ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་འབྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་བྱེད་སྣང་བ།

༼ཛ༽༄༅། །ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་དགའ་བར་བྱེད་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །ཐུབ་ཆེན་སྟོན་པ་གཞན་འཕྲུལ་དབང་བྱེད་བདག་པོ་དེ་ནི་ཡེ་ཤེས་མདའ་ལྔ་ཀུན་གྱི་ཡིད་ལ་ངང་གིས་འཇུག་མཛད་ཉིད་དོ་ཀུན་ལ་གྲགས་པའི་མེ་ཏོག་མདའ་ཅན་དེ་ཡི་དགྲ་བོ་ཉིད་གྱུར་པས་ན་མདའ་ཅན་དེ་ནི་དིང་སང་འདི་ན་རྫོགས་པའི་དབྱིངས་སུ་གཟིམས། །བདེ་འབྱུང་ཞེས་བྱར་ཀུན་ལ་རབ་གྲགས་འཇམ་པའི་དཔལ་གང་གིས་ནི་མཁྱེན་དང་བརྩེ་བས་གྲིམས་པར་བཟུང་བའི་རིགས་པའི་གནས་དང་བགྲང་ཡས་འགྲོ་བའི་དོན་གང་ཡིན་པ་དེ་ནི་འདོད་པའི་དབང་ཕྱུག་མར་གྱུར་ཇི་བཞིན་ནམ་དུ་ཡང་ནི་ཡལ་བར་འདོར་མིན་པ། །ཕྱོགས་དང་ཕྱོགས་བྲལ་ཀུན་ནས་ཆོས་ཀྱི་གྲྭ་ཆེན་ཡངས་པོ་དག་ཏུ་ཀླན་ཀའི་ཕྱིར་ནི་རིངས་པར་གཏིབས་ནས་འོངས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ཚོགས་ཀུན་འཇོམས་མཁས་གླང་པོ་དེ་ནི་ས་སྲུང་བུ་སྟེ་རྣམ་དཔྱོད་གཉིས་འཐུང་རིགས་པའི་འཁོར་ལོ་ཅན། །ཚད་མར་གྲགས་པའི་ངོ་མཚར་གཏམ་གྱི་འཕྲེང་བ་མཐའ་དག་མི་ཤེས་མཚོར་བྱིང་པ་ན་ས་སྟེང་འདིར་འདེགས་བྱེད་པོ་དེ་ནི་ཆོས་ཀྱི་གྲགས་པས་ས་ཆེན་འདིར་ཁྱབ་འཇུག་པ་རྣམ་བཅུའི་གར་བྱེད་མཁན་ཡིན་དཔྱོད་ལྡན་ཡོངས་ཀྱི་བསྟེན་བྱར་འོས་པ་དེ་ཡིན་ནོ། །འཇམ་པའི་དབྱངས་ཀྱི་མཁྱེན་པས་མ་བཟུང་བའི། །ཐུབ་དབང་བསྟན་པའི་སྙིང་པོ་གཞན་མ་མཆིས། །གང་དེས་དགེ་བའི་བཤེས་སུ་དམ་བཅས་པ། །སྨྲ་ངན་ཕམ་མཛད་ཕྱོགས་ཀྱི་གླང་པོའི་ཞབས། །འཇམ་དབྱངས་མཁྱེན་པའི་ཡ་མཚན་ལྟད་མོ་ཀུན། །རྒྱལ་སྲས་ཀུན་བཟང་མཁྱེན་པའི་རྒྱ་མཚོར་སྣང༌། །ཆོས་ཀྱི་ཉི་མ་གྲགས་པའི་ལང་ཚོ་ཅན། །ཀུན་བཟང་ཆུ་གཏེར་དབུས་ནས་གང་འདིར་བཞེངས། །ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། འདིར་ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་དགའ་བར་བྱེད་པ་ཞེས་བྱ་བའི་བསྟན་འཆོས་འདི་འཆད་པ་ལ་གསུམ་སྟེ། རྗོད་བྱེད་མིང་གི་ཐ་སྙད་ཇི་ལྟར་བཏགས་པ་དང༌། བརྗོད་བྱ་དོན་གྱི་རྣམ་གཞག་གང་ནས་འབྱུང་བ་དང༌། དེ་ལྟར་ཤེས་པའི་ཕན་ཡོན་བསྟན་པས་མཇུག་བསྡུ་བའོ། །དང་པོ་ལ་གསུམ་སྟེ། བརྡ་སྦྱོར་མཁན་པོ་སུ་ཞིག་གིས་མིང་དུ་བཏགས་པ་དང༌། མིང་དེ་གང་ལ་དངོས་མིང་དུ་འཇུག་པའི་དོན་དེ་ངོས་བཟུང་བ་དང༌། མིང་དོན་གྱི་འབྲེལ་པ་དེ་གཞན་དང་ཐུན་མོང་མ་ཡིན་པར་བསྟན་པའོ། །དང་པོ་ནི། ཚད་མ་ཞེས་བྱ་བའི་མིང་དེ། འཇིག་རྟེན་དང་གསུང་རབ་གཞན་ལས་སྐབས་སྟོབས་ཀྱིས་དོན་མང་པོ་ལ་འཇུག་པར་བཤད་མོད། འདིར་ཡང་དག་པའི་ཤེས་པ་ཁོ་ན་ལ་ཚད་མ་ཞེས་བྱ་བའི་མིང་སྒྲ་བཤད་འཇུག་གཉིས་ཀ་ཡོད་པས་དངོས་མིང་དུ་བཏགས་པ་ཡིན་ལ། ལུགས་འདིར་ནི་དོན་དེ་ལས་གཞན་གང་ལ་ཡང་མིང་དེ་དངོས་མིང་དུ་འཇུག་པ་མེད་དོ། །དེའི་ཕྱིར་དོན་དེ་ཉིད་རྟོག་གེའི་ལུས་སམ་ཡན་ལག་བརྒྱད་པོ་གང་རུང་གི་སྒོ་ནས་གཏན་ལ་འབེབས་པའི་མིང་ཚིག་ཡི་གེའི་ཚོགས་ལ་ཡང་ཚད་མའི་གསུང་རབ་ཞེས་བཏགས་པ་ནི་དངོས་མིང་ཡིན་ལ། ཚད་མ་ཞེས་བྱ་བ་ནི་བཏགས་པའི་མིང་ངོ༌། །གཉིས་པ་ནི་གསུང་རབ་སྤྱི་ལས་ཡང་དག་པའི་ཤེས་པ་སྤྱི་དང་བྱེ་བྲག་གི་ངོས་འཛིན་རྒྱ་ཆེ་བར་གསུངས་ཀྱང་འདིར་ནི་གསར་དུ་མི་བསླུ་བའི་རིག་པ་ཞེས་སམ་མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་ཞིག་ལ་དེར་བཤད་པས་ན། འདིར་ནི་དེའི་ངོས་འཛིན་གསུང་རབ་གཞན་ལས་རྒྱ་ཆུང་བ་ཡིན་ནོ། །དོན་དེ་ལ་བསམ་ནས་ཡང་དག་པའི་ཤེས་པ་ལ་ལོག་པར་རྟོག་པ་དུ་མ་མཐོང་ཞེས་གསུངས་པའོ། །གསུམ་པ་ནི། དེ་ལྟར་མིང་དོན་གྱི་ངོས་འཛིན་དང་ཐ་སྙད་དེ་དག་ནི། བདག་ཉིད་ཆེན་པོ་ཕྱོགས་ཀྱི་གླང་པོ་ཁོ་ནས་མཛད་པ་ཡིན་ལ། དེ་ཡི་གོང་གི་གསུང་རབ་གཞན་ལས་ཐ་སྙད་དེ་གསལ་བར་གསུངས་པ་མེད་དོ། །གཉིས་པ་ལ་གསུམ་སྟེ། རྒྱལ་བའི་བཀའ་ལས་ཇི་ལྟར་བྱུང་བ་དང༌། རྩ་བའི་བསྟན་འཆོས་ལས་ཇི་ལྟར་བྱུང་བ་དང༌། འགྲེལ་བྱེད་མཁན་པོ་དག་གིས་ཇི་ལྟར་བཤད་པའོ། །དང་པོ་ལ། ཚད་མ་དང་ཚད་མིན་གྱི་རྣམ་གཞག་གསུང་བ་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། ཇི་སྐད་དུ། ཚད་མའི་དེ་ཉིད་སྒྲུབ་དོན་སྟེ། ཞེས་གསུང༌། དེས་དེ་ཇི་ལྟར་གསུངས་པའི་ཚུལ་ནི། མངོན་སུམ་ལ་དོགས་པའི་གནས་མེད་མོད། རྗེས་སུ་དཔག་པ་ཇི་ལྟར་གསུང་སྙམ་པ་ལ། ཇི་སྐད་དུ། རྗེས་སུ་དཔག་པ་མ་བཟློག་ཕྱིར་ཞེས་པ་ནས། བསྟན་ཕྱིར་དེ་ཡང་གསལ་བར་བཤད་ཅེས་སོ། །དེ་ལ་མངོན་སུམ་ནི་གཉིས་ཏེ། སོ་སོའི་སྐྱེ་བོའི་དང༌། འཕགས་པའི་འོ། །དང་པོ་ལ་དབང་ཡིད་ཀྱི་མངོན་སུམ་གཉིས་ནི། མདོ་ལས། དགེ་སློང་དག་གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ་ཞེས་སོགས་ཡིན་ལ། རང་རིག་པ་ནི་འཁོར་ལོ་གསུམ་པའི་གསུང་རབ་ན་ཤིན་ཏུ་མང་བ་དང༌། རྣལ་འབྱོར་མངོན་སུམ་ནི། མཁྱེན་པ་གསུམ་དང་སྟོབས་སོགས་ཡོན་ཏན་རྣམས་སོ། །རྗེས་དཔག་གི་རང་ལྡོག་ནས་ངོས་འཛིན་པ་རྒྱལ་བའི་བཀའ་ན་མི་གསལ་ཡང༌། དེའི་རྟེན་གཏན་ཚིགས་ནི། རྒྱལ་བའི་ཡུམ་ལས་ཕྱིར་མི་ལྡོག་པའི་རྟགས་རྣམས་དང༌། རྡོ་རྗེ་གཟེགས་མའི་གཏན་ཚིགས་གསུངས་པ་དང༌། མདོ་གཞན་ལས་གཅིག་དུ་བྲལ་དང༌། རྟེན་འབྲེལ་གྱི་གཏན་ཚིགས་གསུངས་པ་རྣམས་སོ། །དེའི་ཕྱིར་ཚད་མ་གསུང་བ་པོ་ནི་རྫོགས་པའི་སངས་རྒྱས་དང༌། བཤད་མ་ཐག་པ་དེ་ལྟ་བུ་སྟོན་པའི་གསུང་རབ་རྣམས་ལ་ནི་ཚད་མའི་བཀའ་ཞེས་བྱའོ། །གཉིས་པ་ལ་གསུམ་སྟེ། ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་བསྟན་འཆོས་འདི། ཐེག་པ་དང་གྲུབ་མཐའ་གང་དུ་གཏོགས་པ་དང༌། རྩ་བའི་བསྟན་འཆོས་གང་དང་གང་ཞིག་བྱུང་བ་དང༌། གྲུབ་མཐའ་གཞན་ལ་མ་གྲགས་པའི་བརྡ་འཆད་ཀྱི་ཚོམས་ཇི་ལྟར་ཡོད་པའོ། །དང་པོ་ལ་གསུམ་སྟེ། གནས་སྐབས་གྲུབ་མཐའ་གང་ནས་འཇུག་པ་དང༌། མཐར་ཐུག་གྲུབ་མཐའ་གང་དུ་འཇོག་པ་དང༌། ཐེག་པ་ཆེན་པོ་གཞན་དང་ཁྱད་པར་གང་གིས་འབྱེད་པའོ། །དང་པོ་ནི། རྣམ་འགྲེལ་མཛད་པའི་གཞུང་གི་དབང་དུ་བགྱིས་ན་ཐེག་པ་གསུམ་ཀའི་ལྟ་བ་དང༌། དེ་ལ་འཇུག་པའི་ཚུལ་གསུམ་ཀ་ཡང་རིམ་གྱིས་སྟོན་པ་ཡིན་ཏེ། གང་ཟག་གི་བདག་མེད་པའི་ལྟ་བའི་ཚུལ་ལ་ནི་ཐེག་པ་གསུམ་ཀ་ཡང་ཁྱད་པར་མེད་ལ། དེ་ཉིད་ཀྱང་ཚད་མ་གྲུབ་པའི་ལེའུ་ནས་སྟོན་ནོ། །བདག་མེད་དེ་ལ་འཇུག་པའི་ཚུལ་ཡང་དེ་དང་འདྲ་བས་སྤྱི་ཙམ་ནས་བཤད་ཀྱི་གྲུབ་མཐའ་སོ་སོའི་དབྱེ་བས་མ་གསུངས་སོ། །ཆོས་ཀྱི་བདག་མེད་ལ་འཇུག་པའི་རིམ་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་ཡང་ཇི་སྐད་དུ། གང་ལ་བཅོམ་དང་བློ་ཡིས་གཞན་ཞེས་སོགས་ལྟར། ལུགས་དེ་ལ་ཡང་རགས་རྒྱུན་བདེན་པར་མེད་པ་སོགས་ཀྱི་རྣམ་གཞག་ཡོད་མོད། ལུགས་དེ་ལ་གཞུང་བཙུགས་ནས་མི་འཆད་པར་ཞར་བྱུང་གི་ཚུལ་དུ་ནི་དོན་དམ་དོན་བྱེད་ནུས་པ་གང་ཞེས་སོགས་ཀྱིས་བཤད། དེ་བས་ན་ཐོག་མར་མདོ་སྡེ་པའི་སྐབས་ཉིད་ནས་འཇུག་པ་ཡིན་ཏེ། ལུགས་འདིར། ཐོག་མར་ཕྱི་རོལ་དོན་གྲུབ་དང༌། དོན་འགོག་གི་སྐབས་གཉིས་ལས་དང་པོའི་ཚེ་ན། མདོ་སྡེ་པའི་གཞུང་ཇི་ལྟ་བ་བཞིན་དུ་ཁས་ལེན་ཏེ། ཕྱི་རོལ་གྱི་དོན་ཁས་བླངས་ནས་རྣམ་མེད་རྗེན་ཆར་འགོག་པའི་ཕྱིར་དང༌། ཕྱི་རོལ་གྱི་དོན་ཡོད་པར་ཡང་རྟགས་ལས་བསྒྲུབ་དགོས་ཀྱི། མངོན་སུམ་གྱིས་མཐོང་བར་མི་འཆད་པའི་ཕྱིར། ལྡོག་པ་གཞན་སེལ་གྱི་རྣམ་གཞག་དང་དེ་བདེན་པར་མེད་པའི་ཚུལ་ནི་བྱེ་སྨྲ་ལ་མེད་པས་ན། ཚུལ་འདི་ནི་དེ་ལས་ཁྱད་པར་དུ་འཕགས་སོ། །དེའི་ཚེ་ནི་ཉན་ཐོས་ཀྱི་གྲུབ་མཐའ་དང༌། འབྲས་བུ་ཡང་ཉན་ཐོས་ཀྱི་ཐེག་པའོ། །གཉིས་པ་དོན་འགོག་གི་སྐབས་སུ་ནི། གྲུབ་པའི་མཐའ་སེམས་ཙམ་པ་དང༌། འབྲས་བུ་རང་སངས་རྒྱས་ཀྱི་ཐེག་པ་སྟེ། ཆོས་ཀྱི་བདག་མེད་ལ་འཇུག་ཚུལ་ཕྱོགས་གཅིག་མདོ་སྡེ་པ་དང་མཐུན་ལ། ཕྱི་རོལ་གྱི་དོན་བཀག་པས། གཟུང་བ་ཆོས་ཀྱི་བདག་མེད་ལ་འཇུག་ཅིང༌། འཛིན་པ་ཆོས་ཀྱི་བདག་མེད་ལ་འཇུག་ཚུལ་ནི་སེམས་ཙམ་པ་ལ་མེད་དོ། །གཉིས་པ་ནི། ལུགས་འདི་ཡི་མཐར་ཐུག་གི་གྲུབ་མཐའ་ནི་དབུ་མར་གནས་པ་ཉིད་དོ་ཞེས་མདོར་བསྟན་ནས། དེ་ཡང་བསྟན་པ་འདི་ལ་གྲུབ་མཐའ་བཞི་ཡི་རྩེ་མོར་གྱུར་པའི་དབུ་མ་ནི་རྣམ་པ་གཉིས་འབྱུང་སྟེ། མདོ་སྡེ་དགོངས་འགྲེལ་ལས་བཀའ་འཁོར་ལོ་རིམ་པ་གསུམ་གྱི་རྣམ་གཞག་འབྱུང་བ་དེའི་ནང་ནས་བར་པ་སྒྲ་ཇི་བཞིན་པ་ཉིད་དུ་བཞག་པའི་དབུ་མ་དང༌། འཁོར་ལོ་གསུམ་པ་སྒྲ་ཇི་བཞིན་པ་ཉིད་དུ་བཞག་པའི་དབུ་མའོ། །དང་པོ་ནི། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས་རིགས་ཚོགས་སུ་བཀྲལ་བ་དེ་ཡིན་ལ། གཉིས་པ་དེ་ནི་བྱམས་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་ཐོགས་མེད་ཞབས་ཀྱིས་བཀྲལ་བ་དེ་ཡིན་ནོ། །དེ་དག་གི་ནང་ནས། ལུགས་འདིར་ནི་སྲོལ་ཕྱི་མ་དེའི་རྗེས་སུ་འབྲངས་ནས་འཆད་པའི་ཚུལ་འདི་ལྟར། ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་པ་ལྟར། ཐོག་མ་ཉིད་དུ་གཟུང་འཛིན་རང་བཞིན་མེད་པར་གཏན་ལ་ཕབ་པས་སྒྲོ་འདོགས་ཀྱི་མཐའ་སེལ་བར་བྱེད། དེའི་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་གཉིས་སྟོང་གི་ཡེ་ཤེས་གང་ཡིན་པ་དེ་བསྒོམ་པས་ཉམས་སུ་མྱོང་བྱ་ཉིད་དུ་འཆད་པས་སྐུར་འདེབས་ཀྱི་མཐའ་སེལ་བར་བྱེད་པའོ། །ལུགས་འདི་ལ་སེམས་ཙམ་པའོ་ཞེས་ཟེར་བ་ནི་སློབ་དཔོན་ཟླ་བ་གྲགས་པའི་གསུང་སྟེ། གསུང་དེ་ཡི་ཕྱོགས་ལ་ཡང་ཐོགས་མེད་ཞབས་ཀྱིས་འཆད་པའི་ལྟ་བ་ཞེས་གསུང་མོད། ངེས་པའི་དོན་དུ་གང་འགྱུར་རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་རྣམས་ཚད་མར་བྱས་ནས་བརྟག་པར་བྱ་ལ། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་དང་སློབ་དཔོན་སེང་གེ་བཟང་པོ་དང་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རཏྣ་ཨཱ་ཀ་ར་ཤནྟི་པ་ནི་ལུགས་གཉིས་པོ་དགོངས་པ་མཐུན་ཞེས་འཆད་པ་ལྟར་ལེགས་པས་ཕྱོགས་སུ་ལྷུང་བར་མི་བྱའོ། །གསུམ་པ་ནི། ལུགས་འདི་དབུ་མར་འཆད་པ་དེའི་ཚེ། ངོ་བོ་ཉིད་མེད་པ་པ་དག་དང་ཁྱད་པར་མེད་པར་འཆད་ནུས་སམ་ཞེ་ན། དེ་ལྟར་ངེས་པ་མ་ཡིན་ཏེ། རྡོ་རྗེ་ཐེག་པ་པ་དག་གི་དབུ་མ་བཞིན་ནོ། །ལུགས་འདིར་ངོ་བོ་ཉིད་མེད་པ་པ་དག་ལ་མ་གྲགས་པའི་ཁྱད་པར་ནི་འདི་ལྟ་སྟེ། གང་ཅི་སྣང་བ་དེ་ཐམས་ཅད་རང་གི་སེམས་དང༌། སེམས་དེ་ཡང་གཟུང་བ་དང་འཛིན་པས་སྟོང་པ་དང༌། སྟོང་པ་དེ་ཡང་རང་རིག་པའི་ཡེ་ཤེས་ཉིད་དུ་དང༌། ཡེ་ཤེས་དེ་ཡང་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་མི་ཆད་པ་ཉིད་དུ་དང༌། ཕར་ཕྱིན་ཐེག་པ་པའི་མཉམ་གཞག་ཡེ་ཤེས་ལ་འཇིག་རྟེན་ན་གྲགས་པའི་ཤེས་བྱ་ཇི་སྙེད་པ་མཐའ་དག་གཟུགས་བརྙན་གྱི་ཚུལ་དུ་འཆར་ཡང་དེས་འཇིག་རྟེན་ན་གྲགས་པ་དེ་དངོས་སུ་རིག་པ་མ་ཡིན་པར་ཁས་ལེན་པ་སོགས་མཐའ་ཡས་མོད། དཔེ་དེ་ཙམ་ཞིག་ཏུ་མདོར་བསྡུས་ལ་རང་སྟོང་གི་རྣམ་གཞག་མ་ནོར་བར་འཆད་ན་ནི་ཁས་ལེན་སྔ་མ་དེ་དག་མི་འབྱུང་ལ། དེ་ལྟ་ན་ནི་རྡོ་རྗེ་ཐེག་པའི་མན་ངག་པ་དག་གི་ལུགས་དང་སྒོ་གང་ནས་ཀྱང་མཐུན་པ་ཉིད་དུ་མི་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། རྩ་བའི་བསྟན་འཆོས་གང་ཡིན་པ་དང༌། འཕགས་ཡུལ་གྱི་འགྲེལ་པ་ཚད་ལྡན་དག་གིས་ཇི་ལྟར་བཤད་པ་དང༌། བོད་སྔ་མའི་འགྲེལ་ལུགས་དག་ཀྱང་ངེས་པར་ཤེས་དགོས་པའོ། །དང་པོ་ནི། བོད་སྔ་མ་དག་ན་རེ། ཐོག་མར་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་ཚད་མའི་བསྟན་འཆོས་སྨྲ་བའི་སྒྲོམ་ཞེས་བྱ་བ་གཅིག་མཛད་ཟེར་ཡང་ཡིད་ཆེས་པའི་ཁུངས་མེད་དོ། །དེ་ནས་མེ་ཝཾ་གྷ་དང༌། དེ་ཡི་འོག་ཏུ་སློབ་དཔོན་དབྱིག་གཉེན་གྱིས་དེའི་བསྟན་འཆོས་རྩོད་པ་སྒྲུབ་པ་མཛད་ཅེས་ཟེར་བ་ལ། དེས་དེ་མཛད་པ་ལ་ཤེས་བྱེད་མེད་ཅིང༌། རྒྱ་ལམ་ན་མཛད་སྲིད་ཀྱང་དེ་ནས་བཤད་པའི་དོན་ལ་སློབ་དཔོན་གྱིས་སྙིང་པོ་མེད་པར་དགོངས་སོ། །ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གསུང་སྟེ། ཇི་སྐད་དུ། རྩོད་སྒྲུབ་སློབ་དཔོན་གྱིས་མ་ཡིན། །ངེས་པར་སྙིང་པོ་མེད་པར་དགོངས། །ཞེས་སོ། །དེ་བས་ན་ཚད་མའི་གསུང་རབ་ཀྱི་རྩ་བའི་ཁུངས་ནི། སྡེ་བདུན་བཀའ་སྤྱི་ཡི་དགོངས་འགྲེལ་དུ་རྒྱན་སོགས་ཀྱིས་འཆད་པ་ལྟར། རྩ་བའི་ཁུངས་ནི་སངས་རྒྱས་ཀྱི་གསུང་རབ་ཉིད་དང༌། ཐོགས་མེད་ཞབས་ཀྱི་འབེལ་གཏམ་རྣམ་པར་ངེས་པའི་གཞུང་དང༌། རྣམ་པར་བཤད་པའི་སྒོ་བསྡུ་བ་སོགས་ཡིན་ཞེས་འཆད་པར་ནུས་ཏེ། འཕགས་ཡུལ་ན་སངས་རྒྱས་པའི་རྟོག་གེ་སྨྲ་བ་ལ་སྔ་རབས་པ་དང༌། ཕྱི་རབས་པ་གཉིས་སུ་ཕྱེ་ནས། སྔ་མ་ནི་ཐོགས་མེད་མཆེད་དང་ལེགས་ལྡན་སོགས་ཡིན་ལ། ཕྱི་མ་ནི། ཕྱོགས་ཀྱི་གླང་པོའི་རྗེས་འབྲང་ལ་འཆད་པ་བཞིན་ནོ། །དེ་ལྟ་མོད་ཀྱི་འདིར་ནི་ཡང་དག་པ་ཉིད་དུ་ན། ཚད་མའི་བསྟན་འཆོས་ཀྱི་རྩ་བའི་ཁུངས་ནི་ཕྱོགས་ཀྱི་གླང་པོའི་གཞུང་ཁོ་ནར་ངེས་ཏེ། ཇི་སྐད་དུ། ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་གསུངས་པས་སོ། །སློབ་དཔོན་འདི་ལ་ནི། འཕགས་པ་འཇམ་དཔལ་ཉིད་དངོས་སུ་བྱོན་ནས་དགེ་བའི་བཤེས་གཉེན་དུ་ཞལ་གྱིས་བཞེས་ཏེ། ཆོས་མཆོག་ལས། ཇི་སྐད་དུ། བུ། མ་བྱེད་ཐེག་པ་དམན་དང་ཕྲད་པ་ལས་ནི་བློ་གྲོས་ངན་སྐྱེ་ཡི། །ཁྱོད་ཀྱིས་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །བསྟན་འཆོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས་བྱས་ནས། །ཕྱི་མའི་དུས་སུ་བསྟན་འཆོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་རྗེ་བཙུན་ཉིད་ཀྱིས་གསུངས་པར་སློབ་དཔོན་ཆོས་མཆོག་གིས་བཤད་ལ། དུས་ནི་ཚད་མ་ཀུན་ལས་བཏུས་རྩོམ་པར་དམ་བཅས་པའི་ཚེ་ན། ཉེ་ལོགས་ན་གནས་པའི་མུ་སྟེགས་བྱེད་ཀྱིས་ཐུགས་སུན་ཕྱུང་བ་དེའི་ཚེ་ཡིན་པར་འཆད་དོ། །གཞན་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན། །ཞེས་ལུང་བསྟན་པ་སོགས་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་སློབ་དཔོན་བདག་ཉིད་ཆེན་པོ་དེའི་དངོས་ཀྱི་སློབ་མ་ནི། སློབ་དཔོན་དབང་ཕྱུག་སྡེ་ཞེས་བྱ་བ་ཞིག་ཡིན་པ་དང༌། དེས་སློབ་དཔོན་གྱི་དགོངས་པ་ཅུང་མ་ལོན་པར་འཆད་ལ། དེ་ཡི་དངོས་ཀྱི་སློབ་མ་ནི། ཇི་སྐད་དུ། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང༌། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཞེས་ལུང་བསྟན་བརྙེད་པའི་སློབ་དཔོན་འདིས་ནི། སྤྱིར་དགོངས་འགྲེལ་གྱི་བསྟན་འཆོས་དུ་མ་མཛད་ནའང༌། བྱེ་བྲག་ཏུ་ཚད་མ་སྡེ་བདུན་དུ་གྲགས་པ་འདི་ནི་ཕྱོགས་ཀྱི་གླང་པོའི་བསྟན་འཆོས་དང་ཁྱད་པར་མེད་པ་ཙམ་དུ་མ་ཟད་དེའི་གསུང་རྡོ་རྗེ་ཚིག་ལྟ་བུར་གྱུར་པ་དེ་ལ་དགོངས་པའི་འགྲེལ་ཚུལ་ཆེས་ངོ་མཚར་རྨད་དུ་བྱུང་བ་སོ་སོའི་སྐྱེ་བོའི་མཁས་པ་སུས་ཀྱང་དཔག་པར་དཀའ་བ་འདི་དག་ནི་གསུང་རབ་ཀུན་ལ་བལྟ་བའི་མིག་དུ་ལུང་བསྟན་པ་དེ་ཉིད་དོ། །བདུན་པོ་འདི་ལ་བོད་དག་གིས་གཙོ་བོ་ལུས་ལྟ་བུའི་བསྟན་འཆོས་གསུམ་དང༌། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་འཆོས་བཞི་ཞེས་པའི་བསྡུ་བ་མཛད་པ་དེ་ནི་ཧ་ཅང་མི་ལེགས་པ་མ་ཡིན་མོད། ལུས་གསུམ་པོ་ལ་གཞན་ཕྱོགས་འགོག་པ་རྒྱས་བསྡུས་ཀྱི་ཆ་ནས་རྒྱས་བསྡུས་སུ་འཇོག་པ་ནི་ལེགས་པ་མ་ཡིན་གྱི་ཚད་མ་གྲུབ་པའི་ལེའུ་ནས་འབྱུང་བའི་བརྗོད་བྱ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་བཤད་མ་བཤད་ཀྱི་སྒོ་ནས་རྒྱས་འབྲིང་དང༌། འབྲིང་པོ་བཤད་པ་དེ་ལས་ཀྱང་བསྡུས་ནས་ལུས་བརྒྱད་པོའི་རྐང་གྲངས་ཙམ་ཞིག་ངོས་བཟུང་བས་ན་ཤིན་ཏུ་བསྡུས་པ་ཞེས་བྱ་བར་རིགས་སོ། །གཉིས་པ་ནི། ཚད་མ་རྣམ་པར་ངེས་པ་ནི། གཞུང་དེ་ཉིད་ཀྱི་རྩ་བ་དང་རང་འགྲེལ་སློབ་དཔོན་ཉིད་ཀྱིས་མཛད་པ་དང་བཅས་པ་དག་ཡིན་ལ། རྣམ་འགྲེལ་དུ་ནི་རང་དོན་རྗེས་དཔག་གི་ལེའུ་ལ་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་ཞེས་པ་ཞིག་མཛད་པ་ལ་རྩོད་པ་མེད་དོ། །བདག་ཉིད་ཆེན་པོ་འདི་ཡི་དངོས་ཀྱི་སློབ་མ་ནི། ལྷ་ཡི་དབང་པོ་བློ་གྲོས་ཏེ། འདི་རྒྱས་པའི་བསྟན་འཆོས་ཀྱི་འགྲེལ་པ་ཐོག་མ་དང་བར་དུ་མཛད་པ་ལ། བདག་ཉིད་ཆེན་པོ་ཐུགས་རངས་པར་མ་གྱུར་ནས། ཇི་སྐད་དུ། འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང༌། །ཞེས་གསུངས་པར་གྲགས་ཤིང་དིང་སང་གྲགས་པའི་ལྷ་དབང་བློ་འདི་ནི། རང་འགྲེལ་ཉིད་ཀྱི་འཕྲོ་འཐུད་ནས་མཛད་པ་དང་བསྡོམ་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཞེས་གྲགས་པ་འདི་ནི། ཚིག་དོན་གསལ་ཞིང་མཐའ་དཔྱོད་པའི་ཚུལ་རྒྱན་དང་ཆོས་མཆོག་ལྟ་བུ་ལ་ལྟོས་ན་ཤིན་ཏུ་བསྡུས་པ་ཞིག་གོ །སློབ་དཔོན་དེའི་དངོས་ཀྱི་སློབ་མ་ནི་ཤཱཀྱ་བློ་གྲོས་ཏེ། སློབ་དཔོན་དེས་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཡོངས་སུ་རྫོགས་པ་ལ་འགྲེལ་བཤད་མཛད་པ་དེའི་རྣམ་དཔྱོད་ཀྱི་ནུས་པའི་ཁྱད་པར་སྔ་མ་དང་འདྲ་ཞིང༌། རྣམ་འགྲེལ་ལ་རྩོམ་པ་པོ་གཅིག་གི་རྣམ་བཤད་ཡོངས་སུ་རྫོགས་པ་བོད་དུ་འགྱུར་བ་ནི་འདི་ཁོ་ནའོ། །སློབ་དཔོན་དེའི་སློབ་མ་ནི་འོད་ཀྱི་བློ་བྱ་བ་ཞིག་ཡིན་པར་འཆད་པ་དང༌། དེས་དུལ་བའི་ལྷ་དང༌། དེས་ཆོས་མཆོག་ལ་བཤད་པ་དང༌། དེ་ནས་རྒྱན་མཁན་པོ་དང༌། དེ་ནས་ཆོས་འབྱུང་སྦྱིན་དང༌། དེའི་འོག་ཏུ་གཟི་བརྗིད་གོ་ཆ་དང༌། དེས་ཝ་སུ་པཎ་ཆེན་དང༌། དེ་ནས་ཁ་ཆེ་པཎ་ཆེན་ལ་བཤད་ཟེར་བ་སོགས། ཆོས་འབྱུང་མཁན་པོ་རྣམས་ཀྱི་རྣམ་རྟོག་གཏིང་ཚུགས་མ་ཡིན་པ་དུ་མ་དག་འཆད་ཀྱང་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི་རྣམ་འགྲེལ་གྱི་རྒྱན་ཞེས་བྱ་བ་འདི་ནི་ཚད་མ་སྟོང་ཕྲག་ཕྱེད་དང་བཞི་པའི་འཕྲོ་འཐུད་ནས་ཚད་མ་གྲུབ་པ་སོགས་ལེའུ་གསུམ་གྱི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་ཞེས་པ་དེ་ཡིན་ལ། འདི་ནི་རྗོད་བྱེད་ཀྱི་ཚིག་གསལ་ཞིང་བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བ་རྣམ་དཔྱོད་ཀྱི་རྩལ་གྱིས་བཏོན་པ་ཞིག་སྟེ། མཐར་ཐུག་གི་ངེས་པ་དབུ་མ་ཉིད་དུ་གནས་པར་ནི་ཇི་སྐད་དུ། ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་འཆོས་འདི། །ཞེས་དང༌། ལོག་པའི་རྒྱུན་ཕྱོགས་རྗེས་སུ་གཞོལ་གྱུར་པས། །ལྟ་བའི་ཆུ་བོ་བཟློག་པར་དཀའ་མོད་ཀྱི། །ཡང་དག་རིགས་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །ཞེས་པ་ཡང༌། འགྲེལ་པ་འདི་ཉིད་ནས་འབྱུང་བའི་རིགས་པ་ལ་བསམ་པ་དང༌། རྗོད་བྱེད་ཀྱི་ཚིག་ལེགས་པའི་ཆ་ནས་ཀྱང་ཇི་སྐད་དུ། འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ཞེས་བཤད་པའོ། །རྒྱན་འདི་ལ་འགྲེལ་བཤད་བྱེད་པ་ནི། ཡ་མ་རི་དང༌། རྒྱལ་བ་ཅན་ཞེས་པ་ཤིན་ཏུ་རྒྱས་པ་གཉིས་བྱུང་སྟེ་རྩོམ་པ་པོ་རྣམ་དཔྱོད་ཀྱི་རྩལ་ཆེ་བར་གྲགས་སོ། །ཚད་མ་གྲུབ་པ་དང་མངོན་སུམ་གྱི་ལེའུ་ལ། རྩོམ་པ་པོ་ཚད་ལྡན་དུ་གྲགས་པ་ཉི་མ་སྦས་པས་རྒྱན་དང་མཐུན་པའི་འགྲེལ་པ་མཛད་པ་རྣམས་ནི། བསྟན་འཆོས་རྣམ་འགྲེལ་འདི་འཆད་པ་ལ་ཤིན་ཏུ་གཅེས་པས་རྩ་བའི་ཁུངས་ཉིད་དུ་བཟུང་བར་བྱའོ། །ཚད་མ་རྣམ་པར་ངེས་པ་ནི། རང་ལུགས་ཀྱི་རྩ་བ་གང་ཡོད་ལ་སློབ་དཔོན་ཉིད་ཀྱི་རང་འགྲེལ་དང་བཅས་པ་ནི་ཚིག་གསལ་ཞིང་དོན་འཛིན་བདེ་ལ་རྣམ་འགྲེལ་ན་ཚིག་བཅད་དུ་ཡོད་པ་རྣམས་འདིར་ལྷུག་པར་བཀྲལ་བས་ན་གཞུང་ཐུན་མོང་བ་ཤིན་ཏུ་མང་ཤིང༌། རྣམ་འགྲེལ་ལས་ཅུང་ཟད་གོ་བདེ་བ་ལྟ་བུར་སྣང་ལ། དེ་ཡི་འགྲེལ་པ་འཐད་ལྡན་ཆེན་མོ་ཞེས་བྱ་བ་ཆོས་མཆོག་གིས་མཛད་པ་སྟོང་ཕྲག་བཅུ་གཉིས་པ་ནི། རྩོམ་པ་པོ་རྣམ་དཔྱོད་ཆེ་བར་མཚོན་ནུས་པ་ཞིག་སྟེ། དེ་ཡི་འགྲེལ་བཤད་ཛྙཱ་ན་ཤྲཱིས་མཛད་པ་དེ་ཡང་ཁྱད་པར་དུ་འཕགས་སོ། །རྩ་བའི་བསྟན་འཆོས་ཕྱི་མ་བཞི་ནི། གཞུང་སྔ་མ་གསུམ་གྱི་དཀའ་གནས་ཀྱི་འགྲེལ་པ་སྟེ། ཇི་ལྟར་འགྲེལ་བའི་ཚུལ་མདོ་ཙམ་ནི་འོག་ནས་འབྱུང་བ་འགྱུར་རོ། །གསུམ་པ་ནི། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་འཆད་པ། ཐོག་མའི་ཁུངས་སུ་གྱུར་པས་གལ་ཆེ་མོད། བོད་ཀྱི་འགྲེལ་བཤད་མཛད་པ་དག་ནི། རྩ་འགྲེལ་སྔ་མ་དེ་དག་ཤིན་ཏུ་བརླིང་བས་གོ་བར་དཀའ་བ་ཙམ་དུ་མ་ཟད། འགྲེལ་བཤད་དག་ཏུ་མ་ཐོན་པའི་ལེགས་པར་བཤད་པ་མང་པོ་དག་ཇི་ལྟར་ཡོད་པའི་ཚུལ་ནི། ལོ་ཙྪ་བ་ཆེན་པོས། ཇི་སྐད་དུ། གཞུང་རྩོམ་རྣམས་ཀྱི་བློ་ལ་ཡང༌། །ཇི་བཞིན་ལེགས་པར་མི་གསལ་བ། །ཚད་མའི་དེ་ཉིད་དཀའ་བ་རྣམས། །ཇི་བཞིན་དུ་ནི་འདིར་ངེས་བྱ། །ཞེས་རྩོམ་པར་དམ་བཅས་ནས་རྣམ་པར་ངེས་པའི་ཊཱིཀ་ཆེན་དང་གཞུང་ཕྲན་མང་དུ་མཛད་དོ། །དེ་ལྟར་མཛད་པ་དེ་ནི་བོད་ཡུལ་དུ་རྟོག་གེའི་སྲོལ་འབྱེད་ཀྱི་རྩོམ་པ་བྱུང་བའི་ཐོག་མ་སྟེ་གཞན་དེ་ལས་སྔ་བར་བྱུང་བ་མེད་དོ། །རྔོག་ལོ་ཆེན་པོའི་སྲོལ་འཛིན། སློབ་དཔོན་ཕྱྭ་པས་རྣམ་འགྲེལ་ངེས་གཉིས་ཀའི་ཊཱི་ཀ་དང༌། ཚད་བསྡུས་རྒྱས་འབྲིང་བསྡུས་པ་སོགས་རྟོག་གེའི་རྣམ་བཤད་མང་དུ་མཛད་པ་ལས། བསྡུས་པའི་སྲོལ་འབྱེད་ཀྱི་ཐོག་མ་ནི་དེའོ། །དེ་ནས་དེའི་སློབ་མ་སེང་ཆེན་བརྒྱད་ལ་སོགས་པ་བྱུང་སྟེ། ལོ་གྲངས་བརྒྱ་ལྷག་ཙམ་གྱི་བར་དུ་རྣམ་པར་ངེས་པ་རྩ་བཤད་ཐོས་བསམ་གྱི་གཞིར་བཟུང༌། བསྡུས་པའི་ཆོས་སྐད་ཁ་ཏོན་དུ་བྱེད་པས་དུས་འདའ་བ་དག་བྱུང་ལ། གནས་སྐབས་ཁ་ཅིག་ཏུ། མཚན་ཉིད་པར་གྲགས་པ་ལ་ལ་དག་གིས། བསྡུས་པའི་ཆོས་སྐད་དེ་གཞུང་ལ་ལྟོས་མི་དགོས་པར་ཤེས་ནས་བསྡུས་པ་རྐྱང་པའི་ཆོས་སྐད་དེ་བཟུང་ནས་གྲྭ་ས་བསྐོར་བའི་སྟོན་པ་བཟང་ངན་དུ་བྱེད་པ་དག་བྱུང་ངོ༌། །ཆོས་སྐད་དེ་ནི་དིང་སང་གི་དུས་ན་ཡང་ཐུན་ཚགས་མང་པོ་བསྡུས་པའི་སྐད་དང་བསྲེས་ནས་མ་ནུབ་ཙམ་དུ་ཡོད་དེ་ཞིབ་པར་འོག་ནས་འབྱུང་བར་འགྱུར་རོ། །དེ་ནས་དུས་རེ་ཤིག་གི་ཚེ་ས་སྐྱ་པཎྜི་ཏས་ཚད་མ་རྣམ་ངེས་བསྡུས་པའི་ལུགས་དང་བཅས་པ་མཐའ་ཆོད་པར་གསན་ནས་དེའི་འོག་ཏུ་ཁ་ཆེ་པཎ་ཆེན་ལས་ཚད་མའི་ཆོས་སྐད་གསན་པ་རྒྱ་ཆེ་ཞིང༌། ཁྱད་པར་རྣམ་འགྲེལ་ལྷ་ཤཱཀ་རྒྱན་དང་བཅས་པ་རྒྱས་པར་མཁྱེན་ནས་རྒྱ་བོད་ཀྱི་བཤད་སྲོལ་སྔ་མ་རྣམས་ལས་མཐུན་པ་ཐད་སོར་བཞག་ཅིང་མི་མཐུན་པ་སུན་འབྱིན་པའི་བསྟན་འཆོས་རིགས་པའི་གཏེར་རྩ་འགྲེལ་མཛད་པ་དེ་ནས་བཟུང་སྟེ། དེང་སང་གི་བར་དུ་རྣམ་འགྲེལ་གྱི་བཤད་ཉན་ཤིན་ཏུ་དར་བར་བྱོན་ནོ། །གངས་ཅན་གྱི་ལྗོངས་ན་ས་རྔོག་གཉིས་ཀྱི་བཤད་པའི་སྲོལ་འདི་ལས་གཞན་རྒྱུད་པའི་སྲོལ་འདི་དང་འདི་ལས་བྱུང་བ་ཡིན་ཞེས་བརྒྱུད་པ་རྣམ་དག་གི་ཁུངས་འཛིན་ཏུ་མེད་ལ་ཕྱི་མའི་དུས་འདིར་ནི་བྱུང་རྒྱལ་དུ་སྨྲ་བ་སྣ་ཚོགས་ཏེ། ཞིབ་པར་འོག་ནས་འབྱུང་ངོ༌། །ལོ་ཙྪ་བ་ཆེན་པོའི་བཤད་སྲོལ་འདི་ནི། རྣམ་ངེས་ཆོས་མཆོག་དང་བཅས་པ་གཞན་ཕན་བཟང་པོ་དང༌། རྣམ་འགྲེལ་རྒྱན་དང་བཅས་པ་ཁ་ཆེ་སྐད་ལྡན་རྒྱལ་པོ་ལས་གསན་པར་སྣང་ཡང༌། དེ་དག་གི་གོང་ན་བརྒྱུད་པ་འདི་ཡོད་གསལ་བར་མ་ཐོས་ལ། སྐལ་ལྡན་རྒྱལ་པོ་ལ་ནི་ཕྱི་ནང་པ་གཉིས་ཡོད་པ་ཡིན་ཞེས་འཆད་པ་དག་སྣང་ངོ༌། །ཚད་མའི་མདོ་རྩ་འགྲེལ་གྱི་བཤད་པ་ནི། སྔོན་དུས་འཆར་ནུབ་ཅི་རིགས་པར་བྱུང་ཡང༌། དིང་སང་ནི་རྩ་འགྲེལ་གྱི་ལུང་རྒྱུན་ཙམ་ཞིག་ཡོད་པར་མངོན་པ་དང༌། ལུས་ལྟ་བུའི་བསྟན་འཆོས་གསུམ་ལ་ནི་ལུང་བཤད་ཀྱི་བརྒྱུད་པ་ཤིན་ཏུ་གསལ་ལ། འཕྲོས་པ་བཞི་པོ་ལ་ནི་བཤད་རྒྱུན་ཇི་ལྟར་ཡོད་ཀྱི་ཁུངས་མ་མཐོང་ངོ༌། །གསུམ་པ་ནི། ཕྱི་རོལ་པ་དག་གི་ཆོས་ཀྱི་སྐད་ལ་ཇི་ལྟར་ཡོད་རེ་ཞིག་བཏང་སྙོམས་སུ་བཞག་ནས་སངས་རྒྱས་པའི་ཆོས་ཀྱི་ཐེག་པ་གོང་འོག་དང་སྡེ་སྣོད་རྣམ་པ་གསུམ་སོ་སོའི་དགོངས་འགྲེལ་དང་བཅས་པ་དག་ཏུ་གསལ་བར་མ་གྲགས་པའི་བརྡ་སྐད་གསུང་རབ་དགོངས་འགྲེལ་དང་བཅས་པ་བལྟ་བ་ལ་མིག་ལྟ་བུར་གྱུར་པ་མང་པོ་དག་ཡོད་པ་འདི་དང་འདིའོ་ཞེས་གསལ་བར་འཆད་ནུས་པ་དཀོན་པར་མཐོང་ནས་འདིར་རགས་པ་ཙམ་ཞིག་བརྗོད་པར་བྱ་བ་ལ་གསུམ་སྟེ། ཤེས་བྱ་སྤྱི་ལྡོག་ནས་འཆད་པའི་ཚེ་གཞན་ལ་མ་གྲགས་པ་ཅི་ཡོད་པ་དང༌། མདོ་སེམས་ཀྱི་ལུགས་འཆད་པ་ན་གཞན་ལ་མ་གྲགས་པ་ཅི་ཞིག་ཡོད་པ་དང༌། དབུ་མའི་ལུགས་འཆད་པ་ན་དེ་འདྲ་དེ་གང་ཡོད་པའོ། །དང་པོ་ལ། ཡུལ་སྣང་བ་དང་སེལ་བའི་རྣམ་པར་གཞག་པ་དང༌། ཡུལ་ཅན་སྣང་འཇུག་དང་སེལ་འཇུག་གི་དང༌། རྫས་དང་ལྡོག་པ་ཞེས་དང༌། གཉིས་པོ་དེ་ཆོས་སོ་སོ་དང༌། ལོག་པ་དང་ལྡོག་པ་ཞེས་བྱ་བ་དང༌། སྤྱི་དང་གསལ་བ་ཞེས་དང༌། རིགས་དང་རིགས་ལྡན་ཞེས་པ་དང༌། བྱེ་བྲག་དང་གཞི་མཐུན་ཞེས་པ་དང༌། རྫས་བརྗོད་དང་དངོས་པོ་བརྗོད་པ་ཞེས་དང༌། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་སྒྲ་ཞེས་པ་དང༌། རང་མཚན་ལ་བརྡ་དངོས་སུ་མི་སྦྱོར་བ་དང༌། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་དངོས་ཀྱི་འཇུག་པ་གཞན་སེལ་ཁོ་ན་ལ་འཆད་པ་དང༌། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པ་དང༌། དེ་ནས་དེའི་ཁྱད་པར་སོ་སོར་ཕྱེ་ནས་འབྱེད་པ་དང༌། དེ་སྐབས་ཀྱི་མཚན་ཉིད་ཀྱི་སྒྲ་དེ་ཡང་མཚན་གཞི་ཁོ་ན་ལ་འཇུག་པ་དང༌། ཆོས་རྣམས་ཀྱི་རབ་ཏུ་དབྱེ་བ་མངོན་པ་ལས་ཀྱང་ཞིབ་པའི་ཕྱིར་དུ་ལྡོག་པ་གཅིག་དང་ཐ་དད་ཀྱི་རྣམ་གཞག་འབྱེད་པ་དང༌། དེ་ལ་བརྟེན་ནས་བདག་ཅིག་པའི་འབྲེལ་པ་ཤེས་དགོས་པ་དང༌། དོན་རང་མཚན་དགག་བསྒྲུབ་ཀྱི་རྟེན་དུ་མི་རུང་བ་དང༌། ལུང་གཞན་དུ་རྒྱུན་གྱིས་རྟག་པས་རྟག་པའི་དང༌། ལས་ཉོན་གྱིས་འདུས་མ་བྱས་པས་མ་བྱས་པའི་གོ་ཆོད་ཀྱང༌། འདིར་དེ་དང་དེས་དེ་ཡི་གོ་མི་ཆོད་པ་དང༌། གཏན་ཚིགས་རིགས་པའི་བསྟན་འཆོས་ལ་དགོས་པའི་རྣམ་གཞག་ཕྱི་རོལ་པ་དང་ཐུན་མོང་བ་མང་མོད་ཀྱང༌། ཆོས་འདི་པའི་བསྟན་འཆོས་པ་གཞན་ལ་མ་གྲགས་པ་ནི། གཞན་ཡང་འདི་ལྟར། སྒྲུབ་བྱེད་གཏན་ཚིགས་སུ་འགྱུར་བ་ལ་ཚུལ་གསུམ་ཚང་དགོས་པ་དང༌། དེ་ཡི་རྩ་བ་ཡང་མེད་ན་མི་འབྱུང་བའི་འབྲེལ་པ་ཞེས་བྱ་བ་འཇིག་རྟེན་དང་བསྟན་འཆོས་གཞན་ལ་མ་གྲགས་པ་ཞིག་ལ་འཆད་དགོས་པ་དང༌། དེ་ཤེས་པ་ལ་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་སྔོན་དུ་འགྲོ་དགོས་པ་དང༌། དེ་ཤེས་པ་ལ་ཡང་གཞན་སེལ་བའི་རྣམ་གཞག་ཤེས་དགོས་པ་དང༌། དགག་བྱ་འགོག་ནུས་ཀྱི་འགལ་བ་ལ་ཡང་དེ་དང་འདྲ་བ་ཞིག་དགོས་པ་དང༌། བསྒྲུབ་བྱར་འཇོག་པ་ལ་ངོ་བོའི་དོན་སོགས་ཆོས་ལྔ་ཚང་དགོས་པ་དང༌། སྒྲུབ་བྱེད་དུ་འཇོག་པ་ལ་ཕྱོགས་ཆོས་སུ་འགྲོ་དགོས་པ་དང༌། དེའི་རྟེན་དུ་འགྲོ་བ་ལ་ཆོས་ཅན་ཙམ་གྱིས་མི་ཆོག་པར་ཤེས་འདོད་ཆོས་ཅན་དུ་འགྲོ་དགོས་པ་དང༌། དེའི་ཆོས་སུ་འཇོག་པ་ཡང་དེར་དེ་ཡོད་པ་ཙམ་གྱིས་མི་ཆོག་པར་སྐབས་ཀྱི་རྒོལ་བས་དེར་ངེས་དགོས་པ་ཞེས་བྱ་བ་ནི་ལུགས་འདིར་ཡོད་ཀྱི། རྟོག་གེ་སྔ་རབས་པ་དག་ལ་མེད་དོ། །དེ་བཞིན་དུ་གཏན་ཚིགས་ལ་གསུམ་དུ་དབྱེ་བའི་ཐ་སྙད་ཀྱི་རྣམ་གཞག་ལུགས་འདི་ཁོ་ན་ལ་རག་ལས་པ་དང༌། ཁྱད་པར་དུ་མ་དམིགས་པའི་གཏན་ཚིག་ལ་དགག་བྱ་སྣང་དུ་རུང་མི་རུང་གི་སྒོ་ནས་གཉིས་སུ་འབྱེད་པ་ནི་ལུགས་གཞན་ལ་མེད་པ་དང༌། གཏན་ཚིགས་ལྟར་སྣང་ལ་ཡང་རྩ་བ་དང་ཡན་ལག་གི་དབྱེ་བ་གཞུང་འདི་ནས་བཤད་པ་རྣམས་གཞན་ལ་མེད་པ་དང༌། རྟགས་སྐྱོན་དང་ཕྱོགས་སྐྱོན་ལ་གཞི་མཐུན་མེད་པའི་རྣམ་གཞག་དང༌། གྲགས་པའི་གཏན་ཚིགས་ཀྱི་རྣམ་གཞག་དང༌། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་རྣམ་གཞག་ལུགས་འདི་ལས་གཞན་ལ་མེད་པ་དང༌། འཇིག་རྟེན་དང་གཞུང་གཞན་ན་རང་ཡིད་ཆེས་པའི་ལུང་ལས་གཞལ་བྱའི་གནས་གསུམ་ཀ་འགྲུབ་པར་འཆད་ཀྱང་འདིར་ནི་ཡིད་ཆེས་པའི་ལུང་ཤིན་ལྐོག་ཁོ་ནའི་སྒྲུབ་བྱེད་དང༌། དེ་ཡང་དཔྱད་པ་གསུམ་གྱིས་དག་པར་ངེས་པ་ཉིད་ལ་རགས་ལས་པ་དང༌། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པའི་སྐབས་སུ་ཁས་བླངས་དང་རང་ཚིག་འགལ་བ་ཙམ་གྱིས་འགལ་བའི་གོ་མི་ཆོད་པ་དང༌། རྟགས་ཕྱོགས་ཀྱི་སྐྱོན་དང་ཡོན་ཏན་ཐམས་ཅད་ཞེ་འདོད་ལ་རྩི་བ་ཡིན་གྱི་སྨྲས་ཙམ་གྱི་དེ་དང་དེས་དེ་དང་དེའི་གོ་མི་ཆོད་པ་དང༌། དེའི་རྒྱུ་མཚན་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་འཇོག་པའི་རྟགས་དང་སྦྱོར་བས་དམ་བཅའ་མི་འགྲུབ་པ་དང༌། གཞལ་བྱའི་གནས་དང་པོ་གཉིས་ཀྱི་ཚེ་ཕྱོགས་ཚིག་སྒྲུབ་བྱེད་དུ་མི་རུང་བ་དང༌། ཤིན་ལྐོག་ལ་དཔྱོད་པའི་ཚེ་དེ་དེར་རུང་བ་གཅིག་ཡོད་ཀྱང་སྒྲུབ་ངག་འགོད་པའི་ཚེ་ཕྱོགས་བརྗོད་ན་ལྷག་པའི་སྐྱོན་ཅན་དུ་འགྱུར་བ་ཞེས་པ་འདི་རྣམས་ཀྱང་གཞུང་གཞན་ན་མེད་དོ། །རྟོག་པའི་རྣམ་གཞག་ཆོས་མངོན་པར་མ་གྲགས་པ་སྒྲ་དོན་འདྲེས་རུང་དུ་འཛིན་པའི་རིག་པ་ལ་རྟོག་པའི་གོ་དོན་དུ་འཇོག་པ་དང༌། དེའི་རྒྱུ་མཚན་གྱིས་ན་དབང་ཤེས་རྟོག་བྲལ་གྱི་རྣམ་གཞག་ཆོས་མངོན་པར་མ་གྲགས་པ་དག་འདིར་ཞིབ་མོ་ཉིད་དུ་འཆད་དགོས་པ་དང༌། དེའི་རྒྱུ་མཚན་གྱིས་གཙོ་འཁོར་དག་མཚུངས་ལྡན་རྣམ་པ་ལྔས་མཚུངས་ཀྱིས་ལུགས་གཞན་དང་མ་འདྲེས་པར་འཆད་དགོས་པ་དང༌། ཤེས་རིག་གི་དབྱེ་བ་ལ་ཆོས་མངོན་པར་སེམས་སེམས་བྱུང་གི་རྐང་གྲངས་བཤད་པ་ཙམ་ལས་མེད་པ་ལ་འདིར་ཚད་མ་དང་ཚད་མིན་དང༌། མངོན་རྗེས་དང༌། གཉིས་པོ་སོ་སོའི་ནང་ཚན་དང༌། མངོན་སུམ་ལྟར་སྣང་གི་དབྱེ་ཚུལ་དང༌། རྟགས་དང་རྟགས་ཅན་གྱི་བར་ན་རྟགས་འཛིན་གྱི་སེམས་ཞེས་བྱ་བའི་རྣམ་གཞག་གཞན་ལ་མ་གྲགས་པ་རྣམས་བཤད་ལ། དེ་ལྟར་བཤད་པ་དེ་རྣམས་ཇི་བཞིན་དུ་མ་ཤེས་ན་སྡེ་སྣོད་ཀྱི་ལུང་མང་པོའི་འདོད་པ་ཤེས་ཀྱང་ཆོས་ཀྱི་སྐྱེ་མཆེད་གཙང་མར་འཆད་མི་ཤེས་པས་ན། དགོས་པའི་ཁྱད་པར་ཕུལ་དུ་བྱུང་བ་དང་བཅས་ཏེ། ཇི་སྐད་དུ། བསྒྲུབ་དང་གཞན་སེལ་རྣམ་དག་གི །མིག་དང་བློ་གྲོས་གསལ་ལྡན་པའི། །རྟོག་གེ་པ་དེ་ཤེས་བྱ་ཡི། །དེ་ཉིད་བལྟ་ལ་ཀུན་མཁྱེན་འདྲ། །ཞེས་གསུངས་སོ། །གཞན་ཡང་རང་གི་བསྟན་པ་དང་སྟོན་པ་སྐྱོན་མེད་དུ་བསྒྲུབ་པ་དང༌། གཞན་གྱི་དེ་དང་དེ་སྐྱོན་དང་བཅས་པ་ཉིད་དུ་ངོ་ཤེས་པ་ལ་ནི་བཤད་མ་ཐག་པའི་རྣམ་གཞག་ཐུན་མོང་མ་ཡིན་པ་དེ་དག་ཤེས་པ་སྔོན་དུ་འགྲོ་དགོས་ཏེ། དཔེར་ན་རྣམ་འགྲེལ་མཛད་པས་རང་དོན་རྗེས་སུ་དཔག་པའི་ལེའུ་འགྲེལ་པ་དང་བཅས་པ་ཐོག་མར་ཤེས་ཟིན་པའི་འོག་ཏུ་ཚད་མ་གྲུབ་པའི་ལེའུ་ལ་སློབ་དགོས་པར་གསུངས་པ་བཞིན་ནོ། །ཕྱི་རོལ་པའི་རྟོག་གེའི་ཚུལ་རྒྱས་པར་ཤེས་པ་ཙམ་གྱིས་ནི། བཤད་མ་ཐག་པའི་དགོས་པ་དེ་འགྲུབ་པ་མ་ཡིན་ཏེ། དེ་དག་གི་རིམ་པ་ནི་ཚར་བཅས་དང་ལྟག་ཆོད་ཀྱི་གནས་སུ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་བཤད་པའི་ཕྱིར། དཔེར་ན་གངས་ཅན་ཕྱི་རབས་པའི་རིགས་པའི་ཚུལ་བཞིན་ནོ། །གཉིས་པ་ནི། མདོ་སྡེ་པའི་གཞུང་ཚུགས་པའི་བསྟན་འཆོས་རང་རྐང་དུ་བཞག་པ་ནི་བོད་ན་ཡོད་པར་མི་འཆད་ལ། དེའི་གྲུབ་མཐའ་གཞུང་སོ་སོ་ནས་བསྡུས་དགོས་པ་དེའི་ཚེ་དེའི་གྲུབ་མཐའ་གཞུང་གཞན་དུ་མ་གྲགས་པ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱིས་འཆད་པའི་ཚུལ་འདི་ལྟར། ཕྱི་རོལ་ཡུལ་གྱི་རྣམ་གཞག་དང༌། ཡུལ་ཅན་ཤེས་པའི་རྣམ་གཞག་གོ །དང་པོ་ལ་རང་སྤྱི་གཉིས་ལས། ཕྱི་མ་ནི་གཞན་སེལ་པའི་རྣམ་གཞག་རྒྱས་པར་འཆད་པ་དེ་དག་ཡིན་ལ། དང་པོ་ལ་འཇིག་རྟེན་ན་གྲགས་པའི་རྣམ་གཞག་ཐད་སོར་གཞག་པ་དང༌། མདོ་སྡེ་པ་རང་གི་རིགས་པས་བཞག་པའི་སྐབས་གཉིས་ལས། དང་པོའི་ཚེ་ནི་སྔོ་སེར་དང་ཀ་བུམ་ལ་སོགས་པའི་རགས་པ་རྣམས་ཀྱང༌། དངོས་པོ་དང་མངོན་སུམ་གྱི་རིག་བྱ་དང༌། དེས་དེ་རིག་པ་ཡང་འཇིག་རྟེན་ན་གྲགས་པའི་རྟགས་ཀྱིས་འཇོག་ལ། གཉིས་པ་ནི་རགས་པ་དང་རྒྱུན་གྱི་དངོས་པོ་དེ་དག་ལ་མདོ་སྡེ་པ་རང་གི་རིགས་པས་བརྟགས་པའི་ཚེ་ན་མི་རྙེད་པའི་ཕྱིར་ཡོད་པ་མ་ཡིན་ནོ། །ཅི་ཞིག་ཡོད་ན་ཕྱོགས་ཀྱི་ཆ་མེད་པའི་རྡུལ་ཕྲ་རབ་ཁོ་ནའོ། །དེ་ཡོད་པར་གང་གིས་འགྲུབ་ན་མངོན་སུམ་གྱིས་ནི་མ་ཡིན་ཏེ། དེས་དེ་དངོས་སུ་མི་རིག་པའི་ཕྱིར། དེས་ན་རྗེས་དཔག་གིས་ཏེ། དོན་སྣང་གི་ཤེས་པ་རེས་འགའ་སྐྱེ་བའི་རྟགས་ཀྱིས་སོ། །དེའི་ཕྱིར་དོན་སྣང་གི་ཤེས་པ་ནི་རང་གི་གཟུང་ཡུལ་དང་དུས་མི་མཉམ་པས་ན་དངོས་སུ་མི་རིགས་པ་དང༌། དེའི་རྣམ་པ་རིག་པ་ལ་དེ་རིག་པར་བཏགས་པ་དང༌། རྣམ་པ་དེ་ཡང་རགས་པའི་རྣམ་པར་འཆར་གྱི་ཕྲ་རབ་ཀྱི་མ་ཡིན་པ་དང༌། སྣང་ཚུལ་དང་གནས་ཚུལ་མི་མཐུན་པར་འཆར་བ་ཡང་རྣམ་པ་གཏོད་བྱེད་ཀྱི་རྡུལ་ཕྲན་དེ་ཟླ་བོ་དང་བཅས་པ་ཁོ་ནར་ངེས་པ་ལས་དང༌། ཕྱི་རོལ་དོན་ལ་བལྟ་བའི་མངོན་སུམ་གྱིས་དེ་དངོས་སུ་མ་རིག་ཀྱང་དེ་ལ་ཚད་མ་ཡིན་པའི་ཤེས་བྱེད་ནི་དེ་ལ་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་ཡིན་པ་ལས་དང༌། དངོས་སུ་མ་རིག་ཀྱང་གཞལ་བྱར་འཇོག་པ་ནི། གཟུང་ཡུལ་དང་འཇུག་ཡུལ་ཡིན་པ་ལས་དང༌། དེ་བཞིན་དུ་བློ་ཚུལ་གཉིས་བསྒྲུབ་ཀྱི་རིགས་པ་ཡང་ལུགས་འདི་ཡི་ཐུན་མོང་མ་ཡིན་པ་དང༌། ཚུལ་གཉིས་པོ་ཡང་ཁ་ཕྱིར་བལྟ་དང༌། ནང་བལྟ་གསལ་རིག་གི་ཆ་ཙམ་ལ་འཇོག་པ་དང༌། ཁ་ཕྱིར་བལྟའི་ཤེས་པ་ཀུན་ཀྱང་ཡིན་ལུགས་ལ་རང་རིག་པ་ཁོ་ནར་ངེས་པ་དང༌། རྗེས་སུ་དཔག་པས་ཀྱང་གཞལ་བྱ་གཞན་སེལ་བའི་སྒོ་ནས་འཇལ་ཀྱང་དངོས་ཀྱི་རིག་བྱ་ནི་ཤེས་པ་ཁོ་ནར་ངེས་པ་དང༌། དོན་དམ་བདེན་པའི་ངོས་འཛིན་ཡང་གང་ཟག་དང་གཞན་སེལ་བ་དང༌། རགས་རྒྱུན་གྱི་དངོས་པོ་གནས་ཚུལ་དུ་མ་འགྲུབ་པས་ཁྱད་པར་དུ་བྱས་པའི་མྱོང་བ་གསལ་རིག་གི་ཆ་ལ་འདོད་པ་རྣམས་སོ། །གཉིས་པ་ཡུལ་ཅན་ཚད་མའི་རྣམ་གཞག་ལ། སྤྱིའི་མཚན་ཉིད་དང་སོ་སོའི་དབྱེ་བ་དག་ལས། དང་པོ་ནི་གཞུང་དུ། མི་བསླུ་བ་དང་མ་ཤེས་དོན་གསལ་དང༌། བཅད་ནས་ཞུགས་པའི་དོན་ལ་མི་བསླུ་བ་གསུམ་བཤད་པ་རྣམས་ནི། ལུགས་འདི་ཡི་མདོ་སེམས་དབུ་མ་དང་གསུམ་ཀ་ལ་ཁྱབ་བྱེད་དུ་འགྲོ་ཞིང་དང་པོས་ཡུལ་གྱི་མི་བསླུ་བ་དང༌། གཉིས་པས་ཡུལ་ཅན་གྱི་མི་བསླུ་བ་དང༌། གསུམ་པས་ནི་མི་བསླུ་བར་བཤད་པ་ཐམས་ཅད་ནི་གཞལ་བྱ་འཇལ་ཚུལ་ལས་འབྱེད་དགོས་པར་བསྟན་པས་ཏེ། གསུམ་ཀ་ཡང་དོན་གཅིག་ལ་འདུ་བ་དང༌། འཇལ་ཚུལ་གྱི་ཁྱད་པར་ཡང་འཇུག་ཡུལ་གཅིག་པོ་དེ་ལ་སྣང་བའི་སྒོ་ནས་དང༌། སེལ་བའི་སྒོ་ནས་འཇལ་བའོ། །དེ་ལྟར་དགོས་པའི་རྒྱུ་མཚན་ཡང༌། རེས་འགའ་མངོན་དུ་གྱུར་པ་དང༌། རེས་འགའ་ལྐོག་ཏུ་གྱུར་པའི་གནས་སྐབས་ཀྱིས་ཞེས་པ་དང༌། གཉིས་པ་དབྱེ་བ་ལ། མདོ་སྡེ་པ་ནི་སངས་རྒྱས་ཀྱི་སར་ཡང་རྗེས་དཔག་ཁས་ལེན་པས་དུས་ཀུན་གྱི་ཚེ་གཉིས་སུ་གྲངས་ངེས་པ་དང༌། རྣལ་འབྱོར་སྤྱོད་པ་པ་ནི་འཕགས་པའི་མཉམ་གཞག་དུ་རྗེས་དཔག་ཡུལ་དང་བཅས་པ་ཁས་མི་ལེན་པས་མངོན་སུམ་གཅིག་པུ་དང༌། ཚུ་རོལ་མཐོང་བ་དང་འཕགས་པའི་རྗེས་ཐོབ་ཏུ་ནི་ཚད་མ་གཉིས་སུ་གྲངས་ངེས་པ་དང༌། མངོན་སུམ་ལ་དབྱེ་བ་བཞིར་འབྱེད་པ་དེའི་ཚེ། གསུམ་ནི་ཆོས་མངོན་པ་དང་ཕལ་ཆེར་མཐུན་ལ། ཡིད་ཀྱི་མངོན་སུམ་ནི་ཆོས་མངོན་པ་ལས་ཁྱད་པར་དུ་འདིར་བདག་རྐྱེན་ཡིད་དབང་གི་བཤད་པ་མི་མཛད་པ་དང༌། ཆོས་ཀྱི་སྐྱེ་མཆེད་ཁོ་ནའི་ཡུལ་ཅན་དུ་མི་འཆད་པར་མ་ཟད། གཟུགས་སོགས་དོན་ལྔ་པོ་ཁོ་ནའི་ཡུལ་ཅན་དུ་འཆད་པ་དང༌། དེའི་རྒྱུ་མཚན་གྱིས་འགྲེལ་བྱེད་རྣམས་ཀྱིས་ཀྱང་མཚན་ཉིད་དང་སྐྱེ་ཚུལ་མཐའ་གཅིག་ཏུ་འཆད་མ་ཤེས་པ་དང༌། རང་རིག་མངོན་སུམ་ཡང་མངོན་སུམ་གཞན་ལས་ལྡོག་པས་འབྱེད་དགོས་ཀྱི་རྫས་ལོགས་སུ་ངོས་བཟུང་བར་མི་ནུས་པ་རྣམས་དང༌། རང་ངེས་དང་གཞན་ངེས་ཀྱི་འཆད་ཚུལ་འདི་ཡང༌། གཞུང་ལུགས་གཞན་དུ་མ་གྲགས་པར་མ་ཟད་ལུགས་འདི་ཉིད་ཀྱི་གཞུང་རྩ་བ་དང་འགྲེལ་པ་གཞན་ན་མ་གྲགས་ཀྱི་སློབ་དཔོན་ཆོས་མཆོག་གིས་གསལ་བར་བཤད་པའོ་ཞེས་བྱ་བ་འདི་དང༌། རྗེས་དཔག་ལ་རང་དོན་རང་གཞན་དོན་གཉིས་སུ་འབྱེད་པ་འདི་ཡང་གཞུང་གཞན་ན་མ་གྲགས་པ་དང༌། ཚད་མ་དང་འབྲས་བུའི་རྣམ་གཞག་གི་འཇོག་ཚུལ་འདི་ཡང་བྱ་བྱེད་གཉིས་པོ་ངོ་བོ་གཅིག་པ་ཁོ་ནར་བསྒྲུབ་པས་ན་བརྡ་སྤྲོད་པའི་གཞུང་དང་ཅུང་ཟད་མི་མཐུན་པར་བཤད་པ་དང༌། དེ་ལྟར་བཤད་པའི་དགོས་པ་ཡང༌། ཚད་མ་ནི་སྐྱེད་བྱེད་ཀྱི་རྒྱུ་དང༌། གཞལ་བྱ་འཇལ་བ་དང་རྟོགས་པ་ནི་བསྐྱེད་འབྲས་སུ་དོགས་པ་བསལ་བའི་ཕྱིར་དུ་དང༌། དེ་སེལ་དགོས་པ་ཡང་ཇི་སྐད་དུ། འདི་དག་གིས་ཡོངས་སུ་དཔྱད་ནས་འཇུག་པ་ན་ཞེས་སོགས་སུ་བྱེད་པ་པོ་ཚད་མ་གཅིག་གིས་ད་གཟོད་གཞལ་བྱ་འཇལ་བ་ལྟ་བུར་བཤད་པ་ལ་དོགས་པའོ། །དེ་བཞིན་དུ་ཆོས་མངོན་པར་རྒྱུ་འབྲས་དུས་མཉམ་པ་གཙོ་ཆེ་བར་བཤད་པ་ལས་འདིར་ནི་རྒྱུ་དུས་སུ་འབྲས་བུ་མ་སྐྱེས་པ་དང༌། འབྲས་དུས་སུ་རྒྱུ་འགག་ཟིན་པ་ཁོ་ནར་བཤད་པ་ནི་རེ་ཤིག་མངོན་པ་དང་མི་མཐུན་པ་ལྟ་བུར་སྣང་ཡང༌། ངོ་བོ་ཉིད་མེད་པ་པ་དག་བདག་སྐྱེ་འགོག་པའི་རིགས་པ་དང་མཐུན་པས་ཤིན་ཏུ་བཟང་ངོ༌། །དེ་ལྟར་མདོ་སྡེ་པའི་སྐབས་སུ་མཐུན་མོང་མ་ཡིན་པའི་འཆད་ཚུལ་ཇི་སྐད་བཤད་པ་དེ་བཞིན་དུ་སེམས་ཙམ་པའི་སྐབས་སུ་ཡང་ཆོས་མངོན་པ་ན་མ་གྲགས་པ་དག་ཇི་ལྟར་འཆད་པའི་ཚུལ་ནི། རྣམ་འགྲེལ་མཛད་པས་གཅིག་དང་དུ་བྲལ་གྱི་རིགས་པས་ཕྱི་རོལ་གྱི་དོན་འགོག་པར་མཛད་པ་ནི་ཆོས་མངོན་པའི་རང་རྐང་ཚུགས་པ་མ་ཡིན་མོད་ལུང་གཞན་མང་པོ་དང་མཐུན་པས་ཐུན་མོང་བ་ཡིན་ལ། ཕྱོགས་ཀྱི་གླང་པོས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་དང༌། གསལ་ཞིང་རིག་པའི་གཏན་ཚིགས་ཀྱིས་དོན་དུ་སྣང་བ་སེམས་སུ་བསྒྲུབ་པ་འདི་ནི་ཐུན་མོང་མ་ཡིན་པ་སྟེ་ལུགས་གཞན་ན་མི་གསལ་ལོ། །གཏན་ཚིགས་དེ་དག་གི་བྱེད་པ་ལ་བརྟེན་ནས་གང་དང་ཅི་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་བསྒྲུབ་ལ། དེའི་ཚེ་ཕྱི་རོལ་གྱི་དོན་ནི་སྣང་རུང་མ་དམིགས་པའི་རྟགས་ཀྱིས་མེད་པར་འགྲུབ་པ་ཡིན་ཏེ་གང་སྣང་ཐམས་ཅད་སེམས་ཡིན་ཞིང་མི་སྣང་བ་ནི་གང་ཡང་མ་དམིགས་པའི་ཕྱིར་རོ། །སྣང་བ་ཐམས་ཅད་སེམས་སུ་ནི་མདོ་སྡེ་པའི་གྲུབ་མཐའ་ལས་ཀྱང་འགྲུབ་ན་འདི་དང་ཁྱད་པར་ཅི་ཞེ་ན། རྣམ་པ་གཏོད་བྱེད་ཀྱི་རྒྱུ་སྔ་ལོགས་ན་ཡོད་པ་དང་མེད་པར་འདོད་པ་ནི་ཁྱད་པར་རོ། །ལུགས་འདིར་ཕྱི་རོལ་གྱི་དོན་མེད་ན་ཅི་ཞིག་ཡོད་སྙམ་པ་ལ། གང་དང་གང་དུ་སྣང་བའི་ཤེས་རྣམ་དེ་ཉིད་དོ། །དེའི་ཕྱིར་འདིར་གཟུང་རྣམ་གཞལ་བྱ་ལ་རང་རིག་འབྲས་བུར་འཇོག་གོ །ཕྱི་རོལ་གྱི་དོན་རང་མཚན་མེད་པ་དེ་བཞིན་དུ་གཞལ་བྱ་སྤྱི་མཚན་དུ་བཤད་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། རིགས་སྤྱི་དང་ཚོགས་སྤྱི་གང་དུ་སྣང་ཡང་སྣང་མཁན་གྱི་རྟོག་པ་ཉིད་ཡིན་གྱི་དེ་ལས་གཞན་དུ་མ་དམིགས་པའི་ཕྱིར། བཤད་པ་འདི་སེམས་ཙམ་པའི་སྐབས་སུ་མི་འབྱུང་ངོ་སྙམ་ན། མི་འབྱུང་བ་མ་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་རྟོག་མེད་ཀྱི་ཤེས་པ་ལ་གང་དང་ཅི་སྣང་བ་དེ་སྣང་མཁན་གྱི་སེམས་ལས་གཞན་དུ་མེད་པར་ལྷན་ཅིག་དམིགས་ངེས་ཀྱིས་གྲུབ་པ་ན་རྟོག་པ་དང་རྟོག་མེད་འཁྲུལ་པ་ལ་སྣང་བའི་དོན་ལོགས་ན་ཡོད་པ་ནི་ངང་གིས་ཁེགས་པའི་ཕྱིར། དེ་ལྟར་བཤད་པ་ན་རྗེས་དཔག་གིས་སྤྱི་མཚན་གཞལ་བྱར་བྱེད་པ་མི་འཐད་དེ། རྗེས་དཔག་ལ་དེར་སྣང་བ་ནི་སྤྱི་མཚན་མ་ཡིན་དེ་ལས་གཞན་ནི་མེད་པའི་ཕྱིར་སྙམ་དུ་སེམས་པ་དེ་ནི་གནས་ཚུལ་ལ་ཞུགས་པའི་ཚེ་དེ་ལྟར་རིགས་པ་ཉིད་ཡིན་ཏེ། ཇི་སྐད་དུ། མེད་པ་གཞལ་བྱ་མ་ཡིན་ཕྱིར་ཞེས་བྱ་བ་ལ་སོགས་པས་སོ། །སེམས་ཙམ་ལ་འཇུག་པའི་ཚུལ་འདིར་བཤད་པ་ནི་བྱམས་པའི་ཆོས་དགོངས་འགྲེལ་དང་བཅས་པ་གཞན་དུ་བཤད་པ་ལས་ཆེས་མྱུར་བ་ཡིན་ཏེ། འཚོལ་བ་བཞི་སོགས་བཤད་པ་རྣམས་ལས་འདི་རྟོགས་སླ་བས་སོ། །དེ་ལྟར་སྤྱི་མཚན་དང་ཕྱི་རོལ་གྱི་དོན་རང་གི་ངོ་བོས་སྟོང་པ་ལ་ནི་གཟུང་བ་ཆོས་ཀྱི་བདག་མེད་པ་ཞེས་བྱ་ཞིང་ལྟ་བ་དེ་དང་འཇུག་པ་སེམས་བསྐྱེད་ཟུང་དུ་སྦྲེལ་བའི་ཚེ། བྱང་སེམས་ཀྱི་སྦྱོར་ལམ་བཟོད་པ་ཚུན་ཆད་དུ་འགྲོ་ནུས་ཤིང༌། དེ་དང་མ་འབྲེལ་བ་ཉིད་དུ་ཉམས་སུ་མྱོང་ན་རང་རྒྱལ་བ་ཉིད་དུ་འགྱུར་རོ། །སེམས་ཙམ་པའི་ལུགས་འདིར་ཡོད་ངོ་ཤེས་པའི་ཆོས་ནི་གཟུང་རྣམ་རང་མཚན་པ་གཅིག་པུ་ཉིད་དུ་ངེས་པ་དེའི་ཚེ་གཟུང་རྣམ་རང་མཚན་ད་ལྟ་བ་མངོན་དུ་གྱུར་པ་ནི་མངོན་སུམ་གྱི་འཇུག་ཡུལ་དང༌། མ་འོངས་པ་དང་གཞན་རྒྱུད་ཀྱི་གཟུང་རྣམ་རང་མཚན་པ་ནི་རྗེས་དཔག་གི་འཇུག་ཡུལ་ཡིན་པས་ན། འཇུག་ཡུལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་གཉིས་སུ་གྲངས་ངེས་པར་བསྒྲུབ་པའོ། །མངོན་སུམ་གྱི་མཚན་ཉིད་དུ་བཤད་པའི་མ་འཁྲུལ་བའི་རིག་པ་དེར་འཇོག་པ་ལ་ནི། འཇིག་རྟེན་ལྷན་སྐྱེས་དང་བྱེ་མདོ་དག་གི་ཚུལ་ལ་ནི་འཕྲལ་གྱི་འཕྲུལ་རྒྱུ་བཞི་པོ་གང་རུང་གིས་འཁྲུལ་པར་མ་བསྐྱེད་པ་ཙམ་གྱིས་ཆོག་མོད། ཐེག་པ་ཆེན་པོར་ཞུགས་ནས་ནི་ཕུགས་ཀྱི་འཁྲུལ་རྒྱུས་མ་བསླད་པ་ཞིག་དགོས་པ་ཡིན་ཏེ། འཁྲུལ་མ་འཁྲུལ་དུ་འཇོག་བྱེད་ཀྱི་གཙོ་བོ་ནི་དེ་དང་བྲལ་མ་བྲལ་ལ་འཆད་དགོས་པའི་ཕྱིར། དེ་བས་ན་ལུགས་འདིར་དོན་རིག་པའི་མངོན་སུམ་མི་སྲིད་དོ། །འདིར་རྣལ་འབྱོར་མངོན་སུམ་གྱི་དངོས་ཀྱི་རིག་བྱ་ཡང་ཤེས་པ་རང་མཚན་ཉིད་ཡིན་གྱི་མེད་པར་དགག་པ་ལ་འཆད་པ་ནི་ལུགས་འདི་ལ་མེད་དོ། །དེ་ལྟར་བཤད་པ་དེ་དག་ནི་བཀའ་འཁོར་ལོ་གསུམ་པ་དགོངས་འགྲེལ་དང་བཅས་པའི་སྐབས་འདིར་གྲུབ་མཐའ་སྨྲ་བ་བཞི་ཡི་ནང་ནས་སེམས་ཙམ་གྱི་གྲུབ་པའི་མཐའ་ཞེས་བྱ་བ་དེ་ཡིན་ལ། དེ་ནས་དེའི་འོག་ཏུ་རང་ལུགས་ཀྱི་དབུ་མ་ལ་འཇུག་པའི་ཚུལ་ནི་འདི་ལྟར། ལུགས་འདི་ལ་ནི་དོན་དུ་སྣང་བའི་རྣམ་རིག་གམ། གཟུང་བའི་རྣམ་པ་ཁྱད་གཞིར་བཟུང་ནས་བདེན་མེད་དུ་བསྒྲུབ་པའི་རིགས་པ་ལ། རྣམ་འགྲེལ་མཛད་པས་གཅིག་དང་དུ་བྲལ་གྱི་རིགས་པ་ཡང་གསུངས་ལ། གཞུང་རྒྱས་པ་ལས་ནི་གཟུང་བ་མེད་པའི་རྟགས་ཀྱིས་འཛིན་པ་མི་འགྲུབ་པར་གསུངས་སོ། །སྐབས་དེའི་འཛིན་པ་ནི་གཟུང་རྣམ་དང་དོན་གཅིག་པས་གཟུང་འཛིན་གཉིས་མེད་དུ་བསྒྲུབ་པ་ཡིན་ལ། དེ་ལྟར་གཟུང་འཛིན་གཉིས་སྟོང་དུ་གཏན་ལ་ཕེབས་པའི་སྟོང་པ་ཉིད་མེད་པར་དགག་པ་དེ་ཙམ་གྱིས་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བར་བྱེད་མོད། གནས་ལུགས་ཀྱི་དེ་ཁོ་ན་ཉིད་དུ་ནི་མི་རུང་སྟེ། ལྡོག་པ་གཞན་སེལ་ལས་མ་འདས་པའི་ཕྱིར། གཞན་སེལ་དེ་ཡུལ་དུ་བྱེད་པའི་བློ་ཡང་རྟོག་པ་ཁོ་ནར་ངེས་པས་སྤང་བྱའོ། །དེ་ལྟ་ན་གནས་ལུགས་དོན་དམ་པའི་བདེན་པར་གྲུབ་པ་ནི་གོང་དུ་བཤད་པའི་གཟུང་བ་དང་འཛིན་པ་གཉིས་ཀྱིས་སྟོང་པས་ཁྱད་པར་དུ་བྱས་པའི་ཡེ་ཤེས་ཏེ། དངོས་མིང་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ཉམས་སུ་མྱོང་བའི་རང་རིག་པའི་མངོན་སུམ་རྗེས་མཐུན་པ་སྦྱོར་བའི་ལམ་དང༌། མཚན་ཉིད་པ་མཐོང་བའི་ལམ་ནས་མངོན་དུ་གྱུར་པ་དེས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཇོམས་ནུས་པས་ན། བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བའི་ལྟ་བ་མཐར་ཐུག་གོ །འདི་ལ་ཡང་ལྡོག་པས་ཕྱེ་ན། གང་ཟག་གི་དབང་དུ་བྱས་པའི་གཟུང་འཛིན་གཉིས་སྟོང་དང༌། ཆོས་ཀྱི་དབང་དུ་བྱས་པའི་འོ། །ཇི་སྲིད་གཟུང་འཛིན་གཉིས་སྟོང་གཏན་ལ་མ་ཕབ་པ་དེ་སྲིད་དུ་ནི་སྟོང་པ་ཉིད་བཅུ་དྲུག་གི་དབྱེ་བ་མཚན་ཉིད་པ་མི་འབྱུང་ཞིང༌། གང་ཟག་གི་དབང་དུ་བྱས་པའི་གཟུང་མེད་ཙམ་གཏན་ལ་ཕེབས་པ་ནི་ཉན་ཐོས་སྡེ་པ་དང་དེའི་ཐེག་པ་ལའང་འབྱུང་ངོ༌། །རང་ལུགས་ཀྱི་དབུ་མའི་སྐབས་འདིར་ནི་ཡོད་པ་ཞེས་བྱ་བའི་ཆོས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཅིག་པུ་སྟེ། དེ་ལས་གཞན་གཟུང་འཛིན་གྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་པ་དེ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པའོ། །བདེན་པ་དེ་སྣང་ཡུལ་དུ་བྱེད་པའི་བློ་ནི་འཁྲུལ་པ་ཁོ་ན་སྟེ། གཉིས་སྣང་གི་མ་རིག་པས་བསླད་པའི་ཕྱིར་རོ། །སྐབས་འདིར་ནི་གཞན་དབང་སྒྱུར་མ་ལྟ་བུར་འཇོག་པ་ཡིན་གྱི་བདེན་པ་ནི་སེམས་ཙམ་པའི་སྐབས་སོ། །ཡོད་པ་འདོད་པའི་ཆོས་གཅིག་པུ་དེ་ཡང༌། གཅིག་དང་དུ་མ་ལ་སོགས་པའི་རིགས་པས་དཔྱད་ན་ཡོད་མིན་ཉིད་དུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། ངོ་བོ་ཉིད་མེད་པ་པ་དག་གིས་དེའི་ཚེ་དེ་ལྟར་འདོད་ཀྱང་འདིར་ནི་མ་ཡིན་ཏེ་གཞན་དུ་ན་ཆད་པའི་ལྟ་བར་ཐལ་བས་སོ། །འདིར་ནི་རིགས་པ་དེ་དག་གིས་དཔྱད་པ་ན་མ་རྙེད་པས་ཡོད་མ་ཡིན་གྱི་གོ་ཆོད་པ་མ་ཡིན་ཏེ། ཆོས་དབྱིངས་དེ་ནི་སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་དང༌། འཕགས་པ་ཆེན་པོའི་མཉམ་གཞག་ཡེ་ཤེས་ཀྱི་གྲུབ་པས་ན་ཡོད་པ་ཉིད་དོ། །དབུ་མ་འདིའི་གོང་ན་ནི་གྲུབ་མཐའ་བཞི་ཡི་རྩེ་མོར་གྱུར་པའི་དབུ་མ་པ་ཞེས་བྱ་བ་ཞིག་ཡོད་པར་དྲི་མེད་འོད་སོགས་གྲུབ་མཐའི་དབྱེ་བ་འཆད་པ་ཐམས་ཅད་ལས་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད་དེ་ལྟར་བཤད་པ་ཙམ་གྱིས་འདི་དེར་མི་རུང་བ་ཉིད་དུ་མི་འགྲུབ་སྟེ། དཔེར་ན་སྔགས་ཀྱི་དབུ་མ་བཞིན་ནོ། །སྤྱིར་བྱམས་པའི་ཆོས་དང་ཐོགས་མེད་མཆེད་ཀྱི་གཞུང་རྗེས་འབྲང་དང་བཅས་པའི་ནང་ན་ནི་རང་གཞུང་གི་དབུ་མ་འདི་ཡི་གོང་ན་ནི་སྔགས་ཀྱི་དབུ་མ་ལས་གཞན་རང་གི་ལྟ་བ་ལས་ལྷག་པའི་དབུ་མ་ཞིག་ཡོད་པར་ནི་ཟུར་ཙམ་ཡང་མི་འཆད་ལ་ངོ་བོ་ཉིད་མེད་པ་པ་ལ་ནི་སྐུར་པ་འདེབས་པར་བྱེད་དོ། །དེ་དག་གིས་ཀྱང་དེ་ལ་སེམས་ཙམ་པ་ཞེས་དང༌། མཚན་མར་དམིགས་པ་ཞེས་སྐུར་བ་འདེབས་པར་བྱེད་མོད། བཀའ་འཁོར་ལོ་གསུམ་པ་དང༌། བླ་ན་མེད་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་དཔང་པོར་བྱས་ནས་ཕྱོགས་སུ་ལྷུང་བར་མི་བྱའོ་ཞེས་བྱ་བ་འདི་གྲུབ་པའོ། །གསུམ་པ་འགྲེལ་བྱེད་མཁན་པོ་དག་གིས་ཇི་ལྟར་བཤད་པ་ལ་གསུམ་སྟེ། འཕགས་ཡུལ་གྱི་འགྲེལ་བྱེད་དག་གིས་ཇི་ལྟར་བཤད་པ་དང༌། བོད་ཡུལ་གྱི་འགྲེལ་བྱེད་ཚད་ལྡན་དག་གིས་ཇི་ལྟར་བཤད་པ་དང༌། བོད་ཕྱི་རབས་པ་དག་གིས་ཇི་ལྟར་འཆད་པའོ། །དང་པོ་ལ་རང་གི་འགྲེལ་པས་ཇི་ལྟར་བཤད་པ་དང༌། གཞན་གྱི་འགྲེལ་པས་ཇི་ལྟར་བཤད་པ་དང༌། གཞན་འགྲེལ་དག་ལས་འཐད་པའི་ཆ་གང་ཡིན་པའོ། །དང་པོ་ནི། ཚད་མ་མདོའི་རང་འགྲེལ་ལ་ནི་འཕགས་ཡུལ་ན་རྩོད་པ་ཡོད་པར་མ་གྲགས་པ་ནི་ཡ་མ་ཏའི་འགྲེལ་བཤད་ཆེན་པོ་དང་རྒྱལ་དབང་བློ་ཡི་འགྲེལ་བཤད་དག་གིས་ཤེས་པར་ནུས་ལ། བོད་དུ་ནི་སྔོན་དང་ཕྱི་མའི་དུས་སུ་ཡང་ཐེ་ཚོམ་ཅན་དུ་བྱེད་པ་དག་བྱུང་མོད། རྣམ་འགྲེལ་མཛད་པས་རྒྱས་པར་བཤད་པ་ལས་གཞན་འགྲེལ་པ་དག་གིས་ལེགས་བཤད་ཚོལ་བའི་འབད་རྩོལ་དགོས་པ་མ་ཡིན་ནོ། །ཚད་མའི་བསྟན་འཆོས་ཀྱི་རྩ་བ་སྡེ་བདུན་དུ་གྲགས་པ་འདི་ལ་སློབ་དཔོན་རང་ཉིད་ཀྱིས་རྩ་བ་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་དུ་བཤད་པ་ཉིད་ཀྱི་ཚིག་གི་འགྲེལ་པ་ཉག་ཉོག་མང་པོ་ལ་རག་མ་ལས་པར་འཆད་ནུས་ཤིང༌། དཀའ་གནས་ཀྱི་རང་འགྲེལ་ནི་རྩ་བའི་བསྟན་འཆོས་ཕྱི་མ་བཞི་པ་དག་སྟེ། བསྒྲུབ་པ་དང་སུན་འབྱིན་པའི་རྩ་བའི་གནད་འགག་དམ་ཤོས་ནི་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་ཡིན་ལ་དེ་ལེགས་པར་ཤེས་ན་འགལ་བའི་གནས་ཀྱང་མ་ནོར་བར་ཤེས་ནུས་པས་ན་དེའི་ཆེད་དུ་འབྲེལ་པ་བརྟག་པའི་རབ་བྱེད་གསུངས། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་གང་དང་ཅི་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་སུ་བཤད་པ་དེའི་ཚེ་སེམས་ཅན་ཐམས་ཅད་རྒྱུད་གཅིག་དུ་ཐལ་བ་དང༌། སངས་རྒྱས་དང་སེམས་ཅན་ཡང་གཅིག་ཏུ་ཐལ་བ་སོགས་ཀྱི་དོགས་པ་སྤང་བའི་ཕྱིར་དུ་རྒྱུད་གཞན་གྲུབ་པ་གསུངས་ལ་སྐབས་འདིར་སེམས་ཅན་སོ་སོའི་ཤེས་རྒྱུད་སྒྲིབ་པ་དང་བཅས་པ་དེ་སྲིད་དུ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་དབྱེ་བས་རྒྱུད་སོ་སོར་ཡོད་ལ། སྒྲིབ་པ་ཟད་པའི་ཚེ་ཐམས་ཅད་ཆོས་ཀྱི་སྐུ་ཡི་ཡེ་ཤེས་གཅིག་ཏུ་རོ་གཅིག་པ་ཞེས་བྱ་བ་ནི་བཀའ་འཁོར་ལོ་གསུམ་པའི་དགོངས་པའོ། །འདིར་གཞན་སེམས་ཤེས་པའི་མངོན་ཤེས་ལ་དེ་དང་དེར་སྣང་བ་དེ་ནི་དེ་དང་དེའི་གཟུགས་བརྙན་ནམ་རྣམ་པ་ཡིན་གྱི་དེ་དང་དེ་དངོས་མ་ཡིན་ཏེ། གཞན་དུ་ན་དོགས་པའི་གནས་སྔ་མ་དེར་ཐལ་བས་སོ། །དེའི་ཕྱིར་མངོན་ཤེས་འདི་ནི་རང་རིག་པ་ཁོ་ན་སྟེ། གལ་ཏེ་གཟུང་འཛིན་རྫས་གཞན་དུ་ཐལ་བ་མ་ཡིན་ནམ་ཞེ་ན། འདི་ལ་གཟུང་འཛིན་གྱི་ཐ་སྙད་ནི་མེད་ལ། རྒྱུད་གཞན་ནི་གྲུབ་པ་ཁོ་ནའོ། །གཏན་ཚིགས་ཐིག་པར་ནི། གཏན་ཚིགས་ཀྱི་རྣམ་གཞག་བྱེ་བྲག་ཏུ་རྒྱས་པར་བཤད་པ་ཙམ་སྟེ། ལེགས་བཤད་ཀྱི་རྩ་བ་ནི་ལུས་ལྟ་བུའི་བསྟན་འཆོས་གསུམ་ལ་མ་འདུས་པ་མེད་དོ། །རྩོད་རིགས་ནི་ལྟག་ཆོད་དང་ཚར་བཅད་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ན། རྣམ་འགྲེལ་མཛད་པའི་གཞུང་ལུགས་རྣམས་ཀྱི་ཁ་སྐོང་བར་བྱེད་ཅིང་ཕྱོགས་ཀྱི་གླང་པོའི་གཞུང་རྒྱས་པར་འཆད་པ་ལ་གལ་ཆེ་བའོ། །གཉིས་པ་ནི་ལྷ་ཤཱཀ་གིས་རང་དོན་རྗེས་དཔག་གི་ལེའུ་དང་པོར་འཆད་ཅིང་ལེའུ་འདི་དཀའ་བའི་གནས་ཆེ་བས་ཡན་ལག་ལྟ་བུའི་བསྟན་འཆོས་བཞི་ཡང་འདི་ཡི་དོགས་གཅོད་དུ་འཆད་ཅིང་ལེའུ་འདི་ལ་རང་གི་འགྲེལ་པ་ཡང་མཛད་ལ། འདི་ལེགས་པར་ཤེས་པ་སྔོན་དུ་མ་བཏང་ན་ཚད་མའི་བསྟན་འཆོས་འཆད་མི་ཤེས་པར་འདོད་དོ། །ཚད་མ་ཡང་དཔེ་ཡི་ཚད་མ་འཇིག་རྟེན་ལུགས་ཀྱི་དང༌། དོན་གྱི་ཚད་མ་སངས་རྒྱས་བཅོམ་ལྡན་འདས་ལ་བཞེད་པ་སོགས་ཏེ་མཚོན་པ་ཙམ་མོ། །རྒྱན་གྱི་མཁན་པོ་དང་ཉི་མ་སྦས་པས་ནི་ཚད་མ་གྲུབ་པའི་ལེའུ་ནས་དབུ་གཙུག་སྟེ་འགྲེལ་པ་མཛད་ལ་རང་དོན་རྗེས་དཔག་ལ་ནི་ཚིག་གི་དང་དཀའ་གནས་ཀྱི་འགྲེལ་པ་སློབ་དཔོན་ཉིད་ཀྱིས་རྒྱས་པར་མཛད་ཟིན་པ་ལ་བསམ་ནས་འགྲེལ་པར་མི་མཛད་ལ། ཚད་མ་ལ་ཡང་ཐ་སྙད་པ་དང་དོན་དམ་པ་གཉིས་ལས་བསྟན་བྱའི་གཙོ་བོ་ནི་དོན་དམ་པའི་ཚད་མའི་མིང་ཅན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་བཤད་ནས་མཐར་ཐུག་གི་དགོངས་པ་དབུ་མར་གནས་པ་ཉིད་དུ་འཆད་པ་སོགས་ཏེ་མཚོན་པ་ཙམ་མོ། །ཤཱཀ་བློས་ཀྱང་གཉིས་མེད་ཀྱི་ཡེ་ཤེས་གཞུང་གི་བསྟན་བྱའི་གཙོ་བོར་འཆད་མོད་ཀྱང་དབུ་མའི་ཐ་སྙད་མ་མཛད་པས་ན་དེ་ལྟར་བཀྲལ་ཞེས་མ་གྲགས་པའོ། །རྒྱལ་བ་ཅན་ནི་ལྷ་དབང་བློས་རྣམ་འགྲེལ་ཀུན་ལས་བཏུས་ཀྱི་དགོངས་འགྲེལ་དུ་འཆད་པ་སོགས་དོན་གྱི་ཆ་ལ་འཁྲུལ་པ་ཤིན་ཏུ་མང་མོད་ལེའུ་ཡི་གོ་རིམ་ལ་ཡང་འཁྲུལ་ཞེས་ཟེར་ལ། ཡ་མ་ཏི་སོགས་ཕལ་ཆེ་བ་ལེའུ་ཡི་གོ་རིམ་ལྷ་ཤཱཀ་ལྟར་འཆད་དོ། །ཚད་མ་རྣམ་པར་ངེས་པ་དང་རིགས་པའི་ཐིགས་པ་ལ་ནི་ཚིག་གི་དོན་རང་གི་འགྲེལ་པ་ཉིད་དུ་བཤད་ཟིན་པ་ཉིད་ཀྱིས་མི་ཆོག་པ་མེད་ལ། མཐའ་ཆོད་པའི་རིགས་པ་ནི་ཆོས་མཆོག་ཆེ་ཆུང་ལས་གསལ་བར་བཤད་པ་དག་གོ །ཆོས་མཆོག་གིས་ནི་ཆོས་འབྱུང་སྦྱིན་དང་དགེ་བསྲུང་དང་བདེ་བྱེད་དགའ་བ་ལས་ཚད་མའི་བསྟན་འཆོས་ཐོས་པར་ཆོས་མཆོག་ཉིད་ལས་བཤད་ཅིང༌། བདེ་བྱེད་དགའ་བས་རྣམ་འགྲེལ་གྱི་འགྲེལ་བཤད་ཅུང་མ་རྫོགས་པ་དང༌། དུལ་བའི་ལྷས་སྡེ་བདུན་ཀའི་འགྲེལ་པ་མཛད་ཅེས་ཟེར་བ་སོགས་ཏེ་ཚད་མའི་བསྟན་འཆོས་འགྱུར་རོ་འཚལ་གྱི་དཀར་ཆག་མཛད་པ་ན་བུ་སྟོན་ཆོས་འབྱུང་ལས་བསྟན་འགྱུར་དུ་ཚུད་པ་དྲུག་ཅུ་རེ་གཅིག་མ་ཚུད་པ་བཅུ་ཞེས་དང་གནས་དྲུག་པས་རྔོག་ལོའི་རྣམ་ངེས་ཀྱི་ཊཱི་ཀ་ཕན་ཆོད་ལ་ཚད་ལྡན་གྱི་རྟོག་གའི་བསྟན་འཆོས་ལྔ་བཅུ་རྩ་བཞི་ཞེས་སོགས་བཤད་པ་ཡོད་ཀྱང་དགོས་པའི་ཁྱད་པར་ཧ་ཅང་མི་ཆེ་ཞིང་ཤེས་པར་སླ་བས་ན་དེ་དག་བགྲང་བའི་ངལ་བ་མི་དགོས་སོ། །གསུམ་པ་ནི་ཕྱོགས་གླང་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་ཀྱི་ཚོམས་ཇི་ལྟར་ཡོད་པ་དང༌། དེ་དག་ལ་ནུས་པ་འདོན་པའི་ཚུལ་ནི་འགྲེལ་བཤད་མང་པོའི་བལྟ་རྟོག་གི་རྒྱུད་འཁྲུལ་པར་བྱ་དགོས་པ་མ་ཡིན་གྱི་ཡབ་སྲས་ཀྱི་གཞུང་ཉིད་ལ་ལེགས་པར་བརྟགས་ཤིང་གོང་འོག་གི་གནས་རྣམས་བསྒྲིག་པས་ཤེས་པར་ནུས་པ་ཡིན་མོད། འགྲེལ་མཛད་དག་གི་བློ་གྲོས་ཀྱི་རྩལ་ནི་དུལ་བའི་ལྷ་དང་ཆོས་མཆོག་དང་རྒྱན་མཛད་པ་རྣམས་ནུས་པ་ཆེ་བར་མངོན་ནོ་ཞེས་ཁོ་བོ་ཅག་སྨྲ་ལ། ཕྱི་མའི་དུས་འདིར་ནི་རྣམ་འགྲེལ་པ་རྣམས་ལྷ་ཤཱཀ་ལ་གཙོ་བོར་མཛད་དོ། །གཉིས་པ་ལ། ཚད་ལྡན་གྱི་བཤད་སྲོལ་ཐོག་མ་དང༌། བར་དང༌། ཐ་མར་གང་བྱུང་བའོ། །དང་པོ་ནི། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང༌། ཀ་མ་ལ་ཤཱི་ལས་དེའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་དང༌། སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ལྷ་ས་དང་བསམ་ཡས་སུ་ཚད་མའི་བསྟན་འཆོས་ཀྱི་བཤད་ཉན་ཆ་ཤས་ཙམ་བྱུང་བར་གྲགས་ཀྱང་རྐང་ཚུགས་པ་དང་རྒྱུན་ཆགས་སུ་མ་བྱུང་ལ། དེ་ནས་ཇི་སྐད་དུ། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །ཡི་གེ་སྒྲ་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང༌། །ཞེས་དང༌། །མགོན་པོ་མངོན་འབྱུང་གི་རྒྱུད་ལས། ཤར་ཕྱོགས་རྒྱ་མཚོར་བརྟེན་ནས་ནི། །དེ་ནས་འབྲོག་གི་མཐར་ཐུག་པར། །བློ་ལྡན་ལུ་ཧི་ཏ་ལས་གཞན། །དེ་མིང་ཤེས་རབ་མཐར་གནས་པ། །བྱང་དུ་དེ་བཞིན་ཁ་བ་ཅན། །ཞེས་ལུང་བསྟན་བརྙེས་པའི་བདག་ཉིད་ཆེན་པོ་དེ་ལ། ལྷ་མངའ་བདག་ཙེ་ལྡེ་ཞེས་བྱ་བས་འགྱུར་གྱི་སྦྱིན་བདག་མཛད་ནས་རྣམ་འགྲེལ་རྒྱན་དང་བཅས་པ་དང༌། རྣམ་ངེས་ཆོས་མཆོག་དང་བཅས་པ་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་པས་ན་དིང་སང་གི་བར་དུ་ལོ་ཕྱེད་དང་བཅས་པའི་ལྔ་བརྒྱ་ཙམ་དུ་ཉན་བཤད་ཀྱི་རྒྱུན་མ་ཆད་པར་བྱོན་པ་འདི་ཡིན་ལ། སྤྱིར་བོད་ཀྱི་མཁན་པོས་བསྟན་འཆོས་མཛད་པ་ཆ་ཤས་ཙམ་ལས་མེད་ན་ཡང་བདག་ཉིད་ཆེན་པོ་འདི་ནས་བསྟན་འཆོས་རྒྱས་པར་མཛད་པའི་དབུ་ཚུགས་ནས་རྣམ་པར་ངེས་པའི་དཀའ་འགྲེལ་སོགས་ཆོས་འབྱུང་གི་དཀར་ཆག་དུ་ཚུད་པའི་རྟོག་གེའི་ཆོས་ཕྲན་དུ་མ་དག་མཛད་ལ་འགྲེལ་ཚུལ་ནི། རྣམ་འགྲེལ་ལ་རྒྱན་གྱི་དགོངས་པ་བཞིན་དབུ་མར་བཀྲལ་བ་དང༌། རྣམ་པར་ངེས་པ་ཡང་མདོ་སེམས་ཀྱི་སྐབས་སོ་སོ་བ་རྣམས་ཐད་སོར་བཞག་ནས་མཐར་ཐུག་ནི་འབྲས་བུའི་རྣམ་པར་རྟོག་པ་བཞི་པའི་སྐབས་ནས་འབྱུང་བ་དེ་ཉིད་དུ་གནས་པས་ན་སེམས་ཙམ་ལས་གོང་དུ་འཕགས་སོ། །དེ་ལྟ་མོད་ཀྱི་སྤྱིར་བྱམས་པའི་ཆོས་རྗེས་འབྲང་དང་བཅས་པའི་འཆད་ཚུལ་འཕགས་ཡུལ་ནས་བྱོན་པ་ལ་ཐོས་བསམ་པའི་ལུགས་ལྟར་འཆད་པ་དང༌། བསྒོམ་ལུགས་ལྟར་འཆད་པ་ཞེས་གཉིས་སུ་གྲགས་པ་ལས་ལོ་ཙྪ་བ་ཆེན་པོ་འདི་ཡི་འཆད་ལུགས་ནི་གཙོ་བོར་སྔ་མ་དེ་ཉིད་ཡིན་པས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་ནི་མེད་པར་དགག་པ་ལས་མ་འདས་པས་ན་བདག་མེད་གསུམ་ཀའི་ངོས་འཛིན་ཡང་མེད་པར་དགག་པ་ཉིད་ལ་འཆད་པ་ནི་བྱམས་པའི་ཆོས་ཀྱི་གནས་སྐབས་དང༌། རྣམ་འགྲེལ་མཛད་པའི་སྐབས་འདིར་ཡང་དོན་དམ་བདེན་པའི་ངོས་འཛིན་ཡང་ཐ་སྙད་དུ་བློ་ཡི་ཡུལ་ལས་འདས་པ་ཉིད་དུ་བཞེད་དོ། །གལ་ཏེ་འོ་ན་ལོ་ཆེན་གྱིས་རྣམ་འགྲེལ་དབུ་མར་བཀྲལ་ན་ཐལ་རང་དུ་གྲགས་པ་གཉིས་སམ། རྣམ་བརྫུན་དབུ་མར་གྲགས་པ་དག་ལས་གང་དུ་འགྲེལ་ཞེ་ན། རྣམ་འགྲེལ་མཛད་པའི་རིགས་པ་ཉིད་ལ་བརྟེན་པས་ན་ཐལ་རང་གི་ལུགས་ལྟར་ཡང་མི་འགྲེལ་ལ། སྟོང་ཉིད་ཀྱི་ངོས་འཛིན་བྱམས་ཆོས་བསྒོམ་ལུགས་པའི་འཆད་ཚུལ་ལྟར་ཡེ་ཤེས་ལའང་མི་འཆད་པས་ན་ལུགས་ཕྱི་མ་དེའང་མ་ཡིན་ནོ། །ལུགས་དེ་དག་གང་ཡང་མ་ཡིན་ན་དབུ་མའི་འགྲེལ་ཚུལ་གཞན་མེད་དོ་སྙམ་ན། འགྲེལ་ཚུལ་འདི་ནི་སྲོལ་འབྱེད་སྔ་མ་དེ་དག་ལ་རག་མ་ལས་པའི་ཤིང་རྟའི་སྲོལ་ཆེན་པོ་གཞན་ཞིག་སྟེ། ཇི་སྐད་དུ་སྤྲིང་ཡིག་བདུད་རྩི་ཐིགས་པ་ལས། ཆོས་རྣམས་རང་བཞིན་མེད་པའི་ཚུལ་ལ་འཇུག་པའི་སྒོ། །ཡང་དག་རིགས་མཆོག་ཀླུ་གྲུབ་ཞལ་ལས་འབྱུང་བ་གང༌། །རིགས་པའི་མཐར་ཐུག་རྣམ་འགྲེལ་མཛད་པའི་གཞུང་བཟང་ལས། །གསལ་བར་རྟོགས་ནས་ལུགས་ངན་གཞན་ཀུན་རྩ་བཞིན་དོར། །ཞེས་གསུངས་སོ། །འདིས་རྣམ་འགྲེལ་གྱི་རྒྱན་ལ་དཔྱད་པ་མཛད་པ་ནི་ཆ་ཤས་ཙམ་ལས་མ་མཐོང་ལ། ཆོས་མཆོག་གི་བཤད་པ་ལས་ཐུགས་ཡུལ་དུ་འཐད་པ་རྣམས་ཐད་སོར་བཞག་ནས་མི་འཐད་པ་ལ་དགག་པ་མང་དུ་མཛད་དོ། །རྣམ་འགྲེལ་དུ་གཅིག་དང་དུ་བྲལ་གྱི་རིགས་པས་ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པས་དབུ་མར་འགྲེལ་དུ་རུང་ཡང་རྣམ་ངེས་ཆོས་མཆོག་དང་བཅས་པས་དབུ་མར་བཀྲལ་བ་མ་ཡིན་ནོ་སྙམ་དུ་དོགས་པར་མི་བྱ་སྟེ་དེ་དག་དུ་འཛིན་པ་ཆོས་ཀྱི་བདག་མེད་པ་ནི་བློ་བདག་རྣམ་པར་དབྱེར་མེད་ཀྱང་ཞེས་སོགས་སུ་རྒྱས་པར་བསྟན་ལ། གཟུང་བ་ཆོས་ཀྱི་བདག་མེད་པ་ནི་ཚད་འབྲས་གཉིས་པའི་རྣམ་བཞག་གིས་བསྟན་པ་ལ་རྩོད་པ་མེད་ཅིང༌། གང་ཟག་གི་བདག་མེད་པ་ནི་ཆོས་འདི་པ་དག་གི་ཐུན་མོང་གི་ལུགས་སུ་གྲུབ་པས་སོ། །གལ་ཏེ་ལུགས་འདི་ཡི་མཐར་ཐུག་དབུ་མར་གནས་སུ་ཆུག་ན་ཡང༌། དབུ་མ་རྣམ་པ་གསུམ་དུ་གྲགས་པ་ལས་གང་དུ་གནས་ཞེ་ན། ནང་པའི་གྲུབ་མཐའ་སྨྲ་བ་མཐའ་དག་ཀྱང་རང་རང་གི་ལྟ་བའི་མཐར་ཐུག་དབུ་མར་ཁས་ལེན་པ་དེའི་ཚེ་ནི་གང་ཟག་གི་བདག་མེད་པའི་ལྟ་བ་དེ་དབུ་མ་ཆུང་ངུར་འཆད་པ་ལ་མི་མཐུན་པ་མེད་ལ། དབུ་མ་ཆེ་འབྲིང་གི་ངོས་འཛིན་ལ་ནི་གྲུབ་མཐའ་མི་མཐུན་པ་དག་འདི་ལྟར་བྱུང་སྟེ། གསང་སྔགས་བླ་མེད་ཀྱི་ཐེག་པ་པ་དག་ནི་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་ལ་དབུ་མ་ཆེན་པོ་དང༌། ཕར་ཕྱིན་ཐེག་པ་ནས་གསུངས་པའི་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་ལ་ནི་དབུ་མ་འབྲིང་པོར་འཆད། ངོ་བོ་ཉིད་མེད་པ་པ་དག་ནི་གཞན་སྟོང་གི་རིགས་པས་གཏན་ལ་ཕབ་པ་ལ་དབུ་མ་འབྲིང་པོ་དང༌། རང་སྟོང་གི་རིགས་པས་གཏན་ལ་ཕབ་པའི་སྟོང་པ་ཉིད་ལ་དབུ་མ་ཆེན་པོར་ངོས་འཛིན་ནོ། །གལ་ཏེ་གཉིས་མེད་ཀྱི་ཡེ་ཤེས་བདེན་པར་འདོད་པའི་ལུགས་འདི་ལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཇི་ལྟར་ཡོད་ཅེ་ན། སྤྲོས་པའི་མཐའ་དང་དེ་བྲལ་གྱི་ངོས་འཛིན་ལུགས་ཐེག་པ་ཆེན་པོ་དག་ལས་གནས་སྐབས་སུ་མི་འདྲ་བའི་ཚུལ་གཉིས་གསུངས་ཏེ། ཡུལ་སྤྲོས་པའི་མཐའ་བྲལ་དང་ཡུལ་ཅན་སྤྲོས་པའི་མཐའ་བྲལ་ལོ། །དབུ་མ་རིགས་ཚོགས་ལས་ནི་སྔ་མ་དེ་གཙོ་བོར་གསུངས་ལ། སྔགས་དང་བྱམས་ཆོས་ལས་ནི་ཕྱི་མ་དེ་གཙོ་བོར་གསུངས་མོད། ལུགས་སྔ་མ་དེ་ལ་ཡང་ཡུལ་ཅན་སྤྲོས་པའི་མཐའ་བྲལ་གཙོ་ཆེ་བ་ཡིན་ཏེ། སློབ་དཔོན་ཟླ་བས། རྟོག་རྣམ་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་གསུངས་པའི་ཕྱིར་དང༌། རྣམ་འགྲེལ་ངེས་ཀྱི་སྐབས་འདིར་ཡང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཡོད་མེད་སོགས་གང་དུ་འཛིན་ཀྱང་སྤྲོས་པ་ཉིད་དུ་འཆད་དགོས་པའི་ཕྱིར་དང༌། འཛིན་པ་ཀུན་བཏགས་ཇི་སྙེད་པ་རང་སྟོང་དུ་འཆད་དགོས་པ་ནི་བཀའ་འཁོར་ལོ་གསུམ་པའི་མཐར་ཐུག་ཏུ་ངེས་པའི་ཕྱིར་དང༌། རང་སྟོང་གི་ཚུལ་ལ་ནི་ཡོད་འཛིན་ལྟ་བུའི་དགག་བྱ་ཅིག་བཀག་ཤུལ་དུ་མེད་འཛིན་ལྟ་བུའི་བསྒྲུབ་བྱ་ཅིག་མི་བསྒྲུབ་པའི་ཕྱིར། དེས་ན་མཐའ་བྲལ་གྱི་ངོས་འཛིན་གཙོ་ཆེ་ཤོས་དེ་ལུགས་འདི་ལ་ཡོད་པ་ཡིན་ནོ། །དེ་ཁོ་ནར་མ་ཟད་རྟོག་པའི་ངོས་འཛིན་རྣམ་འགྲེལ་མཛད་པས་བཤད་པ་འདི་ཇི་བཞིན་མ་ཤེས་ན་མདོ་སྔགས་ཀྱི་ལུང་ལས་རྟོག་པ་ཇི་སྙེད་པ་སྤང་བྱར་བཤད་པ་དེ་ངོས་འཛིན་པར་སླ་བ་མ་ཡིན་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། སེམས་རྩིང་བའི་རྣམ་པ་ཅན་ཙམ་གྱིས་ནི་སྤང་བྱ་རྟོག་པ་དེ་ངོས་འཛིན་པར་མི་ནུས་པའི་ཕྱིར། འོ་ན་ལོ་ཙྪ་བ་ཆེན་པོས་ཇི་སྐད་དུ། སྒྱུར་མ་གཉིས་མེད་ཆོས་ཀུན་མི་གནས་དབུ་མ་པའི། །ལུགས་གཉིས་རྣམ་འབྱེད་དེ་ཡང་རྨོངས་པ་མཚར་བསྐྱེད་ཡིན། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན་བཤད་མོད། ཆེན་པོ་དེས་དུས་དེར་ཐལ་འགྱུར་བའི་གཞུང་རྒྱ་གར་ན་ཡོད་པ་གཟིགས་ཀྱང་བོད་དུ་འགྱུར་བ་མེད་ལ། རྟགས་ཆོས་དོན་གསུམ་གནས་སྐབས་པའི་ཚད་མས་མི་འགྲུབ་པའི་གཏན་ཚིགས་དང་ཐལ་འགྱུར་གྱིས་ནི་རྗེས་དཔག་མི་བསྐྱེད་པས་ཚད་མའི་ལུགས་ལས་ཉམས་ཞེས་བཞེད་པ་དེའི་ཚེ་རྣམ་འགྲེལ་མཛད་པའི་ལུགས་ཀྱི་སྟོང་ཉིད་མེད་དགག་ལ་བཤད་པ་དེ་ཉིད་ཀྱིས་ཆོག་པ་ཡིན་ནོ། །གཉིས་པ་བོད་ཀྱི་བཤད་སྲོལ་བར་དུ་བྱུང་བ་ནི། ལོ་ཙྪ་བ་ཆེན་པོས་ལོ་བཅུ་བདུན་ཕྲག་གསུམ་དུ་བཞུགས་ནས་ལུང་རིགས་ཀྱི་བསྟན་པ་ཉིན་མོ་ལྟར་མཛད་དེ་མྱ་ངན་ལས་འདས་པའི་ལོ་ས་མོ་གླང་ལ་ཕྱྭ་པ་ཆོས་ཀྱི་སེང་གེ་སྐུ་འཁྲུངས་ཏེ་ལུང་རིགས་ཀྱི་བསྟན་པ་མཐའ་དག་ལ་འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་མང་དུ་མཛད་པ་ལས་དེའི་ནང་ནས་ཚད་མ་རྣམ་པར་ངེས་པ་རྩ་འགྲེལ་ལ་བཤད་པའི་གཞི་དང་གཙོ་བོ་མཛད་མོད་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་གྱིས་བཏོན་ནས་བསྡུས་པ་རྒྱས་འབྲིང་བསྡུས་གསུམ་མཛད་པར་གྲགས་པ་དེའི་ནང་ནས་འབྲིང་པོ་ཚད་མ་ཡིད་ཀྱི་མུན་སེལ་གྱི་བཤད་པས་ནི་དུས་དེར་གངས་ཅན་གྱི་རྟོག་གེ་པ་མཐའ་དག་ལ་ཁྱབ་ཅིང་གཅེས་སྤྲས་སུ་བྱེད་པ་དེའི་ཆ་ཤས་ཀྱིས་དིང་སང་གི་བར་དུ་ཡང་དཔྱིས་ཕྱིན་པ་མ་ཡིན་པར་ཕྱྭ་པའི་ལུགས་བྱེད་ཟེར་བ་དག་ཡོད་དོ། །དེས་རྣམ་འགྲེལ་མཛད་པའི་དགོངས་པ་ཇི་ལྟར་བཀྲལ་བ་ནི། མཐར་ཐུག་གི་དགོངས་པ་ངོ་བོ་ཉིད་མེད་པའི་ཚུལ་དུ་གནས་པར་བཤད་ནས་ངེས་དོན་སྟོང་པ་ཉིད་ཀྱི་ངོས་འཛིན་མེད་པར་དགག་པ་ཉིད་དུ་འཆད་པ་དང༌། དེ་གཏན་ལ་འབེབས་བྱེད་གཅིག་དང་དུ་བྲལ་ལ་འཆད་པ་དང༌། སྒྲུབ་པ་དང་སུན་འབྱིན་པའི་གནས་རྣམས་གཞུང་འགྲེལ་ནས་འབྱུང་བ་ཐད་སོར་གཞག་ནས་རང་གི་རྣམ་དཔྱོད་ཀྱི་རྩལ་གྱིས་ཀྱང་ཟུར་ཅི་ཐོན་དུ་མཛད་པས་ཆེས་ཤིན་ཏུ་བཟང་བ་དག་ཡོད་པ་དང༌། ཕྱི་རོལ་དོན་འགོག་དང་དོན་བསྒྲུབ་ཀྱི་སྐབས་སུ་འབྱུང་བའི་མདོ་སེམས་ཀྱི་གཞུང་རྣམས་ལ་རྩིས་གཞག་ཡེ་མི་མཛད་པར་དགག་པ་དམིགས་ཕུགས་ཏེ་མཛད་པ་དང༌། དེ་ལྟར་མཛད་ནས་རང་ལུགས་ཀྱི་ཐ་སྙད་ཀྱི་རྣམ་གཞག་འཇིག་རྟེན་གྱི་གྲགས་པ་དང་བྱེ་བྲག་ཏུ་སྨྲ་བ་དང་མཐུན་པར་མཛད་ལ། དེ་ལྟར་མཛད་པ་དེ་ཡང་དབུ་མ་ཐལ་འགྱུར་བ་དང་མཐུན་པ་ནི་མ་ཡིན་ཏེ་དེའི་བཞེད་པ་ལ་དགག་པ་ཆེས་ཤིན་ཏུ་རྒྱ་ཆེར་མཛད་པའི་ཕྱིར། ཞེས་མདོར་བསྟན་ནས་ཅུང་ཟད་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡུལ་དང་ཡུལ་ཅན་སྤྱིའི་རྣམ་གཞག་ཇི་ལྟར་འཆད་པ། གཙོ་བོར་གྱུར་པའི་ཚད་མའི་རྣམ་གཞག་ཇི་ལྟར་འཆད་པ། གཏན་ལ་འབེབས་བྱེད་སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག་ཇི་ལྟར་འཆད་པའོ། །དང་པོ་ནི་སྣང་ཡུལ་དང་གཟུང་ཡུལ་གྱི་གོ་དོན་གཞུང་ནས་བཤད་པ་དེ་མི་འཇོག་པར་རང་གི་བློ་གྲོས་ཀྱིས་དཔྱད་པ་ལ་གཟུང་ཡུལ་ནི་རྣམ་པ་གསུམ་སྟེ། དོན་སྤྱི་དང་དོན་རང་མཚན་དང་མེད་པ་གསལ་བའོ། །དེ་གཟུང་ཡུལ་སྣང་ཡུལ་དུ་བྱེད་པའི་ཡུལ་ཅན་ཡང་གསུམ་སྟེ། རྟོག་པ་དང༌། མངོན་སུམ་དང༌། རྟོག་མེད་འཁྲུལ་པའོ། །གསུམ་པ་དེའི་མཚན་གཞི་ནི་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ལྟ་བུ་སྟེ། དེའི་ཚེ་ན་ཡུལ་ལ་གཞལ་བྱས་མ་ཁྱབ་སྟེ་གསུམ་པ་དེ་ཡིན་གཞལ་བྱར་འགལ་བས་སོ། །གཟུང་ཡུལ་ཡིན་ན་ཡུལ་ཅན་དེའི་རྒྱུ་ཡིན་པར་འགལ་ཏེ། དེ་དང་དུས་མཉམ་དགོས་པས་སོ། །དུས་མཉམ་པའི་གཟུང་ཡུལ་དེའི་མཚན་གཞི་གང་ལ་བྱ་ན། སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་དེ་ཉིད་སྔོན་པོའི་མཚན་གཞིར་འཇོག་པ་སོགས་ཏེ། དེས་དེ་དངོས་སུ་རིགས་པར་འཇིག་རྟེན་དང་བསྟན་འཆོས་གཉིས་ཀ་ལ་གྲགས་པའི་ཕྱིར། མདོ་སྡེ་པ་ལྟར་དེས་དེ་མ་རིག་ན་ཕྱི་རོལ་གྱི་དོན་མེད་པར་འགྱུར་ཏེ། དེ་མངོན་སུམ་ལ་སྣང་རུང་མ་དམིགས་པའི་ཕྱིར་དང༌། ཡོད་ན་ཡང་ལྐོག་ཏུ་གྱུར་པར་འགྱུར་ཏེ་རྟགས་ལས་རྟོགས་དགོས་པའི་ཕྱིར། ལྐོག་ཏུ་གྱུར་པས་དོན་དང་འདྲ་བར་བསྐྱེད་ན་ནི་བུམ་འཛིན་མངོན་སུམ་ཤ་ཟ་དང་འདྲའོ་ཞེས་བརྗོད་ན་ཅིས་འགོག