ཚད་མ་གྲུབ་པའི་ལེའུའི་རྣམ་པར་བཤད་པ།

༼ཚ༽༄༅། །ཚད་མ་གྲུབ་པའི་ལེའུའི་རྣམ་པར་བཤད་པ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། ཕན་དགོངས་ཡེ་ཤེས་ལྡན་པའི་ཕྲིན་ལས་ཀྱི། །ཞལ་མདངས་རབ་གསལ་རྫུན་མི་མངའ་བའི་གསུང༌། །རྒྱ་ཆེའི་ཆོས་དང་བདེན་གཉིས་རྣམ་དབྱེ་དང༌། །ཟུང་འཇུག་སྨྲ་བའི་དབང་པོ་རྫོགས་སངས་རྒྱས། །གང་འདིར་སྲིད་གསུམ་སྒྱུ་མའི་རྣམ་རོལ་མང་པོས་ཡིད་ཀྱི་ཤིང་རྟ་གཞན་དུ་འདྲེན་བྱེད་རྨི་ལམ་འཁྲུལ་པའི་རྒྱུ་འདི་ཞེས། ལྷ་མིའི་དྲང་སྲོང་རིག་གནས་གྲུབ་དང་མང་ཐོས་རིག་བྱེད་རྣམ་བཞི་བྱེད་པོའི་དཔྱོད་ཆེན་གྱིས་ཀྱང་ངེས་པར་བརྟག་དཀའ་བ། །བདག་དང་ཆོས་སུ་འཐིབས་པའི་རྨོངས་ཆེན་གཉིད་དང་སྲེད་པའི་ཆང་གིས་མྱོས་ལས་དེ་ཞེས་རིགས་ཤིང་གསལ་བར་བསྟན་བྱས་ནས། །རབ་འབར་ཡེ་ཤེས་ཉི་མའི་སྣང་བྱེད་བགྲང་ཡས་འཆར་མཛད་ཁྱོད་ནི་ཚད་མར་གྱུར་ཡིན་སྒོ་གསུམ་གུས་པས་ཕྱག་བགྱིའོ། །འཇམ་དབྱངས་ཞལ་གྱི་པདྨའི་རྩ་བ་ལ། །རབ་སོང་ཕྱོགས་ཀྱི་སྨྲ་ངན་ཕམ་བྱེད་མཁན། །རིགས་པའི་སྣ་ཞགས་སྐྱོང་བའི་གླང་པོ་ནི། །ཐུབ་བསྟན་རྒྱ་མཚོའི་ངོགས་སུ་བདེ་བར་རྒྱུ། །ཆོས་ཀྱི་ཉི་མ་གྲུབ་པའི་འོད་འབར་བ། །ནམ་ཡང་གྲགས་པའི་ཁྲི་ལ་འཁོད་གྱུར་ནས། །དེ་གསུང་མུན་ཆེན་སེལ་ལ་ཟླ་བྲལ་བ། །ཐུབ་བསྟན་ཡངས་པའི་མཁའ་ལ་རྟག་ཏུ་འཆར། །མདོ་སེམས་གཞུང་ཆེན་དོར་ནས་རིགས་པའི་སྲང༌། །གཞན་དུ་འདྲེན་བྱེད་གངས་ཅན་བསྡུ་པའི་སྲོལ། །དེ་སུན་ཕྱུང་ནས་གྲུབ་མཐའི་གཞུང་བཞིན་དུ། །འཆད་མཁས་འཇིགས་མེད་ས་སྐྱའི་པཎ་ཆེན་བྱོན། །དེ་ལས་བརྒྱུད་པའི་ལེགས་བཤད་ཆུ་བོ་བཞི། །གང་བློ་གཏིང་མཐའ་ཡངས་པར་གནས་བྱས་ནས། །ཕྲིན་ལས་ཆར་ཆེན་དུས་སུ་ཕེབས་གྱུར་པ། །དོན་ཡོད་བློ་མཚོའི་དཔལ་དེ་མཆོད་པར་འོས། །གང་འདིའི་རྣམ་དཔྱོད་དཔག་བསམ་འདོད་འཇོ་ལ། །ཉེར་སིམ་རྣམ་འགྲེལ་མཛད་པོའི་འཆི་མེད་རྒྱུན། །ལེགས་བཤད་སུམ་རྩེན་ལག་པའི་རྩེར་འོངས་པ། །སྐལ་བཟང་ཚོགས་པའི་དོན་དུ་སྦྱིན་བྱའི་ཆོས། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བསྟན་བཅོས་མཛད་པོ་ཉིད་ཀྱིས་ཐོག་མར་བརྩམས་པའི་གོ་རིམ་གྱི་ངེས་པས་ཚད་མ་གྲུབ་པའི་ལེའུ་གང་གི་རྣམ་བཤད་རྩོམ་པ་ལ་ཐོག་མ་ཉིད་དུ་འཇུག་པར་བྱའོ། །འདི་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། རྒྱ་བོད་དུ་བྱོན་པའི་འགྲེལ་མཛད་རྣམས་ཀྱི་ཐུགས་ལ་གསལ་བར་བཞུགས་ཀྱང༌། བསྟན་བཅོས་དག་ཏུ་གསལ་བར་མ་བཀོད་པའི་གནས་འདི་ལྟ་སྟེ། ལེའུ་འདི་བཀའ་འཁོར་ལོ་གསུམ་ལས་གང་གི་དགོངས་འགྲེལ་དུ་བྱོན་པ་དང༌། འདི་ནས་བཤད་པའི་ལམ་དང་དེའི་སྤང་བྱ་གང་ཡིན་པ་དང༌། ལམ་དེས་ཐོབ་པའི་ཐར་པ་གང་ཡིན་པ་དེ་ཤེས་བྱ་མ་ལུས་པའི་ཡུལ་ཅན་གྱི་ཐམས་ཅད་མཁྱེན་པ་ཉིད་དུ་སྒྲུབ་པ་དང༌། དེའི་རྒྱས་བཤད་ཀྱི་སྒྲུབ་པ་དང་སུན་འབྱིན་གྱི་ཚུལ་ཡང་ཕྱི་མའི་དུས་འདིར་རིགས་པའི་གཞུང་ལས་གཞན་དུ་འཁྲུལ་ཞིང་འཁྲུགས་པ་མང་དུ་མཐོང་ནས་དེ་དག་གི་གནས་མ་འཁྲུལ་བ་ཉིད་བདེ་བླག་ཏུ་རྟོགས་པའི་ཕྱིར་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ལ། ལེའུ་འདི་ནི་དགོངས་འགྲེལ་དུ། བརྗོད་བྱ་དང༌། གདུལ་བྱ་དང༌། དྲང་ངེས་ཀྱི་སྒོ་ནས་བཀའ་འཁོར་ལོ་རིམ་པ་གསུམ་དུ་ཕྱེ་བའི་དང་པོ་བདེན་པ་བཞིའི་ཆོས་འཁོར་ཞེས་བྱ་བ་དེའི་ཁོངས་སུ་གཏོགས་པའི་བསྟན་བཅོས་ཡིན་ལ། དེ་ཡང་རྒྱལ་བའི་བཀའ་ཉིད་དང་ཡིད་ཆེས་ཀྱི་གནས་སུ་མཚུངས་པར་ལྟ་དགོས་ཏེ། ཇི་སྐད་དུ། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་སོ། །དེའི་འོག་ཏུ་འཁོར་ལོ་བར་པར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་མདོ་སྒྲ་ཇི་བཞིན་མ་ཡིན་པའི་ངེས་དོན་ཅན་ཉིད་དུ་བཤད་ནས། འཁོར་ལོ་ཐ་མ་ཉིད་དུ་རྣམ་པར་ཕྱེ་བ་དེ་ངེས་དོན་སྒྲ་ཇི་བཞིན་པ་ཉིད་དུ་འཆད་པའི་མངོན་སུམ་གྱི་ལེའུ་ཉིད་ནས་འབྱུང་བ་ཡིན་ཏེ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་པ་ནས། ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་པའི་སྐབས་དེར་གསལ་བ་བཞིན་ནོ། །ཚད་མ་གྲུབ་པའི་ལེའུ་འདི་ནས་འབྱུང་བའི་ལམ་ནི། རགས་པར་ན་མི་རྟག་སོགས་བཅུ་དྲུག་པོའི་རྣམ་པ་ཅན་གྱི་ཤེས་རབ་དང༌། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཟུང་དུ་འཇུག་པ་དེ་ཡིན་ལ། ཞིབ་མོར་ན་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་ཤེས་རབ་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་དེ་ཉིད་གཙོ་བོར་བསྟན་པ་ཡིན་ཏེ། དེ་ལྟར་བསྟན་དགོས་པ་དང༌། ནུས་པ་ལས་སོ། །དགོས་པ་ནི། སྟོན་པ་ཐུབ་པའི་དབང་པོ་ཉིད་ཐམས་ཅད་མཁྱེན་པའི་གནས་སུ་ལམ་གང་ནས་ཚུལ་ཇི་ལྟར་བྱོན་པ་དེ་ལེའུ་འདིའི་བསྟན་བྱའི་གཙོ་བོར་གྱུར་པ་ཉིད་དང༌། མི་རྟག་སོགས་བཅུ་དྲུག་གིས་བདེ་བར་གཤེགས་པའི་ལམ་མཚོན་ནུས་པའི་ཤེས་བྱེད་ཀྱང༌། འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ་ན་དབང་རྣོན་ལ་སྟོང་པ་ཉིད་ཀྱི་ཤེས་རབ་དོན་གྱིས་གྲུབ་པ་ཡིན་ཏེ། སྐད་ཅིག་གིས་འཇིག་པ་ནི་ཕྲ་བའི་མི་རྟག་པ་ཞེས་པའི་མིང་ཅན་ཆོས་ཀྱི་བདག་མེད་པའི་དོན་ལ་ཀུན་གྱིས་འཆད་པའི་ཕྱིར་དང༌། མི་རྟག་དོན་ནི་མེད་དོན་དང༌། །ཞེས་དབུས་མཐར་འབྱུང་བ་དང༌། ཀླུ་སྒྲུབ་ཀྱིས། མདོར་ན་སངས་རྒྱས་རྣམས་ཀྱིས་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །སྟོང་པ་ཉིད་དུ་ཅིས་མི་བཞེད། །ཅེས་སོ། །རང་གཞན་མཐའ་དག་གང་ཟག་གི་བདག་གིས་སྟོང་པར་ཤེས་པ་ན། སྙིང་རྗེ་སྐྱེ་བ་ཐམས་ཅད་ཆོས་ལ་དམིགས་པའི་སྙིང་རྗེ་ཉིད་དུ་སྐྱེ་བར་ངེས་ཏེ། དེས་གང་ལ་དམིགས་པའི་ཡུལ་དེ་དག་གང་ཟག་གིས་སྟོང་པའི་ཕུང་པོ་ཆོས་ཙམ་ཉིད་དུ་མཐོང་དགོས་པས་སོ། །དབང་རྣོན་ལ་ནི་དམིགས་མེད་དུ་ཡང་སྐྱེ་སྟེ། དེས་སེམས་ཅན་མི་རྟག་པར་མཐོང་བ་ན་སྟོང་ཉིད་དུ་ཡང་མཐོང་བས་སོ། །གཉིས་པ་སྤང་བྱ་གང་ཡིན་པ་ནི། རགས་པར་ན་སྡུག་ཀུན་གཉིས་ཏེ། དེ་ཡང་ཉོན་མོངས་པ་དང་ལས་དང་རྣམ་སྨིན་གྱི་སྒྲིབ་པ་གསུམ་མོ། །ཞིབ་མོར་ན་འདིར་ཤེས་བྱའི་སྒྲིབ་པ་ཡང་བཤད་པ་ཡིན་ཏེ། བཤད་དགོས་པའི་ཤེས་བྱེད་སྔ་མ་དང་འདྲ་ལ། ནུས་པ་ནི། རྒྱུའི་བག་ཆགས་སྤངས་པ་ཡིན། །ཞེས་དང༌། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་པས་སོ། །ལམ་དེས་དེ་ལྟར་སྤོང་ནུས་པའི་ཤེས་བྱེད་ནི། བཤད་མ་ཐག་པའི་ཐབས་ཤེས་ཟུང་འཇུག་དེ་ཉིད་ཡུན་རིང་པོར་གོམས་པའི་མཐུ་ལ་བྱ་དགོས་པར་ཡང༌། ཇི་སྐད་དུ། རྣམ་པ་དུ་མར་ཐབས་མང་པོ། །ཞེས་པ་ནས། དེ་ཉིད་སྟོན་པ་ཡིན་པར་བཞེད། །ཅེས་པའི་བར་གྱིས་གསལ་བར་གསུངས་སོ། །གསུམ་པ་དེས་ཐོབ་པའི་ཐར་པ་ནི། ཁྱད་པར་གསུམ་ཚན་གཉིས་དང་ལྡན་པའི་སྤངས་རྟོགས་དབྱེར་མེད་ཀྱི་ཡེ་ཤེས་ཉིད་ལ་འཆད་དགོས་པ་ཡིན་ཏེ། འདིར་དེ་ཚད་མར་སྒྲུབ་པ་ཉིད་སྐབས་སུ་བབ་པའི་ཕྱིར་དང༌། བྱེ་སྨྲ་ལྟར་རྟག་དངོས་དང༌། མདོ་སྡེ་པ་ལྟར་མེད་དགག་ལ་བཤད་ན་བདེ་བར་གཤེགས་པ་ཚད་མ་ཉིད་དུ་ཇི་ལྟར་འགྲུབ། དེས་ན་རྣལ་འབྱོར་སྤྱོད་པའི་ལུགས་དང་མཐུན་པར་འཆད་དོ། །བཞི་པ་དེ་ཚད་མར་སྒྲུབ་པའི་ཚུལ་ནི། ཇི་སྐད་དུ། ཚད་མར་གྱུར་པ། ཞེས་པ་མདོར་བསྟན་དང༌། འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་ཞེས་པ་རྒྱས་བཤད་དོ། །དེ་ཉིད་འཆད་པའི་ཚུལ་ཡང་འདི་ལྟར། གཞན་གྱི་སྡེ་པ་དག་གིས་ལོག་པར་རྟོག་པ་ནི། སྤྱིར་ལྐོག་ཏུ་གྱུར་པའི་དོན་ལ་མི་སླུ་བའི་ཚད་མ་མི་སྲིད་པ་དང༌། དེ་སྲིད་ཀྱང་སྐྱེས་བུ་དང་དེས་བྱས་པའི་ལུང་ཚད་མ་མི་སྲིད་པ་དང༌། སྐྱེས་བུ་ཚད་མ་སྲིད་དུ་ཆུག་ཀྱང༌། ལྐོག་གྱུར་གྱི་དོན་གསར་དུ་ཤེས་པའི་ཚད་མ་མི་སྲིད་པ་དང༌། དེའི་ཤེས་བྱེད་དུ་དེ་འདྲ་དེ་སྒྲུབ་བྱེད་ཀྱི་ཐབས་མི་སྲིད་པ་དང༌། སྲིད་ཀྱང་ཐབས་ལ་ནན་ཏན་བྱེད་པ་མི་སྲིད་དོ་ཞེས་ལོག་པར་རྟོག་པ་སྟེ། དེ་དག་ནི་ཐམས་ཅད་མཁྱེན་པ་ལ་ལོག་པར་རྟོག་པ་ཡིན་ལ། ཐར་པ་ལ་ལོག་པར་རྟོག་པ་ནི་འདི་ལྟར། དེ་མི་སྲིད་པ་དང༌། སྲིད་ཀྱང་ཁྱབ་པའི་ཐར་པ་ནི་རྟག་པས་ན་སྒྲུབ་ཏུ་མེད་པ་དང༌། ཉི་ཚེ་བའི་ཐར་པ་ནི་སྒྲུབ་ཏུ་ཡོད་ཀྱང་རང་གི་ངོ་བོ་བདག་ཏུ་འདོད་པ་རྣམས་སེལ་བ་ནི། ལེའུ་འདིའི་བསྡུས་པའི་དོན་ཏེ། གོ་རིམ་བཞིན་དུ་གཞུང་དང་སྦྱར་ན། དང་པོ་ནི་རྒྱང་འཕན་ཏེ། དེས་རྗེས་སུ་དཔག་པའི་ཚད་མ་ཁས་མི་ལེན་པ་དང༌། གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་ཟེར་རོ། །ལོག་རྟོག་གཉིས་པ་ནི། རིག་བྱེད་པ་དག་སྟེ་ཇི་སྐད་དུ། །ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །ཞེས་སོ། །གསུམ་པ་ནི། གཅེར་བུ་པ་དག་སྟེ། ཇི་སྐད་དུ། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ཞེས་ཟེར་རོ། །བཞི་པ་ནི་གྲངས་ཅན་པ་དག་སྟེ། བདག་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་འགྲོ་བ་མཐའ་དག་ལ་ཁྱབ་པར་གནས་ཀྱང༌། དེ་གསར་དུ་སྒྲུབ་བྱེད་ཀྱི་ཐབས་ཡོད་པ་མ་ཡིན་ཏེ། གདོད་མ་ནས་རྟག་པའི་ཕྱིར། འོན་ཀྱང་བདག་དེ་དང་དབང་སོགས་བདག་གི་བའི་འབྲེལ་པ་ཆད་ནས་ཡན་གར་དུ་གནས་པའི་ཚེ་ཐར་པ་ཡིན་ལ། དེ་ཡང་མི་གསལ་བ་གསལ་བར་བྱུང་བ་ཡིན་གྱི། སྔར་མེད་གསར་དུ་བྱུང་བ་ནི་མ་ཡིན་ནོ་ཞེས་ཟེར། རྒྱལ་སྤོགས་པ་ནི། སྐྱེས་བུ་ཚད་མ་མི་སྲིད་དེ། །ངག་སྨྲ་བ་ལ་སོགས་པའི་ཕྱིར། །ཞེས་ཟེར། དེ་ལྟར་ན་རིག་བྱེད་པས་སྐྱེས་བུ་རྟག་པ་ཀུན་གྱི་བྱེད་པ་པོ་ཡིན་ཀྱང་ཚད་མ་མ་ཡིན་པ་དང༌། གྲངས་ཅན་ནི་སྐྱེས་བུ་རྟག་པ་ཚད་མ་ཡིན་ཀྱང༌། བྱེད་པ་པོ་དང་ལམ་སྟོན་པ་པོ་མ་ཡིན་པ་དང༌། དབང་ཕྱུག་པ་ནི། དབང་ཕྱུག་རྟག་པ་བྱེད་པ་པོ་དང་ཚད་མ་གཉིས་ཀ་ཡིན་ཀྱང་རང་བྱུང་ཁོ་ན་ཡིན་གྱི་སྒྲུབ་བྱེད་ལ་མི་ལྟོས་པ་དང༌། རྒྱང་འཕེན་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་གང་ཡང་ཁས་མི་ལེན་པ་དང༌། གཅེར་བུ་པ་ནི། ཐམས་ཅད་ལ་ཁྱབ་པའི་ཐར་པ་ནམ་མཁའ་ལ་གདུགས་བཀན་པ་ལྟ་བུ་ཡོད་ལ། ལས་ལུས་སྲེད་པ་གསུམ་སྤངས་ན་དེའི་ཚེ་དེར་ཐིམ་པ་ཉིད་དུ་འདོད་པ་དང༌། དབང་ཕྱུག་པ་དབང་ཕྱུག་གི་དབང་བསྐུར་བྱས་པས་གྲོལ་བར་འདོད་པ་དང༌། བྱེ་བྲག་པ་དང་གྲངས་ཅན་དབང་སོགས་བདག་གི་བ་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་གྲོལ་བར་འདོད་པ་དག་སྟེ། མདོར་ན་རྒྱང་འཕེན་གྱིས་ནི་འཁོར་བ་རྒྱུ་འབྲས་སྡུག་ཀུན་གྱི་བདེན་པ་ལ་ལོག་པར་རྟོག དེ་ལས་གཞན་པ་དེ་དག་གིས་ནི་ཐར་པ་རྒྱུ་འབྲས་འགོག་ལམ་གྱི་བདེན་པ་ལ་ལོག་པར་རྟོག དེ་ལའང་གྲངས་ཅན་གཅེར་བུ་པ་དབང་ཕྱུག་པ་གསུམ་གྱིས་ནི་འབྲས་བུ་ཐམས་ཅད་མཁྱེན་པ་ལ་ལོག་པར་རྟོག དེ་ལས་གཞན་པ་དེ་དག་གིས་ནི་ཐར་པ་ལ་ལོག་པར་རྟོག་པ་ཉིད་དོ། །དེ་དག་གང་གིས་སེལ་བ་ནི། །ཚད་མར་གྱུར་པ་ཞེས་པ་ནི་མདོར་བསྟན་པ་སྟེ། དེས་ཐམས་ཅད་མཁྱེན་པ་ལ་ལོག་པར་རྟོག་པ་སེལ་ལོ། །ཚད་མ་དེ་བཤད་པ་ནི་བདེ་གཤེགས་སྐྱོབ་ཅེས་པ་སྟེ་དང་པོས་ཐར་པ་དང་གཉིས་པས་ཐམས་ཅད་མཁྱེན་པ་ལ་ལོག་པར་རྟོག་པ་སེལ་ལོ། །དེའི་ཤེས་བྱེད་ནི། སྒྲིབ་གཉིས་མ་ལུས་པར་སྤངས་པ་བདེ་གཤེགས་དང༌། བདེན་བཞི་ཕྱིན་ཅི་མ་ལོག་པར་འཆད་པ་སྐྱོབ་པའི་དོན་དུ་གསལ་བས་སོ། །གྱུར་པ་དེ་འཆད་པ་ནི་ཕན་བཞེད་པ་དང་སྟོན་པ་ཞེས་པ་སྟེ། དེ་གཉིས་ཀྱིས་སྡུག་ཀུན་དང་ལམ་གྱི་བདེན་པ་ལ་ལོག་པར་རྟོག་པ་སེལ་ལོ། །དེའི་ཤེས་བྱེད་ཀྱང༌། སྙིང་རྗེ་སྐྱེ་བ་དུ་མར་གོམས་པ་དེ་ཕན་བཞེད་པ་དང༌། མི་རྟག་སོགས་བཅུ་དྲུག་གི་རྣམ་པ་ཅན་གྱི་ཤེས་རབ་གོམས་པར་བྱེད་པ་དེ་སྟོན་པའི་དོན་དུ་གསལ་བས་སོ། །དེ་ལྟར་ན་བདེ་བར་གཤེགས་པ་ནི་རང་དོན་གྱི་དང་ཆོས་ཀྱི་སྐུར་འཇོག་ལ། སྐྱོབ་པ་ནི་གཞན་དོན་གྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་ཀྱི་རྣམ་པ་ཅན་ནོ། །དེ་ལྟ་བུའི་དོན་གཉིས་ཕུན་སུམ་ཚོགས་པ་གང་ལ་མངའ་བའི་བཅོམ་ལྡན་འདས་དེ་ཚད་མ་ཉིད་དུ་སྒྲུབ་པ་ལ་གཏན་ཚིགས་ཀྱི་ཁྱད་པར་རྣམ་པ་གསུམ་གསུངས་པ་ལས། དང་པོ་ནི་མི་སླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་རྟགས་སུ་འགོད་པར་བཞེད་ནས། བཅོམ་ལྡན་ཚད་མ་ཉིད་ཅེས་གསུངས་ལ། དེའི་ཚེ་མ་ཤེས་དོན་གསལ་ནི་བདེ་བར་གཤེགས་པའི་དོན་དང༌། མི་སླུ་བ་ནི་སྐྱོབ་པའི་དོན་ནོ། །གཉིས་པ་ནི། དེ་ཕྱིར་ཚད་ཡིན་ཞེས་དང༌། གསུམ་པ་ནི། གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པ་ཡིན་ལ། དེ་གཉིས་ཀས་ཀྱང་བདེ་བར་གཤེགས་པ་དང་སྐྱོབ་པའི་ཚོགས་དོན་རྟགས་སུ་བཀོད་པ་ལ་ཁྱད་པར་མེད་ཀྱང༌། སྔ་མ་ནི་རྒྱུ་ཚོགས་གྲངས་ཚང་གིས་རྒྱུའི་དུས་འདིར་འབྲས་བུ་ཚད་མ་འབྱུང་རུང་དུ་དཔོག་པ་ཡིན་ལ། ཕྱི་མ་ནི། འབྲས་བུ་མངོན་དུ་གྱུར་པའི་རྟགས་ཀྱིས་འབྲས་བུའི་དུས་དེར་རྒྱུ་སྔོན་སོང་དུ་དཔགས་པའི་སྒོ་ནས་ཚད་མ་ཉིད་དུ་གྲུབ་པའོ། །རྣམ་པར་བཤད་པ་འདི་རྩོམ་པ་ལ་འཇུག་པའི་དགོས་པ་དེ་ཁོ་ནར་མ་ཟད། རྣམ་བཤད་མཛད་པ་ཕྱི་མ་དག་གིས་བཤད་མ་ཐག་པའི་དགག་བྱ་དེ་དག་འགོག་པ་དང༌། བསྒྲུབ་བྱ་དེ་སྒྲུབ་པའི་ཚེ་སུན་འབྱིན་པ་དང་སྒྲུབ་པའི་རྣམ་གཞག་གཞུང་ལས་གཞན་དུ་བཤད་པ་མང་དུ་མཐོང་བ་དེ་དག་གི་རྗེས་སུ་འབྲངས་པ་མ་ཡིན་པའི་ཚུལ་གྱིས་འཆད་པ་དང༌། ཡང་མདོ་སེམས་ཀྱི་གཞུང་ལུགས་དང་དེ་སུན་འབྱིན་བྱེད་ཀྱི་ཚད་བསྡུས་ཀྱི་ཆོས་སྐད་ནན་གྱིས་མཐུན་པར་བསྒྲིགས་ནས་འཆད་པ་དང༌། དེ་ལྟར་སྒྲིག་པའི་ཕྱིར་དུ་རྒྱ་འགྲེལ་ཀུན་དང་མི་མཐུན་པའི་ཚིག་གི་ལྷད་མང་པོ་དག་བཅུག་ནས་འཆད་པ་དེ་དག་གི་རང་བཞིན་གསལ་པོར་བསྟན་པའི་ཕྱིར་རྣམ་པར་བཤད་པ་འདི་རྩོམ་པ་ལ་འཇུག་པ་ཡིན་ནོ། །དེ་ལྟར་དགོས་པའི་དོན་བསྡུས་པའི་དོན་དང་བཅས་པ་བཤད་ཟིན་ནས། གསུམ་པ་ཚིག་གི་དོན་ལ་གསུམ་སྟེ། ཚད་མ་མདོའི་མཆོད་བརྗོད་ཀྱི་དགོངས་དོན་གཏན་ལ་ཕབ་པ་དང༌། དེ་ལྟར་བསྟོད་པའི་དགོས་པ་བསྡུས་ཏེ་བསྟན་པ་དང༌། ལེའུའི་མཚན་བསྟན་པའི་སྒོ་ནས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཚད་མར་གྱུར་པའི་སྒོ་ནས་མདོར་བསྟན་པ་དང༌། ཕན་བཞེད་པ་སོགས་ཀྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རང་གི་སྟོན་པ་ཚད་མར་སྒྲུབ་པ་དང༌། ཚད་མ་དེ་ཡང་སྒྲུབ་བྱེད་ཀྱི་ཐབས་ལས་འཁྲུངས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཚད་མ་སྤྱིའི་མཚན་ཉིད་བསྟན་པ། མཚན་ཉིད་དེ་དང་ལྡན་པའི་རྟགས་ཀྱིས་བཅོམ་ལྡན་འདས་ལ་ཚད་མའི་ཐ་སྙད་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ཡུལ་མི་སླུ་བའི་སྒོ་ནས་མཚན་ཉིད་བཞག་པ་དང༌། ཡུལ་ཅན་མ་ཤེས་དོན་གསལ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ་གསུམ་སྟེ། དངོས་དང༌། མཚན་ཉིད་ཀྱི་སྐྱོན་གསུམ་སྤང་བ། མཚན་ཉིད་དེ་མཚན་གཞིའི་སྟེང་དུ་ངེས་བྱེད་ཀྱི་ཚད་མ་གང་ཡིན་དཔྱད་པའོ། །དང་པོ་ནི། སློབ་དཔོན་བདག་ཉིད་ཆེན་པོས་ཚད་མ་མདོའི་མཆོད་བརྗོད་ཀྱི་དང་པོར་ཚད་མ་ཞེས་འབྱུང་བ་དེའི་དོན་གང་ཡིན་ཞེ་ན། ཚད་མ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པའོ། །དེའི་དོན་ཅི་ཞེ་ན། ཚད་མ་དེས་རང་གི་གཞལ་བྱ་གང་དང་གང་ཡིན་པ་དེ་བཅད་ནས་འཇུག་པའི་ཡུལ་དོན་བྱེད་ནུས་པར་གནས་པ་ནི་མི་སླུ་བའི་དོན་ནོ། །བཅད་པ་དང་མཐུན་པའི་འཇུག་ཡུལ་ལ་གསར་དུ་མི་སླུ་བའི་རིག་པ་ཆོས་ཅན། ཚད་མའི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། གཞུང་འདིས་མི་སླུ་བ་དངོས་སུ་དང༌། གསར་དུ་ཞེས་པ་གཟུང་བ་འཛིན་ཕྱིར་ཞེས་པས་ཐོན་ལ། བཅད་པ་ནི། རྣམ་ངེས་སུ། མཚན་ཉིད་འཆད་པའི་སྐབས་དེ་ཉིད་དང༌། རྣམ་འགྲེལ་དུ། གཞལ་བྱ་གཉིས་ཕྱིར་ཞེས་པ་ལས་གསལ་ལོ། །དེ་ཡང་བཅད་པ་ནི་གཞལ་བྱ་དང༌། མི་སླུ་བ་ནི་འཇུག་ཡུལ་ཏེ། དང་པོ་ལ་རང་སྤྱི་གཉིས་སུ་ཕྱེ་ཞིང༌། ཕྱི་མ་ནི་རང་མཚན་ཁོ་ནར་གཞུང་ལས་གསལ་ལོ། །ཚད་མ་ནི་གཉིས་ཏེ། ནང་ལྟ་འཛིན་རྣམ་ཁོ་ན་དང༌། ཕྱིར་ལྟ་གཟུང་བའི་རྣམ་པ་ཅན་ནོ། །དང་པོ་ལ་ནི་གཞལ་བྱ་འཇལ་བྱེད་འཇུག་ཡུལ་གསུམ་ཀ་ཐ་དད་དུ་དབྱེ་བར་མི་ནུས་ལ། གཉིས་པ་ལ། དོན་ལ་བལྟ་བའི་མངོན་སུམ་གྱིས་ནི་དོན་གྱི་རྣམ་པ་བཅད་ནས་དོན་རང་མཚན་ལ་མི་སླུ་བ་དང༌། རྗེས་དཔག་གིས་ནི་རང་གི་འཇུག་ཡུལ་གང་དང་གང་ཡིན་པ་དེའི་གཞན་སེལ་རྣམ་པར་བཅད་ནས་རང་མཚན་ལ་མི་སླུ་བའོ། །མངོན་སུམ་གྱིས་བཅད་པའི་དོན་ནི་རྟོགས་པ་ལས་གཞན་མེད་ལ། དེ་ཡང་དཔྱད་པའི་ཚེ་གཟུང་རྣམ་དང༌། མ་དཔྱད་པའི་ཚེ་ཕྱི་རོལ་གྱི་དོན་ནོ། །རྗེས་དཔག་གིས་ནི་སྒྲོ་འདོགས་བཅད་པ་སྟེ་རྟག་པ་རྣམ་པར་བསལ་བ་ལ་མི་རྟག་པར་རྟོགས་པའི་ཐ་སྙད་བྱས་སོ། །དེ་ཡང་དཔྱད་པའི་ཚེ་ཤེས་རྣམ་དང༌། མ་དཔྱད་པའི་ཚེ་གཞན་སེལ་དང་སྤྱི་མཚན་རྟོགས་པར་བཞག་དགོས་ཏེ། དེའི་གཞལ་བྱ་སྤྱི་མཚན་དུ་ངེས་པའི་ཕྱིར། དེས་ན་མི་སླུ་བས་ནི་རིགས་མི་མཐུན་སེལ་ལ། བཅད་ནས་ཞེས་རྣམ་ངེས་སུ་བྱུང་བ་དེས། ཆོས་མཆོག་རིགས་མི་མཐུན་སེལ་བ་དང༌། ལོ་ཆེན་ལོག་རྟོག་སེལ་བར་བཞེད་པ་གཉིས་ལས་འདིར་ནི་སྔ་མ་ལྟར་ཁས་བླང་ངོ༌། །གཞུང་དུ་མི་སླུ་བའི་དོན་འཐོབ་པ་ལ་དང༌། དེའི་གོ་བ་དོན་དེ་ཉིད་ལ་འབྲེལ་བ་ལ་བཤད་པ་ཁོ་ནར་ངེས་ཤིང༌། དེའི་དོན་ཀྱང༌། ཆོས་མཆོག་དང་རིགས་གཏེར་ལས་དོན་རང་མཚན་དེ་འཐོབ་བྱེད་ཀྱི་ནུས་པ་ལ་འཆད་པར་མཐུན་ནོ། །ནུས་པ་འདི་ཡང༌། འཇུག་ཡུལ་རང་མཚན་དེ་ལ་འབྲེལ་བའི་གཞལ་བྱ་དེ་གསར་དུ་རྟོགས་པ་ཉིད་ཀྱི་ཚེ་ན་འབྱུང་བ་ཡིན་ཏེ། རྗེས་དཔག་གིས་གཞན་སེལ་རྟོགས་པའི་ཚེ་དང༌། མངོན་སུམ་གྱིས་གཟུང་རྣམ་རྟོགས་པའི་ཚེ་ནའོ། །དེ་ལྟར་བཤད་པ་ན། མི་སླུ་བའི་དོན་རྟོགས་པ་ལ་བྱས་ནས་གཞལ་བྱ་གསར་རྟོགས་ཀྱི་རིག་པ་ཙམ་ཚད་མའི་མཚན་ཉིད་དུ་ཁས་ལེན་པ་དེ་ནི་བསྡུས་པའི་ལུགས་ཡིན་གྱི། མདོ་སེམས་ཀྱི་གཞུང་ན་མེད་དོ། །གཉིས་པ་ནི། མི་སླུ་བ་དེས་སྒྲ་བྱུང་གི་ཚད་མ་ལ་མ་ཁྱབ་བོ་ཞེ་ན། ཕྱོགས་ཀྱི་གླང་པོ་བཞེད་པའི་སྒྲ་ལས་བྱུང་བའི་ཚད་མ་ཆོས་ཅན། ཡང་ཞེས་པའི་སྒྲས་མི་སླུ་བ་ཡིན་ཏེ། མངོན་པར་འདོད་པའི་འཇུག་ཡུལ་གསར་དུ་སྟོན་པའི་ཕྱིར་རོ། །དེའི་མཚན་གཞི་ནི། བུམ་པ་མི་རྟག་ཅེས་པའི་སྒྲ་ནི། རང་སྨྲ་བ་པོའི་བྱེད་པ་བརྗོད་འདོད་ཀྱི་ཡུལ་གྱི་དོན་གང་ཡིན་པ་དེ་བློ་ལ་རབ་ཏུ་གསལ་བར་སྒྲུབ་པ་དེ་ལ་ཚད་མ་སྟེ་རྟགས་ཡང་དག་ཡིན་ཏེ། དེའི་ཚུལ་གསུམ་ཚང་བའི་ཕྱིར། མུ་སྟེགས་འདོད་པའི་སྒྲ་བྱུང་གི་བློ་ནི་ཚད་མ་མ་ཡིན་ཏེ། ཚིག་དེ་ཉིད་རང་གི་བརྗོད་བྱའི་དོན་གྱི་རྒྱུ་ཅན་ཏེ། འབྲས་བུ་མ་ཡིན་པའི་ཕྱིར། དེ་ལྟར་མ་ཁྱབ་པ་སྤངས་ནས། ཁྱབ་ཆེས་པ་སྤོང་བ་ནི། གཞུང་དངོས་བསྟན་གྱི་མཚན་ཉིད་མི་སླུ་བ་དེས་བཅད་ཤེས་ལ་ཁྱབ་ཆེས་སོ་ཞེ་ན། ཀུན་རྫོབ་པའི་བློ་བཅད་ཤེས་ནི་ཆོས་ཅན། འདིར་བསྟན་གྱི་མི་སླུ་བ་ཉིད་དུ་མི་འདོད་དེ། རང་གི་ཉེར་ལེན་ཚད་མ་སྔ་མས་ངེས་པ་དྲངས་པའི་སྒོ་ནས་འཇུག་ཡུལ་དུ་གཟུང་ཟིན་པའི་དོན་དེ་ཉིད་བསྣན་ནས་འཛིན་པའི་ཕྱིར། འདིས་ནི་མངོན་སུམ་རང་སྟོབས་ཀྱིས་དྲངས་པའི་ངེས་ཤེས་དོན་མཐུན་དང་རྗེས་དཔག་སྐད་ཅིག་གཉིས་པ་སོགས་རང་གི་འཇུག་ཡུལ་ལ་མི་སླུ་བ་མ་ཡིན་པར་དངོས་སུ་བཤད་ལ། གཞན་དག་བཅད་ཤེས་ཀྱི་ཚོགས་མི་སླུ་བར་འདོད་པ་ནི་བསྡུས་པའི་ལུགས་སོ། །གལ་ཏེ་རྟོགས་ཟིན་རྟོགས་པའི་བཅད་ཤེས་རྣམས་གསར་རྟོགས་མ་ཡིན་པའི་རྒྱུ་མཚན་གྱིས་ཚད་མིན་དུ་འཇོག་པ་དེ་ལྟ་མ་ཡིན་པར། གསར་དུ་མི་སླུ་བ་མ་ཡིན་པའི་རྒྱུ་མཚན་གྱིས་ཚད་མིན་དུ་འཇོག་ན། གཞན་ལས་ངེས་ཀྱི་འཇུག་ཡུལ་ངེས་བྱེད་ཀྱི་ཚད་མར་བཤད་པ་དེ་དག་མི་སླུ་བ་མ་ཡིན་པར་འགྱུར་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་མི་སླུ་བར་བྱས་ཟིན་པའི་ཡུལ་ལ་འཇུག་པའི་ཕྱིར་སྙམ་ན། མི་མཚུངས་ཏེ། གཞུང་དོན་གྱི་བཅད་ཤེས་དེ་ནི་རང་དང་འཇུག་ཡུལ་གཅིག་ལ་འཇུག་པའི་ཚད་མ་དེས་རང་སྟོབས་ཀྱིས་དྲངས་པ་ཡིན་ལ། འདི་ནི་དེས་དེ་ལྟར་འདྲེན་ནུས་པ་མ་ཡིན་པའི་ཕྱིར་རོ། །མི་སྲིད་པ་སྤང་བ་ནི། མཚན་ཉིད་མི་སླུ་བའི་ཤེས་པ་དེ་མཚན་གཞི་དབང་པོ་གཟུགས་ཅན་པ་ལ་མི་སྲིད་དོ་ཞེ་ན། ཚད་མ་ནི་བློ་ཉིད་དུ་ངེས་ཏེ། བླང་བྱ་དང་དོར་བྱའི་དངོས་པོ་ཡི་ཡུལ་ལ་འཇུག་པ་དང་ལྡོག་པ་ལ་ཚད་མ་དེ་ཉིད་གཙོ་བོ་ཡིན་པའི་ཕྱིར་དང༌། ཡུལ་གྱི་རྣམ་པ་ཅན་ནི་ཐ་དད་པས་བློའི་རྟོགས་པ་ཐ་དད་དུ་འཇོག་པའི་ཕྱིར་ཏེ། ཡུལ་གྱི་རྣམ་པ་ཤར་བ་དེ་ཡོད་ན་ཡུལ་རྟོགས་པ་འདི་ཡོད་པའི་ཕྱིར་རོ། །འདི་མི་སྲིད་པའི་སྐྱོན་སྤོང་ལ་སྦྱོར་བ་ནི་བོད་དུ་མཚོན་སྦྱོར་འགོད་པ་དང་བསྟུན་ནས་མཚན་ཉིད་ཀྱི་སྐྱོན་སེལ་ཚུལ་དུ་བསྒྲིགས་པ་ཡིན་གྱི། དོན་ལ་གནས་པ་ནི་ཚད་མ་ལ་ཤེས་པས་ཁྱབ་པ་ཉིད་དུ་གྲུབ་པ་སྐབས་ཀྱི་དོན་ཡིན་ཏེ། རིག་བྱེད་ཚད་མ་དང་ཚད་མ་རྟག་པ་འགོག་པའི་སྐབས་ལས་ཤེས་པའི་ཕྱིར། མི་སྲིད་པའི་སྐྱོན་སྤོང་དགོས་པ་ཞིག་ལ་སྦྱོར་ནའང་འདི་ལྟར། མཚན་ཉིད་དེ་མཚན་གཞི་ཚད་མ་ལ་མ་ཁྱབ་པ་དང༌། ཁྱབ་ཆེས་པ་དང༌། མི་སྲིད་པ་མ་ཡིན་ཞེས་འཆད་ལ། དེའི་ཚེ་ཚད་མ་ནི་བློ་ཉིད་ཅེས་སྒྲུབ་དགོས་ཀྱི། དབང་པོ་གཟུགས་ཅན་པ་སོགས་ཀྱི་དོགས་པ་སེལ་མི་དགོས་ཏེ། དེ་ནི་མ་ཁྱབ་པ་སེལ་བའི་ནང་དུ་འདུས་པའི་ཕྱིར་དང༌། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། མཚན་ཉིད་མི་སླུ་བའི་རིག་པ་དེ་མཚན་གཞི་ཚད་མའི་སྟེང་དུ་གང་གིས་ངེས་པར་བྱེད་ཅེ་ན། མཚན་ཉིད་དེ་ལ་ཟུར་གཉིས་ལས། ཚད་མ་ཡིན་ན་རང་གི་ངོ་བོ་རིག་པ་ཡིན་པ་དེ་ལ་ངེས་པ་འདྲེན་བྱེད་ཀྱི་ཚད་མ་གཞན་མི་དགོས་པས་ཁྱབ་སྟེ། དེ་ཡིན་ན་རང་ལས་རང་གི་ངོ་བོ་རྟོགས་དགོས་པའི་ཕྱིར། ཤེས་པའི་ཐ་སྙད་ནི་རྟགས་ཀྱིས་སྒྲུབ་དགོས་པའང་སྲིད་དོ། །ཚད་མ་ཡིན་ན་རང་ཉིད་མི་སླུ་བ་ཡིན་པར་རང་གིས་ངེས་པའམ། དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པས་མ་ཁྱབ་སྟེ། རང་ཉིད་འཇུག་ཡུལ་ལ་ཚད་མ་སྟེ་མི་སླུ་བ་ཡིན་པ་ཉིད་ནི་ཐ་སྙད་ལས་ངེས་དགོས་པའི་ཕྱིར། ཐ་སྙད་དེ་ནི་གཉིས་ཏེ། ཚད་མ་རང་གིས་དྲངས་པའི་དང༌། ཚད་མ་གཞན་ཞིག་བརྒྱུད་ནས་དྲངས་པའི་ཐ་སྙད་དོ། །དེ་ལྟར་རང་གི་འཇུག་ཡུལ་ངེས་བྱེད་ཀྱི་ཐ་སྙད་རང་གིས་འདྲེན་ནུས་པ་དེ་ལ་རང་ལས་ངེས་ཀྱི་ཚད་མ་དང