གཞན་དོན་ལེའུའི་རྣམ་པར་བཤད་པོ།

༼ཚ༽༄༅། །གཞན་དོན་ལེའུའི་རྣམ་པར་བཤད་པ་བཞུགས་སོ།།

ན་མ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། ཚོགས་གཉིས་ཆུ་གཏེར་བཞི་ཡི་སྐེ་རགས་ཅན། །ཕྲིན་ལས་རིན་ཆེན་རྣམ་བཞིའི་མདངས་གསལ་བའི། །རྗེ་བཙུན་སྐུ་བཞིའི་ལྷུན་པོ་ངོ་མཚར་བ། །བསྡུ་དངོས་རྣམ་བཞིའི་དོན་དུ་འདིར་སྤྱོན་ཤིག །མི་ཕམ་ཞལ་གྱི་དགོངས་དོན་ཇི་ལྟ་བ། །གསལ་མཛད་ཐོགས་མེད་མཆེད་ཀྱི་ཤིང་རྟའི་སྲོལ། །འཛིན་མཛད་ཕྱོགས་གླང་གྲགས་པའི་གཞུང་བཞིན་དུ། །འཁྲུལ་མེད་གཞན་དོན་ལེའུ་འདིར་འཆད་དོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདི་འཆད་པ་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། ལེའུ་འདི་ལ་བོད་ཀྱི་རྣམ་བཤད་མཛད་པ་སྔ་ཕྱིར་བྱོན་པ་ཆེས་མང་པོ་པ་དག་གིས་ཚིག་གི་ཟུར་མ་ཕྱིན་པར་བཤད་པ་དང༌། ཅུང་ཟད་ལོག་པར་བཤད་པ་དང༌། ཆེས་ཤིན་ཏུ་དོན་མ་ཡིན་པར་བཤད་པ་དག་མཐོང་ནས་དེ་དག་སྤང་བའི་དོན་དུའོ། །གཉིས་པ་ནི། དེ་དག་ཀྱང་གང་ཞེ་ན། ཐོག་མར་སྒྲུབ་ངག་གི་མཚན་ཉིད་དང༌། དེའི་བརྗོད་བྱ་རྟགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་སེལ་ཚུལ་སོ་སོར་མ་ཕྱེད་པས་མཐོང་དོན་གཉིས་ཀྱི་དགོས་པ་འཆད་ལུགས་ནོར་བ་དང༌། མཐོང་དོན་སྨོས་པའི་གྲུབ་དོན་ལ་རབ་གསལ་བྱེད་ཀྱི་རྣམ་བཅད་དུ་འཆད་པ་དང༌། དེའི་རྣམ་བཅད་གཞུང་འགྲེལ་གང་ནས་ཀྱང་མ་བཤད་བཞིན་དུ་ཁ་སྐོང་བ་དང༌། སྒྲུབ་ངག་འགོད་པ་པོ་སྔ་རྒོལ་ཉིད་དུ་འཆད་པ་དང༌། གཏན་ཚིགས་ལ་ཕྱོགས་ཆོས་སྔ་རྒོལ་གྱིས་གྲུབ་པ་དགོས་ན་ཐལ་འགྱུར་ལ་ཡང་དེ་དགོས་པར་མཚུངས་ཞེས་པ་ཐལ་འགྱུར་གྱི་གཞུང་གི་འཕྲོས་མཚམས་སུ་སྦྱོར་བ་དང༌། སྐབས་དེར་སྒྲུབ་པའི་ཐལ་བ་འཆད་རྒྱུ་ལ་ཐལ་བར་སྒྲུབ་པ་ཞེས་ལུང་དུ་མ་བསྟན་པའི་ཚིག་གིས་འཆད་པ་དང༌། སྒྲུབ་པའི་ཐལ་འགྱུར་ཞེས་པ་ཅི་ལ་ཟེར་གྱི་མིང་ཙམ་ཡང་མ་ཚོར་བས་རྟོག་གེའི་གནས་ལ་བློ་ཁ་མ་ཕྱོགས་པའི་ཉེས་པ་མང་པོ་སྐྱེད་པ་དང༌། ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་འཆད་པའི་དོན་མ་ངེས་པས་སྐབས་ཀྱི་ཕྱི་རྒོལ་ལ་དམ་བཅའ་དངོས་སུ་བརྗོད་པར་འདོད་པ་དང༌། བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་མི་ལེན་པའི་བཤད་པ་བྱེད་པ་དང༌། ལྟར་སྣང་བཅས་སོགས་ཀྱི་འབྲུ་མནོན་པ་དང༌། བསྒྲུབ་བྱའི་གཞུང་ཐམས་ཅད་གཞན་དོན་ལ་སྦྱར་བས་རང་དོན་གྱི་བསྒྲུབ་བྱ་ཡུལ་སྟོར་བ་དང༌། གལ་ཏེ་ཁས་ལེན་ན་ཡང་ཆོས་ལྔ་མ་ཚང་བར་སོང་བས་ཤིན་ཏུ་ནོངས་པ་དང༌། འདོད་ཚིག་གི་ཡོངས་གཅོད་ལ་མ་བརྟགས་པས་བསྒྲུབ་བྱ་ཡང་དག་ལ་ཚད་མས་དམིགས་པས་ཁྱབ་པར་འདོད་པ་དང༌། ཚད་མའི་བསལ་བ་ཐམས་ཅད་མངོན་སུམ་གྱི་བསལ་བར་འདོད་པ་དང༌། མདོར་བསྟན་དུ་ཟུར་བཞི་ཀ་ཁྱབ་ཆེས་སེལ་བ་ལ་སྦྱར་བས་མ་ཁྱབ་པ་སེལ་བྱེད་ཆད་པ་དང༌། བཞི་ཀ་རིགས་མི་མཐུན་སེལ་བ་ལ་སྦྱར་བས་ལོག་རྟོག་སེལ་བྱེད་ཆད་པ་དང༌། ཀུན་བཏུས་ཀྱི་འགྲེལ་པར་རང་སྒྲ་སྨོས་པ་ཆོས་ཅན་ཞེས་ཟེར་བ་རྣམ་དབྱེ་མ་ཕྱེད་པ་དང༌། དེ་ལས་འཕྲོས་པའི་འགལ་བའི་གཏན་ཚིགས་ཀྱི་དབྱེ་བ་དག་དེ་མཚན་ཉིད་པ་མ་ཡིན་པར་ཁས་ལེན་པ་དང༌། འདིར་གཏན་ཚིགས་ཡང་དག་དང་ལྟར་སྣང་གི་དབྱེ་བ་མཐའ་དག་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་ལྟོས་ནས་བཞག་དགོས་པ་དང༌། ངག་ཏུ་བརྗོད་པ་ལ་མི་ལྟོས་པར་བཤད་པ་དེ་བོར་ནས་དངོས་ཀྱི་བསྒྲུབ་བྱ་དང་དེའི་ཆོས་ཤེས་ཟེར་བ་ལ་ནན་ཏན་སྐྱེད་པ་དང༌། སྒྲ་དང་མི་རྟག་པའི་རྣམ་གཅོད་འཆད་པའི་སྐབས་གོང་འོག་ཀུན་ནོར་བ་དང༌། གཞན་སྡེས་ལུང་དོན་ཐམས་ཅད་སྐབས་ཀྱི་བསྒྲུབ་བྱར་བྱེད་དགོས་ཟེར་བ་གཞུང་འགྲེལ་ན་མེད་བཞིན་དུ་ནན་གྱིས་སྦྱར་བས་གཞུང་དོན་མང་པོ་འཆུགས་པ་དང༌། སངས་རྒྱས་པས་སྒྲ་རྟག་པར་ཁས་བླངས་པ་ལ་སངས་རྒྱས་ཀྱི་ལུང་གིས་གནོད་ཅེས་འཆད་པ་དང༌། རྟགས་ཕྱོགས་གཉིས་པོའི་མཚན་ཉིད་ཀྱི་གསལ་བྱ་ལ་དེའི་སྐྱོན་དུ་མི་འཆད་པས་གཞུང་གི་བརྡ་མང་པོ་ནོར་བ་དང༌། བསྒྲུབ་བྱ་དང་དེའི་ཆོས་དང་ཆོས་ཅན་མེད་པ་གསུམ་ཀ་རྟགས་ཕྱོགས་གཉིས་ཀའི་སྐྱོན་དུ་ཁས་བླངས་པས་གཉིས་པོ་གཞི་མི་མཐུན་པའི་རྣམ་གཞག་ཉམས་པ་དང༌། བསྒྲུབ་བྱ་སྒྲུབ་མི་ནུས་པ་རྟགས་ཀྱི་སྐྱོན་དུ་གཞུང་ལས་བཤད་ཀྱང་རྟགས་ཀྱིས་དེ་སྒྲུབ་མི་ནུས་པ་བསྒྲུབ་བྱའི་སྐྱོན་དུ་གཞུང་ལས་མི་འཆད་པ་དེ་མ་གོ་བ་དང༌། རིགས་སྒོ་ནས་གསུངས་པའི་ཕྱོགས་ཀྱི་མཚན་ཉིད་སྟོན་བྱེད་ལ་ཀུན་ལས་བཏུས་ནས་བཤད་པའི་ཕྱོགས་མཚན་གྱི་དོན་བསྡུར་འཁྲུལ་པ་དང༌། གཞུང་གཉིས་པོའི་འདོད་པའི་སྐད་ཀྱི་བྱིངས་ལ་རྐྱེན་སྟེར་ཚུལ་གྱི་ཁྱད་པར་མི་འདྲ་བ་ཡོད་པ་ཉིད་དུ་འཆད་པ་དང༌། གྲགས་ཡིད་གཉིས་ཀྱི་རྩ་བའི་སྦྱོར་བ་དང་གསལ་བ་འཆད་ཚུལ་ནོར་བ་དང༌། གྲགས་ཡིད་གཉིས་ལ་གཞུང་ལས་མ་བཤད་པའི་རྟགས་གསུམ་དང་གཉིས་ཀྱི་དབྱེ་བ་འདོད་པ་དང༌། གཞལ་བྱའི་དོན་ཅན་གྱི་ཚད་མ་ཡོད་པར་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པར་ཁས་ལེན་བཞིན་དུ་དེ་མེད་པར་དམ་བཅས་པ་དེ་ཡིད་ཆེས་ཀྱི་བསལ་བ་སྟོན་བྱེད་དུ་འཆད་པ་དང༌། གཞལ་བྱའི་གནས་དང་པོ་གཉིས་ལ་དཔྱོད་པའི་ཚེ་རང་ཚིག་གི་གནོད་པ་དང༌། ཁས་བླངས་སྔ་ཕྱི་འགལ་བ་མཚན་ཉིད་པ་དག་ཡོད་པར་ཁས་ལེན་པ་དང༌། མ་མོ་གཤམ་མོ་ཞེས་པ་ལྟ་བུ་རང་ཚིག་འགལ་བའི་རྣམ་གསལ་གྱི་དཔེར་བཤད་པ་དེ་སྐབས་འདིའི་རང་ཚིག་འགལ་བ་དངོས་སུ་འཁྲུལ་པ་དང༌། ཡང་ཡུལ་ཅན་ཚད་མ་བཞི་པོ་སེལ་བྱེད་བཏགས་པ་བ་དང༌། དེས་གྲུབ་པའི་དོན་རྣམས་སེལ་བྱེད་དངོས་སུ་འཆད་པ་གཞུང་གི་དོན་དུ་འཁྲུལ་པ་དང༌། གྲགས་ཡིད་གཉིས་ཀྱི་ཁྱབ་སྒྲུབ་ཀྱི་རིགས་པ་ལ་རྩ་སྦྱོར་དུ་འཁྲུལ་པ་དང༌། རི་བོང་ཅན་སོགས་དོན་ཐམས་ཅད་དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་མ་ཡིན་པ་གྲགས་བསལ་དང༌། དེ་ཐམས་ཅད་བརྡའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་གྲགས་པས་གྲུབ་པར་འཁྲུལ་པ་དང༌། རི་བོང་ཅན་དངོས་པོའི་དབང་གིས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དུ་བརྡ་སྤྲོད་པས་ཀྱང་ཁས་ལེན་པར་འཁྲུལ་པ་དང༌། ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི། །ཞེས་པ་ནས། རྟེན་སོགས་མ་གྲུབ་ཕྱོགས་སྐྱོན་མིན་གྱི་བར་དུ་གཞུང་གི་འབྲུ་གཉེར་ཚུལ་ཐམས་ཅད་ཕྱིན་ཅི་ལོག་ཏུ་སོང་བས་རྟགས་དང་བསྒྲུབ་བྱའི་སྐྱོན་སེལ་ཚུལ་གྱི་རྣམ་གཞག་ཕལ་ཆེར་ཉམས་པ་དང༌། ཡན་ལག་ཅན་རྫས་འགོག་གི་རིགས་པ་གཞུང་ནས་མ་བཤད་པ་མང་པོ་དག་ཁ་བསྐང་བས་ཚིག་ཚོགས་ཆེ་ཞིང་དོན་ཉུང་བ་དང༌། གཞན་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་ལ་སུན་འབྱིན་བརྗོད་ཚུལ་ནོངས་པས། གཞན་དུ་རི་བོང་རྭ་ལ་སོགས། །ཞེས་པའི་སུན་འབྱིན་དེ་རང་ལུགས་སུ་ཁས་ལེན་དགོས་བྱུང་བ་དང༌། ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནའང༌། སོགས་ཚིགས་སུ་བཅད་པ་གསུམ་གྱི་འབྲུ་གཉེར་ཚུལ་ལ་བརྗོད་བྱའི་དོན་ཅི་ཡང་སྟོན་རྒྱུ་མ་བྱུང་བ་དང༌། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་མདོ་ཕྱོགས་ཆོས་འཁོར་ལོའི་བསྟན་བཅོས་ལ་བྱེད་པ་དང༌། མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་མི་སྨོས་པའི་ཤེས་བྱེད་འཆད་པའི་སྐབས་ན། མ་དམིགས་པ་དང་རང་བཞིན་རྟགས་ཀྱི་གཞི་མཐུན་བཤད་པ་མ་གོ་བ་དང༌། མངོན་སུམ་གྱིས་རྟོགས་པ་དང་གྲུབ་པའི་ཤན་མ་ཕྱེད་པ་དང༌། མི་སྣང་བ་མ་དམིགས་པས་དགག་བྱ་འགོག་ཀྱང་བསྒྲུབ་བྱ་སྒྲུབ་མི་ནུས་པར་བཤད་པ་དེ་མ་གོ་བ་དང༌། འགལ་བ་ལ་གནོད་བྱེད་དང་ཕན་ཚུན་ཐ་དད་གཉིས་སུ་ཕྱེ་ནས་ཕྱི་མ་དེ་འགལ་བ་མཚན་ཉིད་པར་མི་རུང་བ་ཉིད་དུ་འཆད་དགོས་པ་དེ་མ་གོ་བ་སོགས། འཁྲུལ་པའི་རྣམ་གཞག་མང་པོས་གཞུང་འཆད་པ་དག་སྣང་བ་དེ་ཐམས་ཅད་འཁྲུལ་པ་ཉིད་དུ་བགྲངས་ནས་རང་གི་ལུགས་འཁྲུལ་མེད་དུ་འཆད་པ་ནི་རྣམ་བཤད་འདིའི་བསྡུས་པའི་དོན་ནོ། །གསུམ་པ་ཚིག་གི་དོན་ལ། གཉིས་ཏེ། གོ་བྱེད་གཞན་དོན་རྗེས་དཔག་དང༌། དེའི་གོ་བྱ་བཤད་པའོ། །དང་པོ་ལ། གཉིས་ཏེ། མཚན་ཉིད་ཀྱི་རྣམ་བཅད་སོ་སོར་བཤད་པ་དང༌། གྲུབ་དོན་བསྟན་པའི་སྒོ་ནས་མཚན་གཞི་ངོས་བཟུང་བའོ། །དང་པོ་ལ། གཉིས་ཏེ། མཐོང་བ་སྨོས་པའི་དགོས་པ་དང༌། དོན་ཞེས་སྨོས་པའི་དགོས་པའོ། །དང་པོ་ལ། གསུམ་སྟེ། དགོས་པ་དངོས། དེ་སྒྲུབ་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་རབ་གསལ་བྱེད། །ཅེས་པའི་དོན་འཆད་དེ། འདི་ལ་དོན་རབ་གསལ་ཞེས་པས་ཆོག་མོད། མཐོང་བ་ཞེས་སྨོས་པ་ལ་དགོས་པ་ཅི་ཞེ་ན། ཁ་ཅིག་སྟེ་གྲངས་ཅན་ན་རེ། གཞན་ཕྱི་རྒོལ་སངས་རྒྱས་པ་ལ་བློ་བདེ་སེམས་མེད་དུ་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར་དུ་བཀོད་པའི་སྐྱེ་འཇིག་ཅན་དེ་ཆོས་ཅན་གྱི་སྟེང་དུ་སྔ་རྒོལ་བདག་གིས་མཐོང་བ་མིན་ཀྱང་གཞན་ཕྱི་རྒོལ་བདག་གིས་མཐོང་བ་མིན་ཀྱང་གཞན་ཕྱི་རྒོལ་དག་གིས་མཐོང་བས་ན་སྐྱེ་འཇིག་ཅན་དེ་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་དང༌། དེ་བརྗོད་བྱར་སྟོན་པའི་རྟགས་ཚིག་དེ་གཞན་དོན་རྗེས་དཔག་ཡིན་ནོ་ཞེས་ཟེར་བ་དེ་སྤང་བའི་ཕྱིར་དུ་སྐབས་དེར་བདག་གིས་མཐོང་བ་ཞེས་པའི་ཚིག་སྨོས་སོ། །དེ་ལ་གཞན་དོན་རྗེས་དཔག་གི་མཚན་ཉིད་འཆད་པའི་ཟུར་དུ་རྒོལ་བ་རང་གི་ཚད་མས་མཐོང་བ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་སྟོན་པའི་སྒྲུབ་ངག་ཡང་དག་ཡོད་དོ་སྙམ་པའི་ལོག་པར་རྟོག་པ་དེ་སྤང་བར་བྱ་བའི་ཆེད་ཡིན་པས་སོ། །འདིས་ནི་ཁྱབ་པའི་ཚུལ་གཉིས་ཀྱང་མཚོན་པར་ནུས་སོ། །གཉིས་པ་ལ། གཉིས་ཏེ། བློ་བདེ་སེམས་མེད་དུ་སྒྲུབ་པའི་ཕྱོགས་ཆོས་ལུང་གིས་མི་འགྲུབ། འགྲུབ་ན་ཧ་ཅང་ཐལ་བའོ། །དང་པོ་ལ། གཉིས་ཏེ། སངས་རྒྱས་པའི་ལུང་གིས་མི་འགྲུབ། གྲངས་ཅན་ལ་དེའི་ཕྱོགས་ཆོས་འགྲུབ་ཀྱི་ལུང་དང་ཚད་མ་མེད་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། དེས་དེ་མི་འགྲུབ་པའི་སྒྲུབ་བྱེད་དང༌། འགྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། ལུང་དེ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་ལ་ཡོངས་སུ་བརྟགས་ནས་དེ་ལ་དཔྱད་པས་རྣམ་པར་དག་པ་ན་ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང་དེ་གནས་གསུམ་པའི་སྒྲུབ་བྱེད་དུ་ཡོངས་སུ་ལེན་པའི་ཕྱིར། ཁྱབ་པ་ནི། ལུང་གིས་གྲུབ་པའི་གཞལ་བྱ་དེར་ནི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་འཇུག་པར་མི་འགྱུར་བས་སོ། །གལ་ཏེ་དེར་དེ་མི་འཇུག་ཀྱང་བློ་བདེ་སྐྱེ་འཇིག་ཅན་དེ་ཤིན་ལྐོག་ཏུ་ཁས་ལེན་ནོ་ཞེ་ན། ཤིན་ལྐོག་ལ་དཔྱོད་པའི་ཚེ་སངས་རྒྱས་པའི་ལུང་དེ་ནི་ཆོས་ཅན། ལུང་ཚད་མ་མ་ཡིན་པར་ཐལ། ཁྱོད་ཀྱི་དོན་ལ་ཚད་མས་གནོད་པའི་ཕྱིར་དུ་གཞན་བློ་བདེ་སེམས་མེད་ལ་ནི་སྒྲུབ་བྱེད་བརྗོད་པའི་ཕྱིར། དེ་བས་ན་ལུང་དེས་གྲུབ་པའི་བློ་བདེ་སྐྱེ་འཇིག་ཅན་མ་ལུས་པ་གྲུབ་པ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་བློ་བདེ་སྐྱེ་འཇིག་ཅན་དུ་སྟོན་པའི་ལུང་དེ་སངས་རྒྱས་པ་ལ་ཚད་མར་གྲུབ་སྟེ། སངས་རྒྱས་པ་ཁོ་ན་ལ་ལྡན་པའི་ཕྱིར། ཞེ་ན། དེ་ལ་གཉིས་ལས། ལྡན་ཞེས་པའི་སྒྲུབ་བྱེད་དགག་པ་ནི། སངས་རྒྱས་པ་གང་གི་ལུང་གང་ཡིན་པ་དེ་ཆོས་ཅན། སངས་རྒྱས་པ་ཁོ་ན་ལ་ལྡན་པ་མ་ཡིན་ཏེ། དེ་དང་འབྲེལ་བ་མེད་པའི་ཕྱིར་རོ། །བསྒྲུབ་བྱ་དགག་པ་ནི། ལུང་དེ་ཆོས་ཅན། སངས་རྒྱས་པ་ལ་ཇི་ལྟར་གྲུབ་པ་ཡིན་ཏེ། ཁྱོད་ཀྱི་བརྗོད་བྱའི་དོན་ལ་ཚད་མས་གནོད་པར་གྱུར་པའི་ཡིན་པའི་ཕྱིར། དེའི་ཁྱབ་པ་ནི། སངས་རྒྱས་པའི་ལུང་དོན་དེ་དང་འགལ་བ་བློ་བདེ་སེམས་མེད་དུ་ཁས་ལེན་པར་རིགས་པ་དེ་ཉིད་ཀྱིས་ནི་སངས་རྒྱས་པའི་ལུང་དེ་ཚད་མར་ཇི་ལྟར་འགྱུར་ཏེ། ལུང་དོན་དེ་ལས་གཞན་པ་ཁས་ལེན་རིགས་ན་ལུང་དེ་དོར་བར་བྱ་བའི་ཡན་ལག་ཡིན་གྱི། ལུང་ཚད་མ་མ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། གྲངས་ཅན་རང་ལ་བློ་བདེ་སེམས་མེད་ཀྱི་རྟོགས་པ་དེ་གང་ལས་བྱུང་བར་གྱུར་པའི་སྒྲུབ་བྱེད་དེ་ནི་སངས་རྒྱས་པ་ལ་ཅིས་མ་བརྗོད་ཅེས་འདྲི། གྲངས་ཅན་གྱི་ལུང་ལས་རྟོགས་པ་ཡིན་ལ། ལུང་དེ་སངས་རྒྱས་པས་མི་འཛིན་པས་སོ་ཞེ་ན། བློ་བདེ་སེམས་མེད་དུ་སྟོན་པའི་ལུང་དེ་ནི་ཆོས་ཅན། སངས་རྒྱས་པ་འདིས་ཀྱང་ཅིས་མི་འཛིན་ཏེ་འཛིན་རིགས་པར་ཐལ། ཁྱོད་བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ནི། རིགས་པ་གང་གིས་བློ་བདེ་སེམས་མེད་དུ་སྒྲུབ་པའི་ལུང་ཚད་མར་འཛིན་པའི་རིགས་པ་དེ་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་ཕྱི་རྒོལ་ལ་སྟོན་དགོས་པའི་ཕྱིར། གྲངས་ཅན་ན་རེ། ངེད་ཀྱིས་རྣལ་འབྱོར་མངོན་སུམ་ལས་དེར་རྟོགས་པ་ཡིན་ནོ། །ཞེ་ན། གྲངས་ཅན་ཆོས་ཅན། དེ་དེར་རྟོགས་པའི་ཐབས་ལ་ནན་ཏན་བྱས་པར་ཐལ། སྔར་ནི་ཐ་མལ་པར་གྱུར་པ་ལ་ཕྱིས་ནི་སྒྲུབ་བྱེད་གང་དག་གིས་བློ་བདེ་སེམས་མེད་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་རྒྱུད་ལ་སྐྱེས་པའི་ཕྱིར། འདོད་ན། དེ་ཆོས་ཅན། སངས་རྒྱས་པ་ལ་དབང་པོ་རྣལ་འབྱོར་མངོན་སུམ་འབྱུང་བའི་སྒྲུབ་བྱེད་ཀྱི་ཐབས་དེ་དག་སྟོན་རིགས་པར་ཐལ། སངས་རྒྱས་པ་དེ་དོན་རྣལ་འབྱོར་མངོན་སུམ་གྱི་ནུས་པ་སྟེ་ཐབས་ཤེས་པ་ལ་ནུས་པ་དང་ལྡན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། རྣལ་འབྱོར་མངོན་སུམ་དེ་ཐབས་གང་དང་ཡང་འབྲེལ་བ་རྣམ་བར་ཆད་ཅིང༌། སྤྱི་ཡི་ཚུལ་གྱིས་ཀྱང་སྤྱོད་ཡུལ་མ་ཡིན་ནོ། །ཞེ་ན། བློ་བདེ་སེམས་མེད་ཀྱི་དོན་དེ་དག་ལ་བསྒྲུབ་བྱ་དང་སྐྱེ་འཇིག་ཅན་ལ་སྒྲུབ་བྱེད་དུ་དཔྱོད་པ་ཅུང་ཟད་ཀྱང་མེད་པར་ཐལ། དེའི་རྟགས་ཆོས་ཀྱི་འབྲེལ་པ་འགྲུབ་བྱེད་ཀྱི་ཚད་མ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ། ཧ་ཅང་ཐལ་བ་དངོས་དང༌། ཕྱོགས་ཆོས་གྲུབ་ཀྱང་ཁྱབ་འབྲེལ་མེད་པའོ། །དང་པོ་ནི། ཕྱོགས་ཆོས་སྐྱེས་བུའི་བསམ་པའི་དབང་གིས་གྲུབ་པ་ནི་གཏན་ཚིགས་ཡང་དག་དེ་ཉིད་དང་སྐྱེས་བུའི་འདོད་པ་ཙམ་གྱིས་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ན་གཏན་ཚིགས་དེ་ཉིད་མ་ཡིན་པ་འགལ་བའི་གཏན་ཚིགས་སུ་འཇོག་ན། གཏན་ཚིགས་ཡང་དག་དང་དེར་སྣང་བ་ལྟར་སྣང་གཉིས་མཐའ་གཅིག་ཏུ་ངེས་པ་མེད་པར་འགྱུར་བས་ཁྱབ་སྟེ། སྐྱེས་བུའི་བསམ་པ་དེ་ནི་དངོས་པོའི་གནས་ཚུལ་ལ་བརྟེན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཐལ་བ་ལས་ཕྱོགས་ཆོས་དོན་ལ་མེད་པ་རྒོལ་བའི་བློས་ཤེས་པ་ཙམ་གྱིས་སྒྲུབ་བྱེད་ཡང་དག་ཏུ་རུང་བ་མ་ཡིན་ཏེ། གཏན་ཚིགས་ཡང་དག་ཡིན་ན་ཕྱོགས་ཆོས་དོན་ལ་ཡོད་པ་རྒོལ་བ་གཉིས་ཀའི་ཚད་མས་ཤེས་པ་ལ་ལྟོས་པ་དང་བཅས་པ་ཡིན་དགོས་པའི་ཕྱིར། མདོར་ན་གྲངས་ཅན་གྱིས་བློ་བདེ་སེམས་མེད་དུ་རྟོགས་པ་དེ་ཆོས་ཅན། རྟོགས་པ་མེད་པ་དང་མཚུངས་ཏེ། བློ་བདེ་སེམས་མེད་དེ་ཡོད་དུ་ཆུག་ཀྱང༌། སྒྲུབ་བྱེད་ཀྱི་དངོས་པོ་གང་དང་ཡང་འབྲེལ་བ་མེད་པའི་ཕྱིར། གཉིས་པ་ནི། སྐྱེ་འཇིག་ཅན་ཆོས་ཅན། དེ་སྒྲུབ་ཀྱི་རང་བཞིན་དང་ནི་འབྲས་བུའམ་སྣང་བ་མཐོང་བ་མེད་པ་ཉིད་ཀྱི་རྟགས་གསུམ་པོ་གང་རུང་དུ་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེ་འཇིག་ཅན་དང་སེམས་མེད་ཀྱི་འབྲེལ་པ་དེ་དངོས་པོ་ལ་གྲུབ་པ་ཡིན་ན་ནི་གྲངས་ཅན་རང་ལ་ཡང་བློ་བདེ་སྐྱེ་འཇིག་ཅན་དུ་ཅིའི་ཕྱིར་མ་གྲུབ་ལ། འབྲེལ་པ་དེ་མེད་ན་ནི་རྒོལ་བ་གཞན་གྱིས་ཀྱང་འབྲེལ་མེད་ཀྱི་གཏན་ཚིགས་གཞན་ལས་བསྒྲུབ་བྱ་རྟོགས་པར་མི་རིགས་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཕྱོགས་ཆོས་རྒོལ་བ་རང་གི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་བྱས་པའི་གཞན་དོན་རྗེས་དཔག་མི་སྲིད་ན་བྱེ་བྲག་པས་བ་ལང་གི་སྤྱི་ཆ་མེད་དུ་ཡང་ཁས་བླངས་རང་གི་བསལ་བ་དུ་མ་དང་འཕྲོ་འདུའི་འབྲེལ་པ་གྲུབ་པར་ཡང་ཁས་བླངས་པ་ལ། ཕྱོགས་ཀྱི་གླང་པོས་གང་དུ་མ་དང་འབྲེལ་ན་ཆ་དང་བཅས་པས་ཁྱབ། དཔེར་ན་སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། བ་ལང་གི་སྤྱི་ཡང་རང་གི་བསལ་བ་དུ་མ་དང་འབྲེལ་བར་ཁས་བླངས་སོ། །ཞེས་བཀོད་པ་དེ་མི་འཐད་པར་འགྱུར་རོ། །ཞེ་ན། སློབ་དཔོན་གྱིས་བྱེ་བྲག་པ་གཞན་གྱིས་བརྟགས་པ་ཡི་ཁས་བླངས་རྟགས་སུ་བཀོད་ནས་ཚད་བསལ་ཞུགས་པའི་ཆོས་ཐལ་བར་འཕེན་པའི་སྒྲུབ་ངག་བཀོད་པ་ཆོས་ཅན། ཕྱོགས་ཆོས་རྒོལ་བའི་ཚད་མས་མ་གྲུབ་པའི་གཏན་ཚིགས་བརྗོད་བྱར་བྱས་པ་མ་ཡིན་ཏེ། གཅིག་ཆ་བཅས་མེད་ན་གཞན་བསལ་བ་དུ་མ་ལ་འབྲེལ་བ་དེ་དགག་པའི་ཕྱིར་དུ་འཕངས་པའི་གཞན་དོན་རྗེས་དཔག་ཡིན་པའི་ཕྱིར། དེས་དེ་དགག་ནུས་ཏེ། གཉིས་པོ་ལ་འབྲེལ་བ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། འདི་གོ་བདེ་བར་བྱེད་ན་བྱས་མི་རྟག་གི་འབྲེལ་བ་དང་སྒྲ་བྱས་པར་ཚད་མས་ཤེས་ཤིང་རྟག་པར་ཁས་ལེན་པའི་སྔ་རྒོལ་གྲངས་ཅན་ལ། ཕྱི་རྒོལ་སངས་རྒྱས་པས། གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་ནམ་མཁའ་བཞིན། སྒྲ་ཡང་རྟག་པར་ཁས་བླངས་སོ། །ཞེས་གྲངས་ཅན་གྱི་ཁས་བླངས་རྟགས་སུ་བཀོད་ནས་དེའི་ཚད་མས་བསལ་བ་ཞུགས་པའི་ཆོས་ཐལ་བར་འཕངས་པའི་གཞན་དོན་རྗེས་དཔག་འདི་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་ཏེ། རྒོལ་བ་སངས་རྒྱས་པ་རང་གི་ཚད་མས་མཐོང་བའི་བྱས་རྟགས་ཀྱིས་དེར་སྒྲུབ་པའི་ཚུལ་གསུམ་རྒོལ་བ་གཞན་གྲངས་ཅན་གྱི་དྲན་ལམ་དུ་གསལ་བར་འཕེན་པའི་ངག་སྐྱོན་མེད་ཡིན་པའི་ཕྱིར། ཞེས་འགོད་དོ། །གཉིས་པ་ལ། གཉིས་ཏེ། དགོས་པ་དངོས་དང༌། དེ་སྒྲུབ་པའོ། །དང་པོ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་ཀྱི་ཟུར་དུ་དོན་ཞེས་སྨོས་པ་དེ་ནི་ཆོས་ཅན། སྒྲ་སྟེ། རྟག་པའམ་མི་རྟག་པར་ལུང་ལས་བཤད་པ་དག་དང༌། རྟོགས་པས་སྒྲོ་བཏགས་པའི་བདག་ཉིད་ཅན་ཏེ་ཕྱོགས་དང་མཐུན་ཕྱོགས་གང་རུང་ཡིན་པའི་རྟགས་ཀྱིས་སྒྲ་རྟག་པའམ་མི་རྟག་པར་སྒྲུབ་པའི་རྟགས་ཉིད་བརྗོད་བྱར་སྟོན་པའི་ངག་རྣམས་སྒྲུབ་ངག་ཡང་དག་མ་ཡིན་པར་སྒྲུབ་པའི་དོན་ཅན་ཡིན་ཏེ། ཚུལ་གསུམ་ཚང་བའི་དོན་ལས་བསྒྲུབ་བྱའི་དོན་ནི་གྲུབ་པའི་ཕྱིར་རོ། །འདིའི་དོན་ནི། རང་གིས་མཐོང་བ་རབ་གསལ་བྱེད་ཅེས་བཤད་པ་ན་བསྒྲུབ་བྱ་བརྗོད་པའི་ཚིག་ཀྱང་སྒྲུབ་ངག་ཏུ་འགྱུར་ཏེ། བསྒྲུབ་བྱ་ཡང་རྒོལ་བ་རང་གིས་མཐོང་བ་ཡིན་པའི་ཕྱིར་སྙམ་དུ་དོགས་པ་ལ་དོན་རབ་གསལ་བྱེད་ཅེས་སྨོས་པ་ཆོས་ཅན། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་སེལ་ནུས་ཏེ། སྒྲུབ་ངག་ཡང་དག་ཡིན་ན་ཚུལ་གསུམ་གང་རུང་ཚིག་གིས་ཟིན་པར་བརྗོད་ནས་གསུམ་ཀ་དྲན་ལམ་དུ་འཕེན་ནུས་ཡིན་དགོས་པའི་ཕྱིར། ཞེས་པའོ། །དེའི་ཕྱིར་ཚུལ་གསུམ་ཚད་མས་མཐོང་ནས་དོན་ལ་མ་གྲུབ་པ་མི་སྲིད་མོད་ཀྱང༌། རང་གིས་མཐོང་ཞེས་པ་དེ་ནི་དོན་ཚུལ་གསུམ་པ་ཅན་ནོ། །ཞེས་བཤད་ན་ཚད་མ་རྣམ་པར་ངེས་པ་དང་མཐུན་ནོ། །གཉིས་པ་ནི། རྟོག་པས་བརྟགས་པའི་གཏན་ཚིགས་བཤད་མ་ཐག་པ་དེ་དག་ནི་འཁྲུལ་པ་ཡིན་ཏེ། རྟོག་པ་དང་ལུང་དག་བྱེད་པ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བ་དང༌། མཐུན་ཕྱོགས་ཀྱི་དངོས་པོ་ལས་གཞན་དུ་འཇུག་པ་སྲིད་པའི་ཕྱིར་རོ། །གསུམ་པ་ལ། གཉིས་ཏེ། ཕྱོགས་ཚིག་སྒྲུབ་བྱེད་ཀྱི་ཡན་ལག་ཏུ་མི་འཐད་པའི་རང་ལུགས་ཀྱི་ལུང་རིགས་བཤད། གཞན་གྱི་རྩོད་ལན་འབྲེལ་མེད་དུ་བསྟན་པའོ། །དང་པོ་ལ། གསུམ་སྟེ། དེ་དེའི་ཡན་ལག་མ་ཡིན་པའི་སྒྲུབ་བྱེད། ཡིན་པའི་སྒྲུབ་བྱེད་དགག་པ། དེས་གྲུབ་པའི་དོན་ནོ། །དང་པོ་ལ། གཉིས་ཏེ། རང་གི་རིགས་པ་དང༌། སློབ་དཔོན་གྱི་དགོངས་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། ཕྱོགས་དང་རྟགས་ཀྱི་ཚིག་གཉིས་ཀ་དངོས་སུ་སྒྲུབ་བྱེད་མ་ཡིན་པར་མཚུངས་པ། སྒྲུབ་བྱེད་ཀྱི་ཡན་ལག་ཡིན་མིན་མི་མཚུངས་པའོ། །དང་པོ་ནི། མཚན་ཉིད་དེ་དང་ལྡན་པའི་མཚན་གཞི་ཇི་ལྟ་བུ་ཞེ་ན། རིགས་པ་ཅན་པ་དང་རང་སྡེ་སྔ་མ་ན་རེ། སྒྲ་ནི་མི་རྟག་སྟེ་ཞེས་དམ་བཅའ་ཡན་ལག་དང༌། དེའི་ཕྱིར་ན་སྒྲ་མི་རྟག་ཅེས་མཇུག་བསྡུད་ཚིག་གིས་ཟིན་པར་བྱེད་དགོས་སོ་ཞེས་ཟེར། དོན་བསྒྲུབ་བྱ་སྒྲུབ་པ་ལ་ཕྱོགས་བརྗོད་པ་དང་གཏན་ཚིགས་བརྗོད་པའི་ཚིག་གཉིས་ཀ་ལ་ཡང་སྒྲུབ་བྱེད་ཀྱི་ནུས་པ་མེད་དེ། ཚུལ་གསུམ་ཚང་བའི་དོན་གྱིས་བསྒྲུབ་བྱའི་དོན་རྟོགས་དགོས་པའི་ཕྱིར། དེས་ན་ཕྱོགས་ཚིག་དང་རྟགས་ཚིགས་དེ་དག་རང་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་ནུས་པར་གནས་པ་མ་ཡིན་ནོ། །འོ་ན་སློབ་དཔོན་སྒྲ་བྱུང་གི་ཚད་མ་བཞེད་པ་མ་ཡིན་ནམ་ཞེ་ན། སློབ་དཔོན་ནི་བུམ་པ་མི་རྟག་ཅེས་པའི་ཕྱོགས་ཀྱི་ཚིག་དེ་རང་སྨྲ་བ་པོའི་བསམ་པ་སྟོན་པར་བྱེད་པ་ལ་སྒྲུབ་བྱེད་ཚད་མར་དགོངས་པ་ཡིན་གྱི། དེ་འདྲ་དེ་གཞི་འདིར་བུམ་པ་མི་རྟག་པ་དངོས་སུ་སྒྲུབ་པར་བྱེད་ནུས་མ་ཡིན་ཏེ། བུམ་པ་མི་རྟག་ཅེས་པའི་ཚིག་དེ་ལས་རང་གི་བརྗོད་བྱའི་དོན་ལ་ཐེ་ཚོམ་དག་སྐྱེ་བར་བྱེད་ཀྱི། ངེས་པ་འདྲེན་ནུས་པ་མ་ཡིན་པའི་ཕྱིར། དེ་ཆོས་ཅན། བརྒྱུད་པ་ཡིས་ཀྱང་བུམ་པ་མི་རྟག་པར་སྒྲུབ་པའི་ནུས་པ་མེད་དེ། བསྒྲུབ་པར་བྱ་བ་དེ་ཉིད་བརྗོད་པའི་ཚིག་ཡིན་པའི་ཕྱིར། འོ་ན་གཏན་ཚིགས་ཀྱང་བརྗོད་མི་དགོས་པར་འགྱུར་ཏེ། དེ་བརྗོད་པའི་ཚིག་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། དཔེར་ན་ཕྱོགས་བརྗོད་པའི་ཚིག་བཞིན་ནོ། །ཞེ་ན། གང་བྱས་ན་ཞེས་སོགས་གཏན་ཚིགས་བརྗོད་པའི་ཚིག་ཆོས་ཅན། རང་ཉིད་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་ཀྱང་རྒོལ་བ་གཞན་ལ་བརྗོད་དགོས་ཏེ། གཞན་ངོར་བསྒྲུབ་བྱ་སྒྲུབ་ནུས་ཀྱི་ཚུལ་གསུམ་དྲན་ལམ་དུ་སྟོན་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། སློབ་དཔོན་གྱིས་ཀྱང་དེ་ལྟར་བཤད་པ་ཡིན་ཏེ། ཇི་སྐད་དུ། དེ་ལ་དཔག་བྱ་བསྟན་པ་ནི། །གཏན་ཚིགས་དོན་གྱི་ཡུལ་དུ་འདོད། །ཅེས་ཕྱོགས་དེ་གཏན་ཚིགས་ཀྱི་ནུས་པ་འཇུག་པའི་དོན་གྱི་ཡུལ་དུ་བསྟན་པ་ཉིད་ཀྱིས་ཕྱོགས་ཚིག་ལ་བསྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པ་དེ་ནི་བརྗོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཕྱོགས་ཚིག་དེ་ལའང་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ཡོད་དེ། དེ་ལ་བརྟེན་ནས་གཏན་ཚིགས་ཀྱི་ཚིག་འཇུག་པའི་ཕྱིར། ཞེ་ན། མ་ངེས་ཏེ། གཏན་ཚིགས་འཇུག་པ་དེ་ནི་ཕྱི་རྒོལ་ཐེ་ཚོམ་གྱིས་ཤེས་པར་འདོད་པས་འདྲི་བའི་སྐབས་ལ་བརྟེན་པ་ཡིན་པའི་ཕྱིར་དང༌། སྔ་རྒོལ་མི་མཐུན་ཕྱོགས་ཁས་ལེན་པ་ལ་ཡང་གཏན་ཚིགས་འཇུག་པ་དེ་མཚུངས་པའི་ཕྱིར། དེ་ལྟ་ན་ཐུག་པ་མེད་པར་འགྱུར་རོ། །འོ་ན་རྟགས་ཚིག་ལ་ཡང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ནང་གི་ཡན་ལག་བསྒྲུབ་བྱ་སྒྲུབ་པའི་ནུས་པ་ནི་ཚུལ་གསུམ་ཚང་བའི་གཏན་ཚིགས་དག་ལ་ཡང་དག་པར་གནས་ལ། ཚུལ་གསུམ་དེ་ལ་དྲན་པ་སྐྱེད་པ་ནི་རྟགས་ཚིག་དེ་ཉིད་ལ་ཡང་དག་པར་གནས་པའི་ཕྱིར། གལ་ཏེ་རྟགས་ཀྱི་ནུས་ཡུལ་ཚིག་ཟིན་ལ་བསྟན་པ་མེད་པར་ནི་གཏན་ཚིགས་འཇུག་པ་མེད་པའི་ཕྱིར་ན་ནུས་ཡུལ་དངོས་སུ་བསྟན་པ་དག་ཉིད་ལས་ནི་བསྒྲུབ་བྱ་སྒྲུབ་པའི་ནུས་པ་གྲུབ་པར་འདོད་དོ། །ཞེ་ན། གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་ཚེ། ཕྱོགས་དངོས་སུ་བརྗོད་དགོས་པ་མ་ཡིན་ཏེ། ཕྱོགས་དངོས་སུ་བསྟན་པ་ནི་མེད་ན་ཡང་བསྒྲུབ་བྱ་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཏེ། ཕྱོགས་ཆོས་དང་ཁྱབ་པ་ཚད་མས་ཤེས་པ་སྔོན་དུ་སོང་བ་ཅན་གྱི་རྒོལ་བ་ལ་ཕྱོགས་དངོས་སུ་བརྗོད་པ་དེ་མེད་ཀྱང༌། སྒྲ་ནི་བྱས་པ་ཡིན། གང་བྱས་པ་འདི་འདྲ་ཀུན་མི་རྟག །ཅེས་ནི་བརྗོད་པས་ཀྱང་ཚུལ་གསུམ་དྲན་ལམ་དུ་འཕངས་པའི་དོན་གྱིས་སྒྲ་དེ་ནི་འཇིག་པར་རྟོགས་པའི་བློ་ངང་གིས་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཁྱབ་སྔོན་ཅན་ཞེས་པ་གཞུང་ངམ་འགྲེལ་ཚིག་གང་ཡིན་ཀྱང་རུང་སྟེ། འཆད་ཚུལ་དེ་ལས་གཞན་མང་པོ་པ་དེ་དག་ནི་རྣམ་པར་འཁྱམས་སོ། །དེའི་ཚེ་ཡང་ཕྱོགས་ཆོས་ནི་མངོན་གྱུར་ཡིན་ལ། ཁྱབ་འབྲེལ་ནི་ལྐོག་གྱུར་ཡིན་པས་ཁྱབ་སྔོན་ཞེས་སྨོས་སོ། །མདོར་ན་སྒྲུབ་ངག་གི་ཡན་ལག་ཏུ་ཕྱོགས་བརྗོད་མི་དགོས་ཏེ། ཚུལ་གསུམ་ལས་གང་ཡང་རུང་བ་གཅིག་ཉིད་ཙམ་ཡང་མ་སྟོན་ན་སྒྲུབ་པའི་ངག་མ་ཚང་བ་ཡིན་པར་བརྗོད་པའི་ཕྱིར། ངག་དོན། སྒྲ་མི་རྟག་ཅེས་པའི་ཚིག་ཆོས་ཅན། སྒྲུབ་ངག་གི་ཡན་ལག་མ་ཡིན་ཏེ། ཚུལ་གསུམ་གང་རུང་བརྗོད་བྱར་མ་སྟན་པའི་ཕྱིར། ཞེས་པའོ། །བོད་ཕྱི་མས་ནི་སུན་འབྱིན་འདི་ཐམས་ཅད་ཀྱི་ཕྱོགས་སྔ་མ་ཁས་བླངས་ཏེ། གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ལ། སྒྲ་ཆོས་ཅན། མི་རྟག་སྟེ་ཞེས་འགོད་པ་ལས་གཞན་གང་གི་ཡང་རྣམ་གཞག་སྟོན་རྒྱུ་མ་དམིགས་པའི་ཕྱིར་རོ། །འདི་ཡན་གྱི་རྩོད་གཞི་ནི་ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཏུ་བརྗོད་དགོས་མི་དགོས་ཉིད་ཡིན་གྱི། ཕྱོགས་དང་ཕྱོགས་ཚིག་གང་ཡང་སྒྲུབ་བྱེད་དུ་ནི་ཕྱོགས་སྔ་མས་ཀྱང་ཁས་བླངས་པ་མེད་དོ། །གསུམ་པ་ནི། དེ་ལྟར་བསྒྲུབ་བྱ་བརྗོད་པ་དང་སྒྲུབ་བྱེད་བརྗོད་པ་གཉིས་ལ་གཞི་མཐུན་མི་སྲིད་པར་འདོད་པ་ངེད་ཀྱི་ཕྱོགས་ལ་བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་ཁས་བླངས་པ་ལ་ནང་འགལ་བ་མེད་ཅིང༌། རིགས་པ་ཅན་པ་ལ་ནང་འགལ་ཡོད་དོ་ཞེས་སྟོན་པ་ནི། རྣམ་འགྲེལ་མཛད་པས་དམ་བཅའི་མཚན་ཉིད་ནི་བསྒྲུབ་བྱ་བརྗོད་པ་ཡིན་ནོ་ཞེས་དམ་བཅས་ནའང༌། སྨྲ་བ་དེ་ལ་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་ཐལ་བའི་སྐྱོན་འཐད་པ་མ་ཡིན་ཏེ། དཔེ་དང་གཏན་ཚིགས་ལྟར་སྣང་བ་བརྗོད་པ་ནི་སྒྲུབ་བྱེད་བརྗོད་པའི་དབང་དུ་བྱས་པ་ཉིད་ཀྱིས་ན་དམ་བཅར་ཐལ་བ་མ་ཡིན་པའི་ཕྱིར། སྐྱོན་དེ་མི་འཇུག་པ་ལ་ངེས་བཟུང་གི་ཚིག་སྦྱོར་དགོས་པ་མ་ཡིན་ནམ་ཞེ་ན། དམ་བཅའི་མཚན་ཉིད་ལ་ངེས་བཟུང་གི་ཁྱད་པར་མེད་པར་བརྗོད་ན་ཡང་དེ་དེར་ཐལ་བ་མ་ཡིན་ཏེ། བསྒྲུབ་བྱ་བརྗོད་པ་དང་རིགས་གཅིག་ན་དེ་ཡིན་ནམ་སྙམ་པའི་ཐེ་ཚོམ་ཙམ་སྐྱེ་བར་འགྱུར་ན་ཡང་དཔེ་རྟགས་མ་གྲུབ་པ་བརྗོད་པ་ནི་དེ་དང་རིགས་ཙམ་ཡང་མི་གཅིག་པའི་ཕྱིར། དེ་ལས་གཞན་དུ་མ་འོངས་པ་ན་སྒྲུབ་དགོས་པ་ཐམས་ཅད་བསྒྲུབ་བྱ་ཡིན་ན་རྫ་མཁན་གྱིས་རྫ་བུམ་བསྒྲུབ་པར་བྱའོ། །ཞེས་བྱ་བ་སོགས་བརྗོད་པ་ཀུན་ཆོས་ཅན། དམ་བཅའ་བར་ནི་ཐལ་བར་འགྱུར་ཏེ། བསྒྲུབ་བྱ་བརྗོད་པ་ཡིན་པའི་ཕྱིར། གལ་ཏེ་གཞན་རིགས་པ་ཅན་པ་དག་ལ་ཡང་དེ་ལྟར་ཐལ་བའི་སྐྱོན་མེད་དེ། དཔེ་རྟགས་མ་གྲུབ་པ་བརྗོད་པ་དེ་སྒྲུབ་བྱེད་བརྗོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱ་བརྗོད་པ་ཡིན་ན་མ་གྲུབ་པ་བརྗོད་དགོས། སྒྲུབ་བྱེད་བརྗོད་པ་ཡིན་ན་གྲུབ་ཟིན་བརྗོད་དགོས་པའི་ཕྱིར་ཞེ་ན། དེ་ནི་བསྒྲུབ་བྱ་བསྟན་པ་སྒྲ་མི་རྟག་ཅེས་པའི་ཚིག་དག་ཆོས་ཅན། ཇི་ལྟར་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་ཏེ། མ་གྲུབ་པ་བརྗོད་པ་ཡིན་པའི་ཕྱིར། ཞེས་པ་ནི་སྐབས་འདིའི་ནང་འགལ་ལོ། །དེ་ལྟ་ན་ཡང་ཕྱོགས་སྔ་མས་ཕྱོགས་ཚིག་སྒྲུབ་བྱེད་བརྗོད་པ་དངོས་ཉིད་དུ་ཇི་ལྟར་ཁས་བླངས་ཤེས་བསམ་དགོས་སོ། །ཕྱོགས་སྔ་ལ་ནང་འགལ་ཆེ་ཤེས་ནི། དེའི་ཕྱིར་སྒྲ་མི་རྟག་ཅེས་པའི་མཇུག་སྡུད་ཆོས་ཅན། དམ་བཅར་ཐལ། བསྒྲུབ་བྱ་བརྗོད་པའི་ཕྱིར། གསུམ་ཆར་ཁས་བླངས། ཞེས་པ་དང༌། དཔེ་རྟགས་མ་གྲུབ་པ་བརྗོད་པ་དེ་དམ་བཅར་ཐལ། དཔེ་རྟགས་མ་གྲུབ་པ་དེ་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་པ་ཐུན་མོང་དང་ཐལ་ཆོས་ཁས་བླངས། མ་གྲུབ་ན་སྒྲུབ་བྱེད་ཉིད་དུ་སོང་བས་གྲུབ་ཟིན་པར་ཐལ། སྒྲུབ་བྱེད་ཡིན་པའི་ཕྱིར། ཞེས་པ་འདི་ཉིད་དོ། །གཉིས་པ་ནི། མར་ལེན་གྱི་བུ་སོགས་རིགས་སྒོའི་ཊཱིཀ་བྱེད་དག འདི་སྐད་དུ། རིགས་པ་ཅན་པ་ན་རེ། ཕྱོགས་ཚིག་ཆོས་ཅན། སྒྲུབ་བྱེད་ཡིན་ཏེ། ལྟར་སྣང་བ་དང་བཅས་ཏེ་བརྗོད་པའི་ཕྱིར། ཞེས་ཟེར། དེ་ལ་མངོན་སུམ་གྱིས་མ་ངེས་པ་འཕངས་པ་ན་སྒྲུབ་བྱེད་བརྗོད་པའི་ཚིག་གི་ཁྱད་པར་སྣོན་ནོ་ཞེས་ཟེར། དེ་ལ་སུན་འབྱིན་གྱིས་མ་ངེས་སོ། །ཞེས་ཟེར། ཕྱོགས་ཚིག་སྒྲུབ་བྱེད་ཡིན་པའི་ཤེས་བྱེད་དུ་ལྟར་སྣང་བཅས་སོགས་བཀོད་པ་དང༌། དེ་ལ་མངོན་སུམ་གྱིས་མ་ངེས་པ་སོགས་དང༌། རིགས་པ་ཅན་པས་ཚེར་མ་འབྱིན་པའི་ལན་དུ་འཆད་པ་དེ་ནི་ཆོས་ཅན། བཞད་གད་ཀྱི་གནས་ཡིན་ཏེ། རིགས་པ་ཅན་པ་དང་འབྲེལ་མེད་ཀྱི་ཕྱོགས་སྔ་མ་ལ་འབྲེལ་མེད་ཀྱི་སུན་འབྱིན་འཕངས་པའི་ཕྱིར། དེ་ཇི་ལྟར་ཞེ་ན། རིགས་པ་ཅན་པའི་འདོད་པ་ནི་འདི་ལྟར། ཕྱོགས་དང་ཕྱོགས་ཚིག་གཉིས་ཀ གལ་ཏེ་གྲུབ་བརྗོད་གྲུབ་བྱེད་ཕྱིར། །ཞེས་སྒྲུབ་བྱེད་དུ་ཁས་མི་ལེན་པས་དེ་ལྟར་ཁས་ལེན་པ་དེ་ནི་དེའི་འདོད་པ་ཉིད་དུ་རིགས་པ་ཉིད་མ་ཡིན་ནོ་ཞེས་བཤད་ཟིན་པའི་ཕྱིར། དེས་ན་དེས་དེ་སྒྲུབ་ངག་གི་ཡན་ལག་ཏུ་འདོད་ཀྱང༌། སྒྲུབ་བྱེད་དངོས་ཡིན་པའི་གཏན་ཚིགས་མི་འགོད་ལ། དེ་ལྟར་འགོད་ནའང་ལྟར་སྣང་བ་དང་བཅས་པ་རྟགས་མ་གྲུབ་པའི་ལན་ཐེབས་པ་ལ་མ་ངེས་པ་འཕངས་པ་དང༌། སུན་འབྱིན་ཡང་དག་སྒྲུབ་བྱེད་ཀྱི་ཡན་ལག་ཡིན་པ་ལ་ནི་རིགས་པ་ཅན་པས་འདོད་ལན་ཐེབས་ཤིང༌། དེ་མི་ཐེབས་པའི་ཤེས་བྱེད་འགོད་རྒྱུ་ཡོད་ན་རྟགས་མ་གྲུབ་ཀྱི་ལན་ཐེབས་པར་སོང་བས་ན་རྩོད་ལ་ནི་ཚུལ་དེ་ལ་འབྲེལ་བ་མེད་དོ། །ཞེས་པ་ཉིད་གཞུང་གི་དགོངས་པའོ། །གཉིས་པ་ལ། གཉིས་ཏེ། དོན་གྱིས་གོ་བྱ་བསྒྲུབ་བྱ་བཤད་པ་དང༌། དངོས་ཀྱིས་གོ་བྱ་གཏན་ཚིགས་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྒྲུབ་བྱའི་མཚན་ཉིད་གསུངས་པའི་དགོས་པ་དང༌། དགོས་པ་དེ་ལྡན་གྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། རྗོད་བྱེད་གཞན་དོན་རྗེས་དཔག་དེ་བསྒྲུབ་བྱ་རྟོགས་པའི་དོན་ཅན་ཉིད་ཡིན་ཀྱང༌། བསྒྲུབ་བྱའི་མཚན་ཉིད་གསུངས་པ་ཆོས་ཅན། ཟློས་པའི་སྐྱོན་ཡོད་པ་མ་ཡིན་ཏེ། བསྒྲུབ་བྱའི་དོན་དང་ཐ་སྙད་ལ་རྨོངས་པ་མེད་པའི་ཕྱིར་དུ་ཡིན་པས་སོ། །གཉིས་པ་ལ། གསུམ་སྟེ། རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་མཚན་གཞི་དང་བཅས་ཏེ་བཤད། རིགས་པ་ཅན་པའི་ཕྱོགས་ཀྱི་མཚན་ཉིད་དང་མཚན་གཞི་བརྟགས་ནས་དགག རང་སྡེ་གཞན་གྱི་ཕྱོགས་ལྟར་སྣང་གི་དཔེར་བརྗོད་དགག་པའོ། །དང་པོ་ལ། གཉིས་ཏེ། མཚན་ཉིད་ཀྱི་ཟུར་དང་པོ་བཞི་བཤད། མ་གསལ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། བསྒྲུབ་བྱ་དེའི་མཚན་ཉིད་ཀྱི་ཟུར་བཞི་ཡོད་པ་ལས་ངོ་བོ་ཞེས་པའི་ཚིག་གིས་བསྒྲུབ་བྱ་ཡིན་ན་གང་ལ་བསྒྲུབ་བྱར་སོང་བའི་རྒོལ་བ་དེའི་ཚད་མས་མ་གྲུབ་པ་ཅིག་དགོས་སོ་ཞེས་བརྗོད། ཚིག་ཕྲད་ཁོ་ན་བ་ཞེས་པའི་ཚིག་གིས་སྒྲུབ་བྱེད་དུ་བཀོད་བཞིན་པ་དག་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་བསལ་ནས་དེ་མ་ཡིན་པ་ཞིག་དགོས་པར་བརྗོད། འདོད་པ་ཞེས་པའི་ཚིག་གིས་སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དོན་ཡིན་པ་ཅིག་དགོས་པར་བརྗོད་ཅིང༌། ངག་ཏུ་མ་བརྗོད་ཀྱང་ཤེས་འདོད་དང་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དོན་ཡིན་ན་བསྒྲུབ་བྱ་ཡིན་དགོས་སོ་ཞེས་བརྗོད། བདག་ཉིད་ཅེས་པའི་ཚིག་གིས་སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བས་ཁས་བླངས་པ་ཅིག་དགོས་སོ་ཞེས་བཟུང་ཞིང༌། སྤྱིར་ཁས་བླངས་ཀྱང་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་དག་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་སེལ་བར་བྱེད་དོ། །བསྒྲུབ་བྱ་ཡང་དག་གི་མཚན་ཉིད་འཆད་པའི་ཟུར་དུ་ངོ་བོ་ལ་སོགས་པའི་ཚིག་དང་པོ་བཞི་སྨོས་པ་ཆོས་ཅན། བསྒྲུབ་བྱའི་དོན་ལ་རྨོངས་པ་སེལ་བར་བྱེད་དེ། བསྒྲུབ་བྱའི་རིགས་མི་མཐུན་གཉིས་དང་དེ་ལ་ལོག་པར་རྟོག་པ་གཉིས་སེལ་བར་བྱེད་པའི་ཕྱིར། འདིར་བསྒྲུབ་བྱ་ལྟར་སྣང་ནི་བསྒྲུབ་བྱ་མ་ཡིན་ཏེ། མངོན་སུམ་བཞིན་ནོ། གཉིས་པ་རྒྱས་པར་བཤད་པ་ལ། འདོད་པ་རྒྱས་པར་བཤད། རང་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ། གསུམ་སྟེ། དགོས་པ་དངོས། དགོས་པ་དེ་བསྒྲུབ་པ། དེས་གྲུབ་པའི་དོན་ནོ། །དང་པོ་ནི། བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཟུར་དུ་འདོད་པ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། བསྒྲུབ་བྱའི་མཚན་ཉིད་ལ་མ་ཁྱབ་པ་སེལ་བར་བྱེད་དེ། རྒོལ་བ་གཞན་གྱིས་ཤེས་འདོད་དང༌། སྒྲུབ་བྱེད་འགོད་མཁན་གྱི་རྒོལ་བས་དཔག་འདོད་ཀྱི་ཡུལ་དུ་བྱས་པས་ཁྱབ་པ་དེ་དག་ཏུ་མ་བརྗོད་ཀྱང་བསྒྲུབ་བྱར་འདོད་དགོས་སོ་ཞེས་བསྟན་པའི་ཕྱིར། དཔེར་ན་མིག་སོགས་བདག་དོན་བྱེད་པ་དེ་དག་ཏུ་མ་བརྗོད་ན་ཡང་བསྒྲུབ་བྱར་འདོད་དགོས་པ་བཞིན་ནོ། །འདི་ལ་གྲངས་ཅན་གྱིས་སངས་རྒྱས་པའི་ངོར་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་ལ་འདུས་ཤིང་བསགས་པ་རྟགས་སུ་བཀོད་པའི་ཚེ་ན་མིག་སོགས་བདག་དོན་བྱེད་པ་ཆོས་ཅན། བསྒྲུབ་བྱ་ཡང་དག་ཡིན་ཏེ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་ཕྱིར། འདིས་ཁྱབ་ཆེས་པ་སེལ་ཚུལ་ནི་འོག་ཏུ་རང་སྒྲ་དང་སྦྱར་ནས་རྒྱས་པར་སྟོན་ལ། འདིར་མདོར་བསྟན་དུ་དོན་བརྗོད་ཅེས་པ་ལ་འཕྲོས་ནས་འོ་ན་རང་ཉིད་ཀྱི་སྒྲ་དོན་མེད་པར་འགྱུར་ཏེ། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པ་ལ་བསྒྲུབ་བྱ་སྲིད་པ་ནི་འདོད་ཚིག་གིས་བསལ་ཟིན་པའི་ཕྱིར། ཞེ་ན། འདོད་ཚིག་གིས་གཞན་བསྟན་བཅོས་མཁན་པོའི་འདོད་པ་ཐམས་ཅད་རྒོལ་བ་རང་གི་བསྒྲུབ་བྱ་ཡིན་པ་བཟློག་ཟིན་ན་ཡང་བདག་ཉིད་ཀྱི་སྒྲ་བཤད་པ་འདི་ནི་ཆོས་ཅན། རྣམ་བཅད་མེད་པ་མ་ཡིན་ཏེ། སྤྱིར་ཁས་བླངས་པའི་ལུང་དོན་གཞན་ཡང་བསྒྲུབ་བྱར་བྱེད་དགོས་སམ་སྙམ་པའི་དོགས་པའི་གནས་ནི་ཟློག་པ་དེའི་དོན་དུ་བྱས་པ་ཡིན་ནོ། །ཞེས་ཀུན་ལས་བཏུས་ཀྱི་འགྲེལ་པར་བཤད་པས་སོ། །བདག་གི་དོན་བཞིན་ཞེས་སྨྲས་པ་ལ། མིག་སོགས་བདག་དོན་བྱེད་པ་གཅིག་པུ་གྲངས་ཅན་གྱི་སྦྱོར་བ་གཉིས་ཀའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་སློབ་དཔོན་གྱིས་ཆོས་ཀྱི་ཁྱད་པར་འགོག་པའི་གཏན་ཚིགས་དང༌། ཆོས་ཅན་གྱི་ཁྱད་པར་འགོག་པའི་གཏན་ཚིགས་ཀྱི་དབྱེ་བ་གསུངས་པ་མི་འཐད་པར་འགྱུར་རོ། །ཞེ་ན། དེ་མི་འཐད་མི་དགོས་ཏེ། བདག་དོན་བྱེད་པ་དེ་ནི་སྦྱོར་བ་འགོད་ཚུལ་ལ་ལྟོས་ནས་རེས་འགའ་ཆོས་དག་གི་ཁྱད་པར་དང༌། རེས་འགའ་ཆོས་ཅན་གྱི་ཁྱད་པར་ཡིན་པར་བརྗོད་པའི་ཕྱིར། དེ་དག་ཏུ་མ་རྗོད་ན་བསྒྲུབ་བྱ་ཡིན་པར་གང་ལས་རྟོགས་ཤེ་ན། བདག་དོན་བྱེད་པ་དེ་དག་ཏུ་མ་རྗོད་ན་ཡང་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ནི་སྒྲུབ་བྱེད་འགོད་པའི་སྐབས་ལས་རྟོགས་པར་འགྱུར་བ་ཡིན་ཏེ། རྒོལ་བ་གཉིས་བདག་ཡོད་མེད་རྩོད་པའི་སྐབས་ཡིན་པའི་ཕྱིར། དེས་ན་འདུས་ཤིང་བསགས་པ་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པ་དེར་ནི་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང༌། རྟགས་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པ་བྱེད་པ་ཡིན་ནོ། །དེ་སྐབས་ཀྱི་ཆོས་དེ་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་ཡང༌། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས་གཞན་དོན་བྱེད་དོ་ཞེས་པའི་གཞན་དེ་བདག་ཡིན་ན་དེ་དཔེའི་སྟེང་དུ་མ་གྲུབ་བོ། །ཞེས་བཤད་པ་བཞིན་ནོ། །འདིས་ནི་བསྒྲུབ་བྱར་མ་ཟད། དེའི་ཆོས་ཀྱང་ཞེ་འདོད་དབང་བརྩན་པར་བསྟན་ནོ། །གོང་གི་ཁྱབ་པ་སྒྲུབ་པ་ནི། གལ་ཏེ་བདག་གང་ལ་ཡོད་མེད་རྩོད་པ་ཡིས་སྒྲུབ་བྱེད་བཀོད་པའི་བདག་དོན་བྱེད་པ་དེ་བསྒྲུབ་བྱ་བ་ཡིན་ན་བསྒྲུབ་བྱ་གཞན་ཅི་ཡིན་ཏེ། དེ་ལས་གཞན་དུ་བསྒྲུབ་བྱ་ཞིག་ཡོད་ན་ནི་གྲངས་ཅན་རང་ཉིད་སྒྲུབ་པར་མི་འདོད་པའམ་སངས་རྒྱས་པའི་ངོར་བསྒྲུབས་ཀྱང་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ལ། གཉིས་ཏེ། གཞན་གྱི་གཏན་ཚིགས་སྐྱོན་བཅས་སུ་གྲུབ་པ་དང༌། རང་གི་གཏན་ཚིགས་སྐྱོན་མེད་དུ་གྲུབ་པའོ། །དང་པོ་ནི། གྲངས་ཅན་གྱིས་བཀོད་པའི་གཏན་ཚིགས་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་གནོད་བྱེད་དུ་བསྟན་པ་འདིས་ནི་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་ཏེ། རྒྱང་འཕེན་གྱིས་བཀོད་པའི་གཉིས་བཅས་ཀྱི་སྦྱོར་བ་ལ་ཡང་ཆོས་དཔེ་ལ་རྗེས་འགྲོ་མེད་པ་དང༌། རྟོགས་འདོད་ཡུལ་དང་འགལ། བདག་ནི་བསྟན་པ་ཡིན་པས་སོ། །སྦྱོར་བ་དེའི་ངོས་འཛིན་ནི། བུམ་པ་ཆོས་ཅན། ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་དང་བུམ་པ་གང་རུང་གི་ཟླ་བོ་དང་བཅས་པ་ཡིན་ཏེ། ཨུཏྤ་ལ་བ་མ་ཡིན་པའི་དངོས་པོ་དང་བཅས་པ་ཡིན་པའི་ཕྱིར། ཞེས་པའོ། །གལ་ཏེ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་བསྒྲུབ་བྱར་བྱས་ན་དེར་འགྱུར་ཡང༌། བསྒྲུབ་པར་བྱ་བ་ནི་སྤྱི་དོན་གཞན་དུ་འདོད་དོ་ཞེ་ན། དེ་ལྟ་བུ་གང་རུང་གི་ཟླ་བོ་དང་བཅས་པའི་སྤྱི་དོན་གཞན་གྲུབ་པ་མ་ཡིན་ཏེ། བུམ་པ་དེ་ཉིད་བུམ་པ་ལས་དོན་གཞན་དུ་མེད་པའི་ཕྱིར་དང༌། ལུས་སེམས་རྫས་གཅིག་པའི་ལུས་ནི་ཡོད་པར་མི་འགྱུར་བའི་ཕྱིར་ནའོ། །དེ་ལྟར་ན་སྤྱི་དོན་གཞན་རྒྱང་འཕེན་གྱི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བ་འདི་ཆོས་ཅན། སྨྲ་བ་པོ་དེ་མི་ཤེས་པ་ཉིད་ཀྱིས་ཀུན་ནས་བསླང་པ་ཡིན་ཏེ། ཞེན་པའི་བརྗོད་བྱས་སྟོང་པ་བརྗོད་པའི་ཚིག་རྣམས་ཀྱི་ཕྱིར་རོ། །སྒྲ་དང་བུམ་པའི་ཁྱད་པར་གྱིས་རྟོག་ན་སྒྲ་འཇིག་པར་སྒྲུབ་པ་ལ་ཡང་མཚུངས་ཏེ། སྤྱི་དོན་གཞན་ཁས་མི་ལེན་པའི་ཕྱིར། ཞེ་ན། མཚུངས་པ་མ་ཡིན་ཏེ། སྒྲ་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་འཇིག་པ་ཙམ་གྲུབ་པ་ཡིས་སྒྲ་ནི་འཇིག་པ་དེ་ལྟར་དུ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་ལུས་བུམ་གཉིས་ཀ་ལ་རྗེས་སུ་འགྲོ་བའི་སྤྱི་དོན་གཞན་ཡོད་པར་གྱུར་ན་བུམ་པའང་སྤྱི་དེ་དང་ལྡན་པ་འགྲུབ་པར་འགྱུར་དུ་ཆུག་ན་ཡང༌། འགྲུབ་པ་མ་ཡིན་ཏེ། དེ་འདྲ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཆོས་ཅན། དཔེ་ལ་རྗེས་འགྲོ་མེད་པར་ཐལ། སྒྲ་ཡི་ཁྱད་པར་ཅན་གྱི་ཆོས་ཡིན་པའི་ཕྱིར། ཞེ་ན། མི་རྟག་པ་ཆོས་ཅན། སྒྲའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་དཔེ་ལ་རྗེས་འགྲོ་མེད་པ་མ་ཡིན་ཏེ། ཁྱོད་ཀྱིས་ཁྱད་གཞི་སྒྲ་དེ་མ་འབྲེལ་བ་ཟློག་པས་ཁྱད་པར་དུ་བྱས་པའི་ཕྱིར། དེ་ཉིད་འཆད་པ་ནི། སྒྲ་ཆོས་ཅན། ཁྱོད་མི་རྟག་པས་ཁྱད་པར་དུ་བྱས་ན་གཞན་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་དང་ནི་དཔེ་ལ་རྗེས་འགྲོ་མེད་པར་འགྱུར་བ་མ་ཡིན་ཏེ། རྣམ་གཅོད་ལ་མི་ལྡན་དང་གཞན་ལྡན་རྣམ་གཅོད་རྣམ་པ་གཉིས་ཡོད་པ་ལས། ཁྱོད་མི་རྟག་པས་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པ་ཡིན་པའི་ཕྱིར། མི་རྟག་པ་ཙམ་སྒྲུབ་ན་གྲུབ་ཟིན་བསྒྲུབས་པར་འགྱུར་རོ། །ཞེ་ན། བྱས་པ་ཆོས་ཅན། སྒྲའི་སྟེང་ན་གྲུབ་ཟིན་པ་སྒྲུབ་པ་མ་ཡིན་ཏེ། སྒྲ་དེའི་སྟེང་དུ་མི་རྟག་པའི་སྤྱིའམ་སེལ་ངོར་མི་རྟག་པ་མ་ཡིན་པ་རྣམ་པར་བསལ་ཙམ་དེ་བསྒྲུབ་པར་བྱ་བ་ཡིན་པས་སོ། །དོན་ལ་དེར་གནས་ཀྱང་སེལ་ངོར་སྒྲུབ་དགོས་པ་མི་འགལ་བའི་དོན་ནོ། །མདོར་ན་མི་རྟག་པ་དེ་ནི་ཆོས་ཅན། དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་དང་ལྡན་པ་མ་ཡིན་ཏེ། ཆོས་ཅན་སྒྲའི་སྟེང་དུ་མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པ་ཅན་ཡིན་པའི་ཕྱིར། འདིར་ལྷ་དབང་བློས་སྒྲས་ཁྱད་པར་དུ་བྱས་པ་ཞེས་པའི་འགྲེལ་ཚིག་ལ་བརྟེན་ནས་རྣམ་བཤད་དག་ན་འཁྲུལ་པ་མང་ངོ༌། །གཉིས་པ་ནི། སྐབས་ཀྱི་བསྒྲུབ་བྱ་ལ་ཞེ་འདོད་གཙོ་ཆེ་བར་བསྟན་པ་འདིས་ནི་ཆོས་ཅན། སྒྲ་མི་རྟག་སྒྲུབ་ལ་བྱས་པ་གཏན་ཚིགས་སུ་བཀོད་པའི་ཚེ་ཆོས་ཅན་དག་གིས་ཁྱད་པར་དུ་བྱས་པའི་ཆོས་དང༌། ཆོས་དག་གིས་ཁྱད་པར་དུ་བྱས་པ་ཅན་གྱི་ཚོགས་པ་དོན་གཞན་པ་དག་བསྒྲུབ་བྱར་བྱེད་དགོས་ལ། དེའི་ཚེ་ན་བྱས་པས་དེ་འདྲ་དེ་འགོག་པས་འགལ་བའི་གཏན་ཚིགས་སོ། །ཞེས་ཟེར་བ་དག་ནི་བསལ་བ་ཡིན་ཏེ། ཆོས་ཅན་སྒྲ་ཡི་སྟེང་དུ་ཚོགས་སྤྱི་དོན་གཞན་ལ་ཤེས་འདོད་མེད་པས། དེ་ལྟར་དུ་མི་སྒྲུབ་པའི་ཕྱིར། ཆོས་ཅན་སྒྲ་ལ་ནི་ཚོགས་པ་དོན་གཞན་དེ་དག་བསལ་བས་རྟགས་འགལ་བ་མ་ཡིན་ཏེ། གང་གི་ཕྱིར་ན་བྱས་པའི་རྟགས་ཀྱིས་ཚོགས་པ་དོན་གཞན་དེ་ལྟར་སྒྲུབ་འདོད་པ་མ་ཡིན་གྱི། ཆོས་ཅན་སྒྲ་འདིར་ཆོས་མི་རྟག་པ་འབའ་ཞིག་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྤྱི་དོན་གཞན་ཕྱོགས་སུ་བྱེད་དགོས་ཟེར་བ་འདི་ནི་སྣང་སེལ་གྱི་རྣམ་གཞག་མེད་པ་ཀུན་གྱི་ལུགས་ཡིན་ལ། ཕན་ཚུན་ཁྱད་པར་དུ་མ་བྱས་ན་ཚོགས་པ་མི་འབྱུང༌། ཁྱད་པར་དུ་བྱས་ན་རྗེས་འགྲོ་མེད། ཅེས་པ་ནི་རྣམ་གཅོད་གསུམ་གྱི་ཁྱད་པར་མི་ཤེས་པ་ཀུན་གྱི་ལུགས་སོ། །གཉིས་པ་ལ། གསུམ་སྟེ། དགོས་པ་དངོས། དེ་སྒྲུབ་པ། རྩོད་པ་སྤངས་ནས་གྲུབ་དོན་བསྟན་པའོ། །དང་པོ་ནི། བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚེ་མདོར་བདག་ཉིད་ཀྱི་ནི་སྒྲ་མོས་པ་ཆོས་ཅན། བསྒྲུབ་བྱ་ལ་ཁྱབ་ཆེས་པ་སེལ་བར་བྱེད་དེ། ཆོས་ཅན་གཅིག་ལ་བསྟན་བཅོས་ལས་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཆོས་རྣམས་དུ་མ་རྣམ་པར་བཞག་ཀྱང༌། རྒོལ་བ་བདག་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཁོ་ན་བསྒྲུབ་བྱ་ཡིན་ནོ་ཞེས་སྟོན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། གཞན་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག རང་སྡེ་ལུང་དོན་བསྒྲུབ་བྱར་འདོད་པ་དགག་པའོ། །དང་པོ་ནི། བྱེ་བྲག་པས་སྒྲ་རྟག་པར་སྟོན་པའི་བསྟན་བཅོས་ཚད་མར་ཁས་བླངས་ནས། སྤྱོད་པ་པའི་ངོར་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་ན། སྤྱོད་པ་པ་ན་རེ། བསྟན་བཅོས་དེ་ནས་བཤད་པའི་དོན་ཐམས་ཅད་སྤྱིར་བསྒྲུབ་བྱར་བཟུང་དགོས་ཏེ། རྒོལ་བས་བསྟན་བཅོས་ཚད་མར་ཁས་བླངས་པའི་ཕྱིར། ཞེས་བསྒྲུབས་ནས། བྱས་པ་དེ་དེ་སྒྲུབ་ཀྱི་གཏན་ཚིགས་འགལ་བ་ཡིན་ཏེ། སྒྲ་རྟག་པ་དེ་གཅིག་ལ་རབ་ཏུ་གནོད་པའི་ཕྱིར། དེའི་ཚེ་ན་སྒྲ་མི་རྟག་པ་དེ་དམ་བཅའ་བ་སྐྱོན་ཅན་དུ་འགྱུར་ཏེ། སྒྲ་རྟག་པར་སྟོན་པའི་ལུང་གིས་གནོད་པས་སོ། །ཞེས་ཟེར་ཞིང༌། བྱེ་བྲག་པ་ཉིད་ཀྱང་སྐྱོན་དེ་ཁས་ལེན་པར་བྱེད་དོ། །གཉིས་པ་ལ། བཞི་སྟེ། སྐབས་འདིའི་རྟགས་ཕྱོགས་གཉིས་ཀ་སྐྱོན་ཅན་མ་ཡིན་པར་བསྟན། ལུང་དོན་དང་འགལ་བས་རྟགས་ཕྱོགས་ཀྱི་སྐྱོན་དུ་འགྱུར་ན་ཧ་ཅང་ཐལ་བ། དེ་གཉིས་ཀའི་དོན་དུ་དོན་བསྡུ་བ། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། འདི་སྐབས་ཀྱི་གཏན་ཚིགས་བསྒྲུབ་བྱ་དང་མི་འགལ་བར་བསྟན། བསྒྲུབ་བྱ་ཙམ་ལ་ལུང་གནོད་སྒྲུབ་ཏུ་མི་འཇུག་པར་བསྟན། ལུང་དེས་འཇུག་པའི་ཡུལ་ངོས་བཟུང་བའོ། །དང་པོ་ལ། གཉིས་ཏེ། དཔག་འདོད་མེད་པ་བསྒྲུབ་བྱར་བྱེད་ན་ཧ་ཅང་ཐལ་བ། དཔག་འདོད་ཡོད་པའི་ལན་དགག་པའོ། །དང་པོ་ནི། བྱས་པའི་རྟགས་ཀྱིས་དྲི་རྟག་པ་སའི་ཡོན་ཏན་ཟློག་པའི་ཕྱིར་ན་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་འགལ་བར་འགྱུར་ཏེ། དེས་ལུང་དོན་ལ་གནོད་པའི་ཕྱིར། ཞེས་སྤྱོད་པ་བ་ལ་མི་འདོད་པ་ཐལ་བར་འཕེན་ནོ། །གལ་ཏེ་དྲི་རྟག་པ་བཀག་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མ་ཡིན་ཏེ། སྒྲའི་སྟེང་དུ་དྲི་རྟག་པ་སྒྲུབ་པ་སྐབས་སུ་བབ་པ་མ་ཡིན་པའི་ཕྱིར་ཞེ་ན། གཞན་བྱས་པས་སྒྲ་རྟག་པ་བཀག་པ་ལའང་ཆོས་ཅན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་འགལ་བ་མ་ཡིན་པར་ཐལ། སྒྲུབ་པའི་སྐབས་མ་ཡིན་པ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར། ཅི་སྟེ་ཆོས་ཅན་སྒྲ་འདིར་རྟག་པ་ནམ་མཁའི་ཡོན་ཏན་སྒྲུབ་པ་སྐབས་སུ་བབ་པ་ཡིན་ནོ་ཞེ་ན། སའི་ཡོན་ཏན་དེ་སྒྲའི་ཆོས་མ་ཡིན་དུ་ཆུག་ཀྱང༌། དེ་ལ་གནོད་པས་སྒྲ་མི་རྟག་པའི་གཏན་ཚིགས་འགལ་བར་ཐལ། དེ་ལ་གནོད་ན་བྱེ་བྲག་པས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ལ་གནོད་པ་ཉིད་ཀྱི་ཕྱིར། གཉིས་པ་ནི། ཅི་སྟེ་ཆོས་ཅན་སྒྲའི་ཆོས་ཡིན་པ་དང༌། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་ཡིན་པ་ལ་སོགས་པའི་སྒྲུབ་བྱེད་ཀྱིས་རྟག་པ་ནམ་མཁའི་ཡོན་ཏན་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཡིན་པར་བརྗོད་དོ། །ཞེ་ན། སྒྲུབ་བྱེད་འདྲི་བའི་གནས་སྐབས་འགའ་ཡིས་ཤེས་འདོད་དེ་རྟོགས་པར་འགྱུར་ཞིང༌། སྒྲུབ་བྱེད་འགོད་པའི་གནས་སྐབས་འགའ་ཡིས་དཔག་འདོད་དེ་རྟོགས་པ་ཡིན་ན་ཡང༌། དེ་དག་གང་ཡང་མེད་པར་སྤྱོད་པ་པ་ཁྱོད་ནན་གྱིས་རྒོལ་བ་བྱེ་བྲག་པ་དེ་དག་གིས་སྒྲ་རྟག་པ་འདི་བསྒྲུབ་བྱར་འདོད་དགོས་ཞེས་པ་ཆོས་ཅན། གསལ་བར་དབང་གིས་ཕྱུག་པའི་སྤྱོད་པ་ཡིན་ཏེ། རྒྱུ་མཚན་མེད་པར་ནན་གྱིས་འཕུལ་བའི་ཕྱིར། དེས་དེ་ལ་དཔག་འདོད་ཡོད་པའི་ཤེས་བྱེད་དུ་འབྲས་བུའི་རྟགས་ཅན་མ་ཡིན་པ་ཆོས་ཅན་གྱི་ཆོས་ཡིན་པ་སོགས་བརྗོད་པ་དེ་ཆོས་ཅན། ཁྱོད་ལ་རིགས་པས་གནོད་པར་འགྱུར་ཏེ། ཁྱོད་ཀྱི་ཁྱབ་པ་འཁྲུལ་པ་ཡིས་སོ། །མདོར་ན་ལུང་དོན་སྒྲ་རྟག་པ་ལ་གནོད་ཀྱང༌། གཞན་སྒྲ་མི་རྟག་པ་ལ་ཅི་ཞིག་གནོད་དེ། རྟག་པ་ནམ་ཡོན་མེད་ན་སྒྲ་མི་རྟག་པ་མི་འབྱུང་བ་མ་ཡིན་པའི་ཕྱིར། དེ་དག་ལ་བྱེ་བྲག་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་སྒྲུབ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ་སྒྲ། རྟག་པ་བསྒྲུབ་བྱར་སོང་བའི་རྒྱུ་མཚན་གྱིས་འགལ་བའི་གཏན་ཚིགས་བཀོད་པ་མ་ཡིན་ཏེ། ཁྱོད་ཀྱིས་སྒྲ་རྟག་པ་དེ་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཕྱིར། བསྒྲུབ་བྱར་མ་སོང་ཡང་ལུང་དོན་ལ་གནོད་པས་རྟགས་འགལ་བར་འགྱུར་ན་སྒྲ་དང་འབྲེལ་མེད་ཀྱི་ཆོས་དེའི་ཡོན་ཏན་བཀག་པས་ཀྱང་སྒྲ་མི་རྟག་པའི་གཏན་ཚིགས་འགལ་བར་འགྱུར་རོ། །ཞེས་འཕངས་ནས། གཉིས་པ་ནི་ཁས་བླངས་པའི་ལུང་ལས་སྒྲ་རྟག་པར་བཤད་པ་ཙམ་གྱིས་མི་རྟག་པའི་བསྒྲུབ་བྱ་ལ་མི་གནོད་ཅིང༌། དེ་ལས་མི་རྟག་པར་བཤད་པ་ཙམ་གྱིས་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལའང་གནོད་པ་མ་ཡིན་ནོ་ཞེས་སྟོན་པ་ལ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་རང་གི་སྤྱོད་ཡུལ་ལ་འཇུག་པ་ལུང་ལ་ལྟོས་པ་མེད་པར་བཤད་ཟིན་པའི་ཕྱིར་ན་དངོས་སྟོབས་ཡུལ་ལ་སྤྱོད་པ་དེའི་ཚེ་བསྟན་བཅོས་ཀྱི་ཕན་གནོད་ལ་ལྟོས་པ་མ་ཡིན་ཏེ། བསྟན་བཅོས་ཁས་མ་བླངས་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་དེས་གྲུབ་པའི་གཞལ་བྱ་དེ་ནི་ལེགས་པར་གྲུབ་པས་སོ། །དེའི་ཚེ་ལུང་ཁས་མི་ལེན་ན་རྩོད་པ་དོར་བར་འགྱུར་རོ། །ཞེ་ན། དེ་ཙམ་གྱིས་དེར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ལུང་ཁས་བླངས་པ་ལ་ལྟོས་པ་མེད་པའི་ཕྱིར། འོ་ན་དངོས་པོ་སྟོབས་ཞུགས་ཀྱི་གཞལ་བྱ་གཏན་ལ་འབེབས་པའི་ལུང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ཡོད་ཀྱང་དངོས་སྟོབས་ལ་འཇུག་པ་དེའི་ཚེ་དེ་འདྲའི་ལུང་ཕན་གནོད་ཀྱི་ཡན་ལག་མ་ཡིན་ཏེ། དངོས་སྟོབས་ཡུལ་ལ་དཔྱོད་པ་འདི་ནི་ལུང་ཁས་ལེན་པའི་ཐབས་ཡིན་གྱི། དེ་ལེན་པའི་དུས་དངོས་མ་ཡིན་པའི་ཕྱིར། ཕྱོགས་སྔ་མ་འདི་ནི་བོད་ཕྱི་མས་ཁས་ལེན་ཏེ། བསྟན་བཅོས་རྣམ་འགྲེལ་ལུང་ཚད