར་ཁ་ཅིག་ན་རེ། དང་པོའི་མངོན་སུམ་དང་ཡིད་མ་གཏད་པའི་མངོན་སུམ་ནི་གཞན་ལས་ངེས་ཀྱི་ཚད་མ་མིན་ཏེ། སྣང་ལ་མ་ངེས་པ་ཡིན་པའི་ཕྱིར་ཞེས་དང༌། ཁ་ཅིག་ན་རེ། ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་བཞིན་པའི་སྒྲ་འཛིན་མངོན་སུམ་ཞེས་བྱ་བ་གཞན་ལས་ངེས་ཀྱི་ཚད་མའི་མཚན་གཞིར་མི་འཐད་དེ། དེ་འདྲ་མི་སྲིད་པའི་ཕྱིར་ཏེ། ཇི་སྐད་དུ། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །དོན་ཉེ་བ་ལ་འཛིན་མེད་གང༌། །ཆགས་པས་གཞན་སྐྱེད་ནུས་ཉམས་ཕྱིར། །ཞེས་བཤད་པའི་ཕྱིར་ཞེས་ཟེར་རོ། །ཡིད་མ་གཏད་ཀྱི་མངོན་སུམ་མི་སྲིད་པར་འདོད་པ་འདི་ནི། གཞུང་གི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ཏེ། ཇི་སྐད་དུ། འདིར་དོན་ཀུན་དང་ཅིག་ཆར་དུ། །ཞེས་པ་ནས། དེ་ཕྱིར་བློ་ནི་ཅིག་ཆར་སྐྱེ། །ཞེས་པའི་བར་གྱི་ཡིད་གཟུགས་མཛེས་ལ་ལྷག་པར་ཆགས་བཞིན་པའི་ཚེ། སྒྲ་འཛིན་ཉན་ཤེས་སྐྱེ་བར་བསྟན་ནས། འོ་ན་སྒྲ་མ་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྒྲ་ལ་ངེས་པ་འདྲེན་པའི་རྐྱེན་མ་ཚང་བའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས་ནས། ལ་ལར་ཀུན་ཏུ་ཆགས་སེམས་ཅན། །ཞེས་གསུང་པས་སོ། །གཞན་ཡང་སྨིག་རྒྱུ་ལ་ཆུར་འཛིན་གྱི་སྒྲོ་འདོགས་འཐུག་པོ་རྒྱུད་ལ་ལྡན་བཞིན་པའི་གང་ཟག་གི་རྒྱུད་ཀྱི་སྨིག་རྒྱུའི་ཁ་དོག་འཛིན་པའི་མངོན་སུམ་ཚད་མ་མིན་པར་འདོད་པ་དང༌། དོན་ལ་མེ་ཡིན་ཞིང་ཞེས་སོགས་ཀྱི་རྒྱང་རིང་པོའི་དམར་འབར་བ་འཛིན་པའི་དབང་པོའི་མངོན་སུམ་ཚད་མར་འདོད་པ་ཡང་ནང་འགལ་བ་ཁོ་ན་ཡིན་ནོ། །འདི་ན་སྡེ་བདུན་མཛད་པའི་གཞུང༌། །རྣམ་དབྱེར་འདོད་པ་རབ་མང་ཡང༌། །ཕལ་ཆེར་སྨིག་རྒྱུའི་ཆུ་གཏེར་བཞིན། །ཁྱད་པར་འཕགས་པ་ས་རྔོག་གི །ལེགས་བཤད་རྒྱ་མཚོར་གོམས་པ་དང༌། །རང་གི་རྣམ་དཔྱོད་གོམ་སྟོབས་ཀྱིས། །ཤེས་བྱའི་ས་ཆེན་གསུམ་བརྒལ་ནས། །ལེགས་པར་བཤད་པ་འདི་ཡིན་ནོ། །ཚད་མས་ངེས་པ་འདྲེན་པའི་ཚུལ་ཉུང་ངུར་བསྡུས་པ་ཡིད་ཀྱི་མུན་སེལ་ཞེས་བྱ་བ། སྟན་གཅིག་པ་བློ་གྲོས་བརྟན་པའི་གསུང་གིས་ཉེ་བར་བསྐུལ་བའི་དོན་དུ། ཡུལ་དབུས་ཀྱི་རྟོག་གེ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། གཙང་གཡས་རུའི་སའི་ཐིག་ལེར་སྦྱར་བ་ཡིན་ནོ།།  །།  ༄། །རང་ལུགས་ཀྱི་དགག་གཞི་མའི་རྣམ་གཞག་ཁྱབ་འཇུག་གི་མདུང་ཐུང་ཞེས་བྱ་བ་བཞུགས།།  ༈ །བསྡུས་རའི་བསྡུས་སྐད་སྐྱེད་ཚལ་ན། །ཐལ་འགྱུར་ཐལ་མོའི་གར་རྩེ་བའི། །བློ་གསལ་བློ་མཚོའི་མེ་ལོང་ལ། །རྣམ་གསལ་རྣམ་མང་རིགས་པ་ནི། །གསུང་མཛད་གསུང་ལ་ཕྱག་འཚལ་ལོ། །རིགས་པའི་མཚམས་སྤྲིན་གཞོན་ནུ་ནི། །དགག་གཞི་མ་ཡི་སྤྲིན་ནག་གི །བདུད་མོའི་མལ་དུ་ཉལ་བ་ན། །རིགས་ལམ་མུན་པའི་གོས་སྔོན་གྱོན། །དེ་ནས་གཞུང་བརྒྱ་ཤར་གྱི་རི། །མཐུན་པར་དྲོས་པའི་བློ་གྲོས་ཀྱི། །དཔུང་པའི་བཞོན་པ་ལ་ཞོན་ནས། །རིགས་པའི་ཉི་མ་འདི་ཤར་རོ། །དེ་ཡང་འདི་ལྟར། བོད་ཕྱི་མ་དག་ན་རེ། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་དུ་བཟུང་ནས། བུམ་པ་དང་རི་བོང་གི་རྭ་མེད་མཚུངས་ཡིན་ནོ། །དེའི་རྒྱུ་མཚན། དེ་ཆོས་ཅན་དེ་མེད་དེ། ཁྱོད་དེའི་དགག་གཞི་ཡིན་པའི་ཕྱིར། ཞེས་ཟེར་རོ། །དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། ཁྱོད་བུམ་པ་མཁྱེན་པའི་རྣམ་མཁྱེན་གྱི་གཞལ་བྱ་ཡིན་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། ཁྱོད་ཡོད་པའི་ཕྱིར། མ་ཁྱབ་ན། བུམ་པ་མཁྱེན