༌། གཅིག་ཤོས་ལ་གཞན་ངེས་ཚད་མའི་ཐ་སྙད་ནི་ཆོས་མཆོག་དང་རིགས་པའི་གཏེར་གྱིས་བྱས་ལ། ཚད་མ་དེའི་འཇུག་ཡུལ་རང་མཚན་དུ་ངེས་པ་ན་ཚད་མ་དེ་ཁོ་རང་གི་འཇུག་ཡུལ་ལ་མི་སླུ་བར་ཡང་གྲུབ་པ་ཡིན་ཏེ། དེ་ཉིད་མི་སླུ་བའི་དོན་དུ་གཞུང་ལས་བཤད་མ་ཐག་པའི་ཕྱིར་རོ། །ཐ་སྙད་ལས་ཚད་མ་མི་སླུ་བར་འགྲུབ་པ་དེ་ལྟ་ན། ཚད་མའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་དོ་ཞེ་ན། དེ་ལྟ་ན་ཡང་དེའི་བསྟན་བཅོས་མཛད་པ་ཆོས་ཅན། དོན་ཡོད་དེ། མཚོན་བྱ་ཚད་མའི་ཐ་སྙད་ལ་རྨོངས་པ་ཟློག་བྱེད་ཡིན་པའི་ཕྱིར། དེ་ལྟར་ན་རང་རིག་ལས་ཤེས་པར་གྲུབ་པ། ཐ་སྙད་ལས་མི་སླུ་བར་གྲུབ་པ། བསྟན་བཅོས་ལས་ཚད་མའི་ཐ་སྙད་གྲུབ་པ་ཞེས་བྱ་བར་ངེས་སོ། །གཉིས་པ་ལ་དངོས་དང་ངེས་བྱེད་ཁ་བསྐང་བའོ། །དང་པོ་ནི། མི་སླུ་བའི་དོན་ནི་སྔར་མ་ཟད་དེ། སྔར་མ་ཤེས་པའི་དོན་གསལ་བྱེད་ཀྱང་མི་སླུ་བའི་དོན་དུ་འཇོག་པའི་ཕྱིར། འདིས་ཡུལ་ཅན་གྱི་མི་སླུ་བ་བསྟན་ནོ། །དེ་ལྟར་བཤད་ན། ཇི་སྐད་དུ། མི་སླུ་མ་ཤེས་དོན་གསལ་གཉིས། །རང་མཚན་རྟོགས་པར་དོན་ལ་མཐུན། །ཞེས་པ་ལྟར་ཡིན་ལ། ཡང་ན། ཚད་མ་ལ་མི་སླུ་བ་ཙམ་གྱིས་ཆོག་གམ་ཞེ་ན། མ་ཡིན་ཏེ། སྔར་མ་ཤེས་པའི་གཞལ་བྱའི་དོན་གསལ་བར་བྱེད་པ་ཅིག་ཀྱང་དགོས་པའི་ཕྱིར། འདིས་གཞལ་བྱ་གསར་རྟོགས་དགོས་པར་བསྟན་ནོ། །དེའི་དངོས་བསྟན་ལ་རྩོད་པ་ནི། གཞལ་བྱ་སྤྱི་མཚན་སྔར་མ་རྟོགས་གསར་རྟོགས་ཀྱི་རིག་པ་ཡིན་པ་ཙམ་གྱིས་ཚད་མར་འཇོག་གམ་ཞེ་ན། མ་ཡིན་ཏེ། སྔོན་པོའི་སྤྱི་སྔར་མ་རྟོགས་གསར་རྟོགས་ཀྱི་རྣམ་པར་ཤེས་པ་ནི་སྔོན་པོ་རང་མཚན་རང་གི་ངོ་བོ་རྟོགས་པ་སྟེ་རྣམ་པ་ཤར་བའི་མངོན་སུམ་གྱི་འོག་ཏུ་ཐོབ་པ་སྟེ་གོམས་པ་ཅན་གྱི་མངོན་སུམ་དེས་རང་སྟོབས་ཀྱིས་དྲངས་པའི་ཕྱིར། དེའི་ཁྱབ་འགྲེལ་ནི། ཚད་མ་ཡིན་ན་འཇུག་ཡུལ་རང་གི་མཚན་ཉིད་ཚད་མ་སྔ་མས་མི་ཤེས་པ་སྟེ་ངེས་པ་རང་སྟོབས་ཀྱིས་དྲངས་མ་ཟིན་པ་ཞིག་ཤེས་པ་སྟེ་འཐོབ་ནུས་པ་གང་ཡིན་པ་ཞིག་དགོས་སོ། །ཞེས་དགོངས་པའི་ཕྱིར་ཏེ། ཚད་མ་ཡིན་ན་འཇུག་ཡུལ་རང་གི་མཚན་ཉིད་ལ་བརྟགས་ཤིང་དཔྱད་ནས་འཇུག་དགོས་པའི་ཕྱིར་རོ། །སྐབས་འདིར་ཚད་མ་ལ་མི་སླུ་བ་དང་མ་ཤེས་དོན་གསལ་གྱི་ཚོགས་དོན་དགོས་པར་བསྟན་ནོ། །དེ་ལྟར་ན་རྗེས་དཔག་གིས་གཞལ་བྱ་སྤྱི་མཚན་གསར་དུ་རྟོགས་ཀྱང་རྟོགས་པ་དེ་ལ་ཚད་མ་མ་ཡིན་པར་གཞུང་འདིས་བསྟན་པ་དེའི་ཕྱིར་གང་ཚད་མ་ཡིན་ན་རང་གི་འཇུག་ཡུལ་རང་མཚན་པ་དེ་ལ་ཚད་མར་སོང་དགོས་སོ། །དེའི་ཚེ་ནམ་མཁའ་དངོས་མེད་དང་ཕུང་པོ་བདག་མེད་སོགས་སུ་རྟོགས་པའི་རྗེས་དཔག་ལྟ་བུ་ཐ་སྒྲུབ་ལ་བརྟེན་པ་རྣམས་ལ་ནི་རློམ་ཚོད་ཀྱི་བསྒྲུབ་བྱའི་ཆོས་རང་མཚན་པ་ཡོད་པ་དེ་ཉིད་ཀྱིས་ཆོག་ལ། མེ་དོན་གཉེར་གྱི་སྐྱེས་བུས་ཀེང་ཤུ་ཀའི་ཕུང་པོ་ཚ་ཞིང་སྲེག་པ་མ་ཡིན་པར་རྟོགས་པ་ལྟ་བུ་ལ་ནི་མེ་རང་མཚན་ཉིད་དེའི་འཇུག་ཡུལ་ཡིན་ཏེ། དེ་ཉིད་དེའི་བཅད་པ་དང་མཐུན་པའི་འཇུག་ཡུལ་ཡིན་པ་དང༌། དེའི་གོ་བ་ཡང་རྟགས་ཚ་ཞིང་སྲེག་པ་དེ་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ལ་བརྟེན་པའི་ཚད་མ་དེ་ཙནྡན་གྱི་ཚ་ཞིང་སྲེག་པ་མེ་རང་མཚན་དུ་རྟོགས་པའི་རྗེས་དཔག་གི་འཇུག་ཡུལ་ལ་གཞན་ལས་ངེས་ཀྱི་ཚད་མར་འགྲོ་བ་ནི་རྟགས་འཛིན་སེམས་སྟོན་པའི་གཞུང་ལས་གསལ་བའི་ཕྱིར་རོ། །གཉིས་པ་ནི། མཚན་ཉིད་མ་ཤེས་དོན་གསལ་དེ་མཚན་གཞི་ཚད་མའི་སྟེང་དུ་གང་གིས་ངེས་པར་བྱེད་ཅེ་ན། འདི་ཡུལ་ཅན་གྱི་མི་སླུ་བ་ལ་སྦྱོར་བའི་ཚེ་ངེས་བྱེད་གོང་མ་ཉིད་ཀྱིས་ཆོག་ལ། གཞལ་བྱ་གསར་རྟོགས་ལ་སྦྱོར་བའི་ཚེ། ཐ་སྙད་ལས་ནི་དོན་གསལ་ཉིད། །ཅེས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་ཆོས་ཅན། ཚད་མ་ཉིད་ཡིན་ཏེ། མི་སླུ་བའི་རིག་པ་དང་མ་ཤེས་དོན་གྱི་ཚོགས་པ་དེ་དང་ལྡན་པ་ཉིད་ཡིན་པའི་ཕྱིར། གཞན་དག དེ་ཚད་མའི་སྐྱེས་བུར་སྒྲུབ་ཀྱི་ཚད་མར་མི་སྒྲུབ་ཅེས་ཟེར་བ་ནི་སྐབས་ཀྱི་དོན་ལས་ཉམས་ཤིང༌། སྐྱེས་བུར་མི་སྒྲུབ་པ་ཡང་མ་ཡིན་ཏེ། སྐྱེས་བུ་ཁྱད་པར་ཅན་མི་སྲིད་པའི་ལོག་རྟོག་འགོག་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་འགོག་པ་ན་ཆོས་ཅན་དུ་བཟུང་བྱ་ནི་འདི་ལས་གཞན་མི་སྲིད་པའི་ཕྱིར་རོ། །འདི་ཡན་ཆད་དུའང་འཁྲུལ་པར་མངོན་པ་དུ་མ་ཞིག་གཞན་དག་གིས་བྱས་ཏེ། ལྷ་དབང་བློས། དེ་བཞིན་བཅོམ་ལྡན་ཚད་མ་ཉིད། །ཅེས་བཤད་ནས། ཚད་མ་དང་འདྲ་བར་འཆད་མོད། སྐབས་ཀྱི་དོན་ལས་ཉམས་པར་འགྱུར་ཏེ། འདྲ་བ་རྒྱུ་མཚན་དུ་བྱས་པའི་བཏགས་མིང་དུ་སོང་བས་ཐུབ་པའི་དབང་པོ་ཚད་མ་མ་ཡིན་པར་ཁས་བླངས་པའི་ཕྱིར། བོད་ཕྱི་མ་གྲགས་པ་ཅན་དག་གིས་ནོར་བར་བྱས་པ་ནི། སྔོན་འཛིན་མངོན་སུམ་ཆོས་ཅན་དུ་བཟུང་ནས་ཚད་མར་བསྒྲུབས་པ་དང༌། སྒྲ་བྱུང་གི་གོ་དོན་སྒྲ་བཟུང་དོན་དུ་བྱེད་པའི་ཉན་ཤེས་ལ་འཆད་པ་དང༌། དེ་ལ་སྒྲ་ནི་ཚད་མ་ཉིད། །ཅེས་པ་རྟགས་སུ་བཀོད་ནས། དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་པ་ཐལ་བར་འཕངས་པ་དང༌། བཅད་ཤེས་གསར་དུ་མི་སླུ་བར་མི་འདོད་ཅེས་ཟེར་རྒྱུ་ལ། ཚད་མར་མི་འདོད་ཅེས་གཞན་གྱིས་གྲུབ་ཟིན་བསྒྲུབས་པ་དང༌། བློ་ནི་ཚད་མ་ཉིད་ཅེས་པར། གསར་དུ་སླུ་བ་མེད་པའི་བློ་ཚད་མར་སྒྲུབ་པ་ལ་ཆོས་ཅན་དེ་ཉིད་རྟགས་སུ་བཀོད་པ་དང༌། རང་ལས་རང་གི་ངོ་བོ་རྟོགས། །ཞེས་རྐང་པ་གཉིས་རང་ངེས་དང་གཞན་ངེས་ཀྱི་ཚད་མ་ལ་སོ་སོར་སྦྱོར་བ་འགྲེལ་མཛད་སུའི་ཡང་ལུགས་མ་ཡིན་བཞིན་དུ་སྦྱར་བ་དང༌། ཡང་རྐང་པ་གཉིས་པོས་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་དོན་དམ་དུ་མེད་པ་དང་ཐ་སྙད་དུ་ཡོད་པར་བསྟན་ནོ། །ཞེས་ཟེར་བ་ལ་དགོས་ནུས་གང་ཡང་མེད་པ་དང༌། བསྟན་བཅོས་རྨོངས་པ་ཟློག་བྱེད་ཀྱི་དོན་རིག་བྱེད་ནས་བཤད་པའི་རྨོངས་པ་ཟློག་བྱེད་ལ་སྦྱར་བ་སུས་ཀྱང་མ་བཤད་ཅིང་ནུས་པ་མེད་པ་དང༌། རང་གི་མཚན་ཉིད་མི་ཤེས་པ། །ཤེས་པ་གང་ཡིན། ཞེས་པ་ཕྱོགས་སྔ་མ་ལ་སྦྱར་བ་དང༌། ཞེས་དགོངས་ཕྱིར། ཞེས་པ་རང་གཞུང་དུ་སྦྱར་བའི་འབྲེལ་མེད་ཀྱི་འཆད་ལུགས་བྱས་པ་དང༌། ཚད་མའི་འཇུག་ཡུལ་ལ་རང་མཚན་གྱིས་ཁྱབ་པར་བཤད་པ་མ་བདེ་ནས། རང་གི་མཚན་ཉིད་སོགས་རྐང་པ་གསུམ་པོའི་གཞུང་འདོན་ཚུལ་བཅོས་པ་ནི། རང་གི་མཚན་ཉིད་ཤེས་པ་ལ། །ཤེས་གང་རིག་མེད་ཕྱིར་བསམས་པས། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བཏོན་ནས། གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་དེ་ཁོ་ན་ཉིད་ལས་གཞན་པའི་དེ་ཁོ་ན་ཉིད་མེད་ཅེས་སྐབས་ཀྱི་བརྗོད་བྱའི་དོན་སྟོན་རྒྱུ་ཅི་ཡང་མེད་པ་བྱས་པ་དེ་དག་གི་རྗེས་སུ་ཟློ་བར་མི་བྱའོ། །གཞུང་རྐང་པ་གཅིག་པོ་འདིས་བསྟན་པའི་གཏན་ཚིགས་དེ་ནི་ལེའུ་འདིའི་སྙིང་པོར་གྱུར་པ་ཡིན་པས། རྟགས་དང་བསྒྲུབ་བྱའི་སྐྱོན་སེལ་ཚུལ་འདི་ལྟར། རྗེས་འགྲོ་ནི་གོང་དུ་བཤད་མ་ཐག་པའི་འཇིག་རྟེན་པའི་ཚད་མ་དག་གི་སྟེང་དུ་གྲུབ། ལྡོག་པ་ལ་རྟགས་གཉིས་ལས། མ་ཤེས་དོན་གསལ་མི་མཐུན་ཕྱོགས་ལ་འགོག་བྱེད་ནི་རང་འབྱུང་གྱི་ཚད་མ་འགོག་བྱེད་ཀྱི་རིགས་པ་དག་ཡིན་ལ། མི་སླུ་བ་མི་མཐུན་ཕྱོགས་ལ་ཡོད་པ་ཇི་ལྟར་འགོག་ན། མི་སླུ་བ་ཚད་མའི་མཚན་ཉིད་དུ་བཞག་པ་ལ། ཁྱབ་ཆེས་པ་དང་མི་སྲིད་པ་སྤོང་བའི་གཞུང་གིས་ཐོན་པ་ཁོ་ནར་མ་ཟད། གཞན་སྡེས་ཚད་མར་འདོད་པའི་རིག་བྱེད་དང་དབང་ཕྱུག་རྟག་པ་སོགས་མི་སླུ་བ་མ་ཡིན་པར་གྲུབ་པ་ཉིད་ཀྱིས་ཀྱང༌། ཐུབ་པ་ཉག་གཅིག་ཚད་མར་འགྲུབ་བོ། །ཕྱོགས་ཆོས་ཀྱི་འགྲུབ་ཚུལ་ལ། རྟགས་དང་པོ་མ་ཤེས་དོན་གསལ་ནི། སྔོན་སོ་སོ་སྐྱེ་བོའི་རྟོགས་པ་སྔོན་དུ་སོང་བར་བསྒྲུབས་པ་ཉིད་ཀྱིས་འགྲུབ་སྟེ། ཇི་སྐད་དུ། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་སོ། །མི་སླུ་བར་ནི་རང་གིས་ཇི་ལྟར་གཟིགས་ཤིང་གསུང་པ་དེ་དོན་ལ་གནས་པར་བསྒྲུབས་པ་ཉིད་ཀྱིས་འགྲུབ་པ་ཡིན་ཏེ། ཇི་སྐད་དུ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ནི་རྫུན་མི་གསུང༌། །ཞེས་སོ། །དེ་ལྟར་ཤེས་ནས་ཚུལ་གསུམ་དྲན་ལམ་དུ་འཕེན་པ་ནི། དེ་ཕྱིར་ཚད་ཡིན་ཞེས་པའོ། །བསྒྲུབ་བྱའི་སྐྱོན་སེལ་ཚུལ་ནི། རིག་བྱེད་པ་དང་གཅེར་བུ་པ་དང་དབང་ཕྱུག་པ་དག་ནི་སྐབས་འདིའི་ཕྱིར་རྒོལ་བ་ཡིན་ལ། དེའི་ངོར་ཐུབ་པའི་དབང་པོ་ཚད་མ་ཉིད་དུ་གྲུབ་བསལ་མེད་ཅིང༌། རྣམ་འགྲེལ་མཛད་པ་ལ་དཔག་འདོད་ཡོད་པས་ན་བསྒྲུབ་བྱ་སྐྱོན་མེད་དོ། །ཁྱབ་འཇུག་པ་ནི་སྐབས་འདིའི་རྒོལ་བ་མ་ཡིན་ཏེ། དེས་ཐུབ་པ་ཉིད་ཁྱབ་འཇུག་གི་འཇུག་པ་གཅིག་ཏུ་འདོད་པས་སོ། །གཏན་ཚིགས་འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་སྟེ། མཚན་ཉིད་རྟགས་སུ་བཀོད་ནས་མཚན་གཞི་ལ་མཚོན་བྱའི་ཐ་སྙད་བསྒྲུབས་པས་སོ། །བོད་ཕྱི་མ་དག་ལེའུ་འདིར་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་བསྒྲུབས་པ་ཡིན་ནོ་ཞེས་ཟེར་མོད། ཤིན་ཏུ་ཀློག་གྱུར་ལ་དངོས་པོ་སྟོབས་ཞུགས་ཀྱི་སྒྲུབ་བྱེད་འཇུག་པ་དང༌། དངོས་སྟོབས་ཡུལ་ལ་ལུང་སྒྲུབ་བྱེད་དུ་འཇུག་པ་ནི་རྣམ་འགྲེལ་མཛད་པས་བཀག་པའི་ཕྱོགས་སྔ་མའོ། །གཉིས་པ་ལ་གཉིས་ཏེ། རང་གི་སྟོན་པ་སྒྲུབ་བྱེད་ཀྱི་ཐབས་ལས་འཁྲུངས་པར་གྲུབ་པ། གཞན་གྱི་སྟོན་པ་རང་བྱུང་དུ་མི་འཐད་པའོ། །དང་པོ་ལ། མདོ་ཚིག་གི་འབྲུ་གཉེར་བ་དང༌། དེས་གྲུབ་པའི་དོན་གཉིས་ལས། དང་པོ་ནི། བདག་ཉིད་ཆེན་པོས་མདོའི་མཆོད་བརྗོད་དུ་གྱུར་པ་ཞེས་གསུངས་པ་ཆོས་ཅན། མ་སྐྱེས་པ་རང་བྱུང་གི་ཚད་མ་ཡོད་དོ་སྙམ་པ་ནི་ཟློག་པའི་དོན་དུ་ཡིན་ཏེ། ཁྱོད་ཀྱིས་དོགས་པ་དེ་ཁེགས་པའི་ཕྱིར། གཉིས་པ་ནི། དེས་ན་ཐུབ་པའི་དབང་པོ་ནི་སྒྲུབ་བྱེད་ཀྱི་ཐབས་ལ་ལྟོས་ནས་ཚད་མའི་སྐྱེས་བུར་འཁྲུངས་པ་ཉིད་དུ་རིགས་སོ། །གཉིས་པ་ལ་གཉིས་ཏེ། རང་བྱུང་གི་ཚད་མ་འདོད་པ་ལ་གནོད་བྱེད་ཡོད་པ་དང༌། སྒྲུབ་བྱེད་མེད་པའོ། །དང་པོ་ལ། རྟག་པ་རང་བྱུང་ལ་དང༌། མི་རྟག་པ་རང་བྱུང་ལ་གནོད་བྱེད་ཡོད་པའོ། །དང་པོ་ནི། དབང་ཕྱུག་པ་དག་ན་རེ། དབང་ཕྱུག་ནི་རྟག་པ་དང༌། བྱེད་པ་པོ་དང༌། ཚད་མའོ་ཞེས་ཟེར། ཚད་མ་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། ཚད་མ་ཡིན་ན་རང་གི་འཇུག་ཡུལ་དངོས་པོར་ཡོད་པ་རྟོགས་པའམ་འཐོབ་པས་ཁྱབ་པའི་ཕྱིར། རྟགས་དེའི་ལྡོག་པ་སྒྲུབ་བྱེད་ནི་ཤེས་བྱའི་ཡུལ་མི་རྟག་པ་ཉིད་ཀྱིས་ཤེས་བྱེད་ཀྱི་ཚད་མ་དེ་ནི་མི་རྟེན་པ་ཉིད་ཡིན་དགོས་པའི་ཕྱིར། དབང་ཕྱུག་གི་ཤེས་པ་མི་རྟག་ཀྱང༌། རྟེན་དབང་ཕྱུག་རྟག་གོ་ཞེ་ན། རྟེན་རྟག་པ་ལས་བརྟེན་པ་མི་རྟག་པའི་ཚད་མ་སྐྱེ་བར་མི་འཐད་དེ། རིམ་བཞིན་སྐྱེ་བ་ཅན་གྱི་ཚད་མ་དག་ནི་ཉེར་ལེན་རྟག་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་དང༌། རྟག་པ་དེ་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར། དེའི་ཤེས་བྱེད་རྐྱེན་མི་རྟག་པའི་རྣམ་པ་འགས་ཉེར་ལེན་རྟག་པ་ལ་ཕན་གདགས་པར་བྱ་བ་མ་ཡིན་པའི་ཕྱིར། གཉིས་པ་ནི། སུན་འབྱིན་དེ་མ་བཟོད་ནས་དབང་ཕྱུག་དེ་མི་རྟག་ན་ཡང་རང་བྱུང་གི་ཚད་མའོ་ཞེ་ན། དེ་ལྟ་ན་ཡང་དེ་རང་བྱུང་གི་ཚད་མ་ཡིན་པ་ལ་ཤེས་བྱེད་ཀྱི་ཚད་མ་མེད་པ་ཉིད་དེ། མངོན་སུམ་དང་རྗེས་དཔག་གང་གིས་ཀྱང་དེར་མི་འགྲུབ་སྟེ། འདི་དང་གོང་འོག་མང་པོར་རྟོགས་པའི་དོན་འཐོབ་པ་ལ་བཤད་པ་འདོད་པས་བཏགས་པ་ཙམ་མ་ཡིན་ཏེ། ཇི་སྐད་དུ། བིད་འཐོབ་པ་ལའོ་ཞེས་རྟོགས་འཐོབ་གཉིས་སྐད་དོད་གཅིག་པའི་ཕྱིར་ཞེས་སྤང་ལོ་ཙཱ་བ་གསུང་ངོ༌། །གཉིས་པ་ལ་གཉིས་ཏེ། དབང་ཕྱུག་རྟག་པས་བྱས་པའི་སྒྲུབ་བྱེད་མི་འཐད་པ་དང༌། བྱེད་པ་པོ་དབང་ཕྱུག་རྟག་པ་ཉིད་དགག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་རྣམས་ཆོས་ཅན། སྐྱེས་བུའི་བློ་སྔོན་དུ་སོང་བ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། གཞལ་ཡས་ཁང་བཞིན། དོན་བྱེད་པར་ནུས་པའི་ཕྱིར། དགྲ་སྟ་བཞིན། སོགས་པའི་སྒྲས་སེམས་མེད་དང་སྐྱེ་ལྡན་དག་འགོད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་ལ་སྐྱོན་ཆགས་པ་དང༌། སྒྲུབ་བྱེད་འཁྲུལ་བའོ། །དང་པོ་ནི། དབང་ཕྱུག་པ་ཆོས་ཅན། ཁྱོད་ཀྱིས་ཕྱིར་རྒོལ་སངས་རྒྱས་པའི་ངོར་དེ་ལྟར་སྒྲུབ་པ་མི་འཐད་དེ། དེའི་ཚེ་སྨྲས་ཙམ་དེ་བསྒྲུབ་བྱར་བྱེད་ན་ནི་དེ་སངས་རྒྱས་པའི་རྩ་བའི་འདོད་པ་ཡིན་པས་གྲུབ་ཟིན། ཞེ་འདོད་བསྒྲུབ་བྱར་བྱེད་ན་ནི་དེ་ཕྱི་རྒོལ་གྱི་ཚད་མས་བསལ་ཟིན་པས་སོ། །གཉིས་པ་ལ་འགལ་བ་དང་མ་ངེས་པའི་སྐྱོན་གཉིས་ལས། དང་པོ་ནི། ཞེ་འདོད་ལ་དེའི་རྟགས་ཀྱིས་དེ་དང་དེ་དག་དབང་ཕྱུག་རྟག་པས་བྱས་པར་སྒྲུབ་མི་ནུས་ཏེ། དེ་ལྟར་སྒྲུབ་པའི་མཐུན་དཔེ་མ་གྲུབ་པས་རྗེས་འགྲོ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ལས། བསྟན་པ་ནི། ཡང་ན་དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་དང་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། རྟགས་གྲུབ་པ་ན། ཁྱབ་པ་ལ་དབང་ཕྱུག་ཉིད་ཀྱིས་མ་ངེས་པ་སོང༌། ཁྱབ་འབྲེལ་ཡོད་པའི་ཚེ་རྟགས་མི་འགྲུབ་པའི་ཕྱིར། བཤད་པ་ནི། རྟགས་ཁྱབ་ལ་ཐེ་ཚོམ་ཟ་བ་ཇི་ལྟར་ཞེ་ན། འོ་ན་དེ་དག་དེར་སྒྲུབ་པ་ལ་དབྱིབས་ཁྱད་པར་ཅན་རྟགས་སུ་འགོད་དམ་དབྱིབས་ཙམ་དང་ལྡན་པ་རྟགས་སུ་འགོད། དང་པོ་ལྟར་ན། རང་བྱིན་གྱིས་རློབ་པ་པོའི་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ཅན་གྱི་དབྱིབས་སོགས་ཅི་འདྲ་བ་རབ་ཏུ་གྲུབ་པ་དེ་ལས་ཆོས་ཅན་གྱི་ཁྱད་པར་འགའ་ཞིག་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ན་ཡང༌། དབང་ཕྱུག་པ་ཆོས་ཅན། ཁྱོད་ཀྱིས་སངས་རྒྱས་པའི་ངོར་འཇིག་རྟེན་གྱི་གནས་ལུས་དབང་ཕྱུག་གིས་བྱས་པར་མི་འགྲུབ་སྟེ། བྱེད་པ་པོ་དབང་ཕྱུག་ཡོད་མེད་ཀྱི་རྗེས་སུ་འཇུག་པར་ཁྱོད་དང་ཕྱིར་རྒོལ་གཉིས་ཀས་མ་མཐོང་བའི་ཕྱིར། གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། དེ་ལ་གཉིས་ཏེ། ཁྱབ་པ་མ་ངེས་པ་དང༌། དེས་གཞན་ཡང་མཚོན་པའོ། །དང་པོ་ལ། དངོས་སྐྱོན་འཕེན་པ་དང༌། སྐྱོན་སྤོང་དགག་པའོ། །དང་པོ་ནི། དབྱིབས་ཞེས་པའི་སྒྲ་འཇུག་པར་མཚུངས་པས། སྐྱེས་བུས་བྱས་པའི་དབྱིབས་དང༌། དབྱིབས་ཙམ་དུ་ཐ་དད་མེད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་འཇིག་རྟེན་གྱི་གནས་ལུས་སོགས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་ནི་རིགས་པ་མ་ཡིན་ཏེ། དབྱིབས་ཙམ་དེ་ནི་སྐྱེས་བུས་བྱས་པ་ལས་ཐ་དད་པ་དེས་མ་བྱས་པའི་དངོས་པོ་ལ་རབ་ཏུ་གྲུབ་པའི་ཕྱིར། དཔེར་ན་སྐྱ་བོའི་རྫས་ལས་དེ་ལྡན་གྱི་གཞིར་མེ་དཔོག་པ་བཞིན་ནོ། །སྐྱེས་བུས་བྱས་པའི་དབྱིབས་དང་འདྲ་བའི་རྟགས་ཀྱིས་དེ་འདྲ་དེ་སྐྱེས་བུས་བྱས་པར་སྒྲུབ་པའི་ཁྱབ་པ་འཁྲུལ་པ་དེ་ལྟ་མ་ཡིན་ན། གྲོག་མཁར་ཡང་ཆོས་ཅན། རྫ་མཁན་དེས་བྱས་པ་གྲུབ་པར་འགྱུར་ཏེ། རྫ་མཁན་གྱིས་བྱས་པའི་བུམ་པ་སོགས་དང༌། འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱེད་པར་འདྲ་བའི་ཕྱིར། དེ་ནི་རིགས་པ་ཉིད་ཡིན་ནོ། །ཞེས་པ་ལ་འཕྲོས་ནས་ཁང་བཟང་སོགས་སྐྱེས་བུས་བྱས་པར་སྒྲུབ་པ་ལ་དབྱིབས་ཁྱད་པར་ཅན་རྟགས་སུ་འགོད་དགོས་པའི་རྒྱུ་མཚན་ཅི་ཞེ་ན། དབྱིབས་ཞེས་པའི་སྒྲའི་སྤྱི་ནི་མཐོང་བ་ལས་ཁང་བཟང་སོགས་སྐྱེས་བུས་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་མི་རིགས་ཏེ། དེ་འདྲ་དེ་རིགས་ཀྱི་ཁྱད་པར་སྐྱེས་བུས་བྱས་མ་བྱས་ཀུན་ལ་གྲུབ་པའི་ཕྱིར། དཔེར་ན་ངག་ལ་སོགས་པ་ཆོས་ཅན། རྭ་ཅན་ཡིན་ཏེ། གོ་ཨུ་ཞེས་པའི་སྒྲ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་བཞིན་ནོ། །དཔེ་དོན་གཉིས་ཀའི་ཁྱབ་པ་འཁྲུལ་བའི་ཤེས་བྱེད་ནི། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། ཁྱོད་འཇུག་རུང་གང་ནའང་མེད་པ་མ་ཡིན་ཏེ། བརྗོད་པར་འདོད་པའི་གཞན་དབང་ཅན་ཡིན་པའི་ཕྱིར་དང༌། རྗོད་བྱེད་ཀྱི་མིང་དེ་ཡོད་པས་ནི་བརྗོད་བྱའི་དོན་དེ་གྲུབ་ན་སྐྱེས་བུ་ཐམས་ཅད་ཀྱིས་ནི་འདོད་དོན་ཐམས་ཅད་འབད་མེད་དུ་གྲུབ་པར་འགྱུར་རོ། །གཉིས་པ་ནི། འཇིག་རྟེན་གྱི་གནས་ལུས་སྐྱེས་བུས་བྱས་པར་སྒྲུབ་པ་ལ་དབྱིབས་ཁྱད་པར་བརྟགས་སུ་འགོད་ན་མ་གྲུབ། དབྱིབས་ཙམ་འགོད་ན་མ་ངེས། ཞེས་པ་དེ་འབྲས་མཚུངས་ཀྱི་ལྟག་ཆོད་ཡིན་ནོ་ཞེ་ན། དེ་འདྲ་དེ་འབྲས་མཚུངས་ཀྱི་ལྟག་ཆོད་མ་ཡིན་ཏེ། ཡིན་ན་དཔེའི་སྐབས་སུ་བྱས་པ་ཙམ་པོ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཡིན་ནམ། བྱས་པ་ཁྱད་པར་བ་དེ་ཡིན་ཞེས་བརྟགས་ནས་སྐྱོན་བརྗོད་དགོས་པ་ལས་དེ་ལྟར་མ་བརྗོད་པའི་ཕྱིར། ཇི་ལྟར་བརྗོད་ཅེ་ན། འབྲས་བུ་བྱས་པའི་སྤྱིས་ཀྱང་སྒྲ་མི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་འབྲེལ་བ་ཅན་སྒྲ་དང་བུམ་པ་ཉིད་ཐ་དད་པའི་ཕྱིར་རམ་རྒྱུ་མཚན་གྱིས་སྒྲའི་བྱས་པ་རྟགས་སུ་འགོད་དམ་བུམ་པའི་བྱས་པ་འགོད་ཅེས་ཐ་དད་དུ་བརྟགས་ནས་སྐྱོན་བརྗོད་པ་ནི་འབྲས་མཚུངས་སུ་འདོད་དེ། བྱས་ཙམ་གྱིས་དེ་ལྟར་སྒྲུབ་པའི་རྟགས་མི་མཐུན་ཕྱོགས་ལས་ཟློག་ཅིང༌། བསྒྲུབ་བྱ་ཤེས་འདོད་ཆོས་ཅན་གྱི་རྗེས་སུ་འགྲོ་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྟགས་ཕྱོགས་ཆོས་སུ་འགྲུབ་པ་ལ་རྟགས་ཀྱི་མིང་དོན་གཉིས་ལས་དོན་གཙོ་ཆེ་བར་གྲུབ། དེའི་ཤེས་བྱེད་ཀྱི་དཔེ་བསྟན་པའོ། །དང་པོ་ནི། ཇི་སྐད་བཤད་པ་འདིས་ནི་ཆོས་ཅན། དོན་གཞན་ཡང་བསྟན་ཏེ། སེར་སྐྱ་པ་སོགས་ཀྱིས་མི་རྟག་པ་ཉིད་ལ་སོགས་པའི་ཕྱིར་ཡང་བློ་དང་བདེ་བ་སེམས་མེད་སོགས་སུ་སྒྲུབ་པ་དང༌། གཅེར་བུ་པས་ཤུན་པ་བཤུས་ན་ནི་འཆི་བའི་ཕྱིར་གྱིས་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པ་ཉིད་དུ་དཔྱད་པར་བྱ་བ་ཡིན་པའི་ཕྱིར་ཏེ། རྟགས་ཀྱི་དངོས་པོའི་ངོ་བོ་ཆོས་ཅན་ལ་མ་གྲུབ་ན་རྟགས་མ་གྲུབ་པའི་ཚུལ་འདི་བསྟན་པའི་ཕྱིར། དེའི་ངོ་བོ་ཆོས་ཅན་ལ་གྲུབ་ན་ཁྱད་པར་མ་གྲུབ་ཀྱང་གནོད་བྱེད་མ་ཡིན་ཏེ། དཔེར་ན་སྒྲའི་སྟེང་དུ་ནམ་མཁའ་ལ་བརྟེན་པའི་ཡོན་ཏན་མ་གྲུབ་ཀྱང་བྱས་པ་གྲུབ་པ་བཞིན་ནོ། །གཉིས་པ་ལ། དངོས་དང༌། དེའི་ཤེས་བྱེད་དགོད་པའོ། །དང་པོ་ནི། ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རྟགས་སུ་དགོད་བྱའི་སྒྲ་མ་གྲུབ་ཀྱང་དངོས་པོ་ནི་གྲུབ་ན་ཕྱོགས་ཆོས་གྲུབ་པར་འགྱུར་ཏེ། དཔེར་ན་ཕྱིར་རྒོལ་འུག་པ་པ་ལ་སྔ་རྒོལ་སངས་རྒྱས་པས་འབྱུང་བཞིའི་རྡུལ་ཕྲ་རབ་མི་རྟག་པར་སྒྲུབ་པ་ལ་ལུས་ཅན་དང་སོགས་པ་ཐོགས་བཅས་སྒྲུབ་བྱེད་དུ་བཤད་པ་བཞིན་ནོ། །དོན་ནི། བྱེ་བྲག་པ་ཆོས་ཅན། ཁྱོད་ཀྱི་ངོར་དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པ་ཡིན་ཏེ། དེའི་རྡུལ་ཕྲ་རབ་དེ་རེག་བྱ་ཅན་ཡིན་པར་ཁྱོད་ཀྱི་ཚད་མས་གྲུབ་པའི་ཕྱིར། ཆོས་ཅན་དེ་ལ་ལུས་ཅན་གྱི་མིང་ནི་ཁྱོད་ཀྱིས་མི་འདོད་དེ། ཁྱོད་ཀྱི་ལུགས་ལ་ལུས་ཅན་ཞེས་པ་ནི་ཚད་དམ་བོངས་ཚོད་ཡིན། དེ་ནི་ཡོན་ཏན་དུ་འདོད་ལ། རྡུལ་རབ་ནི་རྫས་སུ་འདོད། རྫས་དང་ཡོན་ཏན་ལ་ནི་གཞི་མཐུན་མི་སྲིད་པར་འདོད་པས་སོ། །བཤད་པའི་གཞིར་ངེས་པ་ནི་དེ་ཉིད་ཡིན་ལ། ཅུང་ཟད་དཀའ་བའི་གནས་ནི་བྱེ་བྲག་པས་དེ་ལ་ལུས་ཅན་གྱི་དོན་གྲུབ་པར་ཁས་མི་ལེན་ཏེ། དེས་དེ་ཡོན་ཏན་དུ་ཁས་མི་ལེན་པས་སོ་སྙམ་ན། ཁོའི་ལུགས་ཀྱི་དེའི་དོན་དེ་མ་ཡིན་ཀྱང༌། གནས་ཚོད་ལ་རེག་བྱ་ཅན་ཉིད་ཡིན་པས་ཕྱོགས་ཆོས་དོན་ལ་གྲུབ་པའོ། །དོན་ལ་གྲུབ་པས་བློ་ངོར་ཡང་སྒྲུབ་ནུས་པར་འགྱུར་ཏེ། དེར་སྒྲུབ་པའི་རིགས་པ་ཡོད་པས་སོ། །དེས་ན་དཔེ་འདི་ནི་ཕྱོགས་ཆོས་དོན་ལ་གྲུབ་ཅིང༌། ཕྱིར་རྒོལ་གྱི་བློ་ངོར་མ་གྲུབ་པའི་དཔེ་ཉིད་དུ་བཤད་ན་ལེགས་སོ། །གཉིས་པ་ནི། རྟགས་ཀྱི་དོན་དེ་ཉིད་བསྒྲུབ་བྱའི་ཆོས་ལ་འཁྲུལ་པ་དང་ཆོས་ཅན་ལ་མ་གྲུབ་པ་སོགས་ཡིན་ན། སྒྲ་ནི་འཁྲུལ་པ་སོགས་མེད་ན་ཡང་སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། ཚུལ་གསུམ་དངོས་པོའམ་གནས་ཚོད་དུ་གྲུབ་པ་ལས་བསྒྲུབ་བྱའི་དངོས་པོ་ནི་གྲུབ་པའི་ཕྱིར་རོ། །སྒྲ་མ་འཁྲུལ་ཞིང་དོན་འཁྲུལ་བའི་དཔེ་ནི། འགྲོ་བའི་ཕྱིར་ན་རྭ་ཅན་ནོ། །ཞེས་དང༌། ལག་ལྡན་གྱི་ཕྱིར་ན་གླང་པོ་ཞེས་བསྒྲུབ་པར་བྱེད་པ་བཞིན་ནོ། །དེ་ལ་སྒྲ་མ་འཁྲུལ་བའི་ཤེས་བྱེད་ནི། འགྲོ་བ་དང་ལག་ལྡན་འདིའི་སྒྲའི་བརྗོད་བྱ་རྭ་ཅན་དང་གླང་པོ་ཆེ་ལ་འདོད་པ་ནི་འཇིག་རྟེན་ན་འདོད་རྒྱལ་དུ་གྲགས་པས་སྦྱར་བ་ཡིན་གྱི། དོན་ལ་འཁྲུལ་པ་ནི་ལག་པ་དང་ལྡན་པ་ཐམས་ཅད་ལ་གླང་པོ་ཆེའི་སྒྲས་བརྗོད་པར་འདོད་པ་མ་ཡིན་པ་དང༌། འགྲོ་བ་ཐམས་རྭ་ཅན་དུ་བརྗོད་པར་འདོད་པ་མ་ཡིན་པའོ། །གཉིས་པ་ལ་ཐལ་བ་དངོས་དང༌། འདོད་པ་ལ་བསལ་བ་ཡོད་པའི་ཚུལ་ལོ། །དང་པོ་ནི། དབང་ཕྱུག་རྟག་པའི་དངོས་པོ་ཆོས་ཅན། གང་གི་ཚེ་རྒྱུ་མ་ཡིན་ཏེ། རྟག་ཏུ་འབྲས་བུའི་རྒྱུ་ཉིད་དུ་ཐལ། ཇི་ལྟར་འབྲས་བུའི་རྒྱུ་ཡིན་པ་དེ་ལྟར་དེ་ཉིད་རྟག་པར་གནས་པའི་ཕྱིར། འདོད་དོ་ཞེ་ན། གཉིས་པ་ལ་གསུམ་སྟེ། རྒྱུ་མིན་གྱི་གནས་སྐབས་དང་ཁྱད་པར་མེད་པས་རྒྱུར་མི་འཐད། རྗེས་སུ་འགྲོ་ལྡོག་མི་བྱེད་པས་རྒྱུར་མི་འཐད། དེའི་ཉེས་སྤོང་མི་འཐད་པའོ། །དང་པོ་ནི། དབང་ཕྱུག་རྟག་པ་ཆོས་ཅན། འབྲས་བུ་བྱེད་པར་ཡང་ནི་མི་རུང་སྟེ། རྒྱུ་མིན་གྱི་སྐབས་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་དང་ཁྱད་པར་མེད་ཀྱང་དེའི་རྒྱུར་རྟོག་ན་ནག་པའི་རྨ་སོས་སྐྱེད་ལ་འབྲེལ་བ་མེད་པའི་སྡོང་དུམ་ཡང་ཅིའི་ཕྱིར་དེའི་རྒྱུ་ཉིད་དུ་ནི་རྟོག་པར་མི་བྱེད་དེ་བྱེད་རིགས་པའི་ཕྱིར་རོ། །དབང་ཕྱུག་རྟག་པ་དེ་དེའི་རྨ་སོས་སྐྱེད་ཀྱི་རྒྱུའོ་ཞེ་ན། གང་གིས་ན་དབང་ཕྱུག་དེ་ནི་རྨ་སོས་སྐྱེད་ཀྱི་རྒྱུར་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་པ་མི་རིགས་ཏེ། མཚོན་སོགས་དང་འབྲེལ་བ་ལས་ནག་པའི་རྨ་བྱུང་ལ། སྨན་སོགས་དང་འབྲེལ་བ་ལས་དེ་འདྲུབས་པ་ཡིན་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་རྟག་པ་ཆོས་ཅན། འབྲས་བུ་ལ་ཕན་པའི་ནུས་པ་ཉིད་ཀྱང་རྟོགས