་མར་ཁས་ལེན་བཞིན་དུ་སྒྲ་རྟག་པར་དམ་བཅས་པ་ལ་རྣམ་འགྲེལ་དང་འགལ་ཞེས་ཟེར་བས་སོ། །འོ་ན་ཅི་ཞེ་ན། དེ་ལ་ནི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་དང་འགལ་བ་བརྗོད་དགོས་པའོ། །གཉིས་པ་ནི། དེ་ལྟར་ཡུལ་མངོན་ལྐོག་གཉིས་ལ་བསྟན་བཅོས་དེ་ནས་བཤད་པའི་དཔྱད་པ་རྣམ་པར་དག་ན་དེ་འདྲ་དེ་ནི་བསྟན་བཅོས་ཡོངས་སུ་འཛིན་པར་འདོད་པའི་དུས་ཡིན་ལ། དེའི་ཚེ་བསྟན་བཅོས་དང་འགལ་ན། བསྟན་བཅོས་ཀྱིས་ནི་གནོད་པར་འགྱུར་ཏེ། ལུང་དེས་གྲུབ་པའི་དོན་ཤིན་ཏུ་ཀློག་གྱུར་ལ་ལུང་དེ་དང་ནི་འགལ་བར་སེམས་པ་མི་རུང་བའི་ཕྱིར། འོ་ན་ཤིན་ལྐོག་གཅིག་ལ་གནོད་སྒྲུབ་ཀྱི་ཡན་ལག་ཏུ་ལུང་མཐའ་དག་ཁས་ལེན་དགོས་སམ། ཞེ་ན། གཞལ་བྱའི་གནས་གསུམ་པར་འཕོ་བ་ན་བསྟན་བཅོས་ལེན་པར་རིགས་པ་དང་ལྡན་པ་ཡིན་ལ། དེར་ཡང་བསྒྲུབ་བྱའི་ཆོས་དང་ནི་མེད་ན་མི་འབྱུང་བའི་ལུང་དོན་ལ་གནོད་པ་ཉིད་སྤང་བར་བྱ་ཡི། གཞན་འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པ་སྤང་དགོས་པ་མ་ཡིན་ཏེ། གཞན་དུ་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ། ལུང་དོན་བསྒྲུབ་བྱ་མ་ཡིན་པར་བསྟན་པ་དང༌། ཡིན་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། ཡུལ་ལ་དཔྱོད་པ་ཀུན་ལ་བསྟན་བཅོས་དག་བཟུང་ཞེས་པའི་ལུགས་འདི་གང་གིས་བྱས། ལུང་ལ་མ་རྟེན་པར་ཡུལ་གང་ཡང་མི་རྟོགས་པ་ཡིན་ནམ། ལུང་དང་སྐྱེས་བུ་ལ་འབྲེལ་བ་གྲུབ་པ་ཡིན་ནམ། ལུང་ཁས་བླངས་པའི་ཡོན་ཏན་དང་མ་བླངས་པའི་ཉེས་དམིགས་མཐོང་བ་ཡིན། དང་པོ་ལྟར་འདོད་པ་དེ་ནི་གྲུབ་མཐའ་མེད་པའི་བླུན་པོ་རྣམས་ཀྱིས་དུ་བས་ལ་མེ་ལྡན་དུ་ནི་རྟོགས་པར་མི་འགྱུར་རོ། །གཉིས་པ་དང་གསུམ་པ་ལྟར་ཡང་མི་འཐད་དེ། སྐྱེ་བོ་ནི་ལུང་དང་འབྲེལ་མེད་རེང་བུར་སྐྱེས་པར་གྱུར་ཅིང༌། ལུང་བླངས་མ་བླངས་ཀྱི་ཡོན་ཏན་དང་ཉེས་པ་མ་མཐོང་བའི་ཕྱིར། གྲུབ་མཐའ་ངན་པ་མི་བཟད་པའི་གདོན་དང་འདྲ་བ་འདི་ནི་ཀྱེ་མ་ཁྱོད་ལ་སུ་ཡིས་གསར་དུ་བསྒོས་པ་ཡིན་ཞེས་དཔྱད་པ་ཡིན་ནོ། །གཉིས་པ་ལ། དངོས་དང༌། ལུང་དོན་བཀག་པ་རྒོལ་བའི་སྐྱོན་དུ་མི་འཐད་པའོ། །དང་པོ་ནི། གལ་ཏེ་མཐུན་དཔེ་ལ་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ཀུན་གྱིས་སྒྲུབ་པར་བྱེད་པའི་གཏན་ཚིགས་བྱས་པ་ལྟ་བུ་གཅིག་ཉིད་ལ་ཁྱབ་པར་བསྟན་པ་ཁོ་ན་སྒྲུབ་བྱེད་དུ་འགྱུར་གྱི། གཞན་ནི་མ་ཡིན་ནོ། །ཞེ་ན། དེ་འདྲ་འདི་ནི་ཆོས་ཅན། མི་འཐད་དེ། འཇིག་རྟེན་ལས་འདས་པའི་ལུགས་ཡིན་པའི་ཕྱིར་ཏེ། ཞེ་འདོད་ཀྱི་བསྒྲུབ་བྱ་དང་འབྲེལ་མེད་ཀྱི་ཆོས་ནི་མ་གྲུབ་པས་བསྒྲུབ་བྱ་མ་གྲུབ་པར་ནི་ཇི་ལྟར་འགྱུར་ཏེ། མི་འགྱུར་བའི་ཕྱིར་དང༌། འབྲེལ་མེད་ཀྱི་ལུང་དོན་ལ་གནོད་པས་གཏན་ཚིགས་སྐྱོན་ལྡན་ཇི་ལྟར་ཡིན་ཏེ། ཚུལ་གསུམ་པོ་དེ་གྲུབ་པ་ཡིན་ན་སྒྲུབ་བྱེད་ཡང་དག་ཏུ་བརྗོད་པའི་ཕྱིར་ཏེ། ཆོས་ཅན་གྱི་ཆོས་ནི་མ་ལུས་པ་དཔེའི་སྟེང་དུ་བླངས་པ་མེད་པ་ཁོ་ནར་ནི་སྐྱེ་བོས་ཚིག་སྨྲ་བའི་རྟགས་ལས་ཕ་རོལ་པོ་སེམས་ལྡན་དང༌། དུད་སོགས་ཀྱི་རྟགས་ལས་ལ་ལ་མེ་སོགས་རྗེས་སུ་དཔོག་པར་བྱེད་པའི་ཕྱིར། དེ་སྒྲུབ་པ་ནི། རང་བཞིན་དང་རྒྱུ་དག་སྒྲུབ་པར་བྱེད་པའི་དོན་བྱས་པ་དང་དུ་བ་ཆོས་ཅན། རྒོལ་བ་འགའི་སྨྲ་བ་ལུང་དོན་ལ་གནོད་པས་བསྒྲུབ་བྱ་འགྲུབ་པའི་ངོ་བོ་ཉིད་ལས་ལྡོག་པ་མ་ཡིན་ཏེ། དེ་ལྟར་སྒྲུབ་པའི་ཚུལ་གསུམ་མི་འཁྲུལ་བས་ནའོ། །ལུང་དོན་ཀུན་གྱིས་རྟགས་ལ་ཁྱབ་པ་སྟོན་མི་ཤེས་པའི་རྒོལ་བ་གཞན་དག་གིས་ཀྱང༌། གཏན་ཚིགས་བྱས་པ་དེས་སྒྲ་མི་རྟག་པ་རྟོགས་པར་འགྱུར་བ་ཅི་ལྟར་མ་ཡིན་ཏེ། ཕྱོགས་ཆོས་གྲུབ་ཅིང༌། བྱས་པ་དེ་ནི་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ཡི་བསྒྲུབ་བྱ་ཡི་དོན་དང་མེད་ན་མི་འབྱུང་བར་ལུང་དོན་མི་ཤེས་པའི་རྒོལ་བ་དེས་ཀྱང་རྟོགས་པའི་ཕྱིར། གཉིས་པ་ནི། ལུང་དོན་དང་འགལ་བ་ཙམ་གྱིས་གཏན་ཚིགས་སྐྱོན་ཅན་དུ་མི་འགྱུར་བ་བདེན་ན་ཡང༌། དེ་ལྟ་བུའི་རྟགས་བརྗོད་མཁན་གྱི་རྒོལ་བ་སྐྱོན་ཅན་ཡིན་ནོ། །ཞེ་ན། སྒྲ་མི་རྟག་པར་སྒྲུབ་པའི་སྐབས་འདིར་རྒོལ་བས་ཉེས་པ་ཅི་བྱས་ཏེ། རྒོལ་བ་དེས་བྱས་པ་གཏན་ཚིགས་སུ་བརྗོད་པའི་ཉེས་པས་བྱས་པ་དེ་བསྟན་བཅོས་ཀྱི་དོན་སྒྲ་རྟག་པ་ལ་གནོད་བྱེད་དུ་ནི་གསར་དུ་སྐྱེས་པ་མ་ཡིན་པའི་ཕྱིར་ཏེ། གཏན་ཚིགས་སུ་བརྗོད་དམ་མ་རྗོད་ཀྱང་རྟག་པ་ནམ་ཡོན་དང་འགལ་བའི་ཕྱིར། སྐབས་ཀྱི་རྒོལ་བ་བྱེ་བྲག་པ་དེ་ཆོས་ཅན། སྐྱོན་ཅན་ཡིན་ཏེ། ཁས་བླངས་པའི་ལུང་དོན་ལ་གནོད་བྱེད་ཀྱི་རྟགས་བརྗོད་པའི་ཕྱིར། ཞེ་ན། རྒོལ་བ་དེ་ཆོས་ཅན། ཅིས་ན་སྐྱོན་ཅན་ཡིན་ཏེ། མི་རིགས་པ་བྱེད་པ་མིན་པའི་ཕྱིར། གལ་ཏེ་གཏན་ཚིགས་མ་བརྗོད་ན་ཡང་བྱས་པ་དེ་ཅི་སྒྲའི་སྟེང་དུ་རྟག་པ་ལ་གནོད་པ་མིན་ནམ་སྟེ་ཡིན་པའི་ཕྱིར་རོ། །འོ་ན་གཏན་ཚིགས་ལྟར་སྣང་གཞན་འགོད་མཁན་གྱི་རྒོལ་བ་རྣམས་ཀྱང་སྐྱོན་ཅན་མ་ཡིན་པར་མཚུངས་སོ་ཞེ་ན། གཏན་ཚིགས་ལྟར་སྣང་གཞན་དག་ལ་རང་གི་འདོད་ཡུལ་ཉིད་ནི་སྒྲུབ་པའི་ནུས་པ་མེད་པའི་ཕྱིར་ན་དོན་མེད་པ་བརྗོད་པས་རྒོལ་བ་སྐྱོན་ཅན་དུ་འགྱུར་ན་ཡང༌། བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་འདིར་ཆོས་ཅན། རྒོལ་བ་སྐྱོན་ཅན་མ་ཡིན་ཏེ། རང་གི་བསྒྲུབ་བྱ་དེ་སྒྲུབ་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་གཟེགས་ཟན་གྱི་བསྟན་བཅོས་ལ་ལ་འགར་བཤད་པའི་རྟག་པ་ནམ་མཁའི་ཡོན་ཏན་དེ་སྒྲའི་སྟེང་དུ་རིགས་པ་མ་ཡིན་པས་གཞན་རིགས་པ་སྨྲ་བའི་སྒྲ་མི་རྟག་པ་དག་ཀྱང་འགོག་པར་བྱེད་ཅེས་བྱ་བ་འདི་ཆོས་ཅན། ལུགས་བཟང་པོ་མ་ཡིན་ཏེ། གཅིག་གི་ཉེས་པས་ཉེས་མེད་དག་ཀྱང་སུན་འབྱིན་པའི་རྒྱལ་རིགས་དག་གི་ལུགས་དང་མཚུངས་པའི་ཕྱིར། ཁྱེད་ལྟར་ན་དུས་ཀུན་ཏུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་གཞག་ཉམས་པར་འགྱུར་ཏེ། ཆོས་ཅན་གཅིག་གི་སྟེང་དུ་ལུང་དོན་ཀུན་མཚུངས་པར་བྱས་ནས་ནི་སྒྲུབ་བྱེད་བརྗོད་པར་ནུས་པ་མ་ཡིན་པ་དེས་ནའོ། །བཞི་པ་ལ་རྩོད་པ་གཉིས་ལས། དང་པོ་ནི། སྒྲའི་སྟེང་དུ་ནམ་ཡོན་བཀག་པ་དང་མི་རྟག་པ་བསྒྲུབ་པ་གཉིས་གཞི་མཐུན་པར་གྱུར་ན་འགལ་བ་ལ་མི་འཁྲུལ་པར་འགྱུར་རོ། །ཞེ་ན། དེ་ཙམ་གྱིས་དེར་འགྱུར་བ་མ་ཡིན་ཏེ། ཆོས་ཅན་གཅིག་ལ་རྟག་མི་རྟག་ལྟ་བུའི་ཆོས་འགལ་བ་དག་གཞི་མཐུན་དུ་མི་རུང་བའི་ཕྱིར་ན་སྒྲ་མི་རྟག་པ་དེས་རང་དང་འགལ་བར་ངེས་པའི་རྟག་པ་ལ་གནོད་པར་འགྱུར་གྱི། སྒྲའི་སྟེང་དུ་ནམ་ཡོན་བཀག་པ་དང་མི་རྟག་པ་བསྒྲུབས་པ་འདིར་ནི་རྟག་མི་རྟག་དེ་འདྲ་བའི་དངོས་པོ་སྟོབས་ཞུགས་ཀྱི་འགལ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྩོད་པ་གཉིས་པ་ནི། ནམ་ཡོན་བཀག་པ་དང་མི་རྟག་པ་བསྒྲུབས་པ་དེ་དག་གནོད་བྱ་གནོད་བྱེད་ནི་མ་ཡིན་ཞིང༌། ནམ་ཡོན་དང་མི་རྟག་པ་གཉིས་ལ་འབྲེལ་བ་མེད་ཀྱང་སྒྲའི་སྟེང་དུ་ནམ་ཡོན་བཀག་པས་མི་རྟག་པར་འགྲུབ་པ་ལ་གནོད་དེ། དེ་བཀག་པས་རང་གིས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བསླད་པའི་ཕྱིར། ཞེ་ན། འོ་ན་དྲིའི་སྟེང་དུ་སའི་ཡོན་ཏན་བཀག་པ་སོགས་ཐམས་ཅད་ཀྱིས་སྒྲ་མི་རྟག་པ་སོགས་ཐམས་ཅད་ལ་གནོད་པར་འགྱུར་ཏེ། དེས་རང་གིས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བསླད་པའི་ཕྱིར། མི་མཚུངས་ཏེ། རྟག་པ་ནམ་ཡོན་སྒྲའི་ཆོས་སུ་འབྲེལ་པ་ཡོད་པ་དེས་ན་ནམ་ཡོན་བཀག་པས་སྒྲ་མི་རྟག་པ་དེ་ཉིད་ལ་གནོད་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། རྟགས་ཀུན་རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་ལ་ལྟོས་ནས་ཚུལ་གསུམ་ཚང་ན་ཡོན་ཏན་ཅན་དང༌། མ་ཚང་ན་སྐྱོན་ཅན་དུ་ངེས་པས་དེ་ཚང་མ་ཚང་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །མདོར་ན་སྒྲའི་སྟེང་དུ་ནམ་ཡོན་མེད་ན་བསྒྲུབ་བྱ་སྒྲ་མི་རྟག་པ་མི་འབྱུང་བའི་འབྲེལ་པ་དེ་ནི་འདིར་ཚད་མས་རྟོགས་པ་མེད་བཞིན་དུ་བྱས་པས་སྒྲ་མི་རྟག་པར་སྒྲུབ་པ་འདིར་ནི་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་ལ་གནོད་པ་འབའ་ཞིག་སྐྱོན་ཡིན་ན། གཞན་རྩོལ་བས་བྱས་པའི་རྟགས་ཀྱིས་དྲིས་ཡོན་བཀག་པ་ཆོས་ཅན། ཁྱོད་ཀྱིས་ཀྱང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་སྐྱོན་ཅན་དུ་འཇོག་ནུས་པར་ཐལ། རང་གིས་ཁས་བླངས་པའི་བསྟན་བཅོས་ཀྱི་དོན་བསླད་པ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར་རོ། །འདིར་ཕྱོགས་སྔ་མའི་གཞུང་ཤིང་ནི་གསུམ་ལས། དང་པོ་ནི། ལུང་དོན་ཐམས་ཅད་བསྒྲུབ་བྱར་བཟུང༌། ཞེས་པ། སྦྱོར་བ་སྐོར་གཅིག་པོ་དེའི་དེར་ཤེས་པའི་དོན་མ་ཡིན་གྱི། སྤྱིར་ཁས་ལེན་དགོས་པས་དེ་དང་མི་འགལ་བར་བྱེད་ཅེས་པའོ། །གཉིས་པ་ནི། སྒྲའི་སྟེང་དུ་ཆོས་གང་བསྒྲུབ་ཀྱང་ཁས་བླངས་པའི་ལུང་དེ་ནས་བཤད་པའི་སྒྲ་ཉིད་ཀྱི་ཆོས་སུ་གང་བཤད་བསྒྲུབ་བྱར་བྱེད་དགོས་པས་རྟགས་དེས་ཆོས་གཅིག་བཀག་ན་དེའི་ཆོས་མ་ལུས་པ་བཀག་པར་འགྱུར་གྱི། སྒྲའི་ཆོས་མ་ཡིན་པ་གཞན་བཀག་པས་སྒྲའི་ཆོས་བཀག་པར་མི་འགྱུར་མོད་ཀྱང༌། རྟགས་དང་རྒོལ་བ་སྐྱོན་ཅན་ཡིན་ཞེས་པ་དང༌། སྒྲ་རྟག་སྟོན་གྱི་བསྟན་བཅོས་ལུང་ཚད་མར་ཁས་བླངས་ནས་ཕྱིས་སྒྲ་མི་རྟག་པར་དམ་བཅས་ན་དམ་བཅའ་དེ་ལུང་གིས་བསལ་བས་ཕྱོགས་དང་དམ་བཅའ་སྐྱོན་ཅན་ནོ། །ཞེས་འཆད་པ་འདི་དག་ཤེས་པར་བྱས་ནས་གཞུང་གི་དོན་འཆད་དགོས་སོ། །གཉིས་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། གལ་ཏེ་མདོའི་འགྲེལ་བྱེད་གཞན་དག་ན་རེ། གལ་ཏེ་བསྟན་བཅོས་དེ་ཁས་བླངས་པའི་ཕྱིར་ན་བསྟན་བཅོས་དེར་མཐོང་བའི་དོན་མ་ལུས་པ་བསྒྲུབ་བྱར་བྱེད་དགོས་སོ་ཞེས་ཟེར། དེ་དགག་པ་ལ། གཉིས་ཏེ། དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱར་ཐལ་བ་དང༌། རང་སྒྲ་སྨོས་པ་དོན་མེད་དུ་ཐལ་བའོ། །དང་པོ་ནི། སྒྲ་བུམ་བྱས་པར་མི་ཤེས་པའི་ངོར། སངས་རྒྱས་པས། གང་བྱས་པ་དེ་མི་རྟག བུམ་པ་བཞིན། ཞེས་བཀོད་པའི་ཚེ། དཔེ་དང་གཏན་ཚིགས་མ་གྲུབ་པ་སྨྲ་བ་དེ་ཆོས་ཅན། དམ་བཅའ་བར་ནི་ཐལ་བར་འགྱུར་ཏེ། བསྒྲུབ་བྱ་བརྗོད་པ་ཡིན་པའི་ཕྱིར། རྟགས་ཁས་བླངས། གལ་ཏེ་སྒྲུབ་བྱེད་ཉིད་དུ་བརྗོད་པའི་དཔེ་རྟགས་མ་གྲུབ་པ་དེ་ལུང་དོན་ཡིན་ཀྱང་བསྒྲུབ་བྱ་མ་ཡིན་ཏེ། བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་འདོད་པ་ཞེས་སྨོས་པའི་ཕྱིར། ཞེ་ན། ལུང་དོན་དུ་གྱུར་པའི་དཔེ་རྟགས་མ་གྲུབ་པ་ནི་ཆོས་ཅན། ཁྱོད་བསྒྲུབ་བྱ་ཡིན་པ་དེ། འདོད་པ་ཞེས་པའི་ཚིག་ལས་ལྡོག་པ་མ་ཡིན་ཏེ། བསྒྲུབ་བྱར་རིགས་པས་ཐོབ་པའི་ཕྱིར། དེར་ཐོབ་ཀྱང་རྒོལ་བས་མི་འདོད་པའི་ཕྱིར་བསྒྲུབ་བྱ་མ་ཡིན་ནོ། །ཞེ་ན། ཆོས་གཞན་རྟག་པ་ནམ་མཁའི་ཡོན་ཏན་ཀྱང་ཆོས་ཅན། བྱེ་བྲག་པའི་བསྒྲུབ་བྱ་མ་ཡིན་པར་ཐལ། རྒོལ་བ་བྱེ་བྲག་པས་དེར་མི་འདོད་པའི་ཕྱིར། འདོད་པ་དེའི་ཚེ་བསྒྲུབ་པར་བྱ་བ་མ་ཡིན་པ་ལ་གནོད་པས་གཏན་ཚིགས་ཅི་ཞིག་འགལ་ཏེ་མི་འགལ་ལོ། །གཉིས་པ་ལ། ཐལ་འགྱུར་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པའི་དོན་ཅན་གྱི་ལུང་དོན་བསྒྲུབ་བྱ་ཡིན་ན། བསྒྲུབ་བྱའི་མཚན་ཉིད་འཆད་པ་ན་རང་ཉིད་ཀྱི་སྒྲ་ཡང་དོན་མེད་པར་འགྱུར་རོ། །གཉིས་པ་ལ། གསུམ་ལས། དང་པོ་ནི། རྒོལ་བ་བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་དུ་རང་སྒྲ་སྨོས་སོ་ཞེ་ན། འོ་ན་བསྟན་བཅོས་སྔ་མ་དོར་ནས་ཕྱི་མ་ལ་འཇུག་མི་ནུས་པའི་དོགས་པ་འདི་རྒོལ་བ་དབང་པོ་རྣོ་རྟུལ་གང་ལས་ཡིན། དབང་རྣོན་ལ་མ་ཡིན་ཏེ། དབང་རྣོན་དེ་ནི་བསྟན་བཅོས་དེའི་དོན་ཚད་མས་བཀག་པ་མེད་ན་འདོད་པ་ཙམ་གྱིས་འཛིན་པ་ནི་གང་གིས་ཟློག་པར་ནུས་ཏེ་མི་ནུས་ལ། གལ་ཏེ་དེའི་དོན་ཚད་མས་བཀག་ན་ཡང་ཚིག་ལས་གང་གིས་འཇུག་པར་འགྱུར་ཏེ་མི་འགྱུར་བས་སོ། །དོགས་པ་དེ་དབང་རྟུལ་ལ་མ་ཡིན་ཏེ། དབང་རྟུལ་དེ་དག་སྔར་ཡང་གྲུབ་མཐའ་ནི་རང་གི་འདོད་པ་ཉིད་ཀྱིས་འཛིན་ལ། དབང་རྟུལ་དེ་ནི་ཕྱིས་ཀྱང་ཇི་ཞིག་ལྟར་གཞན་བསྟན་བཅོས་འཛིན་པ་ནི་ཅིས་མི་འཐོབ་སྟེ་འཐོབ་པའི་ཕྱིར། དེས་ན་བསྒྲུབ་བྱའི་མཚན་ཉིད་འཆད་པའི་སྐབས་འདིར་ནི་རང་ཉིད་ཀྱི་སྒྲ་མཛད་པ་ཆོས་ཅན། དགོས་པའི་ཁྱད་པར་གཞན་གྱིས་འདོད་པ་དེའི་ཆེད་དུ་མ་ཡིན་ཏེ། ཁས་བླང་པའི་ལུང་དོན་ལ་གནོད་པས་འདོད་ཡུལ་གྱི་བསྒྲུབ་བྱ་ལ་གནོད་པ་མེད་པ་དང༌། ཆོས་ཅན་དེའི་སྟེང་དུ་ལུང་དོན་མཐའ་དག་བསྒྲུབ་བྱ་མ་ཡིན་པ་དང༌། ལུང་དོན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ན་ཐུག་པ་མེད་པར་སློབ་དཔོན་གྱིས་བསྟན་པས་ན་ལུང་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་པར་རྟོག་པ་བསལ་བའི་ཕྱིར་དུ་ཡིན་པ་ལ་དགོངས་པའི་ཕྱིར། ལན་གཉིས་པ་ནི། མདོའི་འགྲེལ་བྱེད་གཞན་ནི། ལུང་དོན་བསྒྲུབ་བྱ་ཡིན་ཀྱང༌། རང་སྒྲ་སྨོས་པ་དོན་མེད་དུ་མི་འགྱུར་ཏེ། སོ་སོའི་གཞུང་ལུགས་ཀྱིས་བྱས་པའི་ཁྱད་པར་དག་ཡོངས་སུ་སྤངས་ནས་རྒོལ་བ་གཉིས་ཀ་ལ་རབ་ཏུ་གྲགས་པའི་ཆོས་ཅན་དག་ནི་གཟུང་བའི་དོན་དུ་རང་ཉིད་ཀྱི་སྒྲ་བརྗོད་པའི་ཕྱིར། ཞེས་ཟེར། རྒོལ་ཕྱི་རྒོལ་ཁྱད་གཞིའི་སྟེང་དུ་ཁྱད་ཆོས་ལ་དཔྱད་པ་བྱེད་པ་ཉིད་ཀྱི་སྐབས་ཀྱིས་ནི་གཉིས་ཀ་ལ་རབ་ཏུ་གྲགས་པའི་རྟེན་ནི་གྲུབ་པར་གྱུར་ཏེ། རྒོལ་བ་རང་རང་གི་འདོད་པས་བརྟགས་པའི་ཁྱད་པར་ཅན་གྱི་རྩོད་གཞི་དེའི་སྟེང་དུ་ཁྱད་ཆོས་ཀྱི་དངོས་པོ་རྣམས་ལ་རྩོད་པ་མེད་པའི་ཕྱིར་རོ། །ལན་གསུམ་པ་ལ་གཉིས་ལས། ཅི་སྟེ་གྲུབ་ཟིན་པར་བསྟན་པ་ཡི་ཆོས་ཅན། བསྒྲུབ་བྱ་མ་ཡིན་པར་རྟོགས་པའི་དོན་དུ་རང་ཉིད་ཀྱི་སྒྲ་བརྗོད་དོ། །ཞེ་ན། རང་ཉིད་ཀྱི་སྒྲ་མ་སྨོས་ཀྱང་རང་གི་ངོ་བོ་ཉིད་བསྟན་པ་ཞེས་བྱ་བའི་ཚིག་འདི་ཉིད་ཀྱིས་གྲུབ་ཟིན་བསྒྲུབ་བྱ་མ་ཡིན་པ་དེ་རྟོགས་ནུས་ཏེ། རྒོལ་བས་གྲུབ་ཟིན་པ་དང་སྒྲུབ་བྱེད་དུ་བཀོད་བཞིན་པའི་ངོ་བོར་བསྟན་པ་དག་ནི་བསྒྲུབ་བྱར་དོགས་པ་ཡོད་སྲིད་པ་ཡིན་ན་བསྒྲུབ་བྱ་ཉིད་དུ་བསྟན་པ་ཞེས་བྱ་བ་འདི་ནི་འབྲས་བུ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །ལན་གཉིས་པ་ནི། ལུང་དོན་བསྒྲུབ་བྱ་ཡིན་ཀྱང་རང་སྒྲ་སྨོས་པ་དོན་མེད་དུ་མི་འགྱུར་ཏེ། གྲངས་ཅན་གྱིས་གཙོ་བོ་རང་མཚན་དུ་ཡོད་པ་ལ་སྒྲུབ་བྱེད་བཀོད་པའི་ཚེ་ལྟ་བུ་མ་གྲུབ་པའི་ཆོས་ཅན་རང་མཚན་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་སྨོས་པ་ཡིན་ནོ། །ཞེ་ན། བསྒྲུབ་བྱའི་མཚན་ཉིད་འཆད་པ་འདིར་ནི་མ་གྲུབ་པའི་ཆོས་ཅན་རང་མཚན་བསྒྲུབ་བྱ་ཡིན་པ་སེལ་བའི་དོན་དུ་རང་ཉིད་ཅེས་པའི་ཚིག་དེ་སྐད་མ་བསྟན་ཀྱང་ཕྱོགས་སུ་འགལ་བ་ཅུང་ཟད་ཀྱང་དེར་ཐལ་བ་མེད་དེ། དེའི་ཚེ་གཙོ་བོ་རང་མཚན་དུ་ཡོད་པ་དེ་སངས་རྒྱས་པའི་ངོར་བསྒྲུབ་བྱ་ཡང་དག་ཡིན་པའི་ཕྱིར། དེའི་ཚེ་ཡང་རང་མཚན་གྱི་ཆ་ནས་ཕྱོགས་སུ་སོང་བ་ནི་མ་ཡིན་ཏེ། གཙོ་བོའི་སྒྲ་དོན་གྱི་སྟེང་དུ་རང་མཚན་དུ་མེད་པ་རྣམ་པར་བསལ་ཙམ་དེ་ཕྱོགས་སུ་འགྲོ་དགོས་པའི་ཕྱིར་ཏེ། སློབ་དཔོན་གྱིས་རྗེས་སུ་དཔག་པ་སྤྱི་ཡི་ནི་ཡུལ་ཅན་ཉིད་དུ་བཤད་པ་ཡིན་པའི་ཕྱིར། དཔེར་ན། རྡུལ་ཕྲན་རང་མཚན་དུ་སྒྲུབ་པའི་ཚེ་ཡང་དེའི་གཞན་སེལ་ཕྱོགས་སུ་བཞག་དགོས་པ་བཞིན་ནོ། །དེ་ཉིད་འཆད་པ་ལ་གསུམ་སྟེ། མ་གྲུབ་པའི་ཆོས་ཅན་རང་མཚན་བསྒྲུབ་བྱར་བྱེད་པ་དེ་ཕྱོགས་ཀྱི་བསལ་བྱ་མ་ཡིན་པར་བསྟན། རྟགས་ཀྱི་བསལ་བྱ་ཡིན་པར་བསྟན། བསལ་བྱ་སོ་སོའི་མཚན་གཞི་ངོས་བཟུང༌། དང་པོ་ནི། གལ་ཏེ་མ་གྲུབ་པའི་ཆོས་ཅན་གཙོ་བོ་རང་མཚན་པ་དེ་བསྒྲུབ་བྱར་བྱས་ན་དེ་ལས་ཅིར་འགྱུར། དེ་རྟགས་ཀྱིས་སྒྲུབ་མི་ནུས་སོ་ཞེ་ན། དེ་ཅིའི་ཕྱིར་ཞེས་འདྲི། དེ་བསྒྲུབ་བྱར་བྱས་ན་རྟགས་ཕྱོགས་ཆོས་མ་གྲུབ་པ་དང་བསྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེ་ན། རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་མི་འགྲོ་བ་འདི་ཆོས་ཅན། ཕྱོགས་སྐྱོན་མ་ཡིན་ཏེ། རྟགས་དཔེ་དེ་དག་གི་སྐྱོན་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། ཁྱབ་སྟེ། ཡན་ལག་ཕྱི་མ་རྟགས་དཔེ་ལ་ལྟོས་པའི་སྐྱོན་ནི་ཕྱོགས་སྐྱོན་དུ་རང་གཞན་གྱི་སྡེ་པ་གཉིས་ཀས་འདོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དེ་དག་ཆོས་ཅན། ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར། ཞེ་ན། དེ་ལྟ་ན་གཏན་ཚིགས་ཀྱི་ཉེས་པ་འགལ་མ་ངེས་ལ་སོགས་པ་ཐམས་ཅད་ཀྱང་ཆོས་ཅན། ཕྱོགས་ཀྱི་སྐྱོན་དུ་ཐལ་བར་འགྱུར་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར་རོ། །གསུམ་པ་ལ། གཉིས་ཏེ། ཕྱོགས་སྐྱོན་ངོས་བཟུང༌། དེའི་ཤུགས་ལ་རྟགས་དཔེའི་སྐྱོན་ཁ་བསྐང་སྟེ་བཤད་པའོ། །དང་པོ་ནི། རྟགས་ཕྱོགས་ཀྱི་སྐྱོན་གཉིས་གཞི་མི་མཐུན་པ་དེའི་ཕྱིར་དམ་བཅའ་བ་དེ་ཙམ་དང་འབྲེལ་བའི་ཉེས་པ་ནི་ཕྱོགས་ཀྱི་སྐྱོན་དུ་འདོད་ཀྱི། དེ་ལས་གཞན་རྟགས་ཀྱིས་སྒྲུབ་མི་ནུས་པ་སོགས་ཕྱོགས་སྐྱོན་མ་ཡིན་ཏེ། དཔེར་ན་སྒྲ་མཉན་བྱ་མ་ཡིན་པ་མངོན་སུམ་གྱིས་བསལ་བ་སོགས་དང༌། དེ་མཉན་བྱ་ཡིན་པར་གྲུབ་ཟིན་པ་ལ་སོགས་པ་ལྟ་བུ་ཕྱོགས་ཀྱི་འགལ་ཟླར་གྱུར་པ་རྣམས་བཞིན་ནོ། །མདོར་ན། ཤེས་བྱེད་ཀྱི་རྒྱུ་རྟགས་དཔེ་སོགས་ཀྱི་མཚན་ཉིད་ཀྱི་བསལ་བྱ་སེལ་བ་ལ་ལྟོས་པ་མེད་པར་ཕྱོགས་ཀྱི་མཚན་ཉིད་ཟུར་ལྔ་ལྡན་དུ་བཤད་པ་ཆོས་ཅན། ཕྱོགས་ཀྱི་སྐྱོན་མཐའ་དག་སེལ་བར་ནུས་ཏེ། མ་ཁྱབ་པ་དང༌། ལྡོག་པ་ཁྱབ་ཆེས་པ་དང༌། མི་སྲིད་པ་དག་ནི་སྤང་ནུས་པའི་ཕྱིར། འོ་ན་མཚན་ཉིད་ཀྱི་ཟུར་གང་གིས་གང་སེལ་ཞེ་ན། རང་ཉིད་ཚིག་ཕྲད་ངོ་བོའི་སྒྲ་མ་བསལ་བ་དང་བཅས་པ་དག་ཆོས་ཅན། ལྡོག་པ་སེལ་བར་བྱེད་པ་ཡིན་ཏེ། རིགས་མི་མཐུན་གཉིས་དང་ལོག་རྟོག་གཉིས་སེལ་བར་བྱེད་པའི་ཕྱིར། འདོད་པ་ཞེས་པའི་སྒྲས་མ་ཁྱབ་པ་སེལ་བར་བྱེད་དེ། རྒོལ་བས་ངག་ཏུ་མ་རྗོད་ཀྱང༌། ཤེས་འདོད་དང་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དོན་འགའ་ཞིག་བསྒྲུབ་བྱ་མ་ཡིན་པ་སེལ་བར་བྱེད་པའི་ཕྱིར། གཉིས་པ་ནི། ཕྱོགས་ཀྱི་མཚན་ཉིད་བསལ་བྱ་ལ། །ལྟོས་པ་མེད་པར་མ་ཁྱབ་དང༌། །ལྡོག་པ་དག་ནི་སྤང་བའི་ཕྱིར། །རྟགས་ཀྱི་མཚན་ཉིད་བཤད་པ་ཡིན། །ཕྱོགས་ཆོས་ལྡོག་པའི་ཚུལ་བཅས་ཀྱིས། །ལྡོག་པ་སེལ་བར་བྱེད་པ་ཡིན། །རྗེས་འགྲོས་མ་ཁྱབ་སེལ་བར་བྱེད། །ཅེས་སྦྱར་རོ། །འདིར་ཤེས་འདོད་མེད་པ་དང་གྲུབ་བསལ་ཞུགས་པ་ལྟ་བུ་ཕྱོགས་ཀྱི་སྐྱོན་དུ་ངེས་མོད། རྟགས་ཀྱི་ཡང་སྐྱོན་དུ་འཇོག་དགོས་པ་མ་ཡིན་ནམ་ཞེ་ན། གྲུབ་ཟིན་པ་དང་བསལ་བ་ཞུགས་པ་སྒྲུབ་པ་ནི་རྟགས་ཀྱི་སྐྱོན་ཡིན་ཀྱང་ཕྱོགས་ཀྱི་མ་ཡིན། གྲུབ་ཟིན་པ་དང་བསལ་བ་ནི་ཕྱོགས་ཀྱི་ཡིན་ཀྱང་གཅིག་ཤོས་ཀྱི་སྐྱོན་མ་ཡིན་པའི་ཁྱད་པར་འབྱེད་དོ། །འོ་ན་རིགས་སྒོ་ནས། ཇི་སྐད་དུ། བསྒྲུབ་པར་བྱ་བའི་ཉིད་དུ་འདོད་པར་གྱུར་པ་འགལ་བའི་དོན་གྱིས་མ་གསལ་བ་ནི་ཕྱོགས་ཡིན་ནོ། །ཞེས་པ་དེས་ཕྱོགས་ཀྱི་མཚན་ཉིད་མ་བསྟན་པའམ་བསྟན་ན་ཡང་ཕྱོགས་སྐྱོན་མཐའ་དག་སེལ་མི་ནུས་པར་འགྱུར་ཏེ། ཟུར་ལྔ་པོ་མ་ཚང་བའི་ཕྱིར། ཞེ་ན། རིགས་མི་མཐུན་མཐའ་དག་ནི་དེས་སེལ་བར་ནུས་ལ། ལོག་རྟོག་གཅིག་ནི་སྐྱེ་བའི་གཞི་མེད་པས་སེལ་མི་དགོས། གཅིག་མ་བསལ་ཀྱང་སྐྱོན་དུ་མི་འགྱུར་ཏེ། རང་ལུགས་ཀྱི་མཚན་ཉིད་མདོར་བསྡུས་ནས་འཇོག་པའི་སྐབས་ཡིན་པའི་ཕྱིར། ཞེས་སྟོན་པ་ནི། བསྒྲུབ་བྱར་ཁས་བླངས་པ་ནི་རིགས་སྒོར་ཕྱོགས་ཀྱི་མཚན་ཉིད་དུ་གསུངས་ལ། གྲུབ་ཟིན་སོགས་རིགས་མི་མཐུན་གསུམ་པོ་དེ་རྣམས་ལ་ནི། ཕྱོགས་སུ་ཁས་བླངས་པ་ཉིད་ཅེས་གསུངས་པ་དེ་མེད་དེ། རྒོལ་བའི་ཚད་མས་བསལ་བ་ལ་ནི་ཚད་མ་དེས་དངོས་སུ་གནོད་པ་དང༌། ལྷག་མ་གྲུབ་ཟིན་པ་དང་དཔག་འདོད་མེད་པ་ལ་ནི་ཕྱོགས་སུ་ཁས་བླངས་པ་ཞེས་བྱ་བའི་མཚན་ཉིད་དེ་འཇུག་པ་མེད་པའི་ཕྱིར་རོ། །གཞུང་འདིས་ཕྱོགས་ཀྱི་མཚན་ཉིད་ལ་མི་སྲིད་པ་སྤངས་པ་དང་རིགས་སྒོའི་དོན་བསྡུས་པ་ཉིད་དུ་རྒྱན་དང་རིག་པའི་གཏེར་ལས་འཆད་དོ། །འདིར་བསྒྲུབ་བྱར་འོས་པ་ཞེས་དང༌། གོང་དུ་མ་གྲུབ་པའི་ཆོས་ཅན་ཡན་གར་བ་ཞེས་པ་ནི་གཞན་གྱི་ཚིག་ཡིན་པས་སྦྱར་མི་དགོས་སོ། །གསུམ་པ་ལ། རྩོད་སྤང་དངོས་དང༌། གྲུབ་པའི་དོན་ནོ། །དང་པོ་ནི། གལ་ཏེ་ཀུན་ལས་བཏུས་སུ་ངོ་བོ་དང་མ་བསལ་བ་དང་འདོད་པ་ཞེས་པའི་ཚིག་གསུམ་གྱིས་ཕྱོགས་ཀྱི་རིགས་མི་མཐུན་མཐའ་དག་སེལ་ནུས་ན་དེར་ཁོ་ན་བ་ཞེས་པའི་ཚིག་སྨོས་པ་ལ་དགོས་པ་མེད་དོ་ཞེ་ན། བསྒྲུབ་བྱའི་མཚན་ཉིད་དུ་རྒོལ་བ་རང་ཉིད་ཀྱི་འདོད་པ་ཞེས་བརྗོད་ཅིང་སྨོས་པ་ཡིས་ངེས་བཟུང་ཁོ་ན་བ་ཞེས་པའི་དོན་དཔེ་རྟགས་མ་གྲུབ་པར་སྒྲུབ་བྱ་མ་ཡིན་པ་ནི་རྟོགས་ན་ཡང༌། ཀུན་ལས་བཏུས་སུ་ཁོ་ན་བའི་ཚིག་བཤད་པ་ཆོས་ཅན། དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་བཅད་པའི་ཕྱིར་དུ་ཡིན་ཏེ། དེའི་ཕྱིར་དུ་མ་སྨོས་ན་དེ་འདྲའི་དོགས་པ་དེ་ངེས་པར་སྐྱེ་བའི་ཕྱིར། སྐྱེ་བ་ཡིན་ཏེ། ཀུན་ལས་བཏུས་སུ་འདོད་པ་ཞེས་པའི་ཚིག་དེ་བྱེད་པའི་མཐའ་སྟེ་བསྟན་བྱ་བ་དང་ཁྱད་གཞི་ཁྱད་ཆོས་སུ་འབྲེལ་བའི་ཕྱིར། འདིར་རང་ཉིད་ཅེས་པ་དེ་འདོད་པའི་ཁྱད་ཆོས་ཡིན་གྱི། ཟུར་ལྔའི་ནང་ཚན་གྱི་རང་ཉིད་ཀྱི་དོགས་གཅོད་འདིར་འོང་དོན་མེད་དེ། གོང་དུ་གཏན་ལ་ཕབ་ཟིན་པའི་ཕྱིར་རོ། །འོ་ན་ཀུན་ལས་བཏུས་སུ་དོགས་པ་སྐྱེ་བའི་གཞི་ཡོད་དུ་ཆུག་ཀྱང་དོགས་པ་དེ་འདོད་གྱུར་ཞེས་པའི་ཚིག་གིས་སེལ་ནུས་དགོས་ཏེ། གྱུར་པ་ནི་དཔག་འདོད་ཀྱི་ཡུལ་དུ་བྱས་ཟིན་པའི་དོན་ཡིན་པའི་ཕྱིར། དཔེར་ན། རིགས་སྒོའི་འདོད་གྱུར་བཞིན་ནོ། །ཞེ་ན། ཀུན་ལས་བཏུས་པ་འདིར་ནི་འདོད་པ་ཞེས་པའི་སྐད་ཀྱི་བྱིངས་ལ་རྐྱེན་བྱིན་པའི་སྟོབས་ཀྱིས་གྱུར་པ་ཞེས་པར་སོང་བ་དེ་ཆོས་ཅན། མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་དག་ད་ལྟ་བསྒྲུབ་བྱ་ཡིན་ནམ་སྙམ་པའི་དོགས་པ་འགོག་ནུས་ཀྱི་ཡན་ལག་མ་ཡིན་ཏེ། ཁྱོད་ཀྱིས་དེ་འདྲ་འགོག་པའི་ནུས་པ་དེ་བསྟན་བྱ་བ་ཞེས་པའི་ཚིག་གིས་བཅོམ་པའི་ཕྱིར། དཔེར་ན་ལྷས་སྦྱིན་འོངས་སོ་ཞེས་པའི་ཚིག་གི་ནུས་པ་དེ་འོངས་པ་ལ་བལྟ་བར་བྱ་ཞེས་བརྗོད་པའི་ཚེ་ཚིག་ཕྱི་མས་བཅོམ་པ་བཞིན་ནོ། །རིགས་སྒོར་ཕྱོགས་ཀྱི་མཚན་ཉིད་དུ་བཤད་པའི་འདོད་པར་གྱུར་པའི་ཚིག་དག་ལ་ཆོས་ཅན། དེ་འདྲའི་དོགས་པ་འགོག་ནུས་ཀྱི་ཡན་ལག་ཉིད་ཡིན་ཏེ། འདོད་པ་ཞེས་པའི་ཚིག་དེ་ཡིས་དཔེ་དང་གཏན་ཚིགས་མ་གྲུབ་པ་སོགས་བསྒྲུབ་བྱ་ཡིན་པ་འགོག་པས་རིགས་མི་མཐུན་ནི་བསལ་ལ། གྱུར་པ་ཞེས་པའི་ཚིག་གི་ནུས་པ་འཇོམས་བྱེད་མེད་པས་དེ་འདྲའི་དོགས་པ་དེ་སྐྱེ་བའི་གཞི་ཡང་མེད་པའི་ཕྱིར། འདིར་བྱིངས་ནི་ཨི་ཥུ་ཞེས་དང༌། རྐྱེན་ནི་ནིཥྛའི་མིང་ཅན་ལ་གཉིས་ཡོད་པའི་ཀཏ་ཞེས་པ་དེ་སྟེར་བ་ཡིན་ལ། དེའི་ཚེ་ཨུ་རྗེས་འབྲེལ་དང་ཀ་རྟགས་ཀྱི་དོན་ཡིན་པས་ཕྱིས། ཥ་ཡིག་གི་ནུས་པས་ཏ་ཡིག་དེ་ཊ་ཡིག་ཏུ་བསྒྱུར་བ་ན་ཨིཥྚ་ཞེས་པ་དེ་འདོད་གྱུར་ཡིན་ལ། སྒྲུབ་ཚུལ་དེ་ལ་ནི་གཞུང་གཉིས་པོ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རང་ཉིད་ཅེས་པའི་ཚིག་ཆོས་ཅན། རྒོལ་བ་བསྟན་བཅོས་ལ་འདོད་པས་འཇུག་པ་སོགས་ཀྱི་དོན་ཅན་དུ་ཡང་མི་རིགས་པ་ཡིན་ཏེ། དེ་དག་རྗོད་བྱེད་མ་ཡིན་པའི་ཕྱིར་རོ། །དེས་ན་རང་ཉིད་ཅེས་པའི་ཚིག་དང༌། བདག་ཉིད་ཀྱི་འདོད་པ་ཞེས་པའི་ཚིག་གིས་ཁས་བླངས་པའི་བསྟན་བཅོས་ཀུན་ལ་ལྟོས་པ་མེད་པར་རྒོལ་བ་དེ་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པ་ནི་བསྒྲུབ་བྱ་ཉིད་དུ་བསྟན་པ་དེས་ན་རྒོལ་བས་བསྒྲུབ་བྱར་མི་འདོད་པ་དང་འབྲེལ་བའི་ལུང་དོན་དུ་འདོད་པའི་ཁས་བླངས་པའི་སྒྲ་རྟག་པ་ལྟ་བུ་ལ་ཡང་གནོད་པར་གྱུར་པའི་ཚེ་ན། བྱས་པ་དེ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཉིད་ཡིན་ཏེ། རྒོལ་བས་ཇི་ལྟར་འདོད་ཡུལ་དུ་བྱས་པའི་བསྒྲུབ་བྱ་ལ་གནོད་པ་མེད་པའི་གཏན་ཚིགས་ཡིན་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། མ་བསལ་བ་སྨོས་པའི་དགོས་པ་དངོས། དགོས་པ་དེ་སྒྲུབ་པ། ལོག་ཕྱོགས་ཚད་མའི་བསལ་བ་རྒྱས་པར་བཤད་པའོ། །དང་པོ་ནི། ཚད་མའི་མདོར་མ་བསལ་བ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྒོལ་བས་ཁས་བླངས་པ་ཅིག་དགོས་པར་བསྟན་པའི་བསྒྲུབ་བྱ་དེ་ཡང་རྒོལ་བ་དེའི་ཚད་མ་ནི་གཉིས་པོ་དག་གིས་བཀག་པ་མེད་པ་ཅིག་ཡིན་པར་འདོད་དོ། །ཞེས་བསྟན་པའི་ཕྱིར། གཉིས་པ་ནི། གང་ལ་བསྒྲུབ་བྱར་སོང་བའི་རྒོལ་བའི་ཚད་མས་བསལ་བ་ཞུགས་པ་ནི་གཏན་ཚིགས་ཀྱི་རྟེན་མ་ཡིན་ཏེ། གཏན་ཚིགས་ནི་རྒོལ་བ་གང་ལ་ཐེ་ཚོམ་དང་ལྡན་པ་ལ་བརྗོད་པའི་ཕྱིར། འོ་ན་འདིར་ཚད་མ་ལ་གཉིས་སུ་གྲངས་ངེས་པར་བཤད་པ་དང༌། སློབ་དཔོན་གྱིས་སེལ་བྱེད་ཀྱི་ཚད་མ་ལ་བཞིར་བཤད་པ་འགལ་ལོ། །ཞེ་ན། མི་འགལ་ཏེ། སློབ་དཔོན་གྱིས་ནི་རྗེས་སུ་དཔག་པ་ལ་གསུམ་དུ་དབྱེ་བ་ཡིས་ཚད་མས་གནོད་པ་དེ་ནི་རྣམ་པ་བཞིར་བཤད་པའི་ཕྱིར། གལ་ཏེ་སེལ་བྱེད་རྗེས་དཔག་ལ་ཡིད་ཆེས་དང་གྲགས་པའི་རྗེས་དཔག་ཀྱང་འཆད་ན་དེའི་རྟེན་གཏན་ཚིགས་ཡོད་དགོས་ལ། དེ་ལྟ་ན་སྔར་གཏན་ཚིགས་ལ་གསུམ་གྱི་གྲངས་ངེས་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། རྗེས་དཔག་གསུམ་དུ་ཕྱེ་བ་དེ་ལ་ཁས་བླངས་རྗེས་དཔག་གི་རྟེན་ནི་འབྲས་བུའི་རྟགས་སུ་འདུས་ལ། འགྲོ་བ་ལ་གྲགས་པའི་རྗེས་དཔག་གི་རྟེན་ནི་རང་བཞིན་གྱི་རྟགས་སུ་འདུས་པའི་ཕྱིར། ཡིད་ཆེས་ལ་རང་བཞིན་དང་མ་དམིགས་པ་གཉིས་ཀྱི་བཤད་པ་དང༌། གྲགས་པ་ལ་དགག་པའི་གཏན་ཚིགས་ཀྱི་བཤད་པ་ནི་གཞུང་འགྲེལ་ལས་མི་འབྱུང་ཞིང༌། ཡིད་ཆེས་ཀྱི་རྩ་བའི་སྦྱོར་བ་ནི་ལུང་ཉིད་རྟགས་སུ་འགོད་པ་ལས་གཞན་བཤད་པ་མེད་དོ། །གསུམ་པ་ལ། མངོན་སུམ་དོན་དང་ཞེས་སོགས་ཀྱི་མདོ་དོན་བཤད་པའི་སྒོ་ནས་ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལྟར་སྣང་དང་དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད། ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དང་ཞེས་སོགས་ཀྱི་མདོ་དོན་བཤད་པའི་སྒོ་ནས་དམ་བཅའ་ཕྱི་མ་གསུམ་གྱི་དཔེར་བརྗོད་དང་དེ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ། གསུམ་སྟེ། སེལ་བྱེད་གང་གིས་བསལ་བ་རྒྱས་པར་བཤད། ཆོས་ཅན་གང་ལ་བསལ་བ་རྒྱས་པར་བཤད། ཁྱད་པར་མ་གྲུབ་པ་སོགས་ཕྱོགས་སྐྱོན་དུ་མི་སྟོན་པའི་རྒྱུ་མཚན་ནོ། །དང་པོ་ལ། གསུམ་སྟེ། ཡིད་ཆེས་ཀྱི་དང༌། གྲགས་པའི་དང༌། མངོན་སུམ་གྱི་བསལ་བའོ། །དང་པོ་ལ། གསུམ་སྟེ། ཀུན་ལས་བཏུས་སུ་རང་ཚིག་དང་འགལ་བ་དང་ལུང་དང་འགལ་བ་ལ་དཔེར་བརྗོད་ཐུན་མོང་དུ་གསུངས་པའི་རྒྱུ་མཚན་དང་དགོས་པ་རྒྱས་པར་བཤད་པའི་སྒོ་ནས་ཡིད་ཆེས་ཀྱི་བསལ་བ་ངོས་བཟུང༌། རིགས་སྒོར་རང་ཚིག་དང་ལུང་དང་འགལ་བ་ལ་དཔེར་བརྗོད་ཐ་དད་དུ་གསུངས་པའི་དགོས་པ་བཤད་པའི་སྒོ་ནས་རང་ཚིག་དང་འགལ་བ་ཙམ་ཡིད་ཆེས་ཀྱི་བསལ་བ་མ་ཡིན་པར་བསྟན། དེ་ལ་རྩོད་པ་སྤངས་ཏེ་གྲུབ་དོན་བཤད་པའོ། །དང་པོ་ལ། གསུམ་སྟེ། ཤེས་བྱེད་གཉིས་པོ་བྱེད་ལས་མཚུངས་པར་བསྟན། བསལ་བྱ་དངོས་བཏགས་ཀྱི་དབྱེ་བ་སོ་སོར་བཤད། དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་ལུང་སྒྲུབ་བྱེད་དུ་མི་འཇུག་པར་བཤད་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། གསུམ་སྟེ། སེལ་བྱེད་རང་ཚིག་དང་ལུང་ཚིག་ལྷན་ཅིག་ཏུ་གསུངས་པའི་རྒྱུ་མཚན། དགོས་པ། དེ་ཉིད་སློབ་དཔོན་གྱི་དགོངས་པར་གྲུབ་པའོ། །དང་པོ་ནི། ཚད་མའི་མདོར་བསལ་བ་དང་པོའི་སེལ་བྱེད་འཆད་པའི་སྐབས་སུ་རང་གི་ཚིག་དང་ནི་བསྟན་བཅོས་ལྷན་ཅིག་ཏུ་བཤད་པ་ཆོས་ཅན། དགོས་པ་སྔོན་དུ་སོང་བ་ཡིན་ཏེ། ཡང་དག་པའི་དོན་ངེས་པ་དང་ལྡན་པའི་སྒོ་ནས་བརྗོད་པར་འདོད་པའི་རྒོལ་བ་བདག་དང༌། གཞན་ལུང་གི་བྱེད་པ་པོ་གཉིས་ཡིད་ཆེས་ཀྱི་གནས་སུ་མཚུངས་པའི་ཕྱིར་ནའོ། །གཉིས་པ་ནི། སྐབས་དེར་ཡིད་ཆེས་པའི་ལུང་འདི་རང་གི་ཚིག་དང་ལྷན་ཅིག་ཏུ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཇི་ལྟར་རྒོལ་བ་བདག་ནི་དོན་དེ་ལ་ཚད་མ་མ་ཡིན་ན་དོན་དེ་སྟོན་པའི་ཚིག་ནི་འཇུག་པར་མི་འགྱུར་བ་དེ་བཞིན་དུ་བསྟན་བཅོས་ཀྱང་དཔྱད་པ་གསུམ་གྱིས་དག་པའི་སྒོ་ནས་ཚད་མར་མི་སྟོན་ན་དེར་གྲགས་པའི་དོན་ཤིན་ཏུ་ལྐོག་གྱུར་ལ་དཔྱོད་པ་ཡང་མི་འཇུག་གོ་ཞེས་བསྟན་པའི་ཕྱིར་དུ་ཡིན་པས་སོ། །དེ་ལྟར་བསྟན་པ་ཡང་ཆོས་ཅན། དགོས་པ་ཡོད་དེ། བསྟན་བཅོས་སམ་ལུང་རྣམ་དག་དེ་ལུང་དེའི་སྐབས་ཀྱི་རྟེན་ཤིན་ཏུ་ལྐོག་གྱུར་ཉིད་ཀྱི་སྟེང་དུ་ལོག་ཕྱོགས་ལ་གནོད་བྱེད་ཡིན་ནོ། །ཞེས་པའི་དོན་འདི་བསྟན་པའི་ཆེད་དུ་ཡིན་པས་སོ། །འདིར་དོན་ནི། སྤྱིར་ཤིན་ལྐོག་སྟོན་པ་ལ་རང་ཚིག་དང་ལུང་ཚིག་གཉིས་ཡོད་ཀྱང༌། དེ་གཞུང་འདིས་ངོས་འཛིན་པ་མ་ཡིན་གྱི། འཇིག་རྟེན་ན་གྲགས་པའི་ཟོ་ཤིག་དང་འཐུང་ཤིག་ལྟ་བུའི་ཚིག་རྣམས་དོན་མཐུན་དུ་འཇོག་པ་རྒོལ་བ་རང་ཉིད་རང་ལ་ཡིད་ཆེས་པའི་དོན་གྱིས་ཡིན་པ་དེ་དཔེར་བྱས་ནས་ཤིན་ལྐོག་སྟོན་པའི་ལུང་ཡང་ལུང་དོན་ལ་ཡིད་ཆེས་པའི་སྟོབས་ཀྱིས་གནོད་གྲུབ་ཏུ་འཇོག་ཅེས་སྟོན་པ་ཡིན་ལ། ཡིད་ཆེས་པའི་ཚད་ནི་དཔྱད་པ་གསུམ་གྱིས་རྣམ་པར་དག་པའོ། །གསུམ་པ་ནི། རྒྱུ་མཚན་དང་དགོས་པ་དེས་ན་སློབ་དཔོན་གྱིས་ཚིག་གཉིས་པོ་དང་འགལ་བ་འདི་ལ་དཔེ་དག་ཀྱང་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་པར་དམ་བཅས་པ་ལྟ་བུའོ་ཞེས་མཚུངས་པ་ཉིད་དུ་བསྟན་པ་ཡིན་ནོ། །དེ་འདྲ་དེ་གཉིས་ཀའི་དཔེར་རུང་བ་ཡིན་ཏེ། ཚད་མ་རྣམས་ནི་ཡོད་པ་མ་ཡིན་ན་བསྟན་བཅོས་ཀྱི་ཚིག་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་ན་གཉིས་ཀའི་རྣམ་གསལ་གྱི་དཔེར་རུང་ངམ་ཞེ་ན། རང་ཚིག་འགལ་བ་སྟེ་གེགས་བྱེད་པ་ལ་རྣམ་པ་གསལ་བའི་དཔེ་ཡིན་ཏེ་དངོས་ཤུགས་འགལ་བའི་རང་ཚིག་ཉིད་ཡིན་པའི་ཕྱིར། ལུང་དང་འགལ་བའི་དེ་མ་ཡིན་ཏེ། དམ་བཅའ་དེའི་ལོག་ཕྱོགས་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་པའི་ཕྱིར། དེ་ལ་ཕྱོགས་ཙམ་བསྟན་པ་ཡིན་ཏེ། དམ་བཅའ་དེའི་ཞེན་དོན་གྱི་ལོག་ཕྱོགས་དེའི་ཕྱོགས་གཅིག་ཡིད་ཆེས་པའི་ལུང་གིས་གྲུབ་པ་ཡང་ཡོད་པའི་ཕྱིར། འོ་ན་དེའི་རྣམ་གསལ་གྱི་དཔེ་གང་ཞེ་ན། ལུང་དང་འགལ་བ་དེ་ལ་སྦྱིན་པ་ལ་སོགས་པའི་ཆོས་ནི་མ་འོངས་པ་ན་བདེ་བ་མི་འགྲུབ་ཅེས་བྱ་བ་ཡིན་ནོ། །གསུམ་པ་ལ། དངོས་དང་གྲུབ་དོན་ནོ། །ལུང་དེ་ལ་རྟེན་པ་མ་ཡིན་པའི་དངོས་པོ་གཞལ་བྱའི་གནས་དང་པོ་གཉིས་ལ་སྔར་ཁས་བླངས་པའི་བསྟན་བཅོས་དང་འགལ་བ་བརྗོད་ན་ཡང་ལུང་གིས་གནོད་པ་མ་ཡིན་ཏེ། གཉིས་པོ་དག་ནུས་པ་མཚུངས་པའི་ཕྱིར་ན་ཕན་ཚུན་གེགས་བྱེད་ཙམ་དུ་འགྱུར་བའི་ཕྱིར། དཔེར་ན་ངའི་མ་མོ་གཤམ་མོ་ཞེས་པའི་རང་གི་ཚིག་བཞིན་ཏེ། སྔར་རྟག་སྟོན་གྱི་བསྟན་བཅོས་ཚད་མས་ཁས་བླངས་པ་དེ་ཡང་སྒྲ་མི་རྟག་པར་དམ་བཅས་པ་དེའི་ཚེ་རང་ཚིག་འགལ་བས་གེགས་བྱེད་པའི་བདག་ཉིད་དུ་འགྱུར་རོ། །གལ་ཏེ་སྒྲ་རྟག་པའམ་མི་རྟག་པར་སྟོན་པའི་ལུང་གིས་རང་རང་གི་ལོག་ཕྱོགས་དམ་བཅས་པའི་དོན་ལ་མི་གནོད་ན། རང་རང་གི་ཞེན་དོན་ངེས་པའི་ཚད་མས་ཀྱང་ལོག་ཕྱོགས་ཀྱི་དོན་ལ་མི་གནོད་དམ་ཞེ་ན། སྒྲ་རྟག་སྟོན་གྱི་བསྟན་བཅོས་དང་མི་རྟག་པར་དམ་བཅས་པའི་དམ་བཅའ་དེ་དག་གང་ལ་རྒྱབ་རྟེན་ཚད་མ་ཡོད་པའི་ཚད་མ་དེ་ནི་གཞན་ཚད་མས་མ་གྲུབ་པའི་དོན་དེ་ལ་གནོད་བྱེད་དུ་འགྱུར་ཏེ། རྒྱབ་བརྟེན་ཚད་མ་ཡོད་པ་དེ་ལྟ་མ་ཡིན་ན་རིག་བྲལ་གྱི་དམ་བཅའ་འམ་ནུས་པ་མཚུངས་པའི་དམ་བཅའི་ཞེན་དོན་གྱིས་ནི་ཇི་བཞིན་དོན་ཅན་གྱི་རྗེས་དཔག་གི་ཡུལ་ལ་ནི་ཇི་ལྟར་གནོད་དེ་མི་གནོད་པའི་ཕྱིར་རོ། །འདིར་གཞན་དག སྒྲ་མི་རྟག་པར་ཚད་མས་ངེས་ནས་དེར་དམ་བཅས་པའི་ཚིག་དེ་སྒྲ་རྟག་པ་ལ་གནོད་བྱེད་དུ་འཆད་པ་དེས་ནི་ཚིགས་སུ་བཅད་པ་གསུམ་གྱི་དོན་ཆུད་གསན་པ་ཡིན་ཏེ། སྒྲ་མི་རྟག་པར་རྟོགས་པའི་ཚད་མས་གནོད་པ་དང་དེར་སྟོན་པའི་ལུང་གིས་གནོད་པ་གཉིས་ཀྱི་ཤན་མ་ཕྱེད་པའི་ཕྱིར་དང༌། སྒྲ་མི་རྟག་པར་ཡང་དངོས་པོ་སྟོབས་ཞུགས་ཀྱིས་གྲུབ་པ་ཡིན་གྱི། ལུང་གིས་གྲུབ་པ་མ་ཡིན་པའི་ཕྱིར་དང༌། སྒྲ་མི་རྟག་པར་ཚད་མས་ངེས་ནས་དམ་བཅས་པའི་ལུང་གིས་སྒྲ་རྟག་པར་དམ་བཅས་པའི་ཞེན་དོན་ལ་གནོད་བྱེད་དུ་ཁས་བླངས་ན་ལེའུ་འདིའི་གཞུང་དོན་ཕལ་ཆེར་ཆུད་གསན་པའི་ཕྱིར་རོ། །གཉིས་པ་ལ། ཤིན་ལྐོག་གི་ཚེ་ལུང་འཇུག་པར་བསྟན། དེས་ན་སེལ་བྱེད་ཀྱི་ཚེ་ཡིད་ཆེས་ལོགས་སུ་གསུངས་པའོ། །དང་པོ་ནི། འོ་ན་ལུང་གནོད་བྱེད་དུ་འཇུག་པའི་སྐབས་མེད་དམ་ཞེ་ན། ལུང་ཁས་བླངས་ནས་ཤིན་ལྐོག་ལ་དཔྱོད་པ་དག་ལ་ལུང་དང་འགལ་ན་ལུང་གིས་གནོད་པའི་སྐྱོན་འདི་འདོད་དེ། གཞལ་བྱའི་གནས་དང་པོ་གཉིས་ལ་ལུང་རྣམས་ཚད་མ་ཡིན་པ་ནི་སྔར་ཉིད་དུ་རྣམ་པར་ཟློག་ཟིན་པ་དེའི་ཕྱིར་ནའོ། །གཉིས་པ་ནི། གཞལ་བྱའི་གནས་གསུམ་ལ་ལུང་གནོད་སྒྲུབ་ཡིན་མིན་གྱི་ཁྱད་པར་ཡོད་པ་དེས་ན་ཁས་བླངས་རྗེས་དཔག་དེ་རྗེས་དཔག་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཀྱང༌། རྗེས་དཔག་གསུམ་པོའི་གནོད་ཡུལ་གྱི་ཁྱད་པར་བསྟན་པ་ཡི་ཕྱིར་དུ་ན་ཐ་དད་དུ་བྱས་པ་ཡིན་ཏེ། ཤིན་ལྐོག་གི་ཚེ་ལུང་གནོད་བྱེད་དུ་ཤེས་པའི་ཆེད་ཡིན་པའི་ཕྱིར་དང༌། དེ་ལྟ་མ་ཡིན་པར་རྗེས་དཔག་གི་དབྱེ་བ་ཙམ་སྟོན་པ་ཡིན་ན་ཧ་ཅང་ཐལ་ཆེས་པའམ་ཡིད་ཆེས་ལོགས་ཤིག་དུ་བྱས་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། རིགས་སྒོར་རང་ཚིག་དང་འགལ་བའི་དཔེར་བརྗོད་ཀྱང་ལུང་ལས་ཐ་དད་དུ་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། གཞལ་བྱའི་གནས་གཉིས་ཀྱི་དབང་དུ་བྱས་པའི་དང༌། དཔྱད་པས་མ་དག་པའི་ཤིན་ལྐོག་སྟོན་པའི་ཚིག་ཙམ་བརྗོད་པ་དེ་ལོག་ཕྱོགས་ཀྱི་དོན་ལ་གེགས་བྱེད་ཙམ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གསུམ་པ་ནི། རྒོལ་བ་དེ་ཡིས་གནས་གསུམ་སྟོན་པའི་བསྟན་བཅོས་ཚད་མར་ནི་ཁས་བླངས་པའི་ཕྱིར་ན་དངོས་པོ་ཀུན་ལ་གནོད་བྱེད་དང་སྒྲུབ་བྱེད་དུ་འཇུག་གོ་ཞེ་ན། གལ་ཏེ་གཞལ་བྱ་དང་པོ་གཉིས་སྟོན་པའི་བསྟན་བཅོས་དེ་ཕྱིས་མི་འདོད་ན་གནོད་བྱེད་ཡིན་ནམ་ཅི་ཞེས་འདྲི། སྔར་ལུང་ཁས་བླངས་ནས་ཕྱིས་མི་འདོད་ན་རང་ཚིག་འགལ་བས་གནོད་དོ་ཞེ་ན། རང་ཚིག་འགལ་བ་དང་བསྟན་བཅོས་དང་འགལ་བ་ལ་ཁྱད་པར་ཐ་དད་མེད་པར་འགྱུར་ཏེ། རང་གི་ཚིག་ཀྱང་ལོག་ཕྱོགས་ལ་གནོད་བྱེད་དུ་འཇུག་པའི་ཕྱིར། གཞན་ཡང་བསྟན་བཅོས་འདི་ཆོས་ཅན། ཡུལ་ཀུན་ལ་ཡོངས་སུ་རྫོགས་པའི་ཚད་མ་ཉིད་ཡིན་པར་ཐལ། སྐྱེས་བུའི་འདོད་པས་ཚད་མར་བྱས་པའི་ཕྱིར། དེས་ན་རབ་ཏུ་གྲགས་པའི་དོན་མངོན་ལྐོག་དག་ལ་བསྟན་བཅོས་ནི་དོར་ནའང་མི་རྟོགས་པའི་ཉེས་པ་མེད་ལ། ཤིན་ཏུ་ལྐོག་གྱུར་དག་ལ་བསྟན་བཅོས་ནི་ངེས་པར་ཁས་ལེན་དགོས་ཏེ། དེའི་ཚེ་དེ་མི་འདོད་ན་དོན་དེ་ལ་དཔྱོད་པ་ཉིད་མི་འཇུག་པའི་ཕྱིར། འོ་ན་བརྟག་དཔྱད་མ་བྱས་པར་ཡང་ལུང་ཁས་བླངས་པས་ཆོག་གམ་ཞེ་ན། ལུང་འདི་ལ་བརྟག་པ་བྱས་པ་ན་ཕལ་ཆེར་ནི་འགལ་བ་བརྗོད་པ་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཆགས་སོགས་ཆོས་མ་ཡིན་པ་ཉེས་པའི་རྩ་བ་དང༌། ཁྲུས་ཀྱིས་ཆོས་མིན་ཏེ། ལུས་ངག་གི་ཉེས་པ་དག་པར་འགྱུར་ཞེས་སྟོན་པ་ལྟ་བུའོ། །འདི་ནི་ཤིན་ལྐོག་ལ་རང་ཚིག་འགལ་བའི་དཔེ་སྟེ། སྔ་མས་ཕྱི་མ་ལ་གནོད་པའོ། །དེས་ན་རྒོལ་བ་བསྟན་བཅོས་ལ་དཔྱོད་པ་འཇུག་པར་འགྱུར་བ་ཆོས་ཅན། དགོས་པ་ཡོད་དེ། མཐོང་བ་མངོན་ལྐོག་དག་ལ་རིགས་པས་གྲུབ་པ་དང༌། མ་མཐོང་བ་ཤིན་ལྐོག་དག་ལ་རང་ཚིག་གིས་གནོད་པ་མེད་པའི་བསྟན་བཅོས་གང་ཡིན་པ་དེ་ཤིན་ལྐོག་རྟོགས་པའི་དོན་དུ་འགྱུར་བར་བྱ་བའི་ཕྱིར་ཡིན་པས་སོ། །གཉིས་པ་ལ། གསུམ་སྟེ། སེལ་བྱེད་བསལ་བྱ་སེལ་ནུས་པའི་རྒྱུ་མཚན་གསུམ་གྱི་སྒོ་ནས་མདོར་བསྟན། དེ་ཉིད་སློབ་དཔོན་གྱི་ལུང་དང་སྦྱར་བའི་སྒོ་ནས་རྒྱས་པར་བཤད། སེལ་བྱེད་གྲགས་པ་ལོགས་སུ་གསུངས་པའི་དགོངས་དོན་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་ལས། སེལ་བྱེད་ནི། སྐྱེས་བུའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་བའི་འདོད་རྒྱལ་བའི་སྒྲ་ཟླ་བ་ཞེས་བརྗོད་པ་དེ་ཆོས་ཅན། དོན་ཐམས་ཅད་ལ་འཇུག་ཏུ་རུང་བ་གནོད་པ་མེད་པའི་ངག་ཏུ་སྐྱེ་བོ་རྣམས་ཀྱི་འདོད་པ་ཡིད་ཆེས་པས་གྲུབ་པ་ཡིན་ཏེ། ཁྱོད་ཀྱི་བརྗོད་བྱར་རུང་བ་ཉིད་ནི་དོན་ཐམས་ཅད་ལ་བཀག་པ་མེད་པའི་ཕྱིར། འོ་ན་བརྗོད་རུང་གི་བསལ་བ་ཞེས་བརྗོད་རིགས་ཀྱི། གྲགས་པའི་བསལ་བ་ཞེས་བརྗོད་པར་མི་རིགས་སོ་ཞེ་ན། ཆོས་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དེ་ཆོས་ཅན། ཁྱོད་ལ་ཡུལ་ཅན་གྲགས་པའི་སྒྲ་ཡིས་བརྗོད་དེ། ཐ་སྙད་དེ། རྗོད་བྱེད་ཀྱི་སྒྲ་དང་རྣམ་པར་རྟོག་པ་གཏེང་ཚུགས་པ་ལས་ནི་སྐྱེས་པ་སྟེ་དེའི་དབང་གིས་ཡིན་པའི་ཕྱིར། དཔེར་ན་ཀ་བ་དང་བུམ་སོགས་ཀྱི་གཞལ་བྱ་ལ་ཡང་འཇལ་བྱེད་མངོན་སུམ་སོགས་ཀྱི་སྒྲས་སྒྲོ་བཏགས་ནས་བརྗོད་པ་བཞིན་ནོ། །འདིའི་དོན་ནི། ཚད་མས་གནོད་པ་བྱས་པ་ལ་དེའི་གཞལ་བྱས་དེ་བྱས་པར་བརྟགས་པ་ཡིན་ཏེ། གནོད་བྱེད་དངོས་ནི་ཚད་མ་ཡིན་པས་སོ། །གཉིས་པ་བསལ་བྱ་ནི། རྟོག་ཡུལ་ན་ཡོད་པའི་དོན་ཙམ་དང་ནི་རྗེས་སུ་འབྲེལ་བ་ཅན་གྱི་ཟླ་བ་ཞེས་པའི་སྒྲ་བྱུང་ཟིན་པ་རི་བོང་ཅན་འམ། ཡང་ན་མི་འབྱུང་བར་འགྱུར་བ་བུམ་པ་སོགས་ཟླ་བ་ཞེས་པའི་སྒྲ་ཡི་བརྗོད་བྱར་རུང་བ་ཉིད་དེ་ཡིས་མི་མཐུན་པ་བརྗོད་དུ་མི་རུང་བ་དག་ལ་གནོད་པར་འགྱུར་རོ། །གསུམ་པ་སེལ་ནུས་པའི་རྒྱུ་མཚན་ནི། ཟླ་བ་ཞེས་པའི་སྒྲ་བྱས་པ་རི་བོང་ཅན་དང༌། མ་བྱས་པ་བུམ་པ་ལ་སོགས་པ་སྣ་ཚོགས་པ་རྣམས་སུ་ཆོས་ཅན། རྟོག་པའི་ཡུལ་ཡིན་པའི་རང་བཞིན་ཉིད་ཀྱིས་རྗོད་བྱེད་ཀྱི་སྒྲ་གང་གིས་ཀྱང་བརྗོད་དུ་རུང་སྟེ། བརྗོད་འདོད་དེ་ལ་བརྟེན་ནས་འབྱུང་བ་ཅན་གྱི་སྒྲ་ནི་འདོད་པས་འཇུག་པའི་ཕྱིར་ན་དོན་གང་ལ་ཡང་དགག་ཏུ་མེད་པས་སོ། །གལ་ཏེ་བུམ་སོགས་ལ་ཟླ་བར་མ་གྲགས་པའི་ཕྱིར་དེ་དེས་བརྗོད་མི་རུང་ལ་གྲགས་པས་མི་གནོད་དོ་ཞེ་ན། གྲགས་ཟིན་པ་མེད་ཀྱང་བུམ་སོགས་དེ་ལ་ཟླ་བའི་སྒྲ་ནི་གྲགས་པས་གྲུབ་པ་ཡིན་ཏེ། དངོས་པོ་ཐམས་ཅད་ལ་རྗོད་བྱེད་ཀྱི་སྒྲ་ཐམས་ཅད་བརྗོད་འདོད་ཀྱི་དབང་གིས་རུང་བ་ཉིད་དེའི་སྟོབས་ཉིད་ལས་བུམ་སོགས་དེ་ལ་རྗོད་བྱེད་ཀྱི་སྒྲ་ཀུན་འཇུག་རུང་དུ་འབྲེལ་བ་དེས་ནའོ། །དེ་ལས་གཞན་དུ་ན་རི་བོང་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་མི་རུང་འདིར་ནི་གནོད་བྱེད་དུ་བཀོད་པ་ཡི་གཏན་ཚིགས་ཡོད་པ་དེ་ཐུན་མོང་བ་ཉིད་དུ་མི་འགྱུར་ཏེ། མཐུན་དཔེ་མེད་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། རང་ལུགས་བཞག གཞན་ལུགས་དགག རྩོད་པ་སྤངས་ཏེ་གྲུབ་དོན་བསྟན་པའོ། །དང་པོ་ལ། གསུམ་སྟེ། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་པའི་མདོ་དོན་བཤད། སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ཞེས་པའི་མདོ་དོན་བཤད། མདོ་དང་པོའི་དོན་འཆད་ཚུལ་གཉིས་པས་ཀྱང་བཤད་པའོ། །དང་པོ་ནི། བརྡ་སྤྲོད་པ་ན་རེ་རི་བོང་ཅན་ལ་ཟླ་བ་ཞེས་པའི་སྒྲ་ནི་འཇིག་རྟེན་ན་གྲགས་པ་ཙམ་ཡིན་གྱི་འཇུག་ཏུ་རུང་བ་ནི་མ་ཡིན་ནོ། །ཞེས་ཟེར། འོ་ན་དེ་དེས་བརྗོད་དུ་རུང་བ་འགོག་པ་ནི་རྗེས་དཔག་ལས་འགྱུར་ཏེ། དེ་ཚད་མས་འགོག་ནི་དགོས། སྒྲ་དོན་ལ་དབང་པོས་མཚོན་པའི་མངོན་སུམ་འཇུག་པ་མེད་པའི་ཕྱིར། འདོད་དོ་ཞེ་ན། རི་ཅན་ཟླ་སྒྲས་བརྗོད་མི་རུང་དུ་གྲུབ་པ་གང་ལ་གཏན་ཚིགས་ཡོད་པ་དེ་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པའི་གཏན་ཚིགས་ཀྱི་དཔེར་བརྗོད་པ་ཆོས་ཅན། འབྲས་བུ་དང་ནི་ལྡན་པར་འདོད་དེ། དེ་སྒྲུབ་ལ་རྟགས་གང་བཀོད་པ་རྣམས་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་མཚོན་ནས་བསྟན་པ་དེ་ལྟར་ནའོ། །གཉིས་པ་ནི། དོན་ཐམས་ཅད་བརྗོད་མི་རུང་ལ་གྲགས་པས་གནོད་ན་སློབ་དཔོན་གྱིས་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ཞེས་གསུངས་པ་མི་འཐད་དོ་ཞེ་ན། སྒྲ་ལས་བྱུང་བའི་གྲགས་པ་ཞེས་གསུངས་པ་ཆོས་ཅན། བརྗོད་རུང་གི་གྲགས་པའང་མཚོན་ནུས་ཏེ། རྗོད་བྱེད་ཀྱི་སྒྲ་ཐམས་ཅད་ནི་བརྡ་ལ་བརྟེན་པ་ཅན་ཡིན་ལ། བརྡ་དེ་ཡང་བརྗོད་འདོད་ཙམ་ལ་བརྟེན་པ་ཡིན་པས་ན་ཟླ་བ་ཞེས་པའི་སྒྲ་ཡིས་འཇུག་རུང་དུ་གྲུབ་པ་ནི་དོན་གང་ལ་ཡང་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པ་དེ་ལྟར་ནའོ། །མདོར་ན་ལུང་སྔ་ཕྱི་གཉིས་ཆོས་ཅན། གྲགས་པའི་རྗེས་སུ་དཔག་པས་བསྒྲུབས་པ་རྣམས་ལ་དེ་དང་འགལ་བ་སྒྲུབ་བྱེད་འཁྲུལ་པ་མེད་པ་ཅན་གྱི་གཏན་ཚིགས་མེད་པར་སྟོན་པ་ཡིན་ཏེ། དོན་ཐམས་ཅད་ཟླ་བ་ཞེས་པའི་སྒྲས་བརྗོད་རུང་དེ་ལྟ་བུ་གསར་དུ་རྟོགས་པའི་བློ་ནི་གྲགས་པའི་རྗེས་དཔོག་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །གསུམ་པ་ནི། མདོ་སྔ་མའི་དོན་དེ་ལྟར་བཤད་པ་ལས་ཡང་ན་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། ཞེས་སོགས་ཀྱི་མདོ་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པ་ལས་གྲགས་པ་ཐ་དད་པའི་ཡུལ་ཅན་ཉིད་དུ་བསྟན་པ་ཡིན་ཏེ། འཇིག་རྟེན་གྱི་བརྗོད་པ་སྟེ་རི་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པ་ཡི་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་མེད་པར་བརྗོད་པ་ཡིན་པ་དེས་ནའོ། །དེ་ལྟར་བསྟན་པ་དེས་ན་ཡུལ་གྱི་དངོས་པོ་རྣམས་ཡོད་པ་དང་མེད་པའི་རྗེས་སུ་འཇུག་པ་ཅན་གྱི་དངོས་སྟོབས་རྗེས་དཔག་ལས་ཐ་དད་པའི་གྲགས་པའི་རྗེས་དཔག་དེ་ཆོས་ཅན། སྐྱེས་བུའི་འདོད་པ་ཙམ་ལས་སྐྱེས་པ་ཡིན་ཞེས་བསྟན་པ་ཡིན་ཏེ། ཡུལ་ལ་དངོས་པོའི་དབང་གིས་མི་འཇུག་པར་བསྟན་པའི་ཕྱིར། གཉིས་པ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་ཁ་ཅིག་ན་རེ། ཡོད་པ་དེ་ནི་རི་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་འདོད་དེ། ཕྱོགས་ཆོས་གྲུབ་ཅིང་དེ་སྒྲུབ་ལ་མཐུན་དཔེ་མེད་པ་ཅན་ཡིན་པའི་ཕྱིར། མེད་དེ། བརྡ་སྤྲོད་པ་ནི་རི་བོང་ཅན་ལ་ཡང་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བར་མི་འདོད་ན་ཟླ་བ་དེར་གྲགས་པ་དང་མཐུན་པའི་དོན་གང་ཞིག་འདོད་པར་འགྱུར་ཏེ། དེ་འདྲ་ཁས་མི་ལེན་པ་དེའི་ཕྱིར། དེས་ན་དེ་སྒྲུབ་ལ་གཏན་ཚིགས་གང་བཀོད་ཀྱང་ཐུན་མོང་མ་ཡིན་པའི་གཏན་ཚིགས་སུ་ཤེས་པའི་ཆེད་དུ་གང་ལ་ཐུན་མོང་མ་ཡིན་པའི་ཕྱིར། ཞེས་སོགས་དང༌། རི་ཅན་ཟླ་སྒྲས་བརྗོད་མི་རུང་ཁོ་ན་ལ་གྲགས་པས་གནོད་པའི་ཆེད་དུ་སྒྲ་ལས་བྱུང་བ་ཞེས་སོགས་གསུངས་པ་ཡིན་ནོ། །ཞེས་ཟེར། དེ་མི་འཐད་པ་ལ། གཉིས་ཏེ། ལུང་གཉིས་པའི་དོན་འཆད་ཚུལ་མི་འཐད་པ་དང༌། དང་པོའི་དོན་འཆད་ཚུལ་མི་འཐད་པའོ། །དང་པོ་ནི། དཔེ་རི་ཅན་ཟླ་སྒྲས་བརྗོད་མི་རུང་འདི་ཉིད་ཁོ་ནའི་དབང་དུ་བྱས་ནས་ནི་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་ཞེས་སོགས་ཀྱི་མདོ་དེ་སྐད་བཤད་པ་མ་ཡིན་ཏེ། མདོ་དེས་གྲགས་བསལ་སྤྱིའི་མཚན་ཉིད་ཏེ་མཚན་གཞི་གཟུང་བའི་ཕྱིར་ཏེ། རི་ཅན་ཟླ་སྒྲས་བརྗོད་མི་རུང་དེ་བཞིན་དུ་ད་ཏྲིག་ཤིང་མ་ཡིན་ནོ་ཞེས་བརྗོད་པ་ལ་ཡང་གྲགས་པས་གནོད་པར་བསྟན་པའི་ཕྱིར་རོ། །གཉིས་པ་ནི། རྟོག་ཡུལ་ན་ཡོད་པ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཉིད་ཀྱང་ཅི་ཡིན་ཏེ། འཇིག་རྟེན་འདིར་ཡང་ག་བུར་དང་རྔུལ་ཆུ་སོགས་ལ་ཟླ་བ་ཞེས་པའི་སྒྲ་འཇུག་པར་ནི་མཐོང་བའི་ཕྱིར་ན་ཟླ་བ་ཞེས་པའི་སྒྲ་དེ་བརྡ་ཙམ་ལས་འཇུག་པར་འགྱུར་བའི་ཕྱིར་རོ། །རང་སྡེ་ན་རེ། ག་བུར་སོགས་ལ་ལ་ཁོ་ནར་འདོད་པ་ཙམ་གྱིས་གྲུབ་པ་ཡིན་ནོ། །ཞེ་ན། སྒྲ་དེ་ནི་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་པར་ཐལ། ཡུལ་ལ་ལ་ཁོ་ནར་འཇུག་གཞན་ལ་མི་འཇུག་པའི་ཕྱིར། གྲགས་པས་གྲུབ་པར་ཁས་ལེན་ན་ནི་གཏན་ཚིགས་དེ་ཐུན་མོང་མ་ཡིན་པར་མི་རུང་སྟེ། རི་བོང་མ་ཡིན་པ་ལ་ཡང་སྒྲ་དེ་གྲགས་པས་གྲུབ་བཟློག་ཏུ་མེད་པའི་ཕྱིར། ག་བུར་སོགས་ཀྱི་དངོས་པོ་ལ་ནི་འདོད་པ་ཙམ་གྱིས་འཇུག་རུང་དུ་གྲུབ་པ་དེ་རི་བོང་ཅན་ལའང་ཟློག་པ་མེད་དེ། ག་བུར་སོགས་ཀྱི་དངོས་པོ་ལ་འདོད་པ་ཙམ་གྱིས་འཇུག་པ་དེ་མེད་ན་རི་ཅན་ལ་འཇུག་བཟློག་ཀྱང་ཉེས་པ་མེད་པའི་ཕྱིར། དེའི་ཕྱིར་ན་དངོས་པོའི་དབང་གིས་འཇུག་པའི་ངེས་པ་མེད་པའི་བརྡ་ཅན་གྱི་སྒྲ་ལས་བྱུང་བའི་ཆོས་རྣམས་ཀྱི་བརྗོད་བྱར་རུང་བ་དེ་ནི་དོན་རྣམས་ཐམས་ཅད་ཉིད་ཡིན་ཏེ། སྐྱེས་བུའི་འདོད་པ་ལ་གེགས་བྱེད་པ་མེད་པའི་ཕྱིར། གསུམ་པ་ལ་རྩོད་པ་སྤང་བ་དང༌། གྲུབ་དོན་གཉིས་ལས། དང་པོ་ནི། བརྡ་སྤྲོད་པ་ན་རེ། གལ་ཏེ་ཟླ་བ་ཞེས་པའི་སྒྲ་དེ་རི་བོང་ཅན་ལ་ལ་ཁོ་ནར་བརྗོད་འདོད་ཙམ་གྱིས་གྲུབ་པ་ཡིན་གྱི་འཇུག་ཏུ་རུང་བ་མ་ཡིན་ནོ། །ཞེས་ཟེར། འོ་ན་སྒྲ་དེ་ནི་རི་བོང་ཅན་ལ་དངོས་པོའི་སྟོབས་ལས་གྲུབ་པར་ཐལ། དེ་ལ་འཇུག་གཞན་ལ་མི་འཇུག་པའི་ཕྱིར། རི་བོང་ཅན་ལ་གྲགས་པས་གྲུབ་པར་ཁས་ལེན་ནོ་ཞེ་ན། དེ་ཆོས་ཅན། རི་བོང་ཅན་ལའང་འཇུག་ཏུ་རུང་བ་ཟློག་ཏུ་མེད་པར་ཐལ། དེ་ལ་གྲགས་པས་གྲུབ། གཞན་ནི་གང་ལའང་འཇུག་ཏུ་མི་རུང་བའི་ཕྱིར། མདོར་ན་རི་ཅན་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་ཉིད་དེ་འགོག་པ་ལ་བརྡ་འགོག་པ་མེད་པ་ལས་སྐྱེས་པ་ཡི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པས་གནོད་པར་བསྟན་པ་ཆོས་ཅན། རིགས་ཅན་གཞན་ཡང་མཚོན་པར་ནུས་ཏེ། དོན་ཐམས་ཅད་སྒྲ་ཐམས་ཅད་ཀྱིས་བརྗོད་མི་རུང་ལ་དེར་རུང་བའི་ཡུལ་ཅན་གྱི་སྒྲ་དང་རྟོག་པས་གནོད་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་རོ། །གཉིས་པ་ནི། གང་ལ་ཐུན་མོང་མ་ཡིན་པའི་ཕྱིར་ཞེས་སོགས་ཀྱི་མདོ་ཚིག་འདིས་ནི་རྟོག་ཡུལ་ན་ཡོད་པའི་དོན་དེ་དག་རྣམས་ཟླ་བ་ཞེས་པའི་སྒྲས་བརྗོད་དུ་རུང་བ་དེར་འགོག་པ་ནི་གྲགས་པ་དང་འགལ་བ་ཡིན་ནོ་ཞེས་བསྟན་པ་དེས་ནི་ཆོས་ཅན། རྒྱུ་མཚན་ཅན་གྱི་སྒྲའི་དོན་ནམ་འདོད་བརྒྱལ་བའི་སྒྲ་རྣམས་ཀྱི་ནི་དོན་དོན་དམ་པ་དངོས་པོའི་དབང་གིས་གྲུབ་པ་ཉིད་འགོག་པ་ལ། གྲགས་པས་གནོད་པ་མེད་པར་བསྟན་པ་ཡིན་ཏེ། བརྡ་ཙམ་གྱི་རྗེས་སུ་འཇུག་པ་ཡི་སྒྲ་རྣམས་ལ་ནི་བརྗོད་བྱའི་དོན་མཐའ་གཅིག་ཏུ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །གསུམ་པ་ལ། དངོས་དང༌། དེ་ཉིད་སློབ་དཔོན་གྱི་དགོངས་པར་བསྟན་པའོ། །དང་པོ་ནི། གྲགས་པས་གནོད་ཚུལ་རྒྱས་པར་བསྟན་པ་དེས་ན་གྲགས་པའི་རྗེས་དཔག་རྗེས་དཔག་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཀྱང༌། ཡུལ་གྱི་ཁྱད་པར་ནི་བསྟན་པའི་ཕྱིར་དུ་ཐ་དད་པར་བྱས་པ་ཡིན་ཏེ། སྔ་མ་ཡིད་ཆེས་པའི་རྗེས་དཔག་བཞིན་ནོ། །གཉིས་པ་ནི། ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་དུ་སེལ་བྱེད་གྲགས་ཡིད་གཉིས་ལོགས་སུ་འཆད་པ་དེ་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། རྗེས་དཔག་ཏུ་གྲུབ་པའི་གྲགས་ཡིད་གཉིས་ཐ་དད་དུ་བཤད་པ་ལ་དགོས་པ་བསྟན་པའི་ཕྱིར་དུ་གྲགས་ཡིད་འདི་གཉིས་ཀྱིས་ནི་བསལ་བྱ་སེལ་བའི་ཚུལ་རྒྱུ་མཚན་དང་བཅས་པ་རྒྱས་པར་སློབ་དཔོན་གྱིས་རབ་ཏུ་བརྗོད་ལ། མངོན་སུམ་དང་རྗེས་དཔག་གིས་གནོད་ཚུལ་ལ་དེ་ལྟར་གསུངས་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། མངོན་སུམ་གྱི་གནོད་པ་འདི་ལ་ཡང་དོན་རྣམ་པ་གསུམ་སྟེ། རྩ་བར་དོན་སྨོས་པའི་དགོས་པ། འགྲེལ་པར་མཉན་བྱ་སྨོས་པའི་དགོས་པ། སྒྲ་ལ་རང་མིང་གིས་མི་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། མདོར་མངོན་སུམ་གྱི་བསལ་བ་འཆད་པའི་ཚེ། དོན་དང་ཞེས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་ཤེས་མངོན་སུམ་ལ་སྤྱི་གསལ་གཉིས་མེད་དུ་སྣང་བར་གྱུར་པ་དེ་ལ་དོན་ཞེས་བྱ་ཞིང༌། དོན་འདི་ཉིད་ནི་མཉན་བྱ་ཡིན་པ་སྤོང་ན་ཉན་ཤེས་མངོན་སུམ་གྱིས་གནོད་པར་འགྱུར་རོ། །ཞེས་བསྟན་པའི་དོན་ཅན་ཡིན་པས་སོ། །རྟགས་དང་པོ་གྲུབ་སྟེ། བྱས་མི་རྟག་སོགས་ལྡོག་པ་དུ་མའི་དངོས་པོ་ཉིད་དུ་གྲགས་པའི་ངོ་བོ་ཉིད་སྒྲ་གང་ཞིག་ནི་ལྡོག་པ་སྣ་ཚོགས་སུ་ནི་སྣང་བ་ཡི་བློ་ཉན་ཤེས་ནི་སྐྱེ་བ་མེད་པའི་ཕྱིར། རྟགས་གཉིས་པ་ནི། མཉན་བྱའི་ངོ་བོ་དེ་ཉིད་ཉན་ཤེས་མངོན་སུམ་གྱི་སྤྱོད་ཡུལ་དེ་ལ་གྲུབ་པའི་དོན་ཡིན་གྱི། ལྷག་མ་བྱས་མི་རྟག་སོགས་ལྡོག་པའི་མཚན་ཉིད་ཅན་གྱི་སྤྱི་དེ་ནི་ཆོས་ཅན། ཉན་ཤེས་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་ཏེ། དངོས་པོར་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར། གཉིས་པ་ནི། སློབ་དཔོན་གྱིས་སྒྲ་ནི་མཉན་པར་བྱ་བ་མ་ཡིན་པར་དམ་བཅས་པ་དང་ཞེས་སྨོས་པ་ཆོས་ཅན། རྣམ་བཅད་ཀྱི་དགོས་པ་ཡོད་དེ། གོང་དུ་བཤད་ཟིན་པ་དེས་ན་སྒྲའི་སྟེང་གི་སྤྱིའི་ཆོས་རྣམས་ནི་ཉན་ཤེས་མངོན་སུམ་གྱི་ཡུལ་མ་ཡིན་པར་གྲུབ་པའི་ཕྱིར་ན་དེ་རྣམས་མཉན་བྱ་ཡིན་པ་སྤོང་ཡང༌། མངོན་སུམ་གྱིས་གནོད་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་སྒྲ་ནི་སྒྲ་མ་ཡིན་པར་དམ་བཅས་པ་ལྟ་བུའོ་ཞེས་མི་གསུང་བ་ཅི་ཞེ་ན། སྒྲ་སྒྲ་མ་ཡིན་པར་དམ་བཅས་པའི་དོན་ལ་མངོན་སུམ་གྱིས་གནོད་པ་མ་ཡིན་ཏེ། རྣམ་པ་ཀུན་ཏུ་རང་མཚན་ནི་རྗོད་བྱེད་སྒྲའི་བརྗོད་བྱའི་དངོས་པོ་མ་ཡིན་པའི་ཕྱིར། ཁྱབ་འབྲེལ་ནི། ཆོས་ཅན་སྒྲའི་སྟེང་དུ་སྒྲའི་ཐ་སྙད་ནི་རྗེས་དཔག་གིས་འགྲུབ་པ་ཡིན་ལ། དེའི་གཞལ་བྱ་ནི་སྒྲའི་དངོས་ཀྱི་བརྗོད་བྱ་ཡིན་པས་མངོན་སུམ་གྱི་ཡུལ་དུ་མི་རུང་ངོ༌། །ཞེས་པའོ། །ཉན་ཤེས་དབང་པོའི་སྤྱོད་ཡུལ་ལ་མཉན་བྱའི་མིང་གིས་བཤད་པའི་རྒྱུ་མཚན་ཡོད་དེ། ཉན་ཤེས་མངོན་སུམ་གྱིས་རང་གི་སྤྱོད་ཡུལ་མཉན་བྱར་གྲུབ་པས་ན་སྒྲ་རང་མཚན་མཉན་བྱ་ཡིན་པ་དེ་ཉན་ཤེས་མངོན་སུམ་དེ་ལ་བརྟེན་པའི་ཕྱིར་དང༌། གྲུབ་པ་དང་རྟེན་པ་དེ་ཡི་སྟོབས་ཀྱིས་སྒྲ་རང་མཚན་མཉན་བྱ་མ་ཡིན་པ་དེ་ལ་ཉན་ཤེས་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །འདིར་ཡུལ་ཡུལ་ཅན་ལ་སེལ་བྱེད་དངོས་བཏགས་ཀྱི་དབྱེ་བ་འབྱེད་པ་དེ་ལྷ་དབང་བློའི་འགྲེལ་ཚིག་དང་མཐུན་ཡང་གཞུང་གི་གོང་འོག་ཀུན་དང་མ་འགྲིག་པས་བཏང་སྙོམས་སུ་བྱས་སོ། །དེ་དག་ལ་འདི་སྐད་ཅེས། རང་གིས་མཐོང་བའི་དོན་སྟོན་པ། །ཚུལ་གསུམ་བརྗོད་ལས་གཞན་མིན་ཕྱིར། །སྒྲུབ་པའི་སུན་འབྱིན་སྐྱོན་བྲལ་བའང༌། །གཞན་དོན་རྗེས་དཔག་ཉིད་དང་ནི། །ཕྱོགས་ཚིག་སྒྲུབ་པའི་ཡན་ལག་ཏུ། །བརྗོད་མི་དགོས་པར་གྲུབ་པ་དང༌། །བསྒྲུབ་བྱ་བརྗོད་པ་དམ་བཅའ་ཡི། །མཚན་ཉིད་སྐྱོན་དང་བྲལ་བར་གྲུབ། །བསྒྲུབ་བྱའི་རིགས་མི་མཐུན་མཐའ་དག །སེལ་བྱེད་གསུམ་དང་ལོག་པར་རྟོག །སེལ་བྱེད་གཉིས་ཀྱིས་ཕྱོགས་ཀྱི་སྐྱོན། །མ་ལུས་ལེགས་པར་བསལ་བ་ཡིན། །རྟགས་ཀྱིས་སྒྲུབ་པར་མི་ནུས་པ། །བསྒྲུབ་བྱའི་སྐྱོན་དུ་བཤད་པ་མེད། །བདག་དོན་བྱེད་དང་མ་གྲུབ་པའི། །རང་མཚན་སྐབས་ཀྱི་བསྒྲུབ་བྱར་བཤད། །དཔྱད་པ་གསུམ་གྱིས་དག་པའི་ལུང༌། །ཡིན་ཀྱང་གཞལ་བྱའི་གནས་གཉིས་སུ། །གནོད་སྒྲུབ་མིན་ཕྱིར་གེགས་བྱེད་ཙམ། །རང་ཚིག་གཞན་ལ་སྨོས་ཅི་དགོས། །ཤིན་ཏུ་ལྐོག་གྱུར་སྟོན་པའི་ལུང༌། །དཔྱད་པས་དག་ཚེ་ཡིད་ཆེས་སུ། །སེལ་བྱེད་དངོས་ཡིན་གཏིང་ཚུགས་པའི། །རྣམ་རྟོག་གྲགས་བསལ་སེལ་བྱེད་དོ། །རྗེས་དཔག་གཉིས་པོ་མ་སྐྱེས་ཚེ། །དེ་ཡིས་དེ་དག་སེལ་མི་ནུས། །སྒྲ་ཡི་རང་མཚན་མཉན་བྱ་ལ། །ངེས་པ་འདྲེན་ཕྱིར་མངོན་སུམ་གྱིས། །གནོད་འགྱུར་དེར་རྟོགས་པ་ཡིས་མིན། །ཚད་མ་བཞི་པོས་རང་རང་གི །བསལ་བྱ་སེལ་བ་ཚད་མ་ཡིས། །གནོད་པའི་འགལ་བ་ཞེས་བྱ་སྟེ། །ཚད་མ་སེལ་བྱེད་དངོས་མིན་པར། །བཤད་ན་གཞུང་དོན་ལོག་པར་འགྱུར། །ཞེས་སྦྱར་བ་ཡིན་ནོ། །གཉིས་པ་ལ། གསུམ་སྟེ། རང་རྟེན་ལ་ཞེས་སྨོས་པའི་དགོས་པ་གསུམ་རིམ་གྱིས་བཤད། དགོས་པ་བར་པ་ལ་རྩོད་པ་སྤང༌། དེས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ། གསུམ་ལས། དང་པོ་ནི། གལ་ཏེ་མདོར་སེལ་བྱེད་འཆད་པའི་སྐབས་སུ་རང་རྟེན་ལའོ་ཞེས་པ་ལ་དགོས་པའི་ཁྱད་པར་ཅི་ཞེ་ན། འདི་ནི་ཆོས་ཀྱི་རང་གི་ངོ་བོ་ལ་ཚད་མས་གནོད་ཚུལ་འཆད་པའི་སྐབས་ཡིན་པ་དེར་སྨྲས་ཙམ་གྱི་ཆོས་དེ་ཁོ་ན་ལ་ལྟོས་ནས་རྟགས་དང་བསྒྲུབ་བྱའི་སྐྱོན་ཡོན་རྩི་བ་མ་ཡིན་གྱི། ཞེ་འདོད་ཀྱི་བསྒྲུབ་བྱ་སྨྲས་ཙམ་གྱི་ཆོས་ཅན་གྱི་ངོ་བོར་གཟུང་བ་དེ་ལ་ལྟོས་ནས་རྟགས་དང་བསྒྲུབ་བྱའི་སྐྱོན་ཡོན་རྩི་བ་མ་ཡིན་ནམ་སྙམ་པའི་དོགས་པ་དགག་པའི་ཕྱིར་དུ་རང་རྟེན་ལ་ཞེས་གསུངས་པ་ཡིན་ནོ། །ཞེས་བསྟེན་པ་ནི། རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། དུས་ཀུན་ཏུ་རྒོལ་བ་བདག་ཉིད་ཀྱི་བསྒྲུབ་བྱར་འདོད་པ་སྟེ་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་གང་ཡིན་པ་དེ་ལྡན་པའི་ཆོས་དེ་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པས་གཏན་ཚིགས་འགལ་བ་སོགས་སུ་འགྱུར་བ་ཡིན་གྱི། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཆོས་གཞན་ཆོས་ཅན་དུ་གཟུང་བ་ལ་གནོད་ཀྱང༌། རྟགས་འགལ་བ་སོགས་ཀྱི་སྐྱོན་ཡོད་པ་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་ཏེ། དེ་ལས་གཞན་དུ་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཆོས་གཞན་ཆོས་ཅན་དུ་གཟུང་བ་ལ་ནི་གནོད་ཀྱང་སྐབས་ཀྱི་བསྒྲུབ་བྱ་འདི་ལ་ཅི་ཞིག་བཀག་སྟེ་མི་གནོད་པའི་ཕྱིར་རོ། །དགོས་པ་གཉིས་པ་ནི། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པའི་དོན་འདི་བསྒྲུབ་བྱའི་མཚན་ཉིད་ཀྱིས་རྟོགས་ཀྱང༌། རང་གི་ཆོས་ཅན་ཞེས་སྨོས་པས་ནི་ཆོས་ཅན། དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་ཅན་ལ་ནི་གནོད་པས་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་འགྱུར་ཞེས་ནི་གྲུབ་པའི་དོན་ཅན་ཏེ། རྟགས་ཀྱི་རྟེན་ནི་གཏན་ཚིགས་དེ་དང་འགལ་བར་གྱུར་པ་ཡིས་དེ་ལ་བརྟེན་པའི་གཏན་ཚིགས་ཀྱང་ནི་དེ་དང་འགལ་དགོས་པའི་ཕྱིར། རང་རྟེན་ལ་ཞེས་སྨོས་པ་ལས་གཞན་དུ་ན། བསྒྲུབ་བྱའི་མཚན་ཉིད་འཆད་པའི་ཚེ། ཤེས་འདོད་དང་དཔག་འདོད་ཀྱིས་ཁྱད་པར་དུ་བྱས་པ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་བསྒྲུབ་བྱ་ཡིན་ཞེས་བརྗོད་པའི་ཕྱིར་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་ལ་གནོད་པ་ཁོ་ན་ཉིད་གཏན་ཚིགས་འགལ་བ་ཡིན་པར་སེམས་པ་དེས་ན། སེལ་བྱེད་འཆད་པའི་སྐབས་སུ་རང་གི་ཆོས་ཅན་ཞེས་སྨོས་སོ། །དགོས་པ་གསུམ་པ་ནི། དེ་ལྟ་བུའི་ལོག་རྟོག་སེལ་བ་འདི་ཡང་བསྒྲུབ་བྱའི་མཚན་ཉིད་བཤད་པའི་དོན་གྱིས་གྲུབ་པ་མ་ཡིན་ནམ། ཞེ་ན། དེ་ཡང་བདེན་ཏེ་མོད། དགོས་པའི་ཁྱད་པར་གཞན་ཡང་ཡོད་དེ། རྒོལ་བ་འགའ་ཞིག་ཤེས་འདོད་སོགས་མེད་པའི་ཆོས་ཅན་ནི་འབའ་ཞིག་བཀག་པ་ལ་ཡང་རྟགས་སྐྱོན་དང་ལྡན་པར་ཁས་ལེན་ཏོ། །ཞེས་པ་དེ་སྤང་བའི་ཕྱིར་དུའོ། །དེ་ཇི་ལྟ་བུ་ཞེ་ན། དཔེར་ན། སངས་རྒྱས་པ་གཞན་དག་གིས་བྱེ་བྲག་པའི་ངོར། མཁའ་སོགས་ཆོས་ཅན། སྔོན་མེད་པའི་རང་བཞིན་སྐྱེད་དུ་མེད་པ་རྟག་རྫས་མ་ཡིན་ཏེ། གཅིག་ཆར་སྒྲ་སོགས་ཀྱི་རྒྱུ་མ་ཡིན་པའི་ཕྱིར། ཞེས་བཤད་པ་ལ། བྱེ་བྲག་པས་སུན་འབྱིན་པ་ན། རྟགས་དེས་རྟག་རྫས་བཀག་པ་དེ་བཞིན་དུ། མཁའ་སོགས་ཆོས་ཅན་གྱི་ངོ་བོའང་དངོས་མེད་དུ་བསྒྲུབས་པས་གཏན་ཚིགས་དེ་འགལ་ཞེས་བརྗོད་པ་བཞིན་ནོ། །གཏན་ཚིགས་དེས་སངས་རྒྱས་པས་དེ་ལྟར་བསྒྲུབ་པར་འདོད་པའི་བསྒྲུབ་བྱ་ལ་གནོད་པ་འགའ་ཡང་མེད་པ་ཉིད་ཡིན་ཏེ། དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཆོས་ཅན་འབའ་ཞིག་པ་དེ་སྐབས་ཀྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར། རང་རྟེན་ལ་ཞེས་སྨོས་པ་འདིས་ནི་ཆོས་ཅན། ཤེས་འདོད་སོགས་ཞུགས་པའི་ཆོས་ཆོས་ཅན་གཉིས་ཀ་ཚོགས་པ་དེ་བསྒྲུབ་བྱར་བྱས་ཏེ་ཆོས་ཅན་ཉིད་དུ་བཟུང་བ་ཡིན་ན་ཆོས་ཅན་ལ་གནོད་པ་གང་ཡིན་པ་དེ་སྐབས་ཀྱི་བསྒྲུབ་པར་བྱ་བའི་ཆོས་འགོག་པས་བསྒྲུབ་བྱ་དེ་ལ་གནོད་ཅེས་བསྟན་པ་ཡིན་ཏེ། ཇི་ལྟར་དཔག་འདོད་སོགས་ཡོད་པ་དེ་ལྟར་ཉིད་དུ་ཆོས་ཅན་ཡང་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། གྲངས་ཅན་ན་རེ། གལ་ཏེ་སྐབས་ཀྱི་ཆོས་ཅན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་དེ་ལྟ་ན་སངས་རྒྱས་པས་བདེ་སོགས་ཆོས་ཅན། རྐྱེན་གཞན་གྱིས་སྐྱེད་ནུས་མ་ཡིན་པ་རྟག་རྫས་མ་ཡིན་ཏེ། གཅིག་ཆར་སྒྲ་སོགས་ཀྱི་རྒྱུ་མ་ཡིན་པའི་ཕྱིར། ཞེས་བྱ་བ་འདིར་ཡང་གནོད་བྱེད་ནི་སྔ་མ་བྱེ་བྲག་པས་བརྗོད་པ་བཞིན་ནོ། །དེའི་དོན་ནི། རྟགས་དེས་རྟག་རྫས་བཀག་པ་བཞིན་དུ་ཆོས་ཅན་ཡང་བཀག་པས་སོ། །ཞེས་ཟེར། འདིའི་ལན་ཀྱང་སྔ་མ་ལྟར་འདེབས་དགོས་ཏེ། ཚུལ་ནི། དེ་འདྲ་དེ་ཆོས་ཅན་གྱི་ངོ་བོ་འགོག་པའི་འགལ་རྟགས་མ་ཡིན་ཏེ། བདེ་སོགས་དངོས་པོ་ཡིན་པ་དེ་ཞེ་འདོད་ཀྱི་བསྒྲུབ་བྱར་བྱས་ནས་དངོས་ཀྱི་ཆོས་ཅན་དུ་གཟུང་བ་མ་ཡིན་པའི་ཕྱིར། ཞེས་པ་ཡིན་ལ། དངོས་བསྟན་ནི། བདེ་སོགས་མི་རྟག་པར་སྒྲུབ་པ་འདི་ལ་གཏན་ཚིགས་སུ་ནི་དོན་བྱེད་ནུས་སྟོང་ངེས་ན་རྟགས་འགལ་བར་འགྱུར་བ་ཉིད་ཡིན་མོད་ཀྱང༌། དེར་འགྱུར་བ་མེད་དེ། སངས་རྒྱས་པའི་ཞེ་འདོད་ནི་རིམ་བཞིན་དོན་བྱེད་ནུས་པའི་རྟགས་ཀྱིས་བདེ་སོགས་མི་རྟག་པ་ཉིད་དུ་སྒྲུབ་པ་ཡིན་ལ། དེའི་ཚེ་དེ་དང་དེ་ལ་འགལ་བ་མེད་པའི་ཕྱིར། འོ་ན་གཏན་ཚིག་ཡང་དག་ཏུ་ཁས་ལེན་ནམ་ཞེ་ན། རིམ་བཞིན་དོན་བྱེད་ནུས་པ་འདི་ནི་ཆོས་ཅན། གྲངས་ཅན་གྱི་ངོར་དེ་ལྟར་བསྒྲུབ་པའི་ལྷག་ལྡན་གྱི་ཁྱད་པར་དུ་འདོད་དེ། ཕྱོགས་ཆོས་གྲུབ་ཅིང༌། མི་མཐུན་ཕྱོགས་ལས་ཟློག་པ་ལ་ཐེ་ཚོམ་ཟ་བས་ནའོ། །གསུམ་པ་ནི། རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། གཏན་ཚིགས་དེ་ཡི་རྟེན་དུ་གྱུར་པའི་ཆོས་ཅན་ལ་ནི་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་ཡིན་གྱི། སྐབས་དེའི་ཆོས་ཅན་ཡིན་ཀྱང་དཔག་འདོད་མེད་པས་ན་འབའ་ཞིག་པ་ཉིད་དམ། འབྲེལ་མེད་ཀྱི་ཆོས་གཞན་གྱི་རྟེན་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་ནོ། །ཞེས་བསྟན་ཏེ། གང་གི་ཕྱིར་ན་རྒོལ་བ་རང་ཉིད་ཀྱིས་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་ཆོས་ཁོ་ན་བསྒྲུབ་བྱ་ཡིན་པ་དེའི་ཕྱིར་རོ། །དཔེར་ན། བསྒྲུབ་བྱའི་མཚན་ཉིད་དུ་ཆོས་ཅན་གྱི་ཆོས་གཞན་ལ་གནོད་པས་བསྒྲུབ་བྱ་ལ་གནོད་པ་མ་ཡིན་ཞེས་བསྟན་པ་དེ་བཞིན་དུ། འདིར་རང་གི་ཆོས་ཅན་ནམ་རང་རྟེན་ལ་ཞེས་པའི་ཚིག་གིས་ཀྱང་ཆོས་གཞན་གྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །འདིར་རྣམ་བཤད་མཛད་པ་པོ་གཞན་ཀུན་གྱིས་བསྒྲུབ་བྱ་ཡང་དག་ལ་ཤེས་འདོད་ཆོས་ཅན་ཡོད་དགོས་པ་དང༌། དེ་མེད་པའི་བསྒྲུབ་བྱ་ཡང་དག་ཡོད་དམ་སྙམ་པའི་ལོག་རྟོག་སེལ་བ་དེ་རང་རྟེན་ལ་ཞེས་པའི་དགོས་པར་འཆད་པ་གཞུང་འདི་དག་གི་དོན་དུ་སྟོན་པ་དེ་དག་ནི་རྣམ་པར་འཁྱམས་ཏེ། བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་ལྔ་པོས་སེལ་མ་ནུས་པ་དག་འདིས་སེལ་དགོས་ན་ཧ་ཅང་ཐལ་བའི་ཕྱིར་དང༌། གཞུང་དུ་ནི་ཆོས་ཅན་ལ་གནོད་ན་གཏན་ཚིགས་འགལ་བའི་དོན་དུ་ཡང་བཤད་པའི་ཕྱིར་དང༌། ཆོས་ཅན་མེད་པ་བསྒྲུབ་བྱའི་སྐྱོན་མ་ཡིན་པར་དེ་མ་ཐག་འདི་ཉིད་དུ་འཆད་པར་འགྱུར་བའི་ཕྱིར་རོ། །དེས་ན་རང་གི་རྟེན་ཞེས་པ། བསྒྲུབ་བྱ་ཉིད་ཡིན་བསྒྲུབ་བྱ་དེ། །ཆོས་ཅན་ངོ་བོར་བཟུང་བའི་ཚེ། །རྟགས་ཀྱི་སྐྱོན་ཡོན་རྩི་བར་བྱ། །ཞེས་པའོ། །གསུམ་པ་ནི། འོ་ན་སངས་རྒྱས་པས་གྲངས་ཅན་ལ་སྒྲ་འཇིག་པ་ཡིན་ནོ་ཞེས་པ་ལྟ་བུ་ཁྱད་པར་མ་གྲུབ་པ་དང༌། བྱེ་བྲག་པས་སངས་རྒྱས་པ་ལ་བདག་ནི་ཐམས་ཅད་ལ་ཁྱབ་པ་ཡིན་ནོ་ཞེས་པ་ལྟ་བུ་ཁྱད་པར་ཅན་མ་གྲུབ་པ་དང༌། ཡང་བྱེ་བྲག་པས་བདག་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཡིན་ནོ། །ཞེས་པ་ལྟ་བུ་གཉིས་ཀ་མ་གྲུབ་པ་རྣམས་ཀྱང་བདེ་བྱེད་བདག་པོས་ཕྱོགས་སྐྱོན་དུ་བཤད་ལ། ཕྱོགས་ཀྱི་སྐྱོན་ཡིན་ཏེ། ཕྱོགས་འགྲུབ་པ་ལ་གནོད་པའི་ཕྱིར། དེ་ལྟ་ན་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཕྱོགས་སྐྱོན་དུ་མི་སྟོན་པ་ཅི་ཞེ་ན། སྒྲུབ་བྱེད་རྟགས་ཀྱི་སྐྱོན་ནི་ཐམས་ཅད་ཀྱིས་ཕྱོགས་ཉིད་འགྲུབ་པ་ལ་ནི་གནོད་པར་འགྱུར་བ་དེ་ལྟ་ན་ཡང༌། རྟེན་ཆོས་ཅན་མ་གྲུབ་པ་དང་སོགས་པ་བསྒྲུབ་བྱའི་ཆོས་མེད་པ་དང་ཆོས་དང་ཆོས་ཅན་གཉིས་ཀ་མེད་པ་སོགས་ཕྱོགས་ཀྱི་སྐྱོན་མ་ཡིན་ཏེ། དམ་བཅའ་བ་ཙམ་དང་འབྲེལ་བའི་ཉེས་པ་གྲུབ་ཟིན་སོགས་ལྔ་པོ་ཁོ་ན་ཕྱོགས་སྐྱོན་ཡིན་གྱི། ཡན་ལག་ཕྱི་མ་རྟགས་དཔེ་ལ་ལྟོས་པའི་སྐྱོན་འགལ་བ་སོགས་དང༌། ཆོས་དཔེ་ལ་རྗེས་འགྲོ་མེད་པ་སོགས་གང་ཡིན་པ་དེ་ནི་རྟགས་དེ་ཉིད་དང་རྗེས་སུ་འབྲེལ་བའི་ཉེས་པ་ཡིན་ནོ་ཞེས་བཤད་ཟིན་པ་དེའི་ཕྱིར། འོ་ན། ཇི་སྐད་དུ། ཆོས་ཀྱི་རྟེན་ནི་བསལ་བའི་ཕྱིར། ཞེས་སོགས་འབྱུང་བ་དེ་ཅི་ཞེ་ན། དེ་དག་ནི་དོན་རང་མཚན་ཁོ་ན་བསྒྲུབ་བྱར་འདོད་པ་ལ་སུན་འབྱིན་བརྗོད་པ་སྟེ། སྒྲ་དོན་ཁས་ལེན་པ་ལ་ཉེས་པ་དེ་མི་འཇུག་གོ །ཞེས་གསལ་བར་བཤད་པས་སོ། །གཉིས་པ་ལ། གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། ཚད་མའི་མདོར་མངོན་སུམ་དོན་དང་ཞེས་སོགས་རྩ་འགྲེལ་གྱིས་ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་དང༌། དེ་འགོག་བྱེད་ཀྱི་ཚུལ་རྒྱས་པར་བཤད་པ་འདིས་ནི་ཆོས་ཅན། གཞན་ཡང་མཚོན་པར་ནུས་ཏེ། བསྒྲུབ་བྱའི་ཡན་ལག་ཏུ་གྱུར་པའི་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་རང་གི་ངོ་བོ་ལ་སེལ་བྱེད་ཀྱི་ཚད་མ་བཞིས་གནོད་པ་དག་ནི་སྲིད་པའི་ཚེ་ན། ཇི་ལྟར་གནོད་པའི་ཚུལ་ཤུགས་ལ་བསྟན་པ་ཡིན་པས་སོ། །དམ་བཅའ་ཕྱི་མ་གསུམ་པོ་དེ་ལ་ལྟར་སྣང་གི་དཔེ་དང་འགོག་བྱེད་ཀྱི་རིགས་པ་ནི། ཕྱོགས་ཙམ་ཞིག་སློབ་དཔོན་གྱིས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། ལྟར་སྣང་གསུམ་པོའི་ཞེན་དོན་དང༌། དེ་ལ་གནོད་པའི་ཚུལ་ནི་མདོ་ཙམ་ཞིག་བསྟན་པ་ཡི་དོན་དུ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དམ་བཅའ་གསུམ་གྱི་ཞེན་དོན་ངོས་བཟུང༌། དེ་ལ་ཚད་མས་གནོད་པའི་ཚུལ་བཤད་པའོ། །དང་པོ་ནི། བྱེ་བྲག་པས་སངས་རྒྱས་པའི་ངོར། ཡན་ལག་རྣམས་ནི་ཡན་ལག་ཅན་ལས་གཞན་ཡིན། ཞེས་དང༌། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཞེས་དང༌། རྫས་ནི་ཡོད། ཅེས་དམ་བཅས་པ་དེའི་ཚེ་ན། དམ་བཅའ་དེ་གསུམ་ཀས་ཀྱང༌། རྡུལ་ཕྲ་རབ་ལྡན་ཞིང་ཕྲད་པའི་དོན་ཡན་ལག་ཅན་གྱི་རྫས་ཀྱི་མཚན་ཉིད་ཅན་དེ། མངོན་སུམ་གྱིས་མཐོང་རུང་དུ་ཡོད་པ་ལ་བརྟེན་པ་དང༌། ཡན་ལག་ལས་རྫས་གཞན་དུ་ཡོད་པ་དང༌། ཆོས་གསུམ་ལྡན་དུ་དམ་བཅས་པ་ཡིན་ཏེ། མ་མཐོང་བ་དང་ཆོས་གསུམ་གྱི་ཁྱད་པར་ཅན་མ་ཡིན་པ་དམ་བཅའ་བ་ལ་དགོས་པ་མེད་པའི་ཕྱིར་ཏེ། མ་མཐོང་བ་རྡུལ་ཕྲ་རབ་ལ་སྒྲིབ་ཐོགས་སོགས་ཀྱི་འབྲས་བུ་མེད་པར་མཐོང་ནས་ཡན་ལག་ཅན་གྱི་རྫས་སྒྲུབ་པར་འདོད་པའི་ཕྱིར་དང༌། ཆོས་གསུམ་གྱི་ཁྱད་པར་ཅན་མ་ཡིན་པའི་ཡན་ལག་ཅན་སེལ་ངོར་རང་གི་ཡན་ལག་ལས་གཞན་དུ་ཡོད་ཙམ་ནི་སྒྲུབ་ན་གྲུབ་ཟིན་པ་སྒྲུབ་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ལ། གཉིས་ཏེ། ལྕིད་ཀྱི་ཡོན་ཏན་དོན་གཞན་དགག དེས་མཚོན་ནས་ཡོན་ཏན་གཞན་ཡང་ཁེགས་པར་བསྟན་པའོ། །དང་པོ་ནི། གལ་ཏེ། ཡན་ལག་ཅན་ལ་རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་དང༌། ལས་དང༌། དེ་དག་གི་འཕྲོད་པ་འདུ་བ་ཞེས་བྱ་བ་གསུམ་ཡོད་པར་ཁས་ལེན་ན། ལྕིད་མཉམ་གྱི་འཇིམ་རིལ་བཅུ་ཚན་གཉིས་ལས། བཅུ་ཚན་གཅིག་བསྡོམས་ནས་སྲང་ལ་བཅལ་བ་འདི་ཆོས་ཅན། གཅིག་ཤོས་མ་སྡོམ་པར་སྲང་ལ་གཞལ་བ་དེ་ལས་སྲང་མགོ་ནི་མཐུར་དུ་དམའ་བ་དག་ཏུ་འགྱུར་ཏེ། དེ་ལ་མེད་པའི་ཡོན་ཏན་ལྕིད་དང༌། དེང་དྲངས་ནས་འོག་ཏུ་འགྲོ་བར་འགྱུར་བའི་བྱ་བ་དང་བཅས་པའི་ཕྱིར། ཐལ་བ་དེས་ན་དེ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་ཡོན་ཏན་དང་བྱ་བ་གཉིས་གཞི་གཅིག་ཏུ་འདུ་བ་ཅན་གྱི་རྒྱུ་མ་ཡིན་ཏེ། དེ་འདྲའི་ཡོན་ཏན་དང་བྱ་བ་མེད་པ་དེའི་ཕྱིར། དེ་ལྟར་ཐལ་བས། གཏན་ཚིགས་འཕངས་པ་དེའི་ཕྱིར་ཡན་ལག་ཅན་རྫས་གཞན་དེ་ཚད་མས་མཐོང་བ་མ་ཡིན་ཏེ། དེའི་འབྲས་བུ་དང་ངོ་བོ་དག་སྣང་རུང་མཐོང་བ་མེད་པའི་ཕྱིར། དེས་ན། སློབ་དཔོན་གྱིས་སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པ་ཞེས་པའི་གཏན་ཚིགས་དེ་ཆོས་ཅན། དམ་བཅའ་གསུམ་ཀའི་ཞེན་དོན་དུ་གྱུར་པའི་ཡན་ལག་ཅན་བཀག་པ་ཡིན་ཏེ། གང་མེད་ན་གསུམ་པོའི་ཞེན་དོན་མི་འབྱུང་བའི་ཁྱད་པར་གཞན་གསུམ་པོ་དེ་ལ་གནོད་པ་བསྟན་པའི་ཕྱིར། བྱེ་བྲག་པ་ན་རེ། རྡུལ་ཕྲ་མོ་ནས་བརྩམས་པའི་རྫས་ཀྱི་ཕྲེང་བ་དག་སྲང་ལ་བཅལ་བ་ཉིད་ཀྱི་ཕྱིར་ན་ཡན་ལག་ཅན་ཐ་མ་ཁོ་ནའི་ལྕིད་སྲང་གིས་རྟོགས་ཀྱི། རྫས་གཞན་སྔ་མ་རྣམས་ཀྱི་ལྕིད་ཉིད་ཡོད་ཀྱང༌། སྲང་གིས་མི་རྟོགས་པའི་ཕྱིར་ན་སྣང་རུང་གི་གཏན་ཚིགས་མ་གྲུབ་སྟེ། རས་བལ་གྱི་འདབ་མ་བཞག་པའི་ལྕིད་སྲང་གིས་མི་རྟོགས་པ་བཞིན་ནོ། །ཞེས་ཟེར། འོ་ན་རྒོལ་བ་དེའི་ལུགས་ལ་གཅིག་ཆར་ལྡན་པ་སྟེ་སྡོམ་པ་དང་སོ་སོར་ལྡན་པ་སྟེ་བསྡོམས་པའི་རྡུལ་སོགས་དག་ལ་ལྕིད་ཆེ་ཆུང་ཡོད་པར་ཐལ་བ་དང༌། འཇིམ་རིལ་བཅུ་ཚན་གཉིས་པོ་སོ་སོར་ཏེ་མ་སྡོམ་པར་བཅལ་བ་དང་ལྷན་ཅིག་ཏེ་བསྡོམས་ནས་བཅལ་པ་ན་ལྕིད་ནི་ཆེ་ཆུང་ཐ་དད་པར་འགྱུར་ཏེ། ཡན་ལག་ཅན་ཕྱི་མ་ཁོ་ནའི་ལྕིད་སྲང་གིས་རྟོགས་པ་དེའི་ཕྱིར། གསེར་མཱ་ཥ་ཀ་ལ་སོགས་པ་རས་བལ་གྱིས་བསྡོམས་ནས་སྲང་ལ་བཅལ་བའི་རིམ་པ་ཡིས་སོ་སོའི་གནས་སྐབས་དང་གྲང་མཚུངས་པར་ནི་མི་རུང་བ་ཡིན་པར་ཐལ། ཡན་ལག་ཅན་སྔ་མ་རྣམས་ཀྱི་ལྕིད་སྲང་གིས་མི་རྟོགས་པའི་ཕྱིར། གལ་ཏེ་ཡུངས་ཀར་ནས་བརྩམས་ཏེ་རྡུལ་གྱི་ཚོགས་ཆེན་པོ་གོང་ནས་གོང་དུ་འཕེལ་བ་དང་ལྡན་པའི་འབྲས་བུ་ཡན་ལག་ཅན་གྱི་ཕྲེང་བ་ཡི་ལྕིད་བ་སྲང་གིས་རྟོགས་པ་མ་ཡིན་ནོ། །ཞེ་ན། ཡན་ལག་ཅན་དེའི་རྒྱུ་རྡུལ་ཕྲ་རབ་ཀྱི་ལྕིད་ཉིད་སྲང་གི་གཞལ་བྱར་འགྱུར་ཏེ། ཡུངས་ཀར་བར་གྱི་ལྕིད་དག་ཀྱང་ཆུང་ངུ་ཤིན་ཏུ་རྟོགས་པར་དཀའ་བས་ན་འབྲས་བུའི་ལྕིད་ནི་སྲང་གིས་མི་རྟོགས་པའི་ཕྱིར། མདོར་ན་དམ་བཅའ་གསུམ་གྱི་ཞེན་དོན་ཚད་མས་མི་འགྲུབ་སྟེ། ཡན་ལག་ཅན་རྫས་གཞན་གྱི་དོན་དེ་ནི་རས་བལ་གྱི་འདབ་མའི་ལྕིད་བཞིན་དུ་ཡོད་ཀྱང་མཐོང་རུང་དུ་མེད། དེའི་འབྲས་བུ་ལྕིད་ནི་སྣང་རུང་ཚད་མས་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། ཡོན་ཏན་གཞན་ཡོད་དོ་ཞེ་ན། གསེར་མཱ་ཥ་ཀ་ལ་སོགས་པ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་དྲི་རོ་ལ་སོགས་པའི་ཡོན་ཏན་ལྷག་པོ་ཡོད་པ་མ་ཡིན་ཏེ། དེ་ལ་མེད་པའི་རེག་བྱའི་ཡོན་ཏན་ལྕིད་ཉིད་རྟོགས་པ་མེད་པ་སྟེ་དེས་མཚོན་ནས་དེའི་ཡོན་ཏན་ལྷག་པོ་ཐམས་ཅད་རྟོགས་པ་མེད་པའི་ཕྱིར། འོ་ན་སློབ་དཔོན་གྱིས་ལྕིད་ཉིད་བཀག་པ་མི་འཐད་དོ་ཞེ་ན། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར། ཞེས་པའི་མདོ་དེ་ནི་ཆོས་ཅན། ཉེ་བར་མཚོན་བྱེད་ཡིན་ཏེ། ཡན་ལག་ལ་མེད་པའི་གཟུགས་ལ་སོགས་པའི་ཡོན་ཏན་ལྷག་པོ་དང་དྲི་རོ་སོགས་ལྷག་པོ་ཡོད་ན་སྣང་དུ་རུང་བ་ལས་ཇི་ལྟ་བ་བཞིན་དུ་རང་རང་གི་ཡུལ་ཅན་གྱི་དབང་པོས་མཐོང་བ་མེད་པའི་ཕྱིར། གསུམ་པ་ནི། མངོན་སུམ་དོན་དང་ཞེས་སོགས་ཆོས་ཀྱི་ངོ་བོ་ལ་གནོད་པའི་དམ་བཅའ་ལ་སེལ་བྱེད་ཚད་མ་བཞིས་གནོད་ཚུལ་ཇི་སྐད་བཤད་པའི་ཕྱོགས་ཀྱིས་ནི་ཆོས་ཅན། དེ་ལས་གཞན་དམ་བཅའ་ཕྱི་མ་གསུམ་གྱི་དཔེར་བརྗོད་དང་དེའི་ཞེན་དོན་ལ་ཚད་མས་གནོད་པའི་ཚུལ་ཡང་རྟོགས་པར་བྱ་སྟེ། ཡན་ལག་རྣམས་ནི་ཞེས་སོགས་དམ་བཅའ་དེ་གསུམ་ཀས་ཞེ་འདོད་ལ་ཡན་ལག་ཅན་རྫས་གཞན་ཆོས་གསུམ་ལྡན་དུ་དམ་བཅས་ཤིང༌། ཆོས་གསུམ་པོ་དེ་ལ་དམ་བཅའ་བ་པོའི་ཁས་བླངས་སྔ་ཕྱི་དང་རང་གི་ཚིག་དངོས་ཤུགས་དང་མངོན་སུམ་དང་རྗེས་དཔག་དང༌། ལྷ་དབང་ལྟར་ན་གྲགས་པས་ཀྱང་གནོད་པ་དག་ནི་སྲིད་པས་ནའོ། །དེ་ཡང་ཞེན་དོན་གཅིག་པུ་དེ་ལ་སློབ་དཔོན་གྱིས་མངོན་སུམ་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་པས། མངོན་སུམ་གྱིས་དང་སྲང་དམའ་བའི་ཁྱད་པར་མི་འཛིན་པའི་ཕྱིར་ཞེས་པས་རྗེས་དཔག་གིས་དང༌། ཡོན་ཏན་དང་རྫས་དག་རྫས་དང་རྫས་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཞེས་པས་ཁས་བླངས་དང་རང་ཚིག་འགལ་ཚུལ་སྟོན་ཏེ། ཚད་མ་གྲུབ་པ་དང་མངོན་སུམ་གྱི་ལེའུར་གསལ་ལོ། །དེ་ལྟ་ན་ཡང་སེལ་བྱེད་ཚད་མ་གསུམ་གྱི་གནོད་ཡུལ་ཐ་དད་དུ་གསུངས་པ་དང་མི་འགལ་བའི་ཚུལ་ནི། ཡན་ལག་ཅན་རྫས་གཞན་དུ་མེད་པའི་དོན་མངོན་སུམ་གྱིས་གྲུབ་པ་དང༌། ཐ་སྙད་རྗེས་དཔག་གིས་གྲུབ་པ་དང༌། ཁས་བླངས་དང་རང་ཚིག་ནི་གེགས་བྱེད་ཙམ་སྟེ། དམ་བཅའ་དེ་འགྲུབ་པ་ལ་གནོད་པའོ། །གཉིས་པ་ལ། གསུམ་སྟེ། བསྒྲུབ་བྱ་སྟོན་པ་ཞེས་འདི་ལ། །ཞེས་སོགས་ཀྱི་དོན་བཤད་ནས་གཞན་ལུགས་ཀྱི་མཚན་ཉིད་དགག ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །ཅེས་སོགས་ཀྱི་དོན་བཤད་པའི་སྒོ་ནས་མཚན་གཞི་དགག