་པའི་རྣམ་མཁྱེན་ཆོས་ཅན། ཡོད་ན་ཁྱོད་ཀྱི་གཞལ་བྱ་ཡིན་དགོས་པར་ཐལ། ཁྱོད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། ཤེས་བྱ་ཐམས་ཅད་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་མེད་ན་ཤེས་བྱ་ཐམས་ཅད་མེད་དགོས་པར་ཐལ། དེ་ཐམས་ཅད་མེད་པའི་ཕྱིར། འདོད་ན། ཁས་བླངས་ཤིང་ཤེས་བྱ་ཐམས་ཅད་ཡོད་ན་བུམ་པ་ཡོད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། བུམ་པ་ཤེས་བྱའི་ཁོངས་སུ་གཏོགས་པར་ཐལ། ཤེས་བྱ་ཐམས་ཅད་ཡོད་ན་བུམ་པ་ཡོད་དགོས་པའི་ཕྱིར། རྟགས་བསལ་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཡང་བུམ་པ་ཆོས་ཅན། ཡོད་པར་ཐལ། ཚད་མས་དམིགས་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཀྱི་རྟགས་གྲུབ་པས་ཁྱབ་པར་ཐལ། ཁྱོད་ཐལ་འགྱུར་གང་ཞིག ཁྱོད་ཀྱི་རྟགས་གྲུབ་པའི་ཕྱིར། འདོད་ན་ཁས་བླངས་ཤིང༌། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་ཚད་མས་དམིགས་པའི་ཕྱིར། གསུམ་ཅར་རོ། །ཡང་བུམ་པ་རྟག་པར་ཁས་ལེན་པའི་རྒོལ་བའི་ངོར། བུམ་པ་ཆོས་ཅན། མ་བྱས་པར་ཐལ། རྟག་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཡོད་ན་ཁྱོད་ཐལ་འགྱུར་ཡང་དག་ཡིན་དགོས་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་ན་ཁས་བླངས་ཤིང༌། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། བུམ་པ་བྱས་མ་ཡིན་པར་ཐལ། དེ་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་བསལ་ཁས་བླངས། ཁྱབ་པ་ཚད་མའོ། །ཡང༌། གཞི་གྲུབ་ན་བུམ་པ་མེད་པའི་ཁྱབ་པ་ཆོས་ཅན། བདག་མེད་ཡིན་ན་ཁྱོད་མེད་པས་ཁྱབ་པར་ཐལ། ཁྱོད་མེད་ངེས་ཡིན་པའི་ཕྱིར། རྟགས་ཁྱབ་ཚད་མ། འདོད་ན། ཁས་བླངས་ཤིང༌། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཅར་རོ། །ཡང་བུམ་པ་ཆོས་ཅན། མེད་པར་ཐལ། ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཆོས་ཅན་དུ་བཟུང་ནས་དེ་བཞིན་དུ་སྦྱར་རོ། །བུམ་པ་མ་ཡིན་པ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་རྫས་ཆོས་ཡིན་དགོས་པར་ཐལ། ཁྱོད་རྫས་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་ཚད་མ། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། ཁོ་མིན་ཁོ་མིན་པར་ཐལ། ཁོ་རྫས་ཆོས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་བུམ་པ་ཡིན་པའི་ཕྱིར། རྟགས་དངོས་འགལ་ལོ། །ཡང་བུམ་པ་དང་ཐ་དད་ཆོས་ཅན། ཁྱོད་ཡོད་ན་ཁྱོད་རང་ཡིན་གྱི་ལྡོག་ཆོས་ཡིན་དགོས་པར་ཐལ། ཁྱོད་རང་ཡིན་གྱི་ལྡོག་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་ཚད་མ། འདོད་ན། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། ཁོ་མ་ཡིན་དེ་ཁོ་ཡིན་པར་ཐལ། ཁོ་རང་ཡིན་ལྡོག་ཆོས་ཡིན་པའི་ཕྱིར། འདོད་ན། ཁོ་མ་ཡིན་ཡོད་པར་ཐལ། ཁོ་མ་ཡིན་ཁོ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། བུམ་པ་དང་གཅིག་ཡོད་པར་ཐལ། བུམ་པ་དང་ཐ་མི་དད་ཡོད་པའི་ཕྱིར། རྟགས་བསལ་ཁས་བླངས། ཡང་བུམ་པ་དང་འགལ་བ་ཆོས་ཅན། ཁྱོད་ཡོད་ན། ཁྱོད་རང་མིན་གྱི་ལྡོག་ཆོས་ཡིན་དགོས་པར་ཐལ། ཁྱོད་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེ་ཆོས་ཅན། ཁོ་མིན་ཁོ་མིན་པར་ཐལ། ཁོ་རང་མ་ཡིན་གྱི་ལྡོག་ཆོས་ཡིན་པའི་ཕྱིར། འདོད་ན། ཁས་བླངས་ཤིང༌། དེ་ཆོས་ཅན། བུམ་པ་དང་འགལ་བ་དེ་བུམ་པ་དང་འགལ་བར་ཐལ། དེ་དང་མི་འགལ་བར་ཡོད། དེ་མེད་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མའོ། །གཞན་ཡང་བུམ་པ་དང་ཕན་ཚུན་ཐ་དད་ཀྱང་ཡིན། བུམ་པས་དག་པའི་ས་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་ཡོད་དམ་མེད། མེད་ན་ཤེས་བྱ་ཆོས་ཅན། དེ་འདྲའི་གཞི་མཐུན་ཡོད་པར་ཐལ། བུམ་པས་དག་པའི་ས་ཕྱོགས་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། ཡོད་ན། དེ་འདྲའི་གཞི་མཐུན་དུ་གྱུར་པའི་ས་ཕྱོགས་དེ་ཆོས་ཅན། ཁྱོད་ཀྱི་དགག་གཞི་མིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན་ཁས་བླངས་ཤིང༌། དེ་ཆོས་ཅན། དེ་འདྲའི་གཞི་མཐུན་ཡོད་པར་ཐལ། ཁྱོད་དེ་འདྲའི་གཞི་མཐུན་གྱི་དགག་གཞི་མིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། བུམ་པ་དང་ཕན་ཚུན་ཐ་དད་ཡོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། ཁྱོད་བུམ་པས་དག་པའི་ས་ཕྱོགས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་མ་གྲུབ་ན། དེ་ཆོས་ཅན། དེ་ཡིན་པར་ཐལ། ཁྱོད་ཡོད་ཁྱོད་ཡོད་ན་ཁྱོད་དེ་ཡིན་དགོས་པའི་ཕྱིར། རྟགས་ཕྱི་མ་འབུད་དོ། །གཞན་ཡང་བུམ་པ་མེད་པ་ཆོས་ཅན། བུམ་པ་མེད་པར་ཐལ། ཁྱོད་བུམ་པའི་དགག་གཞི་ཡིན་པའི་ཕྱིར། ཁྱབ་པ་དངོས། འདོད་ན་དེ་ཆོས་ཅན། བུམ་པ་ཡོད་པར་ཐལ། ཁྱོད་ཡོད་པ་གང་ཞིག་བུམ་པ་ཁྱོད་ཡིན་པའི་ཕྱིར། རྟགས་ཕྱི་མ་དངོས། གཞན་ཡང༌། རྣམ་མཁྱེན་ཆོས་ཅན། སྒྲིབ་པ་མེད་པར་ཐལ། སྒྲིབ་པའི་དགག་གཞི་ཡིན་པའི་ཕྱིར། འདོད་ན། སེམས་ཅན་མེད་པར་ཐལ་ལོ། །ཁོ་ན་རེ། གཞི་གྲུབ་ན་བུམ་པ་ཡོད་པས་ཁྱབ་པར་ཐལ། དེ་ཆོས་ཅན་གྱི་སྟེང་དུ་ཡོད་པའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བུམ་པས་དག་པའི་ས་ཕྱོགས་ན་བུམ་པ་ཡོད་པར་ཐལ། མདུན་གྱི་གཞི་འདིར་བུམ་པ་ཡོད་པའི་ཕྱིར། རྟགས་དངོས་འགལ་ལོ་ཞེས་ཟེར། འདོད་ན། ཁྱེད་རང་ལྟར་ན། བདག་མེད་ཡིན་ན་ཤེས་བྱ་ཡོད་པས་ཁྱབ་བམ་མ་ཁྱབ། མ་ཁྱབ་ན་འབུད་དོ། །ཁྱབ་ན་བདག་རྟག་པ་ཡོད་པའི་མདུན་གྱི་གཞི་འདིར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བདག་རྟག་པ་ཡོད་པར་ཐལ། དེ་ཡོད་པའི་གཞི་དེར་ཤེས་བྱ་ཡོད་པའི་ཕྱིར། རྟགས་ཁྱོད་རང་ལྟར་ན་དངོས་འགལ་ལོ། །ཡང་མདུན་གྱི་གཞི་འདིར་ཆོས་ཅན། བདག་མེད་ཡིན་ན། ཁྱོད་མེད་དགོས་པར་ཐལ། ཁྱོད་མེད་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང༌། དེ་ཆོས་ཅན། ཤེས་བྱ་ཐམས་ཅད་ཡོད་ན་ཁྱོད་ཡོད་དགོས་པར་ཐལ། ཁྱོད་ཡོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱི་དངོས་འགལ་ལོ། །ཡང་ཁོ་ན་རེ། བུམ་པ་ཚད་མས་མ་དམིགས་པ་དེ་ཆོས་ཅན། ཁྱོད་ཀྱི་ས་ཕྱོགས་དེ་མེད་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཕྱོགས་ཆོས་གྲུབ་སྟེ། དེའི་སྒྲུབ་བྱེད་ཐམས་ཅད་ཞུགས་པའི་ཕྱིར་སྙམ་ན་རྩ་བར་འདོད་པ་ཡིན་ནོ། །འོ་ན་དེས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་ཆར་དངོས་འགལ་ལོ་ཞེ་ན། འོ་ན་བུམ་པ་དང་རྫས་ཐ་དད་དུ་ཚད་མས་དམིགས་པ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་དེ་དང་རྫས་ཐ་དད་དུ་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། སྒྲུབ་བྱེད་སྔ་མ་བཞིན་དུ་ཞུགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་དང་རྫས་ཐ་དད་དུ་ཐལ། དེར་ཚད་མས་དམིགས་པའི་ཕྱིར། ཁྱེད་རང་ལྟར་ན་རྟགས་དངོས་འགལ་ལོ། །ཡང་