་པར་དཀའ་སྟེ། འབྲས་བུ་འཇིག་རྟེན་གྱི་གནས་ལུས་སོགས་ཁྱོད་ཡོད་མེད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར། ལྡོག་ཁྱབ་གྲུབ་སྟེ། གང་དག་ཡོད་ན་གང་ཞིག་སྐྱེ་བར་འགྱུར་བ་ཉིད་དེ་ལས་གཞན་དེའི་རྒྱུར་རྟོག་པ་ཡིན་ན་འབྲས་བུ་ཐམས་ཅད་ལ་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་བས་སོ། །གསུམ་པ་ལ་གཉིས་ཏེ། འཇིག་རྟེན་གྱི་དཔེས་རང་གི་ཁྱབ་པ་འཁྲུལ་པར་མི་འཐད། བསྟན་བཅོས་ལ་གྲགས་པའི་དཔེས་དེ་ལྟར་མི་འཐད་པའོ། །དང་པོ་ནི། གལ་ཏེ་རང་བཞིན་ཁྱད་པར་ཞེས་སོགས་ལ་ཁྱབ་པ་མ་ངེས་ཏེ། དབྱར་གྱི་ས་དེ་དགུན་གྱི་ས་དང་རང་བཞིན་ཁྱད་པར་མེད་ཀྱང་མྱུ་གུའི་རྒྱུ་ཡིན་མིན་གྱི་ཁྱད་པར་ཡོད་པ་བཞིན་ནོ་ཞེ་ན། མྱུ་གུ་སྐྱེད་པ་ལ་དགུན་དུས་ཀྱི་ས་དང་སྒྲོམ་ནང་གི་ས་བོན་སོགས་རང་བཞིན་ཡོངས་སུ་འགྱུར་ན་ནི་མྱུ་གུའི་རྒྱུ་ཡིན་ཏེ། དགུན་དུས་ཀྱི་ས་དང་ས་བོན་དེ་རྐྱེན་གྱིས་ལེགས་པར་བྱས་པ་ན་མྱུ་གུ་སྐྱེ་བ་དེའི་ཁྱད་པར་མཐོང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཇི་ལྟར་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་གསུམ་ཚོགས་པ་དེ་དེ་གསུམ་མ་ཚོགས་པ་དང་ཁྱད་པར་མེད་ཀྱང་བློ་དབང་ཤེས་ཀྱི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་རྟག་པ་འདི་འགྲོ་བའི་རྒྱུ་ཡིན་ནོ་ཞེ་ན། དཔེ་འཐད་པ་མ་ཡིན་ཏེ། རྐྱེན་གསུམ་ཚོགས་མ་ཚོགས་དེ་ལའང་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་སྒྲུབ་པ་ནི། སོ་སོ་སོ་སོར་གནས་པའི་ཚེ་འབྲས་བུ་རྣམ་ཤེས་ཅིག་སྐྱེད་པའི་ནུས་པ་མེད་པའི་རྐྱེན་གསུམ་ཚོགས་པ་རྣམས་ཆོས་ཅན། དེ་མ་ཚོགས་པའི་སྐབས་དང་ཁྱད་པར་གྲུབ་པ་ཡིན་ཏེ། གཞན་དུ་ན་དེ་མ་ཚོགས་པ་དང་རང་བཞིན་ཁྱད་པར་མེད་པས་ན་ཚོགས་ཀྱང་ནུས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་བ་ལས་དེ་ལྟར་ཡང་མི་འདོད་པ་དེའི་ཕྱིར་རོ། །དེའི་ཕྱིར་སོ་སོར་ནི་གང་གི་ནུས་པ་མེད་ཅིང༌། ཚོགས་ན་ཡོན་ཏན་གྱི་ཁྱད་པར་གཞན་ཞིག་སྲིད་པར་འགྱུར་བའི་རྐྱེན་གསུམ་པོ་དེ་དག་ནི་རྒྱུ་ཡིན་ལ། དབང་ཕྱུག་དང་སོགས་པ་སྐྱེས་བུ་རྟག་པ་ཆོས་ཅན། རྒྱུ་མ་ཡིན་ཏེ། རྒྱུ་མིན་གྱི་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བཞག་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ལ། ཕྱོགས་སྔ་མ་ནི་ཚུ་རོལ་མཛེས་པ་བ་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་ཚད་མ་མེད་པར་འདོད། རིག་བྱེད་པ་དེ་ཡོད་ཀྱང་རིག་བྱེད་ཉིད་ལྐོག་གྱུར་གྱི་དོན་ལ་ཚད་མ་ཡིན་གྱི་སྐྱེས་བུ་ཚད་མ་མེད་པར་འདོད། རིག་བྱེད་པ་དེ་ཡོད་ཀྱང་རིག་བྱེད་ཉིད་ལྐོག་གྱུར་གྱི་དོན་ལ་ཚད་མ་ཡིན་གྱི་སྐྱེས་བུ་ཚད་མ་མེད་པར་འདོད། བྱེ་བྲག་པ་དང་གྲངས་ཅན་ནི་སྐྱེས་བུ་ཚད་མ་ཡོད་ཀྱང་བདག་ཤེས་རིག་དང་དབང་ཕྱུག་རྟག་པ་ལྟ་བུ་རང་བྱུང་གི་ཚད་མ་ཁོ་ན་ཡིན་གྱི། སྒྲུབ་བྱེད་ཀྱི་ཐབས་ལས་བྱུང་བའི་སྐྱེས་བུ་ཚད་མ་མེད་པར་འདོད། གཅེར་བུ་པ་ནི་དེ་འདྲ་ཡོད་ཀྱང་ཐུབ་པའི་དབང་པོ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལྐོག་ཏུ་གྱུར་པའི་དོན་མང་པོ་མ་ཤེས་པ་དང༌། བདག་དང་འཇིག་རྟེན་མཐའ་ཡོད་མེད་སོགས་ལུང་བསྟན་པར་མ་ནུས་པའི་ཕྱིར་ཞེས་ཟེར་ལ། སངས་རྒྱས་པས་ནི་རང་གི་སྟོན་པ་ལས་གཞན་ལ་ནི་ཚད་མར་གྱུར་པ་མེད་དེ། བདེན་པ་བཞིའི་བླང་དོར་མ་ཤེས་པའི་ཕྱིར་ཞེས་འཆད་པའོ། །དེ་ཡང་འདི་ལྟར། ཁྱེད་ཀྱི་ཐུབ་པའི་དབང་པོ་ཚད་མར་གྱུར་པ་ཉིད་དུ་འཁྲུངས་པ་མི་འཐད་དེ། ཚད་མར་གྱུར་པའི་སྐྱེས་བུ་ཡོད་ན་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཤེས་དགོས་པ་ཡིན་ལ། དེ་སྒྲུབ་བྱེད་ཀྱི་ཐབས་ཐབས་ཀྱང་མེད་པའི་ཕྱིར་དང༌། ཡོད་ཀྱང་དེ་ལ་ནན་ཏན་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་ནི་ཁ་ཅིག་རབ་ཏུ་བརྗོད་པར་བྱེད་དོ། །གཉིས་པ་ལ་གསུམ་སྟེ། ཚད་མར་གྱུར་པའི་སྐྱེས་བུ་ངོས་བཟུང༌། ཕན་བཞེད་པ་སོགས་ལུགས་འབྱུང་དུ་བཤད་ནས་སྒྲུབ་བྱེད་ཀྱི་ཐབས་ཡོད་པར་བསྟན། ལུགས་ཟློག་ཏུ་བཤད་ནས་ཐབས་དེ་ལ་ནན་ཏན་བྱེད་སྲིད་པར་བསྟན་པའོ། །དང་པོ་ནི། བླང་བྱ་དང་དོར་བྱའི་དེ་ཉིད་ནི་ཐབས་དང་བཅས་པ་རིག་པར་མཛད་པ་གང་ཡིན་པ་དེ་ཚད་མར་གྱུར་པ་ཉིད་དུ་འདོད་ཀྱི། ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་རིག་པར་མཛད་པ་ཁོ་ན་སྐབས་འདིར་དོན་དུ་གཉེར་བྱ་མ་ཡིན་ཏེ། གྲོལ་བ་དོན་གཉེར་དེའི་བསྒྲུབ་བྱ་རུ་གྱུར་པའི་བདེན་བཞི་མཁྱེན་པའི་ཡེ་ཤེས་གང་ལ་ཡོད་མེད་དཔྱད་པར་བྱ་བ་ཡིན་གྱི། ཚད་མར་གྱུར་པ་འདི་ཡིས་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པ་སངས་རྒྱས་པ་ངེད་ལ་འགར་ཡང་ཉེར་མཁོ་མེད་པའི་ཕྱིར་རོ། །རྟགས་དང་པོ་གྲུབ་སྟེ། བླང་དོར་གྱི་གནས་མི་ཤེས་བཞིན་དུ་སྟོན་པར་བྱེད་པ་ལ་འཁྲུལ་པར་དོགས་པ་ཅན་རྣམས་ཀྱིས་དེ་ཤེས་པ་དང་རང་རྒྱུད་ལ་ནན་ཏན་བྱ་བའི་ཕྱིར་བླང་དོར་གྱི་གནས་ཤེས་པ་དང་ལྡན་པ་འགའ་ཞིག་ཚོལ་བར་བྱེད་པ་དེའི་ཕྱིར། མདོར་ན་རྒྱང་རིང་པོའི་དོན་མཐོང་ངམ་མིན་ཀྱང་རུང་གྲོལ་བ་དོན་གཉེར་གྱི་འདོད་པའི་དེ་ཉིད་མཐོང་བ་ཁོ་ན་ཚད་མར་གྱུར་ཏེ། དེ་ལས་གཞན་དུ་ཐག་རིང་པོའི་དོན་མཐོང་བ་ཁོ་ན་གལ་ཏེ་ཚད་མར་བྱེད་པ་ཡིན་ན་གྲོལ་བ་དོན་གཉེར་ཁྱོད་ཚུར་ཤོག་ལ་བྱ་རྒོད་སོགས་བསྟེན་པར་གྱིས་ཤིག དེ་ལྟར་བཤད་པ་ན་འདིར་ངོས་བཟུང་བའི་སྟོན་པ་དེ་ལ་ནི་རྫོགས་པའི་སངས་རྒྱས་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། ཉན་ཐོས་དགྲ་བཅོམ་པ་སོགས་ལའང་དེའི་མཚན་ཉིད་ཚང་བའི་ཕྱིར། དེ་ལྟ་ན་ཡང་དེ་འདྲ་དེ་འདི་ནས་བསྟན་པའི་ཚད་མར་གྱུར་པ་དེ་ནི་མ་ཡིན་ཏེ། དེར་འཇོག་པ་ལ་བདེ་བར་གཤེགས་པ་དང་སྐྱོབ་པའི་ཚོགས་དོན་ཞིག་དགོས་པའི་ཕྱིར། དེ་ལྟ་བུ་དེའི་སྒྲུབ་བྱེད་ཀྱི་ཐབས་ལ། དོན་ལ་གནས་ཚོད་དང༌། གཞུང་གིས་བསྟན་ཚུལ་གཉིས་ལས། དང་པོ་ནི། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་གྱི་ཤེས་རབ་དང༌། ཐུགས་རྗེ་ཆེན་པོ་ཟུང་དུ་སྦྲེལ་བ་ལས་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་པ་ན་ལྐོག་གྱུར་གྱི་དོན་མ་ལུས་པ་ཤེས་པའི་ཐམས་ཅད་མཁྱེན་པར་འགྱུར་ལ། དེ་འདྲ་དེ་སྐབས་འདིའི་ཚད་མར་གྱུར་པའི་གཙོ་བོ་དེ་ཡིན་པ་ལས་འོས་མེད་དོ། །དེ་ལྟར་འཆད་པ་ན་དེའི་གྲུབ་བྱེད་ཀྱང་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཤེས་པའི་ཐབས་ཤེས་ཟུང་འཇུག་དེའོ། །གཉིས་པ་ནི། གང་ཟག་གི་བདག་མེད་པའི་རྣམ་པ་ཅན་གྱི་ཐབས་ཤེས་ཟུང་འཇུག་དེ་གོམས་པ་ལས་འདིར་བསྟན་གྱི་ཚད་མའི་སྐྱེས་བུ་དེ་འབྱུང་ལ། དེ་ཡང་བསྐལ་པ་གྲངས་མེད་པ་གསུམ་དུ་གོམས་པས་དགོས་པའི་དོན་ཤེས་པའི་བདེ་བར་གཤེགས་པ་དང་སྐྱོབ་པ་ཉིད་དང་བཅས་པ་འབྱུང་བ་དང༌། བདག་མེད་རྐྱང་པ་དུས་ཐུང་ངུར་བསྒོམས་པས་སྐབས་འདིར་ཉེ་བར་མཁོ་བའི་དོན་ཤེས་པའི་ཚད་མའི་སྐྱེས་བུ་དེ་འབྱུང་ཞེས་པ་ཉིད་གཞུང་གི་དགོངས་པ་ཡིན་གྱི། དེ་ལས་གཞན་དུ་ཐམས་ཅད་མཁྱེན་པ་ལ་ཤེས་བྱ་མ་ལུས་པའི་ཡུལ་ཅན་དང་ཉེར་མཁོའི་དོན་ཤེས་པ་གཉིས་སུ་ཕྱེ་ནས། དང་པོ་སྐབས་འདིར་ངོས་མི་འཛིན་པ་དང༌། དེའི་སྒྲུབ་བྱེད་ཀྱི་ཐབས་ཡོད་མེད་དང༌། དེ་ལ་ནན་ཏན་བྱེད་པ་ཡོད་མེད་སོགས་དཔྱད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་མ་ཤེས་པ་ཡིན་ཏེ། དེ་གཉིས་གཞན་ངོར་སྒྲུབ་དཀའ་སླའི་ཁྱད་པར་མེད་པའི་ཕྱིར་དང༌། གཞུང་གི་བསྟན་བྱའི་གཙོ་བོར་གྱུར་པའི་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་ཐབས་དང་བཅས་པ་ངོས་མ་ཟིན་ན་ལུགས་འབྱུང་དང་ལུགས་ཟློག་སོགས་ཀྱི་བཤད་པ་མང་པོས་ཀྱང་སྐབས་ཀྱི་དོན་བོར་བར་སོང་བའི་ཕྱིར་དང༌། ཤེས་བྱ་ཐམས་ཅད་མཁྱེན་པར་སྒྲུབ་པ་ལ་ཆོས་ཀྱི་ཁྱད་པར་རེ་རེ་ནས་སློབ་དགོས་པ་མ་ཡིན་གྱི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་སྒྲིབ་ཟད་པར་སྤངས་པ་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་ལས་འབྲས་བུ་དོན་གཉིས་ཕུན་ཚོགས་འབྱུང་བའི་ཚུལ། དེས་ན་ཐུབ་པའི་དབང་པོ་ཚད་མར་གྲུབ་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་བསམ་སྦྱོར་ཕུན་སུམ་ཚོགས་པ་དང༌། འབྲས་བུ་དོན་གཉིས་ཕུན་སུམ་ཚོགས་པའོ། །དང་པོ་ལ། བསམ་པ་ཕུན་ཚོགས་ཕན་བཞེད་པ་དང༌། སྦྱོར་བ་ཕུན་ཚོགས་སྟོན་པ་དང༌། གཉིས་པོ་ཚད་མའི་རྒྱུར་བསྟན་པ་དང་གསུམ་མོ། །དང་པོ་ནི། ཐུབ་པའི་དབང་པོ་ཚད་མར་སྒྲུབ་བྱེད་ཀྱི་ཐབས་དེ་གང་ཞེ་ན། འདི་ལ་གཉིས་ཏེ། དམ་བཅའ་བཞག་པ་དང༌། དེ་ལ་གནོད་བྱེད་མེད་པར་བསྟན་པའོ། །དང་པོ་ནི། སྟོན་པ་ཚད་མར་སྒྲུབ་བྱེད་ཀྱི་ཐབས་ནི་ཐུགས་རྗེ་ཆེན་པོ་དང་བདག་མེད་རྟོགས་པའི་ཤེས་རབ་ཡིན་ལ། དེ་ཡང་སྐྱེ་བ་དུ་མར་གོམས་པ་ལས་ཚད་མའི་སྐྱེས་བུ་དེ་སྒྲུབ་དགོས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བརྩེ་སོགས་སྐྱེ་བ་དུ་མར་གོམས་པ་མི་སྲིད་པའི་རྩོད་སྤང༌། སྲིད་ཀྱང་མཐའ་མེད་དུ་མི་འཕེལ་བའི་རྩོད་སྤང་ངོ༌། །དང་པོ་ལ་རྩོད་པ་དང་ལན་ནོ། །དང་པོ་ནི། རྒྱང་འཕན་ན་རེ། སྐྱེ་བ་དུ་མར་ཐབས་ལ་གོམས་པས་ཚད་མར་གྲུབ་པ་མེད་དེ། བློ་ནི་ལུས་ལ་རྟེན་ཚུལ་གསུམ་པོ་གང་རུང་གི་སྒོ་ནས་བརྟེན་པའི་ཕྱིར། གསུམ་ནི། བློ་ནི་ལུས་ཀྱི་བདག་ཉིད་དང༌། །ལུས་འབྲས་ལུས་ཀྱི་ཡོན་ཏན་ནོ། །ཞེ་ན། གཉིས་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། དེ་དེ་ལ་དེ་ལྟར་བརྟེན་པ་མ་ཡིན་ཏེ། སྐྱེ་འཇིག་མཉམ་དུ་བྱེད་པའི་རྟེན་བརྟེན་པ་ནི་ཚད་མས་བཀག་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྐྱེ་བ་སྔ་ཕྱི་མེད་པ་ལ་གནོད་བྱེད་ཡོད་པ་དང༌། སྒྲུབ་བྱེད་མེད་པའོ། །དང་པོ་ལ། གནོད་བྱེད་ཐལ་བར་འཕེན་པ་དང༌། རྣལ་མར་བརྗོད་པའོ། །དང་པོ་ལ་གསུམ་སྟེ། ཧ་ཅང་ཐལ་བ་དང༌། དེའི་ཉེས་སྤོང་མི་འཐད་པ་དང༌། རང་ལ་ལུང་འགལ་མེད་པའོ། །དང་པོ་ནི། སེམས་ཅན་སྐྱེ་བ་ཡོངས་སུ་ལེན་པ་ན་དབུགས་འབྱུང་རྔུབ་དང་དབང་པོ་དང་བློ་དག་ནི་རང་གི་རིགས་ལ་ལྟོས་མེད་ཅན་དུ་ལུས་འབའ་ཞིག་ལས་སྐྱེ་བ་མ་ཡིན་ཏེ། ཡིན་ན་ཧ་ཅང་ཐལ་བའི་ཕྱིར། ཇི་ལྟར་ཞེ་ན། རིག་པ་མཚམས་སྦྱོར་བར་ནུས་པ་དང་ལྡན་པར་མཐོང་བའི་མའི་མངལ་གྱི་འབྱུང་བ་གང་ཡིན་པ་དེ་ལ་དེའི་ནུས་པ་ཅི་ཞིག་ཡོད་པར་གྱུར་ལ། དེའི་ནུས་པ་གང་མེད་པར་འདོད་པའི་ས་རྡོ་སོགས་ལ་སྒྲུབ་བྱེད་གང་གིས་ཕྱི་ནས་རིག་པ་མཚམས་སྦྱོར་བའི་ནུས་པ་མེད་ཅེས་འདྲི། དེའི་ཤེས་བྱེད་སེམས་ཀྱི་ས་བོན་ཡོད་མེད་ལས་ཡིན་ནོ་ཞེ་ན། འོ་ན་ས་རྡོ་སོགས་ཐམས་ཅད་སེམས་ཀྱི་ས་བོན་གྱི་བདག་ཉིད་ཅན་དུ་ཐལ། གནས་གང་དུ་དྲོད་གཤེར་སྐྱེས་ལ་སོགས་པའི་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་སོགས་ཀྱི་ཆ་དེ་འགའ་ཡང་མེད་ལ། དེ་ལྟར་སྐྱེ་བ་སེམས་སྔ་མ་ལ་མི་ལྟོས་པ་དེའི་ཕྱིར། ཐལ་བ་དེའི་དོན་བསྡུ་བ་ནི། འབྱུང་བ་ཐམས་ཅད་སེམས་ཀྱི་ས་བོན་ཡོད་མེད་དུ་མཚུངས་པ་དེའི་ཕྱིར་དབང་སོགས་རང་རིས་སྔ་མ་ལ་ལྟོས་པ་མེད་པར་ནི་འབྱུང་བ་ཡིན་ནོ། །ཇི་ལྟར་ནང་གི་འབྱུང་བ་གཅིག་ནི་སེམས་ཅན་དུ་ཡོངས་སུ་གྱུར་པ་བཞིན་དུ་ཕྱི་རོལ་གྱི་འབྱུང་བ་ཀུན་སེམས་ཅན་དུ་འགྱུར་ཏེ། སེམས་ཀྱི་ས་བོན་ཡོད་མེད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ཐལ་བ་མེད་དེ། ཕྱི་ནང་གི་འབྱུང་བ་ལ་དབང་པོ་ཡོད་མེད་ཀྱི་ཁྱད་པར་ཡོད་དོ་ཞེ་ན། དང་པོར་དབང་པོ་ལས་ཡིད་བློ་སྐྱེ་བ་མ་ཡིན་ཏེ། དབང་པོ་རྣམས་རེ་རེ་བ་ལ་གནོད་ན་ཡིད་བློ་ལ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཡིད་བློ་འདི་འགྱུར་ན་ནི་དབང་པོ་དེ་དག་ཀྱང་འགྱུར་བ་དག་ཏུ་མཐོང་བ་ཡིན་པའི་ཕྱིར། གལ་ཏེ་ལུས་དང་པོ་གང་ཡང་བློ་གནས་པའི་རྟེན་མ་ཡིན་ལུས་སེམས་ལྷན་ཅིག་ཏུ་གནས་པའི་རྒྱུ་གང་ཞེ་ན། བློ་ལུས་ལ་གནས་པའི་རྟེན་ནམ་རྒྱུ་ནི་བློ་སྔ་མ་ཉིད་ལ་ནི་བརྟེན་པ་སྟེ་དེའི་ཉེར་ལེན་ལས་བྱུང་བའི་ལས་འགའ་ཞིག་ཡིན་ཏེ། དེ་ལས་གཞན་དུ་མི་འཐད་པ་དེའི་ཕྱིར་ལུས་སེམས་ལྷན་ཅིག་ཏུ་གནས་པ་དེ་འདྲའི་འཕེན་བྱེད་ཡོད་པར་གྱུར་ན་ཕྱིས་ཤི་ནས་ཀྱང་ལུས་སེམས་ལྷན་ཅིག་ཏུ་གནས་པ་དེ་འདྲར་འགྱུར་བ་ཡིན་ཏེ། འཁོར་བར་འཕེན་བྱེད་ཀྱི་ལས་དེ་དབང་པོ་རྣམས་ཀྱི་རྒྱུ་ཡིན་པས་སོ། །དེ་ཕྱིར་བློ་ལས་དབང་པོ་ཡིན། །ཞེས་མཇུག་བསྡུས་སོ། །གསུམ་པ་ནི། འོ་ན་ཆོས་མངོན་པ་ལས་ལུས་དང་སེམས་དག་ནི་ཕན་ཚུན་རྗེས་སུ་བྱེད་པའོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ལུང་དེས་ལུས་བློའི་ཉེར་ལེན་དུ་བཤད་པ་མ་ཡིན་ཏེ། ལུས་དེའི་ཤེས་པས་ཕན་འདོགས་པའི་ཕྱིར་ན་ཡིད་ནི་ལུས་ལ་བརྟེན་པར་བཤད་པའི་ཕྱིར། གལ་ཏེ་བདག་རྐྱེན་དབང་པོ་མེད་པར་ཡིད་བློ་འབྱུང་བ་མ་ཡིན་པའི་ཕྱིར་ན་དེ་དེའི་ཉེར་ལེན་ནོ་ཞེ་ན། འོ་ན་ལུས་དང་དབང་པོ་ཕན་ཚུན་དུ་གཅིག་གཅིག་གི་རྒྱུ་ཅན་ཏེ་འབྲས་བུར་ཐལ། ཕན་ཚུན་དུ་རྒྱུ་ཉིད་དུ་ཁས་བླངས་པས་སོ། །ཇི་ལྟར་བླངས་ཤེ་ན། དབང་པོ་དེ་ཡང་ཡིད་བློ་དེ་མེད་པར་མི་འབྱུང་བ་དེ་ལྟ་ན་ཡང་ཡིད་བློ་དབང་པོའི་རྒྱུར་ཐལ་བ་དེའི་ཕྱིར། འདོད་ན་སྐྱེ་བ་ཕྱི་མ་གྲུབ་བོ། །འདིར་ནི་རྒྱུན་ལ་ལྟོས་ནས་ཕན་ཚུན་རྒྱུ་འབྲས་སུ་ཁས་ལེན་ལ། མ་ལྟོས་པར་ནི་དེར་འགལ་བའི་རྣམ་གཞག་དང༌། རང་གི་དབང་པོ་ཤེས་པ་ཕྱི་མའི་བདག་རྐྱེན་དུ་འདོད་པ་དང༌། གཞན་སྡེས་དེ་དེའི་ཉེར་ལེན་དུ་འདོད་པའི་ཤན་ཕྱེད་དགོས་ཤིང༌། རང་གིས་སེམས་པའི་ལས་རྣམ་སྨིན་གྱི་རྒྱུར་འདོད་པ་དང༌། གཞན་སྡེས་རྣམ་སྨིན་དང་སྐལ་མཉམ་རྒྱུའི་ཁྱད་པར་འབྱེད་མི་ཤེས་པའི་རྣམ་དབྱེ་ཕྱེད་དགོས་སོ། །གཉིས་པ་ནི། ལུས་རྟག་པ་ཆོས་ཅན། ཡིད་བློ་རིམ་ཅན་དུ་སྐྱེད་བྱེད་མ་ཡིན་ཏེ། ཁྱོད་རང་རིམ་ཅན་མ་ཡིན་པ་ལས་སོ། །དེ་ཆོས་ཅན། རྐྱེན་ལ་ལྟོས་པའང་མེད་དེ། རྐྱེན་གྱིས་ཁྱད་པར་དུ་བྱར་ཡོད་པ་ཅན་མ་ཡིན་པའི་ཕྱིར། ལུས་དེ་ཆོས་ཅན། ཁྱོད་ཀྱི་ཡང་སྐད་ཅིག་སྔ་ཕྱིའི་རིམ་པ་གསལ་བར་བྱེད་དེ། ཁྱོད་ལས་རིམ་གྱིས་ཁྱོད་རང་གི་བདག་འབྲས་སུ་གྱུར་པའི་བློ་སྐྱེ་བར་འགྱུར་བའི་ཕྱིར། ལུས་སམ་དབང་པོ་སྐད་ཅིག་སྔ་མ་ཕྱི་མའི་རྒྱུ་ཡིན་པ་ནི་དུས་ཐམས་ཅད་ཀྱི་ཚེ་ན་མཐོང་བ་ཉིད་ཡིན་ཏེ། ད་ལྟ་ལུས་ཀྱི་སྐད་ཅིག་སྔ་མ་སྔ་མ་ནི་སྔོན་མེད་པའི་ལུས་ཀྱི་སྐད་ཅིག་ཕྱི་མ་རེ་རེ་བ་དེའི་ཉེར་ལེན་གྱི་རྒྱུན་ཡིན་པ་དེའི་ཕྱིར། དེ་དག་གིས་ནི་རྒྱང་འཕེན་ལུས་ཀྱི་རྡུལ་ཕྲན་རྟག་པར་འདོད་པ་ལ་ཁས་བླངས་ཀྱི་བསལ་བ་དང༌། མི་རྟག་པ་ལ་རང་རྒྱུད་བཀོད་ནས་དེ་ལྟར་གྲུབ་པ་ན་སྐྱེ་བ་ཕྱི་མ་གྲུབ་པའོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་སྔ་མ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། རྒྱང་འཕེན་ན་རེ། སྐྱེས་བུ་འཆི་ཁའི་སེམས་ཆོས་ཅན། རིག་པ་ཕྱི་མ་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པ་འཆི་ཀའི་སེམས་བཞིན་ནོ་ཟེར། གཉིས་པ་ལ་གསུམ་སྟེ། བསྟན། བཤད། བསྡུ་བའོ། །དང་པོ་ལ་གཉིས་ཏེ། རྟགས་དེ་མི་མཐུན་ཕྱོགས་ལ་ཞུགས་པས་མ་ངེས་པར་བསྟན། དཔེ་ལ་རྗེས་འགྲོ་མེད་པས་འགལ་བར་བསྟན་པའོ། །དང་པོ་ནི། ཐ་མའི་སེམས་ནི་ཆོས་ཅན། ཁྱོད་ཀྱིས་དེ་ལྟར་སྒྲུབ་པའི་ཁྱབ་པ་མ་ངེས་ཏེ། སེམས་གཞན་དང་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་པའི་ཕྱིར། གཉིས་པ་ནི། དགྲ་བཅོམ་ཐ་མའི་སེམས་གང་ཡིན་པ་དེ་ཡང་ཤེས་བྱེད་གང་ལས་རིག་པ་ཕྱི་མ་མཚམས་སྦྱོར་བ་མེད་པར་འདོད། སངས་རྒྱས་པའི་ལུང་ལས་དེ་ལྟར་བཤད་དོ་ཞེ་ན། དེ་ལྟར་འཆད་པའི་གྲུབ་མཐའ་ཆོས་ཅན། ཁྱོད་ཀྱི་རྗེས་སུ་འབྲང་ངམ་ཅི་སྟེ་ཚད་མས་མ་གྲུབ་པའི་དོན་ཅན་ཡིན་པས་སོ། །འདིས་དམན་པའི་ལྷག་མེད་དུ་རིག་པ་རྒྱུན་མ་ཆད་པར་བཤད་མོད། མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པར་མ་ངེས་སོ། །གཉིས་པ་ལ། ཕྱོགས་སྔ་མ་ནི། དགྲ་བཅོམ་པ་ཐ་མའི་སེམས་ཀྱིས་རིག་པ་ཕྱི་མ་མཚམས་སྦྱོར་བ་དེའི་ཉེར་ལེན་གྱི་རྒྱུ་ལུས་དང་བྲལ་བའི་ཕྱིར་ན་དེས་དེ་མཚམས་མི་སྦྱོར་རོ་ཞེས་ན། དེ་འདྲ་དེ་དོན་གྱི་སྒྲུབ་བྱེད་དུ་ཡང་འདོད་དགོས་པར་མཚུངས་པ་དང༌། དེ་ལྟར་འདོད་པ་ལ་ཚད་མའི་བསལ་བ་བསྟན་པའོ། །དང་པོ་ནི། སྒྲུབ་བྱེད་དེ་ཉིད་དོན་གྱི་སྐབས་འདིར་ཅིས་མ་བརྗོད་དེ། དཔེའི་སྒྲུབ་བྱེད་དུ་བཀོད་པ་དེ་ཁོ་ན་རྒྱང་འཕེན་གྱི་ཞེ་འདོད་ལ་དོན་གྱི་སྒྲུབ་བྱེད་ཡིན་པའི་ཕྱིར། དེ་ལྟར་ཡང་ཁས་ལེན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། ལུས་བློའི་ཉེར་ལེན་ཡིན་པ་དགག དེ་ལྟར་བཀག་པའི་དོགས་སྤོང་ངོ༌། །དང་པོ་ལ་གསུམ་སྟེ། རྣམ་པར་བརྟགས་པའི་ཐལ་འགྱུར་གྱིས་གཞན་གྱི་ཕྱོགས་དགག མ་རྟགས་པར་རང་རྒྱུད་ཀྱི་རང་གི་ཕྱོགས་སྒྲུབ། སླར་ཡང་བརྟགས་ནས་གཞན་གྱི་ཕྱོགས་དགག་པའོ། །དང་པོ་ནི། འོ་ན་དབང་པོ་དང་བཅས་པའི་ལུས་ཡིད་བློའི་ཉེར་ལེན་དུ་འདོད་དམ་དེ་མེད་པའི་ལུས་དེར་འདོད། དང་པོ་ལྟར་ན། དེའི་ཉེར་ལེན་བྱེད་པ་ལ་དབང་པོ་རེ་རེས་ཆོག་གམ་ཀུན་ཚང་དགོས། དང་པོ་ལྟར་ན། དབང་པོ་རེ་རེ་བ་དང་བཅས་པའི་ལུས་ལས་ཡིད་བློ་འབྱུང་བ་མ་ཡིན་ཏེ། དེ་ཡིན་ན་ལུས་དེ་ལ་བརྟེན་པའི་བློ་བཞིན་དུ་ཡིད་ཀྱི་ཤེས་པས་ཀྱང་གཟུགས་འཛིན་པ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། དབང་པོ་ཀུན་ལས་ཀྱང་ནི་ཡིད་བློ་འབྱུང་བ་མ་ཡིན་ཏེ། དབང་པོ་ལྔ་པོ་དེ་རང་རང་གི་བདག་འབྲས་ཤེས་པ་མི་འདྲ་བ་རེ་རེ་སྐྱེད་པ་ལ་ནུས་པ་ཐ་དད་དུ་ངེས་པའི་ཕྱིར། གཉིས་པ་ལྟར་ན། གཞན་དབང་པོ་མེད་པའི་ལུས་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་ལས་ཡིད་བློ་འབྱུང་བ་མ་ཡིན་ཏེ། སེམས་མེད་ཉིད་ཡིན་པའི་ཕྱིར། འོ་ན་ལུས་སེམས་ལྷན་ཅིག་ཏུ་གནས་པའི་ཤེས་བྱེད་ཅི་ཞེ་ན། རྒྱུའི་ཚོགས་པ་གཅིག་པའི་ཕྱིར་ན་ལྷན་ཅིག་ཏུ་གནས་པའི་ཤེས་བྱེད་ཅི་ཞེ་ན། རྒྱུའི་ཚོགས་པ་གཅིག་པའི་ཕྱིར་ན་ལྷན་ཅིག་ཏུ་གནས་པ་ཡིན་ཏེ། དབང་པོ་ལྔ་ལུས་ལ་ལྷན་ཅིག་ཏུ་གནས་པ་དང༌། གོང་བུ་གཅིག་གི་གཟུགས་དང་རོ་བཞིན་ནོ། །གལ་ཏེ་ལུས་སེམས་ཀྱི་ཉེར་ལེན་ཡིན་ཏེ། ལུས་འགྱུར་བ་ན་སེམས་ཀྱང་གཞན་དུ་འགྱུར་བ་མཐོང་བའི་ཕྱིར་ཞེ་ན། མ་ངེས་ཏེ། དོན་ཏེ་དམིགས་རྐྱེན་བྱས་པའི་སྒོ་ནས་ཀྱང་སེམས་གཞན་དུ་འགྱུར་བ་ཡིན་པའི་ཕྱིར། འོ་ན་ཉེར་ལེན་དུ་འཇོག་པ་ལ་འཇོག་བྱེད་ཇི་ལྟ་བུ་ཞེ་ན། གང་ཞིག་ཡོད་པས་སེམས་ཕྱི་མ་ལ་ཕན་འདོགས་པར་བྱེད་པའི་སེམས་སྔ་མ་དེ་ཆོས་ཅན། སེམས་ཕྱི་མ་དེའི་ཉེར་ལེན་གྱི་རྒྱུ་ཡིན་ཏེ། དེའི་ངོ་བོ་ལ་གཙོ་བོར་ཕན་བཏགས་སྟོབས་ཀྱིས་སེམས་ཕྱི་མ་དེ་དུས་རྟག་ཏུ་ཁྱོད་ཀྱི་རྗེས་སུ་འཇུག་པའི་ཕྱིར། དེའི་ཕྱིར་ན་མདོ་ལས། དགེ་སློང་དག་འདི་ཡོད་པའི་ཕྱིར་འདི་འབྱུང་ཞེས་བདུན་པའི་སྒྲ་དང༌། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་ནི་འབྱུང་ཁུངས་ཀྱི་སྒྲ་བཤད་པ་ཡིན་ནོ། །ལུང་འདི་ནི་རྒྱུ་འབྲས་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བ་དགོས་པའི་ཤེས་བྱེད་ཀྱི་ལུང་ཡིན་ལ། ལུས་སེམས་གཉིས་ལ་དེ་ཡོད་པ་མ་ཡིན་ཞེས་པའོ། །ལུང་དེའི་དངོས་བསྟན་རྗེས་འགྲོར་གསལ་ཡང༌། གཙོ་ཆེ་བ་ནི་ལྡོག་པ་ཉིད་ཡིན་ཏེ། དེ་མེད་ན་མེད་པ་དང་མ་སྐྱེས་ན་མི་སྐྱེ་ཞེས་པ་གཉིས་ཤུགས་ལ་འཕངས་པ་དེས་ན། སེམས་དེ་འགའ་ཞིག་གི་ཚེ་ལུས་ལས་སྐྱེ་བའི་རྗེས་འགྲོ་གྲུབ་ཏུ་ཆུག་ཀྱང༌། ལུས་མ་ཡིན་པ་ལས་མི་སྐྱེ་བའི་ལྡོག་པ་མི་འགྲུབ་ཅེས་པ་ཉིད་སྐབས་ཀྱི་དོན་ནོ། །གལ་ཏེ་ལུས་ཁོ་ན་སེམས་ཀྱི་རྒྱུ་ཡིན་ཏེ། ལུས་སྔ་མས་སེམས་ཀྱི་རྒྱུན་ཕྱི་མ་ལ་ཕན་འདོགས་པའི་ཕྱིར་ཞེ་ན། འདོད་གཟུགས་སུ་སྐྱེས་པ་འགའ་ཞིག་གི་ཚེ་ལུས་སྔ་མས་སེམས་ཀྱི་རྒྱུན་ཕྱི་མ་ལ་ཕན་འདོགས་བྱེད་ཡིན་པའང་བློ་སྟེ་དེ་ཙམ་གྱིས་ནི་སེམས་ཀྱི་རྒྱུན་ཕྱི་མ་ལུས་མིན་ལས་མི་སྐྱེ་བའི་ལྡོག་པ་གྲུབ་པ་མ་ཡིན་ཏེ། བུམ་སོགས་ལ་ནི་མེ་སོགས་བཞིན་ནོ། །སྐབས་དེར་འཕངས་པའི་ཐལ་འགྱུར་ངག་གི་ནུས་པ་ནི་འདི་ལྟར། ཡིད་རྟོག་ཆོས་ཅན། གཟུགས་གསལ་སྣང་གི་ཤེས་པར་ཐལ། བདག་རྐྱེན་མིག་གི་དབང་པོ་ལ་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཞེས་དང༌། དེ་ཆོས་ཅན། མིག་གི་དབང་པོ་ལ་འགྲོ་ལྡོག་མ་འཁྲུལ་བའི་ཤེས་པ་མ་ཡིན་ཏེ། རྣ་བའི་དབང་པོ་ལ་ཡང་དེ་ཡིན་པར་ཁས་བླངས་པའི་ཕྱིར་ཞེས་དང༌། དབང་པོ་དང་བྲལ་བའི་ལུས་ཆོས་ཅན། སེམས་བཅས་སུ་ཐལ། སེམས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། ལུས་ཀྱིས་ཕན་བཏགས་པའི་སེམས་ཀྱི་རྒྱུན་ཕྱི་མ་ཆོས་ཅན། ལུས་མ་ཡིན་པའི་ཉེར་ལེན་ལས་མི་སྐྱེ་བར་ཐལ། ཉེར་ལེན་ལུས་ལས་སྐྱེ་བའི་ཕྱིར་ཞེས་པ་རྣམས་སོ། །འོན་ཀྱང་འདིར་དཀའ་བའི་གནས་ནི། མེ་སོགས་ཀྱིས་ཕན་བཏགས་པའི་བུམ་སོགས་ཆོས་ཅན། ཞེས་དང༌། ལུས་ཀྱིས་ཕན་བཏགས་པའི་སེམས་ཀྱི་རྒྱུན་ཆོས་ཅན། དེ་དང་དེ་ལ་ལྡོག་པ་མི་འཁྲུལ་བར་ཐལ། དེ་དང་དེའི་འབྲས་བུ་ཡིན་པའི་ཕྱིར་ཞེས་པའི་ཉེས་པ་འདི་མི་འཇུག་པའི་ཚུལ་གྱིས་བཤད་པར་བྱའོ། །དེའི་ཚེ་ན་ལུས་ཀྱིས་ཕན་བཏགས་པའི་སེམས་ཤིག་སྲིད་མོད། དུས་རྟག་ཏུ་སེམས་སྐྱེ་བ་ལུས་ཁོ་ན་ལ་རག་ལུས་པ་མ་ཡིན་ཞེས་པའི་ཚུལ་གྱིས་གཞུང་དང་སྦྱར་རོ། །གཉིས་པ་རང་རྒྱུད་ཀྱིས་སྒྲུབ་པ་ལ་གཉིས་ཏེ། ཉེར་ལེན་ལུས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་རྟགས་དང༌། ཉེར་ལེན་སེམས་སྔ་མ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྟགས་ཀྱིས་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ཚུལ་གཉིས་སྒྲུབ་བྱེད་ཀྱི་རིགས་པ་རྒྱས་པར་བཤད། དེ་ལྟར་ཤེས་པའི་འོག་ཏུ་སྒྲུབ་པའི་ངག་བཀོད་ནས་ཚུལ་གསུམ་དྲན་ལམ་དུ་འཕེན་པའོ། །ལུས་སེམས་ཀྱི་ཉེར་ལེན་ཡིན་པ་ཁེགས་ཀྱང་རྟེན་བརྟེན་པར་འདོད་པའི་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། ཕྱོགས་ཆོས་ཐལ་འགྱུར་གྱི་སྒྲུབ་