སྔ་མར་ངེས་བཟུང་དོན་མེད་འགྱུར། །ཞེས་སོགས་ཀྱི་དོན་བཤད་པའི་སྒོ་ནས་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། བསྒྲུབ་བྱའི་མཚན་ཉིད་ནི་བསྒྲུབ་བྱར་བསྟན་བྱ་བ་ཞེས་ཟེར་རོ། །འོ་ན་གཞན་ཕྱི་རྒོལ་དག་ལ་གྲུབ་ཟིན་པ་དེ་ལྟ་བུའི་བདག་ཉིད་མ་ཡིན་པ་སྒྲ་ནི་མི་རྟག་སྟེ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། བློ་བཞིན། ཞེས་དེ་ལྟར་བཀོད་དེ། དེའི་ཚེ་ན་སྒྲ་དང་བློ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་དེ་ཆོས་ཅན། རྒོལ་བས་མི་འདོད་ནའང་བསྒྲུབ་བྱར་འགྱུར་ཏེ། དེར་བསྟན་བྱ་བ་ཡིན་པའི་ཕྱིར་ཏེ། བྱ་བ་ཞེས་པའི་སྒྲ་ནི་དུས་གསུམ་ཀའི་ཡུལ་ཅན་ཡིན་པའི་ཕྱིར་དང༌། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་ཞེས་པའི་སྒྲ་ནི་རྒོལ་བས་འདོད་པའི་ཁྱད་པར་ད་ལྟ་བསྒྲུབ་བྱར་གཟུང་བཞིན་པ་ཉིད་ལ་བརྟེན་པ་མ་ཡིན་ཏེ། བསྟན་བྱ་བ་ཞེས་པའི་སྒྲ་དེས་ཤེས་བྱེད་སྐབས་ཀྱི་རྒོལ་བས་མ་གྲུབ་པ་ཐམས་ཅད་རྟོགས་པར་བྱེད་པ་ཡིན་པའི་དེའི་ཕྱིར། དོན་ནི་ཕྱི་རྒོལ་ཤེས་འདོད་དང་རྒོལ་བ་ལ་བསམ་པས་དཔག་འདོད་ཡོད་པ་དེ་ཐམས་ཅད་རིགས་པ་ཅན་པས་བསྒྲུབ་བྱར་ཁས་བླངས། ཞེས་པའོ། ཕྱོགས་ལྔའི་འདོད་པ་ཤེས་བྱེད་སྐབས་ལ་ལྟོས་པ་དེས་ན་སློབ་དཔོན་གྱིས་དཔེ་དང་གཏན་ཚིགས་དག་མ་གྲུབ་པ་སུན་འབྱིན་གྱི་དཔེར་ནི་བྱས་པ་ཡིན་ཏེ། གཞན་དུ་ན་རི་བོང་གི་རྭ་སོགས་མ་གྲུབ་པ་ཀུན་ཀྱང་བསྒྲུབ་བྱར་འགྱུར་ཞེས་པའི་སུན་འབྱིན་འཕེན་རིགས་པ་ལས་མ་འཕངས་པའི་ཕྱིར་རོ། །རིགས་པ་ཅན་པ་ན་རེ། དེ་ལྟར་ཐལ་བ་མེད་དེ། དཔེ་རྟགས་མ་གྲུབ་པ་ནི་ལས་དང་བྱ་བ་བྱེད་པོ་གསུམ་གྱི་ནང་ནས་ལས་མ་ཡིན་པ་དང༌། ཡན་ལག་ལྔའི་ནང་ནས་དམ་བཅའི་ཡན་ལག་མ་ཡིན་པ་དང༌། གྲུབ་མཐའ་བཞིའི་ནང་ནས་ཁས་བླངས་པའི་གྲུབ་མཐའ་མ་ཡིན་པའི་ཕྱིར། ཞེས་ཟེར་རོ། །དཔེ་རྟགས་མ་གྲུབ་པ་ཐམས་ཅད་ཆོས་ཅན། ལས་ལ་སོགས་པ་ཡི་ཁྱད་པར་ཉེ་བར་བཀོད་པ་ཡི་ལན་གྱིས་བསྒྲུབ་བྱ་ལས་རྣམ་པར་འབྱེད་ནུས་པ་མ་ཡིན་ཞིང༌། བསྒྲུབ་བྱའི་ཡན་ལག་མ་ཡིན་པས་ན་ཞེས་པའི་ལན་ཡང་རུང་བ་མ་ཡིན་ཏེ། ཤེས་བྱེད་སྐབས་ཀྱི་རྒོལ་བའི་རྣམ་པ་འགས་མ་གྲུབ་པའི་ཕྱིར་དང༌། རྒོལ་བ་དེས་སྔར་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར། དེ་ཆོས་ཅན། བསྒྲུབ་བྱ་ཉིད་དུ་མཚུངས་པར་ཐལ། རྒོལ་བ་གང་གིས་ཁས་བླངས་པ་ཞེས་བྱ་བ་དེ་ཁས་བླངས་པའི་གྲུབ་མཐའི་མཚན་ཉིད་དུ་འགྱུར་ལ། དེ་ཡང་ཁྱོད་ལ་ཡོད་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། མདོར་མ་བཤད་པ་ཁ་བསྐང༌། མདོ་ནས་བཤད་པའི་རྟག་པ་དེ་ཉིད་སླར་ཡང་བཤད། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། མཚན་ཉིད་དེ་དང་ལྡན་པའི་མཚན་གཞིར་གང་འདོད། ཆོས་ཆོས་ཅན་གྱི་ཚོགས་པ་བསྒྲུབ་བྱ་ཉིད་ཡིན་ནོ་ཞེས་ཟེར་ནའང༌། ཆོས་ཆོས་ཅན་གཉིས་པོ་ཕན་ཚུན་ཁྱད་པར་དུ་བྱས་པ་ཅན་གྱི་ཚོགས་སྤྱི་དོན་གཞན་དེ་བསྒྲུབ་བྱ་ཡིན་དགོས་པར་རིགས་པ་ཅན་པས་ཁས་བླངས་ལ། དེའི་ཚེ་གཏན་ཚིགས་དང་དཔེའི་མཚན་ཉིད་མ་གྲུབ་པར་འགྱུར་ཏེ། རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་མི་འགྲོ་བ་དང༌། དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་ཕྱིར། ཁས་བླངས་པ་ཡིན་ཏེ། གང་ཕྱིར་དེ་ལྟར་སྒྲུབ་འདོད་མིན། །ཞེས་པའི་སྐབས་ཀྱི་ཕྱོགས་སྔ་མར་གསལ་བས་སོ། །འདིར་འང་ཞེས་པ་ནི། མདོར་ན་ཆོས་དང་ཆོས་ཅན་ཡན་གར་བ་བསྒྲུབ་བྱར་བརྗོད་པའི་སྐྱོན་དེ་ཉིད་ཚོགས་པ་ལའང་འཇུག་ཅེས་པའོ། །གཉིས་པ་ནི། གལ་ཏེ་བསྒྲུབ་པར་བྱ་བའི་སྒྲ་ཚོགས་དོན་ལ་འཇུག་པ་མི་སྲིད་པའི་ཕྱིར་ན་ཆོས་ཅན་དང་ཆོས་གང་རུང་ལ་འཇུག་པར་འདོད་དོ། །ཞེ་ན། བསྟན་བཅོས་སུ་བསྒྲུབ་བྱའི་མཚན་ཉིད་བཤད་པས་ཅི་བྱ་སྟེ། དེའི་མཚན་གཞི་ལ་ནི་ཅི་རིགས་པར་རྒོལ་བ་རང་ཉིད་ཀྱི་འདོད་པ་ཙམ་གྱིས་ངོས་འཛིན་དུ་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། ཆོས་བསྒྲུབ་བྱ་ན། ཞེས་དང༌། ཆོས་ཅན་བསྒྲུབ་བྱ་ཞེས་པའི་ཉེས་པ་དེ་འཇུག་པ་ནི་གཞིར་བྱས་སོ། །གསུམ་པ་ནི། ཁྱེད་རང་ལ་བསྒྲུབ་བྱའི་མཚན་གཞི་གང་ཡིན་བརྟགས་པས་ཉེས་པ་དེ་དག་མཚུངས་སོ་ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། རིགས་པ་ཅན་པ་ལྟར་བསྒྲུབ་བྱའི་མཚན་གཞི་ངོས་འཛིན་མི་ནུས་པ་མ་ཡིན་ཏེ། སྒྲུབ་བྱེད་རྟགས་ཀྱི་ནུས་པ་འཇུག་པའི་ཡུལ་དུ་བསྟན་པའི་ཤུགས་ཉིད་ལས་གྲུབ་བསལ་མེད་ཅིང་དཔག་འདོད་ཀྱི་ཡུལ་དུ་བྱས་པའི་དོན་དེ་བསྒྲུབ་བྱ་ཉིད་དུ་རྟོགས་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་ཁྱེད་ཀྱི་དེ་ལའང་དཔེ་རྟགས་མ་གྲུབ་པ་དེར་ཐལ་བ་མཚུངས་སོ་ཞེ་ན། དེ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་སྒྲུབ་པར་བྱེད་པ་ཉིད་དུ་བཀོད་བཞིན་པ་ལ་བསྒྲུབ་བྱར་ཐལ་བའི་དགོས་པའང་མེད་དེ། དཔེ་རྟགས་མ་གྲུབ་པ་ལ་གཏན་ཚིགས་དང་སོགས་པ་དཔེའི་མཚན་ཉིད་ཀྱིས་ཁྱབ་པ་སྟེ་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །དུས་གཞན་བཅད་ཕྱིར་ཞེས་པ་དེ་ནི་བསྟན་བྱ་བ་དང་འབྲེལ་བའི་དབང་དུ་བྱས་སོ། །གསུམ་པ་ནི། རིགས་པ་ཅན་པ་ན་རེ། བྱ་བ་དུས་གསུམ་ཞེས་པའི་སྐབས་ཀྱི་ཉེས་པ་མི་འཇུག་སྟེ། དམ་བཅའི་མཚན་ཉིད་ཀྱི་ཟུར་དུ་ངེས་བཟུང་སྨོས་པས་སོ་ཤེ་ན། བསྒྲུབ་བྱ་ཁོ་ན་བརྗོད་པ་ཞེས་སམ། བསྒྲུབ་བྱ་བརྗོད་པ་ཁོ་ན་ཞེས་སྦྱོར་བ་ཡིན། དང་པོ་ལྟར་ངེས་བཟུང་སྔར་སྦྱོར་བ་ཡིན་ནོ། །ཞེ་ན། རིགས་པ་ཅན་པ་དེ་ཡིས་ནི་དམ་བཅའི་མཚན་ཉིད་དུ་ངེས་བཟུང་བརྗོད་པ་དོན་མེད་དེ། དེ་མ་བརྗོད་ཀྱང་རྟགས་མ་གྲུབ་པ་བརྗོད་པ་དེ་དམ་བཅར་ཐལ་བ་མེད་པའི་ཕྱིར། དེ་ལྟར་ཁས་བླངས་ཏེ། གལ་ཏེ་གྲུབ་བརྗོད་སྒྲུབ་བྱེད་ཕྱིར། །ཞེས་སྨྲས་པའི་ཕྱིར། དེའི་ཕྱིར་ཤུགས་ཀྱིས་བསྒྲུབ་བྱ་བརྗོད་པ་ཞེས་པའི་མཇུག་དེར་ངེས་བཟུང་བརྗོད་པས་ན་བསྒྲུབ་བྱ་བརྗོད་པ་ལ་དམ་བཅས་ཁྱབ་པའི་འབྲས་བུ་ཅན་ཡིན་པར་རྟོགས་པའི་ཕྱིར་ན་རིགས་པ་ཅན་པའི་དམ་བཅའི་མཚན་ཉིད་ནི་འཐད་ལ། བསྒྲུབ་བྱའི་མཚན་ཉིད་མི་འཐད་པར་གྲུབ་བོ། །དེ་ལ་འདི་སྐད་ཅེས། གྲུབ་བསལ་མེད་ཅིང་དཔག་འདོད་ཅན། །བསྟན་བྱ་བ་དང་གང་འབྲེལ་བ། །གཞན་ལུགས་བསྒྲུབ་བྱའི་མཚན་ཉིད་དེ། །དེ་ལ་ཤེས་བྱེད་སྐབས་ཤེས་ཟེར། །དམ་བཅའི་མཚན་ཉིད་སྐྱོན་བྲལ་ཡང༌། །བསྟན་བྱ་བ་དང་འབྲེལ་བའི་ཚེ། །ཁོ་ན་བ་དང་རང་ཉིད་ཀྱི། །དོན་མེད་བསྒྲུབ་བྱའི་སྐྱོན་དུ་འགྱུར། །བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །འདིར་ནི་རང་ཉིད་ཁོ་ན་ཡི། །རྣམ་བཅད་མེད་ཀྱང་སྐྱོན་མིན་པ། །དེ་ཕྱིར་རང་ལ་མི་མཚུངས་སོ། །ཞེས་པའོ། །གསུམ་པ་ནི། མདོར་རིགས་པ་ཅན་པ་ན་རེ། དམ་བཅའ་བ་དང་གཏན་ཚིགས་དག་འགལ་བ་ནི་དམ་བཅའི་སྐྱོན་ཡིན་ཏེ། དཔེར་ན་སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར། ཞེས་ཟེར་བ་ལྟ་བུའོ། །ཞེས་སོགས་ཀྱི་དོན་འཆད་པ་ལ། འོ་ན་འདི་འདྲ་དེ་ཕྱོགས་སྐྱོན་ཡིན་ཏེ། རྟགས་དམ་བཅའ་དང་འགལ་བའི་ཕྱིར། དེ་ལྟ་ན་ཡང་སློབ་དཔོན་གྱིས་དེར་མི་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ལན་ལ། གཉིས་ཏེ། འགལ་བའི་དོན་ལ་བརྟགས་ནས་དགག དེའི་དཔེར་བརྗོད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། རྟགས་འདོད་ཡུལ་དང་འགལ་བའི་དོན་གང་ཡིན། འདོད་ཡུལ་དང་འབྲེལ་བ་མེད་པའོ། །ཞེ་ན། དེའི་དོན་འདོད་ཡུལ་སྒྲུབ་པ་ལ་ཕན་པ་མེད་པ་ལ་བྱེད་དམ། འདོད་ཡུལ་གྱི་ཆོས་ཅན་དང་ལྷན་ཅིག་ཏུ་མི་གནས་པ་ལ་བྱེད། དང་པོ་ལྟར་ཁས་ལེན་པ་དེ་ལྟ་ན་ནི་རྟགས་ཀྱི་སྐྱོན་ཐམས་ཅད་དམ་བཅའི་སྐྱོན་དུ་འགྱུར་ལ། གཞན་རྟགས་དཔེ་ལ་ལྟོས་པའི་སྐྱོན་ནི་ཕྱོགས་སྐྱོན་མ་ཡིན་ནོ་ཞེས་ཀྱང་བསྟན་ཟིན་ཏོ། །གཉིས་པ་ལྟར་རྟགས་འདོད་ཡུལ་གྱི་ཆོས་ཅན་ལ་མེད་ནའང་ཕྱོགས་ཆོས་མ་གྲུབ་པ་ཉིད་ཡིན་པས་རྟགས་སྐྱོན་ཁོ་ནའོ། །གཉིས་པ་ལ། གཉིས་ཏེ། རྟགས་དམ་བཅའ་དང་འགལ་བ་མ་ཡིན་པར་བསྟན། སྦྱོར་བ་དེས་བསྟན་པའི་གཏན་ཚིགས་ནི་མ་གྲུབ་པ་ཉིད་དུ་བསྟན་པའོ། །དང་པོ་ནི། སྒྲ་རྟག་སྟེ། ཐམས་ཅད་མི་རྟག་པའི་ཕྱིར། ཞེས་པའི་སྦྱོར་བ་འདི་ལ་ཆོས་ཅན། མི་རྟག་པ་གཏན་ཚིགས་སུ་བཀོད་པ་དང་ལྡན་པས་སྒྲ་ལ་རྟག་པ་དེ་ལྟར་བརྗོད་པར་བྱེད་ན་སྒྲ་མི་རྟག་པ་ཡིན་པ་དེ་ལྟར་རྟག་པ་དེ་ནི་ལྡོག་པར་འགྱུར་ན་ཡང་སྒྲ་དེ་ལ་མི་རྟག་པས་ཁྱབ་པར་བསྟན་པ་མ་ཡིན་ཏེ། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་དཔེ་བསྟན་པ་ཉིད་ལས་དོན་གཞན་སྒྲ་མི་རྟག་པ་ཁྱོད་ཀྱི་བརྗོད་བྱར་མཐོང་བ་ཅི་ཞིག་ཡོད་དེ་མེད་པའི་ཕྱིར། རྟགས་གྲུབ་སྟེ། དེ་ལས་གཞན་དུ་ན། ཁྱད་པར་སྒྲ་ལ་ནི་གཞན་རྟག་པ་དམིགས་བསལ་དུ་བརྗོད་ནས། ཐམས་ཅད་མི་རྟག་ཅེས་པའི་སྤྱིར་བཏང་གི་ཚིག་ནི་རྗེས་སུ་འཇུག་པ་ལ་འབྲས་བུའང་ཅི་ཞིག་ཡོད་དེ། སྤྱིར་བཏང་གི་ཚིག་ནི་རྗེས་སུ་འཇུག་པས་ན་འབྲས་བུ་མེད་པ་ལ་འདོད་ནུས་པའང་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས་སྒྲ་ལ་གནས་པའི་མི་རྟག་པ་ཉིད་ཀྱིས་རྟག་པ་སེལ་ཞེས་གསུངས་སོ། །གཉིས་པ་ནི། མདོར། ལེགས་པར་མ་བསླབས་པ་རྣམས་ཀྱིས། དེ་ནི་ཆོས་མི་མཐུན་དཔེར་བརྗོད། །ཅེས་པའི་དོན་འཆད་དེ། འོ་ན་སྦྱོར་བ་དེས་ཅི་ཞིག་བསྟན་ཞེ་ན། སྦྱོར་བ་དེ་ཆོས་ཅན། སྒྲ་ནི་ཐམས་ཅད་ལས་གཞན་དུ་བརྗོད་པ་ཡིན་ཏེ། ཐམས་ཅད་མི་རྟག་པར་བརྗོད་ནས་ཡུལ་གཞན་སྒྲ་ལ་ནི་དེ་དང་འགལ་བ་རྟག་པར་སྨྲས་པའི་ཕྱིར། དེས་ན། གང་ཐམས་ཅད་ཀྱི་ཁོངས་སུ་འདུས་ན་མི་རྟག་པས་ཁྱབ། བུམ་པ་བཞིན། སྒྲ་མི་རྟག་སྟེ། ཐམས་ཅད་ཀྱི་ཁོངས་སུ་མ་འདུས་པའི་ཕྱིར། ཞེས་པར་འགྱུར་རོ། །འདི་ལ། གཉིས་ཏེ། ཀུན་ལ་གྲགས་པའི་གཞན་ཡིན་རྟགས་སུ་འགོད་ན་ཕྱོགས་ཆོས་མ་གྲུབ་པར་བསྟན། འགའ་ཞིག་ལ་གྲགས་པའི་གཞན་ཡིན་རྟགས་སུ་འགོད་ནའང་ཕྱོགས་ཆོས་མ་གྲུབ་པར་བསྟན་པའོ། །དང་པོ་ནི། སྒྲ་ཐམས་ཅད་ཀྱི་ཁོངས་སུ་མ་འདུས་པ་དེ་ཡང་འཐད་པ་མ་ཡིན་ཏེ། ཐམས་ཅད་ཅེས་པའི་སྤྱི་ནི་ཁྱད་པར་སྒྲ་མི་སྤོང་བའི་ཕྱིར། གལ་ཏེ། དཔེར་ན་སྐབས་འགར་ཤིང་ཤ་པ་ཉིད་ནི་ཤིང་མ་ཡིན་ཞེས་པ་བཞིན་དུ། ཐམས་ཅད་ཅེས་པའི་མཉན་པ་སྒྲ་གཅིག་ཉིད་ལ་འཇུག་པ་འགོག་པར་འགྱུར་བ་དེ་ཙམ་གྱིས་སྒྲ་དེ་ཐམས་ཅད་ཀྱི་ཁོངས་སུ་འདུས་པ་མིན་པ་མིན་ཏེ། སྒྲ་སོགས་ཀྱི་ཁྱད་པར་ཀུན་ལ་དེ་མེད་ན་ཐམས་ཅད་ཀྱི་ཁོངས་སུ་འདུས་པ་དེ་མེད་པར་འགྱུར་བའི་ཕྱིར། གཉིས་པ་ལ། དངོས་དང༌། རང་ལ་མཚུངས་པ་སྤང་བའོ། །དང་པོ་ནི། སྦྱོར་བ་དེའི་དོན་སྒྲ་མ་ཡིན་ཐམས་ཅད་ཀྱི་ཁོངས་སུ་མ་འདུས་པའི་ཕྱིར་ཞེས་པར་འགྱུར་བས་རྟགས་མ་གྲུབ་པ་མ་ཡིན་ནོ། །ཞེ་ན། ཆོས་ཅན་སྒྲ་རང་ཉིད་ནི་སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་མ་གྲུབ་སྟེ། ཆོས་ཅན་གཏན་ཚིགས་ཀྱི་དངོས་པོར་གྱུར་པ་ནི་ཤེས་བྱེད་ཉིད་དུ་མ་གྲུབ་པའི་ཕྱིར་ཏེ། དེར་གྲུབ་པ་ལ་ཤེས་བྱ་དང་ཤེས་བྱེད་ཐ་དད་དགོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རང་བཞིན་གྱི་རྟགས་ལ་མཚུངས་པ་སྤང་བ་དང༌། མ་ངེས་པའི་རྟགས་ལ་མཚུངས་པ་སྤང་བའོ། །དང་པོ་ནི། རང་བཞིན་གྱི་རྟགས་ཀུན་ལ་ཕྱོགས་ཆོས་མ་གྲུབ་པའི་ཉེས་པ་མཚུངས་ཏེ། སྒྲ་བྱས་མི་རྟག་པའི་དངོས་པོ་ཀུན་ལ་ཐ་དད་པའི་རྣམ་དབྱེ་མེད་པའི་ཕྱིར། ཞེ་ན། མེད་པ་མ་ཡིན་ཏེ། ལྡོག་པ་ཐ་དད་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་སྒྲུབ་པ་ནི། དངོས་པོ་དེ་རྣམས་ལ་ཀུན་རྫོབ་རྟོག་པའི་ངོར་གཅིག་པ་དེ་ཉིད་དང་རྫས་གཞན་ཉིད་འགོག་པར་འགྱུར་ཏེ། དོན་དམ་པར་ནི་རིགས་པས་རྣམ་པར་དཔྱད་ན་ལྡོག་པ་ཐ་དད་པར་གྱུར་པ་དེ་ལྟ་བུ་མ་གྲུབ་པའི་ཕྱིར། འོ་ན་བསྒྲུབ་བྱ་དང་གྲུབ་བྱེད་དུ་མི་འཐད་དོ་ཞེ་ན། དཔག་བྱ་དང་དཔོག་པར་བྱེད་པའི་དོན་གྱི་ཐ་སྙད་གནས་པ་འདི་ཆོས་ཅན། རྟོག་པའི་ཤེས་པ་ལ་གྲུབ་པ་སྟེ་སྣང་བའི་ཐ་དད་ལ་བརྟེན་ནས་རྣམ་པར་བརྟགས་པ་ཡིན་ཏེ། དོན་རང་མཚན་གྱི་བདག་ཉིད་ཅི་ལྟ་བའི་ཐ་དད་པ་མཐར་ཐུག་པ་སྟེ་འཇུག་ཡུལ་དུ་བྱེད་པའི་རྟོག་པའི་ཤེས་པ་ལ་ཆོས་དང་ཆོས་ཅན་ཐ་དད་དུ་སྣང་བར་གྱུར་པ་དེ་ནི་འཇུག་ཡུལ་ལ་མི་སླུ་བའི་ཐ་སྙད་ཀྱི་རྟེན་ཡིན་པའི་ཕྱིར་རོ། །སྒྲ་མི་རྟག་སྒྲུབ་ལ་སྒྲ་མ་ཡིན་མ་ཡིན་པ་རྟགས་སུ་བཀོད་པ་འདི་ནི་ཆོས་ཅན། རྟགས་མ་གྲུབ་པར་བསྟན་ཏེ། ཐ་སྙད་ཀྱིས་བཞག་པའི་བློ་ལ་ཐ་དད་དུ་སྣང་བ་དང་འབྲེལ་བ་མེད་པ་ཅན་གྱི་ཆོས་ཅན་དེ་ཉིད་སྒྲུབ་བྱེད་དུ་བྱས་པ་དེས་ནའོ། །དེས་ན་འདུས་བྱས་ཀྱི་བུམ་པ་མི་རྟག་པར་སྒྲུབ་པ་ལ་འདུས་བྱས་རྟགས་སུ་བཀོད་པ་ཡང་རྟགས་དང་རྟགས་ཅན་ཉིད་ཡིན་ཏེ། བྱེ་བྲག་དང་སྤྱི་ཡི་ཆོས་ཐ་དད་པའི་ཕྱིར། དཔེར་ན་རྩོལ་བྱུང་ཉིད་ཀྱི་ཕྱིར་ཞེས་པའི་རྟགས་ཀྱིས་རྩོལ་བྱུང་གི་སྒྲ་ནི་མི་རྟག་པར་སྒྲུབ་པ་བཞིན་ནོ། །རྩོལ་བྱུང་ཆོས་ཅན། ཕྱོགས་ཀྱི་ཡན་ལག་ཡིན་ནའང་ཆོས་ཅན་རྩོལ་སྒྲ་དང་ཐ་དད་དུ་མ་གྲུབ་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བ་ལ་གནོད་པ་མེད་པའི་ཕྱིར། དཔེར་ན་གོང་བུ་རྭ་ཅན་འདི་ཆོས་ཅན། རྟ་མ་ཡིན་ཏེ། རྭ་ཅན་ཉིད་ཀྱི་ཕྱིར། ཞེས་པ་བཞིན་ནོ། །དེ་ལྟར་བཤད་པ་ལས་ཡང་ན་རྩོལ་བྱུང་དེ་ཆོས་ཅན། རྩོལ་སྒྲ་མི་རྟག་པ་བསྒྲུབ་བྱར་སོང་བའི་དུས་སུ་ཕྱོགས་ཀྱི་ཡན་ལག་མ་ཡིན་ཏེ། ཁྱོད་ཀྱི་རྟགས་ལས་དེ་ལྟར་སྒྲུབ་པའི་ཚུལ་གསུམ་རྟོགས་ནས་རྩོལ་སྒྲ་རྟག་འཛིན་གྱི་རྟོག་པ་ལྡོག་པའི་ཕྱིར། འདིའི་དོན་ནི། ཕྱོགས་ཆོས་ངེས་སླ་བའི་ཕྱིར་དུ་རྩོལ་སྒྲའི་མིང་གིས་བསྟན་ནས། བསྒྲུབ་བྱའི་དུས་ཀྱི་ཆོས་ཅན་ནི་རྩོལ་སྒྲའི་གཞི་ལྡོག་ཅིག་ལ་བྱེད་ཅེས་པའོ། །གཉིས་པ་ནི། སྒྲ་མི་རྟག་པ་ལ་མཉན་བྱ་བཀོད་པ་ཡང་མ་གྲུབ་པར་འགྱུར་རོ། །ཞེ་ན། ཁྱད་པར་མཉན་བྱ་ཡང་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་དོན་དུ་འཐད་པ་མ་ཡིན་ཏེ། སྒྲ་དང་ལྡོག་པའི་ཆོས་ཐ་དད་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཉིད། །ཅེས་སོགས་ཀྱི་དོན་འཆད་པ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། སློབ་དཔོན་གྱིས་ཕྱོགས་ཆོས་ཅན་གྱི་རབ་ཏུ་དབྱེ་བ་སྟོན་པའི་མདོ་ཡིས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་མདོར་བསྡུས་ནས་གསུངས་པ་ནི་ཆོས་ཅན། དགོས་པ་ཡོད་དེ། གཏན་ཚིགས་ཡང་དག་དང་ལྟར་སྣང་གི་རབ་ཏུ་དབྱེ་བའི་དོན་བདེ་བར་བཟུང་བ་གྲུབ་པར་བྱ་བའི་ཕྱིར་ཡིན་པས་སོ། །གཉིས་པ་ནི། གལ་ཏེ་ཆོས་ཅན་སྒྲ་དེ་གཏན་ཚིགས་བྱས་པ་ལྟ་བུས་ཁྱད་པར་དུ་བྱས་སམ་མ་བྱས། མ་བྱས་ན་ཕྱོགས་ཆོས་སུ་མི་འགྱུར་ལ། བྱས་ན་བྱས་པ་ཆོས་ཅན། དཔེ་བུམ་པ་ལ་རྗེས་སུ་མི་འགྲོ་བར་ཐལ། ཆོས་ཅན་སྒྲའི་ཁྱད་པར་གྱི་ཆོས་ཡིན་པའི་ཕྱིར། ཞེ་ན། དེ་ལ་སྤྱིར་བསྟན་པ་དང༌། དངོས་ལན་གདབ་པ་གཉིས་ལས། དང་པོ་ནི། སྤྱིར་རྣམ་གཅོད་དེ་ལ་ཆོས་ཀྱི་ཚིག་ཕྲད་ཐ་དད་པར་བྱེད་པའི་དབྱེ་བས། མི་ལྡན་པ་དང་གཞན་དང་ལྡན་པ་དང་ཤིན་ཏུ་མི་སྲིད་རྣམ་གཅོད་བྱེད་པ་གསུམ་དུ་འབྱེད་དེ། དཔེར་ན་ཁྱད་པར་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་ནག་པ་འཕོང་རྐྱེན་ཞེས་པའམ། ཁྱད་པར་ཅན་དག་དང་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་ནག་པ་བས་སྲིད་སྒྲུབ་འཕོང་རྐྱེན་ཞེས་པའམ། བྱ་བ་དག་དང་ནི་ངེས་བཟུང་ལྷན་ཅིག་ཏུ་བརྗོད་པ་མཚོ་སྐྱེས་ལ་སྔོན་པོ་སྲིད་པར་འགྱུར་ཞེས་བྱ་བ་བཞིན་ནོ། །དེ་དག་ལ་ཁོ་ན་ཞེས་པ་ལྟ་བུའི་ངེས་བཟུང་གི་ཚིག་དངོས་སུ་སྦྱོར་དགོས་སམ་ཞེ་ན། དེ་ལྟར་སྦྱར་བ་མེད་ཀྱང་བརྗོད་འདོད་ལས་དེ་དོན་ཉིད་ནི་རྟོགས་པར་འགྱུར་ཏེ། གང་གི་ཕྱིར་ན་ངག་རྣམས་ནི་རྣམ་གཅོད་གསུམ་པོ་གང་རུང་གི་འབྲས་བུ་ཅན་ཡིན་པའི་ཕྱིར། ནག་པ་འཕོང་རྐྱེན་ཞེས་པ་དེར་ཡང་ཆོས་ཅན། རང་གི་བརྗོད་བྱའི་དོན་གྱི་ཟླའོ་འཕོང་མི་རྐྱེན་པ་རྣམ་པར་གཅོད་པའི་དོན་རྣམས་ལ་ནི་རྟོགས་པ་སྐྱེ་བར་འགྱུར་ཏེ། དེ་ལྟར་གྲགས་པ་དང་ནུས་པ་དང་སྒྲ་ནི་བརྗོད་འདོད་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གཉིས་པ་ནི། རྣམ་གཅོད་གསུམ་ཡོད་པ་དེས་ན་ཁྱད་པར་ཅན་སྒྲ་དེའི་ཁྱད་པར་གྱི་ཆོས་བྱས་པ་དེ་དཔེ་ལ་རྗེས་འགྲོ་མེད་པའི་སྐྱོན་བསྟན་པ་མ་ཡིན་ཏེ། ཆོས་ཅན་སྒྲ་དེ་ཆོས་ཀྱི་ཁྱད་པར་བྱས་པས་མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། ཕྱོགས་ཆོས་ཅན་དགུའི་རབ་དབྱེ་སྨོས་པའི་དགོས་པ་སྤྱིར་བཤད། བྱེ་བྲག་ཏུ་ཡང་དག་གཉིས་དང་མཉན་བྱ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ནི། ཚད་མའི་མདོར། གཏན་ཚིགས་ཡང་དག་གཉིས་དང་ཟློག་པ་འགལ་རྟགས་གཉིས་ཀྱི་དཔེ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རང་བཞིན་དང་འབྲས་བུའི་གཏན་ཚིགས་ཡང་དག་གཉིས་དང་གཉིས་པོ་དེ་ལོག་ཕྱོགས་ལ་འགལ་བའི་གཏན་ཚིགས་སུ་གྲུབ་པའི་དོན་དུ་ཡིན་པའི་ཕྱིར། ཁྱད་པར་མཉན་བྱ་དང་སྤྱི་གཞལ་བྱ་དག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྗེས་འགྲོ་དང་ལྡོག་པ་རྐྱང་པ་ཅན་གྱི་གཏན་ཚིགས་ཡོད་དོ་ཞེས་རྩོད་པ་དེ་སྤང་བའི་ཕྱིར། མ་ངེས་པའི་གཏན་ཚིགས་ལྷག་མ་གསུམ་གྱི་དཔེར་བརྗོད་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྟགས་ཡང་དག་ཡིན་ན་མི་མཐུན་ཕྱོགས་མཐའ་དག་ལས་ཟློག་པ་ཅིག་དགོས་སོ་ཞེས་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། གཉིས་པ་ལ། གཉིས་ཏེ། ཡང་དག་གཉིས་སྨོས་པའི་དགོས་པ་བཤད། མཉན་བྱ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། སོ་སོའི་དང༌། ཐུན་མོང་གི་དགོས་པའོ། །དང་པོ་ལ། གསུམ་སྟེ། རྩོལ་བྱུང་འབྲས་རྟགས་ཀྱི་དང༌། བྱས་པ་རང་བཞིན་རྟགས་ཀྱི་དཔེར་སྨོས་པའི་རྒྱུ་མཚན་དང་དགོས་པ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། དགོས་པ་ནི། རང་བཞིན་ཉིད་ལས་གཞན་འབྲས་བུའི་རྟགས་ཀྱིས་ནི་གོ་བྱ་ལ་ཁྱབ་བྱེད་དུ་འཇུག་པ་ཡོད་པ་མ་ཡིན་ཏེ། རྒྱུ་ནི་འབྲས་བུ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རྩོལ་བྱུང་དཔེར་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། འབྲས་བུའི་གཏན་ཚིགས་ཐམས་ཅད་སྒྲ་མི་རྟག་སྒྲུབ་ལ་རྩོལ་བྱུང་བཀོད་པ་དང་འདྲ་བ་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་གོ །ཞེས་བསྟན་པའི་ཕྱིར། དེ་དེར་སྨོས་པའི་རྒྱུ་མཚན་ནི། བཀོད་ཚོད་དེ་ལྟར་ཡིན་ཀྱང༌། སོང་ཚོད་ལ་དུང་སྒྲ་ཐོས་པའི་ཉན་ཤེས་རང་རྒྱུ་སྒྲ་མི་རྟག་པ་སྔོན་སོང་དུ་སྒྲུབ་པ་ལ་རྩོལ་བྱུང་ཉན་ཤེས་མ་འཁྲུལ་བ་རྟགས་སུ་བཀོད་པ་ཡིན་ལ། དེའི་ཚེ་ན་རྩོལ་བྱུང་ཉན་ཤེས་མ་འཁྲུལ་བ་འདི་འདྲ་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ཏེ། ཕྱོགས་ཆོས་དང་རེས་འགའ་བ་སྒྲ་མི་རྟག་པའི་འབྲས་བུར་གྲུབ་པས་སོ། །རྟགས་གྲུབ་སྟེ། རང་རྒྱུ་སྒྲ་རྟག་པའི་འབྲས་བུ་ཡིན་ན་དུས་འགའ་ཞིག་གི་ཚེ་སྐྱེ་ལ། རེས་འགའ་འབྲས་བུ་མ་བྱེད་པ་འགལ་བའི་ཕྱིར། མི་འགལ་ཏེ། རྐྱེན་ལ་ལྟོས་ནས་འབྲས་བུ་སྐྱེད་དོ་ཞེ་ན། སྒྲ་རྟག་པ་ཆོས་ཅན། རྐྱེན་ལ་ལྟོས་པ་མེད་དེ། ཁྱོད་ལ་རྐྱེན་གྱི་རྣམ་པ་ཀུན་ཏུ་ཕན་པ་ཉེ་བར་སྦྱོར་ནུས་པ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལ་མི་ནུས་ཀྱང་དེ་ཐོས་པའི་དབང་པོ་ལ་སྒྲིབ་བྱེད་སེལ་དགོས་སོ་ཞེ་ན། སྒྲ་འཛིན་པའི་ཤེས་པ་ནི་ཆོས་ཅན། རང་གི་རྐྱེན་བརྩལ་མ་ཐག་ཏུ་བྱུང་བར་ངེས་པ་མ་ཡིན་པར་ཐལ། རྐྱེན་དེའི་སྔར་ནས་ཡོད་པའི་སྒྲ་དེ་གཟུང་དོན་དུ་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། དེས་ན་སྒྲིབ་བྱེད་སེལ་བ་དང་དབང་པོ་ལ་ལྟོས་མི་དགོས་པར་འགྱུར་རོ། །གཉིས་པ་ནི། རྩོལ་བྱུང་འདི་ཉིད་ཀྱིས་ནི་རང་བཞིན་རྟགས་ཀྱི་དཔེར་བརྗོད་གྲུབ་ཀྱང༌། དེ་ལས་ཐ་དད་དུ་བྱས་པ་རང་བཞིན་རྟགས་ཀྱི་དཔེར་སྨོས་པ་ཆོས་ཅན། རྒྱུ་མཚན་དང་དགོས་པ་གཉིས་དང་བཅས་ཏེ། འབྲས་བུ་དང་རང་བཞིན་གྱི་དཔེར་བརྗོད་ལྷན་ཅིག་ཏུ་བསྟན་ན་གཉིས་ཀ་ཡང་མཐུན་ཕྱོགས་ལ་འཇུག་ཚུལ་མཚུངས་པའི་དོགས་པ་སྐྱེ་བས་རང་བཞིན་གྱི་རྟགས་ཐམས་ཅད་འབྲས་བུ་དེ་དང་འདྲ་བ་ཉིད་དུ་ཤེས་པར་མི་འགྱུར་བའི་ཆེད་ཡིན་པས་སོ། །འདིར་བཤད་པའི་གཏན་ཚིགས་དང་རང་དོན་རྗེས་སུ་དཔག་པར་བཤད་ཟིན་པའི་གཏན་ཚིགས་ཀྱི་མཚན་ཉིད་ལ་ནི་ཐ་དད་པ་མེད་ཀྱང༌། འདིར་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་ཙམ་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲུབ་ངག་ཡང་དག་གིས་དོན་ཚུལ་གསུམ་ཚང་བའི་གཏན་ཚིགས་བརྗོད་བྱར་བྱས་སོ་ཞེས་རྟོགས་པའི་དོན་དུ་ཡིན་པས་སོ། །གསུམ་པ་ནི། འོ་ན་འདིར་རྩོལ་བྱུང་སྨོས་པ་མི་འཐད་དེ། འབྲས་བུའི་རྟགས་ཀྱི་ནི་གོ་མི་ཆོད། རང་བཞིན་རྟགས་ཀྱི་དཔེར་བཟུང་ན་ནི་འཁྲུལ་གཞི་དེ་ལྟར་སྐྱེ་བའི་ཕྱིར་ཞེ་ན། སྐབས་འདིར་འབྲས་བུའི་རྟགས་ཀྱི་དཔེར་བརྗོད་དུ་བཤད་པའི་རྩོལ་བྱུང་དེས་ནི་རང་བཞིན་གྱི་རྟགས་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་བརྟེན་པའང་བཤད་དེ། དེ་དུང་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་ཕྱིར། དེས་ན་རྩོལ་བ་ལས་བསལ་བ་ཉན་ཤེས་དང་དེ་ལས་སྐྱེ་བ་དུང་སྒྲ་ལྟ་བུ་གཉིས་ཀ་ལ་རྩོལ་བྱུང་ཞེས་འདྲ་བར་དཔེར་བརྗོད་དོ། །གཉིས་པ་ལ། གཉིས་ལས། ཡོངས་གཅོད་ཀྱི་དགོས་པ་ནི་སྐབས་འདིར་འབྲས་རང་གི་གཏན་ཚིགས་གཉིས་པོ་འདི་རབ་ཏུ་ཕྱེ་བ་ཆོས་ཅན། དགོས་པ་ཡོད་དེ། སྐྱེད་བྱེད་དུ་ཡོད་པ་གང་མེད་ན་མི་འབྱུང་བའི་འབྲས་བུའམ་རང་གི་བདག་ཉིད་རྣམ་པར་དབྱེར་མེད་པ་ཅན་གྱི་རང་བཞིན་བྱས་པ་གང་ཡིན་པ་དེ་ནི་རང་གི་བསྒྲུབ་བྱའི་ཆོས་དེ་དང་འཁྲུལ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་དུ་ཡིན་པའི་ཕྱིར། རྣམ་བཅད་ཀྱི་དགོས་པ་ནི། ལྡན་པ་ཅན་ལ་སོགས་པ་གང་དག་ལ་བདག་གཅིག་པ་དང་དེ་བྱུང་དེ་འདྲའི་འབྲེལ་པ་ཡོད་པ་མ་ཡིན་པ་དེ་དག་འཁྲུལ་པ་སྲིད་པའི་ཕྱིར་ན་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་སྒྲུབ་པ་ནི། འབྲེལ་པ་ཚད་མས་ངེས་པ་མེད་པར་ནི་སྒྲུབ་བྱེད་མ་ཡིན་ལ། ངེས་པ་དེ་ཡང་མེད་ན་མི་འབྱུང་བའི་འབྲེལ་པ་ཡིན་ཞིང༌། མེད་ན་མི་འབྱུང་བའི་འབྲེལ་པ་ཡོད་པ་ཡིན་ན་ཡང་དེ་ཉིད་བསྒྲུབ་བྱ་རྟོགས་པའི་སྒྲུབ་བྱེད་ཡིན་གྱི་ལྡན་པ་ཅན་སོགས་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། གཉིས་ཏེ། མཉན་བྱའི་དཔེས་སྲོག་སོགས་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡིན་པ་དགག དེས་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། ལྡོག་པ་རྐྱང་པ་ཅན་ཡིན་པ་དགག རྟགས་ཡང་དག་ཡིན་པ་དགག་པའོ། །དང་པོ་ལ། གཉིས་ཏེ། སྲོག་དང་མཉན་བྱ་མཚུངས་པར་བསྟན། མི་མཚུངས་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རིགས་པ་ཅན་པ་ན་རེ། སྲོག་ལྡན་དུ་དམིགས་པ་དེ་གསོན་ལུས་བདག་བཅས་སུ་སྒྲུབ་པའི་ལྡོག་པ་རྐྱང་པ་ཅན་ཡིན་ཏེ། མི་མཐུན་ཕྱོགས་ལས་ནི་ཟློག མཐུན་ཕྱོགས་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མེད་པའི་ཕྱིར་ཏེ། མཐུན་ཕྱོགས་ཀྱི་མཚན་གཞི་གཟུང་དུ་མེད་པའི་ཕྱིར། ཞེས་ཟེར་རོ། །དེ་དགག་པ་ལ། གསུམ་སྟེ། ནང་འགལ་བས་དང༌། འབྲེལ་པ་མེད་པ་དང༌། གནོད་བྱེད་མེད་པས་དགག་པའོ། །དང་པོ་ནི། སྲོག་ཆོས་ཅན། གསོན་ལུས་བདག་བཅས་སུ་སྒྲུབ་པའི་མཐུན་ཕྱོགས་ལ་རྗེས་འགྲོ་གནས་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ཟློག་པ་དེ་ཉིད་ཀྱི་ཕྱིར་ནའོ། །ཁྱབ་སྟེ། ལྡོག་པ་ངེས་པ་ཉིད་ནི། རྟགས་ཆོས་ཀྱི་མེད་ན་མི་འབྱུང་བ་ངེས་པ་ཡིན་པར་བརྗོད་ལ། དེ་ཡང་རྟགས་ཆོས་ཀྱི་འབྲེལ་པ་མེད་པ་ལ་མེད་པའི་ཕྱིར། གཉིས་པ་ལ། དངོས་དང༌། དེ་ཡོད་པའི་ལན་དགག་པའོ། །དང་པོ་ནི། ཁྱད་པར་སྲོག་ནི་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ཟློག་པ་དང༌། མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་ཡང་ཡོད་པ་མ་ཡིན་ཏེ། བདག་དེ་ཁྱོད་རང་གི་བདག་ཉིད་དམ་རྒྱུའི་དངོས་པོར་ནི་གྲུབ་ན་དེ་སྒྲུབ་ཀྱི་ལྡོག་པ་གྲུབ་པར་འགྱུར་ན་ཡང་དེར་མ་གྲུབ་པ་དེའི་ཕྱིར། འོ་ན་སློབ་དཔོན་གྱིས་དེ་འདྲ་དེ་ལྡོག་པ་རྐྱང་པ་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལ་བརྟེན་ནས་ལྡོག་པའང་འབའ་ཞིག་པ་ཅན་དུ་བཤད་པའི་ཕྱིར། མ་མཐོང་ཙམ་གྱིས་ལྡོག་པ་མི་འགྲུབ་པ་དེའི་ཕྱིར་དེ་ཆོས་ཅན། དེ་གྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་ཏེ། གཞན་དུ་ན་གོ་བར་བྱེད་པ་ཉིད་དུ་འགྱུར་བས་སོ། །གོང་གི་རྟགས་སྒྲུབ་པ་ནི། གལ་ཏེ་བདག་ནི་ཟློག་པ་ཡིས་སྲོག་སོགས་དག་ནི་ལྡོག་པར་འགྱུར་ན་སྲོག་སོགས་མེད་པས་བདག་མེད་ལ་ཁྱབ་པར་འགྱུར་ན་ཡང་ལྡོག་པ་དེ་ཡང་ཡོད་པ་མ་ཡིན་ཏེ། དོན་གཞན་ཟློག་པར་ནི་གྱུར་པ་ཡིས་འབྲེལ་མེད་གཞན་ཟློག་པར་ནི་མི་རུང་བའི་ཕྱིར། གཉིས་པ་ལ། འབྲས་བུ་ཡིན་པ་དགག