དེ་བཞིན་དུ་རྟོག་པ་ལ་དངོས་སུ་སྣང་བ་དེ་ཉིད་དོན་སྤྱི་ཡིན་པ་དང༌། རྟོག་མེད་འཁྲུལ་ཤེས་ལ་མེད་པ་ཉིད་དངོས་སུ་སྣང་བ་དང༌། གཞན་ཡང་རང་ལུགས་ཀྱི་འཇོག་མཚམས་ནི་མ་དཔྱད་པ་འཇིག་རྟེན་གྲགས་པ་དང་མཐུན་ལ། ཅུང་ཟད་དཔྱད་ན་བྱེ་བྲག་ཏུ་སྨྲ་བ་དང་མཐུན། དེའི་ཕྱིར་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་གཟུང་རྣམ་རང་རིག་གི་སྒྲུབ་བྱེད་དུ་མདོ་སྡེ་པས་འདོད་ཀྱང་མི་འཐད། གཟུང་རྣམ་ཞེས་བྱ་བ་ཅི་ལ་ཟེར་གྱི་ངོས་འཛིན་རྒྱུ་མེད། ཤེས་པ་གང་གི་སྣང་ཡུལ་གང་ཡིན་པ་དེ་ཉིད་དངོས་སུ་སྣང་བ་ཡིན་གྱི་དེའི་རྣམ་པ་སྣང་བ་ལ་དེ་སྣང་བར་འཇོག་ཟེར་བ་ལ་འགལ་ཁྱབ་ཡིན་ཞེས་ཟེར་བ་སོགས་ཏེ་ཟེར་ལུགས་འདི་དཔྱིས་ཕྱིན་པའི་ཚེ་ན་སངས་རྒྱས་ཀྱི་ས་ཡི་ཟད་པར་ས་ལ་སོགས་པ་མེད་པ་གསལ་སྣང་ཅན་དུ་ཁས་ལེན་པ་དང༌། དོན་སྤྱི་སྣང་ཡུལ་དུ་བྱེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཁས་ལེན་དགོས་པ་སོགས་འབྱུང་ལ། མདོ་སེམས་གཉིས་ཀས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལས་དེར་སྣང་ཐམས་ཅད་ཤེས་པ་དང་རྫས་གཞན་མ་ཡིན་པ་དང་ཤེས་པ་ཉིད་དུ་བསྒྲུབ་པ་ལ་ནི་མཚུངས་འདྲའི་སྟོབས་ཀྱིས་དགག་པ་མང་དུ་མཛད་དོ། །དེ་བཞིན་དུ་ཡུལ་དངོས་སུ་རིག་པ་བློ་ཡི་མཚན་ཉིད་དང༌། ཚད་མའི་བློ་གཉིས་པོ་ཡང་གཅིག་གིས་ནི་དོན་དང་ཤེས་པ་རང་མཚན་དངོས་སུ་རིག་པས་ན་དེ་དང་དེ་ལ་མངོན་སུམ་དུ་འཇོག་པ་དང༌། རྗེས་དཔག་ལ་ཡང་དངོས་སུ་སྣང་བ་དེ་ཉིད་སྤྱི་མཚན་ཡིན་པས་ན་དེས་དེ་དངོས་སུ་འཇལ་བ་དང༌། དེ་ཉིད་ལ་མི་བསླུ་བས་ཚད་མར་འཇོག་པ་ཡིན་གྱི་ལྐོག་ཏུ་གྱུར་པའི་དོན་རང་མཚན་ལ་མི་བསླུ་བས་དེར་འཇོག་པ་མ་ཡིན་པ་དང༌། སྣང་ཡུལ་དང་གཟུང་ཡུལ་དོན་གཅིག་པ་ཁོ་ནར་མ་ཟད་ཞེན་ཡུལ་དང་འཇུག་ཡུལ་ཡང་དོན་གཅིག་པར་བཤད་ནས་མངོན་སུམ་གྱི་ཞེན་ཡུལ་དོན་རང་མཚན་དང༌། རྟོག་པའི་འཇུག་ཡུལ་ཡང་སྤྱི་མཚན་ལས་གཞན་དུ་མེད་དེ། དེས་རང་མཚན་ནི་མ་རྟོགས་པའི་ཕྱིར། སྐབས་འགའ་ཞིག་ཏུ་ཤུགས་རྟོགས་ཀྱི་གཞལ་བྱ་ལ་ཚད་མར་འཇོག་པ་ནི་དམིགས་ཀྱིས་བསལ་བའོ། །ཚད་མིན་གྱི་བློ་ལ་ཡིད་དཔྱོད་ལ་སོགས་པ་ལྔར་ཕྱེ་ནས་ལྔ་པོ་ཡུལ་ལ་འཇུག་ཚུལ་གཞི་མཐུན་མི་སྲིད་པར་འདོད་པ་ནི་གཞུང་ན་མེད་ཅིང་ལོ་ཆེན་གྱིས་ཀྱང་མ་བཤད་ལ། བྱེ་བྲག་ཏུ་མངོན་སུམ་བཅད་ཤེས་ནི་གཏན་ཚིགས་ཐིགས་པའི་གཞུང་གིས་དངོས་སུ་བཀག་ཀྱང་མདོ་སེམས་ཀྱི་གཞུང་དུ་བཞག་ནས་དེ་ལ་རྩི་བ་མ་ཡིན་ནོ། །གཉིས་པ་ཚད་མའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ། སྤྱི་ཡི་མཚན་ཉིད་དང༌། དབྱེ་བ་སོ་སོའི་རྣམ་གཞག་གཉིས་ལས། དང་པོ་ནི་གཞུང་དུ་མི་བསླུ་བའི་རིག་པ་དང་དེའི་གོ་དོན་ཡང་འཇུག་ཡུལ་རང་མཚན་ལ་རྒྱུད་ནས་འབྲེལ་བ་ཞིག་ལ་བཤད་ནས་འཇུག་ཡུལ་དེ་གསར་དུ་རྟོགས་དགོས་པར་མི་འཆད་ལ། འདི་པས་ནི་དེ་དང་མི་མཐུན་པར་འཆད་པ་ཡིན་ཏེ། བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཞིག་ཚད་མའི་མཚན་ཉིད་དུ་བཞག་ནས་ཚད་མ་ལ་རང་གི་འཇུག་ཡུལ་སྔར་མ་རྟོགས་གསར་རྟོགས་ཀྱིས་ཁྱབ་པ་དང༌། འཛིན་སྟངས་མ་འཁྲུལ་བ་དང་སྒྲོ་འདོགས་གཅོད་ནུས་ཀྱིས་ཁྱབ་པ་ཡིན་ལ། དེའི་ཚེ་རྗེས་དཔག་རྣམས་ཀྱང་འཇུག་ཡུལ་ལ་མ་འཁྲུལ་བ་དང༌། མི་བསླུ་བའི་གོ་དོན་འཇུག་ཡུལ་རྟོགས་པ་ལ་བྱེད་པ་འདི་གཞུང་དང་ཤིན་ཏུ་མི་མཐུན་ཀྱང་ཚད་བསྡུས་རྩོམ་པ་པོ་ནི་དེ་ལྟར་སྟོན་པའི་གཞུང་ཁས་མི་ལེན་ལ། གཞུང་ཁས་ལེན་པའི་ཕྱི་རབས་པ་དག་ཅི་ཞིག་ཏུ་སེམས་དཔྱད་པར་བྱའོ། །གཉིས་པ་དབྱེ་བ་ལ། མངོན་རྗེས་གཉིས་དང་དེའི་ཚད་མ་སོ་སོར་ཕྱེ་ན། མྱོང་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་རིག་པ་དང༌། རྟགས་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་རིག་པ་དེ་ཚད་མ་གཉིས་པོ་སོ་སོའི་མཚན་ཉིད་དང༌། སྤྱིར་ཚད་མ་ཡིན་ན་རང་གང་ལ་ཚད་མར་སོང་བའི་འཇུག་ཡུལ་དེ་ལ་སྒྲོ་འདོགས་བཅད་ཟིན་པ་དང་འཇུག་ཡུལ་དེ་རང་གིས་ངེས་པའམ་དེ་ལ་ངེས་པ་རང་སྟོབས་ཀྱིས་དངོས་སུ་འདྲེན་ནུས་པ་གང་རུང་ཞིག་དགོས་པའོ། །ལུགས་འདིར་དབང་ཡིད་ཀྱི་མངོན་སུམ་ལ་དམིགས་རྐྱེན་ཕྱི་རོལ་གྱི་དོན་ཁས་ལེན་པར་མ་ནུས་པས་ན་རྐྱེན་གཉིས་པོ་ཙམ་དུ་ངེས་པར་འདོད་དགོས་སོ། །ཡང་འདི་པས་རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་རིགས་པ་འཆད་པ་ན། རིག་པའི་ཕྱི་མཐའ་ཐུག་མེད་དུ་བསྒྲུབ་པས་མཐར་ཐུག་ཐེག་པ་གཅིག་དང༌། སྒྲུབ་ཆོས་དོར་བས་སྟོང་ཉིད་མེད་དགག་ཏུ་མཚོན་པ་ཡང་བཤད་པས་ན་དབུ་མར་འགྲེལ་ལུགས་ལེགས་ལྡན་དང་ཟླ་བའི་ཞབས་ཀྱི་རྗེས་སུ་མི་འབྲང་ཡང༌། དབུ་མའི་སྲོལ་འབྱེད་རང་རྐང་ཚུགས་པ་ཞིག་ཡིན་པར་བཞེད་དོ། །ཚད་མའི་མཚན་ཉིད་ལ་འཕྲོས་ནས་མཚན་མཚོན་གཞི་གསུམ་གྱི་རྣམ་གཞག་རྒྱས་པ་འདི་ནི། རྩོམ་པ་པོ་འདི་ཉིད་ཀྱི་རྩལ་གྱིས་བཏོན་པ་སྟེ་དེ་གོང་དུ་དེ་ལྟ་བུའི་རྣམ་གཞག་རྒྱས་པར་ནི་རྒྱ་བོད་ཀྱི་འགྲེལ་བྱེད་སུས་ཀྱང་མ་བཀྲལ་ལ། ཕྱི་མའི་དུས་འདིར་རྣམ་གཞག་དེ་ཚོང་འདུས་ཀྱི་འོ་མ་ལྟ་བུར་གྱུར་མོད། དེའི་བཞེད་པ་དཔྱིས་ཕྱིན་པ་ནི་འདི་ལྟར་དཔེར་ན་དོན་བྱེད་ནུས་པ་ནི་མཚན་ཉིད་དོ། །དངོས་པོའི་ཐ་སྙད་དམ་མིང་ནི་མཚོན་བྱའོ། །དངོས་པོ་ཙམ་དང་དེའི་ཁྱད་པར་སོ་སོ་བ་རྣམས་ནི་མཚན་གཞི་སྟེ། དོན་བྱེད་ནུས་པ་ནི་མཚན་གཞི་དང་མཚོན་བྱ་དེ་གཉིས་ཀའི་མཚན་ཉིད་དོ། །དེ་ཙམ་ཞིག་ནི་ཆོས་མངོན་པའི་གཞུང་རྒྱ་ཆེན་པོ་དང༌། རྣམ་འགྲེལ་མཛད་པའི་གཞུང་དང་ཡང་མཐུན་པས་དོན་རྒྱ་ཆེན་པོ་དང་བཅས་པའོ། །མཚན་མཚོན་གཞི་གསུམ་པོ་དེའི་རང་ལྡོག་ལ་མཚན་ཉིད་སོ་སོར་འཇོག་པ་དང་གོ་བྱེད་དུ་གྱུར་པའི་རང་གི་མཚན་ཉིད་ལ་མཚན་ཉིད་གཞན་མི་དགོས་པ་ནི་བསྟན་འཆོས་དེའི་དགོངས་པར་གསལ་ལ། དེའི་མཚན་ཉིད་དུ་བཞག་པ་ཙམ་གྱིས་དེ་མཚོན་བྱར་འགྲོ་བ་དང༌། དེ་མཚོན་བྱར་སོང་བ་ཙམ་གྱིས་དེ་དག་ལ་ཁྱབ་པའི་སྒོ་བཞི་ཁས་ལེན་དགོས་པ་དང༌། དངོས་པོ་ཙམ་ནི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་གྱི་མཚན་གཞི་མ་ཡིན་ཟེར་བ་དང༌། སྒོ་བཞི་ཁས་ལེན་པའི་ཆེད་དུ་མཚོན་སྦྱོར་འགོད་པ་དང༌། དེ་བཀོད་པའི་དགོས་པ་ཡང་མཚན་མཚོན་གྱི་འབྲེལ་པ་ངེས་པའི་ཕྱིར་དུ་ཡིན་ཟེར་བ་དང༌། འབྲེལ་པ་དེ་ཡང་བདག་ཅིག་གི་འབྲེལ་པ་ཡིན་ཟེར་བ་སོགས་ལ་ནི་དགོས་པ་རྒྱ་ཆེར་མེད་མོད་ཀྱང༌། བསྡུས་པ་འདི་ཡི་རྗེས་འབྲང་དང་བཅས་པས་ནི་འབད་རྩོལ་ཆེན་པོས་རང་རང་གི་རྩོམ་པ་གང་ཡིན་དེའི་ཕྱེད་དང་སུམ་གཉིས་ཙམ་ཐུབ་པར་བྱས་སོ། །དེ་ནས་འགལ་འབྲེལ་གྱི་རྣམ་པར་གཞག་པ་ལ། རྟོག་གེའི་བསྟན་འཆོས་ཀྱི་གནས་སྐབས་ཀྱི་བསྟན་བྱའི་གཙོ་བོ་ནི་དགག་སྒྲུབ་ཡིན་ལ། དེའི་རྩ་བ་ཡང་འགལ་འབྲེལ་ལ་རག་ལས་པས་བསྡུས་པ་འདིའི་རྩ་བ་ན་གཞུང་འགྲེལ་དང་མི་མཐུན་པ་ཆེར་ཡོད་པ་ཉིད་དུ་མ་མངོན་ཀྱང༌། ཕྱི་མའི་དུས་འདིར་ཆེས་ཤིན་ཏུ་རྣམ་པར་འཁྱམས་པར་འགྱུར་ཏེ། དེ་དང་དེ་ཡིན་ན་གཞན་དེ་མ་ཡིན་པ་བུད་ཅེས་དང༌། ཡིན་པ་བུད་ལ་དངོས་སྐྱོན་མ་ཐེངས་པ་ཙམ་གྱིས་འགལ་འབྲེལ་གོ་ཆོད་པོར་འདོད་པའོ། །ཡང་གཞན་སེལ་གྱི་རྣམ་པར་གཞག་པ་ནི། ཚད་བསྡུས་ཀྱི་བཤད་པ་འདི་ཡི་ནང་ན་ཤིན་ཏུ་ཉུང་ཞིང་མདོ་སེམས་ཀྱི་གཞུང་ནས་བཤད་པ་ལ་འདི་པ་ཐུགས་རྩིས་ཆུང་བས་བཏང་སྙོམས་སུ་བཞག་པ་ཡིན་ལ། དེའི་ཤུགས་ཀྱིས་ཕྱི་མའི་དུས་འདིར་ཡང་གཞན་སེལ་བའི་རྣམ་གཞག་ཤིན་ཏུ་དཀོན་པར་བྱུང་ངོ༌། །སྒྲུབ་པ་དང་སུན་འབྱིན་པའི་རྣམ་གཞག་ལ་ནི་གཞུང་དང་མི་མཐུན་པ་ཆེར་མེད་ལ་ཟུར་དོད་ཙམ་ཁ་ཅིག་བྱུང་བ་ནི་འདི་ལྟར། རྟགས་ཀྱི་མཚན་ཉིད་ཚུལ་གསུམ་དུ་གྲགས་ཀྱང་ཕྱོགས་ཆོས་དང་ལྡོག་པའི་ཚུལ་ཙམ་གྱིས་ཆོག་པ་དང༌། རྗེས་འགྲོ་ཁྱད་པར་ཅན་གྱི་ནང་དུ་ལྡོག་པ་འདུས་ཀྱང་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་མ་བསམ་ན་རྟགས་སུ་མི་འགྲོ་བས་ན་ལྡོག་ཚུལ་ཉིད་ཀྱིས་ཆོག་པ་དང༌། ཚུལ་རེ་རེ་བ་ཅན་གྱི་གཏན་ཚིགས་ཡང་དག་མེད་ཀྱང་དེ་རེ་རེ་བ་ཅན་གྱི་རྟགས་ཚིགས་རྣམ་དག་ཡོད་པ་དང༌། རང་རྒྱུད་ཀྱི་སྒྲུབ་ངག་ཡང་དག་ཏུ་མ་ཟད་ཐལ་འགྱུར་གྱི་སྒྲུབ་ངག་ཡང་དག་ལའང་རྟགས་ཁྱབ་གང་རུང་རེ་རེ་བརྗོད་པས་ཆོག་པ་ཅིག་ཀྱང་ཡོད་པ་དང༌། སྤྱིར་སྒྲུབ་པའི་ཐལ་འགྱུར་ཆོས་གསུམ་ལྡན་དང༌། སུན་འབྱིན་རྐྱང་པའི་རྣམ་གཞག་དང༌། ཐལ་འགྱུར་དུ་བཀོད་ཚད་ལ་རྩ་བའི་དབྱེ་བ་བཞིར་བཞག་ནས་ཡན་ལག་གི་དབྱེ་བ་བཅུ་བཞིར་འབྱེད་པ་དང༌། སུན་འབྱིན་ལྟར་སྣང་ལ་ལན་འདེབས་ཚུལ་ལ་རྟགས་དང་ཁྱབ་པ་མ་གྲུབ་པ་དང་འདོད་ཐོག་སྟེ་གསུམ་དུ་གྲངས་ངེས་པ་སོགས་ཁོང་རང་གི་རྣམ་དཔྱོད་ཀྱི་རྩལ་གྱིས་བཏོན་པ་ཤིན་ཏུ་མང་སྟེ། འདི་ལ་ནི་ཇི་སྐད་དུ། བློ་ཡི་ནུས་པ་ཅུང་ཟད་ཡོད་ཀྱང་ལེགས་བཤད་སྙིང་པོ་མ་རྙེད་ཅིང༌། ཞེས་དཔྱད་པར་མཛད་པ་དག་ཀྱང་ཡོད་དོ། །གསུམ་པ་བོད་ཚད་ལྡན་གྱི་འགྲེལ་པ་གསུམ་པར་བྱུང་བའི་ཚུལ་ནི། རིགས་པའི་དབང་ཕྱུག་ཆོས་ཀྱི་སེངྒེས་ཚད་བསྡུས་ཀྱི་སྲོལ་ཐོག་མར་ཕྱེ་ནས་ས་མོ་གླང་ལ་མྱ་ངན་ལས་འདས་པའི་དུས་ནས་ལོ་བཅུ་གསུམ་པ་ཆུ་ཕོ་སྟག་གི་ལོ་ལ་ས་སྐྱ་པཎྜི་ཏ་འཁྲུངས། རང་ལོ་བཅུ་བདུན་པ་ཙམ་ནས་རྣམ་ངེས་བསྡུས་པ་དང་བཅས་པ་ལ་གསན་སྦྱོང་དཔྱིས་ཕྱིན་པར་མཛད། རང་ལོ་ཉེར་བདུན་པ་ཙམ་ལ་ཁ་ཆེ་པཎ་ཆེན་དང་མཇལ་ཐོག་མར་ཚད་མ་ཆོས་མཆོག་གསན་པ་ནས་བཟུང་སྡེ་བདུན་ལ་བོད་ཀྱི་བཤད་པའི་ལྷད་མ་ཞུགས་པར་པཎྜི་ཏ་གཞན་ལས་ཀྱང་གསན། རྣམ་འགྲེལ་ལ་འགྱུར་བཅོས་དང་ཉིན་རེ་ལ་ཐ་ནའང་ཆོས་ཐུན་རེ་རེ་གསུང་བའི་དམ་བཅའ་མཛད། རྣམ་འགྲེལ་དར་རྒྱས་སུ་སྤེལ་ནུས་པའི་སློབ་མ་མང་དུ་བྱུང༌། ཚད་བསྡུས་ཀྱི་བཤད་པ་སྔར་བྱུང་བ་རྣམས་གཞུང་དང་མི་མཐུན་པར་གཟིགས་ནས་མདོ་སེམས་ཀྱི་གཞུང་ཐད་སོར་བཞག་ནས་བསྡུས་པའི་སྲོལ་ཐོག་མར་ཕྱེ་བ་ནི་ཚད་མ་རིགས་པའི་གཏེར་འགྲེལ་པ་དང་བཅས་པ་མཛད་དོ། །དེའི་འཆད་ཚུལ་རགས་པ་ནི་འདི་ལྟར། གཟུང་ཡུལ་ལ་གསུམ་དུ་འབྱེད་པ་དང༌། ཡུལ་ཅན་འཁྲུལ་པ་ལ་གཟུང་ཡུལ་ཡོད་པ་གཞུང་དང་འགལ་བར་བརྗོད་ནས་གཟུང་ཡུལ་ནི་ཕྱི་དོན་རང་མཚན་གཅིག་པོར་ངེས་པ་དང༌། ཤེས་པ་གང་ལ་ཡང་དུས་མཉམ་པའི་གཟུང་ཡུལ་མ་བཤད་ཅིང་དགོས་པ་མེད་པ་དང༌། དེའི་ཤེས་བྱེད་དུ་དམིགས་རྐྱེན་ལས་གཞན་པའི་དབང་ཤེས་ཀྱི་དངོས་ཡུལ་མ་བཤད་ཅིང༌། དུས་མཉམ་པ་རྐྱེན་དུ་མི་རུང་བ་དང༌། གཟུང་ཡུལ་དུ་མ་ཟད་འཇུག་ཡུལ་ཀྱང་རང་མཚན་ཁོ་ནར་ངེས་པ་དང༌། དེའི་ཚེ་སྤྱི་མཚན་གཞལ་བྱ་མ་ཡིན་པར་ཐལ་ཞེས་ཟེར་བ་ནི་གཞལ་བྱ་དང་འཇུག་ཡུལ་ཤན་མ་ཕྱེད་པས་ནོངས་པ་དང༌། དེའི་ཚེ་དོན་རང་མཚན་གྱི་གཞན་སེལ་ཁོ་ན་རྗེས་དཔག་གི་གཞལ་བྱར་འཇོག་པ་ཡིན་གྱི། ནམ་མཁའ་དང་སྐྲ་ཤད་ལ་སོགས་པའི་དོན་སྤྱི་ལ་ནི་བཅད་ཞུགས་ཐོབ་གསུམ་མ་ཚང་བས་རྗེས་དཔག་གི་གཞལ་བྱར་མི་རུང་བ་དང༌། ཚད་མིན་གྱི་བློ་ལ་ལྔ་ཡི་གྲངས་ངེས་གཞུང་ནས་མ་བཤད་ཅིང༌། འགྲེལ་པ་དང་འགལ་བ་དང༌། ཤེས་པ་ཇི་སྙེད་པ་ལ་ལྡོག་པས་ཕྱེ་ན་ཁ་ཕྱིར་ལྟ་དང་ནང་ལྟ་གཉིས་སུ་ངེས་ལ། ནང་ལྟ་རང་རིག་ཏུ་འཇོག་པར་མ་ཟད་ཕྱིར་ལྟའི་ཤེས་པ་ལ་ཡང་ཡུལ་གྱི་རྣམ་པ་མི་སྣང་བ་ནི་མི་སྲིད་ལ། རྣམ་པ་ནི་ཤེས་པ་ཁོ་ནར་ངེས་པས་བློ་ཐམས་ཅད་རང་རིག་ཏུ་བསྡུ་བ་དང༌། ཡུལ་རིག་པ་བློ་ཡི་མཚན་ཉིད་དུ་འཇོག་ན་འཇུག་ཡུལ་རིག་པ་ནི་ཁྱབ་ཆུང་ལ། སྣང་ཡུལ་དང་གཟུང་ཡུལ་རིག་པ་ནི་རང་རིག་ལ་མི་སྲིད་པ་དང༌། གཞན་སེལ་བའི་རྣམ་གཞག་རྒྱས་པར་མ་ཤེས་ན་སྡེ་བདུན་མཛད་པའི་གཞུང་ཕལ་ཆེ་བ་འཆད་མི་ཤེས་པར་བསམ་ནས་དེའི་རྣམ་གཞག་འཆད་པའི་ཚུལ་འདི་ལྟར། ཤེས་བྱ་མཐའ་དག་རང་མཚན་ཡིན་མིན་གཉིས་སུ་བསྡུ། མ་ཡིན་པ་དེ་ཐམས་ཅད་ལ་གཞན་སེལ་གྱིས་ཁྱབ། རང་མཚན་གྱི་མིང་བཏགས་པ་ལ་ཡང་སྣང་ངོའི་བུམ་སོགས་དང༌། སེལ་ངོའི་བུམ་སོགས་གཉིས་སུ་ཁ་མཚོན་ཆོད། ཕྱི་མ་ལ་གཞན་སེལ་གྱིས་ཁྱབ། རྟོག་མེད་ཀྱི་ཤེས་པའི་མྱོང་བྱ་དང་གཟུང་ཡུལ་གང་ཡིན་ཀྱང་གཞན་སེལ་དུ་འགལ། དེས་ན་དོན་མཚན་དགག་བསྒྲུབ་ཀྱི་རྟེན་དུ་མི་རུང༌། དགག་སྒྲུབ་དང་སྤྱི་བྱེ་བྲག་དང་འགལ་བ་དང་འབྲེལ་བ་ཐམས་ཅད་སེལ་ངོའི་ཆོས་ཁོ་ན་ཡིན། རྟོག་མེད་ཀྱི་ཤེས་པའི་ངོ་ན་གསལ་ཙམ་ལས་དེ་དག་ཏུ་སྣང་བ་མེད། དེའི་ཕྱིར་དོན་ལ་དེ་དག་དགག་པ། བློ་ངོར། སྒྲུབ་པ། དེ་དག་ངེས་བྱེད་ཀྱི་ཚད་མ་བཤད་པ་གསུམ་གྱི་སྒོ་ནས་འཆད་དོ། །མཚན་མཚོན་བརྟག་པའི་རབ་བྱེད་ནི་དོན་གྱི་གོ་བ་ཆ་བསྡུས་དང་མཐུན་ལ། ཚིག་གི་རིགས་མི་འདྲ་བ་དང༌། མཚན་ཉིད་ཀྱི་སྐྱོན་སེལ་ཚུལ་ལ་དགག་པ་མདོ་ཙམ་ཞིག་མཛད། ཚད་མ་ཙམ་གྱི་མཚན་ཉིད་ལ་ལྷ་རྒྱན་ཆོས་མཆོག་གསུམ་ཀ་ལ་མི་མཐུན་པ་བཀག་ནས་མཐུན་པའི་འཆད་ཚུལ་མི་བསླུ་བ་དང་མ་ཤེས་དོན་གསལ་གཉིས་ཀ་ཡང་བཤད་པ་ཐ་དད་པ་ཙམ་ཡིན་གྱི་དོན་ནི་གཞལ་བྱ་གསར་དུ་རྟོགས་པ་དང་འཇུག་ཡུལ་རང་མཚན་ལ་མི་བསླུ་བ་ཉིད་དུ་དོན་མཐུན་པར་འཆད། ཆ་བསྡུས་ལས་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་བཞག་པ་ལ་མི་དགོས་མ་ཁྱབ་མི་སྲིད་གསུམ་གྱི་སུན་འབྱིན་མཛད། མངོན་སུམ་ལ་ཚད་མ་ཡིན་མིན་གྱི་དབྱེ་བ་མི་མཛད། མདོ་སེམས་གཉིས་དེའི་དབྱེ་གྲངས་ལ་མི་མཐུན། གཞན་ངེས་ཚད་མའི་རྣམ་གཞག་ཆོས་མཆོག་དང་མཐུན་ཞིང༌། ཚད་མས་རང་གི་འཇུག་ཡུལ་ལ་སྒྲོ་འདོགས་ཆོད་དགོས་ན། གཞན་ངེས་ཀྱི་ཚད་མ་མི་སྲིད་པར་འགྱུར། རྗེས་དཔག་གི་རྟེན་གཏན་ཚིགས་ལ་ཕྱྭ་བསྡུས་དང་མི་མཐུན་པ་ཆེས་ཆེར་མེད་ཅིང༌། རྫས་ལྡོག་གི་དགག་སྒྲུབ་བྱེད་ཚུལ་སོ་སོ་བ་དང༌། ཕྱོགས་གཉིས་དངོས་འགལ་དུ་འདོད་པ་དང༌། ཕན་ཚུན་སྤང་འགལ་གྱི་དབང་དུ་བྱས་པའི་འགལ་དམིགས་སྦྱོར་ཚུལ་ལ་དགག་པ་མདོ་ཙམ་དང༌། རང་རྒྱུད་དུ་མ་ཟད་ཐལ་འགྱུར་ལ་ཡང་འབྲས་རང་མ་དམིགས་པ་གསུམ་དུ་འབྱེད་པ་དང༌། ལོག་རྟོག་སེལ་བ་དང་རྗེས་དཔག་བསྐྱེད་པའི་ཐལ་འགྱུར་གང་ཡིན་ཀྱང་གསུམ་པོ་དེར་ངེས་པ་དང༌། དེ་ལྟར་ངེས་པའི་ཚེ་ན་སྒྲུབ་བྱེད་མི་འཕེན་པ་གསུམ་དང༌། འཕེན་པ་ལ་རང་རིགས་འཕེན་པ་བཞི་དང༌། གཞན་རིགས་འཕེན་པ་བཅུ་དྲུག་དུ་འབྱེད་པ་དང༌། ཐལ་འགྱུར་ལྟར་སྣང་ལ་གྲངས་ངེས་མི་མཛད་ཅིང༌། ལེན་འདེབས་པའི་ཚུལ་རྣམ་པར་ཐར་པའི་སྒོ་བཞི་ཉིད་དུ་གྲངས་ངེས་པར་མཛད་དོ། །དེ་ལྟར་གོང་དུ་སྨོས་པའི་སྲོལ་འབྱེད་གསུམ་པོ་དེ་དག་ནི་ཕན་ཚུན་དུ་དགོངས་པ་མཐུན་མི་མཐུན་ཅི་རིགས་པར་བྱུང་ཞིང༌། རྩ་བའི་གཞུང་ཐད་སོར་འཇོག་མི་འཇོག་དང་འཕགས་ཡུལ་གྱི་འགྲེལ་པ་ཚད་ལྡན་དུ་གྲགས་པ་དག་ལ་དགག་བཞག་སྣ་ཚོགས་པར་མཛད་མོད། གསུམ་པོ་དེ་དག་བོད་ཀྱི་འགྲེལ་མཛད་ཚད་ལྡན་དུ་བྱེད་དགོས་ཏེ། ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱུག བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ཐུགས་སུ་ཆུད། དངོས་བརྒྱུད་ཀྱི་སྒོ་ནས་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །གསུམ་པ་བོད་ཕྱི་རབས་པ་ལ་ཇི་ལྟར་དར་བའི་ཚུལ་ལ་གསུམ་སྟེ། ཁུངས་མེད་ཀྱི་ཆོས་སྐད་དུ་མས་མང་པོ་ལ་ཁྱབ་པའི་ཚུལ། དར་ཊཱིཀ་མཛད་པས་རང་ལུགས་ཀྱི་ཆོས་སྐད་ཇི་ལྟར་གཞག་པའི་ཚུལ། གཉིས་པོ་དེ་ལ་དགག་སྒྲུབ་མདོ་ཙམ་དུ་བགྱིས་པས་རང་གི་འདོད་པ་ཤུགས་ལ་གོ་བར་བསྟན་པའོ། །དང་པོ་ནི་ལྗོངས་འདིར་ལོ་བརྒྱ་ལོན་པ་ཚུན་ཆད་དུ་ཚད་མར་ཁས་འཆེ་བ་རྣམས་འདི་སྐད་ཅེས་ཟེར་ཏེ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མའི་མཚན་ཉིད་དང༌། མི་བསླུ་བའི་ཤེས་བྱེད་དུ་གཞལ་བྱ་དེ་རྟོགས་པ་དང༌། དེ་རྟོགས་པའི་ཤེས་བྱེད་དུ་ཡང་དེ་ལ་གསར་དུ་མི་སླུ་བ་ཞེས་འཇོག་པས་རྟོགས་པ་ཕན་ཚུན་བརྟེན་པའི་སྐྱོན་དང༌། གཞུང་ལ་མི་རྩི་བའི་བསྡུས་པའི་བཤད་པ་དང༌། གཞུང་གི་བཤད་པ་འདྲེས་པའི་སྐྱོན་དང༌། ཡང་ཤེས་བྱ་སྤྱིའི་རྣམ་གཞག་འཆད་པའི་སྐབས་སུ་ཤེས་བྱའི་མཚན་ཉིད་བློའི་ཡུལ་དུ་བྱ་རུང་ཟེར་བ་ལ་དབུ་མ་ཐལ་རང་གི་ཚེ་དོན་དམ་པའི་བདེན་པས་མ་ངེས། བློས་རིག་བྱ་ཡུལ་གྱི་མཚན་ཉིད་དུ་འདོད་པ་ལ་ཡུལ་དང་གཞི་གྲུབ་པ་ཁྱབ་མཉམ་པའི་ཚེ་མེད་པ་གསལ་བ་གཟུང་ཡུལ་དུ་འཆད་པས་མ་ངེས། ཡུལ་དང་ཤེས་བྱ་ལ་གཞལ་བྱས་ཁྱབ་ན་གཙོ་བོའི་སྒྲ་དོན་སོགས་དང་ཀུན་བཏགས་ཀྱིས་མ་ངེས། ཚད་མ་དེའི་གཞལ་བྱ་ལ་དེས་རྟོགས་པས་ཁྱབ་ན་མངོན་སུམ་སོ་སོའི་གཟུང་དོན་གྱིས་མ་ངེས། དེའི་འཇུག་ཡུལ་ལ་ཡང་དེས་ཁྱབ་ན་སྔོན་པོའི་རྡུལ་རྫས་བརྒྱད་པོ་སྔོར་སྣང་དབང་ཤེས་ཀྱི་འཇུག་ཡུལ་ཡིན་པས་མ་ངེས། དེ་ལ་མངོན་སུམ་ཡིན་པ་ལ་དེས་མཐོང་བས་ཁྱབ་པ་ལ་ཡང་དེ་དག་ཉིད་ཀྱིས་མ་ངེས། སྤྱི་མཚན་ཡོད་པར་འདོད་ན་མདོ་སྡེ་པའི་ཐད་དུ་དོན་བྱེད་ནུས་པ་ཡོད་པའི་མཚན་ཉིད་དུ་གསུངས་པས་མ་ངེས། རྣམ་རིག་པའི་ཐད་དུ་མི་རྟོག་ཡེ་ཤེས་ལ་མི་སྣང་ན་མེད་པས་ཁྱབ་པར་བཤད་པས་མ་ངེས། སྤྱི་མཚན་མངོན་སུམ་གྱིས་རྟོགས་པར་འདོད་པ་ཚད་མའི་གྲངས་ངེས་སྒྲུབ་བྱེད་དང་འགལ་བས་མི་འཐད། དངོས་པོ་ལ་འདུས་བྱས་ཀྱི་ཁྱབ་པར་འདོད་ན་མ་འོངས་པའི་དངོས་པོ་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་གཉིས་ཀས་མ་ངེས། དངོས་པོ་ལ་སྐྱེ་བ་དང་སྐྱེས་པ་གཉིས་ཀས་ཁྱབ་པར་འདོད་པ་ལ་སྐྱེས་ཟིན་སླར་ཡང་སྐྱེ་བ་དང༌། ཞིག་ཟིན་སླར་ཡང་འཇིག་པར་ཐལ་བས་མི་འཐད། ཁ་སང་གི་བུམ་པ་དེ་རིང་གི་དུས་སུ་ཞིག་ཀྱང་སྐྱེ་ན་ལན་གཅིག་ཞིག་པས་ཞིག་པའི་གོ་མི་ཆོད་པ་དང༌། ལན་ཅིག་སྐྱེས་པས་སྐྱེས་པའི་གོ་མི་ཆོད་པར་འགྱུར། དངོས་པོ་ལ་རྫས་དང་རང་མཚན་གྱིས་ཁྱབ་ན་གཞུང་ལས་དངོས་པོ་ལ་ཀུན་རྫོབ་དང་དོན་དམ་གཉིས་སུ་ཕྱེ་བས་མི་འཐད། མི་རྟག་པ་ལ་དངོས་པོས་ཁྱབ་ན་གཞུང་དུ་ཞིག་འཇིག་གཉིས་ཀ་མི་རྟག་པར་བཤད་པ་དང་འགལ། སྐྱེས་པ་ལ་དངོས་པོས་ཁྱབ་ན་སྐྱེས་པ་དང་ཞིག་པའི་གཞི་མཐུན་བཤད་པ་དང་འགལ། ཚིག་ཙམ་ལ་བསམ་ནས་རྒྱུ་འབྲས་དུས་མཉམ་པ་དང་རྒྱུ་དུས་སུ་འབྲས་བུ་ཡོད་པར་འདོད་ན། བདག་སྐྱེས་ཡོད་པར་ཐལ་བ་དང༌། དུས་མཉམ་ན་རྒྱུའི་རྗེས་སུ་འབྲས་བུ་མི་འབྱུང་བར་ཐལ་བ་དང༌། འབྲས་བུའི་སྔ་རོལ་ཏུ་རྒྱུ་མེད་པར་ཐལ་བ་དང༌། ཡང་བདག་སྣང་རུང་མ་དམིགས་པ་བདག་མེད་ཀྱི་མཚན་ཉིད་དུ་འདོད་པ་ནི་གཞུང་ལས་བདག་ཡོད་ཀྱང་སྣང་མི་རུང་དུ་བཤད་པ་དང་འགལ་ཞིང༌། རྣམ་འགྲེལ་མཛད་པའི་བདག་མེད་ཀྱི་གོ་དོན་གཉིས་སྟོང་གི་ཡེ་ཤེས་ལ་བཤད་པ་དང་འགལ། ལ་ལ་དག་དོན་བྱེད་ནུས་པ་དངོས་པོའི་ཐ་སྙད་བྱ་རུང་གི་མཚན་ཉིད་ཞེས་སོགས་ཟེར་བ་མཚོན་བྱ་ལ་བསམ་པ་ཡིན་ན་ཐ་སྙད་མཚོན་བྱར་བཤད་ཀྱི་ཐ་སྙད་བྱ་རུང་མཚོན་བྱར་མ་བཤད་པས་མི་འཐད། ཁྱབ་པའི་སྒོ་བཞི་རྩི་བ་ལ་བསམ་ན་བརྗོད་རུང་གི་གྲགས་པ་དང་འགལ་བས་མི་འཐད། ཡང་དངོས་པོ་སོགས་ཀྱི་རང་ལྡོག་ནས་མཚོན་བྱར་འདོད་ན་དོན་བྱེད་ནུས་པ་དང་དངོས་པོ་ལ་དོན་ཆོས་དང་བློ་ཆོས་ཀྱི་ཁྱད་པར་དང༌། རྫས་ཡོད་དང་བཏགས་ཡོད་ཀྱི་ཁྱད་པར་ཅན་དུ་འཆད་དགོས་པས་མི་འཐད། དེ་བས་ན་མཚོན་བྱ་དང་མཚན་ཉིད་ལ་ཁྱབ་པའི་སྒོ་བཞི་རྩི་བ་གཞུང་ལས་མ་བཤད། མཚན་གཞི་ཙམ་པོ་དེ་དང་དེའི་མཚན་ཉིད་ལ་མ་ཁྱབ་ཁྱབ་ཆེས་ཀྱི་སྐྱོན་སྤོང་དགོས་པར་གཞུང་ལས་བཤད། ཡང་དུས་འདིར་རྫས་དང་ལྡོག་པ་ཅི་ལ་ཟེར་ཡང་ངོ་མི་ཤེས་ཞིང༌། རྫས་ཆོས་དང་ལྡོག་ཆོས་ཀྱི་མཚན་ཉིད་དང་དབྱེ་བ་ཁོ་ཁོ་རང་ཡིན་མིན་སོགས་སྤྲོས་པ་མང་དུ་བྱེད་པ་དེ་དག་ནི་རྐང་རྐྱང་བ་དག་རྩེད་མོའི་ཕྱིར་ཡིན་ན་ཆོ་ལོ་རྩེ་བ་དང་འདྲ་བས་མ་བཀག་ལ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཡོན་ཡོངས་སུ་སྦྱོང་བར་འདོད་པ་དག་གིས་ནི་གཞུང་གི་ཐོས་བསམ་དང་སྒྲུབ་པའི་འཁོར་ལོ་ལ་གནོད་པས་རིང་དུ་དོར་བར་བྱ་བ་ཁོ་ནའོ། །དེ་བཞིན་དུ་གཞན་ཡང་དགག་སྒྲུབ་ཀྱི་རྩ་བ་འགལ་འབྲེལ་ལ་རག་ལས་པས། དེའི་གོ་བ་མ་ནོར་བར་ཤེས་དགོས་ཀྱང༌། དེའི་གོ་དོན་རྗེས་སུ་འགྲོ་ལྡོག་རྣལ་ལོགས་སུ་ཚད་མས་ངེས་པ་ལ་བཤད་པ་དེ་བོར་ནས་ཐ་དད་གཞི་མཐུན་མི་སྲིད་པ་དང་བཀག་ན་ཁེགས་པ་ཙམ་ལ་དེའི་གོ་དོན་དུ་འདོད་པ་ནི་རྟགས་ཡང་དག་འགའ་ཞིག་གི་རྟགས་ཆོས་འགལ་བ་དང༌། གཏན་ཚིགས་ལྟར་སྣང་འགའ་ཞིག་གི་རྟགས་ཆོས་ལ་རང་ལུགས་ཀྱི་འབྲེལ་པ་གྲུབ་པར་ཁས་བླངས་པས་ནོངས་པ་དང༌། མེད་ན་མི་འབྱུང་བའི་འབྲེལ་པ་ངེས་པ་དེ་གཏན་ཚིགས་ཡང་དག་ལ་གསུམ་དུ་ངེས་པའི་ཤེས་བྱེད་དུ་བཤད་པ་མི་འཐད་པར་འགྱུར་རོ། །ཡང་རྩོད་པ་རྒྱལ་ཕམ་གྱི་ཚད་ལོག་རྟོག་བཟློག་ཙམ་དང༌། དེ་ནས་ཚད་མ་སྐྱེས་པ་དང༌། ཐལ་འགྱུར་དེའི་འཁོར་གསུམ་གང་རུང་ལ་ལན་ཐེབས་མི་ཐེབས་སོགས་ཀྱི་སྒོ་ནས་འཇོག་པ་དེ་མི་ཤེས་པར། དངོས་འགལ་ལ་ལན་བཏབ་མ་བཏབ་དང༌། འཁོར་གསུམ་དངོས་འགལ་དུ་སོང་མ་སོང་གི་སྒོ་ནས་འཇོག་པ་ནི་གཞུང་གི་དགོངས་པ་མ་ཡིན་ཏེ། གཞུང་དུ་ནི་དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་ཁས་བླངས་སྔ་ཕྱི་དང༌། རང་ཚིག་སྔ་ཕྱི་འགལ་བས་འགལ་བའི་གོ་མི་ཆོད་པ་དང༌། གལ་ཏེ་ཆོད་དུ་ཆུག་ན་ཡང་སྒྲ་མི་རྟག་པ་དང་རྟག་པ་ལ་འདོད་ལན་རིམ་བཞིན་བཏབ་པའི་ཚེ་སྒྲ་རྟག་ན་མི་རྟག་པ་བུད་ཅེས་ཟེར་བ་ནི་སངས་རྒྱས་པའི་ཆོས་ལ་སྒྲ་རྟག་པས་མི་རྟག་པ་འབུད་ནུས་པ་མི་སྲིད་ལ། ཚུར་ལ་འབུད་ན་ནི། ཁས་བླངས་སྔ་མ་རྟིང་མའི་སྟེང་དུ་འབུད་པ་མེད་ཅེས་ཟེར་བ་དེ་ཅི། ཡང་རྒོལ་བས་སྔར་སྒྲ་རྟག་པར་ཁས་བླངས་པ་ལ་ཕྱིར་རྒོལ་བས་ཐལ་འགྱུར་འཕངས་པའི་བྱེད་པ་ལ་བརྟེན་ནས་རྒོལ་བའི་རྒྱུད་ལ་ཚད་མ་སྐྱེས་ནས་སྒྲ་མི་རྟག་པར་ཁས་བླངས་པ་དེའི་ཚེ་དངོས་འགལ་ཕུད་ནས་རྒྱལ་བར་འཇོག་པ་ཡིན་ནམ། དེ་ལྟ་ན་ཚར་བཅད་ཀྱི་གནས་སུ་འགྱུར་ཏེ། རྒོལ་བས་རང་གི་རྗེས་སུ་འབྲང་བཞིན་དུ་དངོས་འགལ་ལ་བུད་ཅེས་སྤྲེའུ་ལྟར་འཕགས་པས་ཆོག་པའི་ཕྱིར་དང༌། ཁྱེད་ལྟར་ན་དེའི་ལྡོག་ཁྱབ་ཀྱང་འབུད་དགོས་པས་སྒྲ་རྟག་ན་མི་རྟག་པ་བུད་ཅེས་ཟེར་ལ། དེ་ལྟ་ན་རྒོལ་བའི་རྒྱུད་ལ་ཚད་མ་སྐྱེས་ཟིན་པ་དེ་བཤིག་དགོས་པར་འགྱུར་རོ། །སྤྱིར་ཡང་གཞལ་བྱ་ལ་མི་རྟག་པས་ཁྱབ་པ་དང་སྒྲ་གཞལ་བྱ་དང་རྟག་པར་ཁས་བླངས་པའི་ཚེ། སྒྲ་ཆོས་ཅན་མི་རྟག་པར་ཐལ། གཞལ་བྱའི་ཕྱིར་ཞེས་འཕངས་པ་ན། ཁྱེད་ཅག་ལྟར་ན་འཁོར་གསུམ་དངོས་འགལ་དུ་སོང་བས། རྩོད་པ་རྒྱལ་བ་ཡིན་མོད། ཁོ་བོ་ཅག་ལྟར་ན་དེ་ལྟར་འཕེན་པ་པོ་ཚར་བཅད་ཀྱི་གནས་ཁོ་ན་སྟེ། ཁས་ལེན་དེ་ལ་ཐལ་འགྱུར་ཡང་དག་འཕེན་རྒྱུ་ཡོད་བཞིན་དུ་ལྟར་སྣང་འཕངས་པའི་ཕྱིར། ལྟར་སྣང་ཇི་ལྟར་འཕངས་ཤེ་ན། ཐལ་འགྱུར་དེའི་ཁྱབ་པ་ཚད་མས་མི་འགྲུབ་ཅིང་ཐལ་ཆོས་ལ་བསལ་པ་སྟོན་རྒྱུ་མེད་པའི་ཕྱིར་མེད་དེ། འདི་ལ་ཚད་མའི་བསལ་པ་མེད་ཅིང་ཁས་བླངས་ཀྱི་བསལ་པས་གོ་མི་ཆོད་པའི་ཕྱིར། འདི་ལ་ཁྱབ་པ་མ་ངེས་པའི་ལན་ཡང་ཐེབས་པ་ཡིན་ཏེ། དེའི་ཁྱབ་པ་མ་ངེས་པ་ཉིད་གནས་ཚུལ་ལ་ཞུགས་པའི་ཕྱིར་དང༌། དེ་ཚད་མས་མི་འགྲུབ་ན་དེ་ཁས་ལེན་པ་འགལ་ཞེས་པ་ཙམ་གྱིས་རྩོད་པ་རྒྱལ་བར་འཇོག་ན་ནི། དེ་སྐད་ཅེས་བརྗོད་པས་ཕྱི་རོལ་པ་སོགས་ཀྱི་གྲུབ་མཐའ་ནོར་བ་ཐམས་ཅད་སུན་འབྱིན་ནུས་པར་འགྱུར་རོ། །ཡང་དག་གི་ཐལ་བ་ཇི་ལྟར་འཕེན་རྒྱུ་ཡོད་ན། འོ་ན་ནམ་མཁའ་ཡང་མི་རྟག་པར་ཐལ། གཞལ་བྱ་ལ་མི་རྟག་པས་ཁྱབ་པའི་ཕྱིར་ཞེས་འཕངས་ན་ཕྱིར་རྒོལ་གྱི་ལོག་རྟོག་བཟློག་པས་ཕམ་ཞིང་སྔར་རྒོལ་ནི་རྒྱལ་བ་ཡང་དག་པ་སྟེ། རྟགས་ཁས་བླངས་ཁྱབ་པ་ཚད་གྲུབ་ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་པས་གནམ་ལྕགས་ཐོག་གི་འཕྲེང་བ་འཕངས་པའི་ཕྱིར། དེ་ལྟར་འཕངས་པ་ལ་དུས་འདིར་ནི་འཁོར་གསུམ་དངོས་འགལ་བྱེད་རྒྱུ་ཡོད་བཞིན་དུ་བྱེད་མ་ཤེས་ཟེར་རོ། །ཡང་དེ་ལྟར་ཐལ་འགྱུར་གྱི་འཕེན་ལུགས་སྐྱོན་ཅན་དེ་ལྟར་མཚོན་པ་ཙམ་དུ་མ་ཟད། རང་རྒྱུད་ཀྱི་བསྒྲུབ་ལུགས་སྐྱོན་དང་བཅས་པ་ཡང་འདི་ལྟར་གྲགས་ཏེ། ཕྱིར་རྒོལ་བས་སྒྲ་དངོས་པོ་མ་ཡིན་པར་ཁས་བླངས་པ་ལ་སྔར་རྒོལ་གྱིས་སྒྲ་ཆོས་ཅན། དངོས་པོར་ཐལ། དོན་བྱེད་ནུས་པའི་ཕྱིར། རྟགས་མ་གྲུབ་ན་དེར་ཐལ། ཞེས་སོགས་ཀྱི་རྟགས་བསྒྲུབ་པ་ཡིན་ཞེས་འཆད་དོ། །འདི་ནི་ཡང་དག་པ་མ་ཡིན་ཏེ། སྤྱིར་དམ་བཅའ་འདི་སྔར་རྒོལ་གྱིས་འཇོག དེའི་ཚེ་ཕྱིར་རྒོལ་གྱིས་མི་འཐད་པ་ལ་སུན་འབྱིན་བརྗོད། ཐེ་ཚོམ་དུ་གྱུར་ན་སྒྲུབ་བྱེད་འདྲི་བ་ཡིན་པ་ལ། དྲིས་པའི་ཚེ་ན་སྔར་རྒོལ་སྐྱོན་མེད་ཀྱིས་ཐོག་མར་རང་རྒྱུད་ཀྱི་རྩ་བའི་སྦྱོར་བ་ཙམ་ཞིག་འགོད། དེ་ནས་ཚུལ་གསུམ་བསྒྲུབ། དེ་ཤེས་ནས་སྒྲུབ་པའི་ངག་གིས་ཚུལ་གསུམ་དྲན་ལམ་དུ་འཕེན་དགོས་རྒྱུ་ཡིན་པ་ལ་རྣམ་དབྱེ་གང་ཡང་མེད་པར་དེར་ཐལ་དེའི་ཕྱིར་ཟེར་བ་དེ་ཙམ་གྱི་རྗེས་ལ་ཁྱབ་པ་མ་གྲུབ་པ་ལ་ཚད་འབུད་ཀྱི་ཐ་སྙད་དང༌། རྟགས་མ་གྲུབ་ན་ཐལ་ངག་གིས་རིམ་པར་བསྒྲུབ་ནས་མཇུག་ཏུ་ཁྱབ་པ་ཚད་འབུད་བྱེད་རྒྱུ་ཅི་ཡོང་ཅིག་ལ་བློ་རྩེ་གཏད་པས་ནི། སྡེ་བདུན་གྱི་རིགས་ལམ་རྩ་བ་ནས་སུན་ཕྱུང་བ་ཡིན་ཏེ། འཕེན་ལུགས་དེ་རང་རྒྱུད་ཀྱི་གཏན་ཚིགས་སྐྱོན་མེད་དུ་འདོད་ན་ནི། མ་གྲུབ་སྒྲུབ་བྱེད་དུ་བཀོད་པར་སོང་བས་ཚར་བཅད་ཀྱི་གནས། ཐལ་འགྱུར་དུ་བྱེད་ན་ནི་རྟགས་ཁྱབ་ལ་ཁས་བླངས་མེད། ཐལ་ཆོས་ལ་བསལ་བ་སྟོན་རྒྱུ་མེད་པས་ཚར་བཅད་ཀྱི་གནས་བསལ་བ་སྟོན་རྒྱུ་ཡོད་དེ། སྔར་སྒྲ་དངོས་པོ་མ་ཡིན་པར་ཁས་བླངས་པས་སོ་ཞེ་ན། སྒྲ་དངོས་པོ་མ་ཡིན་པར་ཁས་བླངས་པས། དེ་དངོས་པོ་ཡིན་པ་སེལ་ནུས་ན། དེ་དག་གང་ལ་ཚད་མ་མེད། །དེ་ནི་དེ་ལ་གནོད་བྱེད་འགྱུར། །ཞེས་འདོན་དགོས་པར་འགྱུར་རོ། །སྒྲ་དངོས་པོ་མ་ཡིན་པར་ཁས་བླངས་པ་ལ་སྔར་རྒོལ་གྱིས་ཅིས་ཀྱང་ཐལ་འགྱུར་ཞིག་འཕེན་དགོས་ན། སྒྲ་ཆོས་ཅན་དོན་བྱེད་མི་ནུས་པར་ཐལ་ཞེས་འཕེན་དགོས་པ་ཡིན་ཏེ། དེ་ལྟར་འཕངས་པའི་ཚེ་ན་རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཚད་མའི་བསལ་པ་སྟོན་རྒྱུ་ཡོད་པས་སོ། །བསལ་པ་ཇི་ལྟར་སྟོན། སྒྲས་འབྲས་བུ་བསྐྱེད་པ་མངོན་སུམ་གྱི་གྲུབ་པས་བསལ་ཞེས་པ་ལྟ་བུ་ཅིག་བརྗོད་དགོས་པ་ཡིན་གྱི་དོན་བྱེད་ནུས་པར་ཐལ་ཞེས་སོགས་ཐུག་མེད་དུ་བསྒྲུབ་པས་ནི་ཅིར་ཡང་མི་རུང་སྟེ། སྒྲ་དོན་བྱེད་ནུས་པར་ཚད་མའི་ངེས་པ་བསྐྱེད་མ་ནུས་ན་དེ་འདྲ་དེ་ལ་ཚད་བསལ་ཇི་ལྟར་སྟོན། ཡང་ཕྱི་རབས་པ་དག་དོན་བྱེད་ནུས་པའི་སྒྲུབ་བྱེད་དུ་དངོས་པོ་དང་སྐད་ཅིག་མའི་སྒྲུབ་བྱེད་དུ་མི་རྟག་པ་འགོད་པ་ལ་ཡང་བར་མི་བྱེད་ཅིང༌། དངོས་པོ་དང་བྱས་པའི་སྒྲུབ་བྱེད་དུ་ཡང་མི་རྟག་པ་དང་དོན་དམ་པར་དོན་བྱེད་ནུས་པ་འགོད་པ་སོགས་ལ་ངོ་ཚ་བར་མི་བྱེད་ཅིང༌། རྩོད་གཞི་རྟགས་སུ་བཀོད་ནས་སྒྲུབ་པ་ཡང་བག་ཚ་བར་མི་བྱེད་པ་དེ་དག་གིས་ནི། མངོན་གྱུར་གྱི་སྒྲུབ་བྱེད་དུ་ལྐོག་གྱུར་བཀོད་པ་དང༌། དམ་བཅའ་རྟགས་སུ་བཀོད་པས་ན་ཐ་ཆད་པའི་གནས་སོ། །སྐབས་ཁ་ཅིག་ཏུ་ཁྱབ་མ་ངེས་པའི་ལན་བཏབ་པ་ན། དངོས་སྐྱོན་གཏོང་རྒྱུ་མེད་པ་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས་ཁོ་བོ་ལ་ཁྱབ་པ་འདི་འདྲ་འབུད་རྒྱུ་བྱུང་ཞེས་ང་རྒྱལ་དུ་བྱེད་པ་ནི་ཐུན་མོང་མ་ཡིན་པའི་དང༌། ལྷག་ལྡན་གྱི་མ་ངེས་པ་ཁོང་དུ་མ་ཆུད་ཅིང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཅི་ལ་ཟེར་ངོ་མ་ཤེས་པས་ནོངས་པ་ཡིན་ནོ། །གཞན་དུ་ན་རྟགས་ཆོས་ཐ་མི་དད་དང༌། བརྟག་པ་མཐའ་བཟུང་དུ་གྲགས་པ་རྣམས་ལ་ཁྱབ་པ་ཡོད་པ་ཉིད་དུ་ཁས་ལེན་དགོས་པར་འགྱུར་རོ། །ཡང་སྔར་རྒོལ་གྱིས་དམ་བཅའ་བཞག་པའི་ཚེ་སྔར་རྒོལ་མགོ་འཁོར་བ་དང་ཅི་ཟེར་བརྟག་པའི་ཕྱིར་དུ་རྟགས་ཆོས་ཐ་མི་དད་ཀྱི་ཐལ་བ་འཕེན་པ་ནི་ཚར་བཅད་ཀྱི་གནས་ཁོ་ན་སྟེ། ཁས་བླངས་མེད་པའི་ཐལ་འགྱུར་བཏང་བའི་ཕྱིར་དང༌། ཁས་བླངས་ངན་པ་ཞིག་མ་འོངས་པ་ན་འབྱུང་དུ་རེ་ནས་རྟགས་ཆོས་གང་རུང་ཞིག་གཏོང་ངོ་ཞེས་ཟེར་ན་ནི་འབྱུང་རུང་གི་དམ་བཅའ་མ་འོངས་པ་ལ་ད་ལྟར་གྱི་ཐལ་འགྱུར་འཕེན་པ་ནི་ཐ་ཆད་པའི་ཕྱིར་དང༌། རྟགས་ཆོས་ཐ་མི་དད་ལ་ཁྱབ་པ་མ་ངེས་པའི་ལན་ཐེབས་པས་སོ། །མི་ཐེབས་ཏེ་ཚད་འགལ་དུ་འབུད་པས་སོ་ཞེ་ན། ཁོ་བོ་ཅག་གིས་ཀྱང་འབུད་དོ། །དེའི་ཚེ་དངོས་འགལ་དུ་སོང་སྟེ་ཕུད་པའི་ཚེ་ཁྱབ་པ་ཚད་གྲུབ་ཏུ་ཁས་བླངས་སོ་ཞེ་ན། འོ་ན་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་དང༌། སྒྲ་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པ་སོགས་ཀྱིའང་ཁྱབ་པ་ཚད་མས་གྲུབ་པར་འགྱུར་ཏེ་ཁྱེད་ཀྱིའང་དེ་ལྟར་ཕུད་པས་ཆོག་པའི་ཕྱིར། མི་ཆོག་ན་ཁོ་བོ་ཅག་གིས་དེ་ལྟར་ཕུད་ཆོག་པས་རྒྱལ་བར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་ཡང་དག་དང་ཐལ་འགྱུར་ཡང་དག་གི་དང༌། དེ་དག་ལྟར་སྣང་གི་རྣམ་གཞག་ནི་གཞུང་ལས་བྱུང་བའི་ཚུལ་གསུམ་དང་འགལ་མ་ངེས་མ་གྲུབ་པའི་རྣམ་གཞག་ཉིད་ཚད་མར་བྱེད་དགོས་པ་ཡིན་གྱི། དེ་དག་དང་འབྲེལ་པ་མེད་པའི་གོང་དུ་སྨོས་མ་ཐག་པ་དེ་དག་རང་དབང་མེད་པར་འཛིན་པ་དང༌། ཉམས་ལེན་བྱེད་པ་དེ་དག་ནི་ཚངས་པའམ་བརྒྱ་བྱིན་ཞིག་གིས་བྱས་པ་ཡིན་ཞེས་བསམ་པར་བྱའོ། །དེ་ལྟར་རྟོག་གེའི་བརྡ་འཆད་སུ་བྱས་ཀྱི་ངེས་མེད་ཅལ་ཆོལ་དུ་བྱུང་ཚུལ་མདོ་ཙམ་བརྗོད་ཟིན་པའི་འོག་ཏུ་གཉིས་པ་ནི་དར་ཊཱིཀ་མཛད་པས་ཁོང་རང་གི་བླ་མ་གོང་མའི་བཞེད་པ་རང་ལུགས་ཀྱི་གྲུབ་མཐར་བཞག་པ་མདོ་ཙམ་དུ་བཞག་པ་ནི་འདི་ལྟར། ཕྱི་རོལ་གྱི་དོན་བསྒྲུབ་འགོག་གི་སྐབས་མདོ་སེམས་ཀྱི་གཞུང་གཞིར་བཞག་ནས། ཚད་མའི་མཚན་ཉིད་ཀྱི་མི་བསླུ་བའི་གོ་དོན་གང་ལ་མི་བསླུ་བ་དེ་ཉིད་གསར་དུ་རྟོགས་པ་དང༌། དེའི་ཡང་གོ་དོན་སྒྲོ་འདོགས་གསར་དུ་གཅོད་བྱེད་ལ་འདོད་པ་དང༌། ཕྱི་རོལ་དོན་སྣང་གི་ཚད་མས་དོན་དངོས་སུ་རྟོགས་པ་དང༌། དེའི་ཚེ་དོན་དུ་སྣང་བ་དེ་ཉིད་དོན་དངོས་སུ་འདོད་པ་དང༌། དོན་བསྒྲུབ་ཀྱི་སྐབས་སུ་ཕྱྭ་བསྡུས་པས་མདོ་སྡེ་པའི་ལུགས་འགག་པའི་གྲུབ་མཐའ་ལ་གསལ་སྣང་ཞུགས་ནས་བརྗོད་མ་ཐག་པ་དེ་ལྟར་ཁས་ལེན་པ་དང༌། རང་གིས་མདོ་སྡེ་པའི་ལུགས་ཚད་མར་ཁས་ལེན་པ་གཉིས་བསྲེས་པས་ན་གཞུང་དང་མ་མཐུན་པའོ། །ཡང་འབྲས་རྟོག་དང་པོར་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་དོན་དེ་ལ་གསར་དུ་མི་བསླུ་བའི་རིག་པ་བཀོད་པས་རྟོགས་པ་ཕན་ཚུན་བརྟེན་པའི་ཉེས་པ་ཤིན་ཏུ་ཆེ། གཞུང་དུ་དོན་འདྲ་བ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་བཤད་པ་ལ་དམིགས་ཡེ་མེད་པར་བོར་ནས་གསར་དུ་མི་བསླུ་བ་ཉིད་བཤད་པས་གཞུང་དང་མ་མཐུན། ཡང་ཚད་འབྲས་མཚན་མཚོན་དུ་འཇུག་པ་ལ་ཁུངས་ཡེ་མེད་བཞིན་དུ་ཁས་བླངས་པས་ལུང་རིགས་གཉིས་ཀ་དང་མ་མཐུན། དེའི་ཤེས་བྱེད་རྣམ་འགྲེལ་ངེས་སུ་ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་དང་གཞལ་བྱ་རྟོགས་པ་གཉིས་ལ་རྣམ་དབྱེ་ཐ་དད་དུ་ཕྱེ་ནས་སྒྲུབ་བྱེད་སོ་སོར་བཤད་པ་ཡིན། དེ་ཡང་མི་བསླུ་བའི་ཤེས་བྱེད་དུ་བརྒྱུད་ནས་འབྲེལ་བ་དང༌། གཞལ་བྱ་རྟོགས་པའི་ཤེས་བྱེད་དུ་རྣམ་པ་ཤར་བ་བཀོད་པ་ཡིན། རྣམ་པ་ཤར་བ་དེ་ཡང་དོན་བསྒྲུབ་ཀྱི་སྐབས་སུ་མ་དཔྱད་པའི་ཚེ་དོན་རིག་དང༌། དཔྱད་པའི་ཚེ་རང་རིག་གི་སྒྲུབ་བྱེད་དུ་གཞུང་ཉིད་ལས་བཞག་པ་ཡིན། གཞན་ཡང་དོན་རིག་མངོན་སུམ་གྱི་སྔ་ལོགས་ན་ཕྱི་རོལ་གྱི་དོན་ཡོད་དམ་མེད། མེད་ན་གཟུང་ཡུལ་དང་དོན་གྱི་མཚན་ཉིད་ཇི་ལྟར་འཆད། ཡོད་ན་དེ་མངོན་སུམ་གྱིས་ཇི་ལྟར་རྟོགས་ཏེ། གཅིག་དུས་སུ་ཅིག་ཤོས་ཞིག་པའམ་མ་སྐྱེས་པའི་ཕྱིར། དེ་ལྟར་འགལ་བ་དེ་ཡང་ཚད་བསྡུས་དང་བསྲེས་པས་ནོངས་པའོ། །སྐད་ཅིག་ཉིད་ཕྱིར་འདས་པ་ཞེས་སོགས་དེ་མ་ཐག་རྐྱེན་གྱི་དུས་སུ་འདས་པ་ལ་བྱེད་ཟེར་ན་དེ་འདྲ་དེ་སྔོན་དུས་ཀྱི་གཞུང་འགྲེལ་གང་ནའང་སུས་ཀྱང་བཤད་པ་མེད་པས་རང་བཟོའོ། །ཚད་བསྡུས་ཀྱི་ནང་ན་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ལ་གང་སྣང་བ་དེ་དོན་སྤྱི་དང་དོན་དངོས་སུ་བཤད་པ་དེ་གཞུང་ཚད་མར་འཇོག་པའི་སྐབས་སུ་ཡང་ཁས་བླངས་པས་ཁ་ཕྱིར་ལྟའི་ཤེས་པས་རང་མ་རིག་པ་དང༌། རང་རིག་པའི་གོ་དོན་ཁ་ནང་ཁོ་ནར་ཕྱོགས་པ་ལ་བཤད་པས། བློ་ཚུལ་གཉིས་བསྒྲུབ་ཀྱི་གཞུང་ཐམས་ཅད་འཁྱོག་པོར་འཆད་དགོས་པ་བྱུང༌། ཡང་ཕྱི་རོལ་དོན་འོག་གི་སྐབས་སུ་སྔོར་སྣང་དབང་ཤེས་ལ་སྔོན་པོར་སྣང་བ་སོགས་ཚད་བསྡུས་དང་བསྟུན་ནས་སྔོ་སོགས་ཉིད་དུ་ཁས་བླངས། གཞུང་དང་བསྟུན་པའི་ཕྱིར་དུ་ཤེས་པའི་བདག་ཉིད་དུ་བཞག་ནས། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོན་པོ་ཞེས་ཟེར་བ་ནི་སྔོན་ཆད་ཀྱི་གཞུང་འགྲེལ་གང་ནའང་མ་བྱུང༌། མངོན་པ་གོང་མར་རྣམ་བརྟགས་ཀྱི་གཟུགས་སྒྲ་སོགས་བཤད་པ་དེ་ནི་ཤེས་པ་ཉིད་དུ་ཁས་ལེན་པས་འདིར་ཁུངས་སུ་མི་རུང༌། དེ་ལྟར་བཤད་ནས་སྔོན་པོ་དང་སྔོན་འཛིན་སྔོན་སུམ་ཆོས་ཅན་དུ་བཟུང་ནས་ལྷན་ཅིག་དམིགས་ངེས་ཀྱི་གཏན་ཚིགས་འགོད་པ་དེ་ལྟ་ན། སྔོན་པོ་དེ་སྔོན་འཛིན་མངོན་སུམ་གྱི་དམིགས་རྐྱེན་དུ་འདོད་པ་དང་འགལ། དེ་དེའི་དམིགས་པ་མཚན་ཉིད་པ་ཡིན་ཀྱང་རྐྱེན་ནི་བཏགས་པ་བར་འདོད་དོ་ཞེ་ན། རང་འཛིན་ཤེས་པ་བསྐྱེད་པ་ཙམ་གྱི་དོན་བྱེད་པར་མི་ནུས་ན་དངོས་པོར་འགལ་ལོ། །ཉེས་པ་དེ་སྤོང་བར་འདོད་ནས་སྔོན་པོ་དང་སྔོན་འཛིན་ཚད་མ་ཆོས་ཅན་དུ་འཇོག་ཟེར་ན། མངོན་སུམ་དང་རྗེས་དཔག་ལས་མ་གཏོགས་པའི་ཚད་མ་ངོས་འཛིན་རྒྱུ་མེད་དོ། །ཡང་བསྡུས་པའི་རང་ལུགས་ཁས་བླངས་པ་དེའི་ཚེ་གཟུང་རྣམ་གྱི་ངོས་འཛིན་བྱེད་རྒྱུ་མ་བྱུང་ཞིང༌། གལ་ཏེ་ངོས་འཛིན་ན་དོན་སྤྱི་དང་དོན་རང་མཚན་དང་འཛིན་རྣམ་གསུམ་ལས་མ་འདས་ལ། དེ་ལྟ་ན་ཐ་ཆད་དོ། །ཡང་ལུགས་འདི་པ་དག་གིས་རྣམ་རིག་པའི་སྐབས་སུ་འཛིན་པ་ཆོས་ཀྱི་བདག་མེད་ཞེས་པའི་དོན་དང་ཐ་སྙད་ཁས་མི་ལེན་ཞིང་གཟུང་བ་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མེད་པར་དགག་པ་ཞིག་སྟེ། འདི་ཡང་རང་མཚན་དང་དོན་དམ་པའི་བདེན་པར་ཁས་ལེན་ཞིང་རང་རྒྱལ་གྱི་ལྟ་བ་ལས་ལྷག་པའི་ལྟ་བ་ལུགས་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་ཟེར། འདི་ལ་ནི་ལུང་གི་སྙེ་མ་ལས། འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་རྣམ་རིག་གྲུབ་པའི་མཐའ། །མཚུངས་པར་རྟོགས་པའི་མཁས་པ་མཚར། །ཞེས་མ་འོངས་ལུང་བསྟན་མཛད་དོ། །གཞན་ཡང་དེ་འདྲའི་སྟོང་ཉིད་དེ་རང་མཚན་ཉིད་ཀྱི་ཕྱིར་དོན་དམ་པར་དོན་བྱེད་ནུས་པ་ཉིད་དུ་འགྱུར་རོ། །དེ་དེའི་མཚན་གཞི་ཡིན་གྱི་མཚན་ཉིད་མ་ཡིན་པས་མ་ངེས་སོ་ཅེ་ན། དེ་ལྟ་ན་གཞལ་བྱ་གཉིས་ཕྱིར་གྱི་སྒྲུབ་བྱེད་དུ། དོན་བྱེད་ནུས་དང་མི་ནུས་ཕྱིར་ཞེས་བཤད་པ་དང་འགལ་ལོ། །གཞན་ཡང་ཕྱི་རོལ་གྱི་དོན་རང་གི་ངོ་བོས་སྟོང་པ་གཟུང་བ་ཆོས་ཀྱི་བདག་མེད་ཀྱི་ངོས་འཛིན་དུ་བཤད་ན་ཉེས་པ་ཅི་ཡོད། ཕྱི་རོལ་གྱི་དོན་ནི་ཚད་གྲུབ་ཏུ་དབུ་མ་ཐལ་འགྱུར་བ་བཞེད་པས་རང་རྒྱལ་དང་སེམས་ཙམ་པ་ལ་ཆོས་ཀྱི་བདག་མེད་གོ་ཆོད་པོ་ཡོད་པར་ཐལ་བས་སོ་སྙམ་ན། འོ་ན་དེ་དག་གིས་ཕྱི་རོལ་གྱི་དོན་མེད་པར་རྟོགས་ཤིང་བསྒོམ་པས་ལོག་པའི་ལྟ་བ་ཉིད་དུ་འགྱུར་རོ། །གྲུབ་མཐའི་སྐབས་སོ་སོ་བ་ཡིན་པས་སྐྱོན་མེད་དོ་ཞེ་ན། དེ་ལྟ་ན་གཟུང་བ་ཆོས་ཀྱི་བདག་མེད་པའི་གོ་དོན་ཡང་ཕྱི་རོལ་གྱི་དོན་མེད་པ་ལ་གཞུང་འགྲེལ་ཀུན་ལས་བཤད་དོ། །ཡང་རྣམ་རིག་པའི་སྐབས་སུ་གཟུང་རྣམ་བདེན་མེད་དུ་བསྒྲུབ་པའི་རིགས་པ་བཤད་བཞིན་དུ་འཛིན་པ་བདེན་མེད་ཅིའི་ཕྱིར་མ་བཤད། དེ་བཤད་པ་མེད་དོ་ཞེ་ན། གང་གིས་དངོས་པོ་རྣམ་དཔྱད་ན་ཞེས་སོགས་ཀྱིས་ཅི་ཞིག་བསྟན། གཟུང་འཛིན་རིག་གསུམ་ཐ་དད་པའི་ཆ་ཆོས་ཅན་དུ་འཛིན་ན། དེ་ལྟར་འཆད་པའི་ཁུངས་མེད་ཅིང༌། དེ་འདྲ་དེ་གཞན་སེལ་དུ་འདུས་པས་འདིར་བདེན་མེད་དུ་སྒྲུབ་མི་དགོས་སོ། །གལ་ཏེ་འཛིན་རྣམ་བདེན་མེད་དུ་མ་བཤད་པས་འཛིན་པ་བདེན་མེད་གཞུང་ན་མེད་དོ་ཞེ་ན། གཟུང་འཛིན་གཉིས་སུ་ཕྱེ་བའི་འཛིན་པའི་ངོས་འཛིན། འཛིན་རྣམ་ལ་བཤད་པ་གཞུང་འགྲེལ་ན་མེད་ཅིང༌། གཟུང་འཛིན་གཉིས་སུ་སྣང་བ་ནི་རྣམ་པ་ཀུན་ཏུ་འཁྲུལ་ཞིང༌། མ་འཁྲུལ་བའི་གནས་སྐབས་གཅིག་པོ་ནི་འཛིན་རྣམ་ཁོ་ནའོ། །ཡང་འདི་སྐད་དུ་འབྲས་རྟོག་དང་པོའི་རྣམ་གཞག་ནི་མདོ་སེམས་ཐུན་མོང་བའི་ལུགས་ཏེ། སྔོན་པོ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །རྣམ་གཞག་གཉིས་པ་ནི་མདོ་སེམས་དབུ་མ་པ་ཀུན་གྱི་རྣམ་གཞག་ཐུན་མོང་བ་སྟེ། གཟུང་རྣམ་གཞལ་བྱ་ལ་འཛིན་རྣམ་ཚད་མ་ནི་དེ་དག་ཀུན་གྱིས་འདོད་པས་སོ། །རྣམ་གཞག་གསུམ་པ་ནི་སེམས་ཙམ་པའི་ཐུན་མོང་མ་ཡིན་པ་སྟེ། ཤེས་པ་རང་གི་བདག་ཉིད་དུ་གྱུར་པའི་སྔོ་སོགས་གཞལ་བྱ་ལ་དེའི་རྣམ་པ་ཤར་ནས་དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཚད་མ་དང༌། དེ་དངོས་སུ་རྟོགས་པའི་ཚད་མ་འབྲས་བུའོ། །ཞེས་གསུང༌། རྣམ་གཞག་སྔ་ཕྱི་གཉིས་ཀྱི་ཚིག་དོན་ལ་གཞུང་འགྲེལ་གྱི་ཁུངས་མེད། རྣམ་བརྫུན་པས་གཟུང་བའི་རྣམ་པ་འཛིན་རྣམ་གྱི་མྱོང་བྱར་མི་འདོད། རྣམ་བརྫུན་པའི་ཚད་འབྲས་ཀྱི་རྣམ་གཞག་གཞུང་ལས་དངོས་སུ་གསུང་བཞིན་དུ་ཆད། རྒྱུ་ནི་དོན་ཡང་ཡིན་པས་ན། །དོན་ནི་གཞལ་བྱ་ཉིད་དུ་འདོད། །ཞེས་པ་རྣམ་གཞག་གསུམ་པ་ལ་ལྟོས་པའི་གཞན་གཞུང་དུ་འཆད་ན། དེ་ཕྱིར་ཕྱི་རོལ་གཞལ་བྱ་ལའང༌། རང་ཉིད་ཉམས་མྱོང་ཞེས་པའང་དེར་འཆད་དགོས་པས་རྣམ་གཞག་གསུམ་པ་འདིས་དོན་སྣང་གི་ཤེས་པ་ལ་དོན་ཇི་ལྟ་བའི་རྣམ་པ་འཆར་བ་དང༌། དོན་སྣང་གི་ཤེས་པ་ལ་ཕྱི་རོལ་དོན་གྱིས་རང་ངོས་ནས་རང་འདྲའི་རྣམ་པ་གཏད་པར་མདོ་སྡེ་པས་འདོད་པ་དེ་འགོག་པ་ཡིན་ཞེས་གསུང་མོད། མདོ་སྡེ་པ་ནི་ཕྱོགས་སྔ་མ་དེ་ལྟར་མི་འདོད་དེ། དེས་ནི་ཕྱི་རོལ་དོན་གྱི་གནས་ཚུལ་རྡུལ་ཕྲན་དུ་གནས་པ། དོན་སྣང་གི་ཤེས་པ་ལ་རགས་པའི་རྣམ་པར་འཆར་བ་ནི་དེ་ཡི་འདོད་པ་གསལ་བའི་ཕྱིར་དང༌། ཇི་སྐད་དུ། ཕྱི་རོལ་དོན་ནི་དངོས་སུ་མིན་ཞེས་སྔོན་པོའི་རྣམ་པ་ཤར་བའི་རིག་པས་སྔོན་པོ་དངོས་སུ་མི་རྟོགས་པ་ཉིད་མདོ་སྡེ་པའི་གྲུབ་མཐར་བཤད་ན། སེམས་ཙམ་པ་ལ་དེས་དེ་དངོས་སུ་རྟོགས་པ་ལྟ་ཅི་སྨོས་པའི་ཕྱིར། གལ་ཏེ་དོན་ལྐོག་ན་མོར་ཁས་ལེན་ན། གང་ལ་དོན་གྱི་ནུས་པ་ལས་ཞེས་སོགས་དང་དངོས་སུ་འགལ་ལོ་ཞེ་ན། བཤད་པ་དེ་ནི་གཞལ་བྱ་མངོན་གྱུར་གྱི་ལུང་མ་ཡིན་གྱི་འཇུག་ཡུལ་མངོན་གྱུར་གྱི་སྐབས་སོ། །དེའི་གོ་དོན་ནི་རྟགས་ལ་མ་ལྟོས་པར་མྱོང་བའི་སྟོབས་ཀྱིས་ངེས་པ་འདྲེན་ནུས་ཞིག་ཡིན་ལ། དེ་འདྲ་དེ་མངོན་སུམ་གཞན་ངེས་རྣམས་ལ་མེད་ཀྱང་རང་ངེས་ལ་ཡོད་པས་དེས་གོ་ཆོད་པ་ཡིན་ནོ། །ཡང་འདི་སྐད་དུ་བློས་རྣམ་བཅད་ཀྱི་རྟོགས་བྱ་གཞན་སེལ་གྱི་མཚན་ཉིད་དང༌། དབྱེ་ན་དོན་རང་མཚན་གྱི་དང༌། བློ་ཡི་དང༌། མེད་དག་གི་སེལ་བ་སྟེ་གསུམ་དུ་འབྱེད་པ་ཤཱཀ་བློ་དང་ཞི་འཚོའི་དགོངས་པ་དང༌། སོ་སོའི་ངོས་འཛིན་ནི་བུམ་མ་ཡིན་ལས་ལོག་པའི་བུམ་པ་རང་མཚན་ལྟ་བུ་དང༌། རང་འཛིན་རྟོག་པ་ལ་རང་མ་ཡིན་ལས་ལོག་པར་སྣང་ཙམ་དང༌། བུམ་པ་སྣམ་བུས་སྟོང་པ་ལྟ་བུའོ་ཞེས་ཟེར་ཏེ། གཞན་སེལ་གང་ལ་ཟེར་གྱི་དོན་སྤྱི་ཙམ་ཡང་མ་ཤར་བའི་སྐད་དེ། འདི་ལ་བརྟེན་ནས་གཞི་གྲུབ་ཚད་གཞན་སེལ་ཡིན་ཟེར་བ་དག་བྱུང་ངོ༌། །གསུམ་དུ་འབྱེད་པ་སློབ་དཔོན་དེ་དག་གི་བཞེད་པ་ཡིན་དུ་ཆུག་ནའང༌། སྣང་བའི་དངོས་པོ་ཐམས་ཅད་ལ་དངོས་བཏགས་མ་ཕྱེ་བར་སྣང་ངོའི་དང་སེལ་ངོའི་ཆོས་གཉིས་སུ་ཕྱེ་ནས་སེལ་ངོའི་དོན་རང་མཚན་དུ་སྒྲོ་བཏགས་པ་རྣམས་བསལ་གཞི་དང༌། སེལ་ངོའི་སྒྲ་དང་རྟོག་པ་དག་ནི་སེལ་བྱེད་དང༌། སེལ་ངོར་རང་རང་གི་རིགས་མི་མཐུན་དང་རིགས་མཐུན་གྱི་ལོག་པ་ཐ་དད་པ་རྣམས་བསལ་བྱ་དང༌། དེས་དེ་བསལ་བའི་ལྡོག་པ་ནི་གཞན་སེལ་བ་དངོས་ཏེ། དབྱེ་ན་རང་གི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་བསལ་བྱ་དེ་བསལ་བའི་ཤུལ་དུ་ཆོས་གཞན་འཕེན་པ་དང་མི་འཕེན་པའི་དབྱེ་བས། མ་ཡིན་དགག་དང་མེད་དགག་གཉིས་སུ་འབྱེད་དགོས་པ་ཡིན་ལ། གཞུང་དུ་ནི་ཡུལ་ལྡོག་པ་དང་ཡུལ་ཅན་རྟོག་པ་གཉིས་ལས་གཞན་མ་བཤད་དོ། །དེ་ལྟར་ཤེས་ན་སྣང་ངོའི་ཆོས་རྣམས་ནི་རང་རང་གི་ལྡོག་པ་མ་ཡིན་པ་དང༌། སེལ་ངོའི་ཆོས་རྣམས་རང་རང་གི་ལྡོག་པར་ཁས་བླངས་པས་ཆོག་པ་ཙམ་ཡིན་ནོ། །ཡང་འདི་སྐད་དུ། སྡེ་བདུན་དུ་རྟོག་བྲལ་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད་དུ་བཞག་པ་དེའི་ཚེ་སེམས་ཙམ་པས་དབང་ཡིད་ཀྱི་མངོན་སུམ་གཉིས་མངོན་སུམ་དུ་བཞེད་ཀྱང་མཚན་ཉིད་དེ་ཚང་བར་མི་འདོད་པས་མྱོང་སྟོབས་ཀྱིས་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་མངོན་སུམ་ཚད་མའི་མཚན་ཉིད་དུ་བཞག་པ་ནི་མདོ་སེམས་གཉིས་ཀ་ལ་རྗེས་སུ་འགྲོ་བའི་མཚན་ཉིད་དོ། །དེའི་ཕྱིར་སེམས་ཙམ་པས་ཀྱང་གཞུང་ནས་བཤད་པའི་མངོན་སུམ་བཞི་ཀ་ཁས་ལེན་ཏེ། གཞན་དུ་ན་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཐམས་ཅད་ཉམས་པ་དང༌། རྣམ་རིག་པའི་གཞུང་དུ་བག་ཆགས་བརྟན་བྱུང་གི་ཤེས་པ་མངོན་སུམ་དུ་བཤད་པ་རྣམས་མི་འཐད་པར་འགྱུར་རོ། །ཞེས་གསུང༌། མངོན་སུམ་དང་འཁྲུལ་ཤེས་ཀྱི་གཞི་མཐུན་འདོད་པ་འདི་ནི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལས་ཉམས་ཤིང་གཞན་དུ་ན་མངོན་སུམ་དང་རྟོག་པའི་གཞི་མཐུན་ཁས་བླངས་ན་ཡང་མཚུངས་པར་འགྱུར་རོ། །རྟོག་མེད་འཁྲུལ་ཤེས་དང་མངོན་གྱི་གཞི་མཐུན་ཁས་ལེན་ན་ནི་མི་མངོན་སུམ་དང་ལོག་ཤེས་ཀྱི་གཞི་མཐུན་ཁས་བླངས་པར་འགྱུར་ཏེ། རྟོག་མེད་འཁྲུལ་ཤེས་ལ་ནི་དེའི་ལོག་ཤེས་ཀྱིས་ཁྱབ་པའི་ཕྱིར། གཞན་ཡང་གཟུགས་སོགས་ཀྱི་ཡུལ་ཅན་གྱི་ཤེས་པ་དེ་དང༌། དེ་ལ་འཁྲུལ་བར་ཁས་བླངས་ནས་དེས་དེ་རྟོགས་པར་འདོད་པ་ནི་གཞུང་དང་མི་མཐུན་པར་མ་ཟད་ཁས་བླངས་པས་ཀྱང་གནོད་དེ། དེ་མ་ཡིན་ལ་དེར་བཟུང་ན་དེ་རྟོགས་པར་འགལ་ལ། མ་བཟུང་ན་འཁྲུལ་པར་འགལ་བ་དང༌། གཟུགས་སྒྲ་སོགས་དང་དེ་འཛིན་མངོན་སུམ་ལྷན་ཅིག་དམིགས་ངེས་སུ་ཁས་བླངས་ནས་དེས་གཟུགས་སོགས་དངོས་སུ་རིག་པར་འདོད་པ་ནི་ནང་འགལ་ཏེ། ཤེས་པའི་ལྷན་ཅིག་དམིགས་ངེས་ཀྱི་མྱོང་བྱ་མྱོང་བྱེད་ནི་རང་རིག་ཉིད་དུ་འདུས་པའི་ཕྱིར། སེམས་ཙམ་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཉམས་པར་ཡང་མི་འགྱུར་ཏེ། ཆོས་མངོན་པ་གོང་མར། ཀུན་བརྟགས་པ་དང༌། རྣམ་པར་བརྟགས་པ་དང༌། ཆོས་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་རྒྱ་ཆེར་གསུངས་པ་ལས། རྣམ་པར་བརྟགས་པའི་ཆོས་གསུམ་གྱི་ངོས་འཛིན་ནི། རང་ལུགས་དེར་སྣང་གི་ཤེས་པ་ཉིད་དུ་ངེས་པ་ལ། འཇིག་རྟེན་གྱི་བློ་ལྷན་སྐྱེས་དང༌། རྗེས་ཀྱི་རྟོག་པས་ཀུན་བརྟགས་པའི་ཆོས་གསུམ་ཉིད་དུ་སྒྲོ་འདོགས་ཤིང་ཞེན་པར་བྱེད་པས། གལ་ཏེ་ངེད་འདོད་པ་དེ་ཡང་རྣམ་བརྟགས་ཀྱི་ཕུང་ཁམས་སོགས་ཀྱི་ངོས་འཛིན་ནོ་ཞེ་ན། གཟུགས་འཛིན་དབང་ཤེས་ལ་གཟུགས་སུ་སྣང་བ་དེ་དབང་ཤེས་སུ་འདོད་ན་རྣམ་བརྟགས་ཀྱི་ངོས་འཛིན་དུ་སོང་ཡང༌། ཁྱེད་ཀྱིས་གཟུགས་སོགས་དངོས་སུ་ཁས་བླངས་པས་ཀུན་བརྟགས་ཀྱི་ལས་མ་འདས་སོ། །གལ་ཏེ་གཟུགས་སོགས་ཤེས་པ་དང་རྫས་ཅིག་ཡིན་མིན་གྱི་ཁྱད་པར་འབྱེད་དོ་ཞེ་ན། གཟུགས་སོགས་བེམ་པོའི་ཤེས་པ་གང་དུ་འདོད། གཉིས་པ་ལྟར་ན་དེར་མི་འདོད་པ་ཉིད་ཀྱིས་བསལ་ལ། དང་པོ་ལྟར་ན་བེམ་རིག་རྫས་གཅིག་པ་ཉིད་དུ་འགྱུར་ཞིང༌། གཟུགས་སྒྲ་སོགས་མཚན་ཉིད་པར་ཁས་བླངས་ནས་ལྡན་མིན་འདུ་བྱེད་དུ་འདོད་པའང་རྣལ་འབྱོར་སྤྱོད་པའི་གཞུང་ན་མེད་ཅིང་སེམས་ཙམ་པ་རང་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་བཞག་གང་འཆད་ཀྱང་ཤེས་པ་ལས་མ་གཏོགས་པའི་ཆོས་མེད་ལ། ཤེས་པ་དེ་ཡང་རང་གཞན་གྱི་རྒྱུད་གཉིས་སུ་ངེས་སོ། །བག་ཆགས་བརྟན་འབྱུང་གི་ཤེས་པ་ཚད་མར་ཁས་ལེན་ཟེར་བའང༌། སེམས་ཙམ་པས་རང་གི་ལུགས་བཞག་པ་ན་འཇིག་རྟེན་དང་འགལ་བར་རྩོད་པ་བྱུང་བའི་ཚེ། འཇིག་རྟེན་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་པར་བཞག་པ་ནི། འཕྲལ་གྱི་འཁྲུལ་རྒྱུས་བསླད་མ་སླད་དང༌། གཟུང་འཛིན་གཉིས་སྣང་གི་བག་ཆགས་བརྟན་མི་བརྟན་ལས་བཞག་པ་ཡིན་ནོ། །ཞེས་ཤེས་པའི་ཕྱིར་དུ་གཅིག་ནི་བག་ཆགས་བརྟན་པའི་ཕྱིར་ཞེས་སོགས་དང༌། བག་ཆགས་གསལ་བར་སད་པ་ཅན་ཞེས་སོགས་དང༌། རང་གི་ངོ་བོ་མྱོང་གྱུར་ཀྱང༌། །སྔོ་སོགས་མྱོང་བར་གྲགས་ཡིན་གྱི། །ཞེས་སོགས་གསུངས་སོ། །དེ་ལས་གཞན་དུ་ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་བཞག་བྱས་པ། །ཞེས་པའི་གཞུང་གི་བསྟན་བྱའི་དོན། སེམས་ཙམ་པ་རང་ལུགས་སུ་ཁས་ལེན་ན་ཧ་ཅང་ཐལ་བར་འགྱུར་ཏེ། སེམས་ཙམ་པས་ནི་འཇིག་རྟེན་ན་གྲགས་པའི་ཐ་སྙད་བདེན་པ་མཐའ་དག་ལ་རིགས་པས་དཔྱད་པ་བཅུག་པའི་སྒོ་ནས་བདེན་པ་གཉིས་ཀྱི་འཇོག་མཚམས་སོ་སོ་བྱེད་པས་ན་མ་རིག་པས་བསླད་པ་ཞུགས་པའི་འཁྲུལ་སྣང་ཚད་མར་བྱེད་པའི་སྐབས་མེད་དོ། །གཞན་དུ་ན་ལྷ་མི་ཡི་དྭགས་གསུམ་ལ་སྣོད་ཁམས་ཕོར་ལྟ་བུ་ཐུན་མོང་བར་སྣང་བའི་རྣམ་རིག་ཅིག་གི་སྟེང་དུ་ཆུ་དང་རྣག་ཁྲག་བདུད་རྩི་གསུམ་དུ་སྣང་བ་དེའི་ཚེ་ན། ཡུལ་གསུམ་ཀ་བདེན་པ་དང༌། ཡུལ་ཅན་གསུམ་ཀ་ཚད་མར་འགྱུར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བག་ཆགས་བརྟན་བྱུང་གི་ཤེས་པ་ཚད་མ་ཉིད་ཀྱི་ཕྱིར་རོ། །འདོད་ན་འགལ་བ་ལ་མི་འཁྲུལ་བའི་ཚད་མ་དང་སངས་རྒྱས་ཀྱི་ཡེ་ཤེས་ལ་ཡང་དེ་སྐབས་ཀྱི་སྣང་ཚུལ་གསུམ་པོ་སྣང་བར་འགྱུར་ཏེ། སེམས་ཙམ་པ་འདོད་པའི་མངོན་སུམ་ཚད་མས་གྲུབ་པའི་དོན་ལ་སངས་རྒྱས་ཀྱི་ཚད་མས་མི་གནོད་པར་ཁྱེད་ཀྱང་འདོད་པའི་ཕྱིར། འོ་ན་དེ་དང་དེ་དག་སེམས་ཙམ་པ་རང་ལུགས་ཀྱི་ཐ་སྙད་བདེན་པར་འཇོག་ལུགས་ཇི་ལྟ་བུ། སྣང་ཚད་སྣང་མཁན་གྱི་ཤེས་པར་ཁས་ལེན་ན། སྣང་བ་དེ་དག་བདེན་པར་གྲུབ་པ་ཉིད་དུ་འདོད་ཅེ་ན། ཁྱེད་ཅག་གི་འདོད་པ་ལྟར་ཆུར་སྣང་བ་དེ་ཆུ་ཡིན་པ་སོགས་སུ་མི་འདོད་ཀྱི། ཆུར་སྣང་གི་ཤེས་པ་སོགས་སུ་འདོད་པས་གཟུང་བའི་རྣམ་པ་ཡིན་ལ། དེ་གཞལ་བྱར་བྱས་པའི་ཚད་འབྲས་གཞལ་གསུམ་གྱི་རྣམ་པར་གཞག་པ་ནི་སེམས་ཙམ་པའི་ལུགས་ཏེ་རྣམ་བདེན་པར་གྲགས་པའི་འོ། །དེ་དུས་ཀྱི་ཁ་ཕྱིར་བལྟའི་གཟུང་འཛིན་གྱི་ཆ་ནི། ཇི་སྐད་དུ། གཉིས་ཀའང་ཉམས་པར་འགྱུར་བ་ཡིན་ཞེས་པས་གཉིས་སྟོང་གསལ་རིག་གི་ཆ་གཞལ་བྱ་ལ། དེ་ཉམས་སུ་མྱོང་བའི་འཛིན་རྣམ་དང་རང་རིག་ཚད་འབྲས་སུ་བཞག་པ་ནི། རྣམ་པ་རིག་པ་ཙམ་གྱི་དབུ་མའི་སྟེ། གཞུང་འདིར་རྣལ་འབྱོར་མངོན་སུམ་གྱི་མྱོང་བྱར་གྱུར་པའི་མཐར་ཐུག་གི་དོན་དམ་བདེན་པ་ནི་འདི་ལས་གཞན་མེད་དོ། །དེ་ལས་གཞན་རྟེན་འབྲེལ་སྣ་ཚོགས་སུ་སྣང་ཚད་ནི་ཀུན་རྫོབ་བདེན་པ་སྟེ། གཟུང་འཛིན་གཉིས་སུ་སྣང་བའི་མ་རིག་པས་བསླད་པ་ཞུགས་པའི་ཤེས་པ་ཡུལ་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་ཡི་འཇིག་རྟེན་པ་དག་གིས་ནི། མི་ཡི་བློ་ལྷན་སྐྱེས་ལ་མཐུན་པར་གང་སྣང་བ་དེ་བདེན་པ་དང༌། འགྲོ་བ་གཞན་གྱི་བློ་ལྷན་སྐྱེས་ལ་མི་དང་མི་མཐུན་པར་སྣང་བ་ནི་བརྫུན་པ་དང༌། དེའི་ཕྱིར་དེ་དང་འདྲ་བར་ལྷ་སོགས་ལ་ཡང༌། འགྲོ་བ་རང་གཞན་ལ་གང་སྣང་བདེན་བརྫུན་དུ་འཇོག་པའི་ཕྱིར། འཇིག་རྟེན་ལུགས་ཀྱི་བདེན་པ་གཉིས་ཀྱི་འཇོག་ཚུལ་ནི་དེ་ལྟ་མོད་ཀྱི། སེམས་ཙམ་པ་རང་ལུགས་ཀྱི་གྲུབ་པའི་མཐའ་འཇོག་པ་ན། སྣང་བ་ཐམས་ཅད་ཀྱང་མ་རིག་པའི་བག་ཆགས་འཐུག་པོས་བསླད་པའི་སྣང་བ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་མི་ཡི་འཇིག་རྟེན་དུ་ནི་མི་བློ་ལྷན་སྐྱེས་ལ་སྣང་བ་རྣམས་ཡང་དག་པའི་ཀུན་རྫོབ་དང༌། འདོད་ལྷའི་རྟེན་ཅན་གྱི་བྱང་སེམས་སེམས་ཙམ་པས་ནི་ལྷ་ལ་སྣང་བ་ཡང་དག་ཀུན་རྫོབ་དང༌། འགྲོ་བ་གཞན་ལ་སྣང་བ་ལོག་པའི་ཀུན་རྫོབ་ཉིད་དུ་བཞག་པར་བྱ་བ་ཡིན་ཀྱང༌། ཡང་དག་པའི་ཀུན་རྫོབ་ཏུ་ཁས་བླངས་པ་ཉིད་ཀྱིས། རང་ལུགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་ཞེས་ཟེར་བ་ནི་རྨི་ལམ་དུ་བྱུང་ན་ཡང་བཟློག་པར་བྱ་བ་ཡིན་ནོ། །ཡང་འདི་སྐད་དུ། ཚུལ་གསུམ་ཡིན་པ་དེ་རྟགས་ཡང་དག་གི་མཚན་ཉིད་དང༌། གསུམ་པོ་སོ་སོའི་མཚན་གཞི་ནི། རྟགས་སུ་བཟུང་བྱ་གཅིག་པོ་དེ་ལས་གཞན་མེད་དོ་ཞེས་ཟེར། སོ་སོའི་ངོས་འཛིན་དེ་ལྟར་འཆད་པ་གཞུང་འགྲེལ་གང་ནས་ཀྱང་མ་བཤད་ཅིང་སོ་སོའི་ངོས་འཛིན་དུ་གཞུང་འགྲེལ་ལས་བཤད་པ་དེ་དག་དེར་མི་རུང་ན། ཕྱོགས་ཆོས་འཇལ་བའི་ཚད་མ་སོགས་གསུམ་པོ་གང་ཡིན་ཀྱང་སོ་སོ་ནས་ཕྱོགས་ཆོས་སོགས་མ་གཞལ་དགོས་པར་འགྱུར་སྟེ། དེ་ལྟར་གང་ལ་སོ་སོ་ནས་ཚད་མར་སོང་བའི་གཞལ་བྱ་དེ་ཡིན་ན། ཕྱོགས་ཆོས་སོགས་སུ་འགལ་བས་སོ། །རྟགས་ཡང་དག་གི་ཚུལ་གསུམ་ལས་གང་རུང་གཅིག་ཚད་མས་ངེས་པ་དེའི་ཚེ་ཚུལ་གསུམ་ཀ་ཚད་མས་ཤེས་པར་འགྱུར་ཏེ། ཚུལ་གསུམ་སོ་སོའི་ངོས་འཛིན་ནི་རྟགས་སུ་བཟུང་བྱ་དེ་ལས་གཞན་མེད་པའི་ཕྱིར། ཡང་སྐབས་བབ་ཀྱི་རྒོལ་བ་ལ་གཏན་ཚིགས་ཇི་ལྟར་འགོད་པའི་ཚུལ་ཡང༌། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར། ཞེས་ཟེར་བ་ནི་གཞུང་འགྲེལ་དང་འགལ་ཏེ། རྟགས་ཚིགས་གི་ཡན་ལག་དུ་ཕྱོགས་དངོས་སུ་བརྗོད་འདུག་པའི་ཕྱིར་དང༌། སྦྱོར་བའི་འགོད་ཚུལ་དེས་ཚུལ་གསུམ་དྲན་ལམ་དུ་འཕེན་པར་མི་ནུས་པའི་ཕྱིར། དབྱེ་བ་ལ་གསུམ་དུ་འབྱེད་པ་དང༌། གསུམ་པོའི་ངོས་འཛིན་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་རྟགས་དེའི་རྒྱུ་ཡིན་པ་དང༌། རང་བཞིན་ཡིན་པ་དང༌། དངོས་ཀྱི་སྒྲུབ་ཆོས་མེད་དགག་ཡིན་པའི་སྒོ་ནས་འབྱེད་ཅིང༌། མ་དམིགས་པའི་གཏན་ཚིགས་གང་ཡིན་དགག་པའི་གཏན་ཚིགས་སུ་འཆད་པ་དང༌། དེའི་རྟགས་ཆོས་ཀྱི་འབྲེལ་པ་བདག་གཅིག་འབྲེལ་ཁོ་ནར་འདོད་པ་རྣམས་ནི་གཞུང་དང་འགལ་བ་ཡིན་ཏེ། འབྲས་རང་གི་ཁྱད་པར་རྟགས་ཆོས་ཀྱི་འབྲེལ་བའི་སྒོ་ནས་འབྱེད་པར་གཞུང་ལས་བཤད་ཀྱི་ཆོས་ཀྱི་སྒོ་ནས་འབྱེད་པར་མི་བཤད་པ་དང༌། མ་དམིགས་པའི་གཏན་ཚིགས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ལྡོག་འབྲེལ་དང་རྒྱུད་འབྲེལ་གང་རུང་གི་སྒོ་ནས་ངོས་འཛིན་པ་ཡིན་གྱི། རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་པོ་ཞེ་འདོད་ཀྱི་བསྒྲུབ་བྱ་སོ་སོ་ལ་ལྟོས་ནས། དགག་པ་དང་བསྒྲུབ་པའི་གཏན་ཚིགས་གང་དུ་ཡང་རུང་བར་བཤད་པ་དང༌། སྣང་རུང་མ་དམིགས་པ་ཐམས་ཅད་མཐར་རང་བཞིན་རྟགས་སུ་འདུས་པར་བཤད་པས་ན། དེ་དག་ཇི་ལྟ་བ་བཞིན་དུ་མ་ཤེས་པ་དང༌། རྟགས་གསུམ་པོའི་ཁྱད་པར་བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་འབྱེད་དུ་ཆུག་ན་ཡང༌། ཞེ་འདོད་ཀྱི་བསྒྲུབ་བྱའི་ཆོས་ལ་ལྟོས་ནས་འབྱེད་དགོས་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་ན་ཞེས་པ་བྱིས་པ་འདྲིད་པའི་འཆལ་གཏམ་ཡིན་པ་དང༌། དེ་ལྟར་མ་ཤེས་པས། ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་སོགས་སྒྲུབ་པའི་འགལ་རྟགས་དང༌། གཏན་ཚིགས་ཡང་དག་ཡིན་ན། དེ་དང་དེའི་འགལ་རྟགས་དང་གཏན་ཚིགས་ཡང་དག་ཡིན་པར་འགལ་ཞེས་ཟེར་དགོས་པ་བྱུང་བ་ཡིན་ནོ། །ཁྱེད་ལ་ཇི་ལྟར་ཞེ་ན། དངོས་གྱུར་གྱི་ནམ་མཁའ་རྟག་པར་བསྒྲུབ་པའི་ཆོས་ཅན་གྱི་ངོ་བོ་བསྒྲུབ་པའི་འགལ་རྟགས་ཡིན་ན། དངོས་གྱུར་གྱི་ནམ་མཁའ་རྟག་པར་བསྒྲུབ་པའི་འགལ་རྟགས་ཡིན་དགོས་ཏེ། དེ་ཡིན་ན་དེ་ལྟར་བསྒྲུབ་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་ལྟོས་པའི་འགལ་རྟགས་ཡིན་དགོས་པའི་ཕྱིར་ཞེས་སོགས་སུ་མཚོན་པར་ནུས་སོ། །ཡང་འདི་སྐད་དུ། སྤྱིར་ཚད་མས་མ་དམིགས་ན་མེད་པ་དང༌། མེད་ངེས་ཡིན་པས་ཁྱབ་པའི་ཕྱིར་ན། སྔ་རབས་པ་དག སྤྱིར་མ་དམིགས་པས་མེད་ངེས་བསྒྲུབ་མི་ནུས་ཞེས་པ་ནི་བློ་གྲོས་རྩིང་པའོ་ཞེས་འཆད་པ་ནི་གཞུང་དང་འགལ་ཏེ། ཇི་སྐད་དུ། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །ཞེས་པ་དང༌། རྟགས་ཀྱི་ཕུལ་བྱུང་ཡོད་པ་ཅན། །ཞེས་མ་དམིགས་པས་མེད་ངེས་བསྒྲུབ་ནུས་པ་དེ་ཆོས་སྣང་རུང་གི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། མི་དམིགས་ཕྱིར་ནི་ཇི་ལྟར་མེད། །ཅེས་ཆོས་སྣང་མི་རུང་ལ་དེས་དེ་བསྒྲུབ་མི་ནུས་པར་བཤད་པའི་ཕྱིར་དང༌། ཁྱེད་ཀྱིས་ནི་སྣང་རུང་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པའི་ཁྱད་པར་གཞུང་ནས་བཤད་པ་བཞིན་འབྱེད་མ་ཤེས་པའི་ཕྱིར་དང༌། བུམ་པས་དག་པའི་ས་ཕྱོགས་ཆོས་ཅན་དུ་བཟུང་ནས། སྤྱིར་བུམ་པ་སྣང་རུང་ཡིན་ཞེས་འཆད་མ་ནུས་པ་ཡིན་མོད། སྤྱིར་སྣང་དུ་རུང་བ་དང༌། ས་ཕྱོགས་དེར་མ་དམིགས་པ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་དང༌། དེར་འགལ་ན། ས་ཕྱོགས་དེ་སྣང་རུང་གི་བུམ་པ་དང་རྫས་ཐ་དད་པ་དང༌། ཕན་ཚུན་ཐ་དད་པ་ཉིད་དུ་ཚད་མས་མི་འགྲུབ་པར་འགྱུར་ཏེ། མངོན་སུམ་གྱིས་ཀྱང་མི་འགྲུབ། དེ་འགྲུབ་པའི་རྗེས་དཔག་གི་རྟེན་གཏན་ཚིགས་མེད་པའི་ཕྱིར། ཡང་འདི་སྐད་དུ་གཏན་ཚིགས་གཉིས་པོའི་ཁྱད་པར། དགག་བྱའི་ཆོས་སུ་བརྟགས་པའི་དོན་དེ་སྐབས་བབ་ཀྱི་རྒོལ་བའི་ཚད་མ་ལ་སྣང་དུ་རུང་མི་རུང་གི་སྒོ་ནས་འབྱེད་ཟེར་བ་ནི་གཞུང་དང་འགལ་ཏེ། གཞུང་ལས་ནི་རྟགས་ཀྱི་ཁྱད་པར་བྱེད་ཆོས་སྐབས་ཀྱི་རྒོལ་བ་ལ་སྣང་དུ་རུང་མི་རུང་གི་སྒོ་ནས་འབྱེད་པར་བཤད་ཀྱི། ཁྱེད་ཀྱི་ལྟར་གང་དུ་ཡང་མ་བཤད་པའི་ཕྱིར། གཞན་དུ་ན་འབྲེལ་ཟླ་མ་དམིགས་པ་བཞི་དང༌། འགལ་དམིགས་ཇི་སྙེད་པ་མི་སྣང་བ་མ་དམིགས་པར་འགྱུར་ཏེ། ཁྱེད་ཀྱི་འཇོག་བྱེད་དེ་ཚང་བའི་ཕྱིར། དེའི་ཤེས་བྱེད་ཀྱང་མཚན་མོའི་རྒྱ་མཚོར་ནི་དུ་བ་ཡོད་ཀྱང་མཚན་མོར་སོང་བས་སྣང་དུ་མི་རུང༌། ཐག་རིང་པོའི་ས་ཕྱོགས་སུ་ནི་ཤ་པ་ཡོད་ཀྱང་སྣང་དུ་མི་རུང་ལ་ཤིང་ནི་སྤྱིར་སྣང་དུ་རུང༌། དུ་རྒྱུ་ནུས་པ་ཐོགས་མེད་ནི། ཡོད་ཀྱང་སྐད་ཅིག་ལ་ཆ་མེད་པས་སྐབས་དེར་སྣང་དུ་མི་རུང༌། ཚ་རེག་སྟོབས་ཆེན་པོའི་སར། གྲང་རེ་ཡོད་ཀྱང་དེ་འགལ་ཟླས་གེགས་བྱས་ནས་དེ་སྣང་དུ་མི་རུང་པའོ། །ཡང་འདི་སྐད་དུ་མི་སྣང་བ་མ་དམིགས་པའི་རྟགས་སྦྱོར་འགོད་ཚུལ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་རྒོལ་བས། དེ་ཡོད་ཅེས་དམ་འཆའ་མི་རིགས་ཏེ་ཞེས་སམ། དེ་བསྐལ་དོན་དུ་སོང་བའི་ངོར་དེ་ཡོད་ངེས་ཀྱི་བཅད་ཤེས་དོན་མཐུན་མི་འཇུག་སྟེ། དེ་དེར་སོང་བའི་རྒོལ་བའི་རྒྱུད་ཀྱི་ཚད་མས་དེ་མ་དམིགས་པའི་ཕྱིར་ཞེས་འགོད་པ་ནི་རང་བཟོའི་རྣམ་དཔྱོད་ཕྱོགས་རེ་བ་སྟེ། ཤེས་བྱ་ཐམས་ཅད་ལ་འགོད་ཚུལ་དེ་ལྟར་སྦྱར་ཆོག་པ་ལ་ཤ་ཟ་ཞེས་པ་རྟེན་འབྲེལ་ལ་དགོས་བྱུང་བ་ཡིན་ནམ། དེས་ན་འདི་སྐབས་ཀྱི་གོ་བ་ནི། མདུན་གྱི་གཞི་འདིར་སྤྱིར་ཡོད་ན་སྣང་དུ་རུང་བ་མི་ཡི་བུམ་པ་ལྟ་བུ་དང༌། ཡོད་ཀྱང་སྣང་དུ་མི་རུང་བ་འདྲེ་ཤ་ཟའི་བུམ་པ་ལྟ་བུ་དག་ལས། དང་པོ་དེ་མ་དམིགས་པས་གཞི་དེར་མེད་ངེས་སུ་བསྒྲུབ་ནུས་ལ། གཉིས་པ་དེ་མ་དམིགས་པས་གཞི་དེར་དེ་ཡོད་ངེས་ཀྱི་ཐ་སྙད་འགོག་ནུས་ཀྱང་མེད་ངེས་སུ་བསྒྲུབ་མ་ནུས་པའོ། །ཡང་འདི་སྐད་དུ། སྔ་རབས་པ་དག་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་གཉིས་ཀ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་པ་ནི་བློ་གྲོས་རྩིང་པས་ན། རྟགས་ལ་ཐེ་ཚོམ་ཟ་བའི་ལན་འདེབས་པ་ཡིན་ཞེས་ཟེར། འོ་ན་རྩིང་པ་ཇི་ལྟར་ཡིན། མདུན་གྱི་གཞི་འདིར་ཤ་ཟ་ཆོས་ཅན། ཡོད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར་ཞེས་འཕངས་པས་འཁོར་གསུམ་དངོས་འགལ་ལོ་ཞེ་ན། འདི་ལ་མགོ་མཚུངས་དང༌། རྣལ་མ་གཉིས་ལས་དང་པོ་ནི། མདུན་གྱི་སྐྱེ་བུ་སངས་རྒྱས་དང་སེམས་ཅན་གང་རུང་གཅིག་ཡིན་པར་ངེས་ནས། གང་རུང་ཡང་མ་ངེས་པའི་རྒོལ་བའི་ངོར་དེ་གང་ཡིན། གང་ཡང་མ་ཡིན་ན་ནི། དེ་ཆོས་ཅན། སེམས་ཅན་དུ་ཐལ། གང་རུང་གང་ཞིག་སངས་རྒྱས་མ་ཡིན་པའི་ཕྱིར། གང་རུང་གཅིག་ཡིན་ན་ནི། ལྷག་ལྡན་གྱི་མ་ངེས་པ་རྒྱུན་ཆད་པར་འགྱུར་ཏེ། ལམ་པོ་ཆེའི་སྐྱེས་བུ་ཀུན་མཁྱེན་ཡིན་མིན་གང་དུ་ཡང་མ་ངེས་པའི་ངོར་དེ་ཆོས་ཅན། ཀུན་མཁྱེན་ཡིན་ཏེའམ་མ་ཡིན་ཏེ། ངག་སྨྲ་བའི་ཕྱིར་ཞེས་ཇི་ལྟར་བཀོད་ཀྱང༌། བསྒྲུབ་བྱ་དེ་བསྒྲུབ་ནུས་པའི་ཕྱིར། གཉིས་པ་ནི། ཡོད་པ་ལ་རྟགས་མ་གྲུབ་ཀྱིས་ལན་བཏབ་པས་མེད་པ་དང༌། མེད་པ་ལ་རྟགས་མ་གྲུབ་ཀྱི་ལན་བཏབ་པས་ཡོད་པར་འགྲོ་དགོས་ཞེས་ཟེར་བ་ནི། རྟགས་སྐོར་གྱི་རྣམ་གཞག་མི་ཤེས་པའི་འཆལ་གཏམ་སྟེ། དེའི་བརྡ་ཆད་ཅུང་ཟད་ཤེས་པ་རྣམས་ཀྱིས་ནི། མ་གྲུབ་པའི་རྟགས་ཀྱི་དབྱེ་བ་ལ་ཆོས་ཅན་གྱི་ངོ་བོ་མ་གྲུབ་པས་སོགས་དགུ་དང་བཅོ་ལྔ་ལ་སོགས་པར་དབྱེ་བ་མཐོང་ལ། རང་རྒྱུད་ཀྱི་རྟགས་ལ་ཇི་ལྟ་བ་བཞིན་དུ་ཐལ་འགྱུར་གྱི་རྟགས་ལའང་ཕལ་ཆེར་སྦྱར་དགོས་ཤིང་ཁྱད་པར་དུ་རྟགས་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པས། རྟགས་མ་གྲུབ་པའི་གོ་ཤིན་ཏུ་ཆོད་དགོས་ཏེ། གཞན་དུ་ན་ཁྱབ་པ་ལ་ཐེ་ཚོམ་ཟ་བས་ཁྱབ་པ་མ་གྲུབ་པའི་གོ་མི་ཆོད་པ་ཉིད་དུ་འགྱུར་རོ། །སྤྱིར་ཡང་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རྣམས་ནི། དེར་སོང་བའི་རྒོལ་བས་ཡོད་མེད་གང་རྟགས་སུ་བཀོད་ཀྱང་རྟགས་མ་གྲུབ་ཀྱི་ལན་འདེབས་དགོས་པ་ཡིན་ཏེ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་དོན། །ཡོད་མེད་ངེས་པ་ཡོད་མ་ཡིན། །ཞེས་དང༌། འགལ་ཏེ་ཤིན་ཏུ་ལྐོག་གྱུར་དོན། །ལུང་མེད་པར་ནི་ཤེས་སྲིད་ན། །དབང་པོ་ལས་འདས་དོན་རིག་འགའ། །ཡོད་དོ་ཞེས་ནི་མངོན་འདོད་འགྱུར། །ཞེས་བཤད་པས་སོ། །སྣང་མི་རུང་ལ་དེ་ལྟར་ཡིན་ཀྱང༌། སྣང་རུང་ལ་ནི་ཡོད་པ་ཁེགས་ན་མེད་པ་དང༌། དེ་ཁེགས་ན་ཅིག་ཤོས་སུ་འགྱུར་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར། ཇི་སྐད་དུ་བཀག་པ་འགོག་པར་བྱེད་པ་ནི། སྒྲུབ་པ་ལས་གཞན་ཅི་འདྲ་ཞིག་ཅེས་སོ། །ཡང་འདི་སྐད་དུ། སྔ་རྒོལ་རང་གི་ཚད་མས་མཐོང་བའི་རྟགས་ཀྱི་ཚུལ་གསུམ་གཞན་ཕྱིར་རྒོལ་ལ་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཏེ། གཞན་དོན་རྗེས་དཔག་གི་མཚན་ཉིད་དུ་གཞག་ནས། དེ་ཡང་ཇི་སྐད་དུ། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པའི་ཚིག་གསུམ་གྱི་རྣམ་བཅད་དང་ཡོངས་བཅོད་ལས་བྱུང་བ་ཡིན་ནོ། །ཞེས་དང༌། དབྱེ་བ་ལ་རང་དོན་སྐབས་ཀྱི་སྒྲུབ་ངག་བྱ་བའི་དོན་དང་ཐ་སྙད་གཉིས་ཀ་མེད་པ་དང་རྣམ་བཅད་གསུམ་པོའི་གོ་དོན་ཡང་ཕྱོགས་ཆོས་སྔར་རྒོལ་གྱི་ཚད་མས་མ་གྲུབ་པའི་རྟགས་ཡང་དག་ཡོད་པ་དང༌། དེ་སྐབས་ཀྱི་ཕྱོགས་དང་མཐུན་ཕྱོགས་གང་རུང་དེ། དེ་སྐབས་ཀྱི་རྟགས་ཡང་དག་ཡིན་པ་དང༌། ཕྱོགས་ཚིག་སྒྲུབ་བྱེད་ཡིན་པ་རྣམས་བསལ་བས། ཡོངས་གཅོད་ཀྱི་དོན་བཤད་མ་ཐག་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་ཟེར། དེ་དག་ལ་ནི་གཞུང་གི་ཁུངས་ཡོད་ན་སྟོན་པར་རིགས་པ་ལས་མེད་ཅིང་རང་བཟོ་ཉིད་དུ་སྦྱར་བའི་ཚུལ་འདི་ལྟར། རྣམ་འགྲེལ་མཛད་པས་མུ་སྟེགས་བྱེད་ཀྱི་གྲུབ་པའི་མཐའ་རྩོད་པའི་ཚེ། དམ་བཅའ་འདྲི་བ་དང༌། དེས་བཞག་པའི་དམ་བཅའ་ལ་མི་འཐད་པར་ངེས་ན་དེ་ཉིད་སུན་འབྱིན་པ་དང༌། དམ་བཅའ་དེ་ལ་ཐེ་ཚོམ་དུ་གྱུར་ན་དམ་བཅའ་དེའི་སྒྲུབ་བྱེད་འདྲི་བ་ནི་ཕྱིར་རྒོལ་གྱིས་བྱེད་པ་ཡིན་ལ། སྐབས་སུ་བབ་པའི་དམ་བཅའ་འཇོག་པ་དང༌། དྲིས་པའི་སྒྲུབ་བྱེད་འགོད་པ་དང༌། སྒྲུབ་བྱེད་དེའི་ཚེར་མ་ཕྱུང་ནས། སྒྲུབ་བྱེད་དེའི་ཚུལ་གསུམ་ལྟ་བུ་ཕྱི་རྒོལ་བ་དེའི་བློ་ཡུལ་དུ་ཤེས་སུ་འཇུག་པ་དང༌། དེ་ལྟར་ཤེས་པ་དེ་ལ་སྒྲུབ་པའི་ངག་བཀོད་ནས། ཚུལ་གསུམ་དྲན་ལམ་དུ་འཕེན་པ་རྣམས་ནི་སྔ་རྒོལ་གྱི་བྱེད་པ་ཡིན་ལ། དེའི་ཚེ་གྲངས་ཅན་གྱིས་བློ་བདེ་སེམས་མེད་དུ་བསྒྲུབ་པ་ལ་དེ་ལྟར་བྱེད་ནུས་ན་སྔར་རྒོལ་སྐྱོན་མེད་དུ་འཇོག་དགོས་པ་ཡིན་ནའང་གྲངས་ཅན་ལ་དམ་བཅའ་འཇོག་ཙམ་ལས་གཞན་གྱི་ནུས་པ་མེད་པས་སྔར་རྒོལ་ཚར་བཅད་ཀྱི་གནས་སོ། །དེའི་ཚེ་རྣམ་འགྲེལ་མཛད་པས་ཕྱིར་རྒོལ་དུ་ཞལ་གྱི་བཞེས་ནས། བློ་བདེ་ཆོས་ཅན། མྱོང་བྱ་མ་ཡིན་པར་ཐལ། བེམས་པོ་ཡིན་པའི་ཕྱིར། ཞེས་རྩ་བའི་ཐལ་བ་འཕངས་ན། དེས་འཕངས་པའི་བཟློག་དོན་གྱི་ཚུལ་གསུམ་གྲངས་ཅན་གྱི་བློ་ཡུལ་དུ་གཏན་ལ་ཕབ་ནས་དྲན་དུ་འཇུག་པའི་ཕྱིར། གང་སེམས་མེད་ཡིན་ན་མྱོང་བྱ་མ་ཡིན་པས་ཁྱབ། དཔེར་ན་དེ་ཙམ་ལྔ་པོ་བཞིན། བློ་དང་བདེ་བ་ཡང་སེམས་མེད་དུ་གྲངས་ཅན་གྱིས་ཁས་བླངས་སོ་ཞེས་འཕངས་པ་དེའི་ཚེ་རྣམ་འགྲེལ་མཛད་པ་ནི་ཕྱིར་རྒོལ་སྐྱོན་མེད་དང༌། སྔར་རྒོལ་བ་ལས་རྒྱལ་བར་གྲུབ་པ་ཡིན་ཏེ། དེའི་ཚེ་ན་སྔར་རྒོལ་གྱིས་རང་གི་གྲུབ་མཐའ་དོར་ནས་ཕྱིར་རྒོལ་གྱི་གྲུབ་མཐའ་ལ་ཚད་མ་སྐྱེས་པའི་སྟོབས་ཀྱིས་ཞུགས་པའི་ཕྱིར། ཚད་མ་ཇི་ལྟར་སྐྱེས་ན། རྣམ་འགྲེལ་མཛད་པས་དེ་ལྟར་འཕངས་མ་ཐག་པ་དེ་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་ཏེ། རྣམ་འགྲེལ་མཛད་པ་རང་གི་ཚད་མས་མཐོང་བའི་དེ་སྐབས་ཀྱི་ཚུལ་གསུམ་རྒོལ་བ་གྲངས་ཅན་གྱི་དྲན་ལམ་དུ་གསལ་བར་སྟོན་པའི་ངག་སྐྱོན་མེད་ཡིན་པའི་ཕྱིར། དེ་ལྟར་མི་འཕེན་ན་ཁྱེད་ཅག་ཀྱང༌། དོན་བཟློག་ན་ཚུལ་གསུམ་འཕེན་པའི་ཐལ་འགྱུར་ཟེར་བ་དེ། གང་ཞིག་གང་དུ་གང་གིས་ཇི་ལྟར་འཕེན། དེ་གཞན་དོན་རྗེས་དཔག་ཏུ་གྲུབ་པ་ན། དེའི་མཚན་ཉིད་དེ་ལྟར་བཞག་པ་རྩ་བ་ནས་ཉམས་པ་དང༌། དེ་ལ་སྒྲུབ་ངག་གི་ཐ་སྙད་ཀྱང་གཞུང་ཉིད་དུ་ཐལ་བ་སྒྲུབ་པ། ཞེས་གསུངས་པ་དང༌། སྤྱིར་ཡང་གྲུབ་མཐའ་ལ་འདོར་ལེན་གྱི་རྩོད་པ་བྱེད་པའི་ཚེ། རྩོད་པའི་ཚུལ་སྔ་མ་ལྟར་ཡིན་པ་དང༌། ཁྱད་པར་དུ་ཕྱི་ནང་གི་རྟོག་གེ་པ་གཉིས་རྩོད་པའི་ཚེ། མུ་སྟེགས་པའི་གྲུབ་མཐའ་སྒྲུབ་བྱེད་དང་བཅས་པ་ནི་ཕྱོགས་སྔ་མ་དང༌། ཕྱོགས་གླང་ཡབ་སྲས་ཀྱིས་དེ་སུན་འབྱིན་པའི་རིགས་པ་རྗོད་བྱེད་ཀྱི་ངག་དང་བཅས་པ་རྣམས་ནི་ཕྱོགས་ཕྱི་མ་ཉིད་དུ་ཕལ་ཆེར་ངེས་པ་དང༌། དེའི་ཚེ་ཕྱོགས་ཕྱི་མ་ཁས་ལེན་གྱི་རྒོལ་བ་ལ་ནས་ཕྱིར་རྒོལ་བར་འཇོག་པ་རྟོག་གེའི་བརྡ་ལས་བྱུང་བ་ཡིན་ནོ། །དེའི་ཕྱིར་སྡེ་བདུན་འདིར་ནང་པས་ཕྱི་པའི་གྲུབ་མཐའ་སུན་འབྱིན་པ་ཤས་ཆེ་བའི་ཕྱིར་ན། སྒྲུབ་ངག་འགོད་པ་པོ་ནི་ཕྱོགས་གླང་རྗེས་འབྲང་དང་བཅས་པ་དག་སྟེ། ཕྱིར་རྒོལ་བས་སྔར་རྒོལ་གྱི་ངོར་བཀོད་པའོ། །ཡང་རང་དོན་སྒྲུབ་ངག་གི་ཐ་སྙད་ཙམ་ཡང་མི་འདོད་ན། རང་དོན་སྐབས་ཀྱི་གཏན་ཚིགས་ཡང་དག་འདོད་པ་རྣམ་པར་ཁྱམས་ཏེ། རྟགས་ཡང་དག་ཞིག་ཡོད་ན་དེ་བརྗོད་བྱར་བྱས་པའི་རྟགས་ཚིག་སྐྱོན་མེད་ཞིག་མི་འདོད་པ་འགལ་བའི་ཕྱིར། མཚན་ཉིད་དེ་ལྟར་བཞག་པའི་རྣམ་བཅད་གསུམ་པོའི་འཆད་ཚུལ་ཡང་ཤིན་ཏུ་མི་འཐད་དེ། ཁྱེད་ཀྱིས་བཤད་མ་ཐག་པའི་རྣམ་བཅད་ཀྱི་བསལ་བྱ་གསུམ་པོ་དེ་ནི། རྟགས་ཡང་དག་གི་མཚན་ཉིད་ཀྱི་བསལ་བྱར་སོང་གི་སྒྲུབ་ངག་གི་མཚན་ཉིད་ཀྱི་བསལ་བྱར་མ་སོང་བའི་ཕྱིར་དང༌། དེའི་མཚན་ཉིད་ཀྱི་བསལ་བྱ་འདིས་སེལ་དགོས་ན་དེའི་མཚན་ཉིད་དུ་ཚུལ་གསུམ་བཞག་པ་དེ་གོ་མ་ཆོད་པར་འགྱུར་ཏེ། རྟགས་ཡང་དག་གི་བསལ་བྱ་རིགས་མི་མཐུན་དང་ལོག་པར་རྟོག་པ་མཐའ་དག་སེལ་མ་ནུས་པའི་ཕྱིར། བྱེ་བྲག་ཏུ་རབ་གསལ་བྱེད་ཀྱི་རྣམ་བཅད་དེ་ལྟ་འཆད་པ་ནི། ཚིག་ཟུར་སྔ་མ་གཉིས་པོ་དང་འདྲ་བར་གཞུང་ན་མི་གསལ་ཞིང༌། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་མཚན་ཉིད་འདིས་སེལ་མི་དགོས་ཏེ། ཕྱོགས་སྒྲུབ་བྱེད་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་དུ་གང་བཞག་པ་དེས་བསལ་ཟིན་པའི་ཕྱིར། འོ་ན་རྟོག་གེ་སྔ་རབས་པ་འཕགས་པ་ཐོག་མེད་སོགས་ཀྱིས་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་བཤད་པ་དེ་འདིར་འགོག་དགོས་ན། མཚན་ཉིད་ཀྱི་ཟུར་གང་གིས་སེལ་བ་བྱེད་ཅེ་ན། རང་གིས་མཐོང་བའི་དོན་ཞེས་པ་ཉིད་ཀྱིས་སེལ་ནུས་ཏེ། གཞན་དུ་ན་དོན་དེ་ནི་ཚུལ་གསུམ་པོ་ཁོ་ན་ངེས་པའི་ཕྱིར་དང༌། རབ་གསལ་ཞེས་པ་ཡང་ཚུལ་གསུམ་པོ་དེ་ཉིད་བློ་ཡུལ་དུ་གསལ་བ་ལ་འཆད་ཀྱི། བསྒྲུབ་བྱ་བློ་ཡུལ་དུ་མི་སྟོན་པ་ལ་མ་འབྲེལ་བའི་ཕྱིར་དང༌། ཡན་ལག་གཉིས་ལྡན་ཞེས་པ་ཡང་གཞུང་གི་ཐ་སྙད་ལ་མེད་ཅིང༌། ཕྱོགས་ཁྱབ་རྐྱང་པ་བརྗོད་པའི་ངག་ལ་ཟུར་ཟ་བ་ཡིན་མོད་ཀྱང༌། དེས་དེ་སེལ་བར་ནུས་པ་མ་ཡིན་ཏེ། སྐབས་སུ་མ་བབ་པའི་རྒོལ་བ་ལ་ནི་སྒྲུབ་ངག་གི་ཡན་ལག་གཅིག་ཀྱང་མི་འགོད་ལ། དེ་བབ་པ་ལ་ནི་ཡན་ལག་གཅིག་བརྗོད་པས་ཕྱོགས་ཁྱབ་གཉིས་ཀ་དྲན་ལམ་དུ་འཕེན་ནུས་པའི་ཕྱིར། རྟགས་ཡང་དག་གི་མཚན་ཉིད་ཡན་ལག་གསུམ་ལྡན་དུ་འཆད་པ་དེའི་ཚེ་དེ་སྟོན་པའི་སྒྲུབ་པའི་ངག་ལ་ཡང་ཡན་ལག་གསུམ་ལྡན་དུ་བཤད་ན་ཐ་སྙད་གཞུང་འགྲེལ་དང་མཐུན་ནོ། །གལ་ཏེ་ཕྱོགས་སྒྲུབ་བྱེད་དུ་འདོད་པ་ཚུལ་གསུམ་ཤེས་པས་ཁེགས་མོད། ཕྱོགས་ཚིག་སྒྲུབ་བྱེད་དུ་འདོད་པ་ནི་རིགས་པ་གཞན་གྱིས་འགེག་དགོས་སོ་ཞེ་ན། དོན་གྱིས་དོན་རྟོགས་ཞེས་སོགས་གཞུང་འདི་ཡི་དགོངས་དོན་ནི། བྱེ་བྲག་པས་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར། བུམ་པ་བཞིན་ཞེས་སོགས་ནས་དེའི་ཕྱིར་ན་སྒྲ་མི་རྟག་ཞེས་སྒྲུབ་ངག་གི་འགོད་ཚུལ་དེ་ལྟར་བྱས་པ་ལ། དམ་བཅའ་དང༌། ཉེར་སྦྱོར། འཇུག་བསྡུད་གསུམ་པོ་ལྷག་པ་དང༌། ཁྱབ་འབྲེལ་བརྗོད་པ་མ་ཚང་བའི་སྐྱོན་བརྗོད་པར་བཞེད་ནས། སྒྲུབ་ངག་ཡང་དག་དུ་འགྱུར་བ་ལ་ཚུལ་གསུམ་རྒོལ་བའི་བློ་ཡུལ་དུ་སྟོན་དགོས། ཕྱོགས་དངོས་སུ་མ་བརྗོད་ཀྱང་ཚུལ་གསུམ་དྲན་ལམ་དུ་འཕངས་པ་ཙམ་གྱིས་ཕྱོགས་རྟོགས་པའི་ངེས་ཤེས་འདྲེན་ནུས་སོ་ཞེས་སྟོན་པ་ནི། དོན་གྱིས་སོགས་ནས་མ་ཚང་ཡིན་པར་བརྗོད་ཀྱི་བར་གསུངས་སོ། །འདི་ཡང་ཕྱི་ནང་གི་རྟོག་གེ་སྔ་རབས་པ་རྣམས་ཀྱིས་སྒྲུབ་ངག་གི་འགོད་ཚུལ་ཐམས་ཅད་ལ་ཕྱོགས་དངོས་སུ་བརྗོད་དགོས་ཟེར་བ་དེ་བཀག་པ་ཡིན་ཏེ། གལ་ཏེ་ཡུལ་བསྟན་མེད་པར་ནི་ཞེས་སོགས་ལས་ཤེས་སོ། །དེ་ལས་གཞན་དུ་ཕྱོགས་ཚིག་དེ་ཁོ་རང་གི་བསྟན་བྱའི་དོན་གང་ཡིན་པ་དེ་སྒྲུབ་པ་ལ་སྒྲུབ་བྱེད་ཡང་དག་ཏུ་འགྱུར་མི་སྲིད་པ་ནི་མ་ཡིན་ཏེ། སྤྱད་པ་ལས་བདེ་བ་འབྱུང་བར་སངས་རྒྱས་ཀྱི་གསུངས་པ་དེ། སྦྱིན་སོགས་སྤྱད་པ་ལས་བདེ་བ་འབྱུང་བའི་སྒྲུབ་བྱེད་ཡང་དག་ཏུ་འགྱུར་སྲིད་པས་སོ། །འདི་ཡང་སྲིད་མཐའ་མ་བཀག་པ་ཙམ་ལ་བསམ་པ་མ་ཡིན་ཏེ། སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་བའི་ཤིན་ཏུ་ཀློག་གྱུར་གྱི་དོན་ཇི་སྙེད་པ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཚེ་དཔྱད་པ་གསུམ་གྱིས་དག་པའི་ལུང་གང་ཡིན་པ་དེ་རང་གི་བསྟན་བྱའི་དོན་དེ་ཉིད་བསྒྲུབ་པ་ལ་གཏན་ཚིག་ཡང་དག་ཏུ་ངེས་པར་ཁས་ལེན་དགོས་པའི་ཕྱིར། ཇི་སྐད་དུ། སྤྱི་ལས་འདི་ཡུལ་ལྐོག་གྱུར་ན། །གོ་སྐབས་མེད་པའི་ཕྱིར་བློ་ནི། །ཞེས་སོགས་དང༌། གནས་གསུམ་པར་ནི་འཕོ་བ་ན། །ཞེས་སོ། །དེའི་ཚེ་ཡང་སྒྲུབ་ངག་གིས་ཚུལ་གསུམ་པོ་ཉིད་བརྗོད་པ་ཡིན་གྱི་དམ་བཅའ་དང་འཇུག་བསྡུད་སྦྱོར་དགོས་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ལས་དེ་འབྱུང་བར་སངས་རྒྱས་ཀྱིས་གསུངས་ན་དེ་ལྟར་འབྱུང་བས་ཁྱབ། དཔེར་ན་དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་བཞིན། སྦྱིན་སོགས་སྤྱད་པ་ལས་དེ་འབྱུང་བར་ཡང་དེས་གསུངས་སོ་ཞེས་པ་ཙམ་ཞིག་ལས་ལྷག་པ་འགོད་མི་དགོས་པའོ། །སྤྱིར་ཡབ་སྲས་ཀྱི་གཞུང་འདི་ལས་གཞན་པའི་ཤིང་རྟའི་སྲོལ་འབྱེད་ཀུན་གྱིས་ནི་གཞལ་བྱའི་གནས་གསུམ་ཀ་ལ་སངས་རྒྱས་ཀྱི་གསུང་ཚད་མ་ཙམ་དུ་མ་ཟད་སྒྲུབ་བྱེད་དུ་ཡང་འགྱུར་བ་ཉིད་དུ་གསུངས་ཏེ། གཟུགས་མིག་ཤེས་ཀྱི་གཟུང་བྱ་དང་ས་ཡི་མཚན་ཉིད་སྲ་བ་ལ་སོགས་པར་ཆོས་མངོན་པ་ལས་གསུངས་པའི་རྟགས་ཀྱིས་དེ་དག་དེར་ངེས་ཤེས་བསྐྱེད་དགོས་པ་སོགས་གྲངས་ལས་འདས་པ་ཡིན་ནོ། །འདི་ལྟ་བུའི་རྣམ་དབྱེ་མ་ཕྱེ་ན་གཞུང་འདིར། གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །ཞེས་སོགས་ཀྱི་ཕྱོགས་སྔ་ཕྱི་ཇི་ལྟར་ཡིན་པའི་ཚུལ་དཔྱིས་ཕྱིན་པར་མི་ཤེས་ཏེ། རྣམ་འགྲེལ་མཛད་པའི་རྗེས་སུ་འཇུག་པར་ཁས་འཆེ་བའི་རྟོག་གེ་ཕྱི་རབས་པ་དག་ནི་འདི་སྐད་དུ། རྒོལ་བ་དཔྱོད་ལྡན་ཞིག་གིས་སྒྲ་རྟག་སྟོན་གྱི་བསྟན་འཆོས་ལུང་ཚད་མར་ཡང་ཁས་བླངས། སྐབས་སུ་བབ་པའི་ཕྱིར་རྒོལ་བ་ཞིག་གི་ངོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་པའི་ཚུལ་གསུམ་ཚད་མས་ཤེས་ནས་བཀོད་པ་དེའི་ཚེ་སྒྲུབ་བྱ་དང་གཏན་ཚིགས་གཉིས་ཀ་སྐྱོན་ཡིན་པར་ཁས་ལེན་པ་ལ་ཐེ་ཚོམ་མ་མཆིས་པའི་ཕྱིར། འོ་ན་སྐབས་དེར་དེ་ལྟ་བུའི་སྐྱོན་དེ་མི་འཇུག་པ་ཅི་ཞེ་ན། སྔར་རྒོལ་བས་སྐྱོན་དེ་འཇུག་པ་མ་ཡིན་ཏེ། དེ་སྐབས་ཀྱི་ཚུལ་གསུམ་ཚང་བའི་ཕྱིར་དང༌། སྒྲ་རྟག་སྟོན་གྱི་ལུང་ཚད་མར་ཁས་བླངས་པས་སྒྲ་མི་རྟག་པར་དམ་བཅས་པའི་དོན་ལ་མི་གནོད་དེ། དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་ལུང་གནོད་སྒྲུབ་ཏུ་མི་འཇུག་པའི་ཕྱིར་ཞེས་པས་ལན་ཐེབས་ལ། དེ་དང་འདྲ་བར་སྒྲ་མི་རྟག་པའི་ལུང་ཚད་མར་ཁས་བླངས་ནས་སྒྲ་རྟག་སྒྲུབ་ལ་འགལ་བའི་གཏན་ཚིགས་བཀོད་པའི་ཚེ་ནའང་རྟགས་དེ་ལ་གསུམ་མ་ཚང་བས་སྐྱོན་ཅན་ཡིན་མོད་ལུང་ཁས་བླངས་པའི་ཆ་ནས་བསྒྲུབ་བྱ་སྐྱོན་ཅན་དུ་འགྱུར་བ་མ་ཡིན་ཏེ། སྔ་མ་དེ་ཉིད་ཀྱི་ཕྱིར་དང༌། སྐབས་དེར་སྒྲ་མི་རྟག་པ་ལ་དཔག་འདོད་མེད་པའི་ཕྱིར་ཞེས་འཆད་དགོས་པའོ། །དེས་ན་ལུགས་འདིར་གཞལ་བྱ་མངོན་ལྐོག་གཉིས་ལ་ལུང་སྒྲུབ་བྱེད་དུ་མི་འདྲེན་པར་མ་ཟད་ལུང་དང་འགལ་བ་གནོད་བྱེད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཚུལ་འདི་མཐའ་ཆོད་པ་ཉིད་དུ་བསླབ་པར་བྱའོ། །ཡང་འདི་སྐད་དུ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་གཞན་དོན་བསྒྲུབ་བྱ་ཡང་དག་གི་མཚན་ཉིད་དུ་བཞག་ནས། རང་དོན་སྐབས་ཀྱི་སྒྲུབ་བྱ་ཡང་དག་ལ་མཚན་ཉིད་དེ་མ་ཚང་བ་དང༌། སྒྲ་རྟག་པ་ལྟ་བུ་རྟགས་ཀྱིས་བསྒྲུབ་མི་ནུས་པ་རྣམས་བསྒྲུབ་བྱ་ཡང་དག་ཏུ་འགྱུར་བ་མི་སྲིད་དོ་ཞེས་ཟེར་བ་ནི། རང་དོན་སྐབས་ཀྱི་བསྒྲུབ་བྱ་ཡང་དག་ལ་གཞུང་ནས་བཤད་པའི་བསྒྲུབ་བྱའི་མཚན་ཉིད་མི་ཚང་ན། དེའི་སྐབས་ཀྱི་གཏན་ཚིགས་ལ་གཞུང་ནས་བཤད་པའི་རྟགས་ཀྱི་མཚན་ཉིད་མི་ཚང་བར་འགྱུར་ཏེ། གཞུང་ལས་ནི་དེ་གཉིས་ཀ་ལ་རང་གཞན་གྱི་སྐབས་སོ་སོར་ཕྱེ་བ་མེད་པའི་ཕྱིར་དང༌། རྟགས་ཀྱིས་བསྒྲུབ་མི་ནུས་པས་བསྒྲུབ་བྱར་མི་འགྱུར་ན། འདོད་པ་ཤེས་པའི་ཚིག་གི་ཡོངས་གཅོད་དང་འགལ་ཏེ། ཚིག་དེས་ནི་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པའི་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ལ་བསྒྲུབ་བྱས་ཁྱབ་པར་བཤད་པའི་ཕྱིར་དང༌། མིག་སོགས་བདག་དོན་བྱེད་པ་དེ་བསྒྲུབ་བྱ་ཉིད་དུ་བཤད་པའི་ཕྱིར་དང༌། རྟགས་ཀྱིས་བསྒྲུབ་མི་ནུས་པ་བསྒྲུབ་བྱའི་སྐྱོན་དུ་འདོད་པ་ནི། རྟགས་སྐྱོན་དང་ཕྱོགས་སྐྱོན་གྱི་རྣམ་དབྱེ་མ་ཕྱེད་པས་ནོངས་པའི་ཕྱིར་དང༌། ནོངས་པ་དེ་ནི། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི་ཞེས་སོགས་ཀྱི་གཞུང་འཆད་པ་པོ་དང་ཊཱི་ཀ་བྱེད་པ་ཐམས་ཅད་ལ་སྣང་བས་བག་ཡོད་པ་བྱོས་ཞིག དེའི་ཤེས་བྱེད་ཀྱང་འབྲེལ་མེད་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་དང༌། དེ་ལྟར་དོགས་པ་གཉིས་ཀ་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་ལྔ་པོ་གང་རུང་གིས་སེལ་མི་ནུས་པར་རང་རྟེན་ལའོ་ཞེས་སྨོས་པས་སེལ་དགོས་ན། སེལ་བྱེད་ཐུག་མེད་དུ་ཐལ་བ་དང་མཚན་ཉིད་སྐྱོན་ཅན་དུ་ཐལ་བར་འགྱུར་རོ། །གལ་ཏེ་རྟགས་ཀྱིས་བསྒྲུབ་མི་ནུས་པ་བསྒྲུབ་བྱའི་སྐྱོན་མ་ཡིན་ན་བསྒྲུབ་བྱ་སྒྲུབ་མི་ནུས་པ་རྟགས་ཀྱི་སྐྱོན་མ་ཡིན་པར་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ཇི་སྐད་དུ། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེས་ལས་ཅིར་འགྱུར་དེ་མི་ནུས། །ཅི་ཕྱིར་རྟགས་རྗེས་འགྲོ་མེད་ཕྱིར། །འདི་དེ་དག་གི་སྐྱོན་མིན་ནམ། །ཕྱོགས་སྐྱོན་འདོད་མིན་ཞེས་གསལ་བར་གསུངས་པས་སོ། །གལ་ཏེ་འོ་ན་སྒྲུབ་བྱེད་དུ་བཀོད་བཞིན་པའི་དཔེ་རྟགས་མ་གྲུབ་པ་དེ་རྟགས་དཔེའི་སྐྱོན་མ་ཡིན་པའི་དོགས་པ་ནི་གང་དུ་ཡང་མི་འབྱུང་ལ། དེ་བསྒྲུབ་བྱ་ཡིན་པ་ནི་ཁོ་ན་བ་ཞེས་པའི་ཚིགས་གིས་སེལ་དགོས་པའི་ཕྱིར། རྟགས་ཕྱོགས་གཉིས་ཀའི་སྐྱོན་དུ་འཆད་དགོས་པ་མ་ཡིན་ནམ་ཞེ་ན། དེ་འདྲ་དེ་རྟགས་སྐྱོན་ཡིན་པར་ནི་མཐའ་ཅིག་ཏུ་འཆད་དགོས་ལ། དེ་འདྲ་དེ་གང་ལ་སྒྲུབ་བྱེད་དུ་བཀོད་པའི་ཕྱོགས་དེར་ནི་མ་བཟུང་བའི་ཕྱིར་ན། དེ་སྐོར་གྱི་ཕྱོགས་སྐྱོན་དུ་འཇོག་པ་མ་ཡིན་ནོ། །དེ་སྐོར་གྱི་ཕྱོགས་སྐྱོན་དུ་ཡང་མཚུངས་ཏེ། དེ་སྐོར་གྱི་ཕྱོགས་ཡང་དག་གིས་མཚན་ཉིད་ཀྱི་བསལ་བྱ་ཡིན་པའི་ཕྱིར་ཞེ་ན། དེ་སྐབས་ཀྱི་ཁོ་ན་བ་ཞེས་པའི་ཚིགས་གིས་དཔེ་རྟགས་མ་གྲུབ་བསྒྲུབ་བྱ་ཡིན་པ་སེལ་གྱི། དཔེ་རྟགས་རང་ལྡོག་ནས་སེལ་བ་མ་ཡིན་ཏེ། གཞན་དུ་ན་ཚིག་དེ་རྟགས་སྐྱོན་སེལ་བྱེད་དུ་ཐལ་བས་སོ། །ཡང་ཚད་མའི་བསལ་བ་རྒྱས་བཤད་ཀྱི་སྐབས་སུ་སྒྲ་མི་རྟག་པ་སོགས་སེལ་བྱེད་དང༌། སྒྲ་རྟག་པ་སོགས་བསལ་བྱ་དང༌། སྒྲ་མི་རྟག་པ་སོགས་སུ་ཚད་མས་གྲུབ་པས་ན་བསལ་བྱ་བཞི་པོ་དེ་སེལ་ནུས་པ་ཡིན་ནོ། །དེའི་ཚེ་ན་ཡུལ་གྱིས་ལོགས་ཕྱོགས་བསལ་བ་ན་དེའི་ཡུལ་ཅན་མངོན་རྗེས་སོགས་ཀྱིས་བསལ་བར་མིང་བཏགས་པ་ཡིན་ཏེ། ཇི་སྐད་དུ། མངོན་སུམ་སོགས་ཀྱིས་གཞལ་བྱ་ལའང༌། །འཇལ་བྱེད་སྒྲས་སྒྲོ་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར་ཞེས་མཐུན་པར་སྨྲའོ། །གཞུང་འདི་ཡི་དོན་ནི། ཚད་མ་མངོན་རྗེས་གང་རུང་གིས་རང་གི་གཞལ་བྱའི་ལོག་ཕྱོགས་བསལ་བ་ལ། ཡུལ་གྱིས་ཡུལ་ཅན་བསལ་བའི་མིང་བཏགས་པ་ཡིན་གྱི། ཚད་མ་རྣམས་རང་རང་གི་གཞལ་བྱའི་ལོགས་ཕྱོགས་ལ་སེལ་བྱེད་དང་གནོད་བྱེད་བཏགས་པ་བར་བཤད་ན་རྣམ་པར་འཁྱམས་ཏེ། ལོག་ཕྱོགས་ལ་གནོད་བྱེད་དངོས་མ་ཡིན་ན་གཞལ་བྱ་ལ་འགྲུབ་བྱེད་མཚན་ཉིད་པར་མ་ཡིན་པར་ཐལ་བ་དང༌། ཕན་ཚུན་སྤངས་པའི་འགལ་བ་ནི་དེ་སྤངས་པའི་འགལ་ཟླ་ལ་གནོད་བྱེད་དངོས་མ་ཡིན་ཏེ། ཡིན་ན་སྒྲ་མི་རྟག་པ་ཡིན་པས་སྒྲ་རྟག་པ་ཡིན་པ་སེལ་ནུས་པ་དང༌། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་གཏན་ཚིག་ཡང་དག་ཏུ་འགྱུར་རོ། །དེའི་ཕྱིར་ཕན་ཚུན་སྤངས་པའི་དངོས་འགལ་ལ་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་བར་མི་བཞེད་དོ། །གལ་ཏེ་ཡུལ་གཞལ་བྱས་ལོག་ཕྱོགས་ཀྱི་ཡུལ་ཅན་མི་སེལ་ན། བྱས་པའི་རྟགས་ཀྱིས་སྒྲ་རྟག་པ་སེལ་ནུས་པ་ཅི་ཞེ་ན། རྗེས་དཔག་གིས་ནི་བསལ་བ་ལ། །གཏན་ཚིགས་ཀྱིས་ནི་བསལ་བར་བཏགས། །ཞེས་བྱ་སྟེ། ཇི་སྲིད་རྟགས་དེ་ལ་བརྟེན་པའི་རྗེས་དཔག་མ་སྐྱེས་པ་དེ་སྲིད་དུ་གཞལ་བྱ་དེ་དག་གིས་རང་གི་ལོགས་ཕྱོགས་སེལ་བར་མི་ནུས་སོ། །གཞན་དུ་ན་སྒྲ་མི་རྟག་ཞེས་པའི་ཚིག་གིས་སྒྲ་རྟག་པ་འགོག་ནུས་པར་འགྱུར་རོ། །ཡང་འདི་སྐད་དུ། ཚད་མ་གྲུབ་པའི་ལེའུས་ལེགས་པར་བཤད་པའི་གྲུབ་དོན་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབས་ཤིང་གྲུབ་པས་ན། ཤིང་རྟའི་སྲོལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། སྲོལ་འབྱེད་གཞན་གྱི་ལྟར་ན་ནི་ལུང་ལ་མ་ལྟོས་པར་དེ་དག་འགྲུབ་བྱེད་ཀྱི་ཐབས་མི་རྙེད་པའི་ཕྱིར་ཞེས་གསུང་ངོ༌། །དེ་ལྟར་སྒྲུབ་བྱེད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་དེ་གང་ཡིན་ཞེས་དྲིས་པ་ན། ཚད་མ་མདོ་ཡི་མཆོད་བརྗོད་ཀྱི་གཞུང་ལུགས་འབྱུང་གི་ཚུལ་དུ་བཤད་པ་རྣམས་ཀྱིས་ནི། མཐར་ཐུག་གི་ཚད་མ་ལ་རྒྱུ་མེད་ཀྱི་ལོག་པར་རྟོག་པ་སེལ་ལ། ལུགས་བཟློག་གི་ཚུལ་དུ་བཤད་པའི་གཞུང་རྣམས་ཀྱིས་ནི། དེ་འདྲ་དེ་ལ་ཤེས་བྱེད་ཀྱི་རྟགས་དང་རྗེས་དཔག་མེད་པའི་ལོག་པར་རྟོག་པ་བསལ་བས་ན། སྒྲུབ་བྱེད་ཐུགས་རྗེ་ནས། གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པ་ལ་མཐར་ཐུག་པའི་བར་གྱི་གཞུང་ཐམས་ཅད་ནི། རྣམ་འགྲེལ་མཛད་པ་རང་ལུགས་ཀྱི་རིགས་པའི་ལམ་ནས་དྲངས་པའོ་ཞེས་འཆད་དོ། །དེ་ཙམ་ཞིག་ནི་གཞུང་ལུགས་པ་གཞན་ཐམས་ཅད་ལ་སྣང་སྟེ། རྒྱུ་ཀུན་འབྱུང་སྔོན་དུ་སོང་བ་མེད་པར་འབྲས་བུ་སྡུག་བསྔལ་མི་འབྱུང་བའི་འབྲེལ་པ་དང༌། དོན་དམ་པའི་འགོག་བདེན་གང་ཡིན་ལ་རང་གི་བྲལ་རྒྱུ་ལམ་གྱི་བདེན་པ་ཞིག་སྔོན་དུ་འགྲོ་དགོས་པ་ནི། གྲུབ་མཐའ་བཞི་ཀའི་གཞུང་ལས་འབྱུང་བ་དང༌། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལས་ནང་གི་མཁྱེན་བརྩེ་དཔོག་པ་ནི་འཇིག་རྟེན་པ་དག་གི་གཞུང་ལུགས་ལ་ཡང་ཡོད་པའི་ཕྱིར། དེས་ན་གཞུང་ལུགས་གཞན་ལས་དེ་ལྟར་བཤད་པ་དང༌། ཚད་མ་གྲུབ་པའི་ལེའུ་བཤད་པའི་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་རིགས་པ་དེ་ཐམས་ཅད་ཀྱང་མཐར་ཐུག་ལུང་ལ་རག་ལས་པ་ཁོ་ན་སྟེ། ལུང་ལ་མ་བརྟེན་པར་གཏན་ཚིགས་དེ་དག་གི་ཚུལ་གསུམ་མི་འགྲུབ་པའི་ཕྱིར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་བསྒྲུབ་ནུས་པ་ལྟ་བུ་དང་འདྲ་བ་མ་ཡིན་ཏེ། དེ་སྐད་དུ་ཡང༌། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ལུང་དང་རིགས་པས་རྣམ་དཔྱོད་པ། །ཞེས་གསུངས་སོ། །བྱེ་བྲག་ཏུ་དེ་འདྲ་དེ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབ་ནུས་པ་རྣམ་འགྲེལ་མཛད་པའི་ལེགས་བཤད་མ་ཡིན་ཏེ། དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་ན་ཤིན་ཏུ་ལྐོག་གྱུར་མ་ཡིན་དགོས་ལ། ཤིན་ཏུ་ལྐོག་གྱུར་ཡིན་ན་སྒྲུབ་བྱེད་ལུང་ལ་མི་ལྟོས་པར་འགལ་ཏེ། གནས་གསུམ་པར་ནི་འཕོ་བ་ན། །སོགས་དང༌། སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི། །ཞེས་སོ། །གལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་ཤིན་ཏུ་ལྐོག་གྱུར་མ་ཡིན་པར་ཁས་ལེན་ན། ཤིན་ཏུ་ལྐོག་གྱུར་གྱི་མཚན་གཞི་འཛིན་རྒྱུ་ཡོད་ན་གང་ཡིན། ལ་ལ་ན་རེ་སུམ་བཅུ་རྩ་གསུམ་པའི་ལྷའི་ཚེ་ཚད་ལྟ་བུའོ་ཞེ་ན། ཚུ་རོལ་མཐོང་བའི་མངོན་སུམ་ཚད་མས་གྲུབ་པ་ནི་ཤིན་ཏུ་ལྐོག་གྱུར་དུ་མི་རུང་ངོ༌། །མི་ལ་ལྟོས་ནས་སོ་ཞེ་ན། ལྟོས་བཞག་གིས་གོ་ཆོད་ན་སྔ་མ་ལ་ཡང་མཚུངས་མོད། སྤྱིར་གཞལ་བྱའི་གནས་གསུམ་གྱི་འཇོག་མཚམས་ནི་ལྟོས་ནས་བཞག་པ་མ་ཡིན་ནོ། །གལ་ཏེ་འཇོག་མཚམས་སོ་སོ་བ་གང་གིས་དེར་འཇོག་ཅེ་ན། ཚུལ་རོལ་མཐོང་བའི་གང་ཟག་སུ་ཡིན་ཀྱང་གཅིག་གིས་མངོན་སུམ་ཚད་མས་གྲུབ་ན། སྤྱིར་གཞལ་བྱ་མངོན་དུ་གྱུར་པ་ཁོ་ན་དང༌། སྐྱེ་འཕགས་གང་ཡིན་ཀྱང་རུང་ལུང་དཔྱད་པ་གསུམ་གྱིས་རྣམ་པར་དག་ནས་ཁས་ལེན་པ་ལ་མ་ལྟོས་པར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཁོ་ན་ལ་བརྟེན་ནས་འབེབས་ནུས་པ་ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་ལྟ་བུ་དང༌། སོ་སོ་སྐྱེ་བོས་མ་ཡིན་པར་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ཉམས་སུ་མྱོང་བ་ཆོས་དབྱིངས་ཡེ་ཤེས་ལྟ་བུ་ནི་རང་བཞིན་ལྐོག་གྱུར་དང༌། སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་དུ་གྱུར་པ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་མཚན་གཞི་དང་གོ་དོན་ནོ། །དེ་རེ་རེ་ལའང་གསུམ་གསུམ་དབྱེ་བར་བྱ་སྟེ། གང་ཞེ་ན། མངོན་གྱུར་ཉིད་ལས་ཕྱེ་བའི་མངོན་ལྐོག་ཤིན་གསུམ་དང༌། རང་བཞིན་ལྐོག་གྱུར་ཉིད་ལས་ཕྱེ་བའི་དེ་གསུམ་དང༌། ཤིན་ལྐོག་ཁོ་ན་ལས་ཕྱེ་བའི་དེ་གསུམ་མོ། །སོ་སོའི་དངོས་འཛིན་ནི། ཚུ་རོལ་མཐོང་བའི་མངོན་སུམ་ཉིད་ཀྱིས་མཐོང་བའི་གཟུགས་སྒྲ་སོགས་དང༌། ཚུར་མཐོང་ཁ་ཅིག་ལ་ལྐོག་ཏུ་གྱུར་པ་ལ་མེའི་ཚོགས་དོན་ལྟ་བུ་དང༌། ཚུར་མཐོང་མི་ལྟ་བུས་ཤེས་པ་ལུང་ཁོ་ན་ལ་རག་ལས་པ་ལྷ་ཡི་ཚེ་ཚད་ལྟ་བུ་སྟེ། འདི་གསུམ་གང་རུང་ལ་མངོན་གྱུར་གྱིས་ཁྱབ་པ་ཡིན་ཏེ་དེ་དག་གང་ཡིན་ཡང་ཚུ་རོལ་མཐོང་བའི་མངོན་སུམ་གཅིག་གིས་མི་རྟོགས་པ་མི་སྲིད་པའི་ཕྱིར། བར་པ་གསུམ་པོའི་མཚན་གཞི་ནི། གང་ཟག་གི་བདག་མེད་ལྟ་བུ་འཕགས་པ་ཐམས་ཅད་ཀྱིས་མངོན་སུམ་དུ་གཟིགས་པ་དང༌། གཟུང་བ་ཆོས་ཀྱི་བདག་མེད་ལྟ་བུ་འཕགས་པའི་གང་ཟག་ཁ་ཅིག་ལ་མངོན་སུམ་གྱིས་མི་རྟོགས་ཀྱང་རིགས་པས་གཏན་ལ་ཕེབས་ནུས་པ་དང༌། ཉན་རང་འཕགས་པས་རྟོགས་དཀའ་བ་འཛིན་པ་ཆོས་ཀྱི་བདག་མེད་ལྟ་བུའོ། །ཕྱི་མ་གསུམ་གྱི་མཚན་གཞི་ནི། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་དང་ངོ་བོ་ཉིད་ཀྱི་སྐུ་ལྟ་བུའོ། །དེ་ལ་མངོན་གྱུར་ལས་ཕྱེ་བ་གསུམ་ནི་མངོན་གྱུར་ཁོ་ནར་ངེས་ཏེ། ཚུ་རོལ་མཐོང་བའི་མངོན་སུམ་ཅིག་གིས་མི་རྟོགས་མི་སྲིད་པའི་ཕྱིར། རང་བཞིན་ལྐོག་གྱུར་ལས་ཕྱེ་བ་གསུམ་ནི་ལྐོག་གྱུར་ཁོ་ནར་ངེས་ཏེ་ཚུ་རོལ་མཐོང་བའི་མངོན་སུམ་གྱི་ཡུལ་དུ་མ་གྲུབ་ཅིང་ལུང་ལ་མ་ལྟོས་པར་ཡང་རིགས་པས་གཏན་ལ་འབེབས་ནུས་པའི་ཕྱིར། དེ་ཇི་ལྟར་ཞེ་ན། ཚུ་རོལ་མཐོང་བས་ཀྱང་བདག་ཕུང་གཅིག་དང་ཐ་དད་སོགས་སུ་བརྟགས་པས་དང༌། རང་རྒྱལ་སློབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་རྟོགས་ནུས་པ་དང༌། བྱང་སེམས་འཕགས་པའི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་རྟོགས་ནུས་པས་དེར་བཞག་པའོ། །ཤིན་ལྐོག་ལས་ཕྱེ་བའི་གསུམ་པོ་གང་རུང་ལ་ཡང་དེ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། སོ་སྐྱེ་དང་འཕགས་པ་འོག་མ་གང་གིས་ཀྱང་མངོན་སུམ་ལྟ་ཅི་སྨོས་ལུང་ལ་མ་ལྟོས་པའི་རིགས་པ་གང་གིས་ཀྱང་རྟོགས་མི་ནུས་པའི་ཕྱིར། ཤིན་ལྐོག་ལས་ཕྱེ་བའི་གསུམ་པོ་ལ་རྟོགས་དཀའ་སླའི་ཁྱད་པར་མེད་དོ་ཞེ་ན། གནས་ཚུལ་གྱི་གསུམ་པོ་ལ་མེད་མོད་གསུམ་དུ་དབྱེ་བར་མི་ནུས་པ་མ་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ཤས་ནི་བྱང་སེམས་འཕགས་འཕགས་པའི་མངོན་སུམ་གྱིས་དང༌། རྟོགས་ཡེས་ཆོས་སྐུ་ནི་སངས་རྒྱས་འཕགས་པ་ཁོ་ནའི་མངོན་སུམ་གྱིས་དང༌། ངོ་བོ་ཉིད་ཀྱི་སྐུའི་ངོས་འཛིན་ལ་འཆད་ཚུལ་གཉིས་ལས། མེད་པར་དགག་པའི་ཆ་ནི་ཡེ་ཤེས་ཀྱི་ཡུལ་ལས་འདས་པའི་ཕྱིར། འདིར་བོད་ཕྱི་མ་དག་ནི། སྤྱིར་མངོན་ལྐོག་མི་འགལ་ཏེ་གང་ཟག་འགའ་ཞིག་ལ་ལྐོག་ཏུ་གྱུར་པས་ན་སྤྱིར་གཉིས་པོ་ལ་གཞི་མཐུན་སྲིད་པའི་ཕྱིར། གང་ཟག་གཅིག་ལ་ལྟོས་ནས་འགལ་བ་ཡིན་ཏེ། གཅིག་པོ་དེ་ཉིད་ལ་མངོན་དུ་གྱུར་ན་ལྐོག་ཏུ་གྱུར་པར་འགལ་བའི་ཕྱིར། ཡང་ལ་ལ་ན་རེ། སོ་སོ་སྐྱེ་བོ་ལ་ལྐོག་ཏུ་གྱུར་ན་ལྐོག་གྱུར་ཡིན་མི་དགོས་ཏེ། དེ་ནི་མ་ཁྱབ་པའི་བློ་ཅན་ཡིན་པའི་ཕྱིར། རྣམ་མཁྱེན་ལ་མངོན་དུ་གྱུར་ན་མངོན་གྱུར་ཡིན་དགོས་ཏེ། དེ་ནི་ཡུལ་གྱི་གནས་ཚུལ་མཐའ་དག་ལ་ཞུགས་པའི་ཕྱིར། དེས་ན་གཞལ་བྱ་ལ་མངོན་གྱུར་གྱི་ཁྱབ་བོ་ཞེས་ཟེར་རོ། །དེ་གཉིས་ཀ་ཡང་གཞུང་ལུགས་དང་མི་མཐུན་ཅིང༌། བྱེ་བྲག་ཏུ་ལུགས་སྔ་མ་ལ། ཆོས་དེ་དང་དེ་གང་ཟག་གཅིག་ལ་མངོན་དུ་གྱུར་པས་མངོན་གྱུར་དང༌། འགའ་ཞིག་ལ་ལྐོག་ཏུ་གྱུར་པས་ལྐོག་གྱུར་གྱི་གོ་ཆོད་ན། ཚད་མ་དང་ཚད་མིན་གྱི་གཞི་མཐུན་དང༌། མངོན་སུམ་རྗེས་དཔག་གི་དང༌། རང་མཚན་སྤྱི་མཚན་དང༌། དངོས་པོ་དངོས་མེད་དང༌། བདེན་པ་གཉིས་དང༌། ཡོད་མེད་སོགས་ཀྱི་གཉིས་ཡིན་ཁས་ལེན་དགོས་པར་འགྱུར་ཏེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ལྟ་བུ་དེ་སྒྲ་མི་རྟག་པ་ལ་ཚད་མ་དང་སྒྲ་ལ་བཅད་ཤེས་དང༌། རང་གི་ངོ་བོ་ལ་མངོན་སུམ་ཉིད་ཀྱི་ཕྱིར་དང༌། སྒྲ་མི་རྟག་པའི་དོན་སྤྱི་ལྟ་བུ་དེ། རྗེས་དཔག་གི་ངོར་རང་མཚན་དང༌། སྣང་ངོར་སྤྱི་མཚན་ཉིད་ཀྱི་ཕྱིར་དང༌། ཕྱི་རོལ་གྱི་དོན་རང་མཚན་ལྟ་བུ་སེམས་ཙམ་པ་རང་ལུགས་ལ་ལོག་པའི་ཀུན་རྫོབ་དང༌། འཇིག་རྟེན་པའི་བག་ཆགས་བརྟན་འབྱུང་གི་ངོར་དོན་དམ་བདེན་པ་དང༌། ཁ་སང་གི་བུམ་པ་ལྟ་བུ་རང་དུས་སུ་དངོས་པོར་ཚད་མས་གཞལ། དེ་རིང་གི་དུས་སུ་དངོས་མེད་དུ་ཚད་མས་གཞལ་བའི་ཕྱིར་དང༌། མངོན་ལྐོག་ལ་གཞི་མཐུན་ཡོད་པ་དང་སོ་སོར་འཇོག་མཚམས་འཆོལ་ན། མངོན་རྗེས་ལ་གཞི་མཐུན་སྲིད་པ་དང༌། གྲངས་ངེས་ཉམས་པར་འགྱུར་ཏེ། འཇུག་ཡུལ་ལ་མངོན་ལྐོག་གཉིས་སུ་གྲངས་ངེས་པའི་རྟགས་ཀྱིས་ཚད་མ་ལ་གཉིས་སུ་གྲངས་ངེས་པར་གཞུང་ལས་བཤད་པ་དེ་ཁྱེད་ཀྱིས་འཆད་མི་ནུས་པའི་ཕྱིར། ལུགས་ཕྱི་མ་ལ་ཡང་ཚད་མ་དང་གཞལ་བྱའི་གྲངས་ངེས་ཉམས་པའི་ཉེས་པ་དེ་འཇུག་པར་ཁོ་ནར་མ་ཟད། སངས་རྒྱས་ལ་མངོན་དུ་གྱུར་པས་སྐབས་འདིར་མངོན་གྱུར་དང༌། དེའི་ངོར་ལྐོག་གྱུར་མེད་པས་དེ་མེད་པའི་གོ་ཆོད་པ་མ་ཡིན་ཏེ། གཞལ་བྱ་མངོན་ལྐོག་དང༌། རང་སྤྱི་དང༌། ཚད་མ་མངོན་རྗེས་དང༌། ཤེས་པ་རྟོག་བཅས་རྟོག་མེད་སོགས་ཀྱི་རྣམ་གཞག་ནི་སེམས་ཅན་ལ་ལྟོས་ནས་ཡིན་གྱི་སངས་རྒྱས་ཀྱི་མཁྱེན་ངོ་དབང་བཙན་པ་མ་ཡིན་ཏེ། བཙན་ན་རྣམ་གཞག་དེ་དག་འཆོལ་བར་འགྱུར་བའི་ཕྱིར་ཏེ། དེ་ཡང་འདི་ལྟར། གཞལ་བྱ་སྤྱི་མཚན་དང་ལྡོག་པ་གཞན་སེལ་གྱི་རྣམ་གཞག་ཇི་སྙེད་པ་བཞག་ཏུ་མེད་པར་འགྱུར་ཏེ། སངས་རྒྱས་ལ་དེ་ལྟར་སྣང་བ་མེད་པའི་ཕྱིར། ཡོད་ན་སངས་རྒྱས་ལ་རྟོག་པ་དང་རྗེས་དཔག་དང་འཁྲུལ་པའི་སྣང་བ་མངའ་བར་འགྱུར་ཏེ། སྤྱི་མཚན་གཞལ་བྱར་བྱེད་པའི་ཚད་མ་དང༌། དོན་སྤྱི་སྣང་ཡུལ་དུ་བྱེད་པའི་བློ་མངའ་བའི་ཕྱིར་དང༌། གཟུང་འཛིན་གཉིས་སུ་སྣང་བའི་བློ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ནར་མ་ཟད་གཞལ་བྱ་མངོན་གྱུར་གཅིག་པུའི་རྣམ་གཞག་ཀྱང་ཉམས་པར་འགྱུར་ཏེ། སེམས་ཙམ་པའི་སྐབས་སུ་ནི་སོ་སྐྱེའི་ཁ་ཕྱིར་བལྟས་ཀྱི་ཤེས་པ་ལ་དངོས་སུ་ཅི་སྣང་བ་དེ་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ལ་མི་སྣང་བའི་ཕྱིར་ཏེ། དེའི་ངོར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་གང་ཡང་ཡོད་པ་མིན་པས་སོ། །དེ་ལྟ་བས་ན་སྡེ་བདུན་དུ་མངོན་ལྐོག་སོགས་ཐ་སྙད་ཀྱི་རྣམ་གཞག་འཇོག་པའི་སྐབས་འདིར་གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས་བསླད་པའི་ཤེས་པ་ཉིད་དབང་བཙན་པར་བྱ་དགོས་ཏེ་ཇི་སྐད་དུ། གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་བཞག་བྱས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་དང༌། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་ནི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོག་པ་བསམ་མི་ཁྱབ། །ཅེས་གསུངས་སོ། །འོ་ན་ཇི་སྐད་དུ་རྣམ་པར་ངེས་པ་ལས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པ་ནི་རྣམ་པ་ཐམས་ཅད་དུ་གཏན་མེད་པར་གོ་བར་བྱེད་དོ་ཞེས་དང༌། ཐེག་བསྡུས་ལས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །ཞེས་བཤད་པ་མིན་ནམ་ཞེས་ན། བཤད་པ་དེ་ནི་གནས་ཚུལ་ལ་སེམས་པ་མཐར་ཐུག་པ་དེའི་ཚེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། ཆོས་གཞན་གང་ཡང་མེད་ཅེས་བྱ་བའི་ལུང་ངོ༌། །སྐབས་འདིར་ལུང་དེ་དག་ཁས་བླང་བར་བྱ་བ་མ་ཡིན་ཏེ། ལུང་དེ་དག་གི་དོན་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པའི་ཕྱིར། ཇི་སྐད་དུ། དེས་གྲུབ་དེ་ནི་ལེགས་པར་གྲུབ། དེ་ཚེ་བསྟན་འཆོས་ལྟོས་མ་ཡིན། །ཞེས་གསུངས་སོ། །སངས་རྒྱས་ཀྱི་མཁྱེན་པ་ཁོ་ན་ཚད་མར་བྱ་བ་ནི། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱད་པ་རྣམ་པར་དག་ནས། ཤིན་ཏུ་ལྐོག་འགྱུར་ལ་རྟོག་སྤྱོད་འཕོ་བ་ཉིད་ཀྱི་ཚེ་ཡིན་ཏེ། མངོན་ལྐོག་གི་རྣམ་གཞག་འཆད་པའི་སྐབས་འདིར་ནི་སངས་རྒྱས་ཀྱི་མཁྱེན་པ་ཉིད་ཀྱང་ཤིན་ཏུ་ལྐོག་ཏུ་གྱུར་པས། སྐལ་དོན་ཤ་ཟ་དང་མཚུངས་པར་གྱུར་ན་དེའི་མཁྱེན་ཚུལ་ཚད་མར་བྱེད་པ་ལྟ་ཅི་སྨོས་པའི་ཕྱིར། ཇི་སྐད་དུ། འདི་ནི་ཁས་ལེན་ཐབས་ཡིན་ཏེ། །དེ་ཚེ་ཡོད་ཀྱང་ཡན་ལག་མིན། །གནས་གསུམ་པར་ནི་འཕོ་བ་ན། །བསྟན་འཆོས་ལེན་པ་རིགས་ལྡན་ཡིན་ཞེས་སོ། །གལ་ཏེ་འོ་ན་དཔྱད་པ་གསུམ་གྱིས་དག་པའི་ལུང་ཤིན་ལྐོག་གི་སྒྲུབ་བྱེད་ཚད་མར་ཁས་ལེན་པ་དེའི་ཚེ་གཞལ་བྱའི་གནས་དང་པོ་གཉིས་ཚད་མས་མི་འགྲུབ་པར་འགྱུར་ལ། ཚད་མ་སྔ་མས་གྲུབ་པའི་དོན་ལ་ཚད་མ་ཕྱི་མས་གནོད་ན་ཚད་མའི་མཚན་ཉིད་ཐམས་ཅད་ལ་ཡིད་བརྟན་མི་རུང་བར་འགྱུར་རོ། །ཞེས་པ་ནི་སྡེ་བདུན་མཛད་པའི་རིགས་པ་ཡང་དག་གོ་ཞེ་ན། ཚད་མའི་རྣམ་གཞག་ནི་གནས་སྐབས་སོ་སོ་ལ་ལྟོས་ནས་འཇོག་པས་ན་འགལ་བ་མེད་དེ། སེམས་ཅན་གྱི་སར་ནི་རྗེས་དཔག་ཚད་མ་ཡིན་ཀྱང་སངས་རྒྱས་ཀྱི་སར་མ་ཡིན་པ་དང༌། མདོ་སྡེ་པའི་ལུགས་ཀྱི་ཚད་མས་གྲུབ་པའི་དོན་ལ་སེམས་ཙམ་པའི་ལུགས་ཀྱི་ཚད་མས་གནོད་པ་བཞིན་ནོ། །ལུང་གི་དོན་ནི་གྲུབ་མཐའ་དང་གཞལ་བྱའི་གནས་སྐབས་གཅིག་ལ་ལྟོས་ནས་ཡིན་གྱི་སོ་སོའི་ཚེ་ནི་མ་ཡིན་ཏེ། གཞན་དུ་ཇི་སྐད་དུ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་དོན་བཤད་དུ་མི་རུང་བར་འགྱུར་རོ། །ཡང་གལ་ཏེ་མངོན་གྱུར་ལས་ཕྱེ་བའི་ལྐོག་ཤིན་གང་རུང་ལ་མངོན་འགྱུར་གྱིས་ཁྱབ་ན། ཅུང་ཟད་ལྐོག་གྱུར་ལས་ཕྱེ་བའི་གསུམ་དུ་དབྱེ་བ་མི་འཐད་དེ། དེར་ཕྱེ་བའི་མངོན་གྱུར་དེ་ཡིན་ན་མངོན་གྱུར་དུ་འགལ་བའི་ཕྱིར་ཏེ། ལྐོག་གྱུར་ཡིན་དགོས་པས་སོ། །ཞེ་ན་མི་འགལ་ཏེ། དེ་དུས་ཀྱི་མངོན་གྱུར་དེ་སོ་སོ་སྐྱེ་བོ་ལ་ལྟོས་པའི་ལྐོག་གྱུར་ཡིན་ཀྱང་འཕགས་པའི་སེམས་ཅན་མཐའ་དག་ལ་མངོན་དུ་གྱུར་པས་ན། དེ་ལས་ཕྱེ་བའི་དེར་བཞག་པ་མི་འགལ་ལོ། །ཤིན་ལྐོག་དང་པོ་གཉིས་དང་ཤིན་ལྐོག་གསུམ་པའི་ཁྱད་པར་མི་འཐད་དེ། གསུམ་ཀ་ཡང་རྟོགས་བྱེད་ཀྱིས་ཐབས་ལུང་རྣམ་དག་ཁོ་ན་ལ་ལྟོས་དགོས་པར་མཚུངས་པའི་ཕྱིར་ཞེ་ན། མཚུངས་ཀྱང་ཁྱད་པར་ཡོད་དེ། ཤིན་ལྐོག་དང་པོ་ནི། ཚུར་མཐོང་ཁ་ཅིག་གིས་རྟོགས་བྱེད་ལུང་ཁོ་ན་ལ་ལྟོས་དགོས་ཀྱང་ཁ་ཅིག་ལ་མངོན་དུ་གྱུར་སྲིད་པ་དང༌། ཤིན་ལྐོག་བར་པ་ནི། འཕགས་པའི་སེམས་ཅན་ཁ་ཅིག་ལ་འཛིན་པ་ཆོས་ཀྱི་བདག་མེད་ལྟ་བུ་ལ་རྟོག་དཔྱོད་འཇུག་སླ་བས་ཅུང་ཟད་ལྐོག་གྱུར་དུ་འཇོག་ཀྱང་ཉན་ཐོས་ཀྱིས་ནི་དཔྱོད་པ་ཞུགས་ན་དངོས་སྟོབས་ཀྱིས་རྟོགས་པར་སླ་ཡང་དཔྱོད་པ་མི་འཇུག་པས་དེར་བཞག་པའོ། །འོ་ན་དངོས་སྟོབས་ཡུལ་ལ་དཔྱོད་པའི་ཚེ་ལུང་སྒྲུབ་བྱེད་དུ་ཁས་ལེན་དགོས་པ་ཅིག་སྲིད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཡང་དེར་བཞག་མི་དགོས་ཏེ། སྐབས་འདིར་ཤིན་ལྐོག་ཏུ་བཞག་པ་དེ་སེམས་ཅན་ཁ་ཅིག་གིས་ལུང་ལ་མ་ལྟོས་པར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་རྟོགས་ནུས་པའི་ཕྱིར་དཔེར་ན་མངོན་གྱུར་ལས་ཕྱེ་བའི་ཤིན་ལྐོག་བཞིན་ནོ། །དེ་ལྟར་ན་ཚུར་རོལ་མཐོང་བའི་སེམས་ཅན་ཁ་ཅིག་གིས་ལུང་རིགས་ལ་མ་ལྟོས་པར་རྟོགས་སྲིད་ན་མངོན་གྱུར་ཡིན་པས་ཁྱབ་པ་དང༌། ཚུར་མཐོང་དང་འཕགས་པའི་སེམས་ཅན་ཁ་ཅིག་ལ་ཤིན་ལྐོག་ཏུ་གྱུར་ཀྱང་སེམས་ཅན་ཁ་ཅིག་གིས་ལུང་ལ་མ་ལྟོས་པར་རྟོགས་ནུས་པས་ན་ལྐོག་གྱུར་ཙམ་དུ་འཇོག་ནུས་པའོ། །ལྐོག་གྱུར་གསུམ་པ་ལས་ཕྱེ་བ་གསུམ་ནི། ཤིན་ཏུ་ལྐོག་ཏུ་གྱུར་པ་ཁོ་ན་སྟེ་ཚུར་མཐོང་དང་འཕགས་པའི་སེམས་ཅན་གང་ཡིན་ཀྱང་ལུང་ལ་མ་ལྟོས་པར་ནི་མངོན་སུམ་ལྟ་ཞོག་རྗེས་སུ་དཔག་པས་ཀྱང་རྟོགས་པ་ཡོད་མི་སྲིད་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ་ཤིན་ལྐོག་ལ་གསུམ་དུ་དབྱེ་བ་མི་འཐད་དོ་ཞེ་ན། དེ་ལྟར་འབྱེད་པ་མི་འགལ་ཏེ། སངས་རྒྱས་ཁོ་ནའི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཡིན་ཀྱང་མངོན་པར་ཤེས་པ་ལྔ་སོགས་ཚུ་རོལ་མཐོང་བ་རྣམས་དང་ཐུན་མོང་བ་རྣམས་ནི་ལུང་ལ་བརྟེན་ནས་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ལ་ཡང་དེ་ལྟ་བུ་ཞིག་ཡོད་པར་རྗེས་སུ་དཔག་པ་དེའི་ཚེ་ཡོན་ཏན་དེ་སེམས་ཅན་ཁ་ཅིག་གིས་རྟོགས་སླ་བས་དང༌། བྱང་ཕྱོགས་སོགས་འཕགས་པ་ཁོ་ནའི་ཡོན་ཏན་ཐུན་མོང་བ་རྣམས་ཐོབ་པའི་སེམས་ཅན་གྱིས་ལུང་ལ་ལྟོས་ནས་སངས་རྒྱས་ཀྱི་ཐུགས་རྒྱུད་ལའང་དེ་ལྟ་བུ་ཞིག་ཡོད་པར་རྗེས་སུ་དཔག་པ་དེའི་ཚེ་ཡོན་ཏན་དེ་རྣམས་སེམས་ཅན་ཁ་ཅིག་གིས་ཅུང་ཟད་རྟོགས་སླ་བ་དང༌། སྟོབས་སོགས་ཐུན་མོང་མ་ཡིན་པ་རྣམས་ཀྱི་རིགས་འདྲ་མཚན་ཉིད་པ་ནི་སེམས་ཅན་ལ་ཡོད་མི་སྲིད་པའི་ཕྱིར་ལུང་ལ་བརྟེན་ནས་ཀྱང་ཤིན་ཏུ་རྟོགས་དཀའ་བས་ན་གསུམ་པ་ལས་ཕྱེ་བའི་གསུམ་པ་དེར་བཞག་པའོ། །དེའི་ཕྱིར་གཞལ་བྱ་དེ་འདྲ་དེ་ཚུ་རོལ་མཐོང་བས་ལུང་དང་རིགས་པ་ལ་མ་བརྟེན་པར་མངོན་སུམ་གྱིས་རྟོགས་སྲིད་ན་མངོན་གྱུར་དང༌། ཚུ་རོལ་མཐོང་བ་ལ་ཤིན་ལྐོག་ཏུ་གྱུར་ཀྱང་འཕགས་པའི་སེམས་ཅན་ཁ་ཅིག་གིས་ལུང་ལ་མ་བརྟེན་པར་རིགས་པས་རྟོགས་ནུས་ན་ཅུང་ཟད་ལྐོག་གྱུར་དང༌། དེ་འདྲ་དེ་ལུང་ལ་མ་ལྟོས་པར་རྟོགས་པའི་སེམས་ཅན་ཡོད་མི་སྲིད་ན་ཤིན་ཏུ་ལྐོག་ཏུ་གྱུར་པའོ། །དེ་ལྟར་ན་སློབ་དཔོན་སྔ་མས་མངོན་སུམ་ཚད་མས་རྟོགས་པར་བྱ་བ་དང༌། རྗེས་སུ་དཔག་པའི་ཚད་མས་རྟོགས་པར་བྱ་བ་མངོན་ལྐོག་སོ་སོའི་མཚན་ཉིད་དུ་འཇོག་པ་གཞིར་བྱས་ནས། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་དང༌། སེམས་ཅན་གྱི་རྗེས་སུ་དཔག་པས་ཞེས་སྦྱར་ནས། ཕྱི་མ་ལ་སློབ་པའི་མཆོག་ས་བཅུ་པ་བས་དངོས་སྟོབས་ཀྱི་རྗེས་སུ་དཔག་པས་དང༌། དེས་ཀྱང་ཡིད་ཆེས་པའི་རྗེས་དཔག་ཁོ་ནས་རྟོགས་པར་བྱ་བ་ནི་ཅུང་ཟད་ལྐོག་ཏུ་གྱུར་པའི་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པའི་གཞལ་བྱ་གཉིས་པོ་སོ་སོའི་མཚན་ཉིད་དོ། །དེ་ལྟར་བཤད་པ་ན་ཐར་པ་དང་ཐམས་ཅད་མཁྱེན་པ་ནི་རང་དང་རྟོགས་པ་མཉམ་པའི་གང་ཟག་ལས་གཞན་གྱི་ངོར་ཡོད་པར་བསྒྲུབ་པ་ལ་འབྲས་རང་དང༌། མེད་པར་བསྒྲུབ་པ་ལ་མ་དམིགས་པས་མི་འགྲུབ་སྟེ། དེ་ལ་སྣང་དུ་མི་རུང་བས་སྐལ་དོན་དུ་གྱུར་པའི་ཕྱིར་རོ། །སྐལ་དོན་ཡིན་ཀྱང་འདྲེ་ཤ་ཟའི་བུམ་པ་སོགས་དང་དོན་མི་འདྲ་སྟེ། འདི་ནི་ལུང་རྣམ་དག་གི་སྐབས་དང་འབྲེལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་འདི་ལས་གཞན་དུ་ན་ལུང་མེད་མི་རུང་གི་སྒྲུབ་བྱེད་དུ་ཁས་ལེན་དགོས་པའི་གཞལ་བྱ་མི་སྲིད་པར་འགྱུར་བས་ན། སྡེ་བདུན་མཛད་པའི་གཞུང་གི་ཆ་ཤས་ཕལ་ཆེ་བ་ལས་ཉམས་སོ། །ཡང་དུས་གསུམ་གྱི་རྣམ་པར་གཞག་པ་ལ་འདི་སྐད་དུ། དངོས་པོ་ལ་ད་ལྟར་བས་ཁྱབ་པས་ན། འདས་མ་འོང་གི་དངོས་པོ་ནི་ད་ལྟར་བ་ཁོ་ནའོ། །དེ་ལྟ་ན་ཡང་དེ་དག་གི་མཚན་གཞི་ནི། བུམ་པ་འདས་པ་དང་བུམ་པ་མ་འོངས་པ་ལྟ་བུའོ་ཞེས་ཟེར། འདི་འདྲ་འདི་ནི་གཞུང་ལུགས་ཆེན་པོ་མཐའ་དག་ནས་བཤད་པའི་དུས་གསུམ་གྱི་རྣམ་གཞག་དང་མི་མཐུན་པས་ལུང་མེད་ལ་རིགས་པ་དང་འགལ་བ་ཡང༌། སྤྱིར་བུམ་པ་མ་སྐྱེས་པ་དང༌། ཞིག་པ་ཞེས་པ་ནི་རིགས་པ་བདག་གི་ཐ་སྙད་དང་མི་མཐུན་པས་མི་སྲིད་ལ། སྐྱེས་ལ་མ་འགགས་པའི་བུམ་པ་ལ་ལྟོས་ནས་དེ་དག་དེའི་མཚན་གཞིར་འཇོག་ན་ནི་བུམ་པ་མ་སྐྱེས་པ་ནི་བལྟོས་ས་དེ་ལ་ལྟོས་ནས་འདས་པར་སོང་གི་མ་འོངས་པ་མ་ཡིན། བུམ་པ་ཞིག་པ་ནི་བལྟོས་ས་དེ་ལ་ལྟོས་ནས་མ་འོངས་པར་སོང་གི་འདས་པ་མ་ཡིན་ཏེ། དཔེར་ན་ད་ལོའི་ལོ་ཐོག་མ་སྐྱེས་པ་ནི་ན་ནིང་གི་དུས་ཡིན་པས་འདས་ཟིན། ད་ལོའི་ལོ་ཐོག་ཞིག་ཟིན་པ་ནི་སང་ཕོད་འབྱུང་རྒྱུ་ཡིན་པས་མ་འོངས་པར་བཞག་དགོས་པ་ལྟ་བུའོ། །གསུམ་པ་ལུགས་སྔ་མ་དག་ལ་དགག་བསྒྲུབ་བགྱིས་པས་རང་ལུགས་ཤུགས་ལ་གོ་བའི་ཚུལ་ནི། བོད་བསྡུས་སྔ་མ་དག་གིས་ནི་མདོ་སེམས་གཉིས་ཀྱི་ཆོས་ཀྱི་བདག་མེད་ལ་འཇུག་པའི་ཚུལ་ཤིན་ཏུ་བཀག་པས་སྡེ་བདུན་མཛད་པའི་གཞུང་གནས་སྐབས་ཀྱི་རང་ལུགས་སུ་བཞག་པ་ཕལ་ཆེར་ལས་ཉམས། མཐར་ཐུག་གི་དགོངས་པ་དབུ་མར་འགྲེལ་ཡང་སྟོང་ཉིད་ཀྱི་ངོས་འཛིན་མེད་དགག་ལས་གཞན་དུ་མ་བཤད་པས་ཐོགས་མེད་སྐུ་མཆེད་ཀྱི་ཤིང་རྟའི་སྲོལ་ལས་ཉམས། སྲོལ་དེས་བཀྲལ་བའི་སྟོང་ཉིད་ཀྱི་ངོས་འཛིན་སེམས་ཙམ་པའི་ལུགས་སོ་ཞེས་བོད་ཕྱི་མ་ཕལ་ཆེ་བས་ཟེར་ཡང་རྡོ་རྗེ་ཐེག་པའི་ལུང་ལས་ཉམས། ལོ་ཆེན་གྱི་རྗེས་འཇུག་ཕྱི་མས་གཞུང་རྣམ་ངེས་ལ་བགྱིས་ནས་སྤྱི་དོན་ཕྱྭ་བསྡུས་ལ་བྱས་པས་སྤྱི་གཞུང་མ་མཐུན། ས་སྐྱ་པས་ཁ་ཆེ་པཎ་ཆེན་གྱི་བཤད་སྲོལ་བཟུང་ནས་བོད་ཀྱི་ཚད་བསྡུས་མ་ལུས་པ་བཀག་གོ་ཞེས་ཟེར་ཡང༌། རྗེས་དཔག་རྣམ་གཉིས་ཀྱི་ལེའུའི་གོ་དོན་ཕལ་ཆེ་བ་དང༌། མཚན་མཚོན་བརྟག་པའི་རབ་བྱེད་ལྟ་བུ་རྒྱ་གར་དུ་མ་གྲགས་པ་རྣམས་སྒྲོས་རྙིང་དང་མཐུན་པ་ཁོ་ནར་བཤད་པ་དང༌། གནས་སྐབས་ཀྱི་རང་ལུགས་མདོ་སེམས་གཞིར་བཞག་མོད། མཐར་ཐུག་སེམས་ཙམ་དུ་བཀྲལ་ཞེས་ཟེར་ཡང༌། ཐོགས་མེད་མཆེད་ཀྱི་དབུ་མར་དེར་བཀྲལ་བས་ན་སྡེ་བདུན་མཛད་པའི་རང་ལུགས་ལ་མཚན་ཉིད་ཐེག་པའི་དབུ་མ་གཞིར་བྱས་ནི་དེ་ལས་གཞན་དུ་མེད་པས་དེ་སྐད་ཟེར་དུ་མི་རུང་བ་དང༌། དེ་ལས་གཞན་ཡོད་ན་དེ་ལྟར་གང་ཡོད་ཀྱི་ལུང་སྟོན་དགོས་པ་དང༌། གཞུང་རྣམ་འགྲེལ་དང་སྤྱི་དོན་རིགས་གཏེར་མི་མཐུན་པར་འཆད་དགོས་པ་མེད་ཀྱང༌། རང་ཉིད་མི་བཞེད་པའི་བོད་བསྡུས་དང་འདྲེས་པ་དཔེར་ན་སྟོང་ཉིད་མེད་དགག་དང༌། རང་མཚན་རྟོགས་པར་དོན་ལ་མཐུན་ལྟ་བུ་དང༌། དངོས་པོ་ལ། མ་གྲུབ་ཕྱིར་ན་སྒྲོ་བཏགས་ཡིན་ཞེས་པ་ལྟ་བུ་ལ་སོགས་པ་རྣམས་སོ། །དེ་ལྟར་བོད་སྔ་ཕྱི་བར་གསུམ་གྱི་འདོད་པ་མི་མཐུན་པ་རྣམས་ལ་དགག་བསྒྲུབ་བགྱིས་པ་དེའི་ཤུགས་ལ། རྣམ་འགྲེལ་མཛད་པའི་ཆོས་ཀྱི་བརྡ་སྐད་ཕྱི་རབས་ཀྱི་རྟོག་གེ་པ་དག་ལ་ཉེ་བར་མཁོ་བ་དག་ལས་རང་གི་འདོད་པ་གང་ཡིན་པ་ནི་ཤུགས་ཀྱིས་གོ་བ་དེ་ཙམ་གྱིས་ཆོག་ལ། ཕྱི་རབས་པ་དག་གི་རྣ་བར་མི་འབབ་པའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གཞག་མདོ་ཙམ་དུ་བརྗོད་པ་ལ་གསུམ་སྟེ། གསུམ་པོ་སོ་སོའི་ངོས་འཛིན། ཕྱི་རབས་ཀྱི་མཚན་ཉིད་པས་བཏགས་པའི་མཐའ་བསལ་བ། དེ་ལྟར་བཤད་པས་ཉམས་ལེན་པ་དག་གིའང་ལྟ་སྒོམ་འཐད་པར་བསྒྲུབས་པའོ། །དང་པོ་ལ་ཕྱོགས་གླང་ཡབ་སྲས་ཀྱིས་བཤད་ཅིང་བཞེད་པའི་ལྟ་བ་ནི། མདོ་སྡེ་དགོངས་འགྲེལ་ལས་བྱུང་བའི་བཀའ་འཁོར་ལོ་བར་མཐའ་གཉིས་ངེས་པའི་དོན་ཅན་དུ་བཞག་ནས་འཆད་དགོས་པ་ཡིན་ཏེ། འཁོར་ལོ་བར་པ་ནས་བཤད་པ་ནི་མེད་པར་དགག་པ་སྟེ། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ཆ་ནས་ཡིན་ལ། དེའི་མཚན་གཞི་ནི་ཁྱད་གཞི་མ་རིག་པའི་བག་ཆགས་ཀྱིས་བསླད་པའི་གཟུང་བ་དང་འཛིན་པ་གཉིས་པོ་རང་གི་ངོ་བོས་སྟོང་པའོ། །འཁོར་ལོ་ཐ་མ་ནས་འབྱུང་བ་ནི། སྒོམ་པས་ཉམས་སུ་བླང་བར་བྱ་བའི་སྟོང་པ་ཉིད་མ་ཡིན་པར་དགག་པ་སྟེ་གཟུང་འཛིན་ཀུན་བརྟགས་རང་གི་ངོ་བོས་སྟོང་པས་ཁྱད་པར་དུ་བྱས་པའི་རང་རིག་རང་གསལ་བའོ། །དེ་ཡང་གཞུང་འདིར་གཏན་ལ་འབེབས་ཚུལ་ནི་གསུམ་སྟེ། གཟུང་འཛིན་ཀུན་བཏགས་རང་སྟོང་དུ་གཏན་ལ་འབེབས་པའི་ཚུལ། གཏན་ལ་ཕབ་པས་གྲུབ་པའི་དོན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཡུལ་གཟུང་བ་རང་སྟོང་དུ་སྟོན་པ་ནི། ཇི་ལྟར་སོགས་དང༌། ཡུལ་ཅན་འཛིན་པ་དེར་སྟོན་པ་ནི། གཅིག་ལ་སྣ་ཚོགས་སོགས་དང༌། དེ་གཉིས་ཀའི་དོན་བསྡུ་བ་ནི། དེ་ཕྱིར་དོན་དང་སོགས་སོ། །གཉིས་པ་ནི། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་པ་སྟེ། འདི་ལ་མེད་པར་དགག་པ་དང༌། མ་ཡིན་པར་དགག་པའི་ཆ་གཉིས་སུ་འབྱེད་པར་རྒྱན་དང་ཤཱཀ་བློས་བཤད་པ་ལྟར་འཐད་པ་ཡིན་ཏེ། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་དང༌། གཉིས་དངོས་མེད་པས་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་ངེས་དོན་མཐར་ཐུག་པ་ནི་མ་ཡིན་པར་དགག་པའི་དངོས་པོ་ཞིག་ལ་བཤད་དོ། །གསུམ་པ་ལ། འཁོར་ལོ་བར་པའི་དངོས་བསྟན་དང་འགལ་སྤོང་ནི། གཟུང་དང་འཛིན་པའི་ཞེས་སོགས་དང༌། འཁོར་ལོ་དང་པོ་དང་འགལ་སྤོང་ནི། མ་རིག་གིས་བསླད་སོགས་སོ། །གཅིག་དང་དུ་བྲལ་གྱིས་རིགས་པས་གཟུང་འཛིན་རང་སྟོང་དུ་གཏན་ལ་འབེབས་པའི་ཚུལ་འདི་ནི། ཡབ་སྲས་གཉིས་ལས་ཀྱང་རྣམ་འགྲེལ་མཛད་པ་ཁོ་ནའི་ཁྱད་ཆོས་སུ་སྣང་ལ། འདི་ལ་དཔགས་ནས་ལོ་ཆེན་དཔོན་སློབ་ཀྱིས་ངོ་བོ་ཉིད་མེད་པ་པའི་ལུགས་སུ་འགྲེལ་བར་མཛད་ལ། དེ་ལྟ་ན་ཡང་ཐལ་རང་དུ་གྲགས་པའི་ལུགས་སུ་འགྲེལ་བ་ནི་མ་ཡིན་ནོ། །གཉིས་པ་སྒོམ་པ་ལ། ལྟ་བའི་སྒོམ་དང༌། སྤྱོད་པའི་སྒོམ་མོ། །དང་པོ་ལ། ཞི་གནས་ཀྱི་དང༌། ལྷག་མཐོང་གི་སྒོམ་མོ། །སྤྱིར་གཉིས་པོ་འགལ་བ་མ་ཡིན་ཏེ། ཟུང་དུ་འཇུག་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི་ཐོག་མར་འཇུག་ཚུལ་ལ་གཉིས་ཏེ། ཞི་གནས་སྔོན་དུ་བཏང་ནས་ལྷག་མཐོང་ལ་འཇུག་པའི་ཚེ་ནི། དམིགས་པ་གང་རུང་ཅིག་ལ་སེམས་རྩེ་གཅིག་ཏུ་གནས་པ་ཁྱད་པར་ཅན་ཏེ། འདིར་ནི་སྟོང་པ་ཉིད་ལ་ཐོས་བསམ་སྔོན་དུ་སོང་མ་སོང་གཉིས་ཀ་སྲིད་དོ། །ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་སྔོན་དུ་སོང་ནས། དངོས་གཞི་ལ་འཇུག་པ་ལྟ་བུ་ལྷག་མཐོང་ཐོབ་ལ་ཞི་གནས་ཁྱད་པར་ཅན་མ་ཐོབ་པ་ཞེས་པའི་ཐ་སྙད་ཀྱང་བྱུང་ངོ༌། །ལྷག་མཐོང་སྔོན་དུ་སོང་བའི་ཞི་གནས་ནི་ཁྱད་པར་ཅན་ཏེ། དེ་ནི་སྟེང་པོར་འགྲོ་བ་མི་སྲིད་ལ། དེ་སྔོན་དུ་མ་སོང་བ་ནི་སྤོང་བའི་འདུ་བྱེད་བརྒྱད་ཀྱིས་ཟིན་པར་བྱ་དགོས་ཏེ། གཞན་དུ་ན་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །ལྷག་མཐོང་གི་སྒོམ་ལ། ངོ་བོ་ཉིད་མེད་པ་པ་དག་ལ་གྲགས་པའི་སྣང་མེད་དང༌། ལུང་གཞན་ལ་གྲགས་པ་མཉམ་གཞག་ཏུ་སྣང་བཅས་ཀྱང་སྲིད་པའི་སྒོམ་མོ། །དང་པོ་ལ་སྦྱོར་བའི་དུས་ཀྱི་དང༌། དངོས་གཞིའི་དུས་ཀྱི་ལྷག་མཐོང་གཉིས་ལས། དང་པོ་ནི། དུས་དེར། རིགས་པ་ཡང་དག་ལ་བརྟེན་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་འགྲོ་དགོས་ཏེ། དེ་མ་སོང་བའི་ཞི་གནས་ནི་མཐའ་གཞན་དུ་འགྱུར་བའི་དོགས་པ་དང་བཅས་པ་སྲིད་པའི་ཕྱིར། གཉིས་པ་ནི་སོ་སོར་རྟོག་པའི་དཔྱོད་པ་དང་བྲལ་ནས་སྣང་མེད་ཀྱི་ངང་ལ་མཉམ་པར་འཇོག་པ་སྟེ། འདི་ལ་ཡང་སྲོལ་འདི་ལ་གྲགས་པ་ཡེ་ཤེས་འབའ་ཞིག་ཉམས་སུ་མྱོང་བའི་རང་རིག་དང༌། ངོ་བོ་ཉིད་མེད་པ་བ་དག་ལ་གྲགས་པ་ཡེ་ཤེས་ཀྱང་སྟོང་ཉིད་དུ་ཐིམ་པ་ཆུ་ལ་ཆུ་བཞག་གིས་བསྟན་གཉིས་སོ། །སྣང་བཅས་ཀྱི་སྒོམ་ནི། རྡོ་རྗེའི་ཐེག་པ་པ་དག་ལ་གཙོ་བོར་གྲགས་པ་གཟུང་འཛིན་གཉིས་སྣང་གི་བག་ཆགས་འཁྲུལ་པས་བསླད་པའི་སྣང་བ་ཇི་སྙེད་པ་དེ་དང་འདྲ་ཞིང་གྲངས་མཉམ་པའི་སྣང་བ་གཉིས་སྣང་གི་བག་ཆགས་འཁྲུལ་པས་བསླད་པ་མ་ཡིན་པར་ཏིང་ངེ་འཛིན་གྱི་སྟོབས་ལས་མཉམ་གཞག་ཏུ་འཆར་བ་སྟེ། ཇི་སྐད་དུ། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་དང༌། གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་དང༌། གཟུགས་མེད་གཟུགས་བཟང༌། ཞེས་སོགས་ཏེ། མདོ་སྡེའི་རྒྱན་སོགས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ཤེས་བྱ་ཇི་སྙེད་པའི་གཟུགས་བརྙན་འཆར་དུ་རུང་བར