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡོད་དམ་མེད། ཡོད་ན་སྒྲ་རྟག་པ་ཡོད་པར་ཐལ། མེད་ན་གཞལ་བྱ་ཆོས་ཅན། ཁྱོད་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་ཡང་དག་ཏུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རྗེས་འགྲོའི་སྒྲུབ་བྱེད་ཁས་བླངས་སོ། །ཡང་ལ་ལ་ན་རེ། གཞལ་བྱ་དེ་བུམ་པས་དག་པའི་ས་ཕྱོགས་བུམ་ཡོད་དུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེའི་ཕྱོགས་ཆོས་གྲུབ་ཅིང་རྗེས་ཁྱབ་གྲུབ་པའི་ཕྱིར་ཏེ། རྗེས་ཁྱབ་གྲུབ་པར་ཐལ། དེས་དེ་ལྟར་བསྒྲུབ་པའི་མཐུན་ཕྱོགས་ཡོད། གཞལ་བྱ་དེ་བུམ་པ་ཡོད་པ་ལ་འབྲེལ། གཞལ་བྱ་ཡོད་ན་བུམ་པ་ཡོད་པས་ཁྱབ་པའི་ཕྱིར། ཞེས་ཟེར་རོ། །དེ་ལ་ནི། གཞལ་བྱ་དེ་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ་བ་འཕེན་ཞིང༌། གཞལ་བྱ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཚད་མར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱེད་ཀྱི་སྒྲུབ་བྱེད་དག་པའི་ཕྱིར། དེ་ཡང་མཐར་གཞལ་བྱ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཁྱབ་པའི་ཕྱིར་ཞེས་འཕེན་པར་བྱེད་དོ། །གཞན་ཡང་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། ཆོས་དེ་མེད་པར་ཐལ། ཁྱོད་ཆོས་དེའི་དགག་གཞི་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཡོད་པར་ཐལ། ཡོད་པའི་ཕྱིར། རྟགས་ཁས་བླངས། འདོད་ན། བུམ་པ་ཆོས་ཅན། ཁྱོད་མེད་པ་ཁྱོད་ཀྱི་དགག་གཞིར་ཐལ། ཁྱོད་མེད་པ་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་ཁྱབ་པ་ཡོད་པར་ཐལ། ཡོད་པའི་ཕྱིར། བསལ་བ་ཁས་བླངས་ཤིང༌། འདོད་ན། དངོས་པོ་མེད་པ་ཆོས་ཅན། ཁྱོད་མེད་པ་ཁྱོད་ཀྱི་དགག་གཞིར་ཐལ། ཁྱོད་མེད་པ་ཡོད་པའི་ཕྱིར། འདོད་ན། དངོས་པོ་མེད་པ་མེད་པ་ཆོས་ཅན། དངོས་པོ་མེད་པ་མེད་པར་ཐལ། ཁྱོད་དེའི་དགག་གཞི་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་ཡོད་པར་ཐལ། རྟག་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཡོད་ཁྱོད་རྟག་པ་ཡིན་པའི་ཕྱིར། གཞན་ཡང་རྟག་པ་མེད་པ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར། སྒྲ་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། རྩ་བར་འདོད་ན། རྟག་པ་མེད་པ་ཆོས་ཅན། རྟག་པ་མེད་པར་ཐལ། ཁྱོད་རྟག་པའི་དགག་གཞི་ཡིན་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། ཁྱོད་ཡོད་ཁྱོད་རྟག་པ་ཡིན་པའི་ཕྱིར། གཞན་ཡང་ཚ་རེག་སྟོབས་ཆེན་པ་ཆོས་ཅན། གྲང་རེག་སྟོབས་ཆེན་པ་མེད་པར་ཐལ། ཁྱོད་དེའི་དགག་གཞི་ཡིན་པའི་ཕྱིར། འདོད་ན། འོ་ན་གྲང་རེག་སྟོབས་ཆེན་པ་ཆོས་ཅན། ཅིག་ཤོས་མེད་པར་ཐལ། ཁྱོད་དེའི་དགག་གཞི་ཡིན་པའི་ཕྱིར། དེ་ཡང་འདོད་ན། ཚ་རེག་སྟོབས་ཆེན་པ་ཆོས་ཅན། གྲང་རེག་སྟོབས་ཆེན་པ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡོད་པར་ཐལ། རི་བོང་རྭ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡོད་པ་གང་ཞིག རི་བོང་རྭ་དང་དེ་གཉིས་མེད་མཚུངས་ཡིན་པའི་ཕྱིར། འདོད་ན། དངོས་འགལ། ཅིག་ཤོས་ལ་ཡང་དེ་བཞིན་ནོ། །དེ་ལ་ཁོ་ན་རེ། ཚ་རེག་སྟོབས་ཆེན་པས་ཁྱབ་པར་ནོན་པ་དེ། དེས་ཁྱབ་པར་ནོན་པའི་གཞིར་གྲང་རེག་རྒྱུན་ཆགས་པ་མེད་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། ཞེས་ཟེར་ན་རྟགས་མ་གྲུབ་པ་ཡིན་ནོ། །དེ་ཡིན་ན་དེ་ཡོད་པ་བུད་དོ་ཞེས་ཟེར་ན། མེ་སྟོབས་ཆེན་པས་ཁྱབ་པར་ནོན་པ་ཆོས་ཅན། གྲང་རེག་རྒྱུན་ཆགས་པ་ཡོད་པར་ཐལ། དེ་རྫས་སུ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་དེ་དང་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེ་མེད་པར་བསྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེར་དེ་མེད་པར་བསྒྲུབ་པའི་རྟགས་ཡང་དག་གང་ཞིག