མི་མཐུན་ཕྱོགས་ངོས་མི་ཟིན་པས་ན་ལྡོག་པ་མི་འགྲུབ་པའོ། །དང་པོ་ནི། སྲོག་དེ་བདག་དེ་ལས་བྱུང་ངོ་ཞེ་ན། གལ་ཏེ་བདག་དེ་དམིགས་པ་ན་སྲོག་དེ་དམིགས། བདག་རྟོགས་པ་མེད་པར་ཡང་སྲོག་མ་རྟོགས་ན་བདག་སྲོག་གི་རྒྱུ་འབྲས་འདི་གྲུབ་པར་འགྱུར་ན་ཡང་གཉིས་པོ་ལ་མཐོང་བ་རྗེས་འགྲོ་དང་མ་མཐོང་བ་ལྡོག་པ་ངེས་བྱེད་ཀྱི་ཚད་མ་དེ་གྲུབ་པ་མེད་དེ། བདག་དེ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །གཉིས་པ་ནི། དེ་སྐབས་ཀྱི་རྒོལ་བ་ཆོས་ཅན། དེ་སྒྲུབ་ཀྱི་ཟློག་པའི་ཁྱབ་པའང་ཇི་ལྟར་ཤེས་པ་ཡིན་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལས་ཟློག་པ་ཤེས་པ་མེད་པའི་ཕྱིར་ཏེ། གཞི་གཞན་གང་ལའང་མཐོང་རུང་དུ་མེད་པའི་ངོ་བོ་ཅན་གྱི་བདག་དེ་བུམ་སོགས་ལ་མེད་ཅེས་གང་ལས་ཤེས་ཏེ། ཁྱོད་ཀྱི་ངོར་བུམ་པ་བདག་མེད་དུ་སྒྲུབ་པའི་སྣང་རུང་མ་དམིགས་པའི་གཏན་ཚིགས་མི་འཇུག་པའི་ཕྱིར། གལ་ཏེ་བུམ་པ་དང་གསོན་ལུས་ལ་བདག་ཡོད་མེད་དུ་ཤེས་ཏེ། སྲོག་ཡོད་མེད་དུ་ཤེས་པའི་ཕྱིར། ཞེ་ན། གལ་ཏེ་སྲོག་སོགས་གཞི་ལ་ལར་མཐོང་དུ་རུང་བ་ཡིས་གསོན་ལུས་ལ་ཡོད་པ་དང་བུམ་སོགས་ལ་མེད་པ་ཉིད་ནི་རྟོགས་པར་འགྱུར་བ་དེ་ལྟར་བདག་མཐོང་རུང་དུ་ཡོད་ན་གསོན་ལུས་དང་བུམ་སོགས་ལ་ཡོད་མེད་ཉིད་ནི་རྟོགས་པར་འགྱུར་ན་ཡང༌། དེ་རྟོགས་པ་མ་ཡིན་ཏེ། བདག་དེ་སྣང་དུ་མི་རུང་བའི་ཕྱིར་དང༌། སྲོག་གི་རྒྱུ་གང་ཞིག་བདག་ནི་མེད་པ་ཡིན་བུམ་པ་ལ་སྲོག་མཐོང་བ་མེད་པ་ཡིན་ན་གསོན་ལུས་ལ་སྲོག་དེ་སྣང་རུང་དུ་མེད་པར་རིགས་པ་ཡིན་པར་ཐལ། གསོན་པོའི་ལུས་ལའང་བདག་དེ་སྣང་རུང་དུ་མེད་པའི་ཕྱིར། གསུམ་པ་ནི། བུམ་སོགས་ལས་ཐ་དད་པའི་གསོན་ལུས་ཀྱང་ཆོས་ཅན། སྲོག་མེད་དེར་རྟོགས་རིགས་པར་ཐལ། །བུམ་སོགས་དང་ཅུང་ཟད་བདག་མེད་དུ་ཆོས་མཐུན་པའི་ཕྱིར། ཞེ་ན། བུམ་སོགས་རྣམས་ཆོས་ཅན། བདག་དང་བཅས་པར་ཅིས་མི་དཔོག་སྟེ། གསོན་ལུས་དང་གཞལ་བྱ་ཉིད་དུ་མཚུངས་པའི་ཕྱིར། བུམ་སོགས་བདག་དང་བཅས་པར་མི་འདོད་དོ་ཞེ་ན། འདོད་མི་འདོད་ཙམ་གྱིས་དེར་མི་འགྲུབ་སྟེ། བུམ་སོགས་བདག་མེད་དུ་སྒྲུབ་པའི་ཚད་མ་མེད་པའི་ཕྱིར། ཁྱབ་པ་ནི། ཚད་མ་ཉིད་གྲུབ་མཐའ་འདོད་པ་ཀུན་གྱི་རྒྱུ་ཡིན་ཏེ། དེ་མེད་པར་ནི་དངོས་པོ་དང་དངོས་མེད་ཀྱི་རྣམ་གཞག་གང་གིས་ནུས་ཏེ་མི་ནུས་པའི་ཕྱིར། འོ་ན་སྲོག་སོགས་རྒྱུ་གང་ལས་བྱུང་ཞེ་ན། སྲོག་དང་མིག་འབྱེད་འཛུམ་ལ་སོགས་པ་ནི་དྲན་འདོད་རྩོལ་བ་གསུམ་ལས་སྐྱེས་པ་ཡིན་ལ། དྲན་སོགས་དེ་དག་ཀྱང་ཡུལ་དབང་བློ་གསུམ་ལས་བྱུང་ལ། དེ་ཡང་ནི་ཕན་ཚུན་རྐྱེན་ལ་ནི་ལྟོས་པའི་རང་གི་རིགས་འདྲ་སྔ་མ་ལས་བྱུང་ངོ༌། །དེ་སྒྲུབ་པ་ནི་བདག་ཏུ་སྒྲོ་འདོགས་པའི་གཞི་སྲོག་དང་མིག་སོགས་ཀྱི་དངོས་པོ་འདི་ཆོས་ཅན། རིགས་འདྲ་སྔ་མ་དེ་ཙམ་ལས་བྱུང་བ་ཡིན་ཏེ། དེས་ཕན་བཏགས་སྟོབས་ཀྱིས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་བརྟེན་པ་ཡིན་པའི་ཕྱིར་དང༌། དེ་ལས་གཞན་དུ་ཡང་རྒྱུར་རྟོག་ན་ཐུག་པ་མེད་པའི་ཕྱིར། དོན་བསྡུ་བ་ནི། མཉན་བྱ་དང་སྲོག་སོགས་འདི་ནི་ཆོས་ཅན། ལྡོག་ཁྱབ་འཁྲུལ་པ་ཉིད་དུ་མཚུངས་པར་འགྱུར་ཏེ། སྐབས་ཀྱི་རྒོལ་བའི་ངོར་ལྡོག་པ་སྒྲུབ་བྱེད་འཁྲུལ་པ་ཉིད་ཀྱིས་སོ། །གཉིས་པ་ནི། གལ་ཏེ་མཚུངས་པ་མ་ཡིན་ཏེ། སྲོག་དེ་ལྡོག་པ་རྐྱང་པ་ཅན་ཡིན་ཀྱང་མཉན་བྱ་འདི་ནི་འཁྲུལ་པའི་ཕྱིར་ཞེ་ན། འདི་ལ་བསྒྲུབ་བྱ་དགག་པ་དང༌། སྒྲུབ་བྱེད་མི་འཐད་པའོ། །དང་པོ་ནི། འོ་ན་མཉན་བྱ་དེ་ཇི་ལྟར་བསྒྲུབ་མིན་མི་མཐུན་ཕྱོགས་ཉིད་ལས་ཟློག་པ་མ་ཡིན་ཞེས་དྲིས་པ་ན། དོན་གྱིས་མཉན་བྱ་དེ་བསྒྲུབ་བྱ་མཐུན་ཕྱོགས་ཀྱིའང་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར། ཞེས་དེ་ལྟར་བརྗོད་པར་འགྱུར་ལ། དེའི་ཚེ་ན་གཞན་སྲོག་ཆོས་ཅན། ལྡོག་པ་རྐྱང་པ་ཅན་མ་ཡིན་པར་ཐལ། མཐུན་ཕྱོགས་ཀྱི་རྗེས་སུ་མི་འགྲོ་བ་དེ་ནི་ཁྱོད་ལའང་མཚུངས་པའི་ཕྱིར་དང༌། བསྒྲུབ་མིན་མི་མཐུན་ཕྱོགས་ཉིད་ལས་རྣམ་པར་བཅད་ཅེས་བརྗོད་ན་བསྒྲུབ་བྱ་མཐུན་ཕྱོགས་ལ་གནས་པར་ཡང་བརྗོད་དགོས་པ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ན་རྗེས་སུ་འགྲོ་ལྡོག་གི་ཚུལ་གཉིས་པོ་གང་རུང་གཅིག་གིས་གཉིས་ཀ་བསྟན་པར་བརྗོད་དེ། གཅིག་ཤོས་དོན་གྱི་གོ་བས་སོ། །དེའི་ཕྱིར་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་པ་ལས་ལྡོག་པ་མེད་པ་འདི་འདྲའི་མི་འཁྲུལ་པ་གྲུབ་པ་མེད་དེ། མཐུན་ཕྱོགས་ལ་བཀག་པ་འགོག་པར་བྱེད་པ་ནི་ཡོད་པར་སྒྲུབ་པ་ལས་གཞན་ཅི་འདྲ་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྲོག་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀ་མེད་དེ། དེ་དུས་ཀྱི་བསྒྲུབ་བྱ་མཐུན་ཕྱོགས་དེ་མེད་པའི་ཕྱིར་མེད་དེ། ཤེས་བྱ་ལ་གསོན་ལུས་ཡིན་མིན་གཉིས་སུ་ངེས། གསོན་ལུས་ནི་ཆོས་ཅན་དུ་སོང་བས་མཐུན་ཕྱོགས་མ་ཡིན། གསོན་ལུས་མ་ཡིན་པ་ནི་བདག་མེད་དུ་ངེས་པས་མི་མཐུན་ཕྱོགས་སུ་ངེས་པ་ཉིད་ཀྱི་ཕྱིར། རྩ་བར་ཁྱབ་སྟེ། དངོས་པོར་མེད་པ་དགག་སྒྲུབ་ཀྱི་གཞིར་མི་རུང་བའི་ཕྱིར། དེས་ན་སྲོག་དེ་སྒྲུབ་མིན་ཁོ་ན་ཉིད་ལ་མེད་པའོ་ཞེས་ཟེར། དེ་མི་འཐད་པ་ལ། གསུམ་སྟེ། ཁས་བླངས་འགལ་བས་དང༌། རིགས་པས་དང༌། དགག་སྒྲུབ་ཀྱི་རྟེན་ངོས་བཟུང་ནས་མི་འཐད་པའོ། །དང་པོ་ནི། སྲོག་དེ་མཐུན་ཕྱོགས་ལས་ཟློག་པ་མེད་ཅེས་ཟློག་པ་དེ་ཉིད་ནི་ཇི་ལྟར་ཟློག་པར་འདོད་དེ། ཟློག་པ་མེད་པ་ནི་སྒྲུབ་པ་ཡིན་ལ། དངོས་པོར་མེད་པ་ནི་དགག་སྒྲུབ་ཀྱི་གཞིར་མི་རུང་བ་ལས་སོ། །རིགས་པ་ཅན་པ་བླུན་པོ་ཡི་ནི་རྣམ་དཔྱོད་ལ་ལྟོས་ཤིག་སྟེ་དངོས་པོར་ཡོད་པའི་སྲོག་དེ་བདག་ལ་མེད་ནའང་ཡོད་པར་ཁས་ལེན་པ་ཡིན་ལ། དངོས་པོར་མེད་པའང་དགག་སྒྲུབ་ཀྱི་གཞིར་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན། གཏན་ཚིགས་སྲོག་དེ་མཐུན་ཕྱོགས་དེ་ལས་ཟློག་པ་མེད་ན་དེ་ལ་འཇུག་པར་འདོད་དམ་ཅི། དེ་ཡང་མ་ཡིན་ན་མཐུན་ཕྱོགས་ལ་འཇུག་པ་ཅི་སྟེ་འགོག་སྟེ་ཟློག་པ་བཀག་པ་ནི་འཇུག་པ་འདི་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། དངོས་པོར་མེད་པ་འདིར་ནི་མི་སྨྲ་བ་ཐོབ་པར་ཐལ། སྒྲུབ་པ་དང་དགག་པ་མ་གཏོགས་པར་སྒྲ་ལས་བྱུང་བའི་ཐ་སྙད་གཞན་ཡོད་པ་མ་ཡིན་ལ། དེ་ཡང་དངོས་པོར་མེད་པ་ལ་མེད་པའི་ཕྱིར་རོ། །རིགས་པ་འདི་ཡིས་འགྲོ་བ་འཇིག་རྟེན་ལ་དགག་པའི་དོན་ནི་མེད་པར་འགྱུར་ཏེ། ཡོད་པ་རྣམས་ལ་དགག་པ་མེད་ལ། དགག་སྒྲུབ་དེ་ནི་དངོས་པོར་མེད་པ་ལའང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བུམ་པ་ཡུལ་དུས་ལ་ལྟོས་ནས་འགོག་གོ་ཞེ་ན། དེ་ཡང་མི་འཐད་པར་ཐལ། ཇི་ལྟར་བུམ་པ་དེ་ཡོད་པའི་ཡུལ་དུས་དེ་ལྟར་ནི་མི་འགོག ཇི་ལྟར་དེ་མེད་པའི་ཡུལ་དུས་དེ་ལྟར་ཡང་ནི་འགོག་པར་མི་འགྱུར་བའི་ཕྱིར། གསུམ་པ་ལ། གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དངོས་པོར་མེད་པ་དགག་སྒྲུབ་ཀྱི་གཞིར་མི་རུང་དུ་ཆུག་ཀྱང་ལྡོག་པ་རྐྱང་པ་ཅན་མི་འགྲུབ་པར་བསྟན་པའོ། །དང་པོ་ནི། གོང་དུ་བསྟན་པ་དེའི་ཕྱིར་དགག་སྒྲུབ་ཀྱི་སྐབས་འདིར་ནི་ཆོས་ཅན། སྒྲ་དོན་ལ་བརྟེན་ནས་སྒྲུབ་པ་དང་དགག་པ་ཐམས་ཅད་འདོད་པ་ཡིན་ཏེ། དེ་ཡིན་པའམ་དོན་རང་མཚན་ལ་བརྟེན་པ་གང་རུང་ལས་ཕྱི་རོལ་ལ་བརྟེན་ནས་བྱེད་པ་མ་ཡིན་པའི་ཕྱིར། སྒྲ་དོན་ཇི་ལྟ་བུ་ཞེ་ན། དངོས་པོར་ཡོད་པ་དང་དངོས་པོར་མེད་པ་ལ་བརྟེན་པ་ཅན་གཉིས་སོ། །དགག་སྒྲུབ་བྱེད་པའི་རྟོག་པ་དེ་ཆོས་ཅན། དོན་རང་མཚན་དངོས་སུ་སྣང་བ་དེ་འདྲ་མེད་ནའང་འཇུག་ཡུལ་ལ་མི་སླུ་བ་ཡིན་ཏེ། ཆོས་ཅན་གཞན་སེལ་དེ་རང་མཚན་དེ་དག་དང་ནི་བརྒྱུད་ནས་འབྲེལ་བར་སྣང་བའི་ཕྱིར། སྒྲ་དོན་དེ་ཡང་ཆོས་ཅན། སེལ་ངོར་ཡོད་ཅེས་ཐ་སྙད་རྟེན་པར་འདོད་དེ། རྗོད་བྱེད་ཀྱི་སྒྲ་འཇུག་པས་སོ། །གཉིས་པ་ལ་གཉིས་ཏེ། རང་མཚན་དགག་སྒྲུབ་ཀྱི་གཞི་མ་ཡིན་པར་བསྟན། སྒྲ་དོན་དེའི་གཞིར་བསྟན་པའོ། །དང་པོ་ནི། དོན་རང་མཚན་ལ་དགག་སྒྲུབ་དངོས་སུ་བྱེད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་པར་བྱེད་ན་དོན་སྒྲ་རྣམས་ཀྱི་སྟེང་དུ་བྱས་པ་ལྟ་བུའི་ཆོས་ཤིག་བསྒྲུབས་སམ་བཀག་པ་ན་མི་རྟག་པ་སོགས་ཀྱི་བདག་ཉིད་ཐམས་ཅད་བསྒྲུབས་པ་དང་བཀག་པར་འགྱུར་ཏེ། བྱས་མི་རྟག་བདག་ཉིད་ཐ་དད་མེད་པའི་ཕྱིར་དང༌། ཐ་དད་ཡིན་ན་འབྲེལ་མེད་གཞན་དང་གཞན་བཀག་པ་དང་ནི་བསྒྲུབས་པ་བཞིན་དུ་བྱས་པ་བསྒྲུབས་པ་དང་ནི་རྟག་པ་བཀག་པ་དག་ཆོས་ཅན་གཅིག་ལ་འདུ་བར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གནས་ཚུལ་ལ་མེད་པ་ཡི་ནི་དོན་ཅན་གྱི་དགག་སྒྲུབ་ཀྱི་ཐ་སྙད་ཆོས་ཅན། རིགས་པས་མ་བརྟགས་པར་ལྡོག་པ་ཐ་དད་པའི་དོན་ལ་བརྟེན་ནས་ཁས་ལེན་པ་ཡིན་ཏེ། བློ་རྟོག་པས་ཇི་ལྟར་བསྟན་པ་དེ་བཞིན་ཉིད་དུ་ཁས་ལེན་པའི་ཕྱིར། གནས་ཚུལ་ལ་མེད་པའི་ཡུལ་ཅན་ཡིན་ཏེ། ལྡོག་པ་སྣ་ཚོགས་པའི་ཆོས་ཀྱི་གཞིར་གྱུར་པའི་ཆོས་ཅན་སྒྲ་ལྟ་བུ་གཅིག་གི་དབང་དུ་བྱས་ཏེ། མི་རྟག་པ་ལྟ་བུ་གཅིག་སྒྲུབ་པ་ན་དེ་གསར་དུ་བརྟེན་པ་ལྟ་བུ་དང་རྟག་པ་ལྟ་བུ་གཅིག་འགོག་ན་དེ་ཡིས་གསར་དུ་དབེན་པ་ལྟ་བུ་དང་གཉིས་ཀ་ཡང་དེ་ལས་གཞན་བྱས་ཡོད་ལ་ལྟོས་པ་ལྟ་བུ་དང་ཤེས་བྱ་ལ་སོགས་པའི་ཆོས་གཞན་རྣམས་བཏང་སྙོམས་པ་ལྟ་བུར་སྣང་བའི་ཕྱིར་རོ། །དེ་ལྟ་ན་ཡང་ཐ་སྙད་དེ་ཆོས་ཅན། ཚད་མས་གནོད་པར་མི་འགྱུར་ཏེ། ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་འཇིག་རྟེན་གྱི་དོན་ཡིན་པའི་ཕྱིར། ཐ་སྙད་དེ་འཁྲུལ་པ་ཡིན་ན་རང་གིས་རང་ཉིད་འཁྲུལ་པར་ཤེས་སམ་ཞེ་ན། ཆུ་སྐྱོར་བ་དེ་ཡི་འབྲས་བུ་ཅན་དང༌། རང་འཛིན་ཤེས་པ་དེ་བསྐྱེད་པའི་འབྲས་བུ་མེད་པ་དེ་ལས་ཐ་དད་པའི་རྒྱུ་མཚན་གྱིས་སེལ་ངོར་ལྡོག་པ་ཐ་དད་པའི་རྟེན་ཅན་དོན་བུམ་པ་ལྟ་བུ་གཅིག་གི་སྟེང་དུ་མི་རྟག་པ་འཕེལ་བ་དང་རྟག་པ་འགྲིབ་པ་ལྟ་བུར་བྱེད་པའི་བསླད་པ་དེ་དང་དེ་དག་གིས་ཆོས་ཅན། དེ་དག་རང་ཉིད་བསླད་པའང་ཤེས་པ་མ་ཡིན་ཏེ། དོན་རང་མཚན་དངོས་སུ་སྣང་བ་དེ་དང་ལྡན་པ་ཉིད་མ་ཡིན་ཀྱང་དོན་རང་མཚན་དང་བརྒྱུད་ནས་འབྲེལ་བ་འགའ་ལས་འཇུག་ཡུལ་རང་མཚན་མཐོང་བའམ་ཐོབ་པ་ལ་བརྒྱུད་ནས་སྦྱོར་བ་དེས་ནའོ། །གསུམ་པ་ལ། གསུམ་སྟེ། ཕྱོགས་གཉིས་ཀ་ལས་ཟློག་པར་ཐེ་ཚོམ་ཟ་བ། བདག་མེད་ལས་ཟློག་ཀྱང་བདག་བཅས་སུ་མི་འགྲུབ་པ། དོན་བསྡུ་བའོ། །དང་པོ་ནི། དངོས་པོར་མེད་པ་ལས་ལྡོག་པ་མེད་པས་ཁྱབ་ཏུ་ཆུག་ན་ཡང༌། ཕྱི་རྒོལ་སངས་རྒྱས་པ་ཆོས་ཅན། སྲོག་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ཟློག་པར་ཐེ་ཚོམ་ཟ་སྟེ། སྲོག་ལྡན་གྱི་ལུས་དེ་བདག་མེད་དུ་ངེས་པ་མ་ཡིན་པར་དེ་ལ་བདག་ཡོད་མེད་ཐེ་ཚོམ་དུ་འགྱུར་བའི་ཕྱིར་ཏེ། ཁྱོད་ཀྱི་ངོར་གསོན་ལུས་ལ་བདག་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་འཇུག་པའི་ཕྱིར། སྲོག་ལྡན་གྱི་ལུས་ལ་བདག་མེད་པར་སངས་རྒྱས་པས་ཁས་བླངས་སོ་ཞེ་ན། དེས་དེར་ཁས་བླངས་པས་དེར་རིགས་པ་ཉིད་ཀྱང་མ་ཡིན་ཏེ། དེའི་ཁས་བླངས་ཚད་མ་མ་ཡིན་པ་ལས་སོ། །རྒོལ་བ་དེ་ཆོས་ཅན། དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་དེ་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་ན་མི་མཐུན་ཕྱོགས་ལས་ཟློག་པར་ཡང་ཐེ་ཚོམ་ཟ་སྟེ། དངོས་འགལ་གྱི་ཕུང་པོ་གཉིས་ལས་གཅིག་ལ་ནི་ཡོད་པ་ཉིད་དུ་ངེས་པར་གྲུབ་ན་གཞན་ལས་ནི་ཟློག་པར་སྒྲུབ་དགོས་པའི་ཕྱིར། སྲོག་ཆོས་ཅན། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་བུམ་པ་ལ་མ་མཐོང་བ་ཡིན་ཀྱང་མཐོང་རུང་དུ་མེད་པའི་མི་མཐུན་ཕྱོགས་དག་ལ་ཡོད་མེད་ཐེ་ཚོམ་ཟ་སྟེ། བདག་མེད་ཀྱི་གསལ་བ་ཐམས་ཅད་ལ་ཁྱབ་བྱེད་དུ་ཡོད་པ་མ་ཡིན་ཀྱང་དེའི་རིགས་སུ་གྱུར་པའི་དོན་འགའ་ཞིག་ལ་ཡོད་སྲིད་པས་སོ། །དེ་སྒྲུབ་པ་ནི་གཞི་འགར་མ་མཐོང་བས་དེ་དེར་མེད་པའི་ངེས་པ་མེད་དེ། འཁྲེགས་པ་རྡོ་རྗེ་མཚོན་གྱིས་མི་ཆོད་ཀྱང་ཤིང་མཚོན་གྱིས་ཆོད་པ་བཞིན་ནོ། །འདི་ནི་མཚོན་གྱིས་ཆོད་དེ། འཁྲེགས་པའི་ཕྱིར། ཞེས་པ་རྟགས་མི་མཐུན་ཕྱོགས་ལ་ཡོད་པའི་དཔེའོ། །གོང་གི་ཁྱབ་པ་ནི། བདག་མེད་ཀྱི་བྱེ་བྲག་འགའ་ཞིག་ཏུ་ཡོད་པ་ལ་འགལ་བ་མ་མཐོང་ན་དེ་སྐོར་གྱི་མི་མཐུན་ཕྱོགས་ལ་ཡོད་དམ་སྙམ་པའི་ཐེ་ཚོམ་གང་ལས་ལྡོག་པར་འགྱུར་ཏེ། བདག་མེད་ལས་ཟློག་པ་དེ་ཡང་ལ་ལར་བདག་དེའི་འབྲས་བུ་དང་བདག་ཉིད་དུ་ངེས་པ་ལས་གཞན་ཅི་ཡོད་དེ་མེད་པའི་ཕྱིར་རོ། །དེས་ན་སྲོག་འདི་ནི་མི་མཐུན་ཕྱོགས་བདག་མེད་པ་ལས་ཀྱང་ཟློག་པར་སྐབས་ཀྱི་རྒོལ་བས་ཐེ་ཚོམ་ཟ་བ་ཡིན་ནོ། །གཉིས་པ་ནི། མི་མཐུན་ཕྱོགས་ལས་ཟློག་ཏུ་ཆུག་པ་དེ་ལྟ་ནའང་བདག་མེད་ལ་མེད་པས་བདག་བཅས་སུ་མི་འགྱུར་ཏེ། རྒོལ་བ་གང་གིས་རྟགས་དེ་ནི་མཐུན་ཕྱོགས་བདག་ལས་ཟློག་པ་མེད་ན་ཡང་ངེས་པར་མཐུན་ཕྱོགས་དེའི་དངོས་པོར་འདོད་པ་མ་ཡིན་པའི་ཕྱིར། དཔེར་ན། སྲོག་སོགས་མཐུན་ཕྱོགས་ལ་ཟློག་པ་མེད་ཀྱང་དེ་ལ་ཡོད་པ་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས་ཟློག་པ་མེད་ན་དེའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བ་ཅན་ཡིན་དགོས་ཏེ། རྗེས་སུ་འགྲོ་བ་ཅན་ཡང་མ་ཡིན་ལྡོག་པ་ཅན་ཡང་མ་ཡིན་ན་བདག་མེད་ཀྱང་མ་ཡིན་བདག་བཅས་ཀྱང་མ་ཡིན་དགོས་པའི་ཕྱིར། གཉིས་པ་ལ། གསུམ་སྟེ། རྟགས་ཡང་དག་ལ་འབྲེལ་བ་དགོས་པར་བསྟན། འབྲེལ་བ་ལ་ངེས་བྱེད་ཀྱི་ཚད་མ་དགོས་པར་བསྟན། དེ་བདག་སྲོག་གཉིས་ལ་མེད་པར་བསྟན་པའོ། །དང་པོ་ནི། རྟགས་ཡང་དག་ཡིན་ན་བསྒྲུབ་བྱའི་ཆོས་དེ་ལོག་ན་རྟགས་དེ་ཉིད་ལྡོག་པར་བྱེད་ཅིང༌། ཆོས་དེ་འཇུག་པར་ཡང་རྟགས་དེ་འཇུག་པར་བྱེད་པ་ཡིན་དགོས་ཏེ། རྟགས་ཡང་དག་ཏུ་འཇུག་པ་ལ་བསྒྲུབ་བྱའི་ཆོས་གང་གི་རང་གི་བདག་ཉིད་གང་མེད་ན་རྟགས་དེ་མི་འབྱུང་བ་ཅན་དུ་གྲུབ་པ་ཅིག་དགོས་པ་དེའི་ཕྱིར། གཉིས་པ་ནི། རྟོག་པས་འབྲེལ་པར་རློམ་པ་ཙམ་གྱིས་མི་ཆོག་སྟེ། མེད་ན་མི་འབྱུང་བ་དེ་ཡང་ན་སྒྲུབ་པར་བྱེད་པའི་ཚད་མ་ལ་ལྟོས་པ་ཡིན་པའི་ཕྱིར། གསུམ་པ་ལ། གཉིས་ཏེ། བདག་སྲོག་གཉིས་ལ་དེ་བྱུང་འབྲེལ་པ་ངེས་བྱེད་ཀྱི་དང༌། བདག་གཅིག་འབྲེལ་པ་ངེས་བྱེད་ཀྱི་ཚད་མ་མེད་པར་བསྟན་པའོ། །དང་པོ་ལ། གཉིས་ཏེ། དེ་བྱུང་འབྲེལ་པ་ངེས་བྱེད་ངོས་བཟུང༌། དེ་བདག་སྲོག་གཉིས་ལ་མེད་པར་བསྟན་པའོ། །དང་པོ་ནི། རྒྱུ་ཕན་བྱེད་དུ་མཐོང་ན་འབྲས་བུ་དེ་མཐོང་བ་དང༌། རྒྱུ་མ་མཐོང་ན་འབྲས་བུ་དེ་མ་མཐོང་བར་ངེས་བྱེད་ཀྱི་ཚད་མ་དེ་དག་གིས་མེ་དུ་ལྟ་བུ་རྒྱུ་དང་འབྲས་བུ་ཉིད་དུ་ངེས་པར་བྱེད་དོ། །གཉིས་པ་ལ། གསུམ་སྟེ། རྟགས་དགོད། ཚུལ་སྒྲུབ། འབྲེལ་པ་ངེས་བྱེད་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྲོག་ལྡན་དེ་གསོན་ལུས་ལ་དོན་གཞན་བདག་རྟོགས་པའི་སྒྲུབ་བྱེད་དུ་ཡོད་པ་མ་ཡིན་ཏེ། སྲོག་དེ་ཡོད་ན་བདག་དེ་ཡོད་པའི་ངེས་པ་མེད་པའི་ཕྱིར། གཉིས་པ་ནི། རྟགས་གྲུབ་སྟེ། བདག་དེ་ཡོད་པའམ་མེད་པ་ན་སྲོག་དེ་དག་ཡོད་པ་དང་མེད་པར་ངེས་པ་མི་སྲིད་པའི་ཕྱིར་ཏེ། བདག་དེ་རྟག་ཏུ་བར་ཁས་བླངས་པས་སོ། །རྩ་བའི་ཁྱབ་པ་ནི། བདག་དེ་དག་མེད་པར་རྒྱུ་གཞན་ལས་བྱུང་ན་ཇི་ལྟར་བདག་དེས་སྐྱེད་པའི་རང་བཞིན་ཡིན་ཏེ། འབྲས་བུའི་རང་བཞིན་ཐ་དད་རྣམས་རྒྱུ་མི་འདྲ་བ་རྣམས་ལས་ནི་འབྱུང་དགོས་པའི་ཕྱིར། དེ་སྒྲུབ་པ་ནི། རྒྱུ་རྐྱེན་ཚོགས་པའི་ནུས་པ་ཐ་དད་པའི་ཕྱིར་ན། དངོས་པོ་རྣམས་སྣ་ཚོགས་པའི་ངོ་བོ་ཉིད་དུ་སྐྱེ་བ་ཡིན་ཏེ། གལ་ཏེ་འབྲས་བུའི་དབྱེ་བ་རྒྱུ་ཐ་དད་ཀྱིས་བྱེད་པ་མ་ཡིན་ན་འགྲོ་བ་འདི་ངོ་བོ་གཅིག་ཏུ་འགྱུར་བའི་ཕྱིར། གསུམ་པ་ནི། འབྲས་བུ་འདི་ཐ་དད་དུ་བྱེད་པ་རྒྱུ་ལས་མ་ཡིན་ཏེ། མེ་དང་བརྒྱ་བྱིན་གྱི་སྤྱི་བོ་གཉིས་ཀ་ལས་དུ་བ་གཅིག་འབྱུང་བའི་ཕྱིར་ཞེ་ན། དུ་བ་གཅིག་ནི་ཆོས་ཅན། མེ་དང་མེ་མ་ཡིན་གྱི་རང་བཞིན་དུ་མ་ཡིན་ན་རང་བཞིན་གཅིག་ཉིད་ཡིན་པ་ཉམས་དགོས་ཏེ། དེ་ལྟ་ན་མེས་བསྐྱེད་པའི་རང་བཞིན་དང་མེ་མ་ཡིན་གྱིས་བསྐྱེད་པའི་རང་བཞིན་གཉིས་ཡིན་དགོས་པའི་ཕྱིར། དེས་ན་དུ་བ་དེ་བརྒྱ་བྱིན་གྱི་སྤྱི་བོ་ལས་འབྱུང་བ་མ་ཡིན་ཏེ། གཞན་བརྒྱ་བྱིན་གྱི་སྤྱི་བོ་ལས་བྱུང་བའི་སྔོ་ཕྱུར་བ་ནི་མེ་དེས་བསྐྱེད་པའི་རང་བཞིན་དུ་བ་ཡིན་ན་བརྒྱ་བྱིན་སྤྱི་དེ་མེ་དེ་ཉིད་ཡིན་དགོས་ལ། སྔོ་ཕྱུར་བ་དེ་མེ་དེས་བསྐྱེད་པའི་རང་བཞིན་མ་ཡིན་ན་དུ་བ་དེ་ནི་བརྒྱ་སྤྱི་དེ་ལས་ཇི་ལྟར་འབྱུང་སྟེ་མི་འབྱུང་དགོས་པས་སོ། །དེའི་ཕྱིར་རང་བཞིན་མེ་མཐོང་བ་བཞིན་དུ་འབྲས་བུ་དུ་བ་མཐོང་ན་ཡང་ལམ་ལྡན་དེ་རྟོགས་པར་འགྱུར་ཏེ། རྒྱུ་དང་འབྲས་བུ་དག་ཕན་ཚུན་དུ་རང་བཞིན་མི་འཁྲུལ་པར་ངེས་པ་ཉིད་ཡིན་པ་དེས་ནའོ། །གལ་ཏེ་ཆུ་དང་འོ་མ་གཉིས་ཀས་འབྲས་བུ་རུལ་བ་གཅིག་སྐྱེད་པར་འགྱུར་བ་བཞིན་དུ། རྒྱུ་དུ་མ་ལས་འབྲས་བུ་གཅིག་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ་ཞེ་ན། ཆུ་དང་འོ་མ་གཉིས་ཀའང་ཆོས་ཅན། རིགས་གཅིག་པ་ཉིད་ཡིན་ཏེ། གཤེར་བར་མཚུངས་པའི་ནུས་པ་གང་ལས་འབྲས་བུ་རུལ་པ་གཅིག་སྐྱེད་པར་འགྱུར་བའི་ཕྱིར། ཅི་ཆུ་དང་འོ་མ་འདི་ནི་ཐ་དད་ན་གཤེར་བར་གཅིག་པ་ཉིད་ཇི་ལྟར་ཡིན་ཏེ། ཐ་དད་ན་གཅིག་པའི་བདག་ཉིད་དམ་སྟེ་དེར་འགལ་བས་སོ། །ཞེ་ན། གཉིས་པོ་ཆོས་ཅན། ཐ་དད་ཡིན་ཏེ། རང་རང་གི་ངོ་བོ་ལ་མ་འདྲེས་པར་གནས་པའི་ཕྱིར། རིགས་གཅིག་ཅེས་བརྗོད་དེ། མཚུངས་པ་དེ་ཡི་རང་བཞིན་ཅན་གྱི་བློ་ཐ་དད་མེད་པར་འཇུག་པའི་ཕྱིར། དེ་བཞིན་དུ་ཙནྡན་དང་ཤུག་པ་སོགས་ཀྱི་མེ་ནི་ཐ་དད་ཀྱང་མེ་མ་ཡིན་ལས་ལོག་པར་མཚུངས་པའི་ཆ་གང་གིས་ནི་མེར་རྟོགས་པའི་ཤེས་པ་ཙམ་སྐྱེ་བའི་རྟེན་ཡིན་ལ། སེལ་ངོར་མེ་ཙམ་དེས་ནི་དུ་ཙམ་བསྐྱེད་པ་དེས་ན། དུ་བས་ལ་མེ་ལྡན་དེ་ལྟར་དུ་རྟོགས་པར་འགྱུར་བ་ཡིན་ནོ། །ཞེས་པ་ནི་འབྲས་མཐོང་ན་ཡང་ཞེས་པའི་ཁྱབ་པ་དེ་སྒྲུབ་པའོ། །མདོར་ན་དུ་བ་ཆོས་ཅན། མེ་དེ་ལ་འཁྲུལ་པ་མེད་པ་ཅན་ཡིན་ཏེ། མེར་འཛིན་ཤེས་པའི་ཡན་ལག་གཞན་བུད་ཤིང་ལ་ལྟོས་པ་ཉིད་ལས་ནི་བྱུང་བའི་ཕྱིར། དེ་ལྟར་ན་འབྲས་བུ་གཞན་ཐམས་ཅད་ཀྱང་དུ་བ་དེ་བཞིན་དུ་རང་གི་རྒྱུ་ལ་མི་འཁྲུལ་བར་གྲུབ་བོ། །དེ་དག་གི་དོན་བསྡུ་བ་ནི། གལ་ཏེ་བརྒྱ་བྱིན་གྱི་སྤྱི་བོ་དེ་མེ་མ་ཡིན་ན་དེ་ལས་བྱུང་བའི་སྔོ་ཕྱུར་བ་དེ་དུ་བ་མ་ཡིན་དགོས་ལ། གལ་ཏེ་དེ་དུ་བ་ཡིན་ན་བརྒྱ་སྤྱི་དེ་ཉིད་མེ་ཡིན་དགོས་ཏེ། དུ་བ་དང་བུད་ཤིང་གི་འགྱུར་བ་ཡི་ཡན་ལག་གི་རྟེན་ཚ་ཞིང་སྲེག་པ་ལ་མེར་འཇོག་པའི་ཕྱིར། གཉིས་པ་ནི། ཅི་ལྟར་རང་ངེས་བྱེད་ཀྱི་རྒྱུ་ལ་ལྟོས་ནས་རང་བཞིན་རྟགས་ཀྱི་མེད་ན་མི་འབྱུང་བའི་འབྲེལ་བ་ཤེས་པར་བྱ་སྟེ། འཇིག་པ་དང་བྱས་པའི་འབྲེལ་བ་ཉིད་གོང་རང་དོན་རྗེས་དཔག་ཏུ་ཇི་སྐད་བཤད་པ་བཞིན་ནོ། །གཉིས་པ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེར་མཉན་བྱ་ཉིད་ནི་བརྗོད་པར་མཛད་པ་ལས་སྲོག་སོགས་སྐབས་ཀྱི་གཏན་ཚིགས་མ་ཡིན་པ་ཉིད་དུ་རྟོགས་པ་ཡི་ཚུལ་འདི་ཆོས་ཅན། ལྡོག་པ་རྐྱང་པ་ཅན་དུ་འདོད་པའི་གཏན་ཚིགས་ཐམས་ཅད་མི་འཐད་པ་ཉིད་དུ་དཔག་པར་བྱ་སྟེ། མཉན་བྱ་དང་སྲོག་སོགས་ཀྱི་གསོན་ལུས་བདག་བཅས་སུ་སྒྲུབ་པ་གཉིས་ལྡོག་ཁྱབ་འཁྲུལ་པར་མཚུངས་པ་ཅན་དུ་བསྟན་ཟིན་པའི་ཕྱིར། དེ་དག་ལ་འདི་སྐད་ཅེས། གཞུང་དུ་སྲོག་ལྡན་གསོན་ལུས་ལ། །བདག་བཅས་བདག་མེད་གང་སྒྲུབ་ཀྱང༌། །ཕྱོགས་གཉིས་ཀ་ལ་མ་མཐོང་བའི། །ཐུན་མོང་མིན་པའི་རྟགས་སུ་བཤད། །བོད་འགའ་བདག་བཅས་འགལ་བ་དང༌། །བདག་མེད་ཡང་དག་རྟགས་སུ་འདོད། །གཞུང་དུ་བུམ་སོགས་བདག་མེད་ཀྱི། །སྣང་རུང་གཏན་ཚིགས་མེད་པར་བཤད། །བོད་རྣམས་བུམ་སོགས་བདག་མེད་དུ། །མ་དམིགས་རྟགས་ཀྱིས་འགྲུབ་ཅེས་ཟེར། །གཞུང་དུ་གསོན་ལུས་བདག་བཅས་ཀྱི། །མཐུན་ཕྱོགས་མེད་པ་ཕྱོགས་སྔའི་ལུགས། །བོད་རྣམས་དེ་ལ་དེ་མེད་པ། །སངས་རྒྱས་པ་ཡི་ལུགས་ཞེས་ཟེར། །གཞུང་དུ་ཕྱི་རྒོལ་སངས་རྒྱས་པ། །བདག་ལ་ཐེ་ཚོམ་ཟ་བར་བཤད། །བོད་རྣམས་དེ་ཡིས་དེ་མེད་པ། །ཚད་མས་ངེས་པ་ཡིན་ཞེས་སྨྲ། །ཞེས་སྦྱར་བའོ། །གསུམ་པ་ལ། གསུམ་སྟེ། འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་དང༌། མི་སྣང་བ་མ་དམིགས་པའི་རྟགས་ཀྱི་དང༌། འགལ་ཟླ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ལ། གཉིས་ཏེ། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཀྱི་དང༌། རང་བཞིན་མ་དམིགས་པའི་རྟགས་ཀྱི་དཔེར་བརྗོད་ལོགས་སུ་མི་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེ་འཆད་པའི་སྐབས་དེར་ཆོས་ཅན། འབྲས་རང་གི་རྟགས་ཀྱི་དཔེར་བརྗོད་ལས་ནི་ཐ་དད་པར་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་དཔེར་བརྗོད་ནི་མ་བཤད་དེ། སྐྱེད་བྱེད་ཕྱི་རྒྱུ་དང་ཁྱབ་བྱེད་ཀྱི་ངོ་བོ་ཟློག་པ་ཉིད་ཀྱིས་འབྲས་བུ་དང་ཁྱབ་བྱའི་དོན་ཟློག་པར་ནི་བརྗོད་པ་ལས་རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་དཔེ་ནི་གྲུབ་པའི་ཕྱིར། གཉིས་པོ་དེ་སྣང་རུང་གིའམ་སྣང་མི་རུང་གི་དབང་དུ་བྱས་ཤེ་ན། རྒྱུ་ཁྱབ་བྱེད་མ་དམིགས་པ་དེ་ལའང་ཆོས་ཅན། བལྟར་རུང་གི་དོན་ལ་དེ་ཞེས་བསྟན་ཏེ། སྐྱེས་བུ་སྟེ་བདག་མཐོང་རུང་དུ་མེད་པའི་རྒྱུ་མཚན་ལས་སྲོག་སོགས་མི་མཐུན་ཕྱོགས་ལས་ཟློག་པར་ཤེས་པ་མེད་པའི་ཕྱིར་ན་གཏན་ཚིགས་དེ་ཕྱོགས་གཉིས་ཀ་ལ་ཐེ་ཚོམ་ཟ་བར་བཤད་པས་སོ། །འོ་ན་འབྲས་རང་གཉིས་དང་ཁྱད་པར་མེད་དམ་ཞེ་ན། དེ་མེད་པ་མ་ཡིན་ཏེ། སྣང་རུང་གི་རྒྱུ་དང་ཁྱབ་བྱེད་མ་དམིགས་པ་འདིས་ནི་དངོས་པོར་གྱུར་པའི་ཆོས་ཅན་ལའང་དངོས་པོའི་དོན་གྱི་ཆ་ཁས་བླངས་པ་མེད་པར་དགག་པ་ཉིད་དེ་འབའ་ཞིག་སྒྲུབ་པར་བྱེད་ལ། སྔ་མ་འབྲས་རང་དག་གིས་ནི་ཆོས་ཅན་ལ་དངོས་པོའི་ཆ་ཁས་བླངས་པ་མེད་པ་མ་ཡིན་པར་ཏེ་དེ་འདྲ་ཁས་བླངས་ནས་སྒྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ལ། གསུམ་སྟེ། སློབ་དཔོན་གྱིས་རང་བཞིན་མ་དམིགས་པའི་གཏན་ཚིགས་བཞེད་པར་བསྟན། བཞེད་ཚུལ་རྒྱས་པར་བཤད། བཞེད་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སློབ་དཔོན་ནི་རང་བཞིན་མ་དམིགས་པའི་རྟགས་ཀྱི་དཔེ་གཅིག་བཞེད་པ་ཡིན་ཏེ། ཤེས་བྱའི་ཁྱད་པར་དེ་ལ་དམིགས་རུང་རྣམས་ཀྱི་ནི་ཡོད་པའི་ཐ་སྙད་དེ་དམིགས་པ་ལས་གཞན་མ་ཡིན་པ་དེའི་ཕྱིར་ན་སྣང་རུང་མ་དམིགས་པའི་རྟགས་ཀྱིས་འགའ་ཞིག་ལ་མེད་པའི་ཐ་སྙད་ཀྱང་མི་ཤེས་པ་ཤེས་པར་བྱ་དགོས་པའི་ཕྱིར། གཉིས་པ་ནི། དེ་ལྟར་བཞེད་ཀྱང་དགག་བྱ་འགོག་ཚུལ་དང་བསྒྲུབ་བྱ་སྒྲུབ་ཚུལ་ལ་དཔགས་ན་རང་བཞིན་རྟགས་ཀྱི་ནང་དུ་འདུས་པས་ལོགས་སུ་མ་སྨོས་སོ་ཞེས་སྟོན་པ་ལ་གསུམ་ལས། དང་པོ་ནི། ཡུལ་སྣང་རུང་གི་བུམ་པ་དམིགས་བྱེད་ཀྱི་ཚད་མ་མེད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་སྣང་རུང་གི་བུམ་པས་དག་པའི་ས་ཕྱོགས་དེར་སྣང་རུང་གྱི་བུམ་པ་མེད་པའི་ཡུལ་ཅན་གྱི་ནི་ཤེས་བརྗོད་ཐེ་ཚོམ་དག་འགོག་པར་འགྱུར་ཏེ། དཔེར་ན་ཀེང་ཤུ་ཀའི་ཕུང་པོ་འདི་ཆོས་ཅན། མེ་མ་ཡིན་པའི་ཐ་སྙད་བྱར་རུང་སྟེ། སྲེག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །གཉིས་པ་བསྒྲུབ་བྱ་སྒྲུབ་ཚུལ་ནི། སྣང་རུང་གི་བུམ་པ་ཚད་མས་མ་དམིགས་པ་དེ་ཡོད་པ་ལས་ས་ཕྱོགས་དེར་མ་དམིགས་པ་དེའི་རྒྱུ་མཚན་ཅན་གྱི་སྒྲ་ཤེས་དོན་མཐུན་བསྒྲུབ་པར་བྱེད་དེ། དམིགས་སུ་རུང་བའི་མེད་པའི་ཐ་སྙད་ནི་སྣང་རུང་མ་དམིགས་པ་ལས་གཞན་མ་ཡིན་པ་དེའི་ཕྱིར། དེ་ལྟར་སྒྲུབ་པ་མི་འཐད་དེ། བསྒྲུབ་བྱའི་ཆོས་དེ་རྟགས་སུ་བཟུང་བྱ་དེའི་འབྲས་བུར་སོང་བའི་ཕྱིར། ཞེ་ན། མེད་ངེས་ཀྱི་ཐ་སྙད་དེ་སྣང་རུང་མ་དམིགས་པ་དེའི་རྣམ་པར་བཞག་བྱའི་འབྲས་བུ་ཡིན་ན་ཡང་སྣང་རུང་གི་བུམ་པ་མ་དམིགས་པ་དེ་ལས་ནི་གཞི་དེར་སྣང་རུང་བུམ་པའི་ཡུལ་ཅན་གྱི་བློ་སྒྲ་ཐེ་ཚོམ་དག་མེད་པར་འགྲུབ་སྟེ། སྣང་རུང་མ་མཐོང་ན་མེད་ཅེས་བྱ་བའི་ཐ་སྙད་འདི་གྲུབ་པས་སོ། །གཏན་ཚིགས་འདི་རྒོལ་བ་ཇི་ལྟ་བུའི་ངོར་འགོད་ཅེ་ན། ཐ་སྙད་ལ་རྨོངས་པའི་དོན་དུ་འགོད་དགོས་པ་ཡིན་ཏེ། ཡུལ་ལ་དོན་དེ་ཡོད་ན་ཡང་ཐ་སྙད་ལ་རྨོངས་པས་ས་ཕྱོགས་འདིར་རྒོལ་བ་གཞན་དག་གིས་བུམ་པ་མེད་པའི་ཐ་སྙད་རྗེས་སུ་མི་བརྗོད་པ་ལ་དཔེའི་སྟེང་དུ་གྲུབ་པ་དང་ནི་ཆོས་མཐུན་པ་ལས་བརྡ་དྲན་པ་འབའ་ཞིག་གི་ཆེད་དུ་འགོད་དགོས་པའི་ཕྱིར། ཅི་ལྟར་སྟེ་དཔེར་ན་མཐོང་བ་མ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་དང༌། མ་མཐོང་བ་དམིགས་པ་སྔོན་དུ་འགྲོ་བའི་ཕྲུགས་གསུམ་ལས་རྒྱུ་དང་འབྲས་བུའི་ཐ་སྙད་ཉིད་སྒྲུབ་པ་བཞིན་ནོ། །མཐོང་མ་མཐོང་དེ་གཉིས་ལ་ནི་འབྲས་སོགས་ཀྱི་སྒྲ་བཀོད་པ་ཆོས་ཅན། དོན་སྒྲུབ་དགོས་པ་མ་ཡིན་ཏེ། ཐ་སྙད་འབའ་ཞིག་གི་དོན་དུ་ཡིན་པའི་ཕྱིར། གསུམ་པ་གྲུབ་དོན་ནི། རང་བཞིན་མ་དམིགས་པའི་གཏན་ཚིགས་འདི་ནི་ཆོས་ཅན། སློབ་དཔོན་གྱིས་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཀྱི་རབ་ཏུ་དབྱེ་བ་བཤད་པ་ལས་ཐ་དད་པར་ནི་དཔེར་བརྗོད་དུ་མ་བསྟན་ཏེ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་ལས་