པ་དང༌། ལྡོག་ཁྱབ་རང་རྒྱུད་ཀྱིས་སྒྲུབ་པའོ། །དང་པོ་ལ། ཐལ་འགྱུར་དང༌། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་ན། ཤི་བའི་ལུས་ཆོས་ཅན། ཁྱོད་ལ་སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། དེའི་དངོས་ཀྱི་ཉེར་ལེན་ལུས་ནི་གནས་པ་ཉིད་ཀྱི་ཕྱིར་ནའོ། །རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་བ་ལ་མངོན་སུམ་གྱི་བསལ་བཞུགས་སོ། །གཉིས་པ་ལ་གཉིས་ཏེ། མཐུན་རྐྱེན་མ་ཚང་བའི་ལུས་མི་འཐད་པ་དང༌། འགལ་རྐྱེན་ཡོད་པའི་ལན་མི་འཐད་པའོ། །དང་པོ་ནི་མ་ངེས་ཏེ། ཉེར་ལེན་ལུས་ཡོད་ཀྱང་ལྷན་ཅིག་བྱེད་རྐྱེན་དབུགས་མེད་དོ་ཞེ་ན། སེམས་དེ་ལས་དབུགས་འབྱུང་རྔུབ་སྐྱེ་བ་ཡིན་གྱིས་ཅིག་ཤོས་ལས་དེ་མ་ཡིན་ཏེ། སེམས་དེ་ཕན་བྱེད་དུ་ཡོད་ན་དབུགས་དེ་ཡོད་པ་དང༌། དབུགས་དེ་སེམས་ཀྱི་གཞན་དབང་དུ་འགྱུར་བའི་ཕྱིར། རྟགས་གྲུབ་སྟེ། རླུང་འབྱིན་པ་དང༌། འདྲེན་པ་ནི་སེམས་ཀྱི་འབད་རྩོལ་མེད་པར་གང་ལས་ཡིན་ཏེ་མ་ཡིན་ཏེ་མ་ཡིན་པས་སོ། །དེར་མ་ཟད་དབུགས་དེ་དག་ཕུལ་དུ་བྱུང་བ་དང་འགྲིབ་པ་ལས་སེམས་ཀྱང་ཕུལ་བྱུང་འགྲིབ་པ་ཐོབ་པར་འགྱུར་ཏེ། སེམས་དེ་དབུགས་ཀྱི་ལྷན་ཅིག་བྱེད་རྐྱེན་ལས་དངོས་སུ་སྐྱེ་བའི་ཕྱིར། དབུགས་དེ་སེམས་ལས་མ་ཡིན་གྱི། ལུས་ཁོ་ན་ལས་སྐྱེའོ་ཞེ་ན། མི་འཐད་དེ། དེ་དག་ལ་ཡང་ཤི་བའི་ལུས་ལ་དབུགས་གནས་པར་ཐལ་བ་མཚུངས་པས་སོ། །ཐལ་བ་དེ་ཁྱེད་ལ་ཡང་མཚུངས་སོ་ཤེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། སེམས་སྔ་མ་སེམས་ཕྱི་མའི་ཉེར་ལེན་གྱི་རྒྱུ་ཡིན་ན་ཤི་བའི་ལུས་ལ་སེམས་གནས་པའི་ཐལ་བ་མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར་ན་ལུས་སེམས་ལྷན་ཅིག་ཏུ་གནས་པའི་འཕེན་བྱེད་ཀྱི་ལས་གཞན་དག་ཀྱང་ལུས་སེམས་ལྷན་ཅིག་ཏུ་གནས་པའི་འཕེན་བྱེད་ཀྱི་ལས་གཞན་དག་ཀྱང་ལུས་སེམས་ལྷན་ཅིག་ཏུ་གནས་པའི་རྒྱུ་ནི་ཡིན་པར་འདོད་པས་སོ། །གཉིས་པ་ནི། གལ་ཏེ་སྤྱིར་སྡོང་བུ་དེ་སྒྲོན་མའི་རྒྱུ་ཡིན་ཀྱང༌། རླན་དང་བཅས་པའི་སྡོང་བུ་སོགས་དེའི་རྒྱུ་མ་ཡིན་པ་བཞིན་དུ། ནད་ཀྱི་ཉེས་པས་མི་མཐུན་པར་བྱས་པའི་ལུས་བློའི་རྒྱུ་མིན་ནོ་ཞེ་ན། ཤི་བས་ནད་ཀྱི་ཉེས་པ་ཉམས་པར་གྱུར་པའི་ཚེ་ཆོས་ཅན། སླར་ཡང་འཚོ་བ་དག་ཏུ་འགྱུར་ཏེ། དེའི་མཐུན་རྐྱེན་ཚང་ཞིང༌། འགལ་རྐྱེན་མེད་པའི་ཕྱིར། གལ་ཏེ་མེ་ནི་ལྡོག་ན་ཡང་ཤིང་གི་འགྱུར་བ་མི་ལྡོག་པ་བཞིན་དུ་ནད་ཀྱི་འགྱུར་བ་དེ་ནི་ལྡོག་པ་མེད་དོ་ཞེ་ན། མ་ཡིན་ཏེ། ནད་གསོ་བའི་སྦྱོར་བ་ཡོད་པའི་ཕྱིར་རོ། །འོ་ན་དེ་ལྡོག་ཏུ་རུང་བར་ངེས་སམ་ཞེ་ན། མ་ཡིན་ཏེ། ནད་འགའ་ཞིག་ནི་ལ་ལར་སླར་མི་འབྱུང་བར་འགྱུར་བ་སྐྱེད་པར་བྱེད། འགའ་ཞིག་ནི་ལྡོག་པ་ཡིན་པའི་ཕྱིར། དཔེར་ན་ཤིང་དང་གསེར་ལ་མེ་བཞིན་ནོ། །དང་པོ་ལྡོག་མི་རུང་དེ་ཆོས་ཅན། ཆུང་ཡང་ལྡོག་པ་མ་ཡིན་ཏེ། རང་རྒྱུ་ལས་དེར་བྱས་པའི་ཕྱིར། གང་ལྡོག་རུང་དེ་ནི་ཆོས་ཅན། སླར་ཡང་འབྱུང་བར་འགྱུར་ཏེ། རང་རྒྱུས་སླར་ལྡོག་ཏུ་རུང་བར་འགྱུར་བ་ཉིད་དུ་བྱས་པའི་ཕྱིར། འོ་ན་གསོ་བྱ་མ་ཡིན་པའི་ནད་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ནད་ཅུང་ཟད་ཀྱང་གསོ་བྱ་མ་ཡིན་པར་བརྗོད་པ་དེ་ནི་འཆོས་བྱེད་ཀྱི་སྨན་པ་སོགས་རྙེད་པར་དཀའ་བའི་ཕྱིར་རམ། ནད་པ་རང་གི་ཚེ་ཟད་པ་ལ་དགོངས་པའི་ཕྱིར། དེ་ལས་གཞན་དུ་ཉེས་པ་ནད་འབའ་ཞིག་ནད་ཀྱི་འགྱུར་བའི་རྒྱུ་ཡིན་ན་གསོ་བྱ་མ་ཡིན་པའི་ནད་མེད་པ་ཉིད་དུ་འགྱུར་ཏེ། དུག་ནད་ཀྱིས་ཤི་བའི་དུག་སོགས་ངང་གིས་ལྡོག་པའི་ཕྱིར་རམ། དུག་སྦྲུལ་དེའི་སོས་ཟིན་པའི་ཤ་བཅད་པ་ལས་ཀྱང་སྐྱེས་བུ་དེ་ཆོས་ཅན། ཅིས་སླར་ཡང་འཚོ་བར་མི་འགྱུར་ཏེ། མཐུན་རྐྱེན་ལུས་ཡོད་ཅིང༌། འགལ་རྐྱེན་ནད་ཀྱི་འགྱུར་བའི་རྒྱུ་དང་བྲལ་བའི་ཕྱིར། གཉིས་པ་ནི། དེ་ལྟར་རྒྱང་འཕན་ཉེར་ལེན་ལུས་གཞན་དུ་མ་གྱུར་པ་དེ་སྲིད་དུ་སེམས་གཞན་དུ་མི་འགྱུར་བར་ཁས་ལེན་པ་ལ་ཤི་བའི་ལུས་ལ་སེམས་གནས་པར་ཐལ་བ་འཕངས་ནས། ལྡོག་དོན་དེ་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་ནི། གང་ཉེར་ལེན་དང་ཉེར་ལེན་ཅན་དུ་འདོད་པའི་དངོས་པོ་ཡིན་ན། ཉེར་ལེན་དུ་འདོད་པ་དེ་གཞན་དུ་འགྱུར་བ་མེད་པར་ནི་ཉེར་ལེན་ཅན་དག་འགྱུར་བར་ནི་བྱེད་པར་མི་ནུས་པས་ཁྱབ། དཔེར་ན་འཇིམ་པ་གཞན་དུ་འགྱུར་བ་མེད་པར་རྫ་བུམ་ལ་སོགས་པ་བཞིན། ལུས་སེམས་གཉིས་ཀྱང་དེར་ཁས་བླངས་སོ། །ཞེས་པ་ནི་སྐབས་འདིའི་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་འགོག་བྱེད་ཀྱི་རིགས་པ་སྟེ་སྒྲུབ་པའི་ཐལ་འགྱུར་རོ། །གཉིས་པ་ནི། ཉེར་ལེན་དུ་ཁས་བླངས་པའི་དངོས་པོ་གང་གཞན་དུ་འགྱུར་བ་མེད་པར་ནི་ཉེར་ལེན་ཅན་དུ་འདོད་པའི་དངོས་པོ་གང་ཞིག་གཞན་དུ་རྣམ་པར་འགྱུར་བ་ཡིན་ན། དེ་དེའི་ཉེར་ལེན་དུ་མི་རིགས་པས་ཁྱབ་སྟེ། དཔེར་ན་བ་ལང་དང་བ་མེན་ལ་སོགས་པ་བཞིན། ལུས་དང་སེམས་ཀྱང་དེ་བཞིན་ནོ་སྟེ་ལུས་གཞན་དུ་མ་གྱུར་པར་སེམས་གཞན་དུ་འགྱུར་བ་ཡིན་ནོ་ཞེས་བཀོད་པས་ལུས་སེམས་ཀྱི་ཉེར་ལེན་མ་ཡིན་པར་རྟོགས་པའི་ཚད་མ་འདྲེན་པར་ནུས་སོ། །འོ་ན་འགའ་ཞིག་གི་ཚེ་གཉིས་པོ་ལྷན་ཅིག་ཏུ་གནས་པ་མི་འཐད་དོ་ཞེ་ན། གཉིས་པ་དེ་གཅིག་གི་ཉེ་བར་ལེན་པའི་རྒྱུ་གང་ཡིན་པ་དེས་གཅིག་ཤོས་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་བྱས་པ་ལས་སྐྱེ་བའི་འབྲས་བུ་ཡིན་པའི་རྒྱུ་མཚན་གྱིས་ལྷན་ཅིག་ཏུ་གནས་ཏེ། དཔེར་ན་མེ་དང་ཟངས་མའི་ཞུ་བ་ཉིད་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། དངོས་དོན་རྒྱས་པར་བཤད། དེས་གཞན་ཡང་མཚོན་པར་བསྟན། དེ་དག་གི་མཇུག་བསྡུ་བའོ། །དང་པོ་ནི། གོང་དུ་རྒྱང་འཕན་གྱི་འདོད་ཚུལ་གསུམ་བཤད་པ་ལས། ལུས་བློའི་ཉེར་ལེན་མ་ཡིན་དུ་ཆུག བློ་ལུས་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ན་གཉིས་པོ་རྟེན་བརྟེན་པའོ་ཞེ་ན་མ་ཡིན་ཏེ། སེམས་ཡོད་པ་དང་མེད་པ་དག་ལ་མི་འཇིག་པར་གནས་པའི་རྟེན་དགོས་པ་དང་ནུས་པ་མེད་པའི་ཕྱིར་རོ། །དེ་ཉིད་འཆད་པ་ནི། སེམས་ཡོད་པའི་གནས་རྒྱུ་ནི་རྟེན་ཉིད་དོ་ཞེ་ན། ལུས་འདི་ཆོས་ཅན། སེམས་གྲུབ་ཟིན་གནས་པའི་རྟེན་དུ་ཁྱོད་དགོས་པ་མེད་དེ། སེམས་ཀྱི་གནས་པ་ནི་གནས་པ་པོ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དང༌། གཞན་ཡིན་ན་ཡང་ལུས་དེས་ནི་ཆོས་ཅན། སེམས་ཀྱི་དངོས་པོ་ཅི་ཞིག་གནས་པར་བྱས་ཏེ། སེམས་དང་འབྲེལ་མེད་དུ་གྱུར་པའི་གནས་པ་དེའི་རྒྱུ་ཉིད་ཡིན་པའི་ཕྱིར། གཞན་ཡང་སེམས་ཆོས་ཅན། འཇིག་པ་མེད་པར་ཐལ་བར་འགྱུར་ཏེ། མི་འཇིག་པར་གནས་པའི་རྟེན་དང་བཅས་པའི་ཕྱིར། གལ་ཏེ་སེམས་དེ་འཇིག་རྒྱུ་གཞན་ལས་འཇིག་པར་འདོད་དོ་ཞེ་ན། དེ་ལྟར་འདོད་པ་དེ་ལའང་ཆོས་ཅན། མི་འཐད་དེ། སེམས་ཀྱི་འཇིག་པ་སེམས་དང་ངོ་བོ་གཅིག་དང་ཐ་དད་དུ་བརྟགས་པའི་ཐལ་བ་མཚུངས་པ་ཡིན་པས་སོ། །སེམས་ཆོས་ཅན། གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ་སྟེ། འཇིག་རྒྱུ་ལས་འཇིག་པའི་ཕྱིར། གལ་ཏེ་འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་དེས་གནས་པར་བྱེད་དོ་ཞེ་ན། སེམས་ཀྱི་དངོས་པོ་ཆོས་ཅན། གནས་པའི་རྒྱུ་ནི་ཅི་ཞིག་བྱ་སྟེ་དགོས་པ་མེད་པར་ཐལ། འཇིག་པ་ཁྱོད་ཀྱི་ཆོས་ཉིད་དུ་ཡོད་པ་འདི་ལ་སུས་ཀྱང་གནོད་པ་མེད་པའི་ཕྱིར་རོ། །གལ་ཏེ་དཔེར་ན། སྣོད་རང་ནང་གི་ཆུ་སོགས་ཀྱི་རྟེན་ཡིན་པ་བཞིན་ནོ་ཞེ་ན། དཔེ་འདི་ལའང་ཆོས་ཅན། མི་འཐད་དེ། ཐལ་བ་སྔ་མ་རྣམས་མཚུངས་པའི་ཕྱིར། འོ་ན་འཇིག་རྟེན་གྱི་གྲགས་པ་དང་འགལ་ལོ་ཞེ་ན། ཆུའི་དངོས་པོ་རྣམས་སྐད་ཅིག་རེ་རེར་ནི་འཇིག་པའི་ཚེ་ན་ཆུའི་དངོས་པོའི་རྒྱུན་མཐུར་དུ་མི་ལྟུང་བ་དེ་ལྟ་བུར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན་དེ་དེའི་རྟེན་དུ་གྲགས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་མི་འཇིག་པར་གནས་པའི་རྟེན་དུ་རིགས་པ་མ་ཡིན་པའི་ཕྱིར། སྣོད་ཆུའི་རྟེན་དུ་ཁས་ལེན་ན་བྱེ་བྲག་པའི་འདོད་པ་དང་མཚུངས་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ། སྣོད་དེ་རང་ནང་གི་ཆུ་འབོ་བ་ཡི་ནི་གེགས་བྱེད་པའི་ཕྱིར་ན་ཆུ་སོགས་ཀྱི་ནི་རྟེན་དུ་འགྱུར་གྱི། གཞན་དུ་འགྲོ་བ་མེད་པ་ཅན་གྱི་ཡོན་ཏན་དང་སྤྱི་དང་ལས་རྣམས་ལ་ནི་རྟེན་དོན་གཞན་ཅི་དགོས་ཏེ་མི་དགོས་པའི་ཕྱིར་རོ། །གཉིས་པ་ནི། རྒྱང་འཕན་བཀག་པའི་རིགས་པ་འདིས་ནི་ཆོས་ཅན། བྱེ་བྲག་པ་འདོད་པའི་འཕྲོད་པ་འདུ་བ་དང་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་དག་རྟེན་བརྟེན་པར་འདོད་པ་དང༌། གསལ་བ་རྣམས་རིགས་ལ་སོགས་པ་མི་འཇིག་པར་རྣམ་པར་གནས་པ་ཉིད་ཀྱི་རྟེན་དུ་ཁས་ལེན་པ་ཡང་བསལ་བ་ཡིན་ཏེ། མི་འཇིག་པར་གནས་པའི་རྟེན་དོན་གཞན་མེད་པར་གྲུབ་ཟིན་པའི་ཕྱིར། སོགས་པའི་སྒྲ་ནི་སྣམ་བུ་ལ་དཀར་པོ་བརྟེན་པ་དང༌། འབྱུང་བ་རྣམས་འབྱུང་གྱུར་གྲུབ་ཟིན་མི་འཇིག་པར་གནས་པའི་རྟེན་དུ་འདོད་པའོ། །རང་ལུགས་ཀྱི་རྟེན་བརྟེན་པ་དང་མི་འདྲ་བའི་ཁྱད་པར་ནི་རྒྱུར་འདོད་མི་འདོད་ལས་ཡིན་ལ། རྒྱུའི་དོན་ཀྱང་སྣོད་དེ་ཆུའི་སྐྱེད་བྱེད་དུ་མ་ཡིན་གྱི་ཆུ་མཐུར་དུ་མི་ལྟུང་བར་སྐྱེད་པའི་རྒྱུའོ། །གཞན་གྱིས་ནི་གྲུབ་ཟིན་མི་འཇིག་པའི་རྟེན་དུ་འདོད་དོ། །གསུམ་པ་ལ་གསུམ་ལས། གཞན་འདོད་པའི་རྟེན་དགོས་ནུས་མེད་པའི་རང་རྒྱུད་ནི། གལ་ཏེ་དངོས་པོ་རྣམས་རྒྱུ་དོན་གཞན་ལས་འཇིག་ན་དེའི་གནས་རྒྱུས་ཅི་ཞིག་བྱ་ལ། དེ་གཞན་ལ་ལྟོས་པ་མེད་པར་འཇིག་ན་ཡང་གནས་པའི་རྒྱུ་རྣམས་ནུས་མེད་ཡིན་ནོ། །གཉིས་པ་རྟག་པར་ཐལ་བ་ནི། དངོས་པོ་ཐམས་ཅད་ནི་འགའ་ཞིག་གི་ཚེ་ནའང་འཇིག་པར་མི་འགྱུར་བ་ཉིད་དུ་ཐལ། རྟེན་བཅས་ཐམས་ཅད་མི་འཇིག་པར་གནས་ལྡན་དང༌། སྐྱེ་བ་ཅན་ཀུན་རྟེན་བཅས་ཡིན་པར་ཁས་བླངས་པ་དེའི་ཕྱིར། གསུམ་པ་ཐལ་རང་གཉིས་པོ་དེའི་ལྡོག་ཁྱབ་སྒྲུབ་པ་ནི། གལ་ཏེ་རང་འཇིག་ངང་ཚུལ་བདག །ཡིན་ན་དེ་གནས་བྱེད་གཞན་གང༌། །གལ་ཏེ་རང་འཇིག་ངང་ཚུལ་བདག །མིན་ན་དེ་གནས་བྱེད་གཞན་གང༌། །ཞེས་པའོ། །གཉིས་པ་སེམས་འཕེལ་འགྲིབ་ཀྱི་རྗེས་སུ་བྱེད་པའི་གཏན་ཚིགས་ལ། དངོས་དང༌། རྩོད་སྤང་ངོ༌། །དང་པོ་ལ་གསུམ་སྟེ། རྟགས་དགོད། ཚུལ་སྒྲུབ། དོན་བསྡུ་བའོ། །དང་པོ་ནི། ཤེས་རབ་དང་སྙིང་རྗེ་སོགས་ཆོས་ཅན། རང་གི་ཉེར་ལེན་བློ་སྔ་མ་སྔོན་དུ་སོང་སྟེ། ལུས་ཀྱི་ཕུལ་བྱང་དང་འགྲིབ་པའི་རྗེས་སུ་མེད་པར་བློ་སྔ་མ་ཡི་བྱེད་པའི་ཁྱད་པར་གྱིས་ཕུལ་དུ་བྱུང་བ་དང་འགྲིབ་པ་དག་ཏུ་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ལས། ཁྱབ་པ་སྒྲུབ་པ་ནི། བློ་སྔ་མ་འཕེལ་འགྲིབ་ཀྱི་རྗེས་སུ་བྱེད་པ་འདི་ནི་མར་མེའི་འོད་ལ་སོགས་པ་ཉེ་བ་ཁོ་ན་བེམས་པོར་བརྟེན་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། ཡོད་ན་བློ་ལས་འོད་འབྱུང་བར་ཐལ་བས་སོ། །གཉིས་པ་ཕྱོགས་ཆོས་སྒྲུབ་པ་ལ་རིགས་པ་གཉིས་ལས། དང་པོ་ནི། བཅུད་ལེན་སོགས་ཀྱིས་ལུས་རྒྱས་པར་བྱས་པ་དེ་ལས་ཀྱང་ཤེས་རབ་སོགས་འདི་ཁྱད་པར་དུ་འགྱུར་མོད། དེ་ཙམ་གྱིས་རྩ་བའི་རྟགས་མི་འགྲུབ་པ་མ་ཡིན་ཏེ། བདག་རྐྱེན་ལུས་ཀྱིས་བདག་འབྲས་སེམས་ལ་ཕན་འདོགས་པ་མེད་པར་ལུས་ཀྱི་རྗེས་སུ་བྱེད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། ཚུལ་མིན་ཡིད་བྱེད་དང་ལྡན་པ་འགའ་ཞིག་གི་ཚེ་ལུས་རྒྱས་པ་དང་རྒུད་པ་སོགས་ཀྱིས་འཕེལ་བའི་ཆགས་སོགས་ཆོས་ཅན། ལུས་ཀྱི་ཉེར་ལེན་ལས་སྐྱེས་པ་མ་ཡིན་ཏེ། ལུས་ཞེས་འཁོར་གྱི་ཚོར་བ་བདེ་སྡུག་ལས་སྐྱེས་པ་ཡིན་པས་སོ། །བདེ་སྡུག་དེ་ཡང་ཆོས་ཅན། ལུས་ཀྱི་ཉེར་ལེན་ལས་སྐྱེ་པ་མ་ཡིན་ཏེ། ཁམས་སྙོམས་པ་དང་སོགས་པ་མ་སྙོམས་པ་ལས་བྱུང་བའི་ནང་གི་དོན་རེག་བྱའི་ཁྱད་པར་བཟུང་དོན་དུ་ཉེ་བ་ལས་སྐྱེས་པའི་ཕྱིར། ཇི་སྐད་བཤད་པ་འདིས་ནི་ཆོས་ཅན། འདུས་པ་ལ་སོགས་པའི་ནད་ཀྱིས་བསྐྱེད་པའི་དྲན་པ་ཉམས་པ་སོགས་ནད་ཀྱི་ཉེར་ལེན་ལས་མི་སྐྱེ་བར་བཤད་པ་ཡིན་ཏེ། ནང་གི་དོན་རེག་བྱའི་ཁྱད་པར་ཡུལ་དུ་ཡོད་པ་ལས་སྐྱེས་པའི་བློས་ནི་འགྱུར་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །རྒྱུད་ཀྱི་ཁྱད་པར་འགའ་ཞིག་ལ་སྟག་ཉིད་དང་ནི་དེས་གཞན་བསད་པའི་ཁྲག་ལ་སོགས་པ་ཐོས་པ་དང་ནི་མཐོང་བ་ལས་རྨོངས་པ་དང་བརྒྱལ་བ་ལ་སོགས་པ་འབྱུང་བ་བཞིན་ནོ། །གསུམ་པ་ནི། དེ་ལྟར་བཤད་ཟིན་པ་དེའི་ཕྱིར་ངེས་པར་སེམས་སྔ་མ་གང་ཉིད་ཀྱི་འདུ་བྱེད་ཀྱི་ནི་རྗེས་སུ་འཇུག་པའི་སེམས་ཕྱི་མ་ནི་ཆོས་ཅན། སེམས་སྔ་མ་ལ་བརྟེན་པ་ཡིན་ཏེ། དེ་མེད་ན་མི་འབྱུང་བ་དེའི་ཕྱིར། འདིར་རྩོད་གཞི་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་མིན་ལ་འདོད་ཀྱི། རྒྱུར་ནི་རང་གིས་ཀྱང་ཁས་བླངས་སོ། །གཉིས་པ་ལ་གསུམ་སྟེ། དེ་ལྟ་ན་ལུས་སེམས་ཀྱི་ཉེར་ལེན་དུ་གྲུབ་པའི་རྩོད་སྤང༌། དམན་པའི་གནས་སུ་མི་སྐྱེ་བར་ཐལ་བའི་རྩོད་སྤང༌། བར་སྲིད་མ་མཐོང་བས་མེད་པའི་རྩོད་སྤང་ངོ༌། །དང་པོ་ནི། ཉེར་ལེན་སེམས་ལས་སྐྱེ་ན་ལུས་ལས་སྐྱེ་བར་གྲུབ་སྟེ། ལུས་སེམས་རྫས་གཅིག་པའི་ཕྱིར་རོ་ཞེ་ན། ཇི་ལྟར་སེམས་ལ་བརྟེན་པར་བྱས་ནས་ཐོས་སོགས་ཀྱི་ཡོན་ཏན་འདུ་བྱེད་པའི་ཚེ། སེམས་ལ་ནི་ཡོན་ཏན་རྣམས་གསལ་བའི་དུས་སུ་ལུས་ལའང་ཡོན་ཏན་རྣམས་སེམས་ལ་གསལ་བ་དེ་ལྟར་དུ་གསལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ལུས་སེམས་ཐ་དད་མེད་པའི་ཕྱིར་རོ། །འདིས་ནི་རྟེན་ཚུལ་གསུམ་པ་དེ་ཁེགས་སོ། །གཉིས་པ་ནི། སེམས་ཅན་རྣམས་དམན་པའི་གནས་སུ་སྐྱེ་མི་སྲིད་པར་ཐལ། བློ་སྔོན་དུ་བཏང་ནས་སྐྱེ་བར་ངེས་པའི་ཕྱིར་ཞེ་ན། དེ་ལྟར་ཐལ་བ་མེད་དེ། བདག་ལ་ཆགས་པ་དང་ལྡན་པས་བདེ་བ་ཐོབ་པ་དང་སྡུག་བསྔལ་དོར་བར་འདོད་པས་ན་དམན་པའི་གནས་ནི་ཡོངས་སུ་ལེན་པའི་ཕྱིར། དེ་སྒྲུབ་པ་ནི། སྡུག་བསྔལ་ལ་ཕྱིན་ཅི་ལོག་བདེ་བར་འཛིན་པའི་བློ་དང༌། ཀུན་ནས་འཆིང་བ་སྲེད་པ་ནི་འཁོར་བར་སྐྱེ་བའི་རྒྱུ་ཡིན་ཏེ། གང་ལ་གཉིས་པོ་དེ་མེད་པ་དེ་ནི་སྐྱེ་བ་ལེན་པར་མི་འགྱུར་བའི་ཕྱིར། རྩོད་པ་དེ་ལ་དབང་ཕྱུག་འགྲོ་བའི་བྱེད་པོར་འདོད་པ་དག་གིས་ལན་འདེབས་པ་དགག་པའི་ཆེད་དུ། སེམས་ཅན་གཞན་གྱིས་བཀྲི་མིན་པ། །ཞེས་སྨོས་སོ། །གསུམ་པ་ནི། གལ་ཏེ་བར་དོའི་སྲིད་པ་མེད་དེ། སྐྱེ་བ་ཕྱི་མར་འགྲོ་བ་དང་འདིར་འོང་བ་མ་མཐོང་བའི་ཕྱིར་ཞེ་ན། རྒྱང་འཕན་གྱིས་མ་མཐོང་བའི་ཕྱིར་ན་མེད་པ་མ་ཡིན་ཏེ། ལྷའི་མིག་སོགས་ཀྱི་དབང་པོ་མི་གསལ་བ་སྟེ་དེ་ལ་སྣང་རུང་དུ་མེད་པའི་ཕྱིར་ན་མ་མཐོང་བ་ཡིན་གྱི། དེ་ལ་སྣང་དུ་རུང་ནས་མ་མཐོང་བ་མ་ཡིན་པའི་ཕྱིར། དཔེར་ན་མིག་མི་གསལ་བ་ཡིས་དུ་བ་ཆུང་ངུ་མི་མཐོང་བ་བཞིན་ནོ། །གལ་ཏེ་བར་དོའི་ལུས་ཆོས་ཅན། ཐོགས་བཅས་སུ་ཐལ། ལུས་ཅན་ཡིན་པའི་ཕྱིར་ཞེ་ན། བར་དོ་སོགས་ལུས་ཅན་འགའ་ཞིག་ཆོས་ཅན། ལུས་ཅན་ཡིན་ཀྱང་སྐྱེ་གནས་སོགས་ལ་ལར་ཐོགས་པ་མེད་དེ། ཕྲ་ཞིང་དྭངས་པའི་ཕྱིར། དཔེར་ན་རྫ་གསར་པ་ལ་ཆུ་བཞིན་དང༌། གསེར་ལ་དངུལ་ཆུ་བཞིན་ནོ། །སླར་ཡང་བརྟགས་ནས་དགག་པ་ནི། རྒྱང་འཕེན་ལུས་བློའི་ཉེར་ལེན་དུ་འདོད་ན། ཡན་ལག་ཅན་ཆ་མེད་ཅིག་དེའི་ཉེར་ལེན་ཡིན་ནམ་ཡན་ལག་དུ་མ་ཡིན། དང་པོ་ལྟར་ན་དེ་མི་འཐད་པ་ལ་གཉིས་ཏེ། ཡན་ལག་ཅན་རྫས་སུ་གྲུབ་པ་ལ་གནོད་བྱེད་ཡོད་པ་དང༌། སྒྲུབ་བྱེད་མེད་པའོ། །དང་པོ་ནི། གཞན་ལ་གནོད་བྱེད་ཡོད་པ་དང༌། རང་ལ་མེད་པའོ། །དང་པོ་ལ། ཐལ་འགྱུར་དངོས་དང༌། ཟློག་དོན་རྟགས་སུ་བཀོད་པའོ། །དང་པོ་ལ་གསུམ་ལས། ལས་ལ་བརྟེན་པའི་ཐལ་བ་ནི། ཡན་ལག་ཅན་སྐྱེས་བུའི་ལུས་དེ་རྫས་སུ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་ལག་སོགས་གཡོ་བ་ན་རྐང་པ་སོགས་ཐམས་ཅད་གཡོ་བར་འགྱུར་ཏེ། གཅིག་ཡིན་པའི་ཕྱིར། དེའི་རྟགས་མི་མཐུན་ཕྱོགས་ལ་ཡོད་པ་མ་ཡིན་ཏེ། གཡོ་མི་གཡོ་འགལ་བ་ཅན་གྱི་ལས་ནི་གཅིག་ལ་མི་རུང་བའི་ཕྱིར་དང༌། གཞན་དུ་རུང་ན་ཐ་དད་དུ་གྲུབ་པར་འགྱུར་བས་སོ། །གཉིས་པ་བྱ་བ་ལ་བརྟེན་པའི་ཐལ་བ་ནི། དེ་ཆོས་ཅན། ཁྱོད་ཀྱི་ཕྱོགས་གཅིག་བསྒྲིབས་པ་ན་ཕྱོགས་ཐམས་ཅད་དག་བསྒྲིབས་པར་འགྱུར་བའམ་ཕྱོགས་གཅིག་མ་སྒྲིབས་ན་ཀུན་མཐོང་བར་འགྱུར་ཏེ། གཅིག་ཏུ་བདེན་པའི་ཕྱིར། གསུམ་པ་ཡོན་ཏན་ལ་བརྟེན་པའི་ཐལ་བ་ནི། དེ་ཆོས་ཅན། ཁྱོད་ཀྱི་ཕྱོགས་གཅིག་ཚོན་གྱིས་བསྒྱུར་ན། ཕྱོགས་ཐམས་ཅད་བསྒྱུར་བའམ་གཅིག་མ་སྒྱུར་ན་ཐམས་ཅད་མ་སྒྱུར་བར་རྟོགས་པར་འགྱུར་ཏེ། གཅིག་ཏུ་བདེན་པའི་ཕྱིར། གཉིས་པ་ནི། ལུས་ཀྱི་ཚོགས་པ་ཁྱད་པར་ཅན་དེ་ཆོས་ཅན། གཅིག་ཏུ་བདེན་པར་ཡོད་པ་མ་ཡིན་ཏེ། ཆ་དུ་མ་དང་བཅས་པ་དེའི་ཕྱིར་ཞེས་པའོ། །འདིས་ནི་རགས་རྒྱུན་བདེན་མེད་དུ་བསྟན་པས་ཆོས་ཀྱི་བདག་མེད་པའི་ཕྱོགས་གཅིག་མཚོན་ནོ། །རང་ཕྱོགས་ལ་ནི་ཡན་ལག་ཅན་བཏགས་ཡོད་དེ་སེལ་ངོར་གཅིག་ཡིན་ཀྱང༌། དེ་ཙམ་གྱིས་ཚད་མས་གྲུབ་པ་དང་བདེན་པར་བཞག་མི་ནུས་སོ། །གཉིས་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། རྒྱང་འཕན་གྱི་འདོད་པ་དེ་ལྟར་བཀག་པ་ལ་བྱེ་བྲག་པ་ན་རེ། སྐྱེས་བུའི་ལུས་ཀྱི་ཚོགས་པ་དེ་དུ་མ་ཉིད་ཡིན་ནའང་དེ་ཆོས་ཅན། དབང་ཤེས་ཀྱིས་རྟོགས་པ་མ་ཡིན་པར་ཐལ། རྡུལ་ཕྲན་རེ་རེ་བའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་དང༌། རྡུལ་ཕྲ་རབ་ཉིད་ཡིན་པའི་ཕྱིར། སྔ་མ་རྡུལ་ཕྲན་རེ་རེ་བ་བཞིན་ནོ་ཞེ་ན། གཉིས་པ་ལན་ལ། དངོས་དང༌། གཞན་ཡང་མཚོན་པའོ། །དང་པོ་ནི། སྐྱེས་བུའི་ལུས་ཀྱི་ཚོགས་པ་རྣམས་ནི་ཆོས་ཅན། རྡུལ་ཕྲན་རེ་རེ་བ་དང་ཁྱད་མེད་པར་མ་གྲུབ་སྟེ། རྡུལ་ཕྲན་ཁྱད་པར་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། རྡུལ་ཕྲ་རབ་རེ་རེ་བ་ཉིད་མ་ཡིན་ཏེ། རང་གི་ཡུལ་ཅན་དབང་ཤེས་ཀྱི་བཟུང་ཡུལ་དུ་གྱུར་པ་དེའི་ཕྱིར། གཉིས་པ་ལ་དངོས་དང་ཧ་ཅང་ཐལ་བའོ། །དང་པོ་ནི། བཤད་མ་ཐག་པ་འདིས་ནི་ཆོས་ཅན། ཡན་ལག་ཅན་གྱི་རྫས་མེད་ན་སྒྲིབ་བྱེད་ལ་སོགས་མེད་པར་ཐལ་བ་དག་ཀྱང་བསལ་བ་ཡིན་གྱི། རྡུལ་ཕྲན་ཁྱད་པར་ཅན་གྱི་སྐབས་སུ་སྒྲིབ་ཐོག་སོགས་བྱེད་ནུས་པའི་ཕྱིར། གཉིས་པ་ནི། འོ་ན་རྔུལ་ཆུ་གསེར་སོགས་དང་འདྲེས་པའམ་རྡོ་ཚན་སོགས་ཆོས་ཅན། དབང་ཤེས་ལ་ཇི་ལྟར་སྣང་བ་དང༌། སྒྲིབ་ཐོགས་སོགས་ཀྱི་བྱ་བ་མི་བྱེད་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། རྡུལ་རིགས་མི་མཐུན་ཕྲད་པ་ན་ཡན་ལག་ཅན་གྱི་རྫས་གསར་པ་མི་རྩོམ་ཞིང༌། རྙིང་པ་ཞིག་པར་ཁས་ལེན་པས་སོ། །ཐལ་བ་གཉིས་པ་ནི། སོ་སོར་དབང་ཤེས་སྐྱེད་པའི་ནུས་མེད་ཀྱི་དབང་སོགས་ཚོགས་པ་རྣམས་ཆོས་ཅན། རྟོགས་པ་དབང་ཤེས་སྐྱེད་པ་དག་ནི་ཇི་ལྟར་ཡིན་ཏེ། ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར། རྟགས་དང་ཁྱབ་པ་བྱེ་བྲག་པའི་གྲུབ་མཐའོ། །བྱེ་བྲག་པ་ན་རེ། རྐྱེན་གསུམ་གྱིས་ལྡན་པ་སྐྱེད། ལྡན་པ་ལས་དབང་ཤེས་སྐྱེའོ་ཞེ་ན། དེ་ལྟར་འདོད་པ་འདིར་ཡང་ཆོས་ཅན། མི་འཐད་དེ། ཡན་ལག་ཅན་གྱི་རྫས་མེད་པའི་ཕྱིར་ན་ལྡན་པ་མི་སྐྱེད་པར་ཐལ་བ་མཚུངས་པས་སོ། །གལ་ཏེ་གསེར་དང་རྡུལ་ཆུ་འདྲེས་པ་ལ་ཡན་ལག་ཅན་གྱི་རྫས་མེད་ཀྱང་ལྡན་པ་ཡོད་པས་དེ་དབང་ཤེས་ལ་སྣང་བ་ཡིན་ནོ་ཞེ་ན། དེའི་ལྡན་པ་དབང་ཤེས་ཀྱིས་གང་ལས་རྟོགས་ཏེ། དེའི་རྡུལ་ཕྲ་རབ་མཐོང་བ་མེད་པའི་ཕྱིར། གཞན་ཡང་སྒེའུ་གཤེར་དང་བུ་རམ་སྦྱར་བའི་བཏུང་བ་ཆོས་ཅན། ཁྱོད་ལ་རོ་གཟུགས་སོགས་ཀྱི་ཡོན་ཏན་ལྡན་པར་འགལ་བར་ཐལ། ཁྱོད་ལ་ཡན་ལག་ཅན་གྱི་རྫས་ནི་མེད། ལྡན་པའང་མ་དམིགས་པའི་ཕྱིར། རྟགས་གཉིས་པའང་ཁས་བླངས་ཏེ། བཏུང་བ་ནི་ཡོན་ཏན་ཡིན་ཞིང༌། དེ་ལ་ཡོན་ཏན་གཉིས་པ་མེད་པར་ཁས་བླངས་པས་སོ། །དང་པོའང་ཁས་བླངས་ཏེ། མ་ཕྲད་པར་བཏུང་བ་མི་འབྱུང་ལ། ཕྲད་པ་ཡོན་ཏན་དུ་ཁས་ལེན་པས་སོ། །གལ་ཏེ་བཏུང་བ་དེ་ལ་ཉེ་བར་བཏགས་པ་ལས་རོ་གཟུགས་སོགས་ལྡན་པར་འདོད་དོ་ཞེ་ན། བཏུང་བ་དེ་ཆོས་ཅན། ཁྱོད་ཀྱི་རོ་གཟུགས་དང་འོ་མའི་རོ་གཟུགས་གཉིས་བློ་མ་འཁྲུལ་པས་རོ་དངོས་བཏགས་ཐ་དད་དུ་དམིགས་པར་འགྱུར་ཏེ། ཁྱོད་ཀྱི་རོ་གཟུགས་བཏགས་པ་བ་དང་གཅིག་ཤོས་མཚན་ཉིད་པ་ཡིན་པའི་ཕྱིར། གཞན་ཡང་ཇི་ལྟར་ཕྲེང་རིང་ཞེས་བྱར་འགྱུར་ཏེ། ཕྲེང་བ་རིང་པོ་མི་སྲིད་པར་ཐལ། དེ་ལ་ཡན་ལག་ཅན་གྱི་རྫས་དང་ལྡན་པ་གཉིས་ཀ་མེད་པའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་ཏེ། རྡུལ་རིགས་མི་མཐུན་གྱིས་ཡན་ལག་ཅན་མི་རྩོམ་པ་དང༌། ཡོན་ཏན་ལ་ཡོན་ཏན་གཉིས་པ་མེད་པར་འདོད་པས་སོ། །དེའི་འབྲེལ་ཡང༌། ཕྲེང་བ་ནི་བཀོད་པའི་ཡོན་ཏན་དང༌། རིང་པོ་ནི་ཚད་ཀྱི་ཡོན་ཏན་དུ་འདོད་པས་སོ། །གཉིས་པ་སྒྲུབ་བྱེད་མེད་པ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། བྱེ་བྲག་པ་ན་རེ། ཡན་ལག་ཅན་གྱི་རྫས་ཡོད་དེ། གྲངས་སོགས་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པའི་ཕྱིར་ཞེ་ན། རྫས་དང་ཡོན་ཏན་སོགས་དོན་གཞན་དུ་ཡོད་པ་མ་ཡིན་ཏེ། གྲངས་སོགས་དོན་གཞན་དང་ལྡན་པའི་རྫས་ལྟོ་ལྡིར་བ་རང་གི་ངོ་བོ་དང༌། དེའི་ཡུལ་ཅན་གྱི་བརྗོད་པ་དག་ལས་དངོས་པོ་ཐ་དད་པར་གྲངས་དང་ལྡན་པ་དང་ལས་དང་སྤྱི་དང་བྱེ་བྲག་ལ་སོགས་པ་ཡི་ངོ་བོ་ཡོད་ན་སྣང་དུ་རུང་བ་ལས་བློ་མ་འཁྲུལ་བ་ལ་མི་སྣང་བའི་ཕྱིར་རོ། །གཉིས་པ་ལ་རྩོད་པ་གསུམ་ལས། དང་པོ་ནི། འོ་ན་བུམ་པ་དང་དེའི་གྲངས་སོགས་ལ་སྒྲ་རྟོག་ཐ་དད་མི་འཇུག་པར་ཐལ་ལོ་ཞེ་ན། བུམ་པའི་གྲངས་ཞེས་པའི་སྒྲ་དང་ཤེས་པ་ཆོས་ཅན། བུམ་པ་དེའི་གྲངས་དངོས་པོ་ཐ་དད་པའི་རྒྱུ་མཚན་ཅན་མ་ཡིན་ཏེ། འཁྲུལ་ངོར་དེ་དག་དངོས་པོ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པས་བཏགས་པའི་དོན་ཅན་ཡིན་པའི་ཕྱིར། དཔེར་ན་ཡོན་ཏན་དཀར་པོ་ལ་སོགས་པའམ། ཞིག་པ་དང་མ་སྐྱེས་པ་དག་ལ་གྲངས་སོགས་ཀྱི་སྒྲ་འཇུག་པར་ཁྱོད་རང་འདོད་པ་བཞིན་ནོ། །གལ་ཏེ་དཔེའི་སྐབས་འདིར་ནི་གྲངས་སོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པར་འདོད་དོ་ཞེ་ན། རྒྱུ་མཚན་གང་གིས