ཁྱོད་དེ་ཡིན་དེ་ཡིན་དགོས་པའི་ཕྱིར། རྟགས་སྔ་མ་དངོས། ཕྱི་མ་འབུད་དོ། །ཁོ་ན་རེ། དེ་ཆོས་ཅན་གྱི་སྟེང་དུ་དེ་སྒྲུབ་ཀྱི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཏུ་ཁས་ལེན་པ་ཡིན་གྱི། ཅིག་ཤོས་སུ་ཁས་ལེན་པ་མིན་ནོ་ཞེ་ན། དེར་དེ་མེད་པར་བསྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་ཆོས་ཅན། ཁྱོད་ཡིན་མི་སྲིད་པར་ཐལ། གཞི་གྲུབ་ན་ཁྱོད་མིན་དགོས་པའི་ཕྱིར། རྟགས་ཁས་བླངས་ཤིང་མ་གྲུབ་ན། འོ་ན་གཞི་གྲུབ་ན་དེ་ཡིན་པས་ཁྱབ་པར་དམ་བཅས་པའི་དམ་བཅའ་དེ་ལ་དངོས་སྐྱོན་འགྲོ་བར་ཐལ། དེ་ལ་ཁྱབ་པ་མེད་པའི་ཕྱིར། འདོད་ན། དངོས་སྐྱོན་གང་འགྲོ། ཚ་རེག་སྟོབས་ཆེན་པའོ་ཟེར་ན། དེ་ནི་ཁྱེད་ཀྱིས་ལེགས་པར་སྨྲོས་ཏེ། ཚ་རེག་སྟོབས་ཆེན་པ་ཆོས་ཅན། ཁྱོད་དེ་དེར་བསྒྲུབ་པའི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་རྟགས་ཡང་དག་མིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་དམིགས་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། རྟགས་བསལ་དངོས་འགལ་ལོ། །གཞན་ཡང་བུམ་པ་ཆོས་ཅན། ཤེས་བྱ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར་ཐལ་འགྱུར་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དེ་འདྲའི་ཐལ་འགྱུར་ཡོད་པར་ཐལ། ཐལ་འགྱུར་དེའི་རྟགས་ཁྱབ་གཉིས་ཀ་གྲུབ་པའི་ཕྱིར། མ་གྲུབ་ན། གཞལ་བྱ་ཡིན་ན་མེད་པ་བུད་དོ་ཞེས་དང༌། བུམ་པ་གཞལ་བྱ་ཡིན་པར་ཐལ། ཁྱོད་བུམ་པའི་དགག་གཞི་མ་ཡིན་པའི་ཕྱིར། ཞེས་པས་འགྲུབ་བོ། །ཡང་དེ་ཆོས་ཅན། དེ་འདྲའི་ཐལ་འགྱུར་ཡོད་པར་ཐལ། ཐལ་འགྱུར་དེ་ལ་འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། བུམ་པ་ཤེས་བྱ་ཡིན་པར་ཐལ། ཁྱོད་བུམ་པའི་དགག་གཞི་མིན་པའི་ཕྱིར། འདོད་ན། དངོས་འགལ་ལོ། །གཞན་ཡང་སྐྱེས་བུ་ལྷ་སྦྱིན་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། སྐྱེས་བུ་ལྷ་སྦྱིན་ཡོད་པར་ཐལ། སྐྱེས་བུ་ལྷ་སྦྱིན་གྱིས་སྒྲ་མི་རྟག་པར་དམ་བཅས་པའི་དམ་བཅའི་ཞེན་དོན་ཚད་མས་གྲུབ་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་ཚད་མས་གྲུབ་པའི་ཕྱིར། དེ་ལ་ཁོ་ན་རེ། ཐལ་འགྱུར་དེས་དག་པའི་ས་ཕྱོགས་ན། ཐལ་འགྱུར་དེའི་ཁྱབ་པ་ཚད་མས་གྲུབ་པར་ཐལ། དེས་དག་པའི་ས་ཕྱོགས་ན་གཞལ་བྱ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ་པ་གྲུབ་པའི་ཕྱིར། ཞེས་མཚུངས་སོ་ཞེ་ན། མི་མཚུངས་ཏེ། སྤྱི་ཁྱབ་ཡོད་ཀྱང་སྒོས་ཁྱབ་མེད་པ་སྲིད་པའི་ཕྱིར། འདི་ལྟར། དུ་བ་ཡོད་ན་མེ་ཡོད་པས་མ་ཁྱབ་པར་ཐལ། དུ་བའི་དུས་ན་དུ་བ་ཡོད་ན། དུ་བའི་དུས་ན་མེ་ཡོད་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །གཞན་ཡང༌། ཀ་བུམ་གཉིས་ཀས་དག་པའི་ས་ཕྱོགས་ཆོས་ཅན་ཀ་བུམ་གཉིས་ཀ་ཡོད་པར་ཐལ། ཀ་བའང་ཡོད། བུམ་པའང་ཡོད་པའི་ཕྱིར། རེ་རེ་ནས་ཡོད་པར་ཐལ། དེ་དང་དེའི་དགག་གཞི་མིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཀས་དག་པའི་ས་ཕྱོགས་ཡིན་ན། བུམ་པའི་དགག་གཞི་ཡིན་དགོས་པར་ཐལ། དེའི་ཕྱིར། འདོད་ན། ཀ་བས་དག་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཀ་བུམ་གཉིས་ཀ་མེད་པ་དང་ས་ཕྱོགས་ཀྱི་གཞི་མཐུན་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བ་ཡོད་པར་ཐལ་ལོ། །ཡང་བུམ་པ་ཐམས་ཅད་མེད་པའི་གཞི་ཆོས་ཅན། བུམ་པ་ཐམས་ཅད་ཡོད་པར་ཐལ། གསེར། དངུལ། ཟངས། རྡོ། ཤིང༌། རྫའི་བུམ་པ་རྣམས་ཡོད་པ་གང་ཞིག