རྣམ་པར་བཞག་བྱའི་འབྲས་བུ་སྒྲུབ་པས་ན་རང་བཞིན་རྟགས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །གསུམ་པ་ནི། ས་ཕྱོགས་དེར་དེ་སྣང་རུང་མ་དམིགས་པ་རྟགས་གཞན་གྱིས་སྒྲུབ་དགོས་སམ་མི་དགོས། དགོས་ན་སྒྲུབ་བྱེད་ཐུག་པ་མེད་པས་རྟགས་སུ་མི་རུང༌། མི་དགོས་ན་མེད་པའི་ཐ་སྙད་ཀྱང་སྒྲུབ་མི་དགོས་པར་མཚུངས་སོ་ཞེས་ན། འདི་ལ། མི་དགོས་པར་བསྟན་པ་དང༌། དགོས་ན་ཧ་ཅང་ཐལ་བའོ། །དང་པོ་ལ། གསུམ་སྟེ། ས་ཕྱོགས་དམིགས་པའི་མངོན་སུམ་གྱིས་བུམ་པ་མ་དམིགས་པར་འགྲུབ་པ། བུམ་པ་མ་དམིགས་པར་ངེས་པའི་བློས་ས་ཕྱོགས་དམིགས་པར་ངེས་པ། དེས་ན་རང་བཞིན་མ་དམིགས་པའི་གཏན་ཚིགས་འཐད་པའོ། །དང་པོ་ནི། མྱོང་བ་ཁྱད་པར་ཅན་ས་ཕྱོགས་འཛིན་པའི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་ཉིད་ལས་ས་ཕྱོགས་ཀྱི་དོན་རྣམས་སྣང་རུང་གི་བུམ་པ་མ་དམིགས་པའི་ཁྱད་པར་ཅན་དུ་རྟོགས་ཏེ། གཅིག་སྣང་རུང་བུམ་དག་གི་ས་ཕྱོགས་དམིགས་པའི་མངོན་སུམ་ཉམས་སུ་མྱོང་བ་ལས་ས་ཕྱོགས་འདི་ནི་དམིགས་སོ་ཞེས་བྱ་བའམ། བུམ་པ་འདི་ནི་མ་དམིགས་སོ་ཞེས་བྱ་བར་རྟོག་པ་ཅན་གྱི་བློ་རྣམ་པ་གཉིས་ནི་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །དེའི་གྲུབ་དོན་ནི། ས་ཕྱོགས་འཛིན་པའི་མངོན་སུམ་དེ་ལྟ་བུའི་བདག་ཉིད་ཅན་ཉམས་སུ་མྱོང་བ་འདི་ནི་ས་ཕྱོགས་དམིགས་པ་དང་བུམ་པ་མ་དམིགས་པའི་བློ་ངོས་ཤེས་ཐ་དད་པ་གཉིས་རང་སྟོབས་ཀྱིས་འདྲེན་པའི་རྒྱུ་ཡིན་པ་དེའི་ཕྱིར་ན་བློའི་དབྱེ་བ་ནི་བློ་རང་ཉིད་ལས་གྲུབ་པར་འགྱུར་ལ། བློའི་དབྱེ་བ་དེ་དག་གིས་བློ་དེའི་དོན་ནམ་ཡུལ་གྱི་དབྱེ་བ་ཡང་འགྲུབ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཐུག་པ་མེད་པའི་ཕྱིར་རམ་རྒྱུ་མཚན་གྱིས་ཡུལ་འགའ་ཡང་ཐ་དད་དུ་གྲུབ་པར་མི་འགྱུར་བས་སོ། །གཉིས་པ་ནི། ས་ཕྱོགས་སུ་བུམ་པ་དེ་མ་དམིགས་པའི་ངེས་བློ་དེ་ཡང་དེ་ལས་ཁྱད་པར་ཅན་ས་ཕྱོགས་དམིགས་པ་ཉིད་ཡིན་ཏེ། རང་བཞིན་ཁྱད་པར་ཅན་མྱོང་ལས་གཞན་བུམ་པ་བསལ་བ་ནི་གཞན་མ་ཡིན་པ་དེའི་ཕྱིར། གསུམ་པ་ནི། དེས་ན་རང་ཉིད་ཡོད་ཙམ་གྱིས་རང་གི་ཐ་སྙད་འཇུག་པ་ཅན་གྱི་སྣང་རུང་བུམ་པ་ཚད་མས་མ་དམིགས་པ་དེ་དེ་འདྲའི་ས་ཕྱོགས་སུ་སྣང་རུང་གི་བུམ་པ་དེ་མེད་པའི་རྣམ་གཞག་གོ་བྱེད་ཡིན་ཏེ། སྣང་རུང་གི་བུམ་པ་ས་ཕྱོགས་དེར་མ་དམིགས་པ་འདི་ནི་ས་ཕྱོགས་རང་ཉིད་འཛིན་པའི་མངོན་སུམ་ལས་རྟོགས་པས་སོ། །གཉིས་པ་ནི། དེར་དེ་མངོན་སུམ་གྱིས་འགྲུབ་པ་ལས་གཞན་དུ་ན་ཐུག་པ་མེད་པར་འགྱུར་ཏེ། ས་ཕྱོགས་སུ་མ་དམིགས་པའི་དོན་ཅན་གྱི་མེད་པ་ཉིད་ཀྱི་ཐ་སྙད་ནི་སྣང་རུང་མ་དམིགས་པ་ལས་རྟོགས་པར་འགྱུར་ལ། སྣང་རུང་གི་བུམ་པ་དམིགས་པ་མེད་པ་ཉིད་དེ་ཡང་རྟགས་གཞན་གྱིས་སྒྲུབ་དགོས་པ་ཡིན་པའི་ཕྱིར་ནའོ། །མ་དམིགས་མངོན་སུམ་གྱིས་འགྲུབ་ཅེས། །བྱ་བ་ངེས་པ་འདྲེན་འདིར་བཤད། །མངོན་སུམ་ཉིད་ཀྱིས་རྟོགས་པ་མིན། །བོད་རྣམས་མངོན་སུམ་ཤུགས་རྟོགས་ཟེར། །གཉིས་པ་ནི། ཕྱོགས་ཆོས་ཅན་གྱི་རབ་དབྱེར་མི་སྣང་བ་མ་དམིགས་པའི་དཔེར་བརྗོད་མི་སྨོས་པ་ཅི་ཞེ་ན། འདྲེ་ཤ་ཟའི་བུམ་པ་མ་དམིགས་པས་དེ་འདྲ་དེ་མེད་པར་ངེས་པ་ལས་གཞན་དུ་ཡོད་ངེས་ཀྱི་ཐ་སྙད་བཞག་པ་ཙམ་ཞིག་འགོག་པར་འགྱུར་བ་ཡིན་གྱི། དེ་འདྲ་མ་དམིགས་པ་འདིས་ནི་ཟློག་པ་མེད་ངེས་སྒྲུབ་པར་ནུས་པ་མ་ཡིན་ཏེ། མི་སྣང་བ་སྟེ་སྣང་མི་རུང་ནི་ཡོད་མེད་གང་དུ་ཡང་ངེས་པ་མི་རུང་བའི་ཕྱིར་དང༌། ཡོད་མེད་གང་གི་ཡང་འབྲས་བུ་ངེས་པ་མེད་པ་ཅན་གྱི་ཕྱིར་རོ། །དཔེར་ན་སེམས་ཅན་གཞན་ལ་སྣང་རུང་དུ་མེད་པའི་རྣམ་རྟོག་ལ་སོགས་པ་མེད་ངེས་སུ་སྒྲུབ་པའི་རྟགས་མེད་པའི་རྒྱུ་མཚན་གྱིས་མེད་ངེས་སུ་མི་འགྲུབ་པ་བཞིན་ནོ། །འོ་ན་སྔར་མེད་ངེས་སྒྲུབ་ནུས་པར་བཤད་པ་དང་འགལ་ལོ་ཞེ་ན། དེ་ལྟར་བཤད་པ་དེ་གཏན་ཚིགས་གཉིས་ལས་དང་པོའི་དབང་དུ་བྱས་པ་ཡིན་ཏེ། དེས་གཞི་འགར་རང་གི་དགག་བྱ་མེད་ངེས་སུ་སྒྲུབ་ནུས་པའི་ཕྱིར། དོན་ནི། མི་སྣང་བ་མ་དམིགས་པས་ནི་རང་གི་བསྒྲུབ་བྱ་དོན་དང་ཐ་སྙད་གང་ཡང་མི་སྒྲུབ་པས་ཕྱོགས་ཆོས་ཅན་གྱི་རབ་དབྱེར་མ་བཤད་ཅེས་པའོ། །གསུམ་པ་ལ། དངོས་དང༌། ཚད་མས་གནོད་འགལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྣང་རུང་མ་དམིགས་པའི་རྟགས་རང་གི་སྦྱོར་བ་དག་ལ་ཆོས་ཅན། གཉིས་སུ་དབྱེར་ཡོད་དེ། མ་དམིགས་པ་རང་གི་ངོ་བོའི་སྦྱོར་བའམ་དོན་ལ་གནོད་བྱེད་ཀྱི་ངོ་བོ་རྟགས་སུ་འགོད་པ་གཉིས་སུ་ཕྱེ་བས་སོ། །འགལ་དམིགས་དེ་ལ་ཡང་གཉིས་སུ་ཡོད་དེ། གནོད་བྱ་སྣང་རུང་དུ་ཡོད་པ་ན་གནོད་བྱེད་སྟོབས་ལྡན་ཡོད་པས་གནོད་བྱའི་རྒྱུན་མ་འོངས་པ་མེད་པར་བྱེད་པའི་ཕྱིར་རམ། ཚད་མ་གཞན་གྱིས་གནོད་པའི་ཕྱིར་ཡང་ངོ༌། །དེར་མ་འདུས་པའི་འགལ་བ་གཞན་ཡོད་དམ་ཞེ་ན། ཕན་ཚུན་སྤངས་ནས་ཐ་དད་དུ་གྲུབ་པའི་ཕྱིར་ན་འགལ་བར་བཏགས་པ་ཡོད་དེ། བརྟན་དངོས་དང་ནི་འཇིག་པ་བཞིན་ནོ། །བོད་རྣམས་འགལ་བ་ཐམས་ཅད་འདིར་འདུས་པར་བཞེད་ཀྱང༌། འདི་འགལ་བ་མཚན་ཉིད་པ་མ་ཡིན་ཏེ། ཕན་ཚུན་སྤངས་པའི་དངོས་འགལ་དང་བརྒྱུད་འགལ་གང་ལ་ཡང་འགལ་དམིགས་ཀྱི་གཏན་ཚིགས་སྦྱོར་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་ལ། མཚན་གཞི་དངོས་དང་དེ་སྒྲུབ་པའོ། །དང་པོ་ནི། འཇིག་ངེས་སུ་གྱུར་པ་དང་ནི་འཇིག་པ་རྒྱུ་གཞན་ལ་ལྟོས་བཅས་བཞིན་ནོ། །གཉིས་པ་ནི། ངེས་གྱུར་དང་ལྟོས་བཅས་གཉིས་པོ་གཅིག་ལ་གཅིག་ཤོས་ཀྱི་ཡུལ་ཅན་ཚད་མ་དེས་གནོད་པ་ལ་བྱ་བ་ཡིན་ཏེ། འཇིག་པ་རྒྱུ་གཞན་ལས་སྐྱེ་དགོས་ན་ཉེ་བར་ནི་གདོན་མི་ཟ་བར་འཇིག་ངེས་སུ་ག་ལ་ཡོད་དེ་མེད་པས་སོ། །རྒྱུ་གཞན་ལ་ལྟོས་ཀྱང་འཇིག་ངེས་སུ་མི་འགལ་ཏེ། བུམ་པའི་འཇིག་པ་དེ་དངོས་པོ་བུམ་པའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེ་ན། དེ་ལྟ་བུའི་བརྒྱུད་པའི་དུབ་པས་ཅི་ཞིག་བྱ་ཞེས་འདྲི། གལ་ཏེ་རྒྱུ་དེས་འཇིག་པ་དོན་གཞན་ཞིག་སྐྱེད། དེས་བུམ་པ་དེ་ནི་འཇིག་པར་འགྱུར་རོ། །ཞེ་ན། བུམ་སོགས་ཀྱི་དངོས་པོ་དེ་ཉིད་ཆོས་ཅན། འཇིག་པ་ཡི་ངང་ཚུལ་ཅན་དུ་སྐྱེད་ན་སྐྱོན་ཅི་ཞིག་ཡོད་པར་འགྱུར་ཏེ། རང་གི་འཇིག་པ་དེ་ཁྱོད་རང་གི་རྒྱུ་ལས་སྐྱེས་པའི་ཕྱིར། བུམ་སོགས་ཀྱི་དངོས་པོ་ཆོས་ཅན། ནམ་ཡང་ནི་འཇིག་པ་དེ་ལྟ་མ་ཡིན་པར་ཇི་ལྟར་འགྱུར་ཏེ་གྲུབ་ཙམ་ནས་འཇིག་པར་ཐལ། འཇིག་པ་རྒྱུ་གཞན་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པའི་ཕྱིར། དཔེར་ན་མར་མེ་དེ་ཉིད་འཇིག་ཀ་མར་སྐད་ཅིག་ཀྱང་སྡོད་པ་ལ་བརྟེན་པ་མི་འདོད་པ་བཞིན་ནོ། །རྩ་བའི་རྟགས་ནི་བུམ་སོགས་ཀྱི་འཇིག་པ་ཆོས་ཅན། རྒྱུ་དོན་གཞན་དེའི་གང་ལྟོས་བྱ་ཅི་ཞིག་ཡིན་ཏེ། དེ་ཁྱོད་ཀྱི་བདག་ཉིད་ལ་ཕན་འདོགས་བྱེད་མ་ཡིན་པའི་ཕྱིར། དེ་ནི་ཆོས་ཅན། དེ་ཁྱོད་ཀྱི་བདག་ཉིད་ལ་ཕན་འདོགས་པར་བྱེད་པ་གང་ཡིན་ཏེ། ཁྱོད་བུམ་པའི་བདག་ཉིད་དུ་གྲུབ་པར་གྱུར་པའི་ཕྱིར་ནའོ། །གལ་ཏེ་འཇིག་པ་རྒྱུ་གཞན་ལ་ལྟོས་པ་མེད་ན་སྐད་ཅིག་ཀྱང་དངོས་པོར་ཡོད་པ་མ་ཡིན་པར་འགྱུར་རོ། །ཞེ་ན། དེ་ལྟར་གྱུར་ཏེ་སེལ་ངོར་དངོས་པོ་ཉིད་ཡིན་པའི་ཤེས་བྱེད་ནི། དངོས་མེད་དེ་ལྟར་ཇི་ལྟར་འགྱུར་ཏེ། རྟགས་དེ་མི་མཐུན་ཕྱོགས་ལས་ཟློག་པའི་ཕྱིར་རོ། །རྩ་བའི་ཁྱབ་པ་བསྒྲུབས་ནས་མཇུག་ཤིས་པ་བརྗོད་པ་ནི། དངོས་པོ་གང་དག་ལ་ཆོས་དེ་གཞན་ལ་ལྟོས་པ་མེད་པར་ཡོད་པ་དེ་དག་ནི་དངོས་པོ་དེ་ལ་གྲུབ་ཙམ་ནས་ཡོད་པར་ངེས་པ་ཡིན་ཏེ། འབྲས་བུའི་ལས་ལ་གེགས་བྱེད་པ་མེད་པ་ཅན་གྱི་རྒྱུའི་ཚོགས་པ་ཚང་བ་བཞིན་ནོ། །ཞེས་ཚད་མ་རྣམ་འགྲེལ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་བཞི་པའི་གཞུང་ཚོགས་དག་གི་ཚིག་ཟུར་ཕྱིན་ཞིང༌། འབྲུ་གཉེར་བའི་ཚུལ་བཟུང་བདེ་བར་སྦྱར་བ་ཡིན་ནོ། །གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ། གཉིས་ཏེ། གཞུང་འདི་རྟོགས་དཀའ་བར་བསྟན་པ་དང༌། རྟོགས་ན་ཕན་ཡོན་ཆེ་བར་བསྟན་པའོ། །དང་པོ་ནི། བསྟན་བཅོས་མཛད་པ་ཁོ་བོའི་གཞུང་རྣམ་འགྲེལ་འདི་ཆོས་ཅན། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིན་དུ་དང་པོ་གང་ནས་བྱུང་བའི་རྩོམ་པ་པོ་རང་གི་རྣམ་དཔྱོད་ཀྱི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་ཏེ། རྗེས་འཇུག་གི་འགྲོ་བ་རྣམས་ལ་རྩོམ་པ་པོ་རང་དང་མཚུངས་པ་ལེགས་བཤད་རྣམ་འགྲེལ་འདི་སླར་འཛིན་པར་བྱེད་པ་མི་རྙེད་པ་ཅན་ཡིན་པའི་ཕྱིར་ཏེ། བློའི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་འདི་ནས་བཤད་པའི་ངེས་དོན་ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པ་མེད་པ་ཅན་ཡིན་པའི་ཕྱིར་དང༌། བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་འདི་ནས་བཤད་པའི་རིགས་པ་མཆོག་གི་དེ་ཁོ་ན་ཉིད་མཐོང་བ་མེད་པ་དང་ལྡན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་མོད་ཀྱི་གཞུང་ལུགས་རྣམ་འགྲེལ་ཆོས་ཅན། ཉིན་མོར་བྱེད་པ་དང་མཚུངས་པ་ཡིན་ཏེ། ཚུལ་དང་ཚུལ་མིན་རྣམ་པར་འབྱེད་པ་ལ་མཁས་པའི་ཕྱིར་དང༌། ལྟ་བ་ངན་པའི་ཚང་ཚིང་སྲེག་པའི་ཕྱིར་དང༌། ཕྱོགས་ཀྱི་གླང་པོ་ནི་འཕགས་པ་འཇམ་དཔལ་ཉིད་ཀྱིས་རྗེས་སུ་བཟུང་བས་ན་ཡང་དག་པའི་རིགས་ལམ་སྟོན་པ་དང་ཡོན་ཏན་བརྒྱ་དང་ལྡན་པའི་ཕྱིར་དང༌། ཉིན་མོ་སྤོང་བྱེད་ཀྱི་འབྱུང་པོའི་བྱ་དང་འདྲ་བའི་བློ་ངན་རྣམས་ཀྱིས་འཇིགས་པས་སྤངས་པའི་ཕྱིར་དང༌། བློ་མིག་རྣམ་པར་དག་པའི་མཁས་པའི་ཚོགས་ཀྱི་པདྨོ་རྒྱས་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། ཚད་མ་རྣམ་འགྲེལ་ཞེས་བྱ་བའི་བསྟན་བཅོས་འདི་ནི་འཇམ་དཔལ་གྱི་རྩ་བའི་རྒྱུད་ལས། ལྷོ་ཡི་ཕྱོགས་སུ་རྣམ་པར་གྲགས། །ཞེས་པ་ལྟར། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་སྙན་པའི་གྲགས་པས་སའི་སྟེང་མ་ལུས་པ་ཁྱབ་པ། ཕ་རོལ་རྒོལ་བ་བཟློག་ནས་ཀྱང༌། །ཞེས་པ་ལྟར། གཞུང་ལུགས་ངན་པ་ཐམས་ཅད་ཆེས་ཤིན་ཏུ་འཁྲུལ་བར་འཇུག་པ། དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་པ་ལྟར། འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། ཡི་གེ་དྷ་ཤེས་སྡོམ་བརྩོན་ཉིད། །ཅེས་པ་ལྟར། དཔལ་ཆོས་ཀྱི་གྲགས་པ་ཞེས་བྱ་བའི་མཚན་རྣམ་པར་དཀར་བས་མཛད་པ་རྫོགས་སོ་ཞེས་བྱ་བ་ཡང་དག་པར་རྟོགས་སོ་ཞེས་པའི་དོན་ཏོ། །གསུམ་པ་འགྱུར་མཐར་ཕྱིན་པའི་བྱ་བ་ལ། གསུམ་སྟེ། འགྱུར་མཛད་དང་པོས་དང༌། བར་པས་དང༌། གསུམ་པས་ཇི་ལྟར་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི་ཞེས་པ་དཔལ་རབ་འབྱོར་ཞི་བ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གདུང་རུས་རྨ་ལས་འཁྲུངས་པ་དགེ་བའི་བློ་གྲོས་ཀྱིས་བསྟན་བཅོས་འདིའི་འགྲེལ་པ་ལྷ་ཤཱཀ་དང་བཅས་པ་ཐོག་མར་བསྒྱུར་བས་བཀའ་དྲིན་དྲན་པར་བགྱིའོ། །གཉིས་པ་ལ། ས་སྐྱོང་གང་གི་བཀས་བསྐུལ་ནས་བསྒྱུར་བ། དགོས་པ་གང་གི་ཕྱིར་དུ་བསྟན་བཅོས་གང་བསྒྱུར་བ། བརྗོད་བྱའི་དོན་དང་རྗོད་བྱེད་གཞན་ལས་བཟང་བས་འདི་ལ་འཇུག་རིགས་པ། ལྟ་ངན་ཟློག་པར་དཀའ་ཡང་འདི་ཡི་རིགས་པས་ཡང་དག་པའི་ལྟ་བ་སྐྱེད་སླ་བ། འགྱུར་མཛད་གཉིས་ཀས་སྒྲ་དོན་གཉིས་ཀ་ལ་འཁྲུལ་པ་མེད་པར་བསྟན་པ། འགྱུར་མཛད་ཀྱི་མཚན་དང་གང་དུ་བསྒྱུར་བའི་གནས་སྨོས་པའོ། །དང་པོ་ནི། དཔལ་ལྡན་དམ་པའི་ལས་ལ་མངོན་དགྱེས་པ། །སྨད་མེད་ཆེ་བའི་བདག་ཅན་རྒྱལ་པོ་མཆོག །དགེ་བའི་ཐུགས་མངའ་ཞེས་པ་ས་སྐྱོང་བ། །མི་ཡི་བདག་པོ་དབང་སྡེའི་བཀའ་བསྐུལ་ནས། །ཞེས་པའོ། །གཉིས་པ་ནི། བརྩོན་ལྡན་ལྷག་པར་དཔྱོད་ལྡན་འཆད་པོ་དང༌། །ཉན་པོ་རྒོལ་དང་ཕྱི་རྒོལ་དོན་ངེས་དང༌། །འབེལ་གཏམ་དགའ་སྟོན་རྒྱ་ཆེན་མྱོང་བྱའི་ཕྱིར། །འཛམ་གླིང་མཁས་པའི་རྒྱན་གྱུར་རྒྱན་འདི་བསྒྱུར། །ཞེས་པ་རྒྱན་སྟོང་ཕྲག་བཅོ་བརྒྱད་པ་རྩ་བ་དང་བཅས་ཏེ་གཞི་ནས་བསྒྱུར་བའོ། །འགྱུར་སྔ་ཕྱིའི་ཁྱད་ནི་ལྷ་དབང་བློའི་འགྲེལ་པ་ནས་འབྱུང་བ་དང་རྒྱན་ནས་པ་ལ་བལྟས་པས་གསལ་ལོ། །གསུམ་པ་ནི། ལྟ་ངན་ཀུན་སེལ་གཉིས་སུ་མེད་པ་ཡི། །དོན་དམ་རྣམ་དཔྱོད་ལྷུར་ལེན་བསྟན་བཅོས་འདི། །གཞུང་མང་དོན་དཀའ་སྒྲུབ་པར་དཀའ་ན་ཡང༌། །འབྲས་བུ་ཆེ་ཕྱིར་འབད་པར་རིགས་པ་ཡིན། །ཞེས་པ་དགོངས་དོན་དབུ་མར་གནས་པ་ཉིད་དུ་སྟོན་པའོ། །བཞི་པ་ནི། ལོག་པའི་རྒྱུན་ཕྱོགས་རྗེས་སུ་བཞོལ་གྱུར་པ། །ལྟ་བ་ཆུ་བོ་ཟློག་པར་དཀའ་མོད་ཀྱི། །ཡང་དག་རིགས་པས་ལེགས་པར་བརྡ་སྤྲད་ན། །འགའ་ཡི་ཡིད་ལ་ཅི་སྟེ་འབབ་མི་འགྱུར། །ཞེས་པའོ། །ལྔ་པ་ནི། སྒྲ་དོན་གཉིས་ཀ་ཉམས་སུ་བདེར་ལོན་ཏེ། །མུན་སྤྲུལ་གྱིས་ནི་མ་སླད་ལེགས་བསྒྱུར་བ། །སྔོན་གྱི་སྒྱུར་བྱེད་དམ་པ་དེ་དག་གི །དྲི་ཙམ་བྲོ་བ་ད་ལྟ་ཁོ་བོར་ཟད། །ཅེས་པའོ། །དྲུག་པ་ལ། ལོ་པཎ་གྱི་མཚན་དང༌། ཡུལ་གང་དུ་བསྒྱུར་བའི་མིང་ངོ༌། །དང་པོ་ནི། དཔལ་ལྡན་ཁ་ཆེའི་རིགས་པ་བའི། །གཙུག་གི་ནོར་བུ་སྐལ་ལྡན་ནི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །ཞེས་པ། འདི་ནི་ཁ་ཆེའི་པཎ་ཆེན་བཅུ་དྲུག་ཙམ་གྱི་གཙུག་རྒྱན་དུ་འཆད་ཅིང༌། ནང་རིག་པའི་སྡེ་སྣོད་ཀྱི་བསྟན་བཅོས་འདི་ལྟ་བུའི་དགོངས་དོན་རིགས་པའི་སྟོབས་ཀྱིས་ངེས་པའི་ཚད་མ་ཐུགས་རྒྱུད་ལ་འཁྲུངས་པའི་ཕྱིར་ན་འདི་ལ་ཕྱི་རོལ་པའི་པཎྜི་ཏ་ཞེས་ཟེར་བའི་དོན་མེད་དོ། །བློ་ལྡན་བཟང་པོས་འདི་བསྒྱུར་རོ། །ཞེས་པ། བདག་ཉིད་ཆེན་པོ་འདི་ལ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །ཡི་གེ་སྒྲ་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང༌། །ཞེས་ལུང་བསྟན་ཞིང༌། རྒྱན་དང་ཆོས་མཆོག་འཆད་ཉན་གྱི་སྒོ་ནས་གཏན་ལ་ཕབ་པས་དེ་རེ་རེ་ཡང་བློ་ལ་བྱང་ཆུབ་པ་ལྔ་བཅུ་རྩ་ལྔ་རེ་བྱུང་བར་གྲགས་སོ། །གཉིས་པ་ནི། གྲོང་ཁྱེར་ཆེན་པོ་དཔེ་མེད་ཀྱི་ཤར་ཕྱོགས་ན་ཡུལ་འཁོར་ལོ་འཛིན་ཞེས་བྱ་བ་གྲུབ་པའི་གནས་སུ་གྲགས་པའི་འདབས། རྣམ་པར་རྒྱལ་བའི་ཞིང་ཞེས་བྱ་བར་བསྒྱུར་བའོ། །གསུམ་པ་ལ། གཉིས་ཏེ། སླར་ཡང་ཞུས་ཆེན་ཇི་ལྟར་མཛད་པ་དང༌། ཉན་བཤད་ཀྱི་སྒོ་ནས་དར་རྒྱས་སུ་མཛད་པའི་ཚུལ་ལ་སྤྲོ་བ་བསྐྱེད་པའོ། །དང་པོ་ནི། དུས་ཕྱིས་ཞེས་པ། ཚད་མ་རྒྱན་འགྱུར་ནས་ལོ་བརྒྱ་ཉི་ཤུ་ལོན་པའི་དུས་དེར་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང༌། བོད་ཀྱི་ལོ་ཙ་བ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཉིས་པ་ནི། ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད། །རིགས་པའི་མཐར་ཐུག་ཚད་མ་རྣམ་འགྲེལ་འདི། །སྒྲ་དོན་ཇི་བཞིན་བློ་ཡིས་ལེགས་རྟོགས་ནས། །སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ། །ཞེས་པ། བར་སྐབས་སུ་རྣམ་འགྲེལ་གྱི་བཤད་ཉན་རྒྱུན་ཆད་པ་ལྟ་བུར་གྱུར་ནས་ལོ་གྲངས་དུ་མ་ལེན་པའི་འོག་ཏུ་རྗེ་བཙུན་འདིས་ནི་ཁ་ཆེའི་བསོད་སྙོམས་པ་ཆེན་པོ་ཉིད་ལ་གསན་ཏེ། བརྩལ་དུ་བཏོན་པའི་ཉན་བཤད་ཀྱི་གཞུང་བཙུགས་པས་དེང་སང་གི་བར་དུ་མི་ནུབ་པའི་རྒྱལ་མཚན་བཟུང་བའོ། །ཁོ་བོ་ཙམ་ཞེས་བྱ་བའི་སྒྲ་ནི། ཚད་བསྡུས་ཀྱི་མིང་ཅན་བོད་ཀྱི་བསྟན་བཅོས་ལ་གཙོ་བོར་བྱེད་པ་གངས་ཅན་ན་མང་ཞིང༌། དེ་དག་ནི་མདོ་སེམས་ཀྱི་གྲུབ་པའི་མཐའ་དང་མི་མཐུན་པ་ཉིད་དུ་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་མཛད་ནས་མདོ་སེམས་ཀྱི་གྲུབ་པའི་མཐའ་གཞུང་བསྲང་སྟེ་དར་རྒྱས་སུ་མཛད་པའོ། །དེ་ལྟར་ལོ་ཙཱ་བ་ཆེན་པོ་དེ་དག་གི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་ཞིང་དགོངས་པ་ཟབ་མོ་གོང་ནས་གོང་དུ་གང་བར་གྱུར་ཅིག་ཅེས་བཀའ་དྲིན་དུ་བཟོ་བར་བགྱིའོ། །འདིར་སྨྲས་པ། རྣམ་འགྲེལ་མཛད་གཞུང་ཉིན་མོར་བྱེད་པའི་དཔལ། །འཁྱོག་པོར་འདྲེན་པའི་ལམ་སྲང་ཀུན་བརྒལ་ནས། །ངེས་དོན་བསིལ་རིའི་རྩེ་ནས་དེང་ཤར་བའི། །ཕྲིན་ལས་རྩོལ་མཛད་ཁྱོད་ལ་མགོས་ཕྱག་འཚལ། །གཞུང་རྩོམ་ཉིད་ཀྱིས་གང་བསྐུལ་རྣམ་རྒྱལ་དེ་ནི་ལྷ་དབང་གིས་མཛད་ཤཱཀ་བློ་ཡིས་ཀྱང་འབྲུ་ཙམ་གཉེར། །ཆོས་མཆོག་རྒྱན་མཁན་གྱིས་ནི་རྣམ་དཔྱོད་མང་པོའི་སྒོ་ཕྱེ་དབུ་མར་འགྲེལ་པའི་མཚན་ཡང་རབ་གསལ་མཛད། །ཞི་འཚོ་པདྨའི་ངང་ཚུལ་གྱིས་ནི་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་མཐར་སོན་དབུ་མ་ཉིད་དུ་བཀྲལ། །འཇིག་རྟེན་མིག་གཅིག་བློ་ལྡན་བཟང་པོས་ཀླུ་སྒྲུབ་ལུགས་བཟང་རྣམ་འགྲེལ་མཛད་པའི་གཞུང་ལས་རྟོགས་ཤེས་གསུངས། །གངས་ཅན་འདི་ན་མདོ་སེམས་གྲུབ་པའི་མཐའ། །རིགས་པས་སུན་ཕྱུང་བྱས་ནས་གནས་སྐབས་ཀྱི། །རྣམ་གཞག་ཕལ་ཆེར་འཇིག་རྟེན་ལུགས་བཞིན་དུ། །ཁས་ལེན་བྱས་ནས་དབུ་མར་འཇུག་པ་དང༌། །མདོ་སེམས་སྒྲུབ་མཐའི་གཞུང་ཆེན་དེ་བསྲང་ནས། །མི་ཕམ་ཞལ་གྲུབ་ཐོགས་མེད་མཆེད་དག་གི །ཤིང་རྟའི་སྲོལ་ལས་བྱུང་བའི་དབུ་མ་ཞེས། །ཉི་ཟླ་ལྟ་བུའི་བཤད་སྲོལ་རྣམ་གཉིས་མཐོང༌། །ཕྱི་དུས་ཤིང་རྟའི་སྲོལ་ཆེན་ཀུན་ཉམས་ནས། །བྱིས་རྣམས་མགུ་བྱེད་སྒྱུ་མའི་རོལ་རྩེད་མཁན། །ཚིག་གི་ཆད་ལྷག་བསགས་པའི་འཁྲུལ་འཁོར་གྱིས། །གྲགས་པའི་རོ་མྱོང་བྱེད་ལ་སུ་ཡིད་རྟོན། །ཀུན་བཟང་སྤྲུལ་པའི་གཞུང་ཆེན་འདིར་ནི་རང་གཞན་དོན་གྱི་རྗེས་སུ་དཔག་པས་གསུང་རབ་ཀུན་ལ་བལྟ་བའི་མིག་ཕྱེ་ཚད་མ་གྲུབ་དང་མངོན་སུམ་ལེའུར་འཁོར་ལོ་ཐོག་མཐའི་ངེས་དོན་དེ་འགྲེལ་ཚུལ་གཉིས་པ་དང་རང་རིག་སྒྲུབ་ཀྱིས་མདོ་སེམས་དབུ་མའི་རྣམ་ཐར་སྒོ་གསུམ་རིགས་ཤིང་ཡངས་པར་རབ་ཏུ་ཕྱེ་ནས་གཅིག་དང་དུ་བྲལ་དབང་པོའི་རྡོ་རྗེས་གཟུང་འཛིན་རི་བོ་ཕྱེ་མར་འཐག་མཛད་ཟབ་གསལ་གཉིས་མེད་རང་རིག་ཡེ་ཤེས་དངོས་ཀུན་རང་བཞིན་འཇམ་དཔལ་གཞོན་ནུའི་ཞལ་བཟང་གསལ་བར་འཆད་བྱེད་གཞུང་བཟང་འདི་ནི་དངུལ་དཀར་དངས་པའི་མེ་ལོང་མིན་ནམ་གང་དུ་ཤར་ན་ཉིན་བྱེད་འོད་འབར་དྲག་པོའི་གཙུག་ཏུ་བདེ་འབྱུང་ཟླ་བ་བརྒྱ་བྱིན་ལག་པར་དབང་པོའི་རྡོ་རྗེ་སུམ་རྩེན་ཡུལ་དུ་དཔག་བསམ་འདོད་འཇོ་སྐལ་བཟང་དབུས་སུ་རྫོགས་སངས་རྒྱས་ཡིན་འདིར་འབྱུང་རིགས་པའི་དཔུང་ཚོགས་འདི་དག་གང་གི་མ་བཤམས་མཁས་པ་དེ་ནི་ཐ་སྙད་གཞུང་བརྒྱའི་ཁྲི་ལ་འཁོད་ཅིང་སྡེ་སྣོད་རྒྱ་མཚོའི་ཕ་རོལ་སོན་ཀྱང་རང་གཞན་གྲུབ་མཐའི་རྣམ་དབྱེ་འཆད་ཚེ་ལེགས་བཤད་གདོང་པ་གྱེན་དུ་འདེགས་པའི་མཐུ་ཡོད་མ་ཡིན་ཕྲ་མོའི་རིགས་ལམ་བཟུང་བའི་བྱིས་རྣམས་ཀྱིས་ཀྱང་ཁྱད་གསོད་ལྟར་བྱེད་རང་གཞན་གཞུང་གི་རྣམ་དབྱེ་ལྟ་ཅི་དེ་བས་འདིར་འབྱུང་སྒྲུབ་དང་སུན་འབྱིན་མང་པོའི་འཁྲུལ་འཁོར་གྱིས་ནི་གྱེན་དུ་བཏེག་པའི་ངེས་དོན་ཤིང་རྟའི་ཁྲི་འདིར་འཁོད་པ་ཙམ་གྱིས་སྨྲ་བའི་གོ་འཕང་མཐོན་པོར་བསྟོད་ནས་ཐལ་འགྱུར་ལག་གཉིས་མཁའ་ལ་རབ་བརྐྱང་གཞན་གཞུང་ལུགས་ངན་དྲེགས་པ་འཕྲོག་བྱེད་འཆད་རྩོད་རྩོམ་མཁས་འཇིགས་མེད་སྨྲ་བའི་དབང་པོར་བྱེད་དོ་གྲོགས་དག་ཀྭ རྒྱན་དྲུག་མཁས་པའི་གཞུང་ཆེན་འཆད་པ་ན། །གཞུང་དེར་འབྱུང་བའི་ངེས་དོན་གང་ཡིན་དང༌། །དེ་ཡི་ལྟ་བས་སྤང་བྱ་གང་སྤངས་ནས། །འཐོབ་བྱའི་དོན་ལ་སོམ་ཉི་སྤངས་དེ་མཁས། །ཁོ་བོས་ཆོས་འདིའི་ཡིད་བཞིན་རིན་ཆེན་པོ། །རྣམ་དཔྱོད་བློ་མཚོར་རིང་ནས་སྤྱན་འདྲོངས་པ། །མང་པོའི་མདུན་སར་ལན་མང་འགྲིམས་གྱུར་མོད། །ལ་ལའི་གཉེར་བྱར་འོས་པ་འགའ་མ་བྱུང༌། །དུས་འདིར་ཇི་ལྟའི་དཔྱད་ལ་མ་རྨོངས་པའི། །བློ་བཟང་མང་པོས་ལན་བརྒྱར་བསྐུལ་བ་ན། །རྣམ་བཤད་རྒྱལ་མཚན་རྩེ་མོར་སྤྱན་དྲངས་པ། །ཕྲིན་ལས་ཆར་ཆེན་ཕེབས་པའི་དོན་དུ་བསྔོ། །ཞེས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཀུན་བཟང་ཆོས་ཀྱི་རོལ་མཚོ་ཞེས་བྱ་བ་འདི་ནི། དོན་དུ་གཉེར་བ་མང་པོས་ཡུན་རིང་པོ་ནས་བསྐུལ་བ་དང༌། དུས་འདིར་ལྷ་མངའ་བདག་རྣམས་ཀྱི་ཏི་ཤྲཱི་རིམ་པར་བྱོན་པའི་གདུང་རྒྱུད་དུ་འཁྲུངས་པ། རྣམ་དཔྱོད་ཀྱི་རྩལ་དང་མང་དུ་གསན་པ་རྒྱ་མཚོའི་དབུས་སུ་བཞུགས་པའི་དཔོན་རྣམ་རྒྱལ་དཔལ་བཟང་པོས་མཆོད་པའི་ཡོ་བྱད་བཟང་པོ་དང་བཅས་ཏེ་ནན་གྱིས་གསོལ་བ་བཏབ་པའི་ངོར། ཡུལ་དབུས་ཀྱི་ཀློག་པ་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཕུར་བུ་ཞེས་པ་ས་ཕོ་སྤྲེའུའི་ལོ། ཐ་སྐར་ཅན་གྱི་ར་ངོའི་འགྲུབ་སྦྱོར་བཟང་པོ་ལ། ཐུབ་བསྟན་གསེར་མདོག་ཅན་ཞེས་བྱ་བའི་ཆོས་ཀྱི་གྲྭ་ཡངས་པོའི་དབུས། དགའ་ལྡན་བྱམས་པའི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཡུལ་མངའ་རིས་ཀྱི་བཤེས་གཉེན་བློ་བཟང་ཆོས་ཡི་རྒྱལ་མཚན་ནོ།།  །།སྭ་སྟི། གྲུབ་པ་མཆོག་གི་ནོར་བུའི་ཏོག་འབར་པ། །ལྷུན་སྟུག་བརྗིད་ཆགས་ཐུབ་བསྟན་གཙུག་ལག་ཁང༌། །འདོད་རྒུའི་འབྱུང་གནས་ཀླུ་དབང་མཛོད་ལྟ་བུ། །སྐལ་བཟང་མིན་པས་འཇུག་དཀའི་སྒོ་རིམ་ཅན། །འབྱེད་མཁས་དཔལ་ལྡན་གྲགས་པའི་གཞུང་ལས་གཞན། །འཚོལ་འདོད་དེ་དག་དཔྱོད་ཆེན་གྲྭར་མི་ཚུད། །རྟོག་པའི་ལམ་ནས་ངེས་དོན་བརྡ་སྤྲོད་མཁན། །དེ་དག་ཚོགས་ཀྱི་དབུས་ན་འཇམ་དཔལ་བཞིན། །སྒྲུབ་བྱེད་དཔུང་གིས་ཚད་མ་སྐྱེད་པ་དང༌། །སུན་འབྱིན་རིགས་པས་ལོག་རྟོག་སེལ་བ་དང༌། །དཔྱད་གསུམ་དག་ནས་ཟབ་རྒྱས་ཀུན་སྟོན་པའི། །གཞུང་འདི་འཕགས་པའི་ཡུལ་དུ་རྩོད་ཀུན་བྲལ། །སྔོན་ཚེ་བོད་དུ་ཆོས་འདིའི་མདངས་ཙམ་ཤར། །དེ་ནས་བློ་བཟང་རྔོག་ལོའི་སྒྲིན་འགྲུས་ཀྱིས། །རྒྱན་དང་ཆོས་མཆོག་ཤིང་རྟའི་སྲོལ་གང་གིས། །རྣམ་པར་འགྲེལ་ངེས་ཉི་ཟླའི་འོད་ཕྲེང་བླངས། །དེ་ནས་ལོ་གྲངས་དྲུག་ཅུའི་ཐུན་མཚམས་སུ། །མདོ་སེམས་གྲུབ་མཐའ་འགོག་པའི་བསྡུས་ཆེན་འགས། །འཁྱོག་པོའི་ལམ་དུ་དྲངས་ནས་རང་བཟོ་ཡི། །སྒྲ་གཅན་མགྲིན་པའི་འཁོར་ཡུག་རྒལ་མ་ནུས། །དེ་འོག་དྲུག་ཅུ་སྐོར་ཅིག་ལྷག་ཙམ་ཚེ། །རྣམ་འགྲེལ་ཉི་འོད་འབར་བ་མདོ་སེམས་ཀྱི། །ཤིང་རྟའི་སྲོལ་ནས་རིགས་པར་དྲངས་པ་ཡི། །བཀའ་དྲིན་བླ་མེད་ས་སྐྱ་པ་དེས་མཛད། །དེ་རྗེས་ལོ་གྲངས་ཉིས་བརྒྱར་ཉེ་ཙམ་ཞིག །གཞུང་བཞིན་འཆད་པའི་རྣམ་བཤད་མང་པོ་དང༌། །སྨ་མཁས་གཟུ་བོར་གནས་པའི་འཆད་པོ་ཡིས། །རྣམ་འགྲེལ་ལུགས་བརྒྱ་ལྡན་པ་དར་ཞིང་རྒྱས། །དེང་དུས་བསྡུས་པའི་སྲོལ་དང་མདོ་སེམས་ཀྱི། །འཆད་ཚུལ་བསྲེས་པའི་རྣམ་བཤད་མཁན་མང་དང༌། །ཁུངས་མེད་ཚིག་ཕྲེང་བསགས་པའི་སྤྲིན་ཕུང་གིས། །སྡེ་བདུན་ཉི་ཟླ་བསྒྲིབས་ནས་ལོ་བརྒྱ་ལོན། །རྣམ་འགྲེལ་ཁྲུས་མཆོག་ཚངས་པའི་ལང་ཚོ་མ། །འདོད་བརྒྱལ་རལ་པའི་ཁྱིམ་དུ་རིང་ཞིག་གཟིམས། །ལེགས་བཤད་གཙང་སྦྲར་བྱེད་པའི་དྲང་སྲོང་གིས། །གངས་ཅན་འགྲམ་དུ་སྐྱུགས་པ་འདི་ཡ་མཚན། །འཁོར་ལོ་གསུམ་པའི་ངེས་དོན་ཇི་ལྟ་བ། །མི་ཕམ་གཞུང་བཞིན་སྟོན་མཁས་གྲགས་པའི་གཞུང༌། །རྣམ་པར་བཤད་འདི་དོན་གསལ་བརྗོད་པ་བདེ། །ཚིག་གསལ་རྣོ་མྱུར་རིགས་པ་ལྷུར་བླངས་ཕྱིར། །རྣམ་དཔྱོད་སྟོབས་ཀྱིས་ཕྱུག་པའི་ས་བསྲུངས་བུ། །མཁས་པའི་གོ་སར་འཁྲིད་མགྱོགས་སྤྲིན་གྱི་ཤུགས། །འཆི་མེད་སྦྲང་རྩིས་འཚོ་མཁས་སུམ་རྩེན་བཅུད། །མི་ཟད་བར་དུ་འཕོས་པའི་དཔག་བསམ་ཤིང༌། །གང་འདིར་དགོས་པའི་མཐུན་རྐྱེན་མཁོ་རྒུའི་ཚོགས། །རིན་ཆེན་སྤུངས་པའི་ས་སྐྱོང་དོན་གྲུབ་པ། །འཆི་མེད་དབང་པོའི་རྡོ་རྗེས་བརྩལ་དེ་ཡིན། །དགེ་དེས་ཆོས་ཀྱི་རྒྱལ་པོར་ཞབས་བརྟན་ཤོག །ཚིག་དོན་བཞིན་རས་མ་ཚང་མེད་འཆར་བའི། །དངུལ་དཀར་མེ་ལོང་བསྟན་འདྲའི་གླེགས་བུ་ཡང༌། །རྟིང་ཁེབས་བསོད་ནམས་ཡོངས་འདུའི་ཕོ་བྲང་ནས། །མི་དང་ཐུགས་རྗེའི་རྒྱལ་མཚན་གང་དེས་བརྩལ། །ཡི་གེར་འབྲི་པོ་སྟག་ཚང་པ། །ཚུལ་ཁྲིམས་འཕེལ་ཡིན་ཞུས་དག་པ། །ཆོས་ཀྱི་རྒྱལ་མཚན་བརྐོས་བྱེད་མཁན། །དགའ་བདེ་དཔལ་བཟང་ཤེལ་གྲོང་པ། །དེ་བསྐྲུན་བགྱིས་པའི་བསོད་ནམས་ཀྱིས། །རྒྱུ་སྦྱོར་བ་དང་རིག་གནས་པ། །ལས་བྱེད་པ་རྣམས་བདུད་བཞི་ལས། །རྣམ་རྒྱལ་གོ་འཕང་དེ་ཐོབ་ཤོག །ས་སྐྱོང་བློན་པོར་བཅས་པ་ཡང༌། །ཕ་རོལ་འཚེ་བ་མེད་པ་དང༌། །མངའ་འབངས་མཚོ་བཞིན་གང་བ་དང༌། །དབུ་རྨོག་གོང་ནས་གོང་བརྩོན་ཤོག།  །།མངྒ་ལཾ་བྷ་ཝནྟུ་སརྦ་ཛ་ག་ཏ་མི་ཏི།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*