་གྲངས་སོགས་ཀྱི་སྒྲ་དེ་བཏགས་མིང་དུ་འཇུག་པར་འདོད་པའི་རྒྱུ་མཚན་དེ་ནི་གྲངས་སོགས་ཀྱི་དངོས་པོ་ཐམས་ཅད་ལ་གྲངས་སོགས་ཀྱི་སྒྲ་བཏགས་མིང་དུ་འཇུག་པ་དེ་དག་གི་རྒྱུ་མཚན་དུ་ཅིས་མི་འདོད་ཅེས་འདྲི། གལ་ཏེ་དངོས་པོ་ཀུན་ལ་གྲངས་སོགས་ཀྱི་སྒྲ་ཉེ་བར་བཏགས་པ་མ་ཡིན་ཏེ། གྲངས་སོགས་ཀྱི་དངོས་པོ་ཐ་དད་པ་ཁྱད་པར་དུ་ཡོད་པ་དེ་ལ་གཙོ་བོ་སྟེ་དངོས་མིང་དུ་འཇུག་པ་ཡིན་ནོ་ཞེ་ན། དེ་སྐད་ཅེས་བྱ་བ་ཉིད་གང་ལས་ཡིན་ཏེ་གང་ལ་འདོད་རྒྱལ་དུ་སྦྱར་བའི་མིང་དེ་དེ་ལ་དངོས་མིང་དང༌། རྗེས་གྲུབ་ཏུ་སྦྱར་བའི་ཁྱད་པར་འགའ་ཞིག་བཏགས་མིང་དུ་འཐད་པས་སོ། །རྩོད་པ་གཉིས་པ་ནི། བརྗོད་བྱའི་དངོས་པོ་ཐ་དད་དུ་མེད་པ་ལ་སྒྲ་ཐ་དད་དུ་སྦྱར་བ་དོན་མེད་དེ། སྦྱར་ན་རྣམ་གྲངས་པར་ཐལ་བས་སོ་ཞེ་ན། ཡོན་ཏན་དཀར་པོ་ལ་སོགས་པ་གྲངས་སོགས་དང་ལྡན་པའི་སྒྲ་ནི་བརྗོད་བྱ་དོན་གཞན་གྱི་རྒྱུ་མཚན་ཅན་མ་ཡིན་ཀྱང༌། རྣམ་གྲངས་པ་མ་ཡིན་པར་ཁྱེད་རང་གིས་འདོད་པ་བཞིན་ནོ། །རྣམ་གྲངས་པ་ཞེས་པ་ནི། བརྗོད་པ་ལ་ཟློས་སྐྱོན་ཡོད་པའོ། །གལ་ཏེ་དཀར་པོ་སོགས་དེ་ལའང་གྲངས་སོགས་དོན་གཞན་ཡོད་དོ་ཞེ་ན། ཡོན་ཏན་རྫས་ནི་ཁྱད་མེད་འགྱུར། །ཞེས་པ་དཀར་སོགས་ཡོན་ཏན་རྣམས་ཆོས་ཅན། རྫས་སུ་ཐལ། གྲངས་སོགས་ཡོན་ཏན་དོན་གཞན་གྱི་རྟེན་བྱེད་པའི་ཕྱིར། རང་ལུགས་ལ་ནི་བརྗོད་བྱ་དོན་གཞན་ཡོད་པ་མ་ཡིན་ཀྱང༌། ལྡོག་པའི་དབྱེ་བས་སྒྲ་ཐ་དད་པ་ཡིན་ཏེ། དཔེར་ན་བྱེ་བྲག་པའི་ལུགས་ལ་སྤྱི་འདི་ནི་ལས་མ་ཡིན་རྫས་མ་ཡིན་ཞེས་བརྗོད་པའི་སྒྲ་བཞིན་ནོ། །རྩོད་པ་གསུམ་པ་ནི། དྲུག་པའི་སྒྲ་སྦྱོར་བ་ལ་བརྗོད་བྱ་དོན་གཞན་མི་དགོས་ན། ཆོས་བརྗོད་པ་དང་ཆོས་ཅན་བརྗོད་པའི་སྒྲའི་དབྱེ་བ་མི་རུང་བར་འགྱུར་རོ་ཞེ་ན། དངོས་པོ་སྟེ་ཆོས་བརྗོད་པའི་སྒྲ་རྣམས་ཀྱིས་གྲངས་སོགས་ཀྱི་དངོས་པོ་དྲུག་པའི་སྒྲས་དེ་དང་ལྡན་པའི་རྫས་ལས་ཐ་དད་པ་བཞིན་དུ་བསྟན་པ་གང་ཡིན་པ་དེ་ཡང་ཆོས་ཅན། བརྗོད་བྱ་དོན་གཞན་ལ་ལྟོས་པ་མ་ཡིན་ཏེ། ཆོས་ཅན་བུམ་པའི་སྟེང་གི་ལྡོག་པའི་ཆོས་སུ་གྱུར་པའི་གྲངས་དེ་ཙམ་ཤེས་པར་འདོད་པ་ལ་ཆོས་གཞན་ཀུན་བློ་ཡུལ་དུ་འཕངས་པ་མེད་པར་ནི་གྲངས་དེ་ཆོས་གཞན་ལས་ཁྱད་པར་དུ་གོ་བར་བྱེད་པ་ཡིན་པའི་ཕྱིར། དཔེར་ན་སོར་མོ་དང་དེའི་ལྡན་པ་དོན་གཞན་དུ་མེད་ཀྱང༌། ལ་ལར་སོར་མོའི་ལྡན་པ་ཞེས་དངོས་པོ་ཐ་དད་པའི་ཆོས་བཞིན་དུ་བརྗོད་པར་བྱེད་དོ། །དེས་ན་སོར་མོ་ལྡན་གྱུར་ཞེས་པའི་སྒྲ་ཆོས་ཅན། ཁྱོད་དང་སོར་མོའི་ལྡན་པ་ཞེས་བརྗོད་པའི་སྒྲ་གཉིས་ཀས་བརྗོད་བྱའི་དོན་ངོ་བོ་གཅིག་བརྗོད་ཀྱང༌། ཁྱོད་ལ་ཆོས་ཅན་བརྗོད་པར་གྲགས་པ་ཡིན་ཏེ། སོར་མོའི་སྟེང་གི་ལྡོག་པའི་ཁྱད་པར་ཐམས་ཅད་ནི་འཕེན་པའི་ཕྱིར། བརྗོད་བྱ་དོན་གཞན་མེད་ཀྱང་ལྡོག་པའི་ཁྱད་པར་གཞན་སྤོང་མི་སྤོང་གི་ཁྱད་པར་ཡོད་པ་དེ་ལྟར་ན་སྒྲ་གཉིས་པོའི་བརྡའི་ཁྱད་པར་ནི་བྱས་པ་ཡིན་ནོ། །འོ་ན་བུམ་པ་ཞེས་བརྗོད་པའི་སྒྲས་བུམ་པའི་གྲངས་བརྗོད་བྱར་མི་སྤོང་ན། བུམ་པའི་གཟུགས་ཞེས་བརྗོད་པའི་སྒྲས་བུམ་པ་བརྗོད་བྱར་མི་སྤོང་བ་དང༌། བུམ་པ་ཞེས་བརྗོད་པའི་སྒྲས་ཀྱང་དེའི་གཟུགས་མི་སྤོང་བར་ཁས་ལེན་ནམ་ཞེ་ན། བུམ་པ་དང་དེའི་གཟུགས་སོགས་ཞེས་བརྗོད་པའི་སྒྲ་ནི་གཞི་གཅིག་པའམ་མཐུན་པ་ཅན་མ་ཡིན་ཏེ། གཟུགས་སོགས་རྡུལ་རྫས་བརྒྱད་པོའི་ནུས་པའི་ཁྱད་པར་སོ་སོ་བ་ནི་བརྗོད་བྱར་སྤོང་བའི་སྒོ་ནས་བརྒྱད་པོ་དེའི་མཚུངས་པ་སྟེ་ཐུན་མོང་གི་འབྲས་བུར་གྱུར་པ་ཡི་ཆུ་སྐྱོར་བའི་རྒྱུན་མ་ཡིན་པ་ནི། སེལ་ངོར་རྣམ་པར་གཅོད་ཙམ་ལ་བུམ་པ་ཞེས་པའི་སྒྲ་ནི་འཇུག་པར་འགྱུར་བ་དེས་ནའོ། །ཇི་སྐད་བཤད་པ་དེས་ན་གྲུབ་དོན་གཞན་ཡང་མཚོན་པར་ནུས་ཏེ། རིགས་བརྗོད་ཀྱི་སྒྲས་རིགས་ཀྱི་ཁྱད་པར་མི་སྤོང་ལ། ཚོགས་བརྗོད་ཀྱི་སྒྲས་ཚོགས་པའི་ཁྱད་པར་སྤོང་བ་འདི་ནི་རིགས་དང་ནི་ཚོགས་པ་བརྗོད་པའི་སྒྲའི་ཁྱད་པར་ཡིན་པ་ཉིད་དུ་གྲུབ་པས་སོ། །འོ་ན་དྲུག་པ་འབྲེལ་བའི་སྒྲ་བརྗོད་པ་མི་འཐད་དོ་ཅེ་ན། གཟུགས་དེ་ཚོགས་སྤྱི་བུམ་པའི་ཡན་ལག་ཏུ་བྱས་ཏེ། བུམ་པ་ཡི་ནི་གཟུགས་སོ་ཞེས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། བུམ་པའི་སྟེང་གི་གཟུགས་འཛིན་མིག་ཤེས་ཁྱད་པར་དུ་སྐྱེད་པའི་ནུས་པ་དེ་སྟོན་པར་བྱེད་པའི་ཕྱིར། ཕྱོགས་འདིས་གཞན་དྲི་ལ་སོགས་པ་ལའང་བརྗོད་པར་བྱ་སྟེ། ཙནྡན་གྱི་དྲི་ཞེས་བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། དེའི་སྟེང་གི་དྲི་འཛིན་ཤེས་པ་སྐྱེད་པའི་ནུས་པ་གོ་བྱེད་ཡིན་པའི་ཕྱིར། འདིར་དོན་ནི། གྲངས་དང་ལས་དང་ལྡན་པ་དང་སྤྱི་དང་གཞི་མཐུན་རྣམས་ནི་བུམ་པའི་ལྡོག་ཆོས་དང༌། རྡུལ་རྫས་བརྒྱད་པོ་ནི་དེའི་རྫས་ཆོས་སུ་འཇོག་ལ། ཆོས་ཅན་བུམ་པ་དང་རྫས་ལྡོག་གི་ཆོས་གཉིས་པོ་དོན་གཞན་དུ་མེད་པར་མཚུངས་ཀྱང༌། ཆོས་ཅན་དེའི་སྟེང་དུ་ཆོས་གཉིས་པོ་རྗོད་བྱེད་ཀྱི་སྒྲ་དང་རྟོག་པས་རིགས་ཅན་མི་སེལ་བ་དང༌། ཚོགས་པ་ཅན་སེལ་ནུས་པའི་རྒྱུ་མཚན་གྱིས་རིགས་ཚོགས་བརྗོད་པའི་སྒྲ་གཉིས་ཀྱི་ཁྱད་པར་དང༌། ཚོགས་པའི་ཁྱད་པར་བརྗོད་པ་དེ་ཆོས་བརྗོད་དུ་མི་འཇོག་པའི་འཐད་པ་ཉིད་དུ་གོ་བར་བྱ་དགོས་སོ། །དེ་ལྟར་བསྒྲུབ་བྱ་ཡན་ལག་ཅན་རྫས་ཡོད་ལ་ཚད་མའི་བསལ་བ་དང༌། དེའི་སྒྲུབ་བྱེད་ལ་མ་གྲུབ་པའི་སྐྱོན་བརྗོད་པ་ན་བརྟག་པ་གཉིས་པ་ལྟར་ཁས་ལེན་ནོ་ཞེ་ན། དེ་དགག་པ་ལ་གཉིས་ཏེ། ཡན་ལག་མ་ལུས་པ་ཡིད་བློའི་ཉེར་ལེན་ཡིན་པ་དགག རེ་རེ་ནས་དེའི་ཉེར་ལེན་དུ་མི་འཐད་པའོ། །དང་པོ་ནི། འོ་ན་ཡིད་བློའི་ཉེར་ལེན་བྱེད་པ་ལ་ཡན་ལག་ཀུན་ཚོགས་དགོས་སམ་རེ་རེས་ཀྱང་ཆོག དང་པོ་ལྟར་ན། ཡན་ལག་མ་ལུས་པ་ཡིད་བློའི་རྒྱུ་ཉིད་ཡིན་ན་ནི་ཡན་ལག་གང་རུང་གཅིག་དང་བྲལ་ནའང་ཡིད་བློ་འབྱུང་བ་མ་ཡིན་པར་འགྱུར་རོ། །གཉིས་པ་ལ། ཧ་ཅང་ཐལ་བ་དང༌། ཉེས་སྤོང་དགག་པའོ། །དང་པོ་ནི། ཡན་ལག་རེ་རེས་ཡིད་བློའི་ཉེར་ལེན་བྱེད་ནུས་པ་ཉིད་ཡིན་ནའང༌། སྐྱེས་བུ་གཅིག་གི་ལུས་ཆོས་ཅན། ཡིད་བློ་རྫས་གཞན་མང་པོ་ཅིག་ཆར་དུ་འབྱུང་བར་འགྱུར་ཏེ། ཁྱོད་ཀྱི་ཆ་ཤས་རེ་རེས་ཡིད་བློའི་ཉེར་ལེན་བྱེད་ནུས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ལུས་དུ་མ་ཡོད་ཀྱང་དབུགས་འབྱུང་རྔུབ་གཅིག་ལས་མེད་པས་ཡིད་བློ་རེ་རེར་ངེས་པའི་ལན་དགག་པ་དང༌། དང་པོར་ལུས་ལས་ཡིད་བློ་མང་པོ་སྐྱེས་ཤིང་ཕྱིས་རེ་རེ་ཁོ་ནར་ངེས་པའི་ལན་དགག་པའོ། །དང་པོ་ནི། དབུགས་གཅིག་ལས་མེད་པས་དེ་ལྟར་ཐལ་བ་མེད་དོ་ཞེ་ན། དབུགས་འབྱུང་རྔུབ་དག་ནི་ཆོས་ཅན། ཡིད་བློ་རེ་རེ་ཁོ་ནར་ངེས་བྱེད་མ་ཡིན་ཏེ། སྐྱེས་བུའི་ལུས་དང་དུ་མ་ཉིད་དུ་མཚུངས་པའི་ཕྱིར། མ་གྲུབ་སྟེ། གཅིག་ཉིད་ཡིན་ནོ་ཞེ་ན། འོ་ན་དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན། དང་པོ་ལྟར་ན། ལུས་ཆོས་ཅན། ཡིད་བློ་མང་པོ་གཅིག་ཆར་དུ་གསལ་བར་འགྱུར་ཏེ། དེའི་རྒྱུ་རྟག་ཏུ་ཉེ་བའི་ཕྱིར་རོ། །གལ་ཏེ་ལུས་དང་དབུགས་ཡིད་བློ་དུ་མ་གཅིག་ཆར་དུ་སྐྱེ་བའི་རྒྱུ་མ་ཡིན་ན་རིམ་གྱིས་ཀྱང་མ་ཡིན་ཏེ། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར། གཞན་ཡང་དབུགས་དེ་ལས་ཡིད་བློ་རེ་རེ་ཁོ་ན་སྐྱེ་བར་ངེས་པ་མ་ཡིན་ཏེ། དབུགས་ཐོག་གཅིག་ལ་ཡང་དོན་དུ་མ་འཛིན་པའི་ཕྱིར། དེ་དུས་ཀྱི་དོན་དུ་མ་དེ་བློ་གཅིག་གིས་ཤེས་སོ་ཞེ་ན། དེ་འདྲའི་ཤེས་པ་དེ་ནི་ཆོས་ཅན། གཅིག་ཆར་ཉིད་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་སྐྱེ་བ་ལ་འགལ་བ་མེད་པའི་ཕྱིར། གཞན་དུ་ན་རིམ་གྱིས་ཀྱང་སྐྱེ་བར་མི་འགྱུར་ཏེ། རྒྱུ་དབུགས་རྟག་པ་གཅིག་བུ་དེ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཡིད་བློ་རེ་རེ་ཁོ་ནར་ངེས་བྱེད་ཀྱི་དབུགས་དེ་མི་རྟག་པར་ཁས་ལེན་པས་ཉེས་པ་དེ་མེད་དོ་ཞེ་ན། འོ་ན་དབུགས་རིམ་ཅན་གྱིས་སམ་གཅིག་ཆར་བས་ཡིད་བློ་རེ་རེ་ཁོ་ན་སྐྱེད་ཅེས་དྲིས་པས་རང་རིགས་མིན་པའི་དུས་ཅན་གྱི་དབུགས་ཀྱི་སྐད་ཅིག་མང་པོ་རིམ་ཅན་དུ་འབྱུང་བ་དག་དེ་འདྲའི་སེམས་ཉིད་ཀྱི་རྒྱུ་ཡིན་པར་ནི་རྟོགས་པ་ནི་བྱེད་ན། དབུགས་དེ་དག་ཆོས་ཅན། རིམ་ལྡན་དུ་ཇི་ལྟར་འགྱུར་ཏེ། ལུས་ནི་རྟག་ལ། དེ་ལས་གཞན་ཁྱོད་གོ་རིམ་དང་ལྡན་པར་སྐྱེད་པའི་རྒྱུ་མེད་པའི་ཕྱིར། མ་གྲུབ་སྟེ། རང་གི་རིགས་འདྲ་སྔ་མ་རྒྱུ་ཉིད་དོ་ཞེ་ན། དང་པོ་མའི་མངལ་དུ་ཆོས་ཅན། དབུགས་འབྱུང་བར་མི་འགྱུར་ཏེ། དེའི་རྒྱུ་རིགས་འདྲ་སྔ་མ་དེ་འདྲ་ཡོད་པ་མ་ཡིན་པའི་ཕྱིར། ཡོད་ན་སྐྱེ་བ་སྔ་མ་གྲུབ་བོ། །དང་པོ་དབུགས་ཀྱི་རིགས་འདྲ་སྔ་མ་དེ་ཡོད་ཀྱང༌། དབུགས་ཆོས་ཅན། ཐ་དད་པ་དུ་མ་ཉིད་དུ་ངེས་ཏེ། འབྱུང་སའི་ཡུལ་ཐ་དད་ལ་ཁྱབ་པ་ཅན་ཡིན་པའི་ཕྱིར། འདོད་དགོས་པ་དེའི་ཕྱིར་ཡིད་བློ་དུ་མ་ནི་གཅིག་ཆར་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་བརྟག་པ་གཉིས་པ་ལྟར་དུ་གཅིག་ཆར་དུ་འབྱུང་བ་ཅན་གྱི་སེམས་གཅིག་གི་རྒྱུ་ཡིན་ནོ་ཞེ་ན། དབུགས་ཀྱི་རྒྱུ་བ་ཞན་པ་སོགས་སུ་ཆོས་ཅན། ཡིད་བློ་མི་འབྱུང་བར་འགྱུར་ཏེ། དབུགས་ཀྱི་ཆ་ཤས་གཅིག་མ་ཚང་བའི་ཕྱིར། ཅི་སྟེ་དབུགས་ཇི་ལྟར་ཡོད་པ་ཉིད་རྒྱུ་ཡིན་ནོ་ཞེ་ན། རྒྱུ་དབུགས་དྲག་ཞན་གྱིས་འབྲས་བུ་ཤེས་པ་ལ་ཡང་གསལ་མི་གསལ་གྱི་ཁྱད་ཡོད་པར་འགྱུར་ཏེ། འབྲས་བུ་གང་ཞིག་རྒྱུ་གང་གི་ཐ་དད་ལས་ཐ་དད་དུ་སྐྱེ་བ་མ་ཡིན་ན་དེའི་འབྲས་བུ་མ་ཡིན་དགོས་པའི་ཕྱིར། སེམས་སྔ་མ་ཕྱི་མའི་ཉེར་ལེན་དུ་འདོད་པ་ཁྱོད་ཀྱི་ཕྱོགས་ལ་ཡང་ཡིད་བློ་མང་པོ་གཅིག་ཆར་དུ་སྐྱེ་བའི་ཉེས་པ་མཚུངས་སོ་ཞེ་ན། ཡིད་ཀྱི་རྣམ་ཤེས་སྔ་མ་གཅིག་ནི་ཆོས་ཅན། ཕྱི་མ་གཅིག་ཁོ་ནའི་རྒྱུ་ཡིན་ཏེ། དེ་སྐྱེད་པའི་ནུས་པ་སོ་སོར་ངེས་པའི་ཕྱིར། རྟགས་གྲུབ་སྟེ། ཡིད་ཀྱི་རྣམ་ཤེས་དོན་གཞན་གཟུགས་ལ་ཆགས་པ་ཡིས་དོན་གཞན་སྒྲ་ལ་ངེས་པ་འདྲེན་པའི་ནུས་པ་མེད་པས་དེ་མི་འཛིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་དང་པོ་མངལ་དུ་ལུས་ལས་ཡིད་བློ་མང་པོ་གཅིག་ཆར་དུ་སྐྱེས་ཤིང་ཕྱིས་ནི་རང་གི་རིགས་འདྲ་སྔ་མ་ལས་རེ་རེ་ཁོ་ན་སྐྱེ་བར་ངེས་སོ་ཞེ་ན། དང་པོའི་ལུས་ཀྱི་ནུས་པ་ནི་ཆོས་ཅན། ཅིའི་ཕྱིར་ན་ལྡོག་པ་ཡིན་ཏེ། རྟག་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སུན་འབྱིན་མི་འཇུག་པ་དང༌། རང་རྒྱུད་འཁྲུལ་པར་བསྟན་པའོ། །དང་པོ་ནི། གལ་ཏེ་ལུས་ནི་ལྡོག་པ་ན་ཆོས་ཅན། སེམས་འབའ་ཞིག་གནས་པར་འགྱུར་ཏེ། སེམས་ཀྱི་རྒྱུན་མི་ཆད་པ་གང་ཞིག ལུས་ཀྱིས་རྟེན་བྱེད་པ་མ་ཡིན་པའི་ཕྱིར་ཞེ་ན། གལ་ཏེ་འདོད་གཟུགས་སུ་སྐྱེ་ཁ་མའི་སེམས་ཆོས་ཅན། སེམས་ཀྱི་རྒྱུན་ལུས་དང་ལྷན་ཅིག་ཏུ་གནས་པའི་རྒྱུར་འགྱུར་ཏེ། སྐྱེ་བ་ཕྱི་མའི་ལུས་དེའི་རྒྱུན་མ་ཆད་པར་འཇུག་པ་ཐོབ་པའི་ཕྱིར། ཕྱི་མ་གཟུགས་མེད་དུ་སྐྱེ་བའི་ཚེ་ཆོས་ཅན། སེམས་འབའ་ཞིག་གནས་པར་ཐལ་བ་ལ་འདོད་དེ། སྐྱེ་བ་ཕྱི་མའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱི་ཡན་ལག་ཡོད་པར་མི་འགྱུར་བའི་ཕྱིར། འོ་ན་ཕྱི་མའི་ལུས་ཀྱི་ཉེར་ལེན་གང་ཞེ་ན། འདོད་པའི་ཚེ་འདི་ཉིད་ཀྱི་མིག་སོགས་སྐྱེ་མཆེད་ལྔ་ཆོས་ཅན། འདོད་གཟུགས་གང་རུང་དུ་ལུས་གཞན་སྐྱེད་པའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ཏེ། དེའི་ངོ་བོ་ལ་གཙོ་བོར་ཕན་འདོགས་བྱེད་ཡིན་པའི་ཕྱིར། འཆི་ཀའི་སེམས་བྱུང་སེམས་པའི་ཁྱད་པར་ནི་དེའི་ལྷན་ཅིག་བྱེད་རྐྱེན་ནོ། །གཉིས་པ་ལ་གཉིས་ཏེ། འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱིས་འགོག་མི་ནུས་པ་དང༌། འགལ་ཟླ་དམིགས་པའི་རྟགས་ཀྱིས་འགོག་མི་ནུས་པའོ། །དང་པོ་ནི། འཆི་ཀའི་ལུས་སེམས་ཆོས་ཅན། ཕྱི་མའི་ལུས་སེམས་ཀྱི་རྒྱུ་མ་ཡིན་ཏེ། དེར་མ་དམིགས་པའི་ཕྱིར་ཞེ་ན། འཆི་ཀའི་ལུས་སེམས་ཕྱི་མའི་ལུས་དེའི་ཡན་ལག་གི་དངོས་པོ་དང་ཉེར་ལེན་གྱི་རྒྱུ་ཉིད་ཡིན་པ་འགོག་པ་ལ། དེར་མ་དམིགས་པ་ཆོས་ཅན། ངེས་བྱེད་མ་ཡིན་པར་རབ་ཏུ་བཤད་དེ། སྐབས་ཀྱི་དགག་བྱའི་ཆོས་སྣང་དུ་མི་རུང་བའི་ཕྱིར། གཉིས་པ་ནི། དབང་པོ་དང་སེམས་ལ་སོགས་པའི་རྟགས་ཀྱིས་འགོག་ནུས་སོ་ཞེ་ན། དབང་སོགས་ཀྱང་ནི་ཆོས་ཅན། དེ་ལྟར་སྒྲུབ་པའི་ལྷག་ལྡན་ཡིན་ཏེ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར། རྟགས་གྲུབ་སྟེ། ད་ལྟར་གྱི་དབང་པོ་སྔ་མ་རང་རིགས་ཕྱི་མ་ལ་ཕན་པའི་ནུས་པ་དག་ནི་མཐོང་བ་ཡིན་པ་དང་དབང་པོ་རྙོག་པ་ལས་དྭངས་པར་འགྱུར་བ་མཐོང་བའི་ཕྱིར་ན་དབང་པོ་སྔ་མ་ལས་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་འགྲུབ་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ད་ལྟར་གྱི་དབང་པོ་ཕྱི་མ་རྣམས་ལུས་ཀྱི་ཉེར་ལེན་ལས་སྐྱེ་བ་ཡིན་ནོ་ཞེ་ན། སྔ་མ་ཤི་བའི་ལུས་ལ་སེམས་གནས་པར་ཐལ་བ་བཞིན་དུ་དེའི་ལུས་ལ་དབང་པོ་གནས་པ་ཉིད་དུ་ཐལ་བར་འགྱུར་རོ། །མི་འགྱུར་ཏེ། ད་ལྟར་གྱི་དབང་པོ་སེམས་ལས་ཀྱང་སྐྱེའོ་ཞེ་ན། ལུས་གཞན་ཕྱི་མའི་དབང་པོ་ཡང་ཆོས་ཅན། ད་ལྟར་གྱི་སེམས་འདི་ཉིད་ལས་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། མཚུངས་ཚུལ་ནི། ད་ལྟར་གྱི་འཆི་སེམས་ཆོས་ཅན། རང་འབྲས་དབང་པོ་འབྱུང་དུ་རུང་སྟེ། དེའི་རྒྱུ་ཡིན་པའི་ཕྱིར་ཞེས་པའོ། །དོན་བསྡུ་བ་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་པ་བཀག་ཟིན་པ་དེས་ན། རྒྱུ་ལུས་དང་དབང་པོ་དང་བྲལ་བའི་ཕྱིར་ཞེས་པའི་རྟགས་ཀྱིས། ཐ་མ་ཡི་ནི་སེམས་རྣམས་ཀུན་རིག་པ་ཕྱི་མ་མཚམས་སྦྱོར་བ་མེད་པ་དེ་འདྲའི་སྒྲུབ་བྱེད་དེ་ཆོས་ཅན། ལྷག་ལྡན་དུ་འདོད་དེ། ཕྱོགས་ཆོས་གྲུབ་ཀྱང་མི་མཐུན་ཕྱོགས་ལས་ལྡོག་པ་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། ཕྱོགས་སྔ་མ་ནི། བརྩེ་སོགས་གོམས་པ་ལས་ཅུང་ཟད་ཁྱད་པར་དུ་འགྱུར་ན་ཡང༌། སྔར་གྱི་རང་བཞིན་ལས་འདས་ནས་མཐའ་མེད་དུ་འཕེལ་བ་མ་ཡིན་ཏེ། འཆོངས་པ་དང་ཆུའི་དྲོད་བཞིན་དུའོ་ཞེ་ན། ལན་ལ་དཔེ་དོན་མི་མཚུངས་པའི་ཤེས་བྱེད་བཀོད། ཤེས་བྱེད་དེ་ལ་མ་ངེས་པ་དང་མ་གྲུབ་པའི་སྐྱོན་མི་འཇུག་པར་བསྟན་པའོ། །དང་པོ་ལ། འཆོངས་དྲོད་མཐའ་མེད་དུ་འཕེལ་བའི་རྒྱུ་ཚོགས་མ་ཚང་བར་བསྟན། བརྩེ་སོགས་དེར་འཕེལ་བའི་རྒྱུ་ཚོགས་ཚང་བར་བསྟན་པའོ། །དང་པོ་ནི། འཆོངས་པའི་རང་བཞིན་ཆོས་ཅན། མཐའ་མེད་དུ་འཕེལ་བ་དེ་འདྲའང་མ་ཡིན་ཏེ། གང་གི་ཚེ་ལན་གཅིག་བྱས་པར་གྱུར་པ་ཡང་རྩོལ་བ་ལ་ལྟོས་པར་མི་འགྱུར་ན། རྩོལ་བ་གཞན་གྱི་ཚེ་མཐའ་མེད་ཀྱི་ཁྱད་པར་བྱེད་པར་འགྱུར་ན་ཡང་འཆོངས་པ་དེ་ལ་ཕན་འདོགས་ནུས་པའི་རྩོལ་བ་སྔ་མ་རྣམས་འཆོངས་པའི་ཁྱད་པར་ཕྱི་མ་དག་ལ་ནི་ཕན་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང༌། ཆུའི་དྲོད་ཀྱི་ཁྱད་པར་ཆོས་ཅན། ཅུང་ཟད་འཕེལ་ཡང་མཐའ་མེད་དུ་འཕེལ་བའི་རང་བཞིན་ཉིད་མ་ཡིན་ཏེ། ཁྱོད་ཀྱི་རྟེན་ཆུ་དེ་རྟག་ཏུ་གནས་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། བརྩེ་སོགས་ལན་གཅིག་གོམས་པར་བྱས་པ་དེ་གལ་ཏེ་སླར་ཡང་ནི་འབད་རྩོལ་ཕྱི་མ་ལ་ནི་ལྟོས་པར་འགྱུར་རམ། རྟེན་སེམས་ཀྱི་ངོ་བོ་དེ་མི་བརྟན་པ་ཉིད་དུ་འགྱུར་ན་བརྩེ་སོགས་ཀྱི་ཁྱད་པར་དག་ནི་མཐའ་མེད་དུ་མི་འཕེལ་བས་ཁྱབ་ན་ཡང་བརྩེ་སོགས་ཆོས་ཅན། བྱས་ཟིན་འབད་རྩོལ་ཕྱི་མ་ལ་མི་ལྟོས་ཏེ། རང་གི་ངང་གིས་འཇུག་པའི་ཕྱིར་ཏེ། སེམས་ལ་གོམས་པའི་སྟོབས་ཀྱིས་སྐྱེ་བ་ཡིན་པའི་ཕྱིར། རང་གི་ངང་གིས་འཇུག་ན་དེ་ལ་མི་ལྟོས་པས་ཁྱབ་སྟེ། དཔེར་ན་མེ་ལ་སོགས་པས་ཤིང་དག་དང་རྔུལ་ཆུ་དང་ནི་གསེར་ལ་སོགས་པའི་འདུལ་སྦྱོང་བཞིན་ནོ། །དེའི་ཕྱིར་སེམས་ལས་སྐྱེས་པའི་བརྩེ་སོགས་དེ་དག་ཆོས་ཅན། རྟེན་བརྟེན་པ་ཡིན་ཏེ། སེམས་ཀྱི་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པའི་ཕྱིར། མདོར་ན་བརྩེ་སོགས་ཆོས་ཅན། རྩོལ་བ་ཕྱི་མ་དང་ཕྱི་མར་མཐའ་མེད་ཀྱི་ཁྱད་པར་བྱེད་པ་ཡིན་ཏེ། རྟེན་བརྟན་པ་དང་འབད་རྩོལ་ཕྱི་མ་ལ་མི་ལྟོས་པ་དེས་ནའོ། །ཁྱབ་སྟེ། གང་གི་ཕྱིར་རིགས་མཐུན་སྔ་མའི་ས་བོན་ལས་ནི་འཕེལ་བ་ཅན་གྱི་བློ་དེ་དག་གོམས་པར་གྱུར་ན་ཚད་ཅན་དུ་གང་ན་གནས་ཏེ་མི་གནས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འཆོངས་པ་ལ་མཚུངས་པ་སྤང་བ། སེམས་ཅན་ཐམས་ཅད་བརྩེ་སོགས་ཅན་དུ་ཐལ་བ་སྤང་བའོ། །དང་པོ་ནི། འོ་ན་འཆོངས་པ་ཡང་མཐའ་མེད་དུ་འཆོངས་པར་ཐལ། གོམས་པ་ལས་སྐྱེ་བའི་ཕྱིར། ཁྱབ་པ་ཁས་བླངས་སོ་ཞེ་ན། བརྩེ་སོགས་དེ་ལྟར་འཆོངས་པ་ཉིད་ལས་མཐའ་མེད་དུ་འཆོངས་པ་མ་ཡིན་ཏེ། འཆོངས་པ་དེའི་རྒྱུ་ལུས་ཀྱི་སྟོབས་དང་འབད་རྩོལ་དག་ནུས་པ་ཚད་ཅན་དུ་ངེས་པ་ཉིད་ཀྱི་ཕྱིར་རམ་རྒྱུ་མཚན་གྱིས་འཆོངས་པ་ཚད་ཅན་དུ་ངེས་པའི་བདག་ཉིད་ཡིན་པས་སོ། །ཚད་ཅན་དུ་ངེས་ན་དང་པོ་དང་ཕྱིས་འདྲ་བར་འགྱུར་རོ་ཞེ་ན། འཆོངས་པ་དེ་ནི་ཆོས་ཅན། དང་པོ་སྦྱོང་བའི་ཚེ་ཕྱིས་བྱང་བའི་སྐབས་བཞིན་དུ་འཆོངས་པ་མ་ཡིན་ཏེ། བད་ཀན་སོགས་ཀྱིས་ལུས་མི་མཐུན་པར་བྱས་པའི་ཕྱིར། འཆོངས་པ་སྦྱོང་བའི་རྩོལ་བས་རིམ་གྱིས་མི་མཐུན་པ་གསལ་བའི་ཚེ་ནའང་ཆོས་ཅན། མཐའ་མེད་དུ་འཆོངས་པ་མ་ཡིན་ཏེ། ལུས་རང་གི་སྟོབས་ཚད་ཅན་ཉིད་དུ་གནས་པའི་ཕྱིར། གཉིས་པ་ནི། སེམས་ཅན་མཐའ་དག་བརྩེ་སོགས་ཅན་དུ་ཐལ་བར་འགྱུར་ཏེ། དེ་སེམས་ཀྱི་ས་བོན་ལས་འབྱུང་བའི་ཕྱིར་ཞེ་ན། རང་གི་ས་བོན་ལས་བྱུང་བའི་བརྩེ་བ་ཆོས་ཅན། འབད་མེད་དུ་འབྱུང་བ་མ་ཡིན་ཏེ། རྒྱུ་མཚན་འདི་ལྟར། རང་གི་ས་བོན་གྱི་རྒྱུ་ཅན་དུ་གྱུར་པའི་མི་མཐུན་ཕྱོགས་རྣམ་འཚེ་སོགས་ཀྱིས་གནོད་པ་མེད་ན་གོམས་པ་པོའི་སེམས་ལ་དེའི་བདག་ཉིད་དུ་འགྱུར་ན་ཡང་མི་མཐུན་ཕྱོགས་ཀྱིས་གནོད་སྲིད་པའི་ཕྱིར་དང༌། གོམས་པ་སྔ་མ་དང་སྔ་མ་ནི་སེམས་ཀྱི་ཆོས་སུ་གྱུར་པའི་བརྩེ་བ་དང་ཆགས་བྲལ་གྱི་བློ་ལ་སོགས་པ་གཞན་དག་གི་གསལ་བ་ཡི་ནི་རྩ་བ་ཡིན་པའི་ཕྱིར། གོམས་པ་ལས་བརྩེ་བའི་བདག་ཉིད་དུ་སྐྱེ་བའི་དཔེ་ནི། ཆགས་བྲལ་དང་ཆགས་པ་དང་ཡིད་ལོག་མི་སྡུག་པའི་ཏིང་ངེ་འཛིན་བཞིན་ནོ། །དེ་དག་གི་ངག་དོན་ནི། བརྩེ་སོགས་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་ན་མཐའ་མེད་དུ་འཕེལ་དུ་རུང་སྟེ། རྟེན་བརྟན་བྱས་ཟིན་འབད་རྩོལ་སྐྱར་མ་ལ་མི་ལྟོས། གོམས་པར་བྱེད་པ་པོའི་སེམས་ཀྱི་ངོ་བོ་ཉིད་དུ་སྐྱེ་བའི་ཡོན་ཏན་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་སྦྱོར་བ་ཕུན་ཚོགས་ལ། བསྟན་པ། བཤད་པ། བསྡུ་བའོ། །དང་པོ་ནི། བརྩེ་ལྡན་བྱང་སེམས་དེ་ཆོས་ཅན། གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ་རང་ཉིད་དེའི་ཐབས་རྣམས་ལ་ནི་མངོན་པར་སྦྱོར་བར་མཛད་དེ། ཐབས་བྱུང་ཐར་པ་དང་དེའི་རྒྱུ་ལམ་གྱི་བདེན་པ་རང་ལ་ལྐོག་ཏུ་གྱུར་པ་ཡིན་ན་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། ཐོག་མར་བདག་མེད་གཏན་ལ་འབེབས་པའི་ཚུལ། ཕབ་པའི་དོན་ཉམས་སུ་བླངས་པས་འབྲས་བུ་ཇི་ལྟར་འབྱུང་བའི་ཚུལ། ཉམས་ལེན་དེ་སྟོན་པ་ཡིན་པར་བཤད་པའོ། །དང་པོ་ནི། བརྩེ་ལྡན་དེ་ཆོས་ཅན། ཐོག་མར་ལུང་དང་རིགས་པ་ལ་བརྟེན་ནས་དེ་ལས་བྱུང་བའི་རྣམ་དཔྱོད་ཀྱིས་སྡུག་བསྔལ་ལ་རྒྱུ་ཡོད་མེད་དང༌། རྒྱུ་དེ་རྟག་མི་རྟག་ལ་སོགས་པའི་རང་བཞིན་ལ་རྟོག་པར་མཛད་དེ། གང་གི་ཕྱིར་རྒྱུ་མེད་པ་དང་རྒྱུ་རྟག་པ་དེ་ལྟར་དུ་གནས་ན་འབྲས་བུ་སྡུག་བསྔལ་ལོག་ནུས་པར་གཟིགས་པ་མེད་པའི་ཕྱིར་རོ། །དེ་ལྟར་བརྟགས་པ་ན་སྡུག་བསྔལ་ཉིད་ཀྱི་ཁྱད་པར་རེས་འགའ་སྐྱེ་བ་དང་ཉེས་པའི་རྟེན་བྱེད་པ་སོགས་ཀྱིས་སྡུག་བསྔལ་ལ་རྒྱུ་ཡོད་པ་དང་དེ་ཡང་མི་རྟག་པ་ཡིན་པར་ཁོང་དུ་ཆུད་དོ། །དེ་ཆོས་ཅན། རྒྱུ་དེའི་མི་མཐུན་ཕྱོགས་གཉེན་པོ་ལ་བརྟག་པར་མཛད་དེ། སྡུག་བསྔལ་དེའི་རྒྱུ་གཞོམ་དགོས་པའི་ཕྱིར། དེ་ཆོས་ཅན། དེ་ནས་དེའི་མི་མཐུན་ཕྱོགས་ཀྱང་ངེས་པར་འགྱུར་ཏེ། རྒྱུའི་ངོ་བོ་རྟོགས་པའི་ཕྱིར། འོ་ན་རྒྱུ་དེ་གང༌། དེའི་གཉེན་པོ་ཅི་ཞེ་ན། རྒྱུ་བདག་དང་བདག་གིར་འཛིན་པས་བྱས་པའི་འབྲས་བུ་འདུས་བྱས་ཉེར་ལེན་གྱི་ཕུང་པོ་ལྔ་སྤྱོད་ཡུལ་དུ་ཡོད་པ་ཅན་གྱི་ཆགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། དེའི་གནོད་བྱེད་ནི་བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ་ཡིན་ཏེ། ཆགས་པ་དེའི་རྩ་བར་གྱུར་པའི་མ་རིག་པ་དང་འཛིན་སྟངས་འགལ་བ་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་པ་དུ་མར་ཏེ་ཡང་དང་ཡང་དུ་ཐབས་མང་པོ་མི་རྟག་སོགས་ཀྱི་སྒོ་ནས་ཡུན་རིང་པོ་གྲངས་མེད་གསུམ་དུ་གོམས་པ་ལས་གོམས་པ་པོའི་སེམས་རྒྱུད་དེ་ལ་ཆོས་ཅན། སྐྱོན་དང་ཡོན་ཏན་དག་རབ་ཏུ་གསལ་བ་ཉིད་དུ་འགྱུར་བ་ཡིན་ཏེ། དེར་འགྱུར་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་རོ། །འགྱུར་བ་དེས་ན། ཐུབ་པའི་དབང་པོ་ཆོས་ཅན། རྒྱུ་ལས་དང་ཉོན་མོངས་པ་ཡི་བག་ཆགས་སྤངས་པ་ཡིན་ཏེ། བླང་དོར་གྱི་གནས་ལ་ཐུགས་ཀྱང་གསལ་བ་རབ་ཀྱི་མཐར་ཕྱིན་པའི་ཕྱིར། འོ་ན་ཉམས་ལེན་དང་འབྲས་བུ་དེ་ཉན་རང་སོགས་དང་ཐུན་མོང་བ་ཡིན་ནམ་ཞེ་ན། གཞན་དོན་ལ་འཇུག་པ་ཅན་གྱི་ཐུབ་པ་ཆེན་པོ་ཆོས་ཅན། བསེ་རུ་སོགས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། བཤད་མ་ཐག་པའི་སྤངས་རྟོགས་ཀྱི་ཁྱད་པར་ཅན་འདི་ཡིན་པའི་ཕྱིར། གསུམ་པ་ནི། དེ་ལྟ་བུའི་ཐབས་ལ་གོམས་པར་བྱེད་པའི་ཉམས་ལེན་དེ་ཉིད་ཆོས་ཅན། སྟོན་པ་ཞེས་པའི་མིང་གིས་བསྟན་པ་ཡིན་པར་འདོད་དེ། འབྲས་དུས་ཀྱི་སྟོན་པ་དེའི་དོན་ནམ་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། ཕན་བཞེད་པ་དང་སྟོན་པ་གཉིས་པོ་འདི་ནི་ཆོས་ཅན། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཆོད་བརྗོད་ཀྱི་ཚད་མ་དེའི་རྒྱུ་རུ་བཤད་པ་ཡིན་ཏེ། ཁྱོད་གྲུབ་པ་སྟེ་མཐར་ཕྱིན་པ་ལས་མཆོད་བརྗོད་ཀྱི་དང་པོར་བཤད་པའི་ཚད་མར་གྱུར་པ་ཞེས་བྱ་བ་དེ་འབྱུང་བའི་ཕྱིར། གཉིས་པ་ལ། རང་དོན་ཕུན་ཚོགས་བདེར་གཤེགས་དང༌། གཞན་དོན་ཕུན་ཚོགས་སྐྱོབ་པ་གཉིས་ལས། དང་པོ་ལ། སྤངས་པ་ཁྱད་པར་གསུམ་ལྡན་བདེར་གཤེགས་སུ་བསྟན། སྤངས་པ་དེ་མི་སྲིད་པའི་རྩོད་པ་སྤང་བའོ། །དང་པོ་ནི། རྒྱུ་ཀུན་འབྱུང་གི་བག་ཆགས་མ་ལུས་པར་སྤངས་པའི་འགོག་བདེན་ཆོས་ཅན། བདེ་བར་གཤེགས་པ་ཉིད་ཡིན་ཏེ། ཡོན་ཏན་གསུམ་གྱི་སྤངས་པ་ཉིད་ཡིན་པའི་ཕྱིར། གསུམ་ནི། ཐུབ་པའི་དབང་པོ་ཆོས་ཅན། ལེགས་པར་སྤངས་པའམ་གཤེགས་པ་ཡིན་ཏེ། སྤང་བྱ་དེ་སྡུག་བསྔལ་གྱི་རྟེན་མ་ཡིན་པའི་ཚུལ་གྱིས་སྤངས་པའི་ཕྱིར། སྤངས་པ་དེ་ནི་ཆོས་ཅན། ཐབས་ལ་མི་ལྟོས་པ་མ་ཡིན་ཏེ། བདག་མེད་པ་མངོན་སུམ་དུ་མཐོང་བའམ་མཐོང་ཟིན་གོམས་པ་ལ་སྦྱོར་བ་ལས་ཡིན་པའི་ཕྱིར་རོ། །ཁྱད་པར་གཉིས་པ་ནི། སྐྱེ་བ་སྡུག་བསྔལ་དང་སྐྱོན་ཆགས་སོགས་ནི་ལན་གཅིག་སྤངས་ཀྱང་ཡང་ཀུན་ཏུ་འབྱུང་བ་དག་ལ་ནི་སྤངས་པ་སླར་ཡང་ལྡོག་ཅེས་བཤད་པ་ཡིན་པ་ལས། ཐུབ་པའི་དབང་པོ་ཆོས་ཅན། སྤང་བྱ་སླར་མི་གཤེགས་པ་ཉིད་ཡིན་ཏེ། རྒྱུ་བདག་ལྟའི་ས་བོན་སྤངས་པའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བདག་ལྟའི་ས་བོན་སྤོང་ནུས་ཏེ། ཤེས་རབ་དེའི་འཛིན་སྟངས་བདེན་པ་གང་ཞིག