བུམ་པ་གཞན་ཡང་རེ་རེ་ནས་ཡོད་པའི་ཕྱིར། མ་གྲུབ་ན། གསེར་བུམ་ཡོད་པར་ཐལ། དེའི་དགག་གཞི་མིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཐམས་ཅད་མེད་པའི་གཞི་ཡིན་ན། གསེར་བུམ་མེད་དགོས་པར་ཐལ་ལོ། །གཞན་ཡང་གསེར་བུམ་ཆོས་ཅན། ཁྱོད་ཡོད་ན་ཁྱོད་བུམ་པའི་བྱེ་བྲག་ཡིན་དགོས་པར་ཐལ། ཁྱོད་བུམ་པའི་བྱེ་བྲག་ཡིན་པའི་ཕྱིར། འདོད་ན། ཁས་བླངས་ཤིང༌། གསེར་བུམ་མ་གཏོགས་བུམ་པ་གཞན་ཐམས་ཅད་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གསེར་བུམ་མ་ཡིན་ཞིང་བུམ་པ་ཡིན་པ་དུ་མ་གྲུབ་པར་ཐལ་ལོ། །ཁོ་ན་རེ། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་མེད་པར་ཐལ། དེ་ན་བུམ་པ་མེད་པའི་ཕྱིར་ཞེ་ན། འོ་ན་སངས་རྒྱས་ཀྱི་ས་ཆོས་ཅན་གྱི་སྟེང་དུ་སྒྲིབ་པ་མེད་པར་ཐལ། དེའི་ས་ན་སྒྲིབ་པ་མེད་པའི་ཕྱིར། གཟུགས་མེད་པའི་ཁམས་ཆོས་ཅན་གྱི་སྟེང་དུ་གཟུགས་མེད་པར་ཐལ། ཁམས་ན་གཟུགས་མེད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གཟུགས་ཡོད་པར་ཐལ། གཟུགས་ཀྱི་སྐུ་ཡོད་པའི་ཕྱིར་རོ། །ཡང་མི་ཤེས་པ་དག་ན་རེ། ཀ་བུམ་སོགས་ཀྱི་དགག་གཞི་ཡོད་ཀྱང༌། སྒྲ་དང་རྣམ་མཁྱེན་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སོགས་ཀྱི་དགག་གཞི་མེད་དོ་ཞེས་ཟེར། སྒྲའི་དགག་གཞི་ཡོད་པར་ཐལ། གཟུགས་མེད་པའི་ཁམས་དེ་དེའི་དགག་གཞི་ཡིན་པའི་ཕྱིར། དེར་ཐལ། དེ་ན་དེ་མེད་པའི་ཕྱིར། རྣམ་མཁྱེན་གྱི་དགག་གཞི་ཡོད་པར་ཐལ། སེམས་ཅན་གྱི་ཤེས་རྒྱུད་དེ་དེའི་དགག་གཞི་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་དེ་ལ་དེ་མེད་པའི་ཕྱིར། ཡང་དངོས་པོའི་དགག་གཞི་ཡོད་དེ། ནམ་མཁའ་དེ་དེའི་དགག་གཞི་ཡིན་པའི་ཕྱིར། དེར་ཐལ། ནམ་མཁའ་དངོས་མེད་དུ་བསྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར། ཡང་ཚད་མ་དང་ཤེས་པའི་དགག་གཞི་ཡོད་པར་ཐལ། ས་དང་ཤིང་སོགས་དེའི་དགག་གཞི་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་དེ་ལ་དེ་མེད་པའི་ཕྱིར། ཡང་མི་ཤེས་པ་དག་ན་རེ། བུམ་པས་དག་པའི་ས་ཕྱོགས་དེ་བུམ་པ་དང་རྫས་ཐ་དད་ཡིན་ལ། དེ་ཆོས་ཅན་དུ་བཟུང་ནས། དེ་དང་རྫས་ཐ་དད་མིན་ནོ་ཞེས་ཟེར། འོ་ན་ཤེས་བྱ་ཆོས་ཅན། དེ་དེ་དང་རྫས་ཐ་དད་མིན་པར་ཐལ། དེ་དེ་དང་རྫས་ཐ་དད་མིན་པར་བསྒྲུབ་པའི་རྟགས་ཡང་དག་གྲུབ་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། བུམ་པ་ཚད་མས་མ་དམིགས་པ་དེ་དེ་དང་རྫས་ཐ་དད་མིན་པར་བསྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་བླངས་སོ། །གཞན་ཡང་བུམ་པ་དང་ངོ་བོ་ཐ་དད་སྐྱེས་པ་དེ་ཆོས་ཅན། ཁྱོད་དེ་དང་རྫས་ཐ་དད་དུ་བསྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་ལྟར་བསྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རྗེས་འགྲོ་ཚང་སྟེ། ཁྱོད་དེ་དང་རྫས་ཐ་དད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཕྱོགས་ཆོས་ཚང་སྟེ། བུམ་པས་དག་པའི་ས་ཕྱོགས་དེ་དེར་བསྒྲུབ་པ་ལ་ཁྱོད་རྟགས་སུ་བཀོད་པའི་ཚེ་འགོད་ཚུལ་ཡིན་འགོད་སོགས་གང་ཞིག