་བཤད་པ་དེ་འདིར་ཡང་ཁས་བླང་དུ་རུང་ངོ༌། །གཉིས་པ་སྤྱོད་ཕྱོགས་ཀྱི་སྒོམ་ནི། སྤྱིར་མཉམ་གཞག་ལ་གཉིས་ལས། ལྟ་བ་གཙོ་བོར་བྱེད་པ་ནི་གོང་དུ་བསྟན་མ་ཐག་པ་དེ་ཡིན་ལ། སྤྱོད་པ་གཙོ་བོར་གྱུར་པ་ནི་སློབ་ལམ་བཞིའི་མཉམ་གཞག་ཏུ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔའི་ཉམས་ལེན་དུ་གྱུར་པ་རྣམས་སོ། །དེ་ལྟར་ལུགས་འདིའི་ལྟ་སྒོམ་གྱི་རྣམ་གཞག་ངོས་གཟུང་ནས་སྤྱོད་པའི་ཁྱད་པར་ནི། སྤྱིར་སངས་རྒྱ་བ་ལ་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་བསོག་དགོས་ཞེས་པ་ནི་མཚན་ཉིད་ཐེག་པ་པ་དག་གི་སྤྱི་ལུགས་ཡིན་ལ། དེ་ལས་ཀྱང་བྱེ་མདོ་གཉིས་ཀྱིས་ནི། སྦྱོར་ལམ་དྲོད་ཀྱི་སྔོན་དུ་བསོད་ནམས་ཀྱི་ཚོགས་དེ་བསག་པར་འདོད་ལ། ཐེག་པ་ཆེན་པོ་སེམས་ཙམ་པ་ཡན་ཆད་ཀྱིས་ནི་བསོད་ནམས་ཀྱི་ཚོགས་བསོག་ལ་གྲངས་མེད་གསུམ་གྱི་ཡུན་ཐོགས་པ་དེ་ཚོགས་སྦྱོར་ནས་ས་བཅུ་པའི་བར་གྱི་དབང་དུ་བྱས་པ་ཡིན་ལ། འདི་ཡང་རྗེས་ཐོབ་གཙོ་བོར་གྱུར་པ་སྟེ། དཔེར་ན་ཚོགས་སྦྱོར་མན་ཆད་ཀྱི་བསྐལ་པ་གྲངས་མེད་གཅིག་ཏུ་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཉམས་ལེན་རྗེས་ཐོབ་གཙོ་བོར་གྱུར་པ་ཞིག་སྔོན་དུ་མ་སོང་བར་མཐོང་ལམ་མངོན་དུ་བྱས་ན་གནས་སྐབས་ལ་ལྟོས་པའི་ཡང་དག་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པ་དང༌། དེ་བཞིན་དུ་མ་དག་སའི་གྲངས་མེད་གཅིག་སྔོན་དུ་མ་བཏང་བར་ས་བརྒྱད་པའི་དང༌། དག་སའི་གྲངས་མེད་གཅིག་པོ་སྔོན་དུ་མ་སོང་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ན་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པ་ཡོད་པས་ན་མངོན་དུ་མི་བྱའོ་ཞེས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཤིང༌། དེ་ཉིད་འདིར་ཡང་བཞེད་དགོས་པ་ཡིན་ཏེ། རྒྱན་དུ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །ཞེས་སོགས་མང་པོ་དང༌། འདིར་ཡང༌། རྣམ་པར་དུ་མར་ཐབས་མང་པོར། །ཡུན་རིང་དུས་སུ་གོམས་པ་ལས། །ཞེས་གསུངས་སོ། །དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་མཐར་ཐུག་པ་ནི། སྐུ་གསུམ་པོ་ཟུང་དུ་འཇུག་པ་སྟེ། མདོ་སྡེ་རྒྱན་ལས་བྱུང་བ་དེ་ཉིད་དོ། །གཉིས་པ་གཞན་གྱིས་བཏགས་པའི་མཐའ་བསལ་བ་ནི། སྡེ་བདུན་འཆད་པའི་བོད་ཕྱི་མ་དག་ན་རེ། འདི་ནས་བཤད་པའི་ལྟ་བ་གང་ཟག་གི་བདག་མེད་དང༌། གཟུང་བ་ཆོས་ཀྱི་བདག་མེད་པ་ཙམ་ཞིག་ནི། རང་རྒྱུད་པ་ལྟར་ན་ཉན་ཐོས་དང་རང་རྒྱལ་ལ་ཡང་ཡོད་ལ། དེ་ལས་ལྷག་པ་ནི་གཞུང་འདིར་མ་བཤད་ཅིང༌། དེ་ཙམ་ཞིག་ནི་སེམས་ཙམ་པ་ལ་ཡོད་པས་ན། གྲུབ་པའི་མཐའ་དེ་ཉིད་དུ་གནས་མོད། ཡང་དག་པར་ན་སེམས་ཙམ་པ་ལ་བདག་མེད་གོ་ཆོད་པའི་ངོས་འཛིན་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། ཟླ་བ་གྲགས་པའི་གཞུང་ལྟར་མ་བཤད་པས་སོ་ཞེས་ཟེར་བ་དང༌། དེ་བཞིན་དུ་བྱམས་ཆོས་བར་པ་གསུམ་ནས་བྱུང་བའི་ས་ལམ་གྱི་རྣམ་པར་གཞག་པ་ཐམས་ཅད་ཀྱང་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དགོངས་པ་ཅན་ཁོ་ན་སྟེ། ལུགས་དེ་དག་ཏུ་སྦྱིན་སོགས་ཕར་ཕྱིན་དང་པོ་ལྔའི་ཉམས་ལེན་ཡང་དཔྱིས་ཕྱིན་པ་མ་ཡིན་ཏེ། ལུགས་དེར་འཁོར་གསུམ་རྣམ་དག་གི་ཤེར་ཕྱིན་དཔྱིས་ཕྱིན་པར་མ་བཤད་པའི་ཕྱིར། དེ་ལྟར་མ་བཤད་པ་ཡང་ཐར་པའི་ལམ་དུ་འགྱུར་བ་ལ། འཁོར་བའི་རྩ་བ་འཇིག་ལྟ་ལྷན་སྐྱེས་དང་དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་མ་ནོར་བར་ཤེས་དགོས་པ་ལས། དེའི་ངོས་འཛིན་མ་ནོར་བ་གཞུང་ལུགས་འདི་དག་ནས་མ་བཤད་པའི་ཕྱིར་དང༌། ཐམས་ཅད་མཁྱེན་པའི་ལམ་དུ་འགྱུར་བ་ལ་ཤེས་སྒྲིབ་མཐའ་དག་གི་རྩ་བ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང༌། དེའི་གཉེན་པོར་གྱུར་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་མ་ནོར་བར་ཤེས་དགོས་པ་ལས། གཞུང་འདི་དག་ན་དེ་ལྟ་བུའི་ཚུལ་མ་ནོར་བར་བཤད་པ་མེད་པའི་ཕྱིར་ཞེས་དང༌། འོན་ཀྱང་འདི་དག་ནི་ཐེག་པ་ཆེན་པོ་བླ་ན་མེད་པ་དག་ལ་འཇུག་པའི་སྒོ་དང་ཐབས་ཤིན་ཏུ་མཁས་པ་དག་ཡིན་ནོ་ཞེས་ཟེར་བ་དང༌། གཞན་ཡང་ལུགས་འདིར་ཀུན་བཏགས་བདེན་པར་མེད་པ་དང༌། དེར་མེད་ཀྱང་སྤྱིར་ཚད་མས་དམིགས་པ་དང༌། གཞན་དབང་བདེན་པར་གྲུབ་པ་དང༌། དེའི་མཚན་གཞི་རྒྱུ་རྐྱེན་ལས་སྐྱེས་པ་ཇི་སྙེད་པ་ལ་བྱ་བ་དང༌། ཡོངས་གྲུབ་བདེན་པར་གྲུབ་ཅིང་དེའི་མཚན་གཞི་འགྱུར་བ་མེད་པའི་ཡོངས་སུ་གྲུབ་ཅེས་པའི་མིང་ཅན་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་མེད་པར་དགག་པ་དེ་དང༌། སྤྱིར་ཡང་བདག་མེད་ཀྱི་མཚན་གཞི་མེད་དགག་ཁོ་ན་དང༌། སེམས་ཙམ་པས་ཀུན་གཞི་རྣམ་ཤེས་སེམས་ཅན་དུ་འདོད་པས་གང་ཟག་རྫས་གྲུབ་དང༌། གཟུང་འཛིན་གྱི་ཆོས་རྫས་གྲུབ་ཏུ་ཁས་བླངས་པ་ཡིན་ནོ་ཞེས་ཀུན་གྱིས་བྲག་ཆ་ལྟར་དུ་སྒྲོག་གོ །དེ་མི་འཐད་པ་ལ་གསུམ་སྟེ། བསྟན་པ་དང༌། ཅུང་ཟད་བཤད་པ་དང༌། དེ་ཉིད་ཕྱེ་སྟེ་བཤད་པའོ། །དང་པོ་ནི་དབུ་མ་ཐལ་འགྱུར་བའི་སྲོལ་ལ་ས་གཞན་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མེད་དོ་ཞེས་ཆོས་སྤོང་གི་བགྱི་བ་མི་བཟད་པའི་འོག་ཏུ་ཐེག་པ་ཆེན་པོ་ལ་འཇུག་པའི་སྒོ་ཆེན་པོའི་ཞེས་པའི་སྙན་ཆ་ཙམ་གྱིས་དཔྱོད་ལྡན་མགུ་བར་ག་ལ་ནུས། གཉིས་པ་ནི་བྱམས་ཆོས་བར་པའི་ལྟ་བས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དྲུང་འབྱིན་པར་མི་ནུས་ན། རྡོ་རྗེ་ཐེག་པའི་ལྟ་བས་ཇི་ལྟར་ནུས་ཏེ། དེ་དང་དེའི་ཁྱད་པར་དབྱེ་དཀའ་བའི་ཕྱིར། ཇི་སྐད་དུ། གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོག །ཅེས་སོ། །དེ་ཡི་དེ་མ་ཐག་ཏུ། །ཡེ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ངོ་བོ་ཉིད་མེད་པ་པའི་དབུ་མ་པ་དག་གི་ལུགས་སམ། མཉམ་གཞག་ཏུ་རྟོགས་པའི་ཡེ་ཤེས་ལ་སྤྲོས་པ་འགོག་བྱེད་འཆད་པ་སྟེ། མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །དེ་ཉིད་དབུ་མ་མིན་པར་ཁོ་བོ་ཅག་ཀྱང་མི་འདོད་མོད། སྔགས་ཀྱི་དབུ་མར་ནི། བདེ་ཆེན་གྱི་ཡེ་ཤེས་ཡོད་མིན་མེད་མིན་དུ་བཤད་པ་མེད་དོ། །དེ་ལས་དེ་བདེན་མིན་བརྫུན་མིན་དུ་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད་བརྫུན་མིན་གྱི་གོ་བ་ནི་སྣང་ཆ་མ་དོར་བའི་དོན་ཡིན་ལ། ངོ་བོ་ཉིད་མེད་པ་པས་ནི་ལྟ་བའི་མཉམ་གཞག་ཏུ་དེ་འདོར་བར་འདོད་དོ། །གལ་ཏེ་རྣལ་འབྱོར་སྤྱོད་པའི་ལྟ་བ་ཡེ་ཤེས་བདེན་གྲུབ་དེས་གསང་སྔགས་སུ་སླེབས་ན་རྟག་གཉིས་ལས། ཇི་སྐད་དུ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། ཀླུ་སྒྲུབ་ཞབས་ཀྱིས་བཤད་པའི་རིགས་པས་རིགས་པ་དེའི་ངོར་གཉིས་མེད་ཀྱི་ཡེ་ཤེས་ཡོད་པར་ཁེགས་མོད། སྤྱིར་ཡོད་པ་མི་ཁེགས་ཏེ། སྒྲ་རྟོག་གི་ཡུལ་ལས་འདས་པའི་ཕྱིར་དང༌། རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའི་ཕྱིར། རྒྱུད་བླ་མར། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་སོ། །འོ་ན་བར་སྐབས་དེར་དེར་དབུ་མ་བསྟན་པས་ཅི་ཞིག་བྱ་སྙམ་ན། དམ་པའི་དོན་དེ་ལ་ཡོད་མེད་ལ་སོགས་པའི་མཐར་འཛིན་པའི་རྟོག་པ་འགོག་པའི་ཕྱིར་ཡིན་ཏེ། སློབ་དཔོན་ཟླ་བའི་ཞབས་ཀྱིས་ཀྱང༌། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་སོ། །ཡུལ་མ་བཀག་པར་ཡུལ་ཅན་མི་ཁེགས་སོ་ཞེ་ན། ཡུལ་ཅན་ལྟ་བུའི་ཆོས་གཅིག་པོ་དེ་ཉིད་ལ་རིགས་པ་བཅུག་པས་ཁེགས་པ་ཡིན་ཏེ། ཇི་སྐད་དུ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་སོ། །ཡུལ་མ་བཀག་པར་ཡུལ་ཅན་མི་ཁེགས་པ་ནི། ངོ་བོ་ཉིད་མེད་པ་པ་དག་གི་ལུགས་ཏེ། དེ་དག་ལྟོས་གྲུབ་ཏུ་བཞེད་དགོས་པའི་ཕྱིར། འདིར་ཡང༌། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཀུན་བཏགས་ཀྱི་དབང་དུ་བྱས་པ་སྟེ། སེལ་ངོའི་ཤེས་བྱ་མཐའ་དག་ནི་སྐབས་འདིར་ཡང་ལྟོས་གྲུབ་དང་རང་སྟོང་དུ་ཁས་བླངས་པའི་ཕྱིར། དེ་བས་ན་དོན་དམ་བདེན་མིན་དུ་བཤད་པ་ཡང་རྣམ་དཔྱོད་ཀྱི་རིགས་པ་དེའི་ངོར་ཡིན་གྱི་སྤྱིར་བཏང་ནས་མ་ཡིན་ཏེ། དོན་དམ་དུ་ཁས་ལེན་པ་དང་བདེན་མིན་དུ་ཁས་ལེན་པ་མི་འགྲིག་པའི་ཕྱིར། ངོ་བོ་ཉིད་མེད་པ་པས་ནི་མཐར་དོན་དམ་ཁས་མི་ལེན་ལ། སྔགས་སུ་ནི་དེ་ལྟར་འཆད་པ་མེད་དོ། །གསུམ་པ་ནི། ཤིང་རྟའི་སྲོལ་ཆེན་འདི་ཡི་སྐབས་སུ་ཀུན་བཏགས་པ་ཡོད་དོ་ཞེས་ཁས་ལེན་པ་ནི་སྒྲ་རྟོག་གི་ངོར་ཡིན་གྱི་སྤྱི་ཙམ་ནས་མ་ཡིན་ཏེ། འདི་ལ་ནི་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་པའི་ཕྱིར་དང༌། མཚན་ཉིད་མེད་པ་ལ་མཚན་གཞི་མི་སྲིད་པའི་ཕྱིར་དང༌། རང་གི་མཚན་ཉིད་མེད་ཀྱི་སྤྱི་ཡི་མཚན་ཉིད་ཡོད་དོ་ཞེས་ཟེར་མོད་ཀྱང༌། མཚན་ཉིད་དེ་ནི་རྟོག་ངོ་ཙམ་ཡིན་པས་མཐར་ཡོད་པའི་གོ་མི་ཆོད་པའི་ཕྱིར་དང༌། ཆོས་མངོན་པར་ནི་གཞན་སེལ་གྱི་རྣམ་གཞག་མེད་པས་སྤྱིའི་མཚན་ཉིད་ཀྱང་འདི་ལ་མེད་དོ། །གཞན་དབང་བདེན་པར་གྲུབ་ཅེས་ཟེར་བ་ཡང༌། སྣང་བ་སེམས་སུ་སྨྲ་བའི་སྐབས་དེར་ཡིན་གྱི་སྲོལ་འདི་ཡི་ལུགས་དཔྱིས་ཕྱིན་པ་མ་ཡིན་ཏེ། གཞན་དབང་སྒྱུ་མ་ལྟ་བུར་གསུངས་པ་ཉིད་གཙོ་ཆེ་བའི་ཕྱིར་དང༌། སྒྱུ་མའི་རྟ་གླང་སོགས་མེད་ཀྱང་སྤྲུལ་གཞི་རྡེའུ་དང་ཤིང་བུ་སོགས་ཡོད་པ་བཞིན་དུ་གཉིས་སྣང་གི་ཆ་མེད་ཀྱང་གསལ་རིག་གི་ཆ་ཡོད་པ་ལ་དགོངས་སོ་ཞེས་ཟེར་བ་དེ་ཡང་མ་ཡིན་ཏེ། གསལ་རིག་གི་ཆ་ནི་ཡོངས་གྲུབ་ཏུ་བཤད་ཀྱི་གཞན་དབང་དུ་མི་འཆད་པའི་ཕྱིར་དང༌། ཇི་སྐད་དུ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་པས་དེ་དེར་བསྟན་ཏོ་ཟེར་བ་དེ་ཡང་མ་ཡིན་ཏེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་མྱོང་བྱར་བཤད་པ་ཉིད་ཀྱིས་གཞན་དབང་མ་ཡིན་པར་གྲུབ་པའི་ཕྱིར། གཞན་དབང་གི་ངོས་འཛིན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ལ་བཤད་པ་གཞུང་ན་ཡོད་པ་ཡིན་གྱི་རྒྱུ་རྐྱེན་ལས་སྐྱེས་པ་ཐམས་ཅད་དེར་འཆད་པ་ལུགས་འདི་ལ་མེད་པ་དང༌། ལུགས་འདིས་ཀུན་གཞིའི་རྣམ་པར་ཤེས་པ་གང་ཟག་ཏུ་ཁས་བླངས་ན། འདིར་གང་ཟག་རྫས་གྲུབ་ཏུ་ཁས་ལེན་པའམ། ཀུན་གཞིའི་རྣམ་པར་ཤེས་པ་བཏགས་ཡོད་དུ་ཁས་ལེན་པ་གང་རུང་ལས་མ་འདས་ལ། ཕྱི་མ་ལྟར་ན་གཞན་དབང་བདེན་གྲུབ་དང་དངོས་སུ་འགལ་ཞིང༌། དང་པོ་ལྟར་ན་གང་ཟག་རྫས་གྲུབ་ཏུ་ཁས་ལེན་པའི་སངས་རྒྱས་པ་མེད་དོ། །དོན་དམ་པའི་བདེན་པ་དང༌། འགྱུར་མེད་ཡོངས་གྲུབ་ཀྱི་མཚན་གཞི་གང་ཡིན་པ་དེ་མེད་པར་དགག་པ་ཉིད་དུ་འདོད་པ་ཡང་ལུགས་འདིར་འཐད་པ་མ་ཡིན་ཏེ། མེད་པར་དགག་པ་ནི་སྤྱི་མཚན་ཉིད་ལས་མ་འདས་ལ། དེ་དངོས་ཡུལ་དུ་བྱེད་པའི་བློ་ནི་སྒྲ་དོན་འཛིན་པའི་རྟོག་པ་ལས་གཞན་མེད་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འགལ་བའི་ཕྱིར་རོ། །ཡང་སྡེ་བདུན་གྱི་མཐར་ཐུག་སེམས་ཙམ་དུ་གནས་ཞེས་ཟེར་བ་ཡང༌། ཤིང་རྟའི་སྲོལ་ཆེན་སོ་སོའི་དབྱེ་བ་མ་ཕྱེད་པ་ཡིན་ཏེ། བྱམས་པའི་གཞུང་རྗེས་འབྲང་དང་བཅས་པ་འདི་དག་ན་སེམས་ཙམ་སྟོན་པའི་གཞུང་དང༌། དེ་བཀག་ནས་དེ་ལས་གོང་མར་གྱུར་པའི་ལུགས་དང་གཉིས་གཉིས་སུ་ཕྱེ་ནས་བཤད་པ་ཡིན་ལ་དེའི་ཚེ་ཕྱི་མ་དེ་སེམས་ཙམ་དུ་གནས་པ་དང༌། ལུགས་ཕྱི་མ་དེ་ལས་གོང་ན་དབུ་མའི་གྲུབ་མཐའ་ཡོད་པར་འཆད་བྱེད་ཀྱི་ཡི་གེ་འབྲུ་གཅིག་ཀྱང་སྟོན་རྒྱུ་མེད་ལ། གཉིས་གཉིས་སུ་ཇི་ལྟར་ཕྱེ་བའི་ཚུལ་ཡང་དཔེར་མཚོན་ན། མདོ་སྡེའི་རྒྱན་དུ། དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་དང༌། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་དང༌། དབུས་མཐར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་དང༌། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་ལྟ་བུ་ཤིན་ཏུ་མང་བ་ལས། རྐང་པ་དང་པོས་གཟུང་བ་མེད་པ་སེམས་ཙམ་པའི་གཞུང་དང༌། རྐང་པ་གཉིས་པ་རྣམས་ཀྱིས་སེམས་ཙམ་བཀག་ནས་གཟུང་འཛིན་གཉིས་པོ་བཀག་པའི་བཤུལ་ན་གནས་ལུགས་སུ་གྱུར་པའི་ཡེ་ཤེས་ཞིག་ལུས་པ་དེ་དབུ་མ། རིགས་པ་དེ་དང་རྗོད་བྱེད་ཀྱི་སྒྲས་ཡུལ་དུ་མ་བྱས་པའི་དེ་བཞིན་ཉིད་མཐར་ཐུག་ཏུ་བཞེད་པ་ཡིན་ཏེ། སུམ་ཅུ་པ་ལས། འདི་ལྟར་དེ་བཞིན་ཉིད་ཀྱང་དེ། །དེ་ཉིད་རྣམ་པར་རིག་པ་ཙམ། །ཞེས་བཤད་པས་སོ། །སྲོལ་འདི་ལ་ནི་རྣམ་རིག་ཙམ་ལས་གོང་དུ་གྱུར་པའི་དབུ་མ་ནི་གཞན་མེད་པའི་ཚུལ་དེ་ཉིད། འདིར་ཡང་འཆད་པའི་དབང་དུ་བྱས་ནས་ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པ་འགྱུར་བ་ཡིན། །དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་འང་དེ་ཉིད་ཡིན། །ཅེས་གསུངས་སོ། །བྱེ་མདོས་ཀྱང་རང་ལུགས་དབུ་མར་འཆད་པ་དང་འདི་འདྲ་བ་མ་ཡིན་ཏེ། འདིར་ནི་སེམས་ཙམ་གྱི་གྲུབ་མཐའ་ལས་གོང་ན་དབུ་མའི་གྲུབ་མཐའ་སྨྲ་བ་ཡོད་པར་བཞེད་ལ། ངོ་བོ་ཉིད་མེད་པ་ལ་ནི་དེར་མི་བཞེད་པའི་ཕྱིར། དེ་ཉིད་ཀྱིས་ནོངས་སོ་ཞེ་ན། དེ་སྔགས་ཀྱི་དབུ་མས་མ་ངེས་ཏེ། མེད་པར་དགག་པ་ལས་མ་གཏོགས་པའི་དེ་བཞིན་ཉིད་བཞེད་པའི་ཕྱིར། ཡང་ལུགས་འདིར་གཟུང་བ་ཆོས་ཀྱི་བདག་མེད་ཙམ་བཤད་ཀྱི། འཛིན་པ་ཆོས་ཀྱི་བདག་མེད་མ་བཤད་དོ་ཞེས་ཟེར་བ་ནི་དྲངས་མ་ཐག་པའི་གཞུང་དེ་དག་ལ་མངོན་སུམ་དུ་བསྙོན་པར་ཟད་ཅིང༌། འཛིན་པ་བདེན་མེད་ཀྱི་གོ་དོན་འཕགས་པའི་མཉམ་གཞག་ཡེ་ཤེས་བདེན་མེད་ལ་འཆད་དོ་སྙམ་ན། དེ་ལ་འཛིན་པའི་སྒྲ་འདོགས་པ་ཐེག་པ་ཆེན་པོའི་གཞུང་ན་མེད་དོ། །གཟུང་བ་ཆོས་ཀྱི་བདག་མེད་ཀྱི་གོ་དོན་ཡང༌། ཕྱི་རོལ་གྱི་དོན་རང་གི་ངོ་བོས་སྟོང་པའི་མེད་དགག་ལ་འཆད་པ་ཐོས་བསམ་གྱི་ཚེ་དང༌། དེས་སྟོང་པའི་སེམས་ཙམ་ལ་འཆད་པ་སྒོམ་བྱུང་གི་ཚེ་ན་ཡིན་པའི་ཁྱད་པར་དེ་གཞུང་ན་ཡོད་པ་ཡིན་གྱི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་མེད་པར་དགག་པ་ལ་དེའི་གོ་དོན་དུ་འཆད་པ་ལུགས་འདིའི་གཞུང་གང་ན་ཡང་མེད་ཅིང༌། དེ་འདྲ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་ཡང༌། ཇི་སྐད་དུ། ལྡོག་པ་ངོ་བོ་ཉིད་མེད་ཕྱིར་སོགས་གཞན་སེལ་སྟོན་པའི་གཞུང་གིས་བཀག་པ་ཡིན་ནོ། །སྐབས་འདིར་བོད་སྔ་མ་དག་གིས་སེམས་ཙམ་པ་ལ་རྣམ་བདེན་བརྫུན་གཉིས་སུ་ཕྱེ་ནས། སྡེ་བདུན་མཛད་པའི་མཐར་ཐུག་རྣམ་བརྫུན་དུ་གནས་པ་ཡིན་ནོ་ཞེས་གསུང་མོད། འདི་སྐབས་ཀྱི་རྣམ་བརྫུན་པ། དེ་སེམས་ཙམ་པར་གང་ནས་བཤད་ཅེས་འདྲི་ཞིང༌། རྩོད་དུས་ཀྱི་མཁས་པ་ཆེན་པོ་ཤནྟི་པས་ནི། དབུ་མའི་རྒྱན་ཞེས་བྱ་བའི་བསྟན་འཆོས་ཀྱི་བརྗོད་བྱའི་གཙོ་བོ་འདི་ལས་གཞན་མ་བཤད་དོ། །གལ་ཏེ་དཔལ་ལྡན་ཟླ་བས་འདི་སེམས་ཙམ་དུ་བཤད་དོ་ཞེས་ཟེར་མོད། ཤིང་རྟའི་སྲོལ་མི་ཅིག་པ་གཞན་གྱིས་གཞན་དུ་བཤད་པས་དེར་ཁས་ལེན་དགོས་པ་མ་ཡིན་ཏེ་དེ་ལྟ་ན་ཤིང་རྟའི་སྲོལ་སོ་སོ་བ་དག་འཆོལ་བར་ཐལ་བའི་ཕྱིར་དང༌། ཐེག་པ་ཆེན་པོ་ཙམ་དང་རྡོ་རྗེའི་ཐེག་པ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྨྲ་བ་དག་ཀྱང་ཡོད་པའི་ཕྱིར་དང༌། རྣལ་འབྱོར་གོང་མས་འོག་མ་ལ་གནོད་ཅེས་ཟེར་མོད་ཀྱང་དབུ་མའི་ཚུལ་འདི་གཉིས་ལ་གོང་འོག་གི་ཁྱད་པར་དབྱེ་དཀའ་བ་ཡིན་ཏེ། ཐོགས་མེད་ཞབས་ཀྱི་བསྟན་འཆོས་ལུང་སྟོན་པ་ན། ཇི་སྐད་དུ། མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་དང༌། སྔགས་ཀྱི་གཞུང་ཚད་ལྡན་དག་ལས་ལུགས་འདི་དབུ་མ་ཆེན་པོ་དང༌། བླ་མའི་མན་ངག་གི་སམ་བརྒྱན་པའི་སྟོང་ཉིད་མེད་དགག་ཁོ་ནའི་ཕྱོགས་ལ་དབུ་མ་འབྲིང་པོར་བཤད་པ་དག་ཀྱང་ཡོད་པའི་ཕྱིར་རོ། །གལ་ཏེ་འོ་ན་དབུ་མ་འདི་གཉིས་ལ་ཟབ་རྒྱས་ཀྱི་ཁྱད་པར་ཅི་ཞེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གཏན་ལ་འབེབས་པའི་རིགས་པ་ནི་ཅིག་ཤོས་རྒྱས་ལ་བསྒོམ་པས་ཉམས་སུ་མྱོང་བར་བྱ་བའི་ངེས་དོན་ནི་ལུགས་འདིར་ཟབ་པ་ཡིན་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་བསྒོམ་བྱུང་གི་ཉམས་སུ་མྱོང་བྱ་ཉིད་དུ་འཆད་པ་ནི་རྡོ་རྗེའི་ཐེག་པ་དག་དང་ཆེས་ཤིན་ཏུ་མཐུན་པའི་ཕྱིར་ལུགས་འདི་ཟབ་པ་ཡིན་ནོ། །འདི་ལ་བོད་ཕྱི་མ་གཞན་དག་ན་རེ། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་བསྒོམ་པས་གཞན་ཞིག་ཉམས་སུ་ལེན་པ་ནི། རྟ་དཀྱུས་ས་དང་བརྒྱུག་ས་གཞན་དང་གཞན་གྱི་དཔེས་འབྲེལ་བ་མེད་པ་ཁོ་ནར་བཤེས་གཉེན་ཆེན་པོ་པུ་ཏོ་བས་བཤད་པ་ཉིད་ལེགས་སོ་ཞེས་གསུངས་མོད། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་མིང་ཅན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མེད་པར་དགག་པ་དེའི་ངོས་འཛིན། རང་བཟོའི་དབང་དུ་ཐལ་མ་ཆེས་པར་མདོ་དང་བསྟན་འཆོས་ནས་ཇི་ལྟར་བཤད་པ་བཞིན་དུ་ངོས་འཛིན་ན་ནི། བསྒོམ་བྱའི་ཡུལ་དང་སྒོམ་བྱེད་ཀྱི་བློ་སོ་སོར་ངོས་འཛིན་ནུས་པ་མ་ཡིན་ཏེ། མཉམ་པར་གཞག་པའི་ཚེ་ན་ཡུལ་ཅན་གྱི་བློ་ཉིད་ཀྱང་སྟོང་པ་ཉིད་དུ་ཐིམ་པའི་ཕྱིར། རྟོགས་བྱེད་ཀྱི་བློ་སུ་ཞིག་གིས་རྟོགས་བྱ་གང་ཞིག་རྟོགས་པར་ནུས་ཞེས་སྨྲས་པ་ནི་ཞར་ལ་བྱུང་བ་སྟེ། རྣམ་འགྲེལ་མཛད་པའི་སྐབས་འདིར་དེ་དག་ཉེ་བར་མཁོ་བ་མེད་དོ། །དེ་དག་ཁོ་ནར་མ་ཟད་ཀྱི་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་གི་མཐར་ཐུག་སེམས་ཙམ་དུ་གནས་པས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་རྩ་བ་བདག་མེད་རྟོགས་པའི་ཤེས་རབ་ཆ་ཚང་བར་བསྟན་པ་མེད་དོ་ཞེས་ཟེར་བ་དང༌། གཞུང་འདིས་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབ་བོ་ཞེས་ཟེར་བ་ལ་ཡང་འགལ་བ་ཅན་ཁོ་ན་སྟེ། གཞུང་འདི་ནས་ཐར་པ་དང་ཐམས་ཅད་མཁྱེན་པར་བཤད་པ་དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པ་མཚན་ཉིད་པར་མི་རུང་བའི་ཕྱིར་རོ། །ཡང་གལ་ཏེ་འོ་ན་གཞུང་སྡེ་བདུན་གྱི་ལྟ་བའི་མཐར་ཐུག་དབུ་མར་གནས་པ་དེའི་ཚེ་བཤད་མ་ཐག་པའི་ལྟ་བ་དེ་དང༌། ངོ་བོ་ཉིད་མེད་པ་པས་བཤད་པའི་ལྟ་བ་དེའི་འཆད་ལུགས་དང༌། མེད་པར་དགག་པ་ཁོ་ནའི་ཆ་ནས་འཆད་དགོས་པ་ལུགས་འདི་ལ་ཡོད་པ་དེའི་ཚེ་དེ་དང་དེའི་བཤད་ལུགས་ཀྱི་ཁྱད་པར་ཅི་ཞེ་ན། ལུགས་གཞན་དེ་ལ་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱོད་པ་དེའི་ཚེ་ན་དགག་བྱ་གང་ཞིག་བཀག་པའི་སྟོང་པ་ཉིད་དེ་ཡང་ཡོད་པར་མི་འདོད་ལ། དེ་འདྲ་དེ་ཡོད་པ་བཀག་པས་མེད་པར་མི་འགྱུར་ཞིང༌། མེད་པ་བཀག་པས་ཀྱང་ཅིག་ཤོས་སུ་མི་འགྱུར་བ་དང༌། མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཡང༌། ཐ་སྙད་དུ་ཀུན་རྫོབ་ཀྱི་བདེན་པར་བཤད་ཀྱི་དོན་དམ་པའི་བདེན་པར་ནི་མི་འཆད་དེ། སྤྲོས་པའི་ཚོགས་བཀག་འགོག་གི་རིགས་པ་དེའི་ངོར་སྤྲོས་ཚོགས་ལ་ལྟོས་ཏེ་བདེན་པར་འཇོག་པའི་ཕྱིར་དང༌། དོན་དམ་ཡེ་ཤེས་ཀྱི་ངོར་ནི་བདེན་པ་ལྟ་ཅི། ཡོད་པར་ཡང་ཁས་མི་ལེན་པའི་ཕྱིར། ལུགས་འདིར་ཡང་གཟུང་འཛིན་ཀུན་བརྟགས་རང་སྟོང་དུ་འཆད་དགོས་པ་དེའི་ཚེ་དགག་བྱ་བཀག་ཙམ་གྱི་མེད་དགག་དང༌། སྟོང་ཉིད་གོ་ཆོད་པོ་ཡེ་ཤེས་ཀྱི་ཆ་གཉིས་ལས་དང་པོ་དེ་སྤྱིར་ཡོད་པར་ཁས་མི་ལེན་ཏེ། ཡོད་པ་ལ་མི་རྟག་པས་ཁྱབ་པ་དང༌། ལྡོག་པ་ངོ་བོ་ཉིད་མེད་ཕྱིར་ཞེས་པས་སོ། །སེལ་ངོར་མེད་པ་ཡང་མ་ཡིན་ཏེ། བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་འདོགས་པས་སོ། །སྟོང་ཉིད་གོ་ཆོད་པོ་དེའི་དབང་དུ་བྱས་ན་ནི། ཡོད་མེད་གཉིས་པོ་ཕན་ཚུན་སྤང་སྟེ་གནས་པའི་ཕྱིར་གཅིག་བཀག་པས་ཅིག་ཤོས་སུ་ཁས་ལེན་དགོས་ཤིང༌། ཉིད་ཅེས་བྱ་བ་དངོས་པོའི་རྐྱེན་ཅན་དུ་འཆད་པའི་ཕྱིར་དངོས་པོ་དང་དོན་དམ་པའི་བདེན་པར་ཁས་ལེན་ནོ། །དེ་ཡི་ཚེ་སྤྲོས་བྲལ་དང་བརྗོད་བྲལ་དུ་ཇི་ལྟར་འཆད་ཅེ་ན། ཡོད་མེད་ལ་སོགས་པའི་མཐའ་བཞི་དང་རྟག་མི་རྟག་ལ་སོགས་པ་གང་དུ་ཞེན་ཡང་སྤྲོས་པ་སྟེ། དེ་དང་བྲལ་དགོས་པའོ། །དེ་ལྟར་ན་སེམས་ཙམ་པ་ཡན་ཆོད་ཀྱི་ཐབས་མཁས་ལ་མི་རྩོད་མོད་ཀྱི་ཤེས་རབ་དེས་ཐམས་ཅད་མཁྱེན་པ་འགྲུབ་པར་གང་གིས་ཤེས་ཅེ་ན། སྲོལ་འདིར་གོང་དུ་བཤད་པའི་རིགས་པས་གཟུང་འཛིན་གཉིས་སྟོང་དུ་གཏན་ལ་ཕབ་པའི་བསམ་བྱུང་གི་ཤེས་རབ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་ན། གོམས་བྱའི་དོན་ལ་གསལ་སྣང་འབྱུང་དུ་རུང་སྟེ། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན་འདོད་འཇིགས་གོམས་པའི་བློ་བཞིན་ནོ། །དེ་ལྟར་བྱུང་བའི་གསལ་སྣང་དེ་ཡང་ཆོས་ཅན། མཐའ་མེད་དུ་འཕེལ་དུ་རུང་སྟེ། གོམས་པ་ན་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་ཤིང་ལས་མེ་དང༌། གསེར་ལས་དངུལ་ཆུ་བཞིན་ནོ། །དེ་ལྟར་གོམས་པའི་བསྒོམ་བྱུང་གི་ཡེ་ཤེས་ཆོས་ཅན་སླར་ལྡོག་པ་མ་ཡིན་ཏེ། གོམས་པ་པོའི་སེམས་རྒྱུད་དེས་རང་གི་ཕྱོགས་འཛིན་པའི་ཕྱིར། དེ་ལྟ་བུའི་ཤེས་རབ་དང་བརྩེ་བ་རྒྱུད་ལྡན་གྱི་སྐྱེས་བུ་ཆོས་ཅན། རང་རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་འབྱུང་དུ་རུང་སྟེ། དེ་ཡི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། དེ་ལྟ་བུ་འབྱུང་བར་ངེས་པ་ཡང་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་ཞིང་དེ་ལ་འགལ་རྐྱེན་གྱིས་གེགས་བྱེད་མི་སྲིད་པའི་ཕྱིར། གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ཉམས་སུ་མྱོང་བའི་འཕགས་ལམ་རིགས་པས་བསྒྲུབ་མ་ཐག་པ་དེ་ཆོས་ཅན། མ་རིག་པའི་རྩ་བ་གཟུང་འཛིན་གཉིས་སྣང་གི་བག་ཆགས་དྲུང་འབྱིན་པར་ནུས་ཏེ། དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་འགལ་བའི་རྣམ་པ་ཅན་གཞིར་བྱས་ལ། རང་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར། དེ་དེ་ལྟར་ཞུགས་པ་ཡིན་ཏེ་གཉིས་སྟོང་དུ། གཅིག་དུ་བྲལ་སོགས་ཀྱི་རིགས་པས་གྲུབ་ཅིང༌། གཉིས་ཡོད་དུ་མངོན་རྗེས་གང་གིས་ཀྱང་མི་འགྲུབ་པའི་ཕྱིར། རྗེས་དཔག་གིས་འགྲུབ་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ལ། མངོན་སུམ་གྱིས་མི་འགྲུབ་སྟེ་གཉིས་སྣང་གི་བློ་ཐམས་ཅད་འཁྲུལ་བའི་ཕྱིར། འཁྲུལ་བར་གང་གིས་འགྲུབ་ན། ཡུལ་དུ་སྣང་བ་དང་ཡུལ་ཅན་གྱི་བློ་ཆོས་ཅན། རྫས་གཞན་མ་ཡིན་ཏེ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར་ཞེས་པའོ། །འདི་དག་ནི་རྣམ་འགྲེལ་མཛད་པས་རང་གཞུང་དུ་བསྟན་པའི་ལམ་དང༌། ལམ་དེ་ལས་ཐར་པ་དང་ཐམས་ཅད་མཁྱེན་པ་འབྱུང་རུང་དུ་བསྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་བླ་ན་མེད་པ་སྟེ། སྲོལ་འདི་དང་སྲོལ་གཅིག་པའི་གཞུང་གཞན་ལས་ཀྱང་བསྒྲུབ་བྱ་དེ་དག་ལ་སྒྲུབ་བྱེད་ཀྱི་ལུང་ཙམ་གསུངས་ཀྱང༌། རིགས་པའི་ཚོགས་གསལ་བར་མཐོན་པས་ན། འདིར་ནི་ལུང་ལ་མ་ལྟོས་པར་ཡང་དེ་ལྟར་འགྲུབ་པའི་ཕྱིར་ཆེས་ཤིན་ཏུ་ཁྱད་པར་དུ་འཕགས་སོ། །གལ་ཏེ་འོ་ན་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་པ་འདི་ཉིད་ཡིན་མོད་དེ་ལས་གཞན་ཅི་ཞིག་དགོས་ཞེ་ན། འོ་ན་ཁྱེད་རང་ཅག་གིས་ཤིན་ལྐོག་ཏུ་ཁས་བླངས་པའི་ལྷ་དང་དམྱལ་བ་དང་རི་རབ་ཀྱི་རྡུལ་ཕྲན་གྱི་གྲངས་སོགས་ཀྱང་དངོས་སྟོབས་ཀྱིས་གྲུབ་པར་འགྱུར་ཏེ། རྒྱུ་ལས་དང་ཉོན་མོངས་ལས་འབྲས་བུ་སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་བར་དངོས་སྟོབས་ཀྱིས་འགྲུབ་པར་ཁས་བླངས་པའི་ཕྱིར་རོ། །མདོར་ན་ཐམས་ཅད་མཁྱེན་པ་ཡོད་པར་དངོས་སྟོབས་ཀྱིས་འགྲུབ་པ་དང༌། ཀུན་མཁྱེན་རང་གི་ངོ་བོ་དངོས་སྟོབས་ཀྱིས་མི་འགྲུབ་པའི་ཁྱད་པར་ཕྱེད་དགོས་ཏེ། ཇི་སྐད་དུ། དེ་གོམས་པ་ལས་བདག་འགྱུར་བས། །ལ་ལའི་ཟག་པ་ཟད་པར་འགྱུར། །ཞེས་ཀུན་མཁྱེན་ཡོད་པར་རིགས་པས་བསྒྲུབ་པ་དང༌། ཚད་མ་རྣམས་ནི་རྙེད་དཀའི་ཕྱིར། །རྟོགས་དཀའ་ཞེས་ནི་གཞན་གྱིས་ཤེས། །ཞེས་ཀུན་མཁྱེན་དེ་ལུང་སྔོན་དུ་སོང་པ་ལ་མ་ལྟོས་པར་ཤེས་དཀའ་བ་ཉིད་དུ་བསྟན་པ་ཡིན་ནོ། །གསུམ་པ་དེ་ལྟར་བཤད་པས་གལ་ཆེ་བའི་དོན་མང་པོ་ཤེས་པར་བསྟན་པ་ནི། རྣམ་འགྲེལ་མཛད་པའི་རིགས་པས་གཏན་ལ་ཕབ་པའི་བདག་མེད་པ་རྣམ་པ་གཉིས་པོའི་གནས་སྐབས་དང་མཐར་ཐུག་གི་ངོས་འཛིན་ཚུལ་རྣམ་པ་གཉིས་བྱུང་བ་ཡིན་ཏེ། གནས་སྐབས་སུ་གཞན་སེལ་བའི་ངོ་བོར་གྱུར་པའི་བདག་མེད་རྣམ་པ་གཉིས་དང༌། མཐར་ཐུག་དོན་རང་མཚན་གྱི་ངོ་བོར་གྱུར་པའི་བདག་མེད་པ་རྣམ་པ་གཉིས་སུ་ཕྱེ་བ་ལས། གཉིས་མཚན་དང་པོ་ནི་སྤྱིར་ཡང་ཕར་ཕྱིན་ཐེག་པ་པ་དག་ལ་གཙོ་ཆེ་བར་གྲགས་ཤིང༌། བོད་དུའང་བྱམས་ཆོས་མཚན་ཉིད་ལྟར་བཤད་པ་ཞེས་པའི་མིང་ཅན་རྔོག་ལོ་ཆེན་པོ་དཔོན་སློབ་ལས་བྱུང་ཞིང༌། གཞུང་ནི་འདི་ལ་བསལ་བྱ་ཅི་ཡང་མེད། །སོགས་དང༌། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་པ་སྟེ། འདི་ཤེས་པས་ནི་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་མཚན་འཛིན་གྱི་རྟོག་པ་སེལ་བར་བྱེད་མོད། ཡོན་ཏན་གྱི་ཚོགས་དངོས་སུ་བསྐྱེད་པའི་སྟོང་པ་ཉིད་ནི་མ་ཡིན་ནོ། །དེ་ཡང་གཞུང་འདིར་ནི་གཅིག་དང་དུ་བྲལ་གྱི་རིགས་པ་གོང་འོག་གཉིས་ཀྱིས་སྟོན་ནོ། །གཉིས་མཚན་ཕྱི་མ་ནི། རྒྱུད་སྡེ་འཛིན་པའི་གསང་སྔགས་པ་དག་ལ་གཙོ་བོར་གྲགས་ཤིང༌། བོད་དུའང་ཞི་ཕྱག་རྫོགས་གསུམ་དང༌། ལམ་འབྲས་པའི་བླ་མ་བརྒྱུད་པ་རྣམས་ལས་གསལ་བར་བྱུང་ངོ༌། །དེ་ཡང་བཤད་སྲོལ་འདི་དག་གི་རྩ་བའི་གཞུང་ནི། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན་ཞེས་དང༌། གཉིས་དངོས་མེད་པ་དངོས་མེད་པའི། །དངོས་པོ་ཞེས་གསུངས་ལ། གཞུང་འདིར་ནི། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང༌། དེ་ལ་བློ་ནི་ཡོངས་གཅོད་པ། །འཛིན་པའི་རྣམ་པར་འདོད་པ་དེ། །དེ་ཡི་བདག་ཉིད་ཕྱིར་བདག་རིག །ཅེས་པས་འཆད་དོ། །དེ་ལྟར་ཤེས་པ་ནི། མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བ་མ་ཟད། ཡོན་ཏན་ཚོགས་མཐའ་དག་དངོས་སུ་བསྐྱེད་པ་དང་བརྟེན་པའི་གཞིར་གྱུར་པ་ནི་འདི་ཁོ་ནར་ངེས་ཏེ། མདོ་སྔགས་ཐུན་མོང་དུ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་ཡོན་ཏན་མཐའ་དག་གི་རྟེན་དུ་གྱུར་པ་ནི་འདི་ཁོ་ནར་ངེས་པ་དང༌། དོན་དམ་པའི་སེམས་ཅན་དང་དེའི་བྱང་ཆུབ་སེམས་དཔའ་དང༌། དེ་ཡི་དེ་བཞིན་གཤེགས་པ་ཞེས་པ་ཡང་འདི་ཉིད་ཀྱི་གནས་སྐབས་ལས་དབྱེ་དགོས་པ་དང༌། རྡོ་རྗེའི་ཐེག་པ་བ་དག་གི་ལྷ་བསྒྲུབ་པའི་གཞི་དང༌། སྔགས་ཀྱི་ངོ་བོ་དང༌། རྫོགས་རིམ་བདེ་བ་ཆེན་པོ་ཡང་འདི་ཉིད་ཀྱི་རང་བཞིན་ལས་མ་འདས་ཤིང༌། གཞི་ལམ་འབྲས་བུའི་རྒྱུད་ཅེས་བྱ་བ་ཡང་འདི་ཡི་གནས་སྐབས་ལས་སོ་སོར་འབྱེད་དགོས་པ་ཡིན་གྱི། ངོ་བོ་ཉིད་མེད་པ་པའི་གཞུང་ཇི་ལྟ་བ་བཞིན་གྱི་སྟོང་པ་ཉིད་རྐྱང་པ་ལ་ནི་བཤད་མ་ཐག་པའི་ཁྱད་པར་དེ་དག་ཚང་བ་མ་ཡིན་ནོ། །དེ་ལྟར་ན། སྡེ་བདུན་མཛད་པས་གཏན་ལ་ཕབ་པའི་ངེས་དོན་འདི་དག་ནི། རྗེ་བཙུན་བྱམས་པས་གཏན་ལ་ཕབ་པའི་ཤིང་རྟའི་སྲོལ་ཉིད་ལས་བྱུང་བ་སྟེ། འདི་ཡང་ཐེག་པ་ཆེན་པོ་སྤྱི་དང་ཁྱད་པར་གསང་སྔགས་ལ་འཇུག་པའི་སྒོ་ཙམ་དུ་མ་ཟད་རྡོ་རྗེ་ཐེག་པའི་ལམ་གྱི་གཞུང་ཤིང་དུ་གྱུར་པའི་རྩ་བ་མཐར་ཐུག་པའོ། །གལ་ཏེ་འོ་ན་ཕྱོགས་ཀྱི་གླང་པོས། རྟོག་གེའི་ལམ་ནས་ཆོས་ཉིད་ལ་ཁྲིད་ན། དེ་ནི་ཡང་དག་ལམ་ལས་ཉམས་པར་འགྱུར་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལ་བཤད་ཚུལ་གཉིས་ལས་མཚན་ཉིད་པ་དག་ནི་སངས་རྒྱས་པའི་ལུགས་ཀྱི་ནང་རིག་པ་དང་བྲལ་བའི་རྟོག་གེ་སྟེ། དེའི་ལུང་རིགས་ཀྱིས་ཁྲིད་པའི་ཆོས་ཉིད་ནི་གྲངས་ཅན་དང་རིག་བྱེད་པའི་ལུང་ལས་བྱུང་བ་དག་གོ །མན་ངག་པ་དག་གི་བཤད་པ་ནི། སངས་རྒྱས་པའི་ལུགས་ཡིན་ཀྱང་ཐོས་བསམ་གྱི་རིགས་པས་གཏན་ལ་ཕབ་པའི་ཆོས་ཉིད་ནི། གནས་ལུགས་ཀྱི་དོན་ཡང་དག་པ་མ་ཡིན་ཏེ། དེ་གཏན་ལ་འབེབས་བྱེད་ཀྱི་ལུང་རིགས་དང༌། དེ་དག་འཇལ་བར་བྱེད་པའི་ཡུལ་ཅན་ནི་སྒྲ་རྟོག་ལས་མ་འདས་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ཡང་མཚན་ཉིད་པ་ལྟར་ན་ནི། རིགས་པ་ཡང་དག་སྔོན་དུ་མ་སོང་བར་ལྐོག་གྱུར་གྱི་དོན་ཙམ་དང་བྱེ་བྲག་ཏུ་ཆོས་ཉིད་ངེས་པ་ལྟར་བྱེད་པའི་བློ་ནི་ཇི་ཙམ་དུ་ངེས་ངེས་པོ་དང་བདེན་བདེན་པོར་འཇིག་རྟེན་པས་ཐ་སྙད་བྱེད་པ་ཅིག་སྲིད་ན་ཡང་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གང་རུང་ལས་མ་འདས་པའི་ཕྱིར་རིགས་པ་ཡང་དག་སྔོན་དུ་འགྲོ་དགོས་སོ། །རིགས་པ་ཡང་སྡེ་བདུན་མཛད་པའི་རིགས་པ་དང་མ་འབྲེལ་བའི་གཞུང་གཞན་ནས་གསུངས་པ་རྣམས་ལ་ནི་འགའ་ཞིག་ཏུ་གཞལ་བྱའི་གནས་དང་པོ་གཉིས་ཀྱི་ཚེ་ཡང་ལུང་སྒྲུབ་བྱེད་དུ་འདྲེན་པ་དང༌། ཤིན་ལྐོག་གི་ཚེ་ཡང་ལུང་དེ་ནས་འབྱུང་བའི་གཞལ་བྱའི་གནས་དང་པོ་གཉིས་མངོན་རྗེས་ཀྱི་འགྲུབ་པར་མི་ཤེས་བཞིན་དུ་གནས་གསུམ་པའི་ལུང་འདྲེན་པ་ལྟ་བུ་ཕལ་ཆེར་མ་ངེས་པའི་གཏན་ཚིགས་སུ་སོང་བས། དེ་ལ་བརྟེན་པའི་རྟགས་ཅན་གྱི་བློ་ཇི་ལྟར་བཟང་ཡང་ཡིད་དཔྱོད་ཙམ་ལས་མ་འདས་པ་དང༌། རྟགས་ཆོས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་དང༌། རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་ཚད་མ་སྔོན་དུ་མ་སོང་བའི་གཏན་ཚིགས་ནི། འགལ་བར་མ་སོང་ཙམ་བྱུང་ཡང༌། མ་གྲུབ་པ་དང་མ་ངེས་པའི་གཏན་ཚིགས་ལས་མ་འདས་པ་དང༌། མཐར་རྟགས་དེའི་ཚུལ་གསུམ་འགྲུབ་རུང་དུ་ཡོད་པས་ད་ལྟ་རྟགས་ཅན་གྱི་བློ་དེས་དོན་བདེན་པ་ངེས་སུ་ཆུག་ཀྱང་ཡིད་དཔྱོད་ལས་མ་འདས་པ་དང༌། རྒོལ་བས་གཞན་ངོར་ཚེར་མ་ཕྱུང་མ་ཟིན་པའི་རྟགས་ལས་རྟགས་ཅན་གྱི་ཚད་མ་སྐྱེ་མི་སྲིད་པའི་ཚུལ་ནི་གཞུང་གཞན་ལས་གསལ་བར་ཐོན་པས་ན། སྡེ་བདུན་མཛད་པས་བཤད་པའི་ཚུལ་གསུམ་པ་ཅན་གྱི་གཏན་ཚིགས་ཁོ་ན་ལ་བརྟེན་ནས་ཆོས་རྣམས་ཀྱི་ཆོས་ཉིད་ངེས་པར་བྱེད་དགོས་སོ། །རྔོག་ལོ་ཆེན་པོས། སློབ་མར་གདམས་པའི་ཡི་གེ་ལས། ཁྱེད་ཀྱང་སྡེ་སྣོད་ཕྱོགས་ལ་སྦྱོངས་ཤིག་རིགས་པ་ཡིས། །ཆོས་ཉིད་མཐོང་བ་ཚད་མའི་ངེས་པ་སྐྱེ་བར་འགྱུར། །ཞེས་སོ། །རྒྱུད་སྡེ་དང་མཐུན་པའི་མན་ངག་པ་ལྟར་ན་ནི། གནས་སྐབས་ལ་ལར་དེ་ལྟ་བུའི་རིགས་པ་སྔོན་དུ་མ་སོང་ཡང་རང་བྱིན་གྱིས་བརླབས་པའི་རིམ་པ་ལ་བརྟེན་ནས། དོན་རང་མཚན་དུ་གྱུར་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་འབྱུང་སྟེ། ཨརྻ་དེ་ཝའི་གཞུང་ལས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །རང་བྱིན་བརླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་རྟོགས་པ་མེད། །ཅེས་གསུངས་སོ། །འདི་ཡང་ཞིབ་ཏུ་ན་ཐབས་མཁས་ལས་རྟོགས་པ་དོན་རང་མཚན་གྱི་སྟོང་པ་ཉིད་དང༌། རིགས་པས་རྟོགས་དགོས་པ་གཞན་སེལ་ཡིན་པའི་ཁྱད་པར་ཕྱེད་དགོས་སོ། །རྣམ་འགྲེལ་མཛད་པའི་རིགས་པ་སྦྱོར་ཚུལ་ཡང་རྣམ་པ་གཉིས་ཏེ། གཞལ་བྱའི་གནས་གསུམ་སྟོན་པའི་སངས་རྒྱས་ཀྱི་གསུང་ཡུམ་བརྒྱད་སྟོང་པ་ལྟ་བུ་ཅིག་ལ། དཔྱད་པ་གསུམ་གྱིས་དག་མ་ཟིན་པའི་སྔ་རོལ་དུ། སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་ཅུང་ཟད་ལྐོག་གྱུར་དངོས་ཀྱི་སྒྲུབ་བྱེད་དང༌། ལུང་དེ་ལ་དཔྱད་པ་གསུམ་ཀས་རྣམ་པར་དག་ཟིན་པའི་རྗེས་སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མི་རྟག་པར་བསྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པ་ལྟ་བུ་དང༌། ལེའུ་གཉིས་པར་ལུང་ལ་བརྟེན་ནས་ཐར་པ་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་ཟིན་པའི་འོག་རོལ་ཏུ། རེས་དགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་བསྒྲུབ། །ཅེས་དང༌། མི་རྟག་ཉེས་པའི་རྟེན་ཕྱིར་ཞེས་སོགས་ལྟ་བུའོ། །དེ་ལ་སོགས་པ་ལུང་སྔོན་སོང་གི་རིགས་པ་ཡིན་པར་ཡང་ཇི་སྐད་དུ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ལུང་དང་རིགས་པས་རྣམ་དཔྱོད་པ། །ཞེས་གསུངས་སོ། །གསུམ་པ་དེ་ལྟར་ཤེས་པའི་ཕན་ཡོན་བསྟན་པ་ལ་གསུམ་སྟེ། བསྟན་པ་དང༌། བཤད་པ་དང༌། ཅུང་ཟད་ཕྱེ་སྟེ་བཤད་པའོ། །དང་པོ་ནི་སྡེ་བདུན་མཛད་པས་སྦྱར་བའི་རྟོག་གེའི་ཚུལ་འདི་ནི། ཕྱི་རོལ་པའི་རྟོག་གེ་དང་མ་འདྲེས་པས་ན། རིགས་པ་དང་སྤོབས་པ་ཟད་མི་ཤེས་པས་ན་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་པ་དང༌། ཐོགས་པ་མེད་པར་སྨྲ་ནུས་པས་ན་གྲོལ་བ་དང༌། གཞལ་བྱའི་གནས་གསུམ་སོ་སོར་ཕྱེ་ནས་སྨྲ་བས་ན་ཟབ་པ་དང༌། གཞུང་གཞན་ནས་མ་བཤད་པའི་གཞན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པས་ན་ཐུན་མོང་མ་ཡིན་པ་དང༌། ཟབ་རྒྱས་ཀྱི་གཞུང་མང་པོ་ཤེས་པའི་ཐོས་པ་ཅན་ཡང་སློབ་དཔོན་མེད་པར་འདི་ལ་བདེ་བླག་ཏུ་འཇུག་མི་ནུས་པའི་ཕྱིར་ན་རྣམ་པར་ཐར་པའི་སྒོ་གསུམ་གྱིས་བསྡམས་པའི་ཕན་ཡོན་དང་ལྡན་ནོ། །གཉིས་པ་ཅུང་ཟད་བཤད་པ་ནི། ཕྱི་རོལ་པའི་རྟོག་གེ་ལ་མ་གྲགས་པ་ནི། དགག་སྒྲུབ་ཀྱི་རྣམ་གཞག་ཇི་སྙེད་པ་གཞན་སེལ་པའི་སྒོ་ནས་བྱེད་པ་སྟེ། དོན་རང་མཚན་དགག་སྒྲུབ་ཀྱི་རྟེན་དུ་བྱས་ན་ནི་ཆོས་ཅིག་བསྒྲུབ་པ་ན་ཐམས་ཅད་བསྒྲུབ་པ་དང༌། གཅིག་བཀག་པ་ན་ཐམས་ཅད་བཀག་པར་ཐལ་བས་སོ། །དེ་ཡང་དོན་རང་མཚན་གྱི་ཡུལ་ཅན་ནི། རྟོག་མེད་ཀྱི་ཤེས་པ་ལས་གཞན་མེད་ཅིང༌། ཤེས་པ་དེ་ཡུལ་གང་ལ་འཇུག་ཀྱང༌། སྣང་བས་འཇུག་པ་ལ་ཐུག་གོ །སྤོབས་པ་ཟད་མི་ཤེས་པ་ནི། སྨྲ་བ་པོ་འབེལ་བའི་གཏམ་དུ་བྱེད་པ་དག་ནི། སྨྲ་བའི་སྒོ་དང་སྨྲ་བའི་རྒྱན་དང་ལྡན་པ་ཞིག་དགོས་ལ། སྨྲ་བའི་སྒོ་ནི་གཞན་གྱི་ཕྱོགས་སུན་འབྱིན་པའི་ཚེ། དམ་བཅའ་འདྲི་བ་དང༌། དེ་ལ་ཐེ་ཚོམ་དུ་གྱུར་ན་སྒྲུབ་བྱེད་འགོད་དུ་འཇུག་པ་དང༌། སྒྲུབ་བྱེད་དེའི་ཚུལ་གསུམ་མི་ཤེས་ན། རྟགས་དེའི་ཚེར་མ་ཕྱུང་ཞིག་པར་བསྒོ་བའོ། །དེ་ལྟར་དྲིས་ནས་ཕ་རོལ་པོས་དྲིས་པའི་དོན་གང་ཡང་མ་ཤེས་ན་དམ་བཅའ་ལ་བསལ་བ་ཞུགས་ན་དང༌། སྒྲུབ་བྱེད་ཀྱི་ཚུལ་གསུམ་དོན་ལ་མ་ཚང་བ་དང༌། དོན་ལ་ཚང་ཡང་ཚེར་མ་འབྱིན་མ་ཤེས་ན་གཞན་དེའི་སྤོབས་པ་ཕྲོག་པ་དང༌། དམ་བཅའ་སོགས་གསུམ་སྐྱོན་ཅན་བཞག་པ་དེའི་ཚེ། དམ་བཅའ་ལ་བསལ་བ་བརྗོད་པ་དང༌། སྒྲུབ་བྱེད་ལ་འགལ་མ་ངེས་མ་གྲུབ་པའི་སྐྱོན་གསུམ་པོ་གང་རུང་བརྗོད་པ་དང༌། རྟགས་དང་ཁྱབ་པ་འགྲུབ་རུང་གི་རིགས་ཅན་ཡིན་ཡང་ཕ་རོལ་པོས་ཚེར་མ་འབྱིན་མ་ཤེས་ན་རྟགས་མ་གྲུབ་པ་དང་ཁྱབ་པ་མ་ངེས་པའི་ལན་ཐེབས་པས་ན་སྨྲ་བའི་ཁྱུ་མཆོག་ཏུ་སོང་བ་དང༌། ཡང་ལན་འདེབས་པ་པོས་ཚུལ་གསུམ་ཚང་བའི་གཏན་ཚིགས་བཀོད་པས་དྲི་བ་པོའི་རྒྱུད་ལ་རྗེས་དཔག་སྐྱེས་པའི་ཚེ། ཕྱིར་རྒོལ་ཐེ་ཚོམ་ཅན་རྗེས་སུ་གཟུང་བ་དང་ལོག་རྟོག་ཅན་ཚར་བཅད་པ་ཡིན་པས་ན་ཡང་དག་པའི་བསྟན་པ་ལ་ཞུགས་པ་དེ་ཡང་སྨྲ་བའི་ཁྱུ་མཆོག་ཏུ་འགྱུར་རོ། །སྨྲ་བའི་རྒྱན་ནི། སྐབས་སུ་མ་བབ་པའི་དོན་ལ་སེམས་མི་འཕྲོ་ཞིང་དེ་འདྲའི་ཚིག་མང་པོ་མི་བརྗོད་པ་དང༌། ཚིག་གི་ལྷད་དུ་མ་དག་དང་བྲལ་བར་བྱས་ནས་སྐབས་སུ་བབ་པའི་རྟགས་དང་བསྒྲུབ་བྱ་གང་དང་གང་ཡིན་པ་དེའི་རྟགས་ཕྱོགས་ཀྱི་སྐྱོན་དང་བྲལ་བའི་ཚུལ་བློ་ཡུལ་དུ་ངེས་པར་བྱས་ནས། ཐོག་མར་དམ་བཅའ་འཇོག་པ་དང༌། སྒྲུབ་བྱེད་དྲིས་ན་རྩ་བའི་རྟགས་འགོད་པ་དང༌། ཚུལ་གསུམ་མ་ངེས་ན་ཚེར་མ་ཕྱུང་ནས་ཚུལ་གསུམ་སྒྲུབ་བྱེད་ཀྱི་རིགས་པ་ལྟོས་གཞི་སོ་སོའི་སྟེང་དུ་གཏན་ལ་འབེབས་པ་དང༌། ཕེབས་པར་གྱུར་པ་ན། ཡན་ལག་གཉིས་དང་ལྡན་པར་རྒོལ་བའི་བློ་ཡུལ་དུ་འཕེན་ནུས་ཀྱི་སྒྲུབ་པའི་ངག་ལྷག་ཆད་ནོར་བའི་སྐྱོན་དང་བྲལ་བ་ཉིད་དུ་དལ་བྲེལ་སྙོམས་པ་དང་ལྡབ་ལྡིབ་པོ་མ་ཡིན་པར་སྨྲ་ཤེས་པ་ནི་དེའི་རྒྱན་ནོ། །སྒོ་དང་རྒྱན་དེ་དག་གི་བྱེད་ལས་ནི་དབང་པོས་ཤན་ཕྱེ་བའི་ཚེ། ལོག་རྟོག་ཅན་དག་གི་གྲུབ་མཐའ་འདོར་ལེན་བྱེད་དུ་འཇུག་པ་དང༌། ཤེས་འདོད་ཅན་རྗེས་སུ་གཟུང་ནུས་ཀྱི་ཚད་མ་སྐྱེས་པ་དེའི་ཚེ་སྨྲ་བའི་ཁྱུ་མཆོག་ཉིད་དུ་འཇོག་ནུས་པ་ནི་སྡེ་བདུན་མཛད་པའི་གཞུང་ན་ཡོད་པ་ཡིན་གྱི་ཚད་འགལ་དང་དངོས་འགལ་དང་འཁོར་གསུམ་སོང་ཞེས་རྐང་པ་དང་ལག་པ་དུས་ཅིག་ཏུ་བརྡབས་པས་ཅི་ཞིག་བྱ་སྟེ། སྔོན་གྱི་ལུགས་རྙིང་ཤེས་པའི་རྒན་པོ་དང༌། རིགས་པ་དང་མི་རིགས་པའི་ཚུལ་རྣམ་པར་འབྱེད་ཤེས་པའི་མཁས་པ་རྣམས་ཀྱིས་ཁྲེལ་བའི་གནས་སོ། །གཉིས་པ་ནི་དཔེར་མཚོན་ན། སྒྲ་མི་རྟག་པར་བསྒྲུབ་པ་ལྟ་བུ་ཅིག་ལ་ཡང༌། དོན་གྱི་ཆ་རྣམ་པར་ངེས་པས་སྤོབས་པ་ཆུ་བོའི་རྒྱུན་ལྟར་མི་ཟད་པ་དང༌། དོན་དེ་ཉིད་ངག་ཏུ་བརྗོད་པའི་ཚིག་བཤད་མ་ཐག་པའི་སྐྱོན་དང་བྲལ་བར་སྨྲ་བ་ལ་ཐགས་ཐོགས་མེད་པའི་ཕྱིར་ན་རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་ཅན་ནོ། །དེ་འདྲ་དེ་ཡང་སྡེ་བདུན་མཛད་པའི་ལུགས་ཕྱིན་ཅི་མ་ལོག་པར་ཤེས་ནས་སྨྲས་ནུས་པ་དག་ལ་ཡོད་ཀྱི་དེ་ལས་གཞན་དུ་གྱུར་ན་ནི་ཐེག་པ་ཆེ་ཆུང་གི་གཞུང་དང་རིགས་པའི་གནས་མང་པོ་ཤེས་པ་དག་ཀྱང་ཡོན་ཏན་དེ་དང་ལྡན་པ་མ་ཡིན་ནོ། །གསུམ་པ་ནི། ཐེག་པ་ཆེ་ཆུང་གི་གཞུང་རྒྱ་ཆེན་པོ་གཞན་དག་ན་ནི་གཞལ་བྱའི་གནས་གསུམ་ཀ་ལ་ཡང་ལུང་ཉིད་ཚད་མར་བྱས་ནས་འཆད་པ་ལྟ་བུ་སྣང་སྟེ། དཔེར་ན་ཁམས་བསྟན་པའི་མཛོད་དང༌། མཚན་ཉིད་ཀུན་ལས་བཏུས་པ་ལྟ་བུའོ། །གཞུང་འདིར་ནི། གཞལ་བྱ་མངོན་གྱུར་དང་ཅུང་ཟད་ལྐོག་གྱུར་གཏན་ལ་འབེབས་པའི་ཚེ། ལུང་སྒྲུབ་བྱེད་དུ་མི་འཇུག་པར་མ་ཟད་སྒྲུབ་བྱེད་དུ་བཤད་ན་སྐྱོན་དང་བཅས་པ་དང༌། སྐབས་དེར་ལུང་དང་མཐུན་པ་སྐྱོན་མ་ཡིན་མོད། ལུང་དང་འགལ་བ་གནོད་བྱེད་མ་ཡིན་པ་དང༌། དེའི་ཤེས་བྱེད་ཀྱང་སྐབས་དེར་ལུང་དང་མི་མཐུན་པ་ཞིག་ཁས་ལེན་ན་གཞལ་བྱའི་གནས་དང་པོ་གཉིས་དཔྱད་པས་རྣམ་པར་མ་དག་པ་ཡིན་ལ། དེ་ལྟར་མ་དག་པ་དེ་སྲིད་དུ་ནི་ལུང་དཔྱད་པ་གསུམ་གྱིས་མ་དག་པ་ཡིན་ལ། མ་དག་པ་དེ་ནི་རང་དང་མཐུན་པའི་དོན་ལ་སྒྲུབ་བྱེད་དང༌། མི་མཐུན་པའི་དོན་ལ་གནོད་བྱེད་དུ་མི་འཇུག་པར་འཆད་དགོས་པ་ཡིན་ནོ། །བོད་ཕྱི་མས་དོན་འདི་མ་ཤེས་པར་ལུང་གནོད་བྱེད་པ་དང༌། གེགས་བྱེད་པའི་ཕྱོགས་རྣམ་འགྲེལ་ངེས་ཀྱི་འགྲེལ་པ་བྱེད་པས་སོ་སོར་བཟུང་བ་ཡིན་ཞེས་ཟེར་བ་དག་སྣང་ངོ༌། །དེ་ལྟར་ཕྱེ་བས་ཟབ་པ་ཉིད་ཅི་ཞེ་ན། ཐོགས་མེད་མཆེད་ཀྱི་ཤིང་རྟའི་སྲོལ་ལས་ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་དུ་བཤད་པའི་ཟབ་མོ་སྟོང་པ་ཉིད་ཅེས་བྱ་བ་དེ། གཞུང་འདིར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གཏན་ལ་འབེབས་ནུས་པར་བཤད་པ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་སུ་གཅིག་དང་དུ་བྲལ་སོགས་ཀྱིས་རིགས་པ་གསུངས་པ་དེ་རྣམས། འདིར་ཇི་སྐད་དུ། དེ་ནི་དངོས་སྟོབས་འོང་པ་ཡིན། །ཞེས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པར་གསུངས་པའི་ཕྱིར། གལ་ཏེ་རིགས་ཚོགས་ལས་ཀྱང་སྟོང་ཉིད་ཤིན་ལྐོག་ཏུ་མི་བཞེད་པ་དེའི་ཚེ། ཐོགས་མེད་མཆེད་ཀྱིས་དེ་ལྟར་བཞེད་པ་ཅི་ཞེ་ན། གཟུང་འཛིན་གཉིས་དང་བྲལ་བའི་སྟོང་པ་ཉིད་ངེས་དོན་རང་མཚན་དུ་གྱུར་པ་དེ་ནི་རྟོག་པའི་ཡུལ་ལས་འདས་པས་ན་རིགས་པ་ལྟ་ཅི་སྨོས། རྗོད་བྱེད་ཀྱི་སྒྲས་ཀྱང་བརྗོད་དུ་མེད་པའི་ཕྱིར་ལུང་ལས་ཀྱང་གསལ་བར་མི་རྟོགས་སོ། །ཇི་སྐད་དུ། ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་པ་ལྟར་རིགས་པས་གཏན་ལ་མ་ཕེབས་པའི་ཆོས་ཉིད་བསྒོམ་བྱུང་གིས་ཉམས་སུ་ལེན་པར་བཤད་ལ། རིགས་ཚོགས་ལས་ནི། རིགས་པས་གཏན་ལ་མ་ཕེབས་པའི་དོན་ལྷག་མར་ལུས་པ་མེད་པས་ན་བསྒོམ་བྱུང་གི་བློ་ཁོ་ནས་ཉམས་སུ་མྱོང་དགོས་པ་མེད་དོ། །བཞི་པ་ནི། རྗེ་བཙུན་བྱམས་པས་ཕྱེ་བའི་སྲོལ་ཆེན་འདི་ཡི་ནང་ན། ཤེས་བྱ་ཇི་སྙེད་པ་ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་བསྡུས་ནས་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་རྒྱས་པར་གསུངས་ཀྱང༌། ཀུན་བརྟགས་ལ་རང་གི་མཚན་ཉིད་ཇི་ལྟར་མེད་པའི་ཚུལ་མཐར་གཏུགས་ན་དེར་སྣང་གི་བློ་འཁྲུལ་པ་ཡིན་པ་ཙམ་ཞིག་ལས་མ་བཤད་ལ། འདིར་ནི་དོན་སྣང་གི་བློ་ཚུལ་གཉིས་བསྒྲུབ་དང༌། ཕྱི་རོལ་དོན་འགོག་གི་རིགས་པ་སྣང་རུང་མ་དམིགས་པ་དང༌། གཟུང་འཛིན་གཉིས་ཀ་འགོག་བྱེད་གཅིག་དང་དུ་བྲལ་གྱི་གཏན་ཚིགས་སོགས་གསུངས་ཤིང༌། དེ་དག་གི་རྣམ་བཞག་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་སྣང་སེལ་སོ་སོར་དབྱེ་དགོས་ཏེ། བདག་ཉིད་ཅིག་པའི་འབྲེལ་པ་མེད་པར་ནི་རང་བཞིན་དང་མ་དམིགས་པ་ཕལ་ཆེར་མི་འབྱུང་ཞིང༌། དེ་འབྱུང་བ་ལ་ནི་གནས་ཚུལ་ལ་གཅིག་པ་དང་རྟོག་པ་དོན་མཐུན་གྱི་ངོར་ཐ་དད་པ་ཞིག་དགོས་ལ་དེ་ཡང་གཞན་སེལ་གྱི་རྣམ་གཞག་མི་ཤེས་པ་ལ་མེད་པའི་ཕྱིར་རོ། །རྣམ་པར་བཞག་པ་འདི་ནི་ཕྱི་རོལ་པའི་རྟོག་གེ་དང༌། ཐེག་པ་ཆེན་པོའི་ལུགས་གཞན་ནས་མི་འབྱུང་བའི་ཕྱིར་ཐུན་མོང་མ་ཡིན་པའོ། །ལྔ་པ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བསྟན་འཆོས་འདི་དག་ནི་སློབ་དཔོན་གཞན་ལ་རག་མ་ལས་པར་མདོ་གཞུང་བལྟས་པ་ཙམ་གྱིས་ཤེས་པའི་ཕྱིར་རྟོགས་པར་སླ་བ་ཡིན་ནོ། །དཔེར་ན་ཐེག་པ་ཆེ་ཆུང་གི་གསུང་རབ་གཞན་དང་གཞན་དག་བཞིན་ནོ་སྙམ་དུ་དོགས་སྲིད་ན་དེ་ནི་མ་ཡིན་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་རྣམ་དཔྱོད་ཅན་དུ་མས་བལྟས་ཀྱང་མ་གོ་བའི་ཕྱིར་ན། ཕྱོགས་གླང་ལ་རྟོག་གེའི་འཇུག་པ་མ་ཤར་རོ་ཞེས་སྨོས་པ་དང༌། དངོས་ཀྱི་སློབ་མ་དབང་ཕྱུག་སྡེ་ལྟ་བུ་ལ་ལེགས་པར་བཤད་ཀྱང་ཇི་ལྟ་བ་བཞིན་མ་ཤེས་པ་ལ་སྡེ་བདུན་མཛད་པས་འགོག་དགོས་པ་བྱུང་བ་དང༌། རྣམ་འགྲེལ་མཛད་པས་ལེགས་པར་བཤད་ཀྱང༌། འགྲེལ་མཛད་ཇི་བཞིན་མ་རྙེད་པས་རྒྱ་མཚོ་ལ་ནི་ཆུ་བོ་ཞེས་སོགས་གསུངས་དགོས་བྱུང་བ་དང༌། མདོ་དང་རྣམ་འགྲེལ་སོགས་ཀྱི་འགྲེལ་མཛད་མང་པོ་ལ་ཡིད་བརྟན་མི་རུང་བར་རྒྱན་དང་ཆོས་མཆོག་གིས་མང་དུ་བཤད་པ་དང༌། སློབ་དཔོན་ཉིད་ཀྱིས་ཀྱང༌། ལུང་ཡང་དོར་ནས་ངས་བཤད། །ཅེས་དང༌། རྔོག་ལོས་ཀྱང༌། གཞུང་རྩོམ་རྣམས་ཀྱི་བློ་ལ་ཞེས་དང༌། ས་ལོས་ཀྱང༌། རྒན་པོའི་ལུགས་ངན་དོར་ནས་ཞེས་བཤད་པས་ན། མདོ་གཞུང་གི་ངེས་དོན་མཐར་ཐུག་པ་ལྟ་ཅི་སྨོས་ཆ་ཤས་ཙམ་ཡང་རྟོགས་པར་དཀའ་སྟེ་རྣམ་པར་ཐར་པའི་སྒོ་དམ་པོ་གསུམ་གྱིས་བསྡམས་པའི་ཕྱིར་རོ། །གསུམ་པོ་གང་ཞེ་ན། རྟགས་དང་བསྒྲུབ་བྱའི་སྐྱོན་ཡོན་མ་ཕྱེད་ན། བསྒྲུབ་བྱ་དང་སྒྲུབ་བྱེད་ལ་འཇུག་པའི་སྒོ་མ་ཕྱེད་པས་རྟོག་གེའི་ནང་དུ་མི་ཆུད། སྒྲུབ་པ་དང་སུན་འབྱིན་གྱི་རྣམ་གཞག་མ་ཤེས་ན། རྗེས་དཔག་ཚད་མའི་སྒོ་མ་ཕྱེད་པས་ཚར་བཅད་དང་རྗེས་འཛིན་གྱི་ནང་དུ་མི་ཆུད། སྣང་སེལ་དང་ཚད་འབྲས་ཀྱི་རྣམ་གཞག་མ་ཤེས་ན། མངོན་སུམ་ཚད་མའི་སྒོ་མ་ཕྱེད་པས་ངེས་དོན་མཐར་ཐུག་གི་ནང་དུ་མི་ཚུད་པ་ཡིན་ནོ། །གལ་ཏེ་གངས་ཅན་པ་ཕྱི་མ་ལ་གྲགས་པ་འདི་དག་ནི་སློབ་དཔོན་གཞན་ལ་རག་མ་ལས་པར་ཤེས་ནུས་པའི་ཕྱིར་སྒོ་གསུམ་པོ་ཕྱེད་པར་སླའོ་ཞེ་ན། མ་ཡིན་ཏེ། གོང་དུ་བཤད་ཟིན་པ་ལྟར་བོད་ཕྱི་མ་དག་གི་རྣམ་བཤད་ན་ནི་གཞན་དོན་ལེའུ་ཡི་བཤད་པ་མཐའ་དག་ཕྱིན་ཅི་ལོག་ཏུ་བྱས་པའི་ཕྱིར་སྒོ་དང་པོ་གཉིས་མ་ཕྱེད། རང་དོན་རྗེས་སུ་དཔག་པའི་ལེའུར་ནི་གཞན་སེལ་གྱི་རྣམ་གཞག་རྒྱ་ཆེན་པོ་ལ་སྒྲོ་རྩེ་ཙམ་ཡང་མ་རེག་ཅིང༌། ཚད་འབྲས་ཀྱི་རྣམ་པར་གཞག་པ་ནི་ཚིག་མང་ཡང་དོན་མ་ལོག་པར་བཤད་པ་ཅིག་ཀྱང་མི་སྣང་བའི་ཕྱིར། དེས་ན་རྣམ་བཤད་ཕྱི་མ་དག་ལ་ཡིད་བརྟན་མི་རུང་ཞིང༌། སྔ་མ་དག་ནི་ཚིག་ཉུང་ཞིང་འཆད་ཉན་པ་ཕྱི་མ་དག་གི་གློ་བ་ལ་མ་གཤིན་པས་ན་ཚད་མ་ལ་འཇུག་པའི་སྒོ་གསུམ་ཀ་དུས་འདིར་ཕྱེད་པར་མ་གྱུར་མོད། ཕྱེད་ན་ནི་ཕན་ཡོན་ཚད་མེད་པ་དེ་དག་དང་བཅས་པའོ། །གསུམ་པ་སོ་སོར་ཕྱེ་ནས་བཤད་པ་ལ་གསུམ་སྟེ། རང་གི་སྟོན་པ་དང་བསྟན་པ་ཚད་མར་གྲུབ་པའི་ཕན་ཡོན། ལུགས་འདི་ཡི་ངེས་དོན་རྡོ་རྗེ་ཐེག་པ་དང་མཐུན་པ་ཉིད་ཀྱི་ཕན་ཡོན། དེས་ན། སངས་རྒྱས་ཉིད་དུ་བགྲོད་པའི་ས་ལམ་གཞུང་གཞན་ལ་རག་མ་ལས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་སྟེ། སྟོན་པ་ཚད་མར་བསྒྲུབ་པ་དང༌། བསྟན་པ་ཡང་དེར་བསྒྲུབ་པ་དང༌། ཚད་མ་མཐའ་དག་གི་རིག་བྱ་ཤེས་པ་ཉིད་དུ་བསྒྲུབ་པས་དོན་བསྡུས་པའི་ཕན་ཡོན་ནོ། །དང་པོ་ནི་སངས་རྒྱས་ཀྱི་ཡོན་ཏན་བརྗོད་པའི་སྒོ་ནས་མཆོད་བརྗོད་མཛད་པ་ནི་མང་མོད་ཀྱང༌། ཡོན་ཏན་དེ་དང་ལྡན་པའི་རྟགས་ཀྱིས་རང་གི་སྟོན་པ་ཚད་མར་བསྒྲུབ་པ་ནི་ལུགས་འདི་ཡི་ཁྱད་ཆོས་སོ། །གཏན་ཚིགས་ནི། མི་བསླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་པ་སྟེ། འཁོར་བ་དང་ཐར་པའི་རྒྱུ་འབྲས་ཀྱི་ཚུལ་མང་པོ་སྔོན་སོ་སོ་སྐྱེ་བོ་དང་སློབ་པའི་སར་མ་མཁྱེན་པ་དག་གསར་དུ་མཁྱེན་པས་དང༌། རང་གིས་མཁྱེན་པ་ལྟར་གཞན་ལ་བསྟན་པས། གང་ལ་འཇུག་པའི་ཡུལ་དེ་ཐོབ་པར་ནུས་པའོ། །སྟོན་པ་ལ་ཡོན་ཏན་འདི་གཉིས་མངའ་བའི་ཕྱོགས་ཆོས་ནི་ཐོག་མར་རྗེས་སུ་དཔག་པས་ངེས་པར་བྱེད་དགོས་ཏེ། རང་དོན་རྗེས་དཔག་གི་ལེའུ་ནི་ཚད་མ་གྲུབ་པའི་ལེའུ་འཆད་པའི་མེད་ན་མི་འབྱུང་བའི་རྒྱུར་ཤེས་དགོས་པས་སོ། །རྗེས་དཔག་དེ་ཡང་ཡིད་ཆེས་པའི་རྗེས་དཔག་སྟེ། བདེན་པ་བཞིའི་རྒྱུ་འབྲས་ཀྱི་ཚུལ་དེ་ཤིན་ཏུ་ལྐོག་ཏུ་གྱུར་པས་ཚད་མ་གཞན་གྱིས་རྟོགས་པའི་གོ་སྐབས་མེད་པའི་ཕྱིར། དེ་སྐད་དུ་ཡང༌། བླངས་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །རྗེས་སུ་དཔག་པ་ཉིད་དུ་གསུངས། །ཞེས་སོ། །གལ་ཏེ་རྗེས་དཔག་གིས་རྒྱུ་འབྲས་ཀྱི་ཚུལ་དེ་འཐད་པར་རྟོགས་ནུས་མོད། སངས་རྒྱས་ལ་ཡོན་ཏན་དེ་མངའ་བར་གང་གིས་བསྒྲུབ་ཅེ་ན། དེ་གོམས་པ་ལས་བདག་འགྱུར་བས། །ལ་ལའི་ཟག་པ་ཟད་པར་འགྱུར་ཞེས་སོ། །འདིས་ནི་རྒྱུ་ཚོགས་གྲངས་ཚང་གི་འབྲས་བུ་འབྱུང་རུང་དུ་བསྒྲུབ་པ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ལ། རང་གི་སྟོན་པ་ཆོས་ཅན། རྒྱུ་འབྲས་ཀྱི་ཚུལ་མ་ལུས་པ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པར་ཡུམ་གྱི་མདོ་ལས་གསུངས་པའི་ཕྱིར། ཞེས་པ་ལྟ་བུ་འབྲས་བུའི་གཏན་ཚིགས་ཏེ། ཇི་སྐད་དུ། སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་བློ་ནི། །གཞན་ལ་རྗེས་སུ་དཔག་པ་ཉིད་ཅེས་སོ། །དེ་ལྟར་རྩ་བའི་ཕྱོགས་ཆོས་འབྲས་རང་གཉིས་ཀྱིས་བསྒྲུབ་དགོས་པའི་ཤེས་བྱེད་ནི། ཇི་སྐད་དུ། དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར་ཞེས་དང༌། ནན་ཏན་བྱེད་པ་ཡོད་མ་ཡིན་ཞེས་པའི་ལོག་པར་རྟོག་པའི་ཕྱོགས་སྔ་མ་གཉིས་སེལ་དགོས་པས་སོ། །གཉིས་པ་ནི། རང་གི་སྟོན་པ་ཚད་མ་ཡིན་པའི་ཤེས་བྱེད་དེ་ལྟ་གྲུབ་པ་ན། བསྟན་པའི་གཙོ་བོ་ནི་འཁོར་འདས་རྒྱུ་འབྲས་ཀྱི་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྟོགས་པ་འཁོར་དང་བཅས་པ་སྟེ། དེ་ཕྱིར་དེ་ཡི་བསྒྲུབ་བྱ་རུ། །གྱུར་པའི་ཡེ་ཤེས་རྣམ་དཔྱད་བྱའི་ཞེས་དང༌། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཞེས་ནན་ཏན་དུ་བྱ་བའི་ཆོས་དེ་ངོས་བཟུང་བ་ཡིན་ནོ། །དེ་ཙམ་ཞིག་ནི་བཀའ་འཁོར་ལོ་དང་པོར་ཉན་ཐོས་པ་དག་དང་ཐུན་མོང་དུ་བསྟན་པ་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་པ་བཞི་ཀ་ལ་ཕྲ་རགས་སུ་ཕྱེ་བ་ནི་གཞུང་གཞན་ལས་ཀྱང་ཤེས་དགོས་ལ། འདི་དག་ཏུ་ཉེ་བར་མཁོ་བ་ནི། ལམ་གྱི་བདེན་པ་ལ་བདག་མེད་རྣམ་པ་གསུམ་རྟོགས་པའི་བར་ཆད་མེད་ལམ་གསུམ་ལས། ཚད་མ་གྲུབ་པར་བདག་མེད་དང་པོ་དང༌། མངོན་སུམ་ལེའུར་བདག་མེད་ཕྱི་མ་གཉིས་བསྟན་པས་ན། བསྟན་པ་ཁྱབ་ཆུང་བའི་སྐྱོན་མེད་དོ། །དེ་ཡང་ཚད་མ་གྲུབ་པར་འཇིག་ལྟ་ལྷན་སྐྱེས་དངོས་སུ་བསྟན་པས་དེ་ཡི་གཉེན་པོ་ཤུགས་ལ་གོ་བ་དང༌། མངོན་སུམ་དུ་ཆོས་ཀྱི་བདག་མེད་པ་གཉིས་ཚིག་གིས་ཟིན་པར་བསྟན་པས་ན། དེའི་མི་མཐུན་པའི་ཕྱོགས་གོ་ནུས་པའི་ཕྱིར། སྤང་གཉེན་གྱི་ཚུལ་སོ་སོ་བ་ཉིད་དུ་སྦྱར་བར་བྱ་སྟེ། ཇི་སྐད་དུ། རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། །དེ་མི་མཐུན་ཕྱོགས་ཀྱང་ངེས་འགྱུར། །ཞེས་སོ། །དེའི་ཕྱིར་འདི་ནས་བཤད་པའི་བསྟན་པ་ལ་བཀའ་འཁོར་ལོ་གསུམ་ཀའི་དོན་ཚང་བར་བཞུགས་སོ། །གསུམ་པ་ནི། ཚད་མ་གྲུབ་པར་ཚད་མ་ཙམ་གྱི་མཚན་ཉིད་དང༌། རང་དོན་རྗེས་དཔག་དང་མངོན་སུམ་གྱི་ལེའུར་དབྱེ་བ་སོ་སོའི་མཚན་ཉིད་བཤད་ནས་དེ་དག་གི་བྱེད་ལས་གང་ཡིན་འཆད་པ་ལ། འབྲས་བུའི་རྣམ་པར་རྟོག་པ་འཆད་བྱེད་ཀྱི་གཞུང་རྣམས་གསུངས་པའི་ངག་དོན་དྲིལ་ན། ཚད་མ་དེ་དག་གི་བྱེད་ལས་ནི་སྤྱིར་གཞལ་བྱ་རྟོགས་པའོ། །གཞལ་བྱ་ནི་གཉིས་ཏེ། རང་མཚན་དང་སྤྱི་མཚན་ནོ། །དང་པོ་ལ་ཕྱི་རོལ་གྱི་དོན་དང་ཤེས་པའོ། །རྟོགས་ཚུལ་ནི། ཕྱི་དོན་ཁས་ལེན་གྱི་ཚད་མས་ཡང་དོན་སྣང་གི་ཤེས་པ་དེ་དག་གིས། ཕྱི་རོལ་དོན་གྱི་རྣམ་པ་ཙམ་རྟོགས་ཀྱི་དོན་དངོས་སུ་རྟོགས་པར་རློམ་པ་ནི་འཇིག་རྟེན་ཕལ་པའི་ལུགས་ཡིན་པ་དང༌། ཤེས་པ་ལ་ཡང་རྣམ་བཅས་ཕྱིར་བལྟའི་ཤེས་པ་དང༌། རྣམ་མེད་ནང་བལྟའི་ཤེས་པ་གཉིས་ལས། གཉིས་པོ་གང་གཞལ་བྱར་བྱས་ཀྱང་རང་རིག་པ་འབྲས་བུར་འཇོག་པ་ནི་གོ་རིམ་བཞིན་དུ་རྣམ་བདེན་རྫུན་གྱི་ལུགས་དང༌། སྤྱི་མཚན་ཡང་རྗེས་དཔག་གིས་དངོས་སུ་གཞལ་བ་ནི་བཏགས་པ་བ་ཡིན་གྱི་དངོས་སུ་ན་རང་གི་ཤེས་རྣམ་ཁོ་ན་འཇལ་བ་སྟེ། ཇི་སྐད་དུ། འབྲས་བུ་སྔར་བཞིན་ཞེས་བཤད་པས་སོ། །བཏགས་པ་བ་ཇི་ལྟར་ཡིན་པ་ཡང༌། སྒྲ་ཡི་སྟེང་དུ་རྟག་པ་རྣམ་པར་བཅད་པའི་གཞན་སེལ་ལ་མི་རྟག་པར་འཁྲུལ་ནས་ཞེན་པ་ནི་རྗེས་དཔག་དེའི་འཛིན་སྟངས་ཡིན་ལ། འཛིན་སྟངས་དེ་ནི་གཞན་སེལ་ལ་འཁྲུལ་བའི་ཕྱིར་དེ་རྟོགས་པ་མེད་དོ། །དེ་ལྟར་ན་གཟུང་རྣམ་དངོས་ཀྱི་གཞལ་བྱར་བྱེད་པ་ནི་གནས་སྐབས་དང༌། རྣམ་མེད་ཀྱི་རང་གསལ་ཙམ་ཞིག་ཆོས་ཀྱི་དབྱིངས་སུ་ཁས་བླངས་ནས། དེ་གཞལ་བྱར་བྱས་པ་ལ་ཁྱད་པར་གསུམ་ལྡན་གྱི་འཛིན་རྣམ་ཚད་མ་དང༌། མཐར་ཐུག་གི་རང་རིག་འབྲས་བུར་བྱས་པ་ནི་རྣམ་པར་རིག་པ་ཙམ་གྱི་ཚུལ་ལུགས་མཐར་ཐུག་པའི་དབུ་མའོ། །འདིར་ལ་ལ་དག་ན་རེ། དེ་ལྟར་འདོད་པ་དེ་ནི་གྲངས་ཅན་པས་བདག་ཤེས་རིག་གི་སྐྱེས་བུ་ཞེས་བྱ་བ་རིག་ཅིང་གསལ་ཙམ་གྱི་ངོ་བོར་གྱུར་པ་རྣམ་འགྱུར་ཀུན་ལ་ལོངས་སྤྱོད་པ་པོར་ཁས་བླངས་པ་དང་ཁྱད་པར་ཅི་ཡོད་སྙམ་པ་འདི་ནི། མདོ་རྒྱུད་བསྟན་འཆོས་དག་ཏུ་བསལ་ཟིན་པ་ཡིན་ཏེ། རྒྱུད་བླ་མར་སྦྱང་གཞི་བདེ་བར་གཤེགས་པའི་སྙིང་པོ་སྦྱོང་བྱེད་བདག་མེད་རྟོགས་པའི་ཤེས་རབ་སོགས་ཀྱིས། སྦྱང་བྱའི་དྲི་མ་བདག་ཏུ་ལྟ་བ་སོགས་སྦྱངས་པ་ལས། འབྲས་བུ་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་སོགས་མངོན་དུ་བྱས་པ་དེའི་ཚེ་བདག་དམ་པའི་ངོས་འཛིན་ནི། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག་ཅེས་གསུངས་ལ། འདི་ནི་གཞི་ཡི་དུས་དེ་ཉིད་ནས་སྤྲོས་པ་དེ་དག་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཇི་སྐད་དུ། དྲི་མ་རྣམས་ནི་བློ་བུར་བ། །དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །ཞེས་གསུངས་པས་སོ། །གྲངས་ཅན་གྱིས་བཏགས་པའི་བདག་འདི་ནི་རྟག་ཏུ་ངའོ་སྙམ་པའི་བློ་དང་འབྲལ་མི་རུང་གི་ཚུལ་དུ་གནས་པར་ཁས་ལེན་པ་ཡིན་ཏེ། གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེས་སོ། །གྲངས་ཅན་གྱིས་ཀྱང་ཐར་པའི་ཚེ་ན་བདག་ལ་ཆགས་བྲལ་དུ་ཁས་ལེན་པ་ཡིན་ཏེ། གལ་ཏེ་ཆགས་པ་སྐྱོན་བཅས་ན་ཞེས་པ་ལས་ཤེས་སོ་སྙམ་ན། མཐའ་གཞན་འགོག་པའི་རིགས་པ་འཆད་པའི་ཚེ་དེ་ལྟར་བཤད་དུ་ཆུག་ཀྱང༌། ངའོ་སྙམ་པའི་བློ་ནི་འདོར་བའི་དུས་ཡོད་པར་ཁས་མི་ལེན་ཏེ། དེ་འདོར་བྱེད་ཀྱི་གཉེན་པོ་ཁས་མི་ལེན་པའི་ཕྱིར་དང༌། ཁས་ལེན་ན་མུ་སྟེགས་ཀྱི་ལྟ་བ་དོར་བས་ཕྱི་ནང་གི་ཤན་མི་ཕྱེད་པའི་ཕྱིར། ངར་འཛིན་སེམས་ཀྱི་ཆོས་ཉིད་དུ་འདོད་པ་དང་འབྲལ་རུང་དུ་འདོད་པ་ནི་ཕྱི་ནང་གི་ཁྱད་པར་ཡིན་པའི་ཕྱིར་དང༌། གཞན་དུ་ན་ཁྱེད་ཅག་ལ་ཡང་ཤེས་པ་ལ་ཡུལ་གྱི་རྣམ་པ་འཆར་གྱི་ཡུལ་དངོས་དེ་མི་སྣང་བར་འདོད་པ་དང༌། གྲངས་ཅན་པ་སྐྱེས་བུས་ཡུལ་གྱི་བདེ་སོགས་མི་མྱོང་བར་བློ་ལ་གནས་པའི་བདེ་སོགས་མྱོང་བ་དང་མཚུངས་ཞེས་སྨྲས་ན་ཇི་སྙམ་དུ་སེམས། དེ་ཁོ་ན་མ་ཟད་ཀྱི། རྒྱུད་ལས་ཇི་སྐད་དུ། བསྒོམ་མེད་བསྒོམ་པ་པོའང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་རྣམ་པར་གནས། །ཞེས་འཁོར་གསུམ་གྱི་སྤྲོས་པ་བཀག་ནས། སྤྲོས་མེད་ཀྱི་ཡེ་ཤེས་མྱོང་བྱར་བཤད་པ་ན། མུ་སྟེགས་ཀྱི་བདག་དང་མཚུངས་སོ་སྙམས་དུ་དོགས་པ་བསལ་བའི་ཕྱིར་ཇི་སྐད་དུ། ཚངས་པ་ཁྱབ་འཇུག་ཞི་བ་དང༌། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཞེས་གང་ལ་གདགས་པའི་གཞི། སྤྲོས་མེད་ཀྱི་ཡེ་ཤེས་གཅིག་པུ་དེ་ལ། སངས་རྒྱས་པས་ལྡོག་པའི་སྒོ་ནས་ཡེ་ཤེས་ལྔར་དབྱེ་བ་དང༌། མུ་སྟེགས་པས་མ་ཚངས་པ་སོགས་གསུམ་དང༌། ཐམས་ཅད་སྟེ་གཙོ་བོ་དང༌། སངས་རྒྱས་ཀྱི་མིང་ཅན་དྲང་སོང་རྒྱལ་བ་དམ་པ་སྟེ་སྔར་སྒྲོ་བཏགས་པ་ཡིན་ལ། དེའི་ཚེ་ན་མུ་སྟེགས་ཀྱིས་བཏགས་པ་དེ་ནི་བཏགས་ཡོད་ཀུན་རྫོབ་ཀྱི་བདེན་པ་དང༌། དེ་ལྟར་སྨྲ་བའི་མུ་སྟེགས་རྗེས་སུ་གཟུང་བའི་ཕྱིར་དུ། རང་བཞིན་དང་གློ་བུར་རྣམ་དག་གི་སངས་རྒྱས་གནས་ཚུལ་ཡེ་ཤེས་སུ་གནས་པ་དེ་ཉིད་ལ་ཚངས་པ་སོགས་ཀྱི་མཚན་བཏགས་ནས་འདོགས་པའི་རྒྱུ་མཚན་འཆད་པ་ལ། ཚངས་པ་སྒྲིབ་བྲལ་ཞེས་སོགས་ཀྱི་གཞུང་གསུངས་པ་ཡིན་ནོ། །ཡང་དབང་ལས་རྟོགས་པའི་ལྟ་བ་ངོས་འཛིན་པ་ན། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །ཞེས་བཤད་པ་ལ། མུ་སྟེགས་ཀྱིས་བརྟགས་པའི་བདག་དང་ཁྱད་པར་ཅི་ཡོད་སྙམ་དུ་དོགས་པ་བསལ་བའི་ཕྱིར་དུ། ཇི་སྐད་དུ། སྐྱེས་བུ་སྔོན་རབས་དབང་ཕྱུག་དང༌། །ཞེས་སོགས་རྒྱས་པར་གསུངས་ཏེ། དོན་ནི། སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་གྲུབ་པ་དང༌། མུ་སྟེགས་ཀྱི་གྲུབ་པའི་མཐས་བརྟགས་པ་མི་མཚུངས་པའི་ཁྱད་པར་ཅན་དུ་བཤད་པའོ། །མདོར་ན་འཁོར་ལོ་གསུམ་པའི་ཆོས་སྐད་ལས། དོན་དམ་པའི་བདག་དང༌། ཀུན་རྫོབ་པའི་བདག་ཅེས་བྱ་བ་ལས། དང་པོ་ནི་བདག་མེད་ལ་བདག་གི་སྒྲས་བསྟན་པ་སྟེ། རྒྱན་ལས། ཇི་སྐད་དུ། བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཏུ་འགྱུར། །ཞེས་དང༌། དེ་བཞིན་ཉིད་བདག་དག་པའི་བདག་ཅེས་གསུངས་ཏེ་མུ་སྟེགས་གཞུག་པའི་དོན་དུའོ། །ཀུན་རྫོབ་པའི་བདག་ནི། འཇིག་རྟེན་པས་ཕུང་པོ་ཚོགས་ཙམ་མམ། གྲངས་ཅན་གྱིས་ཁྱད་པར་གསུམ་ལྡན་གྱི་འཛིན་རྣམ་ལ་བརྟེན་ནས་ང་ཙམ་དུ་བཏགས་པའི་བཏགས་ཡོད་དེ། དེ་ན་དེ་དག་མཚུངས་པའི་གོ་སྐབས་ག་ལ་ཡོད། གཉིས་པ་འདིར་བཤད་ཀྱི་ལྟ་བ་རྡོ་རྗེའི་ཐེག་པ་དང་མཚུངས་པ་ནི། སྤྱིར་མཚན་ཉིད་མེད་པའི་ཆོས་འཁོར་དུ། སྤྲོས་པའི་མཐའ་ཇི་སྙེད་པ་བཀག་པའི་མེད་པར་དགག་པ་ཙམ་ཞིག་དངོས་སུ་བསྟན། དེའི་སྒྲུབ་བྱེད་དམ་ལོག་ཕྱོགས་ལ་གནོད་བྱེད་སྟོན་པའི་རིགས་ཚོགས་ཀྱིས་ཀྱང་དེ་ཙམ་ཞིག་ལས་ཉམས་སུ་མྱོང་བྱ་གཞན་མ་བསྟན་པ་ན། ཕར་ཕྱིན་ཐེག་པ་རྐྱང་པའི་ལམ་པ་པ་དག་ལ་ནི་མ་རིག་པའི་ས་བོན་འཇོམས་བྱེད་ཀྱི་མཉམ་གཞག་དུ། ཐོས་བསམ་གྱིས་སྒྲོ་འདོགས་གང་བཅད་པ་དེ་ལས་གཞན་པའི་བསྒོམ་པས་ཉམས་སུ་མྱོང་བྱ་མི་དགོས་པས་ན། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་ལྟ་བའི་མཐར་ཐུག་པ་ནི་དེ་ཉིད་ལས་གཞན་མི་འཆད་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་པ་དང༌། རྡོ་རྗེའི་ཐེག་པ་བ་དག་གི་བསམ་པ་ནི། ཤེར་ཕྱིན་དུ་མཐར་ཐུག་གི་ལྟ་བའི་ཡུལ་མེད་པར་དགག་པ་ཙམ་ཞིག་ལས་མ་བསྟན་ལ། དེ་ཙམ་ཞིག་ཡུལ་དུ་བྱེད་པའི་བློ་ནི་སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་པའི་ཕྱིར། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ནི་གང་ཞིག་སྙམ་པ་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ཤེས་བྱའི་མིང་ཅན་དེ་ཉིད་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱར་འཆད་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་དེ་གསུངས་པ་ཡིན་ནོ། །རྡོ་རྗེ་ཐེག་པ་པ་ཀུན་གྱིས་བསྒོམ་པས་ཉམས་སུ་མྱོང་བར་བྱ་བའི་ངེས་དོན་མཐར་ཐུག་པ་ནི། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་འདི་ཉིད་ལས་འབྱུང་བ་ཡིན་ཏེ། གསང་སྔགས་འཛིན་པ་ཀུན་གྱིས་ཐོག་མར་ཡེ་ཤེས་ཚོགས་བསོག་གི་ཚེ་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ང་ཡིན་ནོ་ཞེས་མཉམ་པར་གཞག་པ་ལས་མ་ལངས་པའི་ངང་ཉིད་ནས། སྔགས་ཀྱི་ཀུན་སྤྱོད་མཐའ་དག་བསྒྲུབ་པར་བྱེད་པ་དང༌། བར་དུ་དབང་ལས་སྐྱེས་པའི་ཡེ་ཤེས་ཨེ་ཝཾ་དུ་བཤད་ལ། དེའི་ངོས་འཛིན་གཟུང་འཛིན་དང་བྲལ་བའི་བདེ་ཆེན་ལ་འཆད་དགོས་པ་དང༌། མཐའ་མར་ཉལ་བའི་རྣལ་འབྱོར་གྱི་ཚེ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངང་དུ་དག་མ་དག་གི་སྣོད་བཅུད་ཐམས་ཅད་བསྡུས་ནས་ཉལ་བར་བཤད་པ་དང༌། དུས་ཀྱི་འཁོར་ལོ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། གསང་བ་འདུས་པར་འོད་གསལ་བའི་རིམ་པ་དང༌། འཁོར་ལོ་སྡོམ་པར་བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་བཤད་པ་ཐམས་ཅད་ཀྱང༌། ཇི་སྐད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་པ་ནས། ཀ་ནི་གང་དུའང་མི་གནས་པའོ། །དོན་དེ་དང་ལྡན་པ་ནི་བདག་ཉིད་དོ། །ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་རང་ཉིད་ལས་གཞན་དུ་གྱུར་པའི་མ་དག་པ་ཀུན་རྫོབ་ཀྱི་ཆོས་ནི་འགའ་ཡང་ཡོད་པ་ལྟ་ཅི་སྨོས། དག་པ་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་དོན་དམ་པའི་བདེན་པ་ཡང་རང་གི་ངོ་བོ་ལས་གཞན་དུ་མེད་པར་དམ་འཆའ་བ་དང༌། སྡེ་བདུན་འདི་ཡི་མཐར་ཐུག་ཏུ་ཡུལ་སྣང་ཇི་སྙེད་པ་སྣང་མཁན་གྱི་སེམས་དང༌། སེམས་འཛིན་པའི་ངོ་བོ་དེ་ཡང་རང་ཉིད་རང་གིས་སྟོང་པས་ཡོད་པ་མ་ཡིན་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་རྟེན་འབྲེལ་སྣ་ཚོགས་པའི་གཞི་དང་རྒྱུར་གྱུར་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཅིག་པོ་འདི་མེད་པར་ཁས་བླངས་ན་ཆད་པའི་མཐར་ལྟུང་བས་ན། འདི་ཉིད་ཁོ་ན་དོན་དམ་པའི་བདེན་པ་མཐར་ཐུག་པའོ་ཞེས་བྱ་བ་ནི་འཁོར་ལོ་གསུམ་པའི་མདོ་ཡི་དགོངས་པ་མཐར་ཐུག་ཏུ་འཕགས་པ་ཐོགས་མེད་ཞབས་ཀྱིས་བཀྲལ་བ་ཡིན་ཏེ། ཐེག་བསྡུས་དང་རྒྱུད་བླ་མའི་འགྲེལ་པར། ལུགས་བཤད་མ་ཐག་པ་དེ་ཉིད་ཀྱི་གཞུང་འཛུགས་པའི་ཕྱིར་དུ་མདོ་དྲངས་པ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དྲངས་སོ། །དོན་ནི། མདོ་སྔགས་གཉིས་ཀ་ལས་འབྱུང་བའི་ཆོས་དབྱིངས་ཡེ་ཤེས་དེའི་སྟེང་དུ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བག་ཆགས་བསག་པ་ཡོངས་སུ་སྨིན་པ་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ། ཐོག་མའི་མཐའ་དང་བྲལ་ཞིང་ཕྱི་མཐའ་དང་ལྡན་པ་དེ་བྱུང་ལ། དེ་ནས་དེ་ལ་ངར་འཛིན་པ་དང་དེ་ལས་ནི་འཁོར་བའི་ཆོས་ཇི་སྙེད་པ་འབྱུང་ངོ༌། །ཡང་ཆོས་དབྱིངས་ལ་ཡེ་ཤེས་དེའི་སྟེང་དུ། རྣམ་པར་བྱང་བའི་ཕྱོགས་ཀྱི་བག་ཆགས་བསག་པ་དེ་ཉིད་ནི་ཐོག་མཐའ་གཉིས་ཀ་དང་བྲལ་བ། ཟག་པ་མེད་པའི་ས་བོན་ཞེས་སོགས་ཀྱི་མིང་ཅན་དེ། སངས་རྒྱས་ཀྱི་གསུང་རབ་ཐོས་པའི་རྐྱེན་གྱིས་གསོས་བཏབ་པ་ལས་ནི། སངས་རྒྱས་འབྱུང་བ་དང་ཕྲད་པ་ལ་སོགས་པའི་རྒྱུ་ལས། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྣམས་ཇི་སྙེད་འབྱུང་བར་འགྱུར་རོ། །ཞེས་བྱ་བའི་དོན་དང༌། རྩ་བའི་ཡེ་ཤེས་དེ་ལ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་རྣམ་དག་གི་སངས་རྒྱས་དང༌། རྒྱུ་ཡི་རྒྱུ་དང་ཀུན་གཞིའི་མིང་གིས་བསྟན་མོད། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་ནི་མི་བྱ་སྟེ། རྣམ་ཤེས་དེའི་མཚན་ཉིད་ཆོས་མངོན་པ་ནས་གསུངས་པ་དེ་དང་མ་མཐུན་པའི་ཕྱིར་དང༌། ཡེ་ཤེས་སུ་གང་བཤད་པ་དེ་ནི་རྣམ་ཤེས་སུ་འགལ་བའི་ཕྱིར། དེ་ལྟ་ན་ཡང་ཤེས་པ་དེ་གཉིས་ཐོག་མ་མེད་པ་ནས་ལྷན་ཅིག་ཏུ་གནས་ཏེ། འཁོར་བ་དང་ཡེ་ཤེས་གཉིས་ཀའི་ཐོག་མ་མེད་པའི་ཕྱིར་དང༌། ཡེ་ཤེས་དང་བྲལ་བའི་རྣམ་ཤེས་མི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་མཐར་ལྷན་ཅིག་ཏུ་གནས་པར་ངེས་པ་ནི་མ་ཡིན་ཏེ། ཡེ་ཤེས་དེ་ནི་རྣམ་ཤེས་དེ་དང་འབྲལ་རུང་ཡིན་པའི་ཕྱིར་དང༌། གནས་ཡོངས་སུ་གྱུར་པ་ཉིད་དུ་གསུངས་པའི་ཕྱིར་རོ། །གནས་འདི་ལ་རྒྱ་བོད་ཀྱི་ངོ་བོ་ཉིད་མེད་པ་པར་ཁས་ལེན་པ་དག་ན་རེ། ཆོས་དབྱིངས་དང་ཡེ་ཤེས་ཀྱི་གཞི་མཐུན་ཁས་ལེན་པ་དང༌། ཡེ་ཤེས་བདེན་གྲུབ་ཏུ་ཁས་ལེན་པ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུང་དང་འགལ་ཏེ། དེའི་གཞུང་ལས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་བཤད་པའི་ཕྱིར་དང༌། དེའི་ཤེས་བྱེད་ཀྱང༌། ཀུན་རྫོབ་རང་གི་ངོ་བོས་སྟོང་ན། དོན་དམ་པ་ཡང་དེས་སྟོང་དགོས་པའི་ཕྱིར་དང༌། གཉིས་མེད་ཀྱི་ཡེ་ཤེས་བདེན་པར་གྲུབ་ན། གཟུང་འཛིན་གཉིས་པོ་ཡང་དེར་གྲུབ་དགོས་ཏེ། དེ་དག་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར། དེའི་རིགས་པས་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། སྟོང་མིན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ཞེས་བྱ་བ་ནི་འཕགས་ཡུལ་བ་དག་གི་བསམ་པ་ཡིན་ལ། བོད་ཕྱི་མས་ནི། དེ་བདེན་པར་གྲུབ་ན་དེ་ལ་བདེན་འཛིན་གྱི་རྟོག་པ་སྤོང་མི་ནུས་པའི་ཕྱིར་ན། བདེན་གྲུབ་ཁས་ལེན་གྱི་དབུ་མ་པ་ནི་མོ་གཤམ་གྱི་བུ་དང་མཚུངས་ལ། ཀུན་གཞི་དང༌། རང་རིག་དང༌། སྣང་བ་སེམས་སུ་ཁས་ལེན་པའི་དབུ་མ་པ་ཡང་དེ་བཞིན་ནོ་ཞེས་ཟེར། འདི་ཡི་ལན་ལ་གཉིས་ཏེ། དེའི་གཞུང་ཇི་བཞིན་དུ་སྨྲ་བ་འཕགས་ཡུལ་པའི་ལུང་གིས་མི་གནོད་པ་དང༌། བོད་ཕྱི་མའི་ཟེར་སྒྲོས་ལ་སྙིང་པོ་མེད་པ་མདོ་ཙམ་དུ་བསྟན་པའོ། །དང་པོ་ལ། རྣལ་འབྱོར་སྤྱོད་པ་པའི་སྐྱོན་སྤོང་དང༌། རྡོ་རྗེ་ཐེག་པ་པའི་སྐྱོན་སྤོང་ངོ༌། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བདེན་པར་གྲུབ་ཀྱང༌། དེ་ལ་མཚན་མར་འཛིན་པའི་རྟོག་པ་ནི། གཞན་གྱི་དབང་ཉིད་ཀྱི་ཕྱིར་སྤང་བྱ་དང༌། ཀུན་ཏུ་བརྟགས་པ་ཉིད་དུ་ངེས་པའི་ཕྱིར་སྤོང་བར་ནུས་སོ། །གལ་ཏེ་གང་ལ་ཞེན་པའི་ཡུལ་དེ་མ་སྤངས་པར་ནི། དེ་ལ་དེར་ཞེན་པ་སྤོང་མི་ནུས་ཏེ། ཇི་སྐད་དུ། བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །ཞེས་བཤད་པ་བཞིན་ནོ། །ཞེ་ན། དེའི་ངེས་པ་མེད་དེ། ཁོ་བོ་ཅག་ནི་ངོ་བོ་ཉིད་རྣམ་པ་གསུམ་གྱི་མཚན་ཉིད་སོ་སོར་ངེས་པའི་ཕྱིར་དང༌། གསུམ་པ་སོ་སོ་ནས་ངོ་བོ་ཉིད་མེད་པའི་ཚུལ་ཡང༌། ཀུན་བརྟགས་པ་ནི་རང་གི་ངོ་བོས་སྟོང་པ་དང༌། གཞན་གྱི་དབང་གི་ངོ་བོ་ནི་ཀུན་ཏུ་བརྟགས་པའི་ངོ་བོས་སྟོང་པ་དང༌། དེ་དེས་སྟོང་པའི་མ་ཡིན་པར་དགག་པ་ནི་ཡོངས་སུ་གྲུབ་པ་དང༌། དེ་ལྟར་སྟོང་པའི་མེད་དགག་གི་ཆ་ནི་གཏན་ཚིགས་ཀྱི་བསྒྲུབ་བྱ་དང༌། རྗེས་དཔག་གིས་གཞལ་བའི་ཕྱིར་གཞན་སེལ་ལས་མ་འདས་པས་དོན་དམ་པའི་བདེན་པ་ཉིད་དུ་ཁས་མི་ལེན་ལ། སྒྲོ་འདོགས་ཀྱི་མཐའ་སེལ་བྱེད་ཀྱི་རྗེས་སུ་དཔག་པས་གཞལ་བའི་ཕྱིར་གཏན་ལ་དབབ་བྱའི་གཙོ་བོ་ཉིད་དོ། །གཞན་ཡང་ཡུལ་སྤངས་པའི་སྒོ་ནས་ཡུལ་ཅན་གྱི་བློ་སྤོང་བ་ནི་ཐབས་ལ་མཁས་པ་མ་ཡིན་གྱི། ཡུལ་ཅན་འཁྲུལ་པར་ཤེས་པ་ཉིད་ཡུལ་ལ་ཡིད་བརྟན་མི་རུང་བར་གོ་བྱེད་ཀྱི་མཆོག་ཡིན་པའི་ཕྱིར། དཔེར་ན་སྒྱུ་མའི་རྟ་སོགས་སུ་སྣང་བའི་བློ་འཁྲུལ་བར་ཤེས་པས་རྟ་སོགས་མེད་པར་གོ་ནུས་པ་བཞིན་ཏེ། དེ་འཁྲུལ་པར་ཤེས་པ་ལ་རྟ་སོགས་མེད་པར་ཤེས་པ་སྔོན་དུ་འགྲོ་མི་དགོས་སོ། །ཇི་སྐད་དུ། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་དང༌། རིགས་པའི་གཞུང་འདིར་ནི། བུམ་སོགས་སྣང་རུང་མ་དམིགས་པའི་རྟགས་ཀྱིས་དེ་དག་ཡོད་པ་འགོག་པ་མཆོག་ཡིན་གྱི། དེ་སོགས་ཡོད་པ་བཀག་ནས་དེ་དམིགས་བྱེད་ཀྱི་བློ་འགོག་པ་ནི་རིགས་པ་ཕྱིན་ཅི་ལོག་ཏུ་གྱུར་པའོ། །དེའི་ཕྱིར་དོན་དམ་པའི་བདེན་པ་རང་སྟོང་དུ་བཤད་ན་ཆད་པའི་མཐར་ལྷུང་བ་ཉིད་དུ་འགྱུར་བས་སོ། །ངོ་བོ་ཉིད་མེད་པ་པས་ནི་མཐར་བདེན་པ་འདི་ཁས་མི་ལེན་ཏེ། མཐར་ཡོད་པ་ཞེས་བྱ་བའི་ཆོས་ཁས་མི་ལེན་པའི་ཕྱིར། དེ་ལྟ་ན་ཡང་ཆད་པར་མི་འགྱུར་ཏེ། སྔར་ཡོད་པ་ཞིག་ཕྱིས་མེད་པར་ཁས་བླངས་ན་དེར་འགྱུར་ཡང་ཆོས་འགའ་ཡང་གདོད་མ་ནས་ཡོད་མ་མྱོང་བའི་ཕྱིར་དང༌། ཡོད་པ་བཀག་པས་མེད་པར་འགྱུར་བ་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མེད་པ་ཡང་འགོག་པའི་ཕྱིར་རོ། །ཞེས་པ་ནི་ངོ་བོ་ཉིད་མེད་པ་པས་སྨྲས་པའི་ལན་ནོ། །གཉིས་པ་ནི། རྡོ་རྗེ་ཐེག་པ་པ་དག་གིས་སྨྲས་པ། རྣལ་འབྱོར་སྤྱོད་པའི་རིགས་པ་ལ་བརྟེན་ནས་ཡང་དག་པའི་ལྟ་བ་ལ་གེགས་བྱེད་ཀྱི་མཚན་འཛིན་གྱི་སྤྲོས་པ་མི་ཁེགས་པ་གང་ཡང་མེད་མོད། ཀླུ་སྒྲུབ་ཞབས་ཀྱིས་གསུངས་པའི་རིགས་པའི་ཚོགས་ལ་བརྟེན་ནས་སྤྲོས་པའི་ཚོགས་འགོག་པ་ནི་ཆེས་མཆོག་ཏུ་གྱུར་པ་སྟེ། ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་ཕབ་པའི་ཕྱིར། ཞེས་ནི་ཅིས་ཀྱང་འཆད་དགོས་པ་ཡིན་ཏེ། རྒྱུད་གཞུང་དག་ན་ལྟ་བའི་ཚེ་གཟུང་འཛིན་གྱི་སྤྲོས་པ་འགོག་པའི་ཆ་ནས་བཤད་པ་ཆེས་ཤིན་ཏུ་མང་བ་དང༌། ཇི་སྐད་དུ། དེ་རྗེས་དབུ་མ་བསྟན་པར་བྱ་ཞེས་པ་ཡང༌། ངོ་བོ་ཉིད་མེད་པ་པའི་རིགས་པ་ལ་དགོངས་པས་སོ། །དེ་ལྟ་མོད་ཀྱི་བསྒོམ་པས་ཉམས་སུ་མྱོང་བར་བྱ་བ་ནི་དེ་ཡི་ལུགས་ལྟར་རུང་བ་མ་ཡིན་ཏེ། ལུགས་དེ་ལ་ནི་བསྒོམ་བྱ་ཅི་ཡང་མ་མཐོང་བ་ལ་སྟོང་ཉིད་མཐོང་བ་དང༌། བསྒོམ་བྱེད་ཀྱི་བློ་ཉིད་ཀྱང་སྟོང་པ་ཉིད་ཀྱི་ངང་དུ་རོ་གཅིག་པ་ལ་སྟོང་ཉིད་ལ་མཉམ་པར་གཞག་པའི་ཐ་སྙད་དང༌། ཤེས་སྒྲིབ་སྤོང་བའི་བར་ཆད་མེད་ལམ་གྱི་ཐ་སྙད་འདོགས་པ་ཡིན་ལ། རྡོ་རྗེའི་ཐེག་པ་འདིར་ནི་དེ་ལྟ་མ་ཡིན་གྱི་མཉམ་གཞག་རང་གི་ངོ་བོ་གསལ་བ་དང་བདེ་བའི་ངོ་བོ་གྱུར་པ་དེ། སྤྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། བྱེ་བྲག་ཏུ་སྒྲ་དོན་འཛིན་པའི་རྟོག་པས་སྟོང་པའི་ངང་ཉིད་དུ་མཉམ་པར་འཇོག་པ་ནི། ལྟ་བའི་མཉམ་གཞག་གི་འཇོག་ལུགས་ཡིན་ལ། དེ་ལ་ཡང་ཡུལ་རང་སྟོང་དུ་ཤེས་པ་ཉིད་ངེས་པར་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། བསྐྱེད་རིམ་གྱི་ཚེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དམིགས་ཡུལ་དུ་ཞག་བཞིན་པའི་ངང་ནས་དེ་ལ་ཞེན་པ་འགོག་པའི་ཕྱིར་དང༌། རྫོགས་རིམ་གྱི་ཚེ་བདེ་གསལ་གྱི་འཆར་སྒོ་མ་ནུབ་བཞིན་པའི་ངང་ནས་དེ་ལ་ཞེན་པ་འགོག་པའི་ཕྱིར་དང༌། རྗེས་ཐོབ་ཀྱི་ཚེ་ན། སྤྱིར་ཡུལ་གྱི་སྣང་བ་སྣ་ཚོགས་དང༌། བྱེ་བྲག་ཏུ་འདོད་པའི་ཡོན་ཏན་ལྔ་ལྟ་བུ་ལ་སྣང་བ་མ་ནུབ་པའི་ངང་ཉིད་ནས་ཞེན་མེད་དུ་ལོངས་སྤྱོད་དགོས་པའི་ཕྱིར། འོ་ན་སྤྲོས་པ་མཐའ་དག་ཇི་ལྟར་འགོག་སྙམ་པ་ལ་དེ་ནི་ཡོད་འཛིན་དང་མེད་འཛིན་དང༌། གཉིས་ཀ་དང༌། གཉིས་མིན་དུ་འཛིན་པའི་རྟོག་པ་བཀག་པས་ནི་སྤྲོས་པའི་ཚོགས་མཐའ་དག་བཀག་པར་འཇོག་ནུས་པ་ཡིན་ཏེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོ། །གཉིས་པ་ནི་བོད་ཕྱི་མ་དག་ན་རེ། ཆོས་ཅན་ཚད་གྲུབ་ཞིག་གི་སྟེང་དུ་དགག་བྱ་བདེན་གྲུབ་མ་བཀག་པ་དེ་སྲིད་དུ་སྟོང་ཉིད་གོ་ཆོད་པོར་མི་འགྱུར་ལ། སྟོང་པ་ཉིད་ཟབ་མི་ཟབ་ཀྱི་ཁྱད་པར་ཡང༌། དགག་བྱ་ཕྲ་རགས་ལས་འབྱེད་པ་ཡིན་གྱི་བདག་མེད་གསུམ་གྱི་ཁྱད་པར་དང༌། བདེན་གྲུབ་བཀག་ཙམ་གྱི་མེད་པར་དགག་པ་ལས་གཞན་བདེན་མེད་དང་སྟོང་ཉིད་སོགས་འགོག་དགོས་པ་མ་ཡིན་ཏེ། དེ་ལྟ་ན་བདེན་གྲུབ་ཏུ་ཐལ་བས་སོ། །ཞེས་སོགས་སྤྲོས་པ་དང་བཅས་པར་འཆད་མོད། དེ་འདྲ་དེ་ནི་བྱིས་པའི་སྐྱེ་བོ་དག་གི་བློ་ལ་གཤིན་པར་འགྱུར་མོད་ཀྱང༌། མདོ་གཞུང་ཀུན་དང་མི་མཐུན་ཏེ། དེར་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཇི་སྙེད་པ་རང་ཉིད་རང་གིས་སྟོང་པར་བཤད་ཀྱི། དེ་དེས་མི་སྟོང་བར་དགག་བྱ་གཞན་ཞིག་གིས་སྟོང་པར་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་ལུང་དང་མི་མཐུན་ལ། བུམ་པ་ལྟ་བུ་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་ཚེ་བུམ་སོགས་རྙེད་པ་གཞིར་བྱས་ནས་བདེན་པའི་གཅིག་དང་ཞེས་སོགས་ལ་སྐྱབས་སུ་བཟུང་བས་ནི་གཞན་སྟོང་གི་མིང་ཅན་གང་ནས་བྱུང་ཀྱང་ལོག་པའི་ཆོས་ཅན་ཁོ་ནར་འཛིན་བཞིན་དུ་ཆོས་ཅན་གཞན་དབང་དང་ཡོངས་གྲུབ་ལྟ་བུ་དགག་བྱ་བདེན་གྲུབ་ཀྱིས་སྟོང་པར་འཆད་པ་ནི་གཞན་སྟོང་སྨྲ་བའི་གཞུང་གི་བསྟན་བྱའི་གཙོ་བོ་ཡིན་པ་ལ་ཟླ་བ་གྲགས་པའི་ལུགས་མཆོག་ཏུ་བཟུང་བའི་བཤད་པ་མང་པོ་བྱས་པས་སློབ་མའི་ཚོགས་ཀྱི་མགོ་ཤིན་ཏུ་འཁོར་བའི་ཕྱིར་རིགས་པ་དང་མ་མཐུན་ནོ། །གསུམ་པ་སངས་རྒྱས་པའི་ལམ་གྱི་རིམ་པ་གཞུང་གཞན་ལ་ལྟོས་མི་དགོས་པའི་ཕན་ཡོན་ལ་གསུམ་སྟེ། གཞུང་འདི་ནས་ཇི་ལྟར་བཤད་པ། དེ་ལྟར་བཤད་པ་དེ་བྱམས་ཆོས་ཐོག་མཐའ་གཉིས་ལས་གཞན་དུ་མ་བརྒལ་བ། རྡོ་རྗེའི་ཐེག་པའི་ལུང་དང་མཐུན་པ་ཉིད་བཤད་ཟིན་དྲན་པ་ལ་སྦྱོར་བའོ། །དང་པོ་ནི་མདོ་དང་རྣམ་འགྲེལ་ལས། ལས་དང་པོ་པ་དག་རང་རང་གི་རིགས་དང་འཚམས་པར་ཐེག་པ་གསུམ་གྱི་ལམ་ལ་འཇུག་པའི་ཚུལ་འདི་ལྟར་གསུངས་ཏེ། ཐོག་མར་དད་པ་ཅན་ཆོས་ལ་འཇུག་པའི་ཕྱིར་དུ་སྔོན་འགྲོ་དད་པ་བསྐྱེད་པ་དང༌། དད་ནས་ཤེས་རབ་ཅན་གྱིས་གང་ལ་ཞུགས་པའི་ཆོས་དེ་ཉིད་བསྟན་པའོ། །དང་པོ་ནི་ཡུལ་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་སྟེ། དེ་ལྡན་བཅོམ་ལྡན་ཞེས་པས་སངས་རྒྱས་དང༌། དེས་བཤད་ནན་ཏན་བྱ་བའི་ཕྱིར་ཞེས་པས་ཆོས་དང༌། ཤེས་ལྡན་འགའ་ཞིག་འཚོལ་བར་བྱེད་ཞེས་པས་དགེ་འདུན་ནོ། །དད་པ་འདི་ལ་གཉིས་ཏེ། དབང་རྟུལ་གྱིས་གསུམ་པོའི་ཡོན་ཏན་མ་མཐོང་བར་ཡང་ཚད་མར་གྱུར་པ་ཞེས་པའི་ལུང་འདི་ཐོས་མ་ཐག་ཏུ་དད་པ་དང༌། དབང་རྣོན་གྱིས་དེའི་ཡོན་ཏན་མཐོང་ནས་སྐྱེས་པ་མི་ཕྱེད་པའི་དད་པའོ། །ཕྱི་མ་འདི་ཡི་དབང་དུ་བྱས་ན་རང་དོན་རྗེས་དཔག་གི་ལེའུ་སྔོན་དུ་འགྲོ་དགོས་ཏེ། ཇི་སྐད་དུ། སྐྱེས་བུ་ཕུལ་བྱུང་ལ་ལྟོས་པ། ཇི་བཞིན་དོན་དུ་གཞན་གྱིས་ཤེས་སོ། །གཉིས་པ་ལ། མདོ་ལས་བྱུང་བའི་ཚད་མར་གྱུར་པ་ཞེས་པའི་ཚིག་གཉིས་དམ་བཅའ་འམ། མདོར་བསྟན་དུ་བཞག་ནས། ཚིག་ལྷག་མ་བཞི་ལ་ལུགས་འབྱུང་ལྡོག་གི་བཤད་པ་ཚན་གཉིས་ཀྱི་སྒོ་ནས་རྒྱས་པར་འཆད་དོ། །དེ་ལྟར་འཆད་དགོས་པའི་རྒྱུ་མཚན་ཡང༌། བསྐལ་པ་དང་པོའི་འཇིག་རྟེན་པ་དང་ཕྱི་རོལ་པ་ལ་ལ་དག སྤྱིར་མཐར་ཐུག་གི་ཚད་མར་འགྲོ་བ་ལ་ཤེས་བྱའི་མཐའ་ཤེས་དགོས་པས་དེ་འདྲ་མི་སྲིད་དོ་ཞེས་ཟེར་བ་དང༌། ལ་ལ་དག་དབང་ཕྱུག་རྟག་པ་ལྟ་བུ་ཤེས་བྱ་མ་ལུས་པ་ཤེས་པའི་ཚད་མ་ཡིན་ཀྱང་དེའི་སྒྲུབ་བྱེད་ཀྱི་ཐབས་མེད་དོ་ཞེས་ཟེར་བ་དང༌། གྲངས་ཅན་པ་དག་འགྲོ་བ་ཐམས་ཅད་ཀྱི་སྙིང་ལ་བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པས་ཁྱབ་པར་གཞུག་ཀྱང༌། དེ་དུས་རྟག་ཏུ་སྒྲིབ་བྱེད་ཀྱི་དྲི་མས་བསྒྲིབས་ནས་མི་གསལ་བར་ཡོད་པ་དེའི་དྲི་མ་སེལ་བྱེད་ཀྱི་ཐབས་ལ་ནན་ཏན་བྱེད་ལ་མེད་དོ་ཞེས་ཟེར་བའི་ལོག་པར་རྟོག་པ་གསུམ་པོ་རིམ་པ་བཞིན་དུ་སེལ་བའི་དབང་དུ་བྱས་ནས། བླངས་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཐམས་ཅད་རིག་མཛད་མ་ཡིན་ནོ། །ཞེས་དང༌། ཕན་བཞེད་པ་ནས་ལུགས་འབྱུང་གི་ཚུལ་དུ་བཤད་པ་དང༌། སྐྱོབ་པ་ནས་ལུགས་བཟློག་གི་ཚུལ་དུ་བཤད་པ་རྣམས་བྱུང་ངོ༌། །སྲོལ་འདིར་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་ལ་འཆད་ཚུལ་གཉིས་བྱུང་སྟེ། མདོ་སྡེའི་རྒྱན་དུ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །ཞེས་སོགས་དང༌། འདིར། དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་བདག་མེད་རྟོགས་པའི་ཤེས་རབ་གཅིག་ཉིད་མཐར་ཕྱིན་པ་ན། ཤེས་བྱ་མ་ལུས་པ་མཁྱེན་པ་ཀུན་མཁྱེན་མངོན་དུ་བྱས་ནུས་ཞེས་པ་སྟེ་འདི་ཉིད་འཐད་པའོ། །ལུགས་ལས་བྱུང་བའི་བཤད་པ་ནི། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་ཚོགས་འགྲུབ་པའི་ཚུལ་རྒྱས་པར་བཤད་ནས། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཐམས་ཅད་ལ་ཚད་མར་གྱུར་པ་ཉིད་དུ་གྲུབ་ཅེས་འཆད་པའོ། །རྒྱུ་གཉིས་པོ་ལ་ཡང༌། ཕན་བཞེད་པ་ནི། སེམས་ཅན་ཀུན་ལ་སྙིང་བརྩེ་བ་སྟེ། ཉན་རང་སོགས་དང་ཐུན་མོང་བ་སྙིང་རྗེ་ཙམ་དང༌། ཐུན་མོང་མ་ཡིན་པ་གཞན་གྱི་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་འདྲེན་ནུས་པའོ། །དེ་གཉིས་ཀ་ཡུལ་ལ་ཕྱོགས་ལྷུང་མེད་པར་འདྲ་ཡང༌། རིང་དུ་གོམས་པར་བྱས་མ་བྱས་ལས་གཞན་དོན་དོན་གཉེར་གྱི་བློ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་ཅན་དང༌། བློ་དེ་ཡང་དེ་ལྟར་བྱས་མ་བྱས་ལས་རྫོགས་བྱང་དོན་གཉེར་གྱི་བློ་འདྲེན་ནུས་མི་ནུས་ཀྱི་ཁྱད་པར་ཅན་དང༌། དེ་ཡང་དེ་ལྟར་བྱས་མ་བྱས་ལས་ཕར་ཕྱིན་དྲུག་གི་ཉམས་ལེན་བསྐལ་པ་གྲངས་མེད་གསུམ་དུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པ་དེའི་ཕྱིར། ཕན་བཞེད་པ་འདི་ལ་ནི་ཐེག་པ་གསུམ་ཀའི་ལམ་ཡོད་པའོ། །སྟོན་པ་ལ་ཡང༌། རང་གི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཙམ་དང༌། ཁྱད་པར་ཅན་ཐབས་དང་སྦྲེལ་ནས་གྲངས་མེད་གསུམ་དུ་གོམས་པའོ། །དང་པོ་ལ་ཚད་མ་གྲུབ་པར། གང་ཟག་གི་བདག་མེད་རྐྱང་པ་ནས་བསྟན་པ་ལྟ་བུར་སྣང་ཡང༌། མི་རྟག་པ་ལ་ཕྲ་རགས་གཉིས་སུ་ཕྱེ་བའི་ཚེ། ཕྲ་བས་ཆོས་ཀྱི་བདག་མེད་ཀྱང་མཚོན་པར་ནུས་ལ། དངོས་སུ་ནི་ཆོས་ཀྱི་བདག་མེད་གཉིས་ཀ་ཡང་མངོན་སུམ་གྱི་ལེའུ་ནས་སྟོན་ནོ། །དེ་ལ་དགོངས་ནས་ཇི་སྐད་དུ། ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཞེས་དང༌། ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །ཞེས་བཤད་ལ། བག་ཆགས་ཞེས་པ་ནི་སྒྲིབ་པ་གཉིས་པོ་གང་གི་ཡིན་ཀྱང་ཤེས་སྒྲིབ་ལས་མ་འདས་ལ། གང་ཟག་གི་བདག་མེད་ཙམ་ལ་ནི། བསེ་རུ་སོགས་ལས་ཁྱད་པར་དུ་འཕགས་པ་མེད་དོ། །དེའི་ཕྱིར་འདི་ཡི་སྟོན་པ་ཙམ་ལ་ནི་ཐེག་པ་གསུམ་ཀའི་ལམ་ཡོད་མོད། བསྟན་བྱའི་གཙོ་བོ་ནི་བདག་མེད་གསུམ་པའི་ཡུལ་ཅན་ལ་འཆད་དགོས་ཏེ། འདིར་འབྲས་བུ་བདེ་བར་གཤེགས་པའི་ངོས་འཛིན་སྤངས་པ་ཁྱད་པར་གསུམ་ལྡན་ལ་བཤད་ཅིང༌། འབྲས་བུ་དེ་ཡང་རྒྱུ་དེ་མེད་པར་མི་འབྱུང་བའི་ཕྱིར། འདིར་ཟག་བཅས་ཀྱི་ཕུང་པོ་མི་རྟག་པ་དང་བདག་མེད་པར་ནི་ཚུ་རོལ་མཐོང་བའི་ངོར་ཡང་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་མོད། སྡུག་བསྔལ་དེ་རྒྱུ་ཀུན་འབྱུང་ལས་བྱུང་བར་ཤེས་པ་ནི་ལུང་ལ་རག་ལས་པས་ན། ལུང་དང་རིགས་པས་རྣམ་དཔྱོད་པ་ཞེས་བཤད་དོ། །དེ་བཞིན་དུ་ཚུ་རོལ་མཐོང་བའི་ངོར་ཆོས་ཀྱི་བདག་མེད་པ་ཡང་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་མོད། དེ་རྟོགས་པའི་ལམ་ལས་འབྲས་བུ་འགོག་པའི་བདེན་པ་མངོན་དུ་བྱེད་ནུས་པ་ཡང་ལུང་ལ་རག་ལས་པའོ། །གཉིས་པ་ལུགས་བཟློག་གི་བཤད་པ་ལ། ཐོག་མར་སྐྱོབ་པ་ངོས་བཟུང་བ་དང༌། དེ་འདྲ་དེ་རང་གི་རྒྱུ་ལ་ནན་ཏན་སྔོན་སོང་དུ་འབྲས་བུའི་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ནི། ལུགས་འབྱུང་ལྡོག་གི་བཤད་པ་གཉིས་ཀའི་ཚེ་ཡང་སྐྱོབ་པའི་ངོས་འཛིན་གཞན་དོན་ཀུན་རྫོབ་པའི་སྐུ་ཉིད་ཀྱི་ཆ་ནས་ངོས་བཟུང་བར་འདྲ་བ་ཡིན་ཏེ། གཞུང་ཉིད་བཀླགས་པས་འགྲུབ་བོ། །བདེ་བར་གཤེགས་པ་ནི་རང་དོན་དོན་དམ་པའི་སྐུ་ཡི་ཆ་ནས་ངོས་བཟུང་བར་འདྲ་ཡང༌། སྤངས་རྟོགས་ཀྱི་ཆ་ནས་སོ་སོར་བཤད་པའོ། །འདིར་ཡང་འབྲས་བུ་ལ་མཁྱེན་པ་ཁྱད་པར་གསུམ་ལྡན་དུ་བཤད་པའི་ཕྱིར། རྒྱུ་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་དུ་གྲུབ་བོ། །དེའི་ཚེ་རང་གི་སྟོན་པ་སྐྱོབ་པ་ཉིད་དུ་བསྒྲུབ་པའི་གཏན་ཚིགས་ཀྱི་ཕྱོགས་ཆོས་ནི། རང་དོན་རྗེས་སུ་དཔག་པའི་ལེའུར་ཡིད་ཆེས་པའི་རྟགས་ཀྱིས་བསྒྲུབ་པ་དེའོ། །དེ་ཁོ་ནར་མ་ཟད། དེ་ལས་བརྩེ་བ་ཡིན་ཞེས་པ་དེ་དང༌། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་གསུང་མཛད་ཅེས་པས་བསྟན་པའི་རྒྱུ་འབྲས་ཀྱི་འབྲེལ་པ་དེ་ཡང་ལུང་ལས་ཤེས་དགོས་པའོ། །དེ་ལྟ་ཡིན་པ་དེའི་ཚེ། ཚད་མ་གྲུབ་པར། གང་ཟག་གི་བདག་མེད་པའི་ཆ་ནས་སྟོན་པ་ཅི་ཞེ་ན། བཤད་པ། ཕྱི་ནང་གི་ཁྱད་པར་དབྱེ་བའི་དོན་དུའོ། །ཇི་ལྟར་ཞེ་ན། ཕྱི་རོལ་པ་ལ་ཐར་པ་འདོད་པ་དང་མི་འདོད་པ་དག་ལས་མི་འདོད་པ་ནི་རྒྱང་འཕན་ཏེ། དེས་ནི་ཚེ་འདི་ཡི་བདག་ཆད་པར་འདོད་པས་གྲོལ་བ་པོའི་བདག་མེད་དོ། །དེ་མེད་པའི་ཕྱིར་སྐྱེ་བ་སྔ་མ་ནས་འདིར་འོངས་པ་དང༌། འདི་ནས་ཕྱི་མར་འགྲོ་བ་ཡང་མེད་དོ་ཞེས་ཟེར་བ་དེའི་ངོར་ནི་བདག་ཡོད་པར་མི་སྒྲུབ་ཀྱི། ལུས་བློ་ཡི་ཉེར་ལེན་ཡིན་པ་ལ་གནོད་བྱེད་དང༌། མ་ཡིན་པའི་སྒྲུབ་བྱེད་རྒྱས་པར་བཤད་པའི་སྒོ་ནས་འཁོར་བ་སྔ་ཕྱི་ཡོད་པར་བསྒྲུབ་པས་འཁོར་བ་ལ་སྐུར་འདེབས་ཀྱི་མཐའ་སེལ་བར་བྱེད་དོ། །དེ་ལྟར་ལུས་ལས་བློ་དང༌། བློ་ལུས་ཀྱི་ཉེར་ལེན་ཡིན་པ་དེ་དག་རིགས་པས་བསལ་བ་ན། དེ་ལས་གང་འབྱུང་སྙམ་པ་ལ། དེའི་ངོར་རིག་པའི་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་བསྒྲུབ་པས་ནི། འཁོར་བར་འགྲོ་འོང་དང༌། དེ་ལས་གྲོལ་བར་བྱེད་པོའི་བདག་ཡོད་པར་གོ་ནས། རྒྱང་འཕན་ལས་རྒྱུ་འབྲས་ལ་ཡིད་ཆེས་པར་བྱས་ནས། མངོན་པར་མཐོ་བའི་ལམ་ཕྱིན་ཅི་མ་ལོག་པ་ལ་འཇུག་པར་བྱེད་ཅིང༌། ཐར་པ་ཙམ་ལ་ཡིད་འདྲེན་པར་བྱེད་དོ། །ཐར་པའི་འདོད་ཚུལ་ནི་གཉིས་ལས། སངས་རྒྱས་པའི་ལུགས་ནི། གོང་དུ་དྲངས་མ་ཐག་པ་དེ་ཉིད་ཡིན་ལ། དེ་འདོད་པའི་ཕྱི་རོལ་པ་ལ། རྟོག་གེ་པ་དང༌། གསང་སྔགས་པ་གཉིས་ལས། དང་པོ་ལ་འདིར་བཤད་པ་གསུམ་ལས། བྱེ་བྲག་པ་ནི། ཇི་སྲིད་བདག་དང་བདག་གི་བ་དག་གི་འཕྲོ་འདུ་ཡི་འབྲེལ་པ་མ་ཆད་པ་དེ་སྲིད་དུ་འཁོར་བ་དང༌། བདག་གི་བ་སྐྱོན་དང་བཅས་པར་བསྒོམ་པས་དེར་ཤེས་པ་ན། གཉིས་པོའི་འབྲེལ་པ་ཆད་དེ། བདག་གཅིག་པུ་ཡན་གར་དུ་གནས་པ་ལ་ཐར་པའི་ངོས་འཛིན་དང༌། གྲངས་ཅན་པ་བདག་ཤེས་རིག་གི་སྐྱེས་བུ་རྣམ་འགྱུར་ཀུན་ལ་ལོངས་སྤྱོད་འདོད་ཀྱི་བསམ་པ་སྐྱེས་པ་དེའི་ཚེ། སྤྱི་གཙོ་བོ་ཞེས་བྱ་བ་ཤེས་བྱ་ཐམས་ཅད་ལ་ཁྱབ་བྱེད་དུ་འཇུག་པ་རྣམ་འགྱུར་ཀུན་གྱི་མཛོད་ལྟ་བུར་གྱུར་པ་དེའི་ནང་ནས། བློའམ་ཆེན་པོ་ལ་སོགས་པའི་རྣམ་འགྱུར་མཐའ་ཡས་པ་སྤྲུལ་ནས་ལོངས་སྤྱོད་པར་བྱེད་པ་དེ་སྲིད་དུ་ནི་འཁོར་བ་པ་ཡིན་ལ། སྐྱེས་བུ་ལོངས་སྤྱོད་དེ་ཚིམ་ནས། སྒྱུ་མ་ལྟ་བུའི་རྣམ་འགྱུར་སྣ་ཚོགས་པ་དེ་གཙོ་བོའི་ངང་དུ་སྡུད་པ་བྱེད་དོ། །བསྡུས་པའི་འོག་ཏུ་གཙོ་བོ་ཉིད་ཀྱང་ནམ་མཁའི་ངང་དུ་ཐིམ་ནས། ཤེས་རིག་གཅིག་པུར་གནས་པ་དེའི་ཚེ་ཐར་པ་ཉིད་མངོན་དུ་བྱས་པར་འདོད་པའོ། །གཅེར་བུ་པ་ནི། འཁོར་བར་སྐྱེ་བའི་རྒྱུ་ནི་ལས་ཡིན་ཞིང༌། ཐར་པ་ལ་གེགས་བྱེད་ནི་ལུས་ཉིད་ཡིན་པས་ལས་ཟད་པའི་དོན་དུ་དཀའ་ཐུབ་དང༌། ལུས་ལ་ཞེན་པ་ལྡོག་པའི་དོན་དུ་གཅེར་བུ་དང་སྐྲ་འབལ་བ་དང༌། མཚོན་དང་གཡང་ལ་མཆོང་བ་སོགས་བྱེད་ཅེས་ཟེར་རོ། །དེ་གསུམ་ཀས་ཀྱང་བདག་ནི་དོན་དམ་པའི་བདེན་པ་དང༌། དེར་འཛིན་པ་ནི་སེམས་ཀྱི་ཆོས་ཉིད་དུ་ཁས་ལེན་ཅིང༌། བདག་གི་བ་ནི་ཕལ་ཆེར་ཀུན་རྫོབ་སྒྱུ་མ་ལྟ་བུ་དང༌། སེམས་ལས་དོན་གཞན་འབྲལ་རུང་དང༌། དེའི་རྒྱུ་མཚན་གྱིས་ཐར་པའི་ཚེ་ན་འཇའ་ཚོན་བཞིན་དུ་ནམ་མཁའི་དབྱིངས་སུ་ཐིམ་པར་འདོད་དོ། །དེ་གསུམ་ཀ་ལ་ཐུན་མོང་དུ་བདག་ཏུ་འཛིན་པ་མ་སྤངས་པར་བདག་ལ་ཆགས་པ་མི་སྤོང༌། དེ་མ་སྤངས་པར་བདག་གི་བ་ལ་ཞེན་པ་མི་ལྡོག དེ་མ་ལོག་པར་བྱེ་བྲག་པས་འདོད་པའི་བདག་དང་བདག་གི་བའི་འབྲེལ་པ་གཅོད་མི་ནུས། གྲངས་ཅན་འདོད་པའི་སྐྱེས་བུ་ལོངས་སྤྱོད་ཀྱིས་ཚིམ་པ་མི་སྲིད། གཅེར་བུ་པ་འདོད་པའི་ལས་ཟད་བྱེད་ཀྱི་ཐབས་ངལ་བ་དོན་མེད་ཡིན་པ་དེའི་ཕྱིར། བདག་མེད་པར་རྟོགས་ན་ནི། རང་རང་གིས་འདོད་པ་ལྟར། གཉིས་པོའི་འདུ་བ་ཆད་པ་དང༌། སྐྱེས་བུ་ཡུལ་གྱིས་ཚིམ་པ་དང༌། ལས་རྙིང་པས་ཀྱང་འབྲས་བུ་མི་འབྱིན་པར་འགྱུར་རོ་ཞེས་ཕྱོགས་སོ་སོ་ལ་གནོད་བྱེད་དང་སྒྲུབ་བྱེད་བཤད་པས། ཐར་ལམ་ཕྱིན་ཅི་ལོག་ཏུ་འདོད་པ་དང༌། དེ་ལྟར་བསྒྲུབ་པའི་ཕྱི་རོལ་པ་དག རང་གི་ཐར་ལམ་དུ་འདྲེན་པར་བྱེད་དོ། །དེ་ལྟར་གང་ཟག་གི་བདག་བཀག་པའི་སྒོ་ནས་ཕྱི་རོལ་པ་རང་གི་བསྟན་པ་ལ་འཛུད་པའི་ཚུལ་ནི། བྱེ་བྲག་ཏུ་སྨྲ་བ་ནས་ངོ་བོ་ཉིད་མེད་པ་པ་དག་རྩིང་ཞིབ་ཀྱི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ཏེ། བདག་འགོག་དང༌། བདག་མེད། སྒྲུབ་བྱེད་ཀྱི་རིགས་པ་ནི་གྲུབ་མཐའ་སྨྲ་བ་དེ་ཐམས་ཅད་གཅིག་ཉིད་དུ་འདུག་པའི་ཕྱིར། གྲུབ་མཐའ་སྨྲ་བ་དེ་དག་གི་བདག་མེད་དང་པོའི་རྩིང་ཞིབ་ཀྱི་ཁྱད་པར་ཡང༌། དགག་བྱ་ཕྲ་རགས་ཀྱི་སྒོ་ནས་འབྱེད་དོ་ཞེས་ཟེར་བ་ནི། བོད་ཕྱི་རབས་པ་དག་གིས་བརྩམས་པའི་གསང་ཚིག་གོ །ཆོས་ཀྱི་བདག་མེད་པ་ལ་འཇུག་པའི་ཚུལ་ནི། ཡན་ལག་ཅན་རྫས་འགོག་གི་རིགས་པས་བྱེ་བྲག་པ་དང༌། སྤྱི་གཙོ་བོ་འགོག་བྱེད་ཀྱི་རིགས་པས་གྲངས་ཅན་དང༌། སྲེད་པ་མེད་ན་འཁོར་བ་མི་འབྱུང་བའི་རྟགས་ཀྱིས་གཅེར་བུ་པ་ཆོས་ཀྱི་བདག་མེད་ལ་འཛུད་པ་དང༌། བྱེ་བྲག་ཏུ་གྲངས་ཅན་རྗེས་སུ་གཟུང་བའི་ཕྱིར། བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་དང་མཚུངས་པར། བདེ་བར་གཤེགས་པའི་སྙིང་པོ་ཡོན་ཏན་ཀུན་རྫོགས་དང༌། རང་བཞིན་ནམ་གཙོ་བོ་དང་མཚུངས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འཁོར་བའི་ཆོས་ཀུན་གྱི་གཞི་དང༌། ཆེན་པོ་སོགས་ཉེར་གསུམ་དང་མཚུངས་པའི་རྣམ་པར་ཤེས་པའི་ཚོགས་བདུན་དང༌། སེམས་ལས་བྱུང་བའི་ཆོས་ཡུལ་དང་བཅས་པ་རྣམས་དང༌། མཐར་དེ་དག་ཀྱང་འོད་གསལ་བ་ཉིད་དུ་ཐིམ་པའི་ཚུལ་རྣམས་ནི། ལུགས་འདི་དང་སྲོལ་གཅིག་པའི་གཞུང་གཞན་རྣམས་ལས་གསུངས་ཏེ། འདིར་ནི་བག་ཆགས་ཉིད་ཁོ་ན་ལས་འཁོར་བའི་སྣང་བ་སྣ་ཚོགས་འདི་འབྱུང་བར་གསུངས་པ་ལས་དོན་དེ་གྲུབ་བོ། །མུ་སྟེགས་གསང་སྔགས་པ་དག་གིས་ནི། དབང་ཕྱུག་གི་དབང་བསྐུར་བྱས་པས་འཁོར་བ་ལས་གྲོལ་ཏེ། དབང་ཕྱུག་གི་ལུང་ལས་དེ་ལྟར་བཤད་པས་སོ་ཞེས་ལུང་དང༌། དེའི་རིག་སྔགས་བཏབ་པའི་ས་བོན་གྱིས་མྱུ་གུ་མི་བསྐྱེད་པ་ལྟ་བུའི་རིགས་པ་དང༌། དབང་ཐོབ་པའི་བྱིས་པ་དག་གི་ལུས་ཕྱིས་ཡང་བར་མཐོང་བའི་མངོན་སུམ་ལས་སྒྲུབ་པར་བྱེད་དོ། །དེ་ཚར་གཅོད་པའི་རིགས་པ་ནི་སྔ་མ་དག་དང་མཚུངས་ལ། རྗེས་སུ་འཛིན་པའི་ཡན་ལག་དུ་ནི། དེའི་གཟུགས་སུ་སྤྲུལ་ནས་རྡོ་རྗེའི་ཐེག་པ་ཟབ་མོ་དག་སྟོན་པར་མཛད་པ་ནི་ལུང་གཞན་ལས་འབྱུང་བ་ལྟར་རོ། །མདོར་ན་ཚད་མ་གྲུབ་པར་གསུངས་པའི་རིགས་པ་འདི་དག་ནི། གཞན་སུན་འབྱིན་པ་ཙམ་དུ་མ་ཟད་ཀྱི། རྗེས་སུ་འཛིན་པའི་ཡན་ལག་ཉིད་གཙོ་ཆེ་བ་ཡིན་ཏེ། གང་ཟག་གི་དབང་དུ་བྱས་པའི་གཉིས་མེད་ཀྱི་ཡེ་ཤེས་དེ་ལ། ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་མིང་གིས་བཏགས་ནས། ཤཱཀྱ་ཐུབ་པ་ཉིད་ཀྱང་དེའི་མིང་ཅན་དུ་རྒྱུད་ལས་བཤད་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། གཞུང་འདི་ཡི་གནས་སྐབས་དང་མཐར་ཐུག་གི་ལྟ་བ་ཀུན་མངོན་པར་རྟོགས་པའི་རྒྱན་དང་མཐུན་པ། མཐར་ཐུག་གི་ལྟ་བ་རྒྱུད་བླ་མ་དང་མཐུན་པ། དེའི་ཕྱིར་སྔགས་ལ་འཇུག་པའི་གཞུང་ཤིང་ཉིད་དུ་གྲུབ་པའོ། །དང་པོ་ནི། གཞུང་དེར་ཐེག་པ་གསུམ་ཀའི་ལམ་རྒྱ་ཆེར་བསྟན་པ་ལས། གྲུབ་མཐའ་བཞི་ཀ་ལ་ཐུན་མོང་དུ་གྲགས་པའི་གང་ཟག་གི་བདག་མེད་བསྟན་པས་ཉན་ཐོས་ཀྱི་ལམ་དང༌། སེམས་ཙམ་པ་དང་ཐུན་པའི་གཟུང་བ་ཆོས་ཀྱི་བདག་མེད་བསྟན་པས་རང་རྒྱལ་གྱི་ལམ་དང༌། མཐར་ཐུག་གཟུང་འཛིན་གཉིས་མེད་དུ་བསྟན་པས་ཐེག་པ་ཆེན་པོའི་ལམ་བསྟན་པའོ། །དེ་ཡང་གང་ཟག་གི་དབང་དུ་བྱས་པའི་གཟུང་བ་མ་དམིགས་པ་ནི་ཉན་ཐོས་ལ་དགོས་པའི་བདག་མེད་དང༌། ཕྱི་རོལ་དོན་གྱི་དབང་དུ་བྱས་པའི་གཟུང་བ་ཙམ་མི་དམིགས་པ་ནི་རང་རྒྱལ་ལ་དགོས་པའི་བདག་མེད་དང༌། ནང་ཤེས་པའི་དབང་དུ་བྱས་པའི་གཟུང་བ་མ་དམིགས་པ་ནི་ཐེག་པ་ཆེན་པོ་ལ་དགོས་པའི་བདག་མེད་ཀྱི་ཕྱོགས་གཅིག་ཡིན་ལ། ཡོངས་སུ་རྫོགས་པ་ནི་ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པའོ། །དེ་བཞིན་དུ་ཐེག་པ་ཆེན་པོར་དགོས་པའི་བདག་མེད་དང་པོ་གཉིས་ཀྱི་ཁྱད་པར་ཡང༌། དེ་དང་དེའི་དབང་དུ་བྱས་པའི་གཟུང་འཛིན་གཉིས་ཀ་བཀག་པའི་ཆ་ནས་འཇོག་དགོས་ཏེ། གཟུང་འཛིན་གཉིས་ཀ་མ་བཀག་པར་སྟོང་པ་ཉིད་དུ་མི་འགྲོ་བ་ནི་བྱམས་པའི་ཆོས་ལུགས་སོ། །དེ་དག་གི་ཤེས་བྱེད་ཀྱང༌། སྤང་བྱའི་རྟོག་པ་ཇི་སྙེད་པ་གཟུང་རྟོག་དང་འཛིན་རྟོག་གཉིས་སུ་བགྲང་ནས། དེ་རེ་རེ་ལའང༌། གང་ཟག་ལ་དེ་དང་དེར་རྟོག་པ་དང༌། ཆོས་ལ་དེ་དང་དེར་རྟོག་པ་གཉིས་སུ་ངེས། དེ་རེ་རེ་ལའང༌། རྫས་ཡོད་དུ་ཞེན་པ་དང༌། བཏགས་པའི་ཡོད་པ་ཉིད་དུ་ཞེན་པ་གཉིས་སུ་ངེས་པས། དེའི་འགལ་ཟླར་གྱུར་པའི་གཉེན་པོ་ཡེ་ཤེས་ཀྱང༌། དེ་དང་གྲངས་མཉམ་པ་ཉིད་དུ་འཆད་དགོས་ལ། དེ་འདྲ་དེ་ནི་གཞུང་འདིར། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །ཞེས་ལེགས་པར་བཤད་པ་ཡིན་ནོ། །འོ་ན་རྒྱན་དེར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གནས་ལུགས་སུ་གྲུབ་པར་གང་གིས་འཆད་ཅེ་ན། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་བྱ་བའི་ལུང་གིས་འཆད་པ་ཡིན་ཏེ། དེ་འདྲ་དེ་རང་གི་ངོ་བོས་སྟོང་པར་བཤད་ན་སྒྲུབ་པའི་རྟེན་དུ་མི་རིགས་པའི་ཕྱིར། གལ་ཏེ་ཆོས་ཀྱི་དབྱིངས་དེ་ནི་ཡུམ་གྱི་མདོ་ལས་ནམ་མཁའ་ལ་བྱ་ཡི་རྗེས་མེད་པའི་དཔེས་བསྟན་པས་མེད་པར་དགག་པ་ཁོ་ནའོ་སྙམ་ན། འཕགས་སེང་གི་འཆད་ལུགས་དེ་ལྟར་ཡིན་ཀྱང༌། ཐོགས་མེད་མཆེད་ཀྱིས་དེ་ལྟར་མི་འཆད་དོ། །ཆོས་དབྱིངས་དེ་གནས་གྱུར་པའི་འབྲས་བུ་ངོ་བོ་ཉིད་ཀྱི་སྐུར་བཤད་པས་ཀྱང་དེར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག ཐོབ་གྱུར་ཞེས་བཤད་པས་སོ། །གཉིས་པ་ནི། འདིར་ནི་སེམས་ཀྱི་རང་བཞིན་འོད་གསལ་ཏེ། །ཞེས་པའི་སྐབས་ནས་འབྱུང་བ་དེ་ཉིད་རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །ཞེས་སོགས་ཀྱི་སྐབས་ནས་བཤད་པ་དེ་ཉིད་དོ། །ཡང་འདིར། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་པ་དེ་ནི། ཇི་སྐད་དུ། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་སོགས་སུ་སྡུག་ཀུན་གྱི་བདེན་པ་རང་སྟོང་དང༌། ཡང་དག་པའི་མཐའ་ནི་རང་གི་ངོ་བོས་མི་སྟོང་བར་བཤད་པ་དེ་ཉིད་འདིར་འོངས་པའོ། །གསུམ་པ་ནི། རྡོ་རྗེ་ཐག་པར་བཤད་པའི་བརྗོད་བྱ་དོན་གྱི་རྒྱུད་དང༌། བསྒོམ་པས་ཉམས་སུ་བླང་བར་བྱ་བའི་གནས་ལུགས་མཐར་ཐུག་པ་ཡང་འདི་ཉིད་ལས་གཞན་དུ་བྱར་ཡོད་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་ཟིན་པ་དང༌། དཔལ་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་རྒྱུད་བླའི་རྣམ་བཤད་མཛད་པར། ཇི་སྐད་དུ། བློ་གྲོས་མཚུངས་མེད་ཕྱྭ་གཙང་དན་འབག་སོགས། །རྣམ་དབྱེ་མཛད་པ་ཐེག་པ་སྤྱི་དང་མཐུན། །འདིར་ནི་རྒྱུད་རྒྱལ་བླ་མེད་ཐེག་པ་རུ། །བཤད་ཕྱིར་བསྡུས་དོན་དགོས་མེད་མ་ཡིན་ནོ། །ཞེས་དང༌། ཟབ་མོ་ནང་གི་དོན་བཤད་པའི་ལུས་རྣམ་གཞག་དུ། དབུ་མའི་རང་བཞིན་བདེ་གཅིག་ཉིད། །མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །གསུངས་ཕྱིར་དེ་དོན་རྟོགས་པར་བྱ། །ཞེས་གསུངས་ལ། དེ་ཡང་ནི་འདིར་བཤད་པའི་འཛིན་རྣམ་ཁྱད་པར་གསུམ་ལྡན། གཞི་ལམ་འབྲས་བུའི་གནས་སྐབས་གསུམ་དུ་ཕྱེ་ནས་བཞག་པའི་ཚེ་དེ་དང་ཁྱད་པར་འགའ་ཡང་ཡོད་པ་མིན་ནོ། །ཇི་སྐད་བཤད་པའི་དོན་འདི་དག་ལ་ཕྱི་རབས་པས་རྒོལ་བ་གཉིས་ཤིག་བྱུང་སྟེ། རྗེ་བཙུན་ཀུ་མ་རའི་གསུང་གིས། དགྱེས་པ་རྡོ་རྗེའི་རྒྱུད་གསུམ་མན་ངག་དང་བཅས་པ་ནི་རྣམ་པར་རིག་པ་ཙམ་དུ་གནས་སོ་ཞེས་དང༌། དེའི་ཚེ་འདུས་པའི་རྒྱུད་ལ་ཐལ་བ་སྤང་བའི་དོན་དུ་དེའི་རིམ་ལྔའི་ཡ་གྱལ་གྱི་འོད་གསལ་བའི་རིམ་པ་ཡང་མེད་དགག་ཏུ་བཤད་ནས། དེ་ཡི་ངོས་འཛིན་མ་ནོར་བར་འཆད་ཤེས་པ་སྔོན་ཆད་བོད་དུ་མ་བྱུང་ངོ་ཞེས་དང༌། བྱམས་པས་ཕྱེ་བའི་སྲོལ་དུ། གཉིས་མེད་ཀྱི་ཡེ་ཤེས་ངེས་དོན་མཐར་ཐུག་ཏུ་བསྟན་པ་དེ། སེམས་ཙམ་དུ་འཆད་པར་བཞེད་ནས། སེམས་ཙམ་པའི་གྲུབ་མཐའ་དཔྱིས་ཕྱིན་པར་འཆད་ཤེས་པ་ཁོ་བོ་ལས་གཞན་མ་བྱུང་ངོ་ཞེས་གསུང་ངོ༌། །བཙོང་ཁ་པ་ཆེན་པོས་ནི། འདུས་པའི་འོད་གསལ་གྱི་རིམ་པ་དང༌། ཐལ་འགྱུར་བའི་ལུགས་ཀྱི་སྟོང་པ་ཉིད་ཡུལ་དང་ཡུལ་ཅན་དུ་སྦྱོར་བ་ཡིན་ནོ་ཞེས་དང༌། འཛིན་རྣམ་ཁྱད་པར་གསུམ་ལྡན་སེམས་ཙམ་པའི་ལུགས་སུ་ཟླ་བས་བཤད་ཅེས་ཀྱང་གསུང་ཞིང༌། གཟུང་འཛིན་གཉིས་མེད་སེམས་ཙམ་པའི་གཞུང་དུ་འཆད་མ་བདེ་ནས། གཟུང་བ་དང་འཛིན་པ་གཉིས་རྫས་གཞན་དུ་མེད་པ་ཞེས་འཁྱོག་པ་ཉིད་དུ་སྒྲོ་བཏགས་ནས་འཆད་པ་དང༌། ཁྱད་པར་དུ་ཚད་མ་གྲུབ་པར་བཤད་པའི་འཇིག་ལྟ་དང༌། དེའི་འགལ་ཟླར་འཆད་པའི་བདག་མེད་ཀྱི་ངོས་འཛིན་ནི་ལེའུ་དེ་ནས་ངོས་མ་ཟིན་པ་ཙམ་དུ་མ་ཟད་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། ང་ཙམ་དང་གང་ཟག་སོགས་མེད་ན། ལས་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོ་མེད་པས་ལས་འབྲས་ཀྱི་རྟེན་ལ་སྐུར་པ་བཏབ་པ་དང༌། ཆོས་ཅན་ཚད་གྲུབ་ཀྱི་སྟེང་དུ། དགག་བྱ་བདག་དང་བདེན་པ་མ་བཀག་ན། བདག་མེད་དང་བདེན་མེད་གོ་ཆོད་པོ་མི་འབྱུང་བ་ཉིད་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པའོ་ཞེས་འཆད་དེ། བཞེད་པ་ཕྱི་མ་འདི་ལ་ནི་ཇི་སྐད་དུ། གང་ལ་བདག་ཏུ་འཛིན་པས་དམིགས་གཏད་པའི། །བདག་དེ་བཅིངས་གྲོལ་ཀུན་གྱི་བྱེད་པོར་སྨྲ། །མུ་སྟེགས་གཞུང་དང་ཁྱད་པར་མ་རྙེད་པའི། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །ཞེས་སྔོན་ཉིད་ནས་སྨྲས་ཟིན་ཏེ། ཚད་མ་གྲུབ་པ་ནས་བྱུང་བའི་ཕྱོགས་སྔ་ཕྱིའི་འཆད་ཚུལ་འདི་དག་ལ་བསམ་པའོ། །དེ་ལྟར་བཤད་པ་མཐའ་དག་གིས་གྲུབ་པའི་དོན་ནི། འདི་ལྟར། ཐབས་སྤྱོད་པའི་ཆ་ལ་མི་མཐུན་པ་ཆེར་མེད་པས་ན། རེ་ཞིག་ལྟ་བའི་ཆ་ལ་རིམ་པར་ཕྱེ་བ་ནི། ཐེག་པ་ཐུན་མོང་དུ་བསྟན་པ་དང༌། ཐུན་མོང་མ་ཡིན་པར་བསྟན་པའོ། །དང་པོ་ནི། བདེན་པ་བཞི་ཡི་ཆོས་ཀྱི་འཁོར་ལོ་བཀའ་སྩལ་པའི་དོན། ཚད་མ་གྲུབ་པར་ཁ་སྐོང་ཤུགས་ལ་མཚོན་པ་དང་བཅས་ཏེ་གསུངས་སོ། །གཉིས་པ་ནི། གྲུབ་མཐའ་ཀུན་གྱི་རྩེ་མོར་གྱུར་པའི་དབུ་མ་སྟེ། འདི་ལ་ནི། བྱམས་པ་དང་ཐོགས་མེད་མཆེད་ཀྱིས་བཞེད་པའི་དབུ་མ་དང༌། རིགས་ཚོགས་རྗེས་འབྲང་དང་བཅས་པས་བཤད་པའི་དབུ་མ་དང༌། གསང་སྔགས་བླ་མེད་ཀྱི་དབུ་མ་སྟེ་གསུམ་མོ། །དེ་གསུམ་པོ་རེ་རེ་ལ་ཡང༌། ཐོས་བསམ་གྱིས་སྒྲོ་འདོགས་བཅད་པའི་ལྟ་བ་དང༌། བསྒོམ་པས་ཉམས་སུ་མྱོང་བའི་ལྟ་བ་གཉིས་གཉིས་སུ་ཕྱེ་ནས། གཞུང་སོ་སོའི་དངོས་བསྟན་ལ་དབུ་མ་ཐོག་མཐའ་གཉིས་རིགས་པས་སྒྲོ་འདོགས་གཅོད་ལུགས་དང༌། བསྒོམ་པས་ཉམས་སུ་མྱོང་བྱར་རགས་རིམ་ནས་མཐུན་པ་ཡིན་ཏེ། སྒྲོ་འདོགས་བཅད་པར་བྱ་བའི་ཡུལ་ལ་གཟུང་འཛིན་གཉིས་སུ་ཕྱེ་ནས། བཅད་བྱའི་སྒྲོ་འདོགས་ནི་གཟུང་འཛིན་གྱི་རྟོག་པ་གཉིས་སུ་བསྡུས་ནས་གཅོད་བྱེད་སོ་སོ་རང་རིག་པའི་ཡེ་ཤེས་ལ་འཆད་པར་མཐུན་ཞིང༌། བསྒོམ་པས་ཉམས་སུ་མྱོང་བྱ་ཡང་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་འཆད་པར་མཐུན་པས་སོ། །དབུ་མའི་ཚུལ་བར་པ་དེར་ནི་རིགས་པས་སྒྲོ་འདོགས་གཅོད་པའི་ཡུལ་ལ་ཀུན་རྫོབ་ཏུ་མ་ཟད་དོན་དམ་པའི་བདེན་པ་ཡང་འཆད་པས། བཤད་མ་ཐག་པ་དག་ལས་རྒྱ་ཆེ་ཞིང༌། བསྒོམ་པས་ཉམས་སུ་མྱོང་བྱ་ནི། རིགས་ཚོགས་སུ་ཐོས་བསམ་གྱིས་དཔྱད་པ་ལས་གཞན་དུ་མི་འཆད་ལ། བསྟོད་ཚོགས་སུ་ནི། དོན་དམ་བྱང་ཆུབ་ཀྱི་སེམས་དང༌། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་ལ་བཤད་པས། མཐར་ནི་དབུ་མའི་ཚུལ་གསུམ་ཀའང་བསྒོམ་པས་ཉམས་སུ་བླང་བྱ་མཐུན་པ་ཁོ་ནའོ། །དེ་ལ་དགོངས་ནས་ཚུལ་གསུམ་གྱི་སྒྲོན་མེར། དོན་གཅིག་ནའང་ཞེས་སོགས་དང༌། རཏྣ་ཨཱ་ཀ་རས་དབུ་མའི་རྒྱན་དུ། བྱམས་པ་ཐོགས་མེད་ཀྱིས་གསུང་ཞིང༌། ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་གསུངས་སོ། །དེ་ལྟར་བཤད་པའི་ཚེ་ན་གསང་སྔགས་སུ་ཡུལ་ཅན་བདེ་བ་ཆེན་པོས་ཡུལ་སྟོང་པ་ཉིད་རྟོགས་པ་དང༌། ཕར་ཕྱིན་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་དེ་ལྟར་རྟོགས་པ་ཞེས་བྱ་བ་འདི་འབྱུང་བ་ཡིན་གྱི། དབུ་སེམས་སུ་གྲགས་པའི་གཞུང་ནས་འབྱུང་བའི་ངེས་དོན་གྱི་ངོས་འཛིན་མཐའ་དག མེད་པར་དགག་པ་ཉིད་དུ་བཤད་ནས། བདེ་སྟོང་གི་སྦྱོར་ལུགས་ཞེས་བྱ་བའི་ཐ་སྙད་འབད་རྩོལ་ཆེན་པོས་མཛད་ནའང༌། ཇི་བཞིན་འབྱོར་བ་མ་ཡིན་ཏེ། གཞན་སེལ་བའི་ཡུལ་ཅན་གྱི་བློ་ནི་སྒྲ་དོན་འཛིན་པའི་རྟོག་པ་ཉིད་ལས་མ་འདས་པའི་ཕྱིར། རང་བཞིན་གྱིས་འོད་གསལ་བའི་སེམས་དེ་ཉིད་མྱོང་བྱར་བྱས་ན། བདེ་བ་དང་སྟོང་པ་ཟུང་དུ་འབྱོར་བ་དང༌། ཨེ་ཝཾ་དང༌། དགྱེས་པའི་རྡོ་རྗེ་དང༌། འཁོར་ལོ་སྡོམ་པ་དང༌། དཔལ་ལྡན་འདུས་པ་ལ་སོགས་པར་འགྱུར་བ་ཉིད་དུ་ངེས་པ་ཡིན་ཏེ། ལྟ་བ་རིམ་འཇུག་གི་འཁོར་ལོ་རིམ་པ་གསུམ་སྟོན་པའི་གཞུང་ལས་ཇི་སྐད་དུ། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །ཞེས་པས་ཐེག་པ་ཐུན་མོང་གི་ལྟ་བ་དང༌། ཐུན་མོང་མ་ཡིན་པའི་ལྟ་བ་ལ། ཉམས་སུ་མྱོང་བྱ་སྔར་བསྟན་ནས། །སྒྲོ་འདོགས་གཅོད་པའི་རིམ་པ་ཕྱིས་བསྟན་པ་ནི། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །ཞེས་པས་ཕར་ཕྱིན་ཐེག་པའི་ཐུན་མོང་མ་ཡིན་པའི་ལྟ་བསྒོམ་བཤད་ནས། སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་ཚེ་ནི། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ་ནི་སྔ་མ་ལས་གཞན་དུ་མེད་ལ། རྟོགས་བྱེད་ཀྱི་ཐབས་མཁས་གཞན་ལ་བརྟེན་ནས། རྟོགས་བྱ་ཁྱད་པར་ཅན་ཞིག་རྟོགས་ཚུལ་སྟོན་པའི་དབང་དུ་བྱས་ནས། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན་ཞེས་གསུངས་སོ། །སྡེ་བདུན་མཛད་པོ་འདི་ལ་ཇི་སྐད་བཤད་པའི་ཡོན་ཏན་དེ་དག་མངའ་བར་དགོངས་ནས། ཇི་སྐད་དུ་འཇམ་དཔལ་རྩ་བའི་རྟོག་པ་ལས། ཕ་རོལ་རྒོལ་བ་བཟློག་ནས་ཀྱང༌། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་གསུངས་པ་ཡིན་ནོ། །སྭསྟི། ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས་དབང་པོ། །ལ་ལར་ཐུབ་པ་ཉིད་དང་ཚངས་པ་དང༌། གཞན་དུ་འཛམ་གླིང་སྤྲུལ་པའི་སྐུར་བསྟན་ནས། །འགྲོ་ཀུན་འདྲེན་མཛད་དེ་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ལ་ཁྱོད་ཀྱིས་ལུང་ཐོབ་ནས། །ཆོས་ཀུན་སྐྱེ་མཆེད་གཙང་མར་མཛད་པ་ཡི། །རིགས་པའི་ལམ་སྲོལ་དང་པོའི་སྒོ་ཕྱེ་ནས། །ཕྱོགས་ཀྱི་ས་སྲུངས་གླང་པོའི་ཞབས་དེར་དད། །སྒྲུབ་བྱེད་འཕྲུལ་གྱིས་ཐུབ་བསྟན་ལྷུན་པོ་བཏེག །སུན་འབྱིན་རྩལ་གྱིས་ཕྱིར་རྒོལ་སྟོབས་ཆེན་མནན། །འཇུག་པ་རྣམ་བཅུའི་ཟློས་གར་མཁན་དེ་ལྟར། །གྲུབ་པའི་སར་བཞུགས་ཆོས་ཀྱི་གྲགས་པའི་མཚན། །སྔོན་མེད་ཉི་མས་གཞན་ལ་མ་གྲགས་པའི། །ལུང་རིགས་རྟ་བདུན་ཆིབས་ནས་ཆོས་འདི་པའི། །ངོ་མཚར་མི་འདྲའི་ལྟད་མོ་ཅི་ཡང་བསྟན། །དེ་ནས་འཆད་མཁས་ཉི་ཟླ་ནུབ་པའི་འོག །སྡེ་བདུན་ལུགས་བརྒྱ་གསལ་བའི་སྔོ་བསངས་མ། །སྔ་བར་ནམ་ལངས་བྱེད་པོས་སྤངས་པའི་ཚེ། །ཐུན་མཚམས་མུན་པའི་མལ་དུ་ཡུན་རིང་ཉལ། །སྔོན་བྱོན་ཁྲེལ་ཡོད་རྣམས་ལ་མ་གྲགས་པའི། །རྟོག་དཔྱོད་མང་བྱས་བདེན་བརྫུན་བསྲེ་བསླད་མཁན། །བྱིས་རྣམས་མགོ་རླུང་དཀྲུག་པའི་འཕྱོན་མ་པས། །ལོག་ཞུགས་གཏམ་གྱིས་དིང་སང་འདི་ན་སེམ། །འདི་བྱོན་ལུང་གི་ཉི་མ་རིགས་པ་ཡི། །རྗེས་འབྲང་ཆ་ཤས་བསགས་པ་འདི་ཤར་ཚེ། །འདབ་བརྒྱའི་ཚལ་དང་ཨུཏྤལ་འཕྲེང་མང་པོ། །རྒྱས་མཛད་གྲགས་པ་སླར་བྱོན་མིན་ནམ་ཅི། །གང་བཤད་འདི་ནི་གསར་བྱུང་མིན་ནོ་ཕྱོགས་གླང་གྲགས་པའི་གཞུང་ལུགས་ཐད་སོར་བཞག །ཐོགས་མེད་མཆེད་ཀྱི་སྲོལ་ས་གཞན་མ་ཡིན་ཏེ་མ་ཕམ་བྱམས་པའི་གཞུང་ཇི་བཞིན། །གསར་བྱུང་ལུགས་ཞེས་རྒོལ་བར་བཟོད་ན་ལུང་དང་རིགས་པའི་དཔུང་ཅན་དེ་བཤོམས་ལ། །མཁས་དང་གཟུ་དང་ཤན་འབྱེད་དྲང་བཟོད་དཔང་པོའི་དྲུང་དུ་བག་ཡོད་བྱོས་ཏེ་རྒོལ། །མི་བཟད་མུན་ཆེན་འཇོམས་པའི་སྟོབས་མངའ་བ། །ཀླུ་སྒྲུབ་རིགས་གཞུང་ཉམས་པ་མེད་བཞིན་དུ། །རྟོགས་པའི་ཡོན་ཏན་གོང་ནས་གོང་སྤེལ་བ། །ཐོགས་མེད་གཞུང་བཞིན་མི་འགལ་བཤད་འདི་ནི། །གང་ཞིག་གང་གིས་གང་དུ་རྒྱས་བཏབ་མ་གྱུར་ཡོད་མིན་པ་དེ་ཕྱག་རྒྱ་ཆེན་པོའི་ལུང༌། །གང་ལས་བྱུང་བ་མདའ་བསྣུན་ཞལ་དེ་སླར་བྱོན་གྱུར་པ་འཕྲིན་ལས་དབང་པོ་ཀརྨའི་མཚན། །གང་གི་བཀས་གནང་ཕྱིར་ན་འདི་བྱས་དོན་མེད་མིན་ནོ་ནོངས་གང་དེ་ཉིད་ཀྱིས་བཟོད་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གང་ནི། །འཆར་བར་བཞེད་ན་ཉི་མ་ཉིད་གྱུར་པ། །ནམ་ཡང་ནུབ་མིན་གླིང་བཞིའི་མཁའ་ལ་གསལ། །འཕྲིན་ལས་དབང་པོ་ནམ་ཡང་འཆར་བྱེད་ཤོག །འཛམ་གླིང་ཆོས་ཀྱི་གྲགས་པ་ཡི། །ཉི་མས་སྲིད་དང་ཞི་བ་ལ། །རྨོངས་དང་ཆགས་ཁྲོའི་མུན་པ་ནི། །མ་བསལ་ཅི་ཡང་ཡོད་མ་ཡིན། །གང་གི་རྟོགས་པའི་རྒྱ་མཚོར་ཡང༌། །སྟོབས་སོགས་ཡོན་ཏན་ཆར་ཆེན་པོ། །མ་ཕེབས་ཅི་ཡང་ཡོད་མིན་པ། །དེ་ཕྱིར་ཆོས་གྲགས་རྒྱ་མཚོའི་གཏེར། །ཡང་ན་ཆོས་ཀྱི་སྒྲ་དབྱངས་ནི། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང༌། །ཐུབ་པ་བཞིན་དུ་ཆེར་བསྒྲགས་པས། །འཁོར་ཚོགས་རྒྱ་མཚོའི་དབུས་བཞུགས་པའོ། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བ་ལམ་གསུམ་པ། །སྲོལ་ཆེན་ཀུན་དང་ལྷན་ཅིག་ཏུ། །བསྟན་པའི་རྒྱ་མཚོར་འཇུག་བྱེད་ཤོག །ཡང་འདིར་མ་རྣམས་སྲིད་པ་ཡི། །རྒྱ་མཚོ་ཆེན་པོ་དེ་བརྒལ་ནས། །འཕྲིན་ལས་ལྷུན་གྲུབ་རྫོགས་པ་ཡི། །སངས་རྒྱས་ཉིད་དུ་བྱ་ཕྱིར་བསྔོ། །ཞེས་ཚད་མའི་མདོ་དང་གཞུང་སྡེ་བདུན་གྱི། གང་ནས་བྱུང་བའི་ཁུངས་དང༌། རྒྱ་བོད་ཀྱི་སྲོལ་འབྱེད་མཁན་པོས་ཇི་ལྟར་ཕྱེ་བའི་ཚུལ་མ་འདྲེས་པར་རྣམ་པར་གཞག་པ། ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་མཐའ་དག་མགུ་བྱེད་ཅེས་བྱ་བའི་བསྟན་འཆོས་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་དབང་པོ། རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་བཀས་གནང་བ་བདག་པོའི་རྐྱེན་དང༌། ཕྱི་དུས་ཀྱི་ཚད་མ་པ་ཁུངས་མེད་ཀྱི་འཆོལ་གཏམ་དབྱངས་སུ་ལེན་པ་དག་གིས་དམིགས་པའི་རྐྱེན་དང༌། རང་གི་ཤེས་རྒྱུད་སྔ་མའི་བག་ཆགས་གསལ་བར་སད་པས་དེ་མ་ཐག་པའི་རྐྱེན་བགྱིས་ཏེ། ཡུལ་དབུས་ཀྱི་ཀློག་པ་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རང་ལོ་དོན་བཞི་པ་ལྕགས་མོ་བྱའི་ལོ་དབོ་ཡི་ཟླ་བའི་ཡར་ཚེས་བརྒྱད་ལ། གཙང་གཡས་རུ་གསེར་མདོག་ཅན་ཞེས་པའི་ཆོས་ཀྱི་གྲྭ་ཡངས་པའི་དབུས་ཀྱི་གཙུག་ལག་ཁང་དུ། ཡོངས་སུ་རྫོགས་པ་གྲུབ་པར་བགྱི་པའི་ཡི་གེ་པ་ནི། ཀོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན། 2

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*