དེ་ཁྱོད་ཡིན་པར་སྐབས་བབ་ཀྱི་རྒོལ་བ་ཚད་མས་ངེས་པའི་ཕྱིར། རྩ་བར་འདོད་ན་ཁས་བླངས་མོད། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། བུམ་པ་དང་རྫས་ཐ་དད་དུ་ཐལ། བུམ་པ་དང་ངོ་བོ་ཐ་དད་དུ་སྐྱེས་པའི་ཕྱིར། གསུམ་ཅར་དངོས་འགལ། ཡང་བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་གྱི་སྟེང་དུ་བུམ་པ་མེད་པར་ཁས་བླངས་ན། ས་ཕྱོགས་དེ་བུམ་ཡོད་དུ་ཁས་ལེན་པ་ནི་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། དེ་ལས་བཟློག་ནས་ཁས་ལེན་རྒྱུ་ཡིན་པའི་ཕྱིར། དཔེར་ན། རྣམ་མཁྱེན་ཆོས་ཅན་དུ་བཟུང་ནས་སྒྲིབ་པ་ཡོད་པ་དང༌། རྣམ་མཁྱེན་དེ་སྒྲིབ་མེད་དུ་ཁས་ལེན་དགོས་རྒྱུ་ཡིན་པ་བཞིན་དང༌། གཟུགས་མེད་པའི་ཁམས་ཆོས་ཅན་དུ་བཟུང་ནས་གཟུགས་ཡོད་པ་དང༌། གཟུགས་མེད་པའི་ཁམས་དེ་གཟུགས་མེད་དུ་ཁས་ལེན་དགོས་རྒྱུ་ཡིན་པ་བཞིན་ནོ། །གཞན་དུ་ན་ནང་འགལ་བ་འདི་ལྟར་འབྱུང་སྟེ། ཤེས་བྱ་ཆོས་ཅན། བུམ་པས་དག་པའི་ས་ཕྱོགས་དེ་བུམ་ཡོད་མིན་པར་ཐལ། དེ་བུམ་ཡོད་ཡིན་པ་དེ་རྗེས་དཔག་ཚད་མས་བསལ་བ་ཡིན་པའི་ཕྱིར། དེར་ཐལ། དེ་བུམ་མེད་དུ་བསྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་གྲུབ་པའི་ཕྱིར། དེར་ཐལ། བུམ་པ་ཚད་མས་མ་དམིགས་པ་དེ། དེ་དེ་མེད་དུ་བསྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འོ་ན་ཁྱོད་ལའང༌། དེ་ཆོས་ཅན་གྱི་སྟེང་དུ་དེ་མེད་པར་ཐལ་བ་མཚུངས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། ཁོ་བོ་ཅག་གིས་ནི་ཁྱོད་འདོད་པ་ལྟར་རྟགས་སྦྱོར་མི་འགོད་པས་སོ། །ཇི་ལྟར་འགོད་ཅེ་ན། གང་བུམ་པ་ཚད་མས་མ་དམིགས་ན་བུམ་པ་མེད་པས་ཁྱབ། མདུན་གྱི་ས་ཕྱོགས་སྐྱ་ཐེར་བ་བཞིན། བུམ་པས་དག་པའི་ས་ཕྱོགས་དེ་ཡང་བུམ་པ་ཚད་མས་མ་དམིགས་པ་ཡིན་ནོ་ཞེས་འགོད་པས་སོ། །འོ་ན་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་གཏན་ཚིགས་ཇི་ལྟར་འགོད་ཅེ་ན། གང་མེ་སྟོབས་ཆེན་པས་ཁྱབ་པར་ནོན་པའི་གཞི་ཡིན་ན། གྲང་རེག་རྒྱུན་ཆགས་པ་མེད་པའི་གཞི་ཡིན་པས་ཁྱབ། དཔེར་ན། དེ་འདྲའི་ཚང་མང་བཞིན། དེ་འདྲའི་ཤར་གྱི་ས་གཞི་ཡང་དེས་ཁྱབ་པའི་གཞི་ཡིན་ནོ་ཞེས་འགོད་པར་བྱེད་དོ། །གཞན་ཡང་ཁྱོད་ལྟར་ན་བུམ་པས་དག་པའི་ས་ཕྱོགས་དེ་བུམ་ཡོད་ཡིན་པར་ཚད་མས་གྲུབ་པར་ཐལ། དེ་བུམ་ཡོད་ཡིན་པའི་ཕྱིར། འདོད་ན། མངོན་སུམ་གྱིས་གྲུབ་བམ་རྗེས་དཔག་གིས་གྲུབ། དང་པོ་ལྟར་ན་དེ་དེ་མེད་ཡིན་པ་དེ་མངོན་སུམ་གྱིས་བསལ་བར་ཐལ། དེ་དེ་ཡོད་ཡིན་པ་དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར། འདོད་ན། དེ་དེ་མེད་ཡིན་པ་དེ་ཆོས་ཅན། མངོན་སུམ་གྱི་བསལ་བ་མིན་པར་ཐལ། རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་དེ་དེར་བསྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། དེ་དེར་ཡོད་པར་རྗེས་དཔག་ཚད་མས་གྲུབ་པའི་ཕྱིར། འདོད་ན། དེ་དེར་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ་ལོ། །ཡང་འདི་ལ་མི་མཁས་པ་དག་ན་རེ། བུམ་པ་མཚོན་བྱ་ཡིན་པ་དེ་མངོན་སུམ་གྱིས་བསལ་བར་ཐལ། དེ་མིན་པ་དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་གྱིས་མ་བསལ་བར་ཐལ། རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་ཆོས་ཅན། དེས་གྲུབ་པར་ཐལ། ཡོད་པའི་ཕྱིར། བུམ་པ་ཆོས་ཅན། ཁྱོད་མཚོན་བྱ་མིན་པར་ཡོད་པར་ཐལ། ཁྱོད་མེད་པ་ཡོད་པའི་ཕྱིར། དེ་ཆོས་ཅན། དེར་ཐལ། ཁྱོད་ཀྱིས་དག་པའི་ས་ཕྱོགས་ཡོད་པའི་ཕྱིར། ཞེས་ཟེར་རོ། །འོ་ན་རྣམ་མཁྱེན་ཆོས་ཅན། དེར་ཐལ། ཁྱོད་མེད་པའི་ཤེས་རྒྱུད་ཡོད་པའི་ཕྱིར། ཚད་མ་ཡང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་དང་ཚད་མས་གྲུབ་པར་ཐལ། ཡོད་པའི་ཕྱིར། འདོད་ན། དེ་དང་དེ་ཆོས་ཅན། དེ་དང་དེ་དངོས་སུ་རྟོགས་པར་ཐལ། དེ་དང་དེ་གྲུབ་པའི་ཕྱིར། འདོད་ན། རྣམ་མཁྱེན་མེད་པ་ཆོས་ཅན། རྣམ་མཁྱེན་ལ་དངོས་སུ་མི་སྣང་བར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། མངོན་སུམ་གྱིས་དངོས་སུ་མ་རྟོགས་པར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། རྟགས་ཁས་བླངས་ཤིང༌། དེར་ཐལ། རང་སྤྱི་གང་རུང་གང་ཞིག རང་མཚན་མིན་པའི་ཕྱིར། གཞན་ཡང་བུམ་པས་དག་པའི་ས་ཕྱོགས་ན་ཁོ་ཡོད་ན་ཁོ་ཡོད་དགོས་པར་ཐལ། བུམ་པ་མེད་པ་ཡོད་པའི་ཕྱིར། འདོད་ན། མེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །ཡང་བུམ་པ་མེད་པའི་གཞི་ཡོད་ན། བུམ་པ་མེད་པ་ཡོད་དགོས་པར་ཐལ། དེ་མེད་པ་ཡོད་པའི་ཕྱིར། འདོད་ན། ཚད་མ་མེད་པ་ཡོད་པར་ཐལ། དེ་མེད་པའི་གཞི་ཡོད་པའི་ཕྱིར། འདོད་ན། ཚད་མའི་གཞལ་བྱ་མེད་པ་ཡོད་པར་ཐལ། ཚད་མ་མེད་པ་ཡོད་པའི་ཕྱིར། འདོད་ན། གཞལ་བྱ་མེད་པ་ཡོད་པར་ཐལ། ཚད་མའི་གཞལ་བྱ་མེད་པ་ཡོད་པའི་ཕྱིར་རོ། །ཡང་མི་མཁས་པ་དག་ན་རེ། ཁྱོད་ཡོད་ཆོས་དེ་མེད་ན་ཁྱོད་ཆོས་དེའི་དགག་གཞི་ཡིན་དགོས་ཞེས་ཟེར་རོ། །མངོན་སུམ་ཆོས་ཅན། ཁྱོད་ཚད་མ་རྟག་པའི་དགག་གཞི་ཡིན་པར་ཐལ། ཁྱོད་ཡོད་དེ་མེད་པའི་ཕྱིར་རོ། །བུམ་པས་དག་པའི་ས་ཕྱོགས་ཆོས་ཅན། ཁྱོད་བུམ་པ་མེད་པའི་དགག་གཞི་ཡིན་པར་ཐལ། ཁྱོད་ཡོད། བུམ་པ་མེད་པ་མེད་པའི་ཕྱིར། ཚད་མ་མེད་པ་ཆོས་ཅན། ཁྱོད་ཚད་མ་མེད་པའི་དགག་གཞི་ཡིན་པར་ཐལ། ཁྱོད་ཡོད། དེ་མེད་པ་མེད་པའི་ཕྱིར། ཡང་དངོས་པོ་མེད་པ་ཆོས་ཅན། དངོས་པོ་མེད་པའི་དགག་གཞིར་ཐལ། ཁྱོད་ཡོད། དེ་མེད་པའི་ཕྱིར། མ་གྲུབ་ན། དངོས་པོ་མེད་པ་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་མངོན་སུམ་གྱིས་ཀྱང་མ་གཞལ། རྗེས་དཔག་གིས་ཀྱང་མ་གཞལ་བའི་ཕྱིར། དེ་ཆོས་ཅན། ཁྱོད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་མི་སྲིད་པར་ཐལ། ཁྱོད་ལྐོག་གྱུར་ཡིན་པའི་ཕྱིར། ཁྱོད་སྤྱི་མཚན་ཡིན་པའི་ཕྱིར། རྟགས་ཁས་བླངས། རྗེས་དཔག་གིས་ཀྱང་མ་གཞལ་ཏེ། ཁྱོད་ལ་ཚད་མར་སོང་བའི་རྗེས་དཔག་མི་སྲིད་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་རྟགས་ཡང་དག་གི་བསྒྲུབ་བྱར་ཐལ། ཁྱོད་ལ་ཚད་མར་སོང་བའི་རྗེས་དཔག་སྲིད་པའི་ཕྱིར་རོ། །དགག་གཞི་མ་ཡི་ཆོས་སྐད་ཀྱིས། །དགག་སྒྲུབ་བྱེད་པར་རློམ་ན་ནི། །དགག་བྱ་འགོག་ཚུལ་འདི་བཞིན་གྱིས། །དགག་པ་ཆོས་ཅན་བཟུང་ཙམ་གྱིས། །སྒྲུབ་པ་མེད་པར་འགྲོ་ན་ནི། །བསྒྲུབ་བྱ་སྒྲུབ་ཚུལ་ཇི་ལྟར་བྱ། །བསྒྲུབ་བྱ་རྟགས་ཀྱི་རྣམ་གཞག་གི །སྒྲུབ་ཚུལ་རྒྱས་པ་འདི་ལོངས་ཤིག །ཅོལ་མེད་ཅོལ་ཆུང་ཁྱེད་ཅག་གི །བསྡུས་རའི་བསྡུས་སྐད་དེ་འདྲ་ན། །ལུང་རའི་ལུང་ཆོས་ཅི་འབྱུང་ཤེས། །རིགས་རའི་རིགས་པའང་དེ་ལྟར་གོ །རིགས་མིན་རིགས་པ་ལྟར་བཅོས་པས། །བློ་ཞན་བློ་གྲོས་མགུ་གྱུར་ནས། །ཆོས་རྣམས་ཆོས་མིན་བྱེད་འདོམས་པ། །དེ་འདྲ་དེ་དག་ཞི་གྱུར་ཅིག །ཅེས་ཉེ་བར་སྦྱར་བ་ཡིན་ནོ།།  །།སརྦ་མངྒ་ལཾ་བྷ་ཝནྟུ་ཤུབྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*