འཛིན་སྟངས་ཐ་དད་པའི་བདག་ཉིད་ཀྱིས་སོ། །ཁྱད་པར་གསུམ་པ་ནི། ཉན་རང་དགྲ་བཅོམ་ཆོས་ཅན། རྒྱུ་ཉོན་མོངས་པ་མེད་པ་དང་འབྲས་བུ་ནད་མེད་པ་ཡིན་ཀྱང༌། ལུས་ངག་སེམས་ཀྱི་གནས་ངན་ལེན་ལུས་པ་ཡིན་ཏེ། ལམ་བཤད་པ་ལ་ཐུགས་མི་གསལ་བ་ཉིད་ཀྱིས་སོ། །གཞུང་འདིར་ནི་གང་ཟག་གི་བདག་མེད་ཉིད་གོམས་པ་ཡུན་རིང་ཐུང་ལས་རྒྱུའི་བག་ཆགས་སྤངས་མ་སྤངས་སུ་བཤད་ལ། བག་ཆགས་དེ་ཡང་ཤེས་བྱའི་སྒྲིབ་པ་ཉིད་དོ། །དེས་ན་ཐུབ་པའི་དབང་པོ་ཆོས་ཅན། མ་ལུས་པར་སྤངས་པ་ཉིད་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་བསྐལ་པ་གྲངས་མེད་གསུམ་དུ་གོམས་པར་བྱས་པའི་ཕྱིར། གཉིས་པ་ནི། རྒྱལ་སྤོགས་པ་སོགས་ཁ་ཅིག་ན་རེ། ཁྱེད་ཀྱི་སྟོན་པ་ཆོས་ཅན། སྐྱོན་ཆགས་སོགས་ཟད་པ་མ་ཡིན་ཏེ། ངག་སྨྲ་བ་དང་སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་ཞེས་ཟེར་རོ། །རྟགས་འདི་ཆོས་ཅན། འཁྲུལ་པ་ཡིན་ཏེ། ལྡོག་པ་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར་ཞེས་རྟགས་ཀྱི་སྐྱོན་བཤད་ནས། དམ་བཅའི་སྐྱོན་ནི། རྟག་པ་ཉིད་ཀྱི་ཕྱིར་རམ་སྤོང་བྱེད་ཀྱི་ཐབས་མེད་པའི་ཕྱིར་རམ། ཡང་ན་ཐབས་ནི་མི་ཤེས་པའི་ཕྱིར་སྐྱོན་རྣམས་མི་བཟད་པ་ཉིད་ཅེས་བྱ་བར་ཡོངས་སུ་རྟོག་གྲང་ན། གསུམ་ཀ་མི་འཐད་དེ། ཆགས་སོགས་ཀྱི་རྒྱུ་ཡོད་པའི་ཕྱིར་དང༌། རྒྱུ་ཡིས་ནི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་གོམས་པས་ཟད་པའི་ཕྱིར་དང༌། རྒྱུ་ཡི་རང་བཞིན་ཤེས་པ་ཡིས་གཉེན་པོ་དེ་ཤེས་པའང་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཐུབ་པའི་དབང་པོ་ཆོས་ཅན། སྐྱོབ་པ་ཉིད་ཡིན་ཏེ། རང་གིས་ཇི་ལྟར་གཟིགས་བའི་ལམ་གཞན་ལ་གསུངས་པའི་ཕྱིར། དེའི་ལྡོག་ཁྱབ་སྒྲུབ་པ་ནི། འབྲས་བུ་མེད་པའི་ཕྱིར་ན་རྫུན་མི་གསུང་སྟེ། སྔོན་རྒྱུའི་དུས་སུ་རྩོམ་པ་ཀུན་ཡང་ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་ན་གཞན་གྱི་དོན་ཉིད་དུ་སྦྱོར་བའི་ཕྱིར་རོ། །གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཚད་མ་ཡིན་ཏེ། འབྲས་བུ་དོན་གཉིས་ཕུན་ཚོགས་ཐུགས་རྒྱུད་ལ་འཁྲུངས་པའི་པ་ཕྱིར། དེ་འཁྲུལ་པར་ར་ནི། བརྩེ་བ་དང་ཤེས་རབ་ཅན་གྱི་བྱང་སེམས་ཆོས་ཅན། དོན་གཉིས་ཕུན་ཚོགས་འབྱུང་དུ་རུང་སྟེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར་ཞེས་པས་སོ། །འདིར་གཞན་དག་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་པོ་སྟོབས་ཞུགས་ཀྱིས་འགྲུབ་ཅེས་ཟེར་ཡང༌། བརྩེ་བ་དང་ཤེས་རབ་གོམས་པ་ལས་མཐའ་མེད་དུ་འཕེལ་བར་ནི་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་འགྲུབ་ལ། དེའི་ཚེ་ན་དེ་ཤིན་ཏུ་ལྐོག་གྱུར་དུ་ནི་མི་འདོད་དེ། དེ་ལ་སྒྲུབ་དགོས་པའི་ཚེ་ལུང་ལས་གཞན་སྒྲུབ་བྱེད་དུ་མི་འཇུག་པས་སོ། །ཡང་ལ་ལ་དག ཐམས་ཅད་མཁྱེན་པ་དང་ཐར་པ་ནི་ཤིན་ཏུ་ལྐོག་གྱུར་མ་ཡིན་གྱི། ལྷ་དང་དམྱལ་བའི་གནས་དང་ཚེ་ཚད་སོགས་སྐབས་འདིར་ཤིན་ལྐོག་ཏུ་འདོད་ཅེས་ཟེར་མོད། སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ལ་ཤིན་ལྐོག་ཏུ་མི་འཇོག་པར་ཚུར་མཐོང་མི་མངོན་སུམ་ཚད་མས་གྲུབ་པ་ལ་དེར་འཇོག་པ་ནི་ངོ་མཚར་བའི་གནས་ཏེ། ངག་ལས་མཐའ་ཆོད་པར་བྱོས་ཤིག གཉིས་པ་ཚད་མ་སྒྲུབ་བྱེད་ཀྱི་ཐབས་ནན་ཏན་གྱིས་བསྒྲུབ་པ་ཡོད་པར་སྟོན་པ་ལ་གཉིས་ཏེ། བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་རྟགས་ཀྱིས་སྐྱོབ་པར་སྒྲུབ། སྐྱོབ་པ་སོགས་ཕྱི་མ་ཕྱི་མ་ལས་བདེ་བར་གཤེགས་པ་སོགས་སྔ་མ་སྔ་དཔོག་པའི་ཚུལ། དེས་ན་བཅོམ་ལྡན་འདས་ཚད་མར་གྲུབ་པའོ། །དང་པོ་ལ་གཉིས་ཏེ། རྟགས་དགོད་པ་དང༌། བསྟན་བྱ་བདེན་པ་བཞི་ངོས་བཟུང་བའོ། །དང་པོ་ནི། ཚད་མ་མདོའི་མཆོད་བརྗོད་ཀྱི་དོན་འཆད་ཚུལ་དང་པོ་སྟོན་པ་ན་བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་སྒྲུབ་བྱེད་ཀྱི་རྒྱུ་ཡོད་པར་བཤད་པ་ལས་ཡང་ན་ཤེས་བྱེད་ཀྱི་གཏན་ཚིགས་ཡོད་པར་འཆད་པ་ནི། དེ་ཆོས་ཅན། སྐྱོབ་པ་ཡིན་ཏེ། བདེན་པ་བཞི་པོ་ནི་གཞན་ལ་མ་ལྟོས་པར་ཕྱིན་ཅི་ལོག་ཏུ་པ་ཉིད་དུ་སྟོན་པར་མཛད་པ་པོ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བཞི་ལས། སྡུག་བདེན་ཕྱིན་ཅི་མ་ལོག་པ་ཉིད་དུ་སྟོན་པ་པོར་སྒྲུབ་པ་ལ་གཉིས་ཏེ། ཁྱད་གཞི་ངོས་བཟུང༌། དེའི་ཁྱད་པར་གྱི་ཆོས་གཏན་ལ་ཕབ་པའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། ལས་དང་ཉོན་མོངས་པས་འཁོར་བ་ཅན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱི་རོལ་པས་བརྟག་པ་དགག སངས་རྒྱས་ཀྱིས་གསུངས་པ་ཉིད་སྒྲུབ་པའོ། །དང་པོ་ལ་རྒྱང་འཕན་ན་རེ། འཁོར་བ་ཉིད་མ་གྲུབ་བོ་ཞེ་ན། འདི་ལ་འཁོར་བ་ཡོད་པར་རང་རྒྱུད་ཀྱིས་སྒྲུབ། འཁོར་བ་མེད་པ་ཐལ་འགྱུར་གྱིས་དགག་པའོ། །དང་པོ་ལ། གོམས་པ་ལས་གསལ་བར་སྐྱེ་བའི་རྟགས་ཀྱིས་སྒྲུབ། རྣམ་ཤེས་མ་ཡིན་པས་རྣམ་ཤེས་ཀྱི་ཉེར་ལེན་མི་བྱེད་པའི་རྟགས་ཀྱིས་སྒྲུབ་པའོ། །དང་པོ་ལ་གཉིས་ལས། རྟགས་དགོད་པ་ནི། འདོད་ཆགས་སོགས་ཆོས་ཅན། རིགས་འདྲ་སྔ་མ་སྔོན་དུ་སོང་སྟེ། གོམས་པ་ལས་གསལ་བར་སྐྱེ་བ་མཐོང་བའི་ཕྱིར། ད་ལྟར་གྱི་གནས་སྐབས་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། རྒྱུ་མེད་ཡིན་པ་དགག རྒྱུ་གཞན་ལས་སྐྱེ་བ་དགག དང་པོ་ནི། ཁྱབ་པ་མ་ངེས་ཏེ། ཚེར་མའི་རྣོ་བ་སོགས་ལྟར་རྒྱུ་མེད་དོ་ཞེ་ན། དེ་ཆོས་ཅན། འདོད་རྒྱལ་ཉིད་དུ་སྐྱེ་བ་མ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། ཁྱབ་སྟེ། རྒྱུ་མེད་ན་དེར་འགལ་བའི་ཕྱིར་རོ། །གཉིས་པ་ལ། ཆགས་སོགས་ནད་ཀྱི་ཉེར་ལེན་ལས་སྐྱེ་བ་དགག འབྱུང་བའི་ཆོས་ཉིད་ཡིན་པ་དགག་པའོ། །དང་པོ་ལ། རང་རྒྱུད་ཀྱིས་དང༌། ཐལ་འགྱུར་གྱིས་དགག་པའོ། །དང་པོ་ལ། རྗེས་སུ་འགྲོ་ལྡོག་འཁྲུལ་བའི་རྟགས་དང༌། །དེར་འགལ་བའི་རྟགས་སོ། །དང་པོ་ནི། རྒྱང་འཕན་ན་རེ། གོམས་པ་ལས་གསལ་བར་མཐོང་ཡང་རིགས་འདྲ་སྔོན་དུ་སོང་མི་དགོས་ཏེ། ཆགས་སོགས་རིམ་པ་ལྟར་ནད་གསུམ་ལས་སྐྱེ་བ་ཡིན་ནོ་ཞེ་ན། གསུམ་པོ་ཆོས་ཅན། རླུང་སོགས་ཀྱི་ཉེར་ལེན་ཅན་དུ་གྱུར་པའི་ཆོས་མ་ཡིན་ཏེ། དེ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པའི་ཕྱིར། བད་ཀན་ཅན་འགའ་ཞིག་ལ་ཞེ་སྡང་ཤས་ཆེ་བར་མཐོང་བ་བཞིན་ནོ། །གལ་ཏེ་ནད་གསུམ་གྱི་རང་བཞིན་འདུ་ཤེས་པའི་ཕྱིར་འཁྲུལ་པའི་སྐྱོན་མེད་དོ་ཞེ་ན། བད་ཀན་ཅན་དེ་ཆོས་ཅན། ཞེ་སྡང་དེ་ལས་གཞན་དུས་མིན་སྐྲ་དཀར་བ་དང་ཤ་སེར་བ་སོགས་ཀྱང་ཅིས་མ་མཐོང་དེའི་རྒྱུ་མཁྲིས་པ་རང་གི་འབྲས་བུ་ལ་མངོན་དུ་ཕྱོགས་པར་ཡོད་པའི་ཕྱིར། གལ་ཏེ་ནད་གསུམ་པོ་རེ་རེ་ལ་འཁྲུལ་ཡང་གསུམ་ཀའི་ཉེར་ལེན་ཅན་ནོ་ཞེ་ན། ཆགས་སོགས་ཆོས་ཅན། ནད་གསུམ་པོ་ཀུན་གྱི་ཉེར་ལེན་ཅན་གྱི་ཆོས་མ་ཡིན་ཏེ། ཡིན་ན་སྐྱེས་བུ་ཐམས་ཅད་འདོད་ཆགས་མཚུངས་པར་ནི་ཐལ་བའི་ཕྱིར། དེར་ཐལ་བའི་སྐྱོན་མེད་དེ། རྒྱུ་འབྱུང་བར་མཚུངས་ཀྱང་སེམས་ཅན་གྱི་གཟུགས་སོགས་ལ་བཟང་ངན་སོགས་ཀྱི་ཁྱད་པར་འབྱུང་བ་བཞིན་ནོ་ཞེ་ན། ཁྱེད་ལྟར་ན་དཔེ་དེ་ཡང་མི་འགྲུབ་བོ་ཞེས་སྟོན་པ་ནི། གལ་ཏེ་གཟུགས་སོགས་བཟང་ངན་དེ་ལ་ཁྱད་པར་ཅན་གྱི་ལས་རྣམས་པོའི་རྐྱེན་དུ་ཡོད་པ་མ་ཡིན་ན་གཟུགས་སོགས་དང་ཡང་ཁྱད་མེད་དུ་ཐལ་བའི་རྩོད་པ་མཚུངས་པ་ཡིན་ཏེ། ཉེར་ལེན་གྱི་རྒྱུ་ལ་ནི་ཁྱད་པར་མེད། ལྷན་ཅིག་བྱེད་རྐྱེན་ལ་ནི་མི་ལྟོས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། གཏན་ཚིགས་དང༌། དེ་སྒྲུབ་པའོ། །དང་པོ་ནི། ཆགས་སོགས་ཆོས་ཅན། ནད་གསུམ་གྱི་ཉེར་ལེན་ཅན་མ་ཡིན་ཏེ། སྐྱོན་ནད་གསུམ་ཁྱད་པར་དུ་བྱས་ལ་ན་ཡང་ཁྱོད་འཕེལ་བའི་ཁྱད་པར་མེད་པ་སྟེ་འགྲིབ་པར་མཐོང་བའི་ཕྱིར། དཔེར་ན་ནད་འཕེལ་ནས་འབྱུང་བ་ཐིམ་པའི་ཚེ་བཞིན་ནོ། །གཉིས་པ་ལ་གཉིས་ལས། ཕྱོགས་ཆོས་ནི། འཁྲིས་ནད་ཀྱིས་ལུས་གདུངས་པ་ལས་ཞེ་སྡང་སྐྱེ་བའི་རྒྱུ་མཚན་གྱིས་རྟགས་མ་གྲུབ་པ་ཉིད་མ་ཡིན་ཏེ། ཡིན་ན་ནད་ཐམས་ཅད་འགྱུར་བ་ཡིས་ཞེ་སྡང་སྐྱེ་བར་འགྱུར་བའི་ཕྱིར་ན་དེ་ནད་ཀུན་གྱི་ཉེར་ལེན་ལས་སྐྱེས་པར་ཐལ་བ་ལས་དེའང་མིན་པའི་ཕྱིར་རོ། །ཁྱབ་པ་སྒྲུབ་པ་ནི། རྒྱུ་ནི་འཕེལ་བར་གྱུར་པ་ན་འབྲས་བུ་འགྲིབ་པར་མི་རུང་སྟེ། འཁྲིས་པ་འཕེལ་བ་ན་ཚ་བ་སོགས་འགྲིབ་པར་མི་རུང་བ་བཞིན་ནོ། །དེས་ན་ཆགས་སོགས་ཀྱི་འགྱུར་བ་སྟེ་འཕེལ་བ་ཆོས་ཅན། ནད་ཀྱི་ཉེར་ལེན་རྐྱང་པ་ཅན་མ་ཡིན་ཏེ། ལྷན་ཅིག་བྱེད་རྐྱེན་ཚོར་བ་བདེ་སྡུག་ལས་དངོས་སུ་སྐྱེ་བའི་ཕྱིར། མ་ངེས་ཏེ། ནད་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་ནས་འདོད་ཆགས་མི་སྐྱེད་པ་སྲིད་དོ་ཞེ་ན། འོ་ན་བད་ཀན་ཅན་ལ་འདོད་ཆགས་སྐྱེ་བའི་ཚེ་རྐྱེན་ཅི་ཞིག་གིས་སྐྱེད་པ་སྨྲོས་ཤིག གལ་ཏེ་ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ། དེ་ལས་འདོད་ཆགས་སྐྱེ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ནད་གསུམ་ཆ་མི་མཉམ་པ་ལའང་ཆགས་ཅན་དུ་མཐོང་བའི་ཕྱིར་དང༌། གཞན་དགྲ་བཅོམ་པ་ནི་ནད་གསུམ་ཆ་མཉམ་ནའང་ཆགས་ཅན་མ་ཡིན་པའི་ཕྱིར་དང༌། གཞན་ལ་ལ་ནི་ཁུ་བ་ཟད་ནས་ཁྲག་ཏུ་འཛག་ཀྱང་ཆགས་ཅན་དུ་མཐོང་བའི་ཕྱིར་དང༌། བུད་མེད་དཀར་ཤམ་ལྟ་བུ་གཅིག་ལ་དམིགས་ནས་ཁུ་བ་འཕེལ་བའི་ངེས་པ་མེད་ན་དེ་གཅིག་ལ་ཆགས་པ་དྲག་ཏུ་མི་འགྱུར་བར་ཐལ་བའི་ཕྱིར། གལ་ཏེ་ཁུ་བ་འཕེལ་བ་ཙམ་དུ་མ་ཟད། བུད་མེད་ཀྱི་གཟུགས་མཛེས་སོགས་ཀྱང་ཡན་ལག་ཏུ་དགོས་སོ་ཞེ་ན། མ་ཡིན་ཏེ། ཆགས་པ་སྐྱེ་བ་ཀུན་ལ་དེ་འདྲ་ཡན་ལག་ཏུ་ཡོད་པར་མ་ངེས་པའི་ཕྱིར་དང༌། གཟུགས་མཛེས་སོགས་ཉེ་བར་ཡོད་པའི་ངེས་པ་མེད་པར་འདོད་ཆགས་འབྱུང་བ་མ་ཡིན་པར་ཐལ་བའི་ཕྱིར་དང༌། གཟུགས་མཛེས་ལ་ཡོན་ཏན་དུ་མི་འཛིན་པ་སོགས་ལའང་ཆགས་པ་སྐྱེ་བར་འགྱུར་ཏེ། ཁུ་བ་འཕེལ་བ་དང་གཟུགས་མཛེས་ཙམ་གྱིས་དེའི་རྒྱུ་ཚོགས་ཚང་བའི་ཕྱིར། གལ་ཏེ་གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པའང་ཆགས་པའི་ཡན་ལག་ཡིན་ནོ་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱིས་བུད་མེད་ཀྱི་གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པ་ཅན་དུ་འགྱུར་ཏེ། དེའི་རྒྱུ་གཟུགས་མཛེས་སོགས་ཡོད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །རང་གི་ལུགས་ལ་ནི། རྒྱུ་རིགས་འདྲ་སྔ་མའམ་ཚུལ་མིན་ཡིད་བྱེད་སྔོན་དུ་མ་སོང་ན། ལྷན་ཅིག་བྱེད་པའི་རྐྱེན་དུ་བཤད་པ་དེ་ཙམ་གྱིས་ཆགས་སོགས་སྐྱེ་བ་མ་ཡིན་ནོ་ཞེས་པའི་དོན་དང༌། བདེ་སྡུག་ལས་སྐྱེས་ཡིན་ཞེས་པ་ཡང་མཚུངས་ལྡན་གྱི་རྒྱུར་འཆད་པ་ཡིན་ལ། དེའི་ཚེ་ཡང་ཉེར་ལེན་རིགས་འདྲ་སྔ་མ་ཉིད་སྔོན་དུ་སོང་བ་ལ་ངེས་པར་ལྟོས་དགོས་ཏེ། གཞན་དུ་ན་ཁུ་བ་འཕེལ་བ་ལས་བྱུང་བའི་རེག་བྱའི་ཁྱད་པར་ཡུལ་དུ་བྱེད་པའི་ཚོར་བ་བདེ་བའང་ཆགས་པའི་ཉེར་ལེན་དུ་ཐལ་བས་སོ། །གཉིས་པ་ཐལ་འགྱུར་ལ། དངོས་དང༌། རང་ལ་མི་མཚུངས་པའོ། །དང་པོ་ནི། བད་ཀན་ཅན་གྱི་གནས་སྐབས་གང་ལ་ཆོས་ཅན། ཞེ་སྡང་ཅན་དུ་མི་འགྱུར་བར་ཐལ། ཆགས་ཅན་དུ་འདོད་པ་དེ་འདྲ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཆགས་སྡང་དེ་གཉིས་ངོ་བོ་མི་མཚུངས་པ་སྟེ་རྣམ་པ་འགལ་བའི་ཕྱིར། འདོད་མི་ནུས་ཏེ། བད་ཀན་ཅན་འདི་ལ་ཞེ་སྡང་མེད་པའི་ངེས་པར་མཐོང་བའང་མེད་པས་སོ། །སངས་རྒྱས་པ་གང་གི་ལུགས་དེ་ལ་ཆོས་ཅན། གོང་དུ་གཞན་ལ་བརྗོད་པའི་ཉེས་པ་དེར་ཐལ་བ་མེད་དེ། འདོད་ཆགས་ལ་སོགས་པ་རིགས་མཐུན་སྔ་མའི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པས་ནི་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ལ་དངོས་དང་ལུང་འགལ་སྤང་བ་གཉིས། དང་པོ་ལ། ཆགས་སོགས་ནད་ཀྱི་ཉེར་ལེན་ལས་སྐྱེ་བ་བཀག་པའི་རིགས་པ་འདིས་ནི་ཆོས་ཅན། ཆགས་སོགས་འབྱུང་བའི་ཆོས་ཉིད་ཡིན་པ་ཡང་བཀག་སྟེ། རྗེས་སུ་འགྲོ་ལྡོག་འཁྲུལ་པ་དང་འགལ་བར་བསྟན་པའི་རིགས་པ་དང༌། གྲུབ་ཟིན་མི་འཇིག་པར་གནས་པའི་རྟེན་ཡང་བཀག་པའི་ཕྱིར་རོ། །ཆོས་ཉིད་ཅེས་པ་འདི་ལ། ཕྱོགས་སྔ་མས་རྒྱུ་འབྲས་ཀྱི་དང༌། དབྱེར་མེད་ཀྱི་དང༌། ཡོན་ཏན་དང༌། ཡོན་ཏན་ཅན་གྱི་ཆོས་གསུམ་དུ་འདོད་དོ། །གལ་ཏེ་རྟེན་འགོག་ན་འབྱུང་བ་འབྱུང་གྱུར་གྱི་རྟེན་དུ་ཁས་ལེན་པ་མ་ཡིན་ནམ་ཞེ་ན། དཀར་པོ་ལ་སོགས་ས་སོགས་འབྱུང་བ་ལ་གྲུབ་ཟིན་པའི་ཚུལ་གྱིས་བརྟེན་པ་ཉིད་དུ་ནི་འདོད་པ་མ་ཡིན་ནོ། །གཉིས་པ་ནི། ཆོས་མངོན་པ་ལས་དེ་དེ་ལ་བརྟེན་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འབྱུང་གྱུར་དེ་འབྱུང་བ་ལ་བརྟེན་པའི་གསུངས་པའི་སྒྲ་སྟེ་ལུང་གི་དགོངས་པ་ཡང་རྒྱུའི་དོན་ནམ་ཡང་ན་རང་གི་རྟེན་འབྱུང་བ་དག་དང་གོ་ས་དབྱེར་མེད་པར་ནི་གནས་པའི་ཕྱིར་ན། རྟེན་དུ་བཤད་པ་ཡིན་གྱི། དེ་ལས་གཞན་དུ་དོན་གཞན་གྲུབ་ཟིན་མི་འཇིག་པར་གནས་པའི་རྟེན་དུ་འཐད་པ་མ་ཡིན་པའི་ཕྱིར། གལ་ཏེ་ཆང་དང་དེའི་མྱོས་སོགས་ཀྱི་ནུས་པ་དབྱེར་ཡོད་ཀྱི་རྟེན་བརྟེན་པ་ཡིན་པ་བཞིན་དུ་ལུས་སེམས་གཉིས་ཀྱང་དབྱེར་ཡོད་ཀྱི་རྟེན་བརྟེན་པ་ཡིན་ནོ་ཞེ་ན། དཔེ་མི་འཐད་པ་ནི། ཆང་གི་དངོས་པོ་ལས་མྱོས་པའི་ནུས་པ་དོན་གཞན་ཉིད་མ་ཡིན་ཏེ། མྱོས་པའི་ནུས་པ་ཞིག་ན་ཆང་གི་དངོས་པོ་འཇིག་པར་འགྱུར་ལ། རྟེན་ཆང་ཚང་བར་གནས་ན་བརྟེན་པ་མྱོས་པའི་ནུས་པ་འཇིག་པ་མ་ཡིན་པའི་ཕྱིར། དེ་ནི་དབྱེར་མེད་ཀྱི་རྟེན་བརྟེན་པའོ། །གལ་ཏེ་དེ་ལྟ་ན། འབྱུང་སེམས་དབྱེར་མེད་ཀྱི་རྟེན་བརྟེན་པར་མཚུངས་སོ་ཞེ་ན། མ་ཡིན་ཏེ། ཐ་དད་དུ་སྣང་བ་ཅན་གྱི་རྟོགས་པ་མ་འཁྲུལ་བས་འབྱུང་སེམས་ཐ་དད་པ་ཉིད་དུ་དམིགས་པའི་ཕྱིར་རོ། །དེ་ལས་གཞན་དུ་ན་ཇི་སྲིད་ལུས་གཞན་དུ་མ་གྱུར་གྱི་བར་དུ་དེའི་གཟུགས་སོགས་གཞན་དུ་མི་འགྱུར་བ་བཞིན་དུ་ཡིད་ཀྱི་ངོ་བོ་ཡང་གཞན་དུ་མི་འགྲོ་བར་མཚུངས་པ་ཉིད་དུ་འགྱུར་ཏེ། ལུས་སེམས་དབྱེར་མེད་པའི་ཕྱིར་དང༌། ཡིད་རྣམ། རྟོག་པ་ནི་གཟུང་དོན་གྱི་གཞན་དབང་ཅན་ཉིད་ཀྱང་གང་ཡིན་ཏེ་མ་ཡིན་པའི་ཕྱིར། རང་གི་ལུགས་ནི། གྲུབ་ཟིན་གྱི་རྟེན་མེད་ཀྱང༌། ཤེས་པ་སྔ་མ་འགའ་ཞིག་ལས་ཕྱི་མ་འགའ་ཞིག་སྐྱེ་བ་ཡིན་ཏེ། གང་གི་ཚེ་རྟེན་ལུས་ལ་ལྟོས་པ་མེད་པར་ཤེས་པ་སྔ་མ་འགའ་ཞིག་ཕྱི་མ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བས་ནའོ། །འདིའི་དོན་ནི་སེམས་ནི་བག་ཆགས་ལ་བརྟེན་པ་ཡིན། དེ་ཡང་རྒྱུའི་དོན་ཏེ། སད་བྱེད་ཀྱི་རྐྱེན་དང་ཕྲད་པ་ན་དེ་ལས་སྐྱེ་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རྟགས་དགོད་པ་དང༌། དེས་གྲུབ་པ་སྤང་བའོ། །དང་པོ་ནི། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ་བོ། །ཞེས་པ་འདི་ལ་རྩ་བའི་གཏན་ཚིགས་ནི། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ད་ལྟར་གྱི་རིག་པ་བཞིན་ནོ། །གཉིས་པ་ལ། རྗེས་འགྲོ་དང་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ལ། ལྡོག་པ་གཞུང་གིས་བསྟན་པ་དེ་ལ། རྒྱང་འཕན་ན་རེ། ས་སོགས་ཀྱི་དངོས་པོ་ཐམས་ཅད་ནི་རྣམ་ཤེས་སྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར། རྣམ་ཤེས་མ་ཡིན་པས་དེའི་ཉེར་ལེན་བྱེད་པར་འདོད་དོ་ཞེ་ན། རྒྱུ་རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ་སྔོན་རྒྱུའི་ཚེ་མ་མཐོང་ཡོད་དོ་ཞེས་དེ་སྐད་སྨྲ་བའི་གྲངས་ཅན་ཕྱུགས་དང་འདྲ་བ་ལས་གཞན་རྒྱང་འཕན་པ་སུ་ཞིག་ཆོས་ཅན། དེ་སྐད་དུ་བརྗོད་པར་བརྩོལ་ཏེ། ངོ་མཚར་བཅས་པའི་ཕྱིར་རོ། །ཁྱབ་འབྲེལ་ནི་རྩྭ་སོགས་ཀྱི་རྩེ་ན་གླང་པོ་ཆེ་དེ་ནི་ཇི་ལྟར་ཡོད་པར་འགྱུར་ཏེ། རྒྱུ་ནི་ལན་བརྒྱར་རྣམ་པར་ཕྱེ་ཡང་ངོ་བོ་གང་ཞིག་ཡོད་ན་སྣང་རུང་དུ་གྱུར་པའི་གླང་ཆེན་གྱི་ངོ་བོ་དེ་ནི་སྔར་རྒྱུའི་དུས་སུ་མི་སྣང་བའི་ཕྱིར་རོ། །འདི་ནི་གྲངས་ཅན་ལ་བརྗོད་པའི་བདག་སྐྱེ་འགོག་པའི་རིགས་པས་རྒྱང་འཕན་གྱི་འདོད་པ་བཀག་པར་གསལ་མོད། རིགས་པ་དེ་ཇི་ལྟ་བ་བཞིན་དུ་འཇུག་པར་ཤེས་དཀའ་བ་དེའི་ཚེ་ཕྱོགས་སྔ་འདི་དེ་ལྟར་བཤད་ན་བདེ་བར་མངོན་ཏེ། རྣམ་ཤེས་མ་ཡིན་པས་དེའི་ཉེར་ལེན་མི་བྱེད་ཀྱང༌། ས་སོགས་འབྱུང་བའི་སྟེང་ན་རྣམ་ཤེས་ནུས་པའི་ཚུལ་གྱིས་ཡོད་དོ་ཞེས་ཟེར་བ་ཉིད་ནུས་ལྡན་ཕྱིར་གྱི་དོན་ཡིན་ལ། དེའི་ཚེ་རིག་པ་སྔ་མ་སྔོན་སོང་དུ་གྲུབ་ཀྱང་སྐྱེ་བ་སྔ་མ་ཡོད་པར་མི་འགྲུབ་ཅེས་པ་ཉིད་ཕྱོགས་སྔ་མར་འདོད་དགོས་སོ། །གཉིས་པ་འཁོར་བ་མེད་པར་ཐལ་འགྱུར་གྱིས་དགག་པ་ལ། ཆགས་སོགས་མི་འབྱུང་བར་ཐལ་བ་དང༌། རྟག་ཏུ་འབྱུང་བར་ཐལ་བའོ། །དང་པོ་ནི། རིགས་འདྲ་སྔ་ན་མེད་པ་འབྱུང་བར་ཁས་ལེན་པ་ལ། ཆགས་སོགས་ཆོས་ཅན། ངེས་མེད་དེ་འགའ་ཞིག་ལ་གཏན་མི་འབྱུང་བ་ཉིད་དུ་ཐལ་བར་འགྱུར་ཏེ། སྐལ་མཉམ་གྱི་རྒྱུ་སྔོན་དུ་འགྲོ་མི་དགོས་པའི་ཕྱིར། གལ་ཏེ་རྒྱུ་འབྱུང་བའི་བདག་བདག་ཉིད་འདས་པའི་ཕྱིར་སྐྱེ་བོ་ཀུན་ལ་ཆགས་སོགས་ལྡན་ནོ་ཞེ་ན། འོ་ན་ཐམས་ཅད་འདོད་ཆགས་ཆེ་ཆུང་མཚུངས་པར་འགྱུར་རོ། །གལ་ཏེ་འབྱུང་བའི་ཁྱད་པར་ལས་ཆེ་ཆུང་དུ་སྐྱེ་བ་ཡིན་ན། འོ་ན་འབྱུང་བ་ལས་སྲོག་ཀྱང་ཆེ་ཆུང་དུ་སྐྱེ་བར་འགྱུར་ལ། དེ་མི་མཚུངས་པར་ཁས་ལེན་ན་འདི་ལྟར། འབྱུང་བ་རྣམས་ཀྱི་འབྲས་བུ་སྲོག་ཆགས་ལ་ཆེ་ཆུང་གི་ཁྱད་པར་མེད་ཀྱང་ཆགས་སོགས་ཆེ་ཆུང་གི་ཁྱད་པར་དུ་སྐྱེ་བ་འདིའི་རྟེན་འབྱུང་བ་གང་ཡིན་པ་དེ་ནི་ཆོས་ཅན། ཁྱོད་སྔར་ཡོད་པ་ལས་ཕྱིས་མེད་པ་ཅིག་སྲིད་པ་དེའི་ཚེ་ཁྱོད་ཀྱི་འབྲས་བུ་ཆགས་སོགས་དེ་སྔར་ཡོད་པ་ལས་ཕྱིས་དེ་མེད་པར་འགྱུར་སྲིད་པར་ཐལ། དེ་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། དཔེར་ན་ཁྱོད་འཕེལ་འགྲིབ་ལས་ཆགས་སོགས་ཕུལ་དུ་བྱུང་བ་དང་འགྲིབ་པར་ཁས་བླངས་པ་བཞིན་ནོ། །ཐལ་བ་འདི་རྒྱང་འཕན་ལ་འཇུག་ཚུལ་ཡང་ཤེས་དཀའ་མོད། ད་ལྟར་གྱི་འབྱུང་བ་དེ་རིང་ཡོད་པ་སང་ཉིན་མེད་པ་ལྟ་བུ་ལ་སྦྱར་དགོས་སོ། །གལ་ཏེ་ཆགས་སོགས་ཆེ་ཆུང་ཐ་དད་ཀྱང་རྒྱུ་འབྱུང་བ་མཚུངས་པར་ཡོད་ཙམ་གྱི་བདག་ཉིད་མི་ལྡོག་པའི་ཕྱིར་ཆགས་སོགས་གཏན་མེད་ཀྱི་སེམས་ཅན་སྲིད་པ་མ་ཡིན་ནོ་ཞེ་ན། སྐྱེས་བུ་ཀུན་ལ་ཆོས་ཅན། འདོད་ཆགས་ཆེ་ཆུང་འདྲ་བར་འགྱུར་ཏེ། རྒྱུ་འབྱུང་བའི་བདག་ཉིད་འདྲ་བའི་ཕྱིར། ཁྱད་པར་ཁས་བླངས་པར་སྟོན་པ་ནི། ནོག་ལྐོག་ཤལ་ཅན་དུ་མཚུངས་པའི་བདག་བདག་ཉིད་ལས་བྱུང་བའི་ཡུལ་ཅན་གྱི་ཤེས་པའམ་རྒྱང་འཕན་གྱི་ལུགས་འདིར་ཡང་ས་སོགས་ལ་སྲོག་ཆགས་ཉིད་ལ་སོགས་པའི་ཁྱད་པར་གྱི་རིམ་པ་ལ་ལར་ཡོད་པ་མ་ཡིན་པ་བཞིན་ནོ། །གལ་ཏེ་དེ་ཡོད་པ་ལས་དེ་མེད་འགྱུར་ལ་ཁྱབ་པ་མ་ངེས་ཏེ། དྲོ་བ་ལ་རིམ་པའི་ཁྱད་པར་ཡོད་ན་ཡང་དྲོ་བ་གཏན་མེད་ཀྱི་མེ་འགའ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དོན་གྱི་སྐབས་འདིར་ཡང་ངོ་ཞེ་ན། མཚུངས་པ་མ་ཡིན་ཏེ། དྲོ་བ་ལས་མེ་དོན་གཞན་དུ་གྱུར་པ་ནི་ཚད་མས་བཀག་པའི་ཕྱིར་དང་འབྱུང་སེམས་དོན་གཞན་ཡིན་པའི་ཕྱིར། དེས་ན་སྦྱོར་བ་ནི་རྟེན་དེ་ལས་གཞན་དུ་ཡོད་པའི་ཡོན་ཏན་གྱི་ཁྱད་པར་གང་ཞིག འཕེལ་འགྲིབ་ཀྱི་རིམ་པའི་ཁྱད་པར་དང་ལྡན་པ་དེ་དག་ཡིན་ན་རྟེན་དེའི་ཁྱད་པར་ནི་ལ་ལར་རྒྱུན་ཆད་པར་འགྱུར་བ་སྲིད་པས་ཁྱབ། དཔེར་ན་སྣམ་བུ་ལ་དཀར་པོ་སོགས་རྒྱུན་ཆད་སྲིད་པ་བཞིན། ཆགས་སོགས་ཀྱང་རྟེན་ལུས་ལས་དོན་གཞན་འཕེལ་འགྲིབ་ཀྱི་རིམ་པ་དང་ལྡན་པ་ཡིན་ནོ། །དེ་སྒྲུབ་པ་ནི། གཟུགས་སོགས་འབྱུང་བ་དང་འབྲལ་དུ་མི་རུང་བ་བཞིན་དུ་ཆགས་སོགས་དེར་ངེས་པ་མ་ཡིན་ཏེ། གཟུགས་སོགས་དེ་དག་འབྱུང་བ་དང་དབྱེར་མེད་པའི་ཕྱིར། གལ་ཏེ་དེ་གཉིས་མཚུངས་སོ་ཞེ་ན་མ་ཡིན་ཏེ། ཆགས་སོགས་འབྱུང་བ་དང་ལྷན་ཅིག་སྐྱེ་བར་ཐལ་བའི་ཕྱིར་རོ། །དབྱེར་མེད་ཡིན་ཀྱང་མངོན་དུ་འགྱུར་བ་དམིགས་རྐྱེན་ལ་ལྟོས་སོ་ཞེ་ན། ཆགས་སོགས་ཆོས་ཅན། ཕྱིའི་ཡུལ་ཡང་ཁྱོད་རེས་འགའ་སྐྱེ་བར་ངེས་བྱེད་མ་ཡིན་ཏེ། ཁྱོད་རྟོག་པས་རྣམ་པར་བརྟགས་པའི་ཡུལ་ཅན་ཡིན་པའི་ཕྱིར། གཉིས་པ་ལ། ཐལ་བ་འདི་འཕེན་པའི་ཡན་ལག་ཏུ་སྔ་མ་དང་སྲེལ་ནས་འཕེན་པ་དང༌། ཕྱི་མ་ཉིད་ཡན་གར་དུ་འཕེན་པའོ། །དང་པོ་ནི། ཆགས་སོགས་ཆོས་ཅན། ངེས་པ་མེད་པ་སྟེ། རྟག་ཏུ་སྐྱེ་བ་དང་འམ་ཞེས་པ་གཏན་མི་སྐྱེ་བ་གང་རུང་དུ་ཐལ། སྐལ་མཉམ་གྱི་རྒྱུ་དང་བྲལ་བའི་ཕྱིར། གཉིས་པ་ནི། བློ་རྣམས་ཀུན་ཆོས་ཅན། ཡུལ་ཐམས་ཅད་དུ་དུས་ཀུན་གྱི་ཚེ་སྐྱེ་བར་འགྱུར་ཏེ། ཉེར་ལེན་གྱི་རྒྱུ་འབྱུང་བ་རྟག་པ་ནི་ཉེར་བར་ཡོད་པའི་ཕྱིར་ཞེས་པའོ། །རང་ལ་ཡང་སྒོ་ལྔའི་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་གསལ་རིག་གི་ངོ་བོ་རྒྱུན་མ་ཆད་པར་ཡོད་ཀྱང་རེས་འགའ་བར་འཇོག་པ་ནི་རྐྱེན་གསུམ་ཚང་བ་ལ་ལྟོས་པ་དང༌། དེ་ཡང་མི་རྟག་པ་ཡིན་པ་ལ་ཐུག་པས་གཞན་ལ་བརྗོད་པའི་ཐལ་བ་དེ་མི་མཚུངས་སོ། །གཉིས་པ་སྡུག་བསྔལ་གྱི་སྟེང་དུ་སྟོན་པས་གསུངས་པའི་ཁྱད་ཆོས་རྣམས་འཐད་པར་སྟོན་པ་ནི། ཉེར་ལེན་གྱི་ཕུང་པོ་དེ་ནི་ཆོས་ཅན། མི་རྟག་སྟེ། རེས་འགའ་དམིགས་པའི་ཕྱིར། སྡུག་བསྔལ་ཡིན་ཏེ། ཉེས་པའི་རྟེན་བྱེད་པའི་ཕྱིར་དང༌། རྒྱུ་ལས་དང་ཉོན་མོངས་པའི་དབང་དུ་གྱུར་པའི་ཕྱིར། ངོ་བོར་གྱུར་པའི་བདག་མ་ཡིན་ཞིང༌། བདག་དེས་བྱིན་གྱིས་བརླབས་པའི་བདག་གི་བའང་མ་ཡིན་ནོ། །དེ་སྒྲུབ་པ་ལ། བདག་དེ་རྟག་གམ་མི་རྟག མི་རྟག་ན་བདག་ཏུ་མི་རུང་བས་བསྒྲུབ་བྱ་དེ་གྲུབ་ཟིན་ལ། རྟག་ན། བདག་ཆོས་ཅན། བདག་གི་བ་བྱིན་གྱིས་རློབ་པ་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་པའི་ཕྱིར། དེ་སྒྲུབ་པ་པ་ལ། དོན་བྱེད་མི་ནུས་པའི་རྟགས་དང༌། རྗེས་སུ་འགྲོ་ལྡོག་མི་བྱེད་པའི་རྟགས་གཉིས་ལས། ཕུང་སོགས་བདག་གི་བ་རྣམས་ཆོས་ཅན། གཏན་མི་སྐྱེ་བའམ་ཡང་ན་གཅིག་ཆར་དུ་སྐྱེ་བར་ཐལ། རྒྱུ་བདག་ལས་སྐྱེས་ཤིང༌། བདག་དེ་མི་རྟག་པར་ནི་མི་རུང་བའི་ཕྱིར། ཁྱབ་སྟེ། རྟག་པའང་དོན་བྱེད་མི་ནུས་པས་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ་མི་བྱེད་ལ། དོན་བྱེད་མི་ནུས་ཀྱང་འབྲས་བུ་སྐྱེད་པ་དེའི་ཕྱིར་ན་རྒྱུ་རྟག་པ་གཅིག་ལས་འབྲས་བུ་དུ་མ་ནི་དུས་ཐ་དད་པར་སྐྱེ་བར་ནི་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དེ་ཆོས་ཅན། བདག་གིས་བྱས་པ་མ་ཡིན་ཏེ། རྒྱུ་གཞན་དག་ནི་ཚོགས་ན་ཡང་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་ཞེས་པའི་རྟགས་ཀྱིས་རྒྱུ་གཞན་རྗེས་སུ་དཔོག་པར་འགྱུར་ན། དེ་ནི་རྟག་པ་རྣམས་ལ་ཡོད་པ་མ་ཡིན་པའི་ཕྱིར། དེས་ན་རྟག་པས་འབྲས་བུ་སྐྱེ་བ་རྐྱེན་ཚང་བ་ལ་མི་ལྟོས་པས་རང་གི་ཕྱོགས་ལ་མི་མཚུངས་པའོ། །གཉིས་པ་ཀུན་འབྱུང་གི་བདེན་པ་ཕྱིན་ཅི་མ་ལོག་པར་གསུང་པ་ཉིད་དུ་སྒྲུབ་པ་ལ་གཉིས་ཏེ། ཕྱི་རོལ་པས་བརྟགས་པ་ཕྱིན་ཅི་ལོག་ཏུ་བཤད། སྟོན་པས་གསུངས་པ་ཕྱིན་ཅི་མ་ལོག་པར་བསྟན་པའོ། །དང་པོ་ལ། སྡུག་བསྔལ་རྒྱུ་མེད་དགག རྒྱུ་རིགས་མི་མཐུན་དགག་པའོ། །དང་པོ་ལ། རྒྱུ་བཅས་ལ་སྒྲུབ་བྱེད་ཡོད་པ་དང༌། རྒྱུ་མེད་ལ་སྒྲུབ་བྱེད་མེད་པའོ། །དང་པོ་ནི། སྡུག་བསྔལ་འདི་ཆོས་ཅན། རྒྱུ་དང་བཅས་པ་ཉིད་དུ་གྲུབ་སྟེ། རེས་འགའ་བ་ཉིད་ཡིན་པས་ནའོ། །རྟགས་དེ་མི་མཐུན་ཕྱོགས་ལས་ལོག་པ་ཡིན་ཏེ། རྒྱུ་མེད་རྣམས་ནི་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་ན་རྟག་ཏུ་ཡོད་པའམ་གཏན་མེད་པ་གང་རུང་དུ་འགྱུར་བས་སོ། །གཉིས་པ་ནི། རྒྱང་འཕན་ཁ་ཅིག་ན་རེ། ཇི་ལྟར་ཚེར་མ་ལ་སོགས་ཀྱི་རྣོ་བ་ཉིད་ལ་སོགས་པ་རྒྱུ་མེད་པ་དེ་ལྟར་དངོས་པོ་འདི་དག་ཀུན་དང་པོ་རྒྱུ་མེད་དུ་འབྱུང་བར་འགྱུར་རོ་ཞེས་ནི་རབ་ཏུ་བརྗོད་དོ། །དཔེ་མི་འཐད་དེ། གང་ཕན་འདོགས་བྱེད་དུ་ཡོད་པ་ཉིད་ན་དོན་གཞན་ཕྱི་མ་གང་སྐྱེ་བའམ། གང་གཞན་དུ་འགྱུར་ན་ཡང་དོན་གཞན་ཕྱི་མ་གཞན་དུ་རྣམ་པར་འགྱུར་བ་དེ་ནི་དེའི་རྒྱུར་རབ་ཏུ་བརྗོད་ལ། དེ་འདྲ་དེ་ནི་ཚེར་མའི་རྣོ་བ་སོགས་དེ་རྣམས་ལ་ཡང་ཡོད་པའི་ཕྱིར། འོ་ན་རྒྱུ་གཟུགས་ཀྱི་རེག་པ་ཆོས་ཅན། གཟུགས་འཛིན་མིག་ཤེས་ཀྱི་རྒྱུར་ཐལ། དེ་ཁྱོད་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཞེ་ན། འདོད་དོ་ཞེས་སྟོན་པ་ནི། དེ་ཆོས་ཅན། གཟུགས་མཐོང་བ་ལ་ནི་རྒྱུ་མཚན་ཡིན་ཏེ། འབྲས་གཟུགས་དང་རྒྱུ་ཚོགས་པ་གཅིག་ཉིད་ཡིན་པའི་ཕྱིར། ངག་དོན། དེ་ཆོས་ཅན། དེའི་དམིགས་རྐྱེན་ཡིན་ཏེ། དེ་ལ་གཟུགས་ཀྱི་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར་ཞེས་པ་ཉིད་ཡིན་གྱི། གཟུགས་ཀྱི་རྒྱུ་ཡིན་པ་རྟགས་འགོད་དགོས་ན་ནུས་པ་མེད་ཅིང་དྲི་རོ་སོགས་ལའང་ཐལ་བར་འགྱུར་རོ། །གཉིས་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། དབང་ཕྱུག་ལ་སོགས་པ་ལས་ཀྱང་སྐྱེ་བར་སྲིད་པ་མ་ཡིན་ཏེ། རྟག་པ་རྣམས་ལས་སྐྱེ་ན་ཅིག་ཆར་སྐྱེ་དགོས་པའི་རིགས་པས་བཀག་ཟིན་པའི་ཕྱིར་དང༌། རྟག་པ་ལ་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། ཉེར་ལེན་གྱི་ཕུང་པོ་རྣམས་རྒྱུ་མེད་དང་རྒྱུ་མི་མཐུན་པ་ལས་སྐྱེ་བ་བཀག་ཟིན་པ་དེའི་ཕྱིར་སྲིད་པ་འདོད་པའི་སྲེད་པ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། གང་གི་ཕྱིར་ན་མི་ལ་སོགས་པའི་འགྲོ་བ་རྣམས་ཡུལ་གྱི་ཁྱད་པར་ནི་ཡོངས་སུ་འཛིན་པ་ནི་དེ་ཐོབ་པར་འདོད་པའི་བསམ་པས་བྱས་པའི་ཕྱིར། འོ་ན་མདོ་ལས་སྲེད་པ་གསུམ་ཀ་འཁོར་བའི་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཇི་སྐད་བཤད་མ་ཐག་པ་དེ་ནི་སྲིད་སྲེད་དུ་འདོད་ལ། གང་གི་ཕྱིར་ཡང་སྲོག་ཆགས་རྣམས་བདེ་བ་ཐོབ་པར་འདོད་པས་འཇུག་པ་དང༌། སྡུག་བསྔལ་འདོར་བར་འདོད་པས་འཇུག་པ་དེ་དག་ནི་འདོད་སྲེད་དང་འཇིག་སྲེད་ཡིན་པར་འདོད་པའི་ཕྱིར། མདོར་ན་སྲེད་པ་གསུམ་ཀ་སྲིད་པའི་རྟེན་ཡིན་ཏེ། ཕུང་པོ་ལ་བདག་ཏུ་ཆགས་པའི་རྒྱུ་ཉིད་ལས་བདེ་བ་མ་ཡིན་པ་ལ་བདེ་བར་འདུ་ཤེས་པས་འཁོར་བའི་ཡུལ་ཀུན་ལ་རབ་ཏུ་འཇུག་པར་འགྱུར་བ་དེའི་ཕྱིར། དེ་ཉིད་ལུང་གིས་ཀྱང་གྲུབ་སྟེ། ཆགས་བྲལ་འཁོར་བར་སྐྱེ་བ་མ་མཐོང་བའི་ཕྱིར་ཞེས་ནི་སློབ་དཔོན་དབྱིག་གཉེན་པ་རྣམས་ཀྱིས་གསུངས་སོ། །འདི་ནི་རྟེན་འབྲེལ་མདོ་འགྲེལ་ལས། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་པ་དེའོ། །འོ་ན་ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་འགྱུར་ཏེ། ལུས་མེད་ལ་ཆགས་པ་མ་མཐོང་བའི་ཕྱིར་ཞེ་ན། འདོད་པ་ཡིན་ཏེ། དེ་དེའི་རྒྱུ་མཚན་དུ་ཁས་བླངས་པའི་ཕྱིར། སྔར་བཀག་པ་ནི་ལུས་ཆགས་སོགས་ཀྱི་ཉེར་ལེན་ཡིན་པ་ཉིད་ནི་བསལ་བ་ཡིན་ནོ། །ལུས་མེད་ལ་ཆགས་པ་མ་མཐོང་དང་ལུས་ལས་འདོད་ཆགས་སྐྱེ་བའི་རིགས་འདི་རྒྱང་འཕན་ཁྱོད་ཀྱང་རྗེས་སུ་འདོད་ན་ནི། རང་ཉིད་རང་གི་འདོད་པ་ལ་གནོད་པར་འགྱུར་ཏེ། སྐྱེ་བ་སྔ་མ་གྲུབ་པའི་ཕྱིར། གལ་ཏེ་ལུས་སྐྱེ་བ་ཁོ་ན་ལ་ཆགས་པ་མཐོང་བའི་ཕྱིར་ལུས་སྐྱེ་བ་དང་ཆགས་པ་ལྷན་ཅིག་ཏུ་འབྱུང་ངོ་ཞེ་ན། ཆགས་སོགས་ཆོས་ཅན། རིགས་འདྲ་སྔར་སོང་བ་ཉིད་དུ་གྲུབ་སྟེ། སྐལ་མཉམ་གྱི་རྒྱུ་ལས་སྐྱེ་བའི་ཕྱིར། དེ་ཁས་བླངས་ཏེ། སྐྱེ་ཞིང་ལུས་ལས་ནི་མི་སྐྱེ་བའི་ཕྱིར། གཉིས་པ་ནི། མ་རིག་པ་དང་ལས་དང་སྲེད་པ་གསུམ་ཀ་སྡུག་བསྔལ་གྱི་རྒྱུ་ཡིན་པ་ལ་གཉིས་པོ་འདིར་མི་འཆད་པ་ཅི་ཞེ་ན། མི་ཤེས་པ་སྲིད་པའི་རྒྱུ་ཡིན་ཀྱང༌། མ་བརྗོད་པར་སྲེད་པ་ཉིད་བཤད་པར་རིགས་ཏེ། མ་རིག་པ་ནི་སྲིད་པའི་རྒྱུན་ཙམ་ཞིག་ནི་འཕེན་པར་བྱེད་པའི་ཕྱིར་དང༌། སྲེད་པས་ནི་དེ་མ་ཐག་ཏུ་སྐྱེ་བ་འགྲུབ་པར་བྱེད་པའི་ཕྱིར། ལས་ཀྱང་འདིར་བཤད་པ་མ་ཡིན་ཏེ། འཕེན་བྱེད་ཀྱི་ལས་དེ་ཡོད་ན་སྲིད་པར་སྐྱེ་བ་དེ་ཡོད་པའི་ངེས་པ་མེད་པའི་ཕྱིར་རོ། །ཡང་ན་འཕེན་པའང་སྲེད་པ་དང་སྦྱར་རོ། །གསུམ་པ་འགོག་བདེན་ཕྱིན་ཅི་མ་ལོག་པར་གསུང་བ་ཉིད་དུ་སྒྲུབ་པ་ལ་གཉིས་ཏེ། བདག་མེད་པའི་ཕྱོགས་ལ་བཅིངས་གྲོལ་ཐམས་ཅད་འཐད་པར་བསྟན། ཡོད་པའི་ཕྱོགས་ལ་དེ་མི་འཐད་པར་བསྟན་པའོ། །དང་པོ་ལ། བཅིངས་ཐར་གཉིས་ཀ་ཡོད་པའི་སྒྲུབ་བྱེད་བསྟན་པའོ། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ། སྡུག་བསྔལ་དེ་ནི་ཆོས་ཅན། གཏན་དུ་བ་མ་ཡིན་ཏེ། ཁྱོད་ཀྱི་རྒྱུ་ལ་འགལ་རྐྱེན་གྱི་གེགས་དང༌། སོགས་པའི་སྒྲས་མཐུན་རྐྱེན་མ་ཚང་བ་སྲིད་པའི་ཕྱིར། རྟགས་གཉིས་པོས་ལྷག་བཅས་ལྷག་མེད་མེད་བཟུང་ངོ༌། །རྒྱང་འཕེན་དང་སྤྱོད་པ་པ་ན་རེ། གང་ཟག་ཆོས་ཅན། ཐར་པ་མེད་དེ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར་ཞེ་ན། སྦྱོར་བ་དེ་ཆོས་ཅན། སངས་རྒྱས་པའི་ངོར་འཐད་པ་མ་ཡིན་ཏེ། དེའི་ངོར་འདོད་པ་དང་མ་གྲུབ་པས་ན་རྟགས་ཕྱོགས་གཉིས་ཀའི་སྐྱོན་དང་བཅས་པའི་ཕྱིར། འདིས་ནི་གང་ཟག་བཅིངས་ཐར་གྱི་བྱེད་པ་པོར་འདོད་པ་བཀག་ནས་ཕུང་པོའི་རྒྱུན་ཙམ་ཡོད་མེད་ལ་བཅིངས་ཐར་དུ་འཆད་དོ། །གཉིས་པ་ལ་གསུམ་སྟེ། བདག་མེད་ན་ལམ་ལ་འབད་པ་དོན་མེད་པའི་དང༌། ཆགས་བྲལ་འཁོར་བ་གནས་པ་མི་འཐད་པའི་དང༌། མཐོང་ལམ་ཐོབ་ནས་མི་སྐྱེ་བར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི། གྲོལ་བ་པོ་ནི་མེད་ན་ཡང་ལམ་ལ་བརྩོན་པ་ཆོས་ཅན། དོན་ཡོད་དེ། ཕུང་པོའི་དོན་ལ་བདག་ཏུ་ལོག་པར་སྒྲོ་བཏགས་པ་གཞོམ་དགོས་པའི་ཕྱིར། དགོས་ཏེ། ཇི་སྲིད་བདག་ལ་ཆགས་པ་མ་ཡིན་པ་དེ་སྲིད་དུ་སྡུག་བསྔལ་གྱི་རྒྱུན་ལ་བདག་ཏུ་སྒྲོ་བཏགས་ནས་ཕུང་པོའི་རྒྱུན་དེ་ཉིད་ཡོངས་སུ་གདུང་བར་གྱུར་པ་ཡིན་པས་བདེ་བའི་རང་བཞིན་དུ་ནི་གནས་པ་མེད་པའི་ཕྱིར་ཏེ། འདིར་གང་ཟག་གི་མིང་ཅན་ནི་གཉིས་ཏེ། ཀུན་རྫོབ་པའི་དང༌། དོན་དམ་པའི་འོ། །དང་པོ་ལ་གཉིས་ཏེ། གྲུབ་པའི་མཐས་སྒྲོ་བཏགས་པ་དང༌། མ་རིག་པས་གང་ཟག་ཏུ་བཟུང་བའོ། །དང་པོ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་ལ། གཉིས་པ་ནི་དེར་ཡོད་མོད། སངས་རྒྱས་པའི་གྲུབ་མཐའ་ལ་ཁས་མི་ལེན། དོན་དམ་པའི་བདག་ནི་སྤྲོས་པ་དང་བྲལ་བའི་བཞིན་ཉིད་ཅེས་བྱ་བ་དེ་ལ་ཟེར་ཞིང༌། དེ་བཅིངས་གྲོལ་གྱི་གཞིར་ཁས་ལེན་པ་ཡིན་ཏེ། དེ་ཉིད་གནས་གྱུར་གྱི་གཞིར་འཐད་ཅིང༌། སྐབས་འདིར་ནི་གནས་ཡོངས་སུ་གྱུར་པ་ལ་ཐར་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཆགས་བྲལ་འཁོར་བར་གནས་པ་མི་འཐད་དེ། བདག་དང་དེར་འཛིན་པ་གཉིས་ཀ་མེད་པའི་ཕྱིར་ཞེ་ན། འདོད་ཆགས་དང་བྲལ་བའི་ཕུང་པོའི་རྒྱུན་འཁོར་བར་གནས་པ་ནི་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། བརྩེ་བའམ་ཡང་ན་ལས་ཀྱིས་ཡིན་ཏེའི་ཕྱིར་ཏེ། དགྲ་བཅོམ་པ་ལ་ལས་ཉོན་སྔ་མས་འཕངས་པའི་ཕུང་པོའི་རྒྱུན་ལྡོག་པ་མེད་པའི་འདོད་པའི་ཕྱིར་རོ། །འོ་ན་ལས་དབང་གིས་སྐྱེ་བར་ཡང་བྱེད་དམ་ཞེ་ན། སྲིད་པའི་སྲེད་པ་ལས་རྣམ་པར་རྒལ་བའི་དགྲ་བཅོམ་པ་ཆོས་ཅན། ཡང་སྲིད་ཀྱི་ལས་གཞན་འཕེན་ནུས་པ་མ་ཡིན་ཏེ། ལྷན་ཅིག་བྱེད་རྐྱེན་སྲེད་པ་ཟད་པའི་ཕྱིར་རོ། །གལ་ཏེ་བརྩེ་བའི་དབང་གིས་འཁོར་བར་གནས་ན་དུག་གསུམ་གྱི་དབང་གིས་གནས་དགོས་ཏེ། བརྩེ་ཡུལ་ལ་བདག་གིར་འཛིན་དགོས་པའི་ཕྱིར་དང༌། དེ་ལ་གནོད་པ་བྱུང་ན་ཁོང་ཁྲོ་སྐྱེ་བའི་ཕྱིར་ཞེ་ན། གོམས་པ་སྔ་མའི་འདུ་བྱེད་ཀྱི་རྒྱུན་འཇུག་པ་ཅན་གྱི་སེམས་ཀྱི་དངོས་པོའི་ཆོས་སུ་སྐྱེས་པའི་བརྩེ་བ་དེ་ཆོས་ཅན། སེམས་ཅན་དུ་ལྟ་བ་དང་རྗེས་སུ་འབྲེལ་བ་ཅན་མ་ཡིན་ཏེ། སྡུག་བསྔལ་བདག་མེད་དུ་ཤེས་པ་དང་འཛིན་སྤངས་འགལ་བ་མེད་པའི་ཕྱིར་དང༌། ཡང་དེ་ཆོས་ཅན། ཆགས་པ་མ་ཡིན་ཏེ། གཞན་གྱི་སྡུག་བསྔལ་གྱི་རྒྱུན་རིག་པ་ཙམ་ལས་ནི་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཡིད་དུ་འོང་བ་དེའི་བདག་ཉིད་མ་ཡིན་པའི་ཆོས་ལ་ནི་གཞན་ཡིད་དུ་འོང་བ་སོགས་ཀྱི་བདག་ཉིད་དུ་སྒྲོ་འདོགས་པ་ལས་ཆགས་པ་སྐྱེ་བའི་ཕྱིར། ཡང་དེ་ཆོས་ཅན། ཉེས་པ་ཆགས་སོགས་ཀྱི་རྒྱུ་ལས་བྱུང་བའི་ཁོང་ཁྲོ་མ་ཡིན་ཏེ། གཏི་མུག་ནི་ཉེས་པའི་རྩ་བ་ཡིན་ལ། དེ་ཡང་སེམས་ཅན་དུ་འཛིན་པ་དང་མཚུངས་ལྡན་ཡིན་ཞིང༌། ཁྱོད་ལ་དེ་མེད་པའི་ཕྱིར། དེས་ན་བྱང་སེམས་འཕགས་པའི་བརྩེ་བ་ཆོས་ཅན། ཉེས་མེད་དུ་འདོད་དེ། རྒྱུ་མ་རིག་པ་ལས་མ་ཡིན་ཞིང༌། ངོ་བོ་འདོད་ཆགས་དང་མཚུངས་ལྡན་དུ་མེད་ལ། འབྲས་བུ་ཁོང་ཁྲོ་བ་ཅན་མ་ཡིན་པའི་ཕྱིར། གལ་ཏེ་དགྲ་བཅོམ་པ་ལས་ཀྱིས་འཁོར་བར་གནས་ན་དེ་ལས་མི་གྲོལ་བར་ཐལ་ལོ་ཞེ་ན། དེ་ཆོས་ཅན། འཁོར་བ་ལས་གྲོལ་མེད་མ་ཡིན་ཏེ། སྔོན་གྱི་འདུ་བྱེད་ཀྱི་ནུས་པ་ཟད་ནས་སྲིད་པ་གཞན་མཚམས་མི་སྦྱོར་བའི་ཕྱིར་དང༌། འདུ་བྱེད་ཀྱི་ནུས་པ་མ་ཟད་པ་ན་འཁོར་བར་གནས་པ་གང་ཡིན་པ་དེ་ཡང་ཉོན་མོངས་པའི་ཉེས་པ་མེད་པ་ཉིད་ཡིན་པའི་ཕྱིར། འོ་ན་སྙིང་རྗེ་ཅན་ཐམས་ཅད་དུས་རྟག་ཏུ་འཁོར་བར་གནས་སམ་ཞེ་ན། དགྲ་བཅོམ་པ་ཆོས་ཅན། འཁོར་བ་ཇི་སྲིད་པར་གནས་པའི་འབད་རྩོལ་ཆེན་པོ་མེད་དེ། སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར་ཡང་ངོ༌། །བྱང་སེམས་འཕགས་པ་གང་དག་ཆོས་ཅན། གཞན་གྱི་ངོར་ནི་འཁོར་བ་ཇི་སྲིད་པར་བཞུགས་པ་ཡིན་ཏེ། བརྩེ་བ་ཆེན་པོ་པ་ཡིན་པའི་ཕྱིར། ཡང་ན་དགྲ་བཅོམ་པ་ལས་ཀྱིས་གནས་པ་དེ་ཡུན་ཇི་ཙམ་དུ་གནས་ཤེ་ན། དེ་ལ་དམན་པར་ངེས་མ་ངེས་གཉིས་ལས། ངེས་པ་ལ་རྐང་པ་སྔ་མ་གཉིས་དང༌། མ་ངེས་པ་ཐེག་ཆེན་དུ་ཞུགས་པ་ལ་རྐང་པ་ཕྱི་མ་གཉིས་སྦྱར་རོ། །གསུམ་པ་ནི། ལམ་དང་པོ་མཐོང་ལམ་ནས་སྲིད་པར་སྐྱེ་བ་མེད་པར་འགྱུར་ཏེ། དེ་ནས་འཇིག་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར་ཞེ་ན། ཞུགས་གནས་དང་པོ་གསུམ་ཆོས་ཅན། འཇིག་ལྟ་མ་སྤངས་ཏེ། འཇིག་ལྟ་ལྷན་ཅིག་སྐྱེས་པ་མ་སྤངས་པའི་ཕྱིར། སྤངས་ནའང་སྲིད་པར་སྐྱེ་བ་ག་ལ་ཡོད་དེ་མེད་དོ། །འོ་ན་ལྷན་སྐྱེས་དེ་གང༌། དེ་རྣམས་ཀྱིས་དེ་མ་སྤངས་པའི་ཤེས་བྱེད་ཅི་ཞེ་ན། བདག་བདེ་བར་གྱུར་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་ན། ངའོ་སྙམ་པའི་བློ་གང་ཡིན་པ་དེ་ནི་སེམས་ཅན་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ཡིན་ནོ། །རྒྱུན་ཞུགས་སོགས་ཆོས་ཅན། དེ་མ་སྤངས་པ་ཡིན་ཏེ། བདེ་བ་འདོད་པས་ཡང་སྲིད་ཕྱི་མར་འགྲོ་བའི་ཕྱིར། ཁྱབ་སྟེ། ང་ཞེས་མཐོང་བ་མེད་པར་ནི་འགའ་ཡང་བདག་ལ་ཆགས་པ་མ་ཡིན་ལ། བདག་ལ་སྲེད་པ་མེད་པར་ཡང་བདེ་བ་འདོད་པས་ཡང་སྲིད་དུ་མངོན་པར་རྒྱུག་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། གཞན་སྡེའི་དང་རང་སྡེའི་འདོད་པ་མི་འཐད་པའོ། །དང་པོ་ནི། བདག་ཁས་བླངས་ན་ནི་བཅིང་གྲོལ་གྱི་གཞི་མི་རུང་ངོ་ཞེ་ན། བདག་རྟག་པ་བཅིངས་ཐར་གྱི་གཞི་མ་ཡིན་ཏེ། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་འཁོར་བར་འཆིང་བྱེད་ཡིན་ལ། རྟག་པ་ལ་འཆིང་བྱེད་དེ་གང་ལས་ཡོད་དེ། འཆིང་མི་ནུས་པའི་ཕྱིར་དང༌། སྡུག་བསྔལ་མི་སྐྱེད་པའི་རྒྱུ་ཉིད་ནི་ཐར་བྱེད་ཡིན་ལ། རྟག་པ་ལ་ཐར་བྱེད་དེ་གང་ལས་ཡོད་དེ་མ་བཅིངས་པའི་ཕྱིར་རོ། །གཉིས་པ་ནི། གནས་མ་བུའི་སྡེ་པ་ན་རེ་བདག་དེ་རྟག་ན་བཅིངས་ཐར་མི་རུང༌། མི་རྟག་ན་བཅིངས་གྲོལ་ཐ་དད་དུ་སོང་བས་བརྗོད་དུ་མེད་པའི་བདག་དེ་བཅིངས་གྲོལ་གྱི་གཞིའོ་ཞེ་ན། རྟག་མི་རྟག་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པ་ལའང་བཅིངས་པ་དང་ཐར་པ་ཇི་ལྟ་བུར་ཡང་ཡོད་པ་མ་ཡིན་ཏེ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་འབྲས་བུ་འགའི་ཡང་རྒྱུ་མ་ཡིན་པའི་ཕྱིར་རོ། །རང་སྡེ་ཆོས་ཅན། བདག་བརྗོད་མེད་དུ་ཁས་ལེན་པའི་ངོ་ཚའི་ལྟ་བ་འདི་སྤོང་ལ། བདག་དེ་ནི་རྟག་པར་སྨྲོས་ཤིག་སྟེ་གང་གི་རང་བཞིན་འཇིག་པ་མེད་པ་དེ་ལ་མཁས་པ་རྣམས་རྟག་པ་ཞེས་བརྗོད་པའི་ཕྱིར། བོད་ཕྱི་མ་དག་རང་ལུགས་འདིར་ང་ཙམ་དང་དེ་བདག་ཏུ་ཁས་ལེན་པ་ལ་ཡང་ཉེས་པ་འདི་ཡོད་དོ། །བཞིན་ལམ་བདེན་ཕྱིན་ཅི་མ་ལོག་པ་ཉིད་དུ་གསུང་བར་སྒྲུབ་པ་ལ་གཉིས་ཏེ། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་ལམ་སྒོམས་པས་འཁོར་བ་ལས་གྲོལ་བར་བསྟན་པ་དང༌། མུ་སྟེགས་འདོད་པའི་ལམ་སྒོམས་པས་འཁོར་བ་ལས་མི་གྲོལ་བར་བསྟན་པའོ། །དང་པོ་ལ་དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། བཤད་མ་ཐག་པའི་ཐར་པ་དེ་འཐོབ་བྱེད་ཀྱི་རྒྱུ་གང་ཞེ་ན། ཇི་སྐད་དུ། དེའི་གནོད་བྱེད་ནི། བདག་མེད་མཐོང་བ་འགལ་བ་ཡིན། །ཞེས་བཤད་ཟིན་པའི་ལམ་དེ་ཡུན་རིང་དུ་གོམས་པར་བྱས་པ་ཆགས་སོགས་གནས་གྱུར་པ་ཉིད་དུ་འགྱུར་བ་ཡིན་ཏེ། དེས་བླང་དོར་གྱི་གནས་ལ་ཐུགས་གསལ་བ་རབ་ཀྱི་མཐར་ཕྱིན་པ་ཉིད་དུ་འགྱུར་བའི་ཕྱིར། གཉིས་པ་ལ། དེ་སྐྱེ་བ་དུ་མར་གོམས་པ་མི་སྲིད་པ་དང༌། སྲིད་ཀྱང་མཐའ་མེད་དུ་མི་འཕེལ་བའི་རྩོད་པ་གཉིས་ནི་གོང་དུ་སྤངས་ཟིན་ལ། དེ་ལྟར་འཕེལ་ཡང་སླར་ལྡོག་སྲིད་པའི་རྩོད་པ་འདིར་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་ལན་ནོ། །དང་པོ་ནི། གལ་ཏེ་སྐྱོན་ཆགས་སོགས་ནི་ལན་གཅིག་དེ་ནས་གཞན་དུ་གྱུར་ཀྱང༌། སླར་གནས་དེར་འབྱུང་བ་སྲིད་དེ། དཔེར་ན་ལམ་བཞིན་ནོ་ཞེ་ན། ལན་ལ་གཉིས་ལས། བསྟན་པ་ནི། ཉེས་པ་ཆགས་སོགས་ཀྱི་སྤངས་པ་ཆོས་ཅན། སླར་ལྡོག་པ་མ་ཡིན་ཏེ། དེའི་ནུས་པ་མེད་པའི་ཕྱིར་རོ། །བཤད་པ་ལ་ཤེས་རབ་ཡུལ་གྱི་རྗེས་སུ་ཞུགས་ཤིང་སྤང་བྱ་དེ་ལ་མ་ཞུགས་པར་བསྟན། དེའི་རྒྱུ་མཚན་གྱིས་སྤངས་པ་ལྡོག་མི་ནུས་པར་བསྟན། གཉེན་པོ་གང་ཡང་རུང་བས་ཆགས་སོགས་སྤོང་མི་ནུས་པར་བསྟན་པའོ། །དང་པོ་ནི། བདག་མེད་མངོན་སུམ་དུ་མཐོང་བའི་ཤེས་རབ་ཀྱིས་ཆགས་སོགས་རྩ་བ་ནས་དྲུངས་འབྱིན་པར་ནུས་ཏེ། ཤེས་རབ་ཀྱི་རང་བཞིན་གནས་ཚུལ་ལ་ཞུགས་པ་འདི་ཡིན་ལ། གནས་ཚུལ་འདི་ལས་ཆགས་སོགས་དེ་འཕྲལ་གྱི་རྐྱེན་གཞན་གྱིས་ནི་ཕྱིན་ཅི་ལོག་ཏུ་གོལ་བར་འགྱུར་ཞིང༌། གོལ་བ་དེ་ཡང་ལྡོག་པ་ནི་རྐྱེན་ལ་ལྟོས་ཤིང༌། ལྡོག་ཁྱབ་ཀྱི་རྐྱེན་དང་ཕྲད་པ་ན་མི་རྟེན་པ་ཡིན་པའི་ཕྱིར། དཔེར་ན་ཐག་པ་ཁྲ་བོ་ལ་དེ་ཉིད་དུ་འཛིན་པ་དང་སྦྲུལ་དུ་འཛིན་པའི་བློ་བཞིན་ནོ། །རྟགས་གྲུབ་སྟེ། ཡུལ་སྐད་ཅིག་ལ་དམིགས་པའི་རྣམ་པར་ཤེས་པ་འཁྲུལ་མ་འཁྲུལ་གཉིས་ཀ་ཡུལ་དེ་འཛིན་པའི་ཆོས་ཅན་དུ་མཚུངས་ཀྱང༌། མ་འཁྲུལ་བས་ནི་ཡུལ་ཇི་ལྟར་ཡོད་པ་དེ་འཛིན་པ་དང༌། ཡོད་པ་ཡི་ནི་བདག་ཉིད་དེ་མ་འཁྲུལ་བ་འདི་ཡི་སྐྱེད་པར་བྱེད་པའང་ཡིན་པའི་ཕྱིར། གཉིས་པ་ནི། སྔར་ཤེས་རབ་སྐྱེ་ལ་མངོན་དུ་ཕྱོགས་པའི་ཚེ་ཡང༌། ཟློག་པ་ལ་ནུས་པ་མེད་པའི་ཆགས་སོགས་རྣམས་ཕྱིས་ཤེས་རབ་དེ་སེམས་ཀྱི་བདག་ཉིད་དུ་གྱུར་པ་ལ་ཟློག་པའི་ནུས་པ་ནམ་ཡང་མེད་དེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ཡིན་ལ། དྲི་མ་རྣམས་ནི་གློ་བུར་དུ་བྱུང་བ་དེའི་ཕྱིར། གནོད་པའི་ནུས་པ་ཅུང་ཟད་ཡོད་ན་ཡང་ཤེས་རབ་དེ་ཡོད་པའི་སེམས་རྒྱུད་ཀྱི་དངོས་པོ་ལ་ཆོས་ཅན། ཆགས་སོགས་ཡུན་དུ་གནས་པའི་ནུས་པ་ཡོད་པ་མ་ཡིན་ཏེ། ཆགས་སོགས་ལ་གནོད་པ་ཅན་གྱི་ཤེས་རབ་འཕྲལ་དུ་སྐྱེད་པར་ནུས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར། ས་རློན་པ་ལ་མེ་བཞིན་ནོ། །མདོར་ན་འཚེ་བ་མེད་པ་སྙིང་རྗེ་ཆེན་པོ་དང་ཡང་དག་པའི་དོན་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རང་བཞིན་ལ་ནི་ཆོས་ཅན། ཕྱིན་ཅི་ལོག་གིས་འབད་དུ་ཟིན་ཀྱང་མི་ཟློགས་ཏེ། སྒོམ་པ་པོའི་བློ་ནི་ཁྱོད་ཀྱི་ཕྱོགས་འཛིན་པའི་ཕྱིར་རོ། །གཞུང་འདིས་ནི་བརྩེ་སོགས་མཐའ་མེད་དུ་འཕེལ་བའི་ཤེས་བྱེད་ཀྱི་གཙོ་བོ་བསྟན་པ་ཡིན་ཏེ། རྟེན་བརྟེན་པ་སོགས་གཉིས་ནི་ཆགས་སོགས་ལ་ཡང་ཡོད་པའི་ཕྱིར་རོ། །གསུམ་པ་ལ་དངོས་དང༌། དེས་ན་སྟོང་པ་ཉིད་ཀྱི་མ་དགོས་པར་བསྟན་པའོ། །དང་པོ་ནི། ཆགས་སོགས་ཀྱི་སྤངས་པ་ལྡོག་སྲིད་དེ། ཞེ་སྡང་མངོན་དུ་གྱུར་པའི་ཚེ་ཆགས་པ་ལོག་ཀྱང་སླར་འབྱུང་བ་བཞིན་ནོ་ཞེ་ན། འདོད་ཆགས་དང་ཁོང་ཁྲོ་དག་ཕན་ཚུན་དུ་འཛིན་སྟངས་ཐ་དད་ན་ཡང་གནོད་པ་མ་ཡིན་ཏེ། བདག་འཛིན་གྱི་རྒྱུ་ཅན་དུ་གཅིག་པ་ཉིད་དང༌། རྒྱུ་དང་འབྲས་བུའི་དངོས་པོར་གྱུར་པའི་ཕྱིར། བྱམས་པ་དང་སྙིང་རྗེ་སོགས་ཉེས་པ་ཆགས་སོགས་ལ་གནོད་བྱེད་ཡིན་ན་ཡང་ཤིན་ཏུ་ཚར་གཅོད་བྱེད་ནི་མ་ཡིན་ཏེ། རྨོངས་པ་མ་རིག་པ་དང་འཛིན་སྟངས་འགལ་བ་མེད་པའི་ཕྱིར། ཁྱབ་སྟེ། ཉེས་པ་ཀུན་མ་རིག་པ་དེའི་རྩ་བ་ཅན་དང༌། དེ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར། དེ་ལ་རང་སྟེ་ན་རེ། མ་རིག་པའི་ངོས་འཛིན་དེ་ལྟར་མི་འཐད་དེ། རིག་པ་བཀག་ཙམ་ལ་འཆད་དགོས་པས་སོ་ཞེ་ན། འཇིག་ལྟ་ལས་གཞན་རིག་པ་བཀག་ཙམ་ནི་མ་རིག་པའི་ངོས་འཛིན་དུ་རིགས་པ་མ་ཡིན་ཏེ། མ་རིག་པ་ནི་རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་ཡིན་པའི་ཕྱིར་དང༌། སེམས་བྱུང་ཡིན་པ་ཡིད་ཀྱི་ཡུལ་ལ་དམིགས་པའི་ཕྱིར་དང༌། ཕྱིན་ཅི་ལོག་བདག་དང་བདག་གི་བར་དམིགས་པ་ཉིད་མ་རིག་པར་གསུངས་པའི་ཕྱིར་རོ། །འདི་ནི་ལྷའི་འཆད་ཚུལ་ཏེ། རང་གི་འདོད་པ་ནི་འཇིག་ལྟ་དང་མཚུངས་ལྡན་གྱི་རྨོངས་པ་ཉིད་དོ། །གཉིས་པ་ནི། ཉེས་པ་ཆགས་སོགས་ཀྱི་རྩ་བ་དང་འགལ་བའི་གཉེན་པོ་གང་ཡིན་པ་དེ་འདིར་བཤད་པར་བྱའོ་ཞེས་མཚམས་སྦྱར་ནས། སྟོང་པ་ཉིད་ཀྱི་ལྟ་བ་ཆོས་ཅན། འཇིག་ལྟ་དེའི་རང་བཞིན་དུ་གྱུར་པའི་ཉེས་པ་ཆགས་སོགས་ཀུན་དང་འགལ་བར་རབ་ཏུ་གྲུབ་པ་ཡིན་ཏེ། འཇིག་ལྟ་དེ་དང་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར་རོ། །དེ་ལ་སྤྱོད་པ་པ་ན་རེ། ཆགས་སོགས་ཆོས་ཅན། ཟད་པ་སྲིད་པ་མ་ཡིན་ཏེ། སྲོག་ཆགས་རྣམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་གཟུགས་སོགས་འབྱུང་བའི་ཆོས་ཉིད་ཡིན་པ་བཞིན་ནོ་ཞེ་ན། དེ་ལྟར་འཐད་པ་མ་ཡིན་ཏེ། རྟགས་དེའི་ངོ་བོ་སྲོག་ཆགས་ཉིད་མ་གྲུབ་པའི་ཕྱིར་དང༌། དེ་གྲུབ་ཏུ་ཆུག་ཀྱང་ཆགས་སོགས་ཆོས་ཅན། དེའི་ཆོས་ཉིད་མ་གྲུབ་ཏེ། གཉེན་པོའི་ཕྱོགས་དང་འབྲེལ་བ་ན་ལྡོག་པ་དག་ཀྱང་མཐོང་བའི་ཕྱིར་རོ། །ལན་གཅིག་སྤངས་ཀྱང་སླར་ལྡོག་སྟེ། སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་གསེར་གྱི་སྲ་བ་བཞིན་ནོ་ཞེ་ན། ཉེས་པ་ལན་གཅིག་གཉེན་པོས་རྣམ་པར་འགགས་པ་ནི་ཆོས་ཅན། གསེར་གྱི་སྲ་བ་བཞིན་དུ་སླར་ཡང་སྐྱེ་བ་མེད་དེ། གནས་པའི་སེམས་དེའི་བདག་ཉིད་དུ་གྱུར་པའི་སྟོབས་ཀྱིས་དེ་དང་འབྲེལ་བ་འདི་པའི་ཕྱིར་དང༌། ཤིང་བསྲེགས་པའི་ཐལ་བ་བཞིན་དུ་སླར་འབྱུང་བར་མ་ངེས་པའི་ཕྱིར། གཉིས་པ་ལ། གཞན་སྡེ་ཐར་པ་ཁས་ལེན་པ་དག་ན་རེ། གྲོལ་བར་འདོད་པས་བདག་སྒོམ་དགོས་པ་ཡིན་ཏེ། ལུང་ལས། བདག་ཤེས་པར་བྱ། བསམ་པར་བྱ། བསྒོམ་པར་བྱ། ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གཉིས་ཏེ། སྤྱིར་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ནི། ཇི་སྲིད་བདག་ལ་མངོན་པར་ཆགས་པ་ཡོད་པ་དེ་སྲིད་དུ། གྲོལ་བ་དོན་གཉེར་གྱི་ནི་ཆོས་ཅན། འཁོར་བ་པར་འགྱུར་ཏེ། བདག་ཏུ་འཛིན་པ་ཡོད་ན་ནི་གཞན་དུ་འདུ་ཤེས་པ་འབྱུང་ལ། དེ་ལས་བདག་གི་ཆ་ལས་འཛིན་པ་དང་གཞན་གྱི་ཆ་ལས་སྡང་བ་འབྱུང་ལ། འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གང་ཞིག་ཕུང་པོ་ལ་དམིགས་ནས་བདག་ཏུ་མཐོང་བ་དེ་ལ་ནི་ངའོ་ཞེས་བདག་ཏུ་ཞེན་པར་འགྱུར་ལ། ཞེས་པས་བདག་གི་བདེ་བ་ལ་སྲེད་པར་འགྱུར་ཏེ། སྲེད་པས་བདག་གི་བའི་སྐྱོན་རྣམས་སྒྲིབ་པར་བྱེད་ཅིང༌། ཡོན་ཏན་མཐོང་བས་ཡོངས་སུ་སྲེད་པ་སྐྱེས་ཏེ་ངའི་ཟས་གོས་ཞེས་བྱ་བའི་ཚུལ་གྱིས་བདག་དེའི་བདེ་བ་སྒྲུབ་བྱེད་དག་ཡོངས་སུ་ལེན་པ་དེས་ནའོ། །གཉིས་པ་ལ་བཞི་སྟེ། བྱེ་བྲག་པ་འདོད་པའི་དང༌། གྲངས་ཅན་པ་འདོད་པའི་དང༌། དབང་ཕྱུག་པ་འདོད་པའི་དང༌། གཅེར་བུ་པ་འདོད་པའི་ལམ་སྒོམས་པས་འཁོར་བ་ལས་མི་གྲོལ་བར་བསྟན་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། བདག་ཏུ་ཞེན་པ་མ་སྤངས་ཀྱང་བདག་གི་བ་ལ་ཞེན་པ་སྤངས་ན་འཁོར་བ་ལས་གྲོལ་བ་ཡིན་ནོ་ཞེས་ཟེར་ཏེ། དེ་སྐད་དུ་ཡང༌། དབང་སོགས་བདག་གི་ཡོན་ཏན་བཅས། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་བསམ་པ་ནི། །བྱེ་བྲག་པ་ཡི་ཐར་པར་བཤད། །ཅེས་རྟོག་གེ་འབར་བ་ལས་སོ། །དེ་དགག་པ་ལ་གསུམ་སྟེ། བདག་ལ་ཆགས་པ་མ་སྤངས་ན་བདག་གི་བ་ལ་ཆགས་པ་སྤོང་མི་ནུས་པར་སྒྲུབ་པ་དང༌། ནུས་པའི་སྒྲུབ་བྱེད་དགག་པ་དང༌། དེས་ན་བདག་ལ་ཆགས་པ་སྤོང་དགོས་པར་བསྟན་པའོ། །དང་པོ་ནི། བྱེ་བྲག་པའི་ཐར་པ་ཐོབ་པའི་གནས་སྐབས་དེར་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་མི་འབྲལ་བར་ཐལ། ངེས་པར་བདག་ལ་ཆགས་པའི་ཕྱིར། བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་ཏེ། བདག་དེ་ཉིད་མེད་དུ་འདོད་པའི་ཕྱིར། གལ་ཏེ་བདག་སྐྱོན་མེད་ཡིན་ཀྱང་དེ་ལ་ཆགས་པ་སྐྱོན་བཅས་སོ་ཞེ་ན། དེ་ལས་ཅིར་འགྱུར་དྲིས་པས་དེ་སྤོང་བར་འགྱུར་རོ་ཞེ་ན། ཆགས་པ་འདིའི་ཡུལ་སུན་ཕྱུང་བ་མེད་པར་ནི་ཆགས་པ་དེ་སྤོང་བར་ངེས་ནུས་པ་མ་ཡིན་ཏེ། ཡོན་ཏན་དང་རྗེས་སུ་འབྲེལ་བའི་འདོད་པ་དང༌། སྐྱོན་དང་རྗེས་སུ་འབྲེལ་བའི་སྡང་བ་ལ་སོགས་པ་སྤོང་བ་ནི། འདོད་སྡང་དེ་དག་ཡུལ་ལ་མ་ཞུགས་པར་མཐོང་བས་ཡིན་གྱི། ཕྱི་རོལ་གྱི་ཚེར་མ་འདོད་པ་ལྟ་བུའི་ཚུལ་དག་གིས་སྤང་བ་མ་ཡིན་པའི་ཕྱིར། དེས་ན་ཐར་པའི་གནས་སྐབས་དེ་ལ་ནི་ཆོས་ཅན། འབྲས་བུ་བདག་ལ་ཆགས་པ་གང་གིས་ལྡོག་པར་བྱེད་དེ། དེའི་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཏེ། ཆགས་པའི་ཡོན་ཏན་གྱིས་ཆགས་པ་མ་ཡིན་གྱི། དོན་བདག་གི་ཡོན་ཏན་མཐོང་བས་ཆགས་པ་ཡིན་པའི་ཕྱིར། ཆགས་པ་ལ་སྐྱོན་ཡོན་གང་ཞིག་མཐོང་ཞེས་འདི། གལ་ཏེ་སྡུག་བསྔལ་གྱི་རྟེན་བྱེད་དོ་ཞེ་ན། དེ་ལྟ་ནའང་བདག་ཏུ་ཆགས་པ་འདི་ལ་ཆོས་ཅན། ཆགས་བྲལ་ནུས་པ་མ་ཡིན་པར་ཐལ། བདག་སྐྱོན་མེད་ཀྱི་ཡུལ་ཅན་དུ་མཐོང་བའི་ཕྱིར། དཔེར་ན་བདག་བཞིན་ནོ། །གལ་ཏེ་ཆགས་པ་དེ་མེད་པའི་བདག་སྡུག་བསྔལ་གྱི་རྒྱུ་མ་ཡིན་ནོ་ཞེ་ན། འོ་ན་བདག་མེད་པའི་ཆགས་པ་དེ་ཡང་དེ་དང་འདྲའོ། །འདོད་པ་དེ་ལྟར་ན། བདག་ཏུ་ང་བདག་ཏུ་ཆགས་པ་གཉིས་ཀ་ཆོས་ཅན། ཁྱོད་ལ་ཆགས་བྲལ་ནུས་པ་མ་ཡིན་པར་ཐལ། སྐྱོན་མེད་པ་དེའི་ཕྱིར། གཉིས་པ་ལ། ཤེས་བྱེད་ཀྱི་དཔེ་དགག སྒྲུབ་བྱེད་ཀྱི་གཏན་ཚིགས་དགག་པའོ། །དང་པོ་ནི། གལ་ཏེ་དབང་སོགས་བདག་གི་བ་རྣམས་སྡུག་བསྔལ་དུ་བསྒོམས་པས་སྤོང་ནུས་པར་འགྱུར་བ་ཡིན་ཏེ། དུག་སྦྲུལ་གྱིས་བཟུང་བའི་ཡན་ལག་བཞིན་ནོ་ཞེ་ན། དེ་ལྟར་གོམས་པས་བདག་གི་བ་འདོར་ནུས་པ་མ་ཡིན་ཏེ། བདག་གི་བར་གཅོད་པའི་བློ་བཅོམ་པས་འདོར་བ་ཡིན་གྱི། ཟློག་པ་ལ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཁྱོད་རང་གི་གྲོལ་བར་འདོད་པའི་གནས་སྐབས་དེར་ཆོས་ཅན། དབང་སོགས་དེ་ལ་ཆགས་པ་དང་བྲལ་བ་དེ་གང་ཡིན་ཡིན་ཏེ། དབང་པོ་ལ་སོགས་ལོངས་སྤྱོད་ཀྱི་རྟེན་ཉིད་དུ་ནི་བཟུང་བ་ཡིན་ལ། དེའི་ཚེ་རང་གི་བར་འཛིན་པའི་བློ་གང་གིས་ལྡོག་པར་འགྱུར་ཏེ། མི་ལྡོག་གྱུར་པའི་ཕྱིར། དཔེར་ན་ལུས་ལས་བོགས་པའི་སྐྲ་སོགས་ལ་ཡིད་འབྱུང་གི་བློ་ནི་སྐྱེ་ཞིང་འགྱུར་ཞིང༌། གཞན་ལ་ཞེན་པ་དང་བཅས་པ་སྐྱེ་བར་འགྱུར་བ་ཐ་མལ་པ་ཐམས་ཅད་ཀྱི་ནི་མངོན་སུམ་དུ་གྲུབ་པ་ཡིན་པས་སོ། །གཉིས་པ་ལ་གཉིས་ཏེ། དབང་སོགས་སྡུག་བསྔལ་གྱི་རྒྱུར་སྒོམ་པ་དེ་བདག་དང་བདག་གི་བའི་འབྲེལ་བ་གཅོད་བྱེད་ཡིན་པའི་གཏན་ཚིགས་མི་འཐད་པ་དང༌། བདག་ལའང་ཆགས་པ་དང་བྲལ་དགོས་ན་རྩ་བའི་དམ་བཅའ་ཉམས་པའོ། །དང་པོ་ནི། གལ་ཏེ་དེ་དེར་བསྒོམས་པས་དེ་ལ་ཆགས་པ་སྤོང་ནུས་པ་ཡིན་ཏེ། དེས་གཉིས་པོ་ལ་འཕྲོད་འདུའི་འབྲེལ་པ་གྲུབ་པའི་ཕྱིར་རིག་པའི་ཕྱིར་ཞེ་ན། གྲོལ་བའི་གནས་སྐབས་དེར་ཆོས་ཅན། བདག་གི་བ་སྡུག་བསྔལ་གྱི་རྒྱུ་མཐོང་དུ་ཟིན་ཀྱང་དེ་ལ་ཆགས་པ་སྤོང་བར་མི་འགྱུར་ཏེ། བདག་དང་བདག་གི་བ་དེ་ལ་འཕྲོད་པ་འདུ་བ་ལ་སོགས་པའི་འབྲེལ་པ་ལས་བདག་གི་བའི་བློ་ནི་སྐྱེ་བར་འགྱུར་བའི་འབྲེལ་པ་དེ་ནི་སྔར་འཁོར་བ་པའི་སྐབས་ཀྱི་དེ་བཞིན་ཉིད་དུ་གནས་པའི་ཕྱིར། བདག་གི་བ་ལ་ཆགས་པ་སྐྱེ་བའི་རྒྱུ་འཕྲོད་འདུའི་འབྲེལ་པ་མ་ཡིན་ཏེ། འདུ་བ་ལ་སོགས་པའི་འབྲེལ་པ་མེད་ན་ཡང་བདག་ཉིད་ལ་ཕན་འདོགས་བྱེད་དུ་ཤེས་པ་ཉིད་ནི་ཕྱི་རོལ་གྱི་དངོས་པོ་ཀུན་ལ་ཡོད་པའི་ཕྱིར། གལ་ཏེ་དེ་ལྟར་བསྒོམས་པས་དེ་ལ་རང་གི་བློ་ནི་སྐྱེ་བར་མི་འགྱུར་ཏེ། དེར་བསྒོམས་པས་དེ་སྡུག་བསྔལ་སྐྱེད་བྱེད་དུ་ཤེས་པའི་ཕྱིར། དུག་སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་ནོ་ཞེ་ན། བདག་གི་བ་དེ་ནི་ཆོས་ཅན། མཐའ་གཅིག་ཏུ་ཚོར་བ་སྡུག་བསྔལ་སྐྱེད་བྱེད་མ་ཡིན་ཏེ། རེས་འགའ་ཚོར་བ་བདེ་བའང་སྐྱེད་པའི་ཕྱིར། དེ་ལྟ་ན་ཡང་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་ཡིན་ཏེ། དུག་བཅས་ཀྱི་ཟས་བཞིན་ནོ་ཞེ་ན། དེ་ལྟ་ན་ཡང་ཆགས་སོགས་པ་སྤོང་མི་ནུས་སོ་ཞེས་སྟོན་པ་ནི། དུག་མེད་ཀྱི་ཟས་ཁྱད་པར་ཅན་གྱི་བདེ་བ་ལ་ཆགས་པས་དེ་དང་འགལ་བ་ལ་ཆགས་པ་དང་བྲལ་བར་འགྱུར་བའི་སྐྱེ་བོ་འགའ་ཞིག་ནི་ཟས་ཁྱད་པར་ཅན་གྱི་བདེ་བ་ལ་སྲེད་པས་བདེ་བ་ཅུང་ཟད་ཅན་གྱི་དུག་བཅས་ཀྱི་ཟས་ཡོངས་སུ་སྤོང་བ་ཡིན་མོད། བཀྲེས་ནད་ཀྱིས་འཆི་བ་ལ་ཐུག་པའི་སྐྱེས་བུ་ཆོས་ཅན། བདག་ལ་ཆགས་པ་ཡིས་ཇི་ལྟར་རྙེད་པ་བཞིན་གྱི་ཟས་ལ་འཇུག་སྟེ། དུག་བཅས་ཀྱི་ཟས་དེས་བདག་ལ་གནོད་པའི་བསམ་པ་མེད་པའི་ཕྱིར། དཔེར་ན་འདོད་ཆགས་དང་ལྡན་པ་ལ་ལ་དག བུད་མེད་དག་ནི་མ་རྙེད་ན་དུད་འགྲོ་ལ་འདོད་པ་སྤྱོད་པ་མཐོང་བ་བཞིན་ནོ། །གཞན་ཡང་བདག་ནི་འདོད་པ་གང་ཡིན་པའི་བྱེ་བྲག་པ་ཆོས་ཅན། བདག་དེ་ནི་ཇི་ལྟར་འཇིག་པར་འདོད་དེ། རྟག་པར་ཁས་བླངས་པ་དང་འགལ་བས་སོ། །འཇིག་པར་མི་འདོད་དོ་ཞེ་ན། དེར་ཁས་བླངས་ཏེ། གྲོལ་བ་ཐོབ་པའི་ཚེ་བདག་དེ་མྱོང་བ་དང་ནི་ཐ་སྙད་དང་ཡོན་ཏན་ཀུན་གྱི་རྟེན་ཡིན་པ་དེ་ལོག་པའི་ཕྱིར་ཁྱབ་པ་མ་ངེས་སོ་ཞེ་ན། མྱོང་སོགས་ཀྱི་རྟེན་དུ་ཞེན་པའི་རང་བཞིན་བདག་དེ་ཆོས་ཅན། ཇི་ལྟར་མྱོང་སོགས་ཀྱི་རྟེན་དུ་ཞེན་པ་ཡིན་པར་འདོད་དེ། གྲོལ་བའི་ཚེ་དེ་འདྲ་མ་ཡིན་ལ། སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་རོ། །གྲོལ་བ་དོན་གཉེར་ཆོས་ཅན། བདག་གི་བ་སྡུག་བསྔལ་གྱི་རྒྱུར་སྒོམ་པ་ལ་བརྩོན་ཡང༌། དེ་ལ་ཆགས་པ་སྤོང་ནུས་པ་མ་ཡིན་ཏེ། བདག་ཏུ་ཆགས་པའི་ཕྱིར། ཁྱབ་སྟེ། རྣམ་པ་ཀུན་ཏུ་བདག་འཛིན་ནི་བདག་ལ་ཆགས་པ་བརྟན་པར་བྱེད་ལ། དེ་ནི་བདག་གིར་ཞེན་པའི་ས་བོན་ཡིན་ལ། གལ་ཏེ་ཐར་པ་ཐོབ་པའི་ཚེ་བདག་ལའང་ནས་པར་ནི་ཁྱེད་ཀྱིས་ཁས་བླངས་ལ། དེའི་ཚེ་བདག་གི་བའི་ཡོན་ཏན་གྱི་ཆ་མཐོང་བ་ལ་བརྟེན་ནས་ཆགས་པ་འཇུག་པ་དང་ལྡན་ཞིང༌། བདག་གི་བ་ལ་ནི་ཆགས་བྲལ་ལ་གེགས་བྱེད་པ་ཉིད་དང་དེའི་སྐྱོན་ཡང་སྒྲིབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཐར་པ་ཐོབ་པའི་ཚེ་བདག་ལའང་ཆགས་པ་དང་བྲལ་ལོ་ཞེ་ན། ད་ནི་གྲོལ་བ་དོན་གཉེར་དེ་ནི་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་སྒོམ་པ་དོན་མེད་པར་འགྱུར་ཏེ། ཆགས་བྲལ་གང་ཡིན་པའི་བདག་དེ་ཡང་མེད་པའི་ཕྱིར། ཡང་དེ་ཆོས་ཅན། བདག་ལ་ཆགས་པ་སྤོང་མི་ནུས་པར་ཐལ། ཇི་ལྟར་བདག་འདོར་ཏེ། འདོར་མི་ནུས་པའི་ཕྱིར། བྱེ་བྲག་པའི་གྲོལ་བ་དོན་གཉེར་ཆོས་ཅན། བདག་དང་བདག་གི་བ་གཉིས་ཀ་ལ་ཆགས་པ་སྤོང་མི་ནུས་ཏེ། དེ་དག་སྡུག་བསྔལ་གྱི་རྒྱུར་སྒོམས་ཀྱང་སྡུག་སྐྱེད་བྱེད་དེ་བྱེད་ཡིན་པ་ཉིད་ནི་རྣམ་པར་ཤེས་པར་བྱེད་ལ། དེ་ནི་སྔར་འཁོར་བ་པའི་ཚེ་ཡང་མངོན་པར་ཉིད་ཀྱིས་གྲུབ་པ་དེ་ལྟ་ན་ཡང་ཆགས་པ་དང་བྲལ་བ་མེད་པའི་ཕྱིར། གལ་ཏེ་བདག་གི་བ་དེ་ལ་ཉེས་པ་མཐོང་བ་ཡིས་དེ་ཡི་བློ་སྐད་ཅིག་ལྡོག་ཀྱང༌། དེ་ལ་ཆགས་པ་དང་བྲལ་བར་མི་འགྱུར་ཏེ། སྤྱིར་བླང་བྱ་དང་དོར་བྱའི་ཁྱད་པར་དུ་འཛིན་པ་ཡོད་ན་ཡུལ་གཅིག་ལ་འབྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད་རྐྱེན་གྱི་རྣམ་སངས་གཞན་གྱིས་བསྐྱེད་པའི་ཚེ་ཆགས་པ་ཀུན་གྱི་ས་བོན་ཡིན་པའི་ཕྱིར། དཔེར་ན་འདོད་ལྡན་བུད་མེད་གཅིག་ལ་ཆགས་པ་དང་བྲལ་ཡང་གཞན་ལ་བཞིན་ནོ། །ད་ནི་གྲོལ་བ་དོན་གཉེར་ཆོས་ཅན། ཡུལ་གང་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། བདག་ལ་ཆགས་པ་དང་བདག་གི་བ་གཉིས་ཀ་སྐྱོན་མེད་ཡིན་ལ། ཆགས་པ་དང་བྲལ་བར་བྱ་བའི་འགྲོ་བ་སྟེ་ཡུལ་ཡང་དེ་ཙམ་ཉིད་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། བདག་སྐྱོན་མེད་དེའི་ཡུལ་ཅན་དང་བདེ་བ་སྒྲུབ་བྱེད་དུ་ཁས་བླངས་པའི་ཕྱིར། བདག་སྐྱོན་མེད་ཡིན་ཀྱང་བདག་དེར་ཆགས་པ་སྐྱོན་བཅས་ཡིན་ཏེ། སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར་ཞེ་ན། བདག་ཀྱང་སྐྱོན་བཅས་སུ་ཐལ། སྡུག་བསྔལ་གྱི་རྟེན་བྱེད་པ་དེ་ནི་བདག་ལ་མཚུངས་པའི་ཕྱིར། སྐྱོན་བཅས་ཡིན་ཀྱང་འཁོར་བའི་གནས་སྐབས་དེར་བདག་དེར་སྐྱོན་ལ་ཆགས་པ་དང་བྲལ་བར་བྱར་མེད་དོ་ཞེ་ན། དོན་གཉེར་དེ་ཆོས་ཅན། ད་ནི་ཡུལ་གང་ལ་ལ་ཆགས་པ་དང་བྲལ་ཏེ། སྐྱོན་བཅས་ཡིན་ཀྱང་སྤོང་མི་ནུས་པ་དག་མཐོང་བའི་ཕྱིར། གསུམ་པ་ནི། ཡོན་ཏན་མཐོང་བ་ལས་བྱུང་བའི་ཞེན་པ་ཉེས་པ་མཐོང་བས་འཇིག་པ་དེ་ལྟར་ཡིན་མོད། དབང་སོགས་ལ་ཆགས་པ་དེ་དེའི་ཡོན་ཏན་མཐོང་བ་ལས་བྱུང་བ་མ་ཡིན་ཏེ། བྱིས་པ་དང་ཕྱུགས་ལ་སོགས་པ་ལའང་དེར་ཞེན་པ་མཐོང་བའི་ཕྱིར་དང༌། ཞར་བ་ལ་སོགས་པའི་སྐྱོན་ལྡན་ལ་ཡང་དེར་ཞེན་པ་ཡོད་པའི་ཕྱིར་དང༌། ཡོན་ཏན་དང་ལྡན་ཡང་གཞན་དག་གི་དབང་པོ་ལ་དེར་ཞེན་པ་མེད་པའི་ཕྱིར་དང༌། བདག་གི་བ་ཡིན་ཀྱང་དབང་པོ་ལས་པ་སོགས་ལ་དེར་ཞེན་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དེའི་ཡོན་ཏན་མ་ཡིན་པ་སྐྱོན་མཐོང་བས་ཆགས་པ་དེ་ཡང་སྤོང་བ་མ་ཡིན་ཏེ། བདག་གི་བར་ཞེན་པའི་བློའི་རྒྱུ་ཡང་ཡོན་ཏན་མཐོང་བས་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བདག་འཛིན་གྱིས་བདག་གི་བ་ལ་ཡོད་པ་མ་ཡིན་པའི་ཡོན་ཏན་སྒྲོ་འདོགས་པ་ལས་ཆགས་པ་སྐྱེ་བ་དེར་ཡང་མཐོང་བ་དེས་ན། གྲོལ་བ་དོན་གཉེར་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་བསྒྲུབས་པས་བདག་གི་བར་ཞེན་པ་དེ་ལ་ཇི་ལྟར་གནོད་དེ། དེའི་རྒྱུ་བདག་འཛིན་ལ་གནོད་པ་མེད་པ་ཅན་གྱི་ཕྱིར་རོ། །དེའི་ཤུགས་ལ་བདག་གི་བ་ལ་ཆགས་པ་སྤོང་བ་ལ་བདག་འཛིན་སྤང་དགོས། དེ་སྤོང་བ་ལ་བདག་མེད་པར་མཐོང་དགོས་ཞེས་པའོ། །གཉིས་པ་ནི། གྲངས་ཅན་ན་རེ། སྐྱེས་བུ་དང་རང་བཞིན་གཅིག་ཏུ་འཛིན་པ་དེ་སྲིད་དུ་འཁོར་བ་པ་ཡིན་ལ། ཐ་དད་དུ་ཤེས་པ་དེའི་ཚེ་ན་གྲོལ་བ་ཡིན་ནོ་ཞེས་ཟེར། དེ་སྐད་དུ་ཡང༌། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོའམ་ཅོད་པན་ནམ། །ཆ་ལུགས་གང་གིས་གནས་ཀྱང་རུང༌། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་འབྱུང་ངོ༌། །དེ་ལ་གྲངས་ཅན་གྱི་འདོད་པ་དེ་ཉིད་དགག་པ་དང༌། བྱེ་བྲག་པའི་འདོད་པ་དང་སྤེལ་མར་དགག་པའོ། །དང་པོ་ནི། འཁོར་བ་པའི་སྐྱེ་བོ་འདི་ཡིས་དབང་སོགས་ལས་བདག་ནི་ཐ་དད་དུ་གྱུར་པར་ཤེས་ཏེ། ལྷའི་དབང་སོགས་ལྟ་བུ་མཆོག་གཞན་དོན་དུ་གཉེར་བའི་ཕྱིར་དང༌། བདག་རྟག་ཅིང་བདག་གི་བ་རྣམས་སྐྱེ་འཇིག་བྱེད་པར་ཤེས་པའི་བློ་ཅན་ཉིད་ཀྱི་ཕྱིར། དེའི་ཕྱིར་གཉིས་པོ་གཅིག་ཉིད་དུ་མཐོང་བས་ཀྱང་བདག་ལ་ཆགས་པ་མ་ཡིན་ནོ། །འོ་ན་བདག་ལ་ཆགས་པ་དེ་རྒྱུ་གང་ལས་བྱུང་ཞེ་ན། དེ་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། གཟུགས་སོགས་དམིགས་པའི་ནང་གི་ཡན་ལག་དབང་པོ་ལྔ་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཆགས་པར་འགྱུར་བས་སོ། །གཉིས་པ་ལ་གཉིས་ཏེ། བྱེ་བྲག་པའི་འདོད་པ་འཕྲོ་ཅན་དེ་ཉིད་དགག་པ་དང༌། ཐུན་མོང་དུ་དགག་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། བདག་གི་བ་སྡུག་བསྔལ་དུ་སྒོམ་པ་མི་འཐད་ན། དེ་ལྟར་བསྒོམས་པས་འཁོར་བ་ལ་ཡིད་འབྱུང་གི་བློ་འདྲེན་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་འདྲ་ཆགས་བྲལ་མ་ཡིན་ནོ་ཞེས་སྟོན་པ་ནི། གང་ཞིག་ར་ལྟར་ཚོར་བ་སྡུག་བསྔལ་ལས་ཡིད་འབྱུང་བ་དེ་འདྲ་ཆོས་ཅན། ཆགས་བྲལ་མ་ཡིན་ཏེ། དེའི་ཚེ་ཡང་ཆགས་པ་ཡོད་པས་བདེ་བའི་སྐབས་གཞན་ཚོལ་བའི་ཕྱིར་རོ། །དེ་ནི་ཆོས་ཅན། ཞེ་སྡང་ཡོད་པ་དེ་སྲིད་ཙམ་དུ་གནས་ཀྱི། དེ་ལོག་ན་ནི་རང་ཉིད་ཀྱི་རང་བཞིན་ཆགས་ཅན་ཉིད་ལ་སླར་ཡང་རྟེན་པར་འགྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ཅན་ཡིན་པའི་ཕྱིར། འོ་ན་ཆགས་བྲལ་གྱི་མཚན་གཞི་ཇི་ལྟ་བུ་ཞེ་ན། ཙནྡན་གྱི་ཆུས་བྱུགས་པ་དང་སྟེའུས་ཤ་བཅད་པར་ཉེ་རིང་མེད་པར་མཚུངས་པའི་བཅོམ་ལྡན་འདས་ཆོས་ཅན། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཏེ། བླང་དོར་ཐམས་ཅད་ལ་ནི་ཉེ་རིང་མེད་པར་མཉམ་སྙོམས་པ་ཅན་ཡིན་པའི་ཕྱིར་ཏེ། བླང་བྱ་དང་དོར་བྱའི་ཁྱད་པར་འཛིན་པ་སྤངས་པའི་ཕྱིར་རོ། །ཡང་བྱེ་བྲག་པ་ན་རེ། སངས་རྒྱས་པའི་ལུང་ལས་ཀྱང་སྡུག་བསྔལ་སྒོམ་པར་གསུངས་པ་དེ་ཅི་ཞེ་ན། དེ་ལྟར་གསུངས་པ་དེ་ཆོས་ཅན། བྱེ་བྲག་པས་འདོད་པ་ལྟར་ཚོར་བ་སྡུག་བསྔལ་ལ་དགོངས་པ་མ་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་སྒོམ་པར་གསུངས་པ་ཡིན་པའི་ཕྱིར། སངས་རྒྱས་པ་ངེད་ཀྱི་ལུགས་ལ་ཆོས་ཅན། དེ་སྒོམ་དགོས་པ་ཡིན་ཏེ། ཟག་པ་དང་བཅས་པ་ཐམས་ཅད་དེ་ཡང་རྐྱེན་ལས་སྐྱེས་པའི་མི་རྟག་པ་དང་སྡུག་བསྔལ་བར་སྒོམ་པ་དེ་ནི་བདག་མེད་པའི་ལྟ་བའི་རྟེན་ཡིན་པའི་ཕྱིར། མདོར་ན་བདག་དང་བདག་གི་བས་སྟོང་པ་ཉིད་དུ་མཐོང་བའི་ལྟ་བས་གྲོལ་བར་འགྱུར། སྒོམ་པ་ལྷག་མ་རྣམས་ནི་ལྟ་བ་དེའི་དོན་ཡིན་པ་དེའི་ཕྱིར་མི་རྟག་པར་སྒོམ་པ་ལས་སྡུག་བསྔལ་དུ་སྒོམ་པ་དང༌། སྡུག་བསྔལ་དུ་བསྒོམ་པ་ལས་ནི་བདག་མེད་རྟོགས་པར་གསུངས་སོ། །གཉིས་པ་ནི། ཁྱེད་ཀྱི་གྲོལ་བའི་གནས་སྐབས་དེ་འདྲ་ཆོས་ཅན། འཁོར་བ་པ་ཞེས་བྱ་སྟེ། ཉོན་མོངས་པ་དང་ལས་ལས་གྲོལ་བ་མ་ཡིན་པའི་ཕྱིར་ཏེ། བདག་ལ་ཆགས་བྲལ་མ་ཡིན་པ་དང༌། བདག་གི་བ་ལ་སྲེད་པ་དང་ལྡན་པ་དང༌། དེས་ཀུན་ནས་བསླང་ནས་བྱ་བ་རྩོམ་པ་ཀུན་ལ་བརྟེན་པའི་ཕྱིར། སྐབས་དེར་ཆོས་ཅན། བདག་གི་བ་དེའི་ཟ་བ་པོ་ཡང་མེད་དེ། བདག་བདག་གི་བ་དེའི་ནི་མི་འདོད་པའི་ཕྱིར། འདོད་པ་དེའི་ཚེ་གྲོལ་བ་པོ་དེའི་བདག་ཀྱང་མེད་དགོས་ཏེ། བདག་དེ་ཡིན་ན་བྱ་བ་ལས་སད་རྣམ་སྨིན་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་དུ་ཁས་བླངས་པའི་ཕྱིར། མདོར་ན་གྲོལ་འདོད་ཆོས་ཅན། ཐོག་མ་མེད་པའི་རྒྱུ་ཅན་གྱི་རིས་མཐུན་སྔ་མའི་ས་བོན་ལས་བྱུང་བའི་འཇིག་ལོགས་ལ་ལྟ་བ་དག་རྩ་བ་ནས་དབྱུང་བར་གྱིས་ཤིག་སྟེ་བྱེ་བྲག་པ་ལྟར་བདག་གི་བ་སྡུག་བསྔལ་དུ་སྒོམ་པ་དང༌། གྲངས་ཅན་ལྟར་ལོངས་སྤྱོད་པའི་མཚན་ཉིད་ཅན་དུ་ཁས་བླངས་པའི་ཕྱིར། དེའི་ཕྱིར་རོ། །གསུམ་པ་ལ་ཕྱོགས་སྔ་མ་ནི། དབང་ཕྱུག་གི་དབང་བསྐུར་བྱས་པས་འཁོར་བ་ལས་གྲོལ་ཏེ། དེའི་ལུང་ལས་དེ་ལྟར་བཤད་པའི་ཕྱིར། དཔེར་ན་དེའི་སྔགས་ཀྱིས་བཏབ་པའི་ས་བོན་ལས་མྱུ་གུ་མི་སྐྱེ་བ་བཞིན། ཡང་དེའི་སྦྱིན་སྲེག་གིས་ཀྱང་སྡིག་པ་ལས་གྲོལ་བ་ཡིན་ཏེ། སྔར་ལུས་ལྕི་བ་ལ་མེ་ལྔ་བསྟེན་པའི་འོག་ཏུ་ཡང་བར་མཐོང་བ་བཞིན་ནོ་ཞེས་ཟེར། དེ་དགག་པ་ལ་གསུམ་སྟེ། སྒྲུབ་བྱེད་དེ་མི་འཐད་པར་བསྟན་པ་དང༌། དེ་ལས་གཞན་པའི་སྒྲུབ་བྱེད་མེད་པར་བསྟན་པ་དང༌། དེས་ན་བདག་ཉིད་དགག་དགོས་པར་བསྟན་པའོ། །དང་པོ་ནི། ཕྱིར་རྒོལ་སངས་རྒྱས་པ་རྣམས་ལ་ནི་ཆོས་ཅན། དབང་ཕྱུག་པའི་ལུང་ལས་བཤད་པ་ཙམ་གྱིས་ནི་གྲོལ་བར་ཡང་སྨྲ་བ་ཡོངས་སུ་མགུ་བྱེད་མ་ཡིན་ཏེ། དེའི་ལུང་ནི་དཔྱད་པ་གསུམ་གྱིས་དག་པ་དེ་ལྟ་བུའི་དངོས་པོ་ཡིན་པའི་རྒྱུ་མཚན་མ་མཐོང་བའི་ཕྱིར། ས་བོན་སོགས་ཀྱི་དཔེ་གྲུབ་པས་དབང་གི་ཆོ་ག་ནི་བྱས་པའི་སྐྱེས་བུ་ཡང་སྲིད་མི་སྐྱེད་པར་སྒྲུབ་ནུས་པ་མ་ཡིན་ཏེ། ནུས་ན་སྐྱེས་བུའི་ལུས་ལ་ཏིལ་མར་གྱིས་བསྐུས་པ་དང་མེས་བསྲེགས་པ་སོགས་ལས་ཀྱང་གྲོལ་བར་ཐལ་བའི་ཕྱིར་རོ། །སྔར་ལྕི་བ་དག་ཕྱིས་ཡང་བའི་ཕྱིར་ཞེས་པའི་རྟགས་ཀྱིས་སྦྱིན་སྲེག་གིས་སྡིག་པ་བཅོམ་པར་བྱས་པ་ཉིད་དུ་སྒྲུབ་ནུས་པ་མ་ཡིན་ཏེ། འདི་ལྟར་སྦྱིན་སྲེག་གིས་ལུས་འདིའི་ལྕི་བ་ཉིད་མེད་པར་འགྱུར་བ་ཡིན་གྱི། སྡིག་པ་ཆོས་ཅན། ལྕི་བ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར། གཉིས་པ་ནི། འཁོར་བའི་རྒྱུ་ངོས་བཟུང༌། དེ་དབང་གིས་འཇོམས་མི་ནུས་པར་བསྟན་པའོ། །དང་པོ་ནི། ལོག་ཤེས་འཇིག་ཚོགས་ལ་ལྟ་བ་དང༌། དེ་ལས་བྱུང་བའི་སྲེད་པ་དང༌། དེ་དང་མཚུངས་པར་ལྡན་པའི་སེམས་པའི་དབང་གིས་འགྲོ་བ་རྣམས་དམན་པའི་གནས་སུ་སྐྱེ་བ་ཡིན་པ་དེའི་ཕྱིར་གསུམ་པོ་དེ་བཅད་ན་ཡང་སྲིད་དུ་འགྲོ་བར་མི་འགྱུར་རོ། །ཞེས་དམ་བཅའ་བཞག་ནས་དེ་སྒྲུབ་པ་ནི། ཡང་སྲིད་དུ་སྐྱེ་བ་ཆོས་ཅན། ཁྱོད་ལ་གསུམ་པོ་དེ་དག་ཉིད་ནུས་པ་ཅན་ཡིན་ཏེ། གསུམ་པོ་དེ་ཙམ་ལས་ནི་འབྱུང་བའི་ཕྱིར། དབང་ཕྱུག་གི་དབང་དང་སྦྱིན་སྲེག་ཆོས་ཅན། སྲིད་པར་སྐྱེ་བའི་རྒྱུ་གསུམ་པོ་དེ་ཉམས་པའི་ནུས་པ་མེད་དེ། བདག་ཏུ་ལྟ་བ་མི་སྤོང་བའི་ཕྱིར། ལས་འཁོར་བའི་རྒྱུར་འདོད་པ་མ་ཡིན་ནམ། ལས་དེ་དབང་གིས་སྤོང་བ་ཡིན་ནོ་ཞེ་ན། ལས་རྒྱུར་འདོད་ཀྱང་དེས་དེ་སྤོང་ནུས་པ་མ་ཡིན་ཏེ། སྲེད་པ་དང་མཚུངས་པར་ལྡན་པའི་སེམས་པ་དེ་དག་རང་ཉིད་ལས་ཡིན་པའི་ཕྱིར། སྐྱེ་གནས་སུ་འགྲོ་བ་དང་ཡུལ་རྟོགས་པའི་རྟེན་ནི་བྱེད་པ་དབང་སོགས་ཡིན་ལ། དེ་ནི་མ་མཐོང་བའི་ལས་ལས་སེ་བར་འགྱུར་ཞིང༌། དབང་གིས་མ་མཐོང་བའི་ལས་བཤིག་པའི་ཕྱིར་ན་དབང་བསྐུར་ཐོབ་པའི་སྐྱེས་བུ་ཡང་སྲིད་དུ་འགྲོ་བ་མེད་དོ། །དེས་ན་སངས་རྒྱས་པ་འདོད་པའི་འདུ་བྱེད་སེམས་པ་དེ་ཡང་སྲིད་ཀྱི་རྒྱུར་གྱུར་པའི་ལས་དེ་མ་ཡིན་ནོ་ཞེས་པའམ། ཡང་ན་བདག་གི་ཡོན་ཏན་འདུ་བྱེད་དེ་སྐྱེ་བ་ལེན་པའི་རྒྱུ་ཡིན་གྱི། སེམས་པ་མ་ཡིན་ནོ་ཞེ་ན། དབང་བསྐུར་ཐོབ་པ་དེ་དག་ཆོས་ཅན། ཡང་སྲིད་དུ་ཅིས་མི་འགྲོ་སྟེ། དེའི་རྒྱུ་གསུམ་པ་དེ་ཡོད་པའི་ཕྱིར། དེ་སྒྲུབ་པ་ནི། བྱེད་པ་དབང་སོགས་ཆོས་ཅན། ཁྱོད་སྐྱེད་པ་ལ་བློ་གསུམ་པོ་དེ་ཡི་ནི་ནུས་པ་མཐོང་གི གཞན་གྱིས་མ་ཡིན་ཏེ། གསུམ་པོ་དེ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར། གལ་ཏེ་དབང་གིས་གསུམ་པོ་དེ་དག་ནུས་མེད་དུ་བྱེད་དོ་ཞེ་ན། དབང་སོགས་བྱས་མ་ཐག་པའི་སྐྱེས་བུ་དེ་དག་ཆོས་ཅན། སེམས་པའི་དབང་གིས་ཡུལ་འཛིན་པ་དང༌། འདོད་པའི་གནས་སུ་འཇུག་པ་དང༌། སེམས་ཕྱིར་གཡེང་བ་དང༌། ནང་དུ་འགོག་པ་མེད་པར་འགྱུར་ཏེ། དབང་གི་དེ་དག་ནུས་མེད་དུ་བྱས་པའི་ཕྱིར། ཅི་སྟེ་དབང་ཐོབ་པ་འཆི་བ་དེའི་ཚེ་བློ་མེད་པའི་ཕྱིར་སྐྱེ་བ་ལེན་པར་མི་འགྱུར་རོ་ཞེ་ན། དབང་ཐོབ་པའི་སྐྱེས་བུ་དེ་རྣམས་ཆོས་ཅན། གསོན་པ་ཉིད་ནའང་བློ་ཕྱི་མ་མཚམས་སྦྱོར་བའི་ནུས་པ་མེད་པར་འགྱུར་ཏེ། འཆི་ཀའི་ཚེ་དྲི་མ་ཆགས་སོགས་རྣམས་ཀྱིས་བློ་ཕྱི་མ་མཚམས་སྦྱོར་བའི་ནུས་པ་མེད་པའི་ཕྱིར་རོ། །མདོར་ན། ཉེས་པ་ཆགས་སོགས་ཀྱི་རྒྱུན་ཆོས་ཅན། དབང་བསྐུར་བ་ལས་ལྡོག་པ་མེད་དེ། རང་གི་རིགས་འདྲ་སྔ་མའི་ས་བོན་དུ་ན་ཡིན་པའི་ཕྱིར་ཏེ། གཉེན་པོ་དང་ནི་རང་གི་ཕྱོགས་འཕེལ་ན་འགྲིབ་པ་དང་འཕེལ་བའི་ཕྱིར། གལ་ཏེ་འཁོར་བའི་རྒྱུ་གསུམ་པོ་དེར་ངེས་ན་བདག་ཉིད་ལས་བྱེད་པ་པོ་མ་ཡིན་པར་འགྱུར་རོ་ཞེ་ན། བདག་ཆོས་ཅན། འབྲས་བུ་རིམ་གྱིས་སྐྱེད་པར་བྱེད་པ་འགལ་ཏེ། རྟག་པ་ཡིན་པས་རྐྱེན་ལ་ལྟོས་པ་མེད་པའི་ཕྱིར། གང་ཟག་ཆོས་ཅན། སྐྱེ་བ་ལེན་པའི་བྱེད་པ་པོར་འགལ་ཏེ། འབྲས་བུ་བྱེད་པ་དང་མི་བྱེད་པའི་གནས་སྐབས་དག་ནི་འདྲ་བའི་བདག་ཉིད་ཡིན་པའི་ཕྱིར། རྒྱུ་ལས་བྱེད་པ་དང་འབྲས་བུ་རྣམ་སྨིན་ལ་ལོངས་སྤྱོད་པའང་གཅིག་ཏུ་འགྱུར་ཏེ། གང་ཟག་ལས་བྱེད་པ་པོར་འདོད་པའི་ཕྱིར། ལས་བྱེད་པ་པོ་དེ་དག་རྣམ་སྨིན་མྱོང་བ་པོ་དེ་ལས་གནས་སྐབས་ཐ་དད་དོ་ཞེ་ན། ལས་བྱེད་པ་པོ་ཆོས་ཅན། རྣམ་སྨིན་ཟབ་པོ་ཡིན་པ་ཉམས་པར་ཏེ། བྱེད་ལས་གནས་སྐབས་ཐ་དད་པའི་ཕྱིར། བདག་ཆོས་ཅན། འབྲས་བུ་ལ་ཕན་པའི་ནུས་པ་ཡང་ནི་གྲུབ་པ་མ་ཡིན་ཏེ། རྟག་པའི་ཕྱིར་རོ། །བདག་འབྲས་བུའི་རྒྱུར་ཁས་མི་ལེན་ན་དངོས་པོ་རྣམས་ནི་སྐད་ཅིག་མ་ཁོ་ནར་ངེས་པས་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་དང༌། གཞན་གྱིས་བྱས་པ་ལ་གཞན་གྱིས་ལོངས་སྤྱོད་པ་ལ་སོགས་པར་ཐལ་ལོ་ཞེ་ན། རྣམ་འགྲེལ་མཛད་པ་ཆོས་ཅན། བདག་གིས་བྱས་པ་ལ་གཞན་གྱིས་ལོངས་སྤྱོད་པ་དང༌། བདག་གིས་མྱོང་བ་ལ་གཞན་གྱིས་དྲན་པ་སོགས་སུ་ཐལ་བ་གནོད་བྱེད་མ་ཡིན་ཏེ། བདག་འགའི་ཡང་མྱོང་བ་པ་དང་དྲན་པ་དང་སྐྱེས་བུ་འགའ་ཡིས་བྱས་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར། དེས་ན་ཕུང་པོ་སྔ་མའི་དུས་སུ་མྱོང་བ་ལས་ཕུང་པོ་ཕྱི་མའི་དུས་སུ་དྲན་པ་འབྱུང་ངོ༌། །འདི་དག་ཏུ་བོད་ཕྱི་མའི་འཆད་ལུགས་ནི། བདག་དང་སྐྱེས་བུ་སོགས་བྱེད་པ་པོ་དང་མྱོང་བར་པོར་ཁས་བླངས་ནས་བདག་རྟག་པ་ཞེས་པའི་སྐྱབས་གནས་སུ་བྱེད་མོད། གཞུང་གི་དོན་ནི་ཕུང་པོའི་རྒྱུན་གྱི་ཆ་ཤས་སྔ་མ་རྣམས་རྒྱུ་དང༌། ཕྱི་མ་རྣམས་འབྲས་བུར་ཁས་ལེན་པ་ནི་རིགས་པས་རྣམ་པར་དཔྱད་པའི་གྲུབ་མཐའ་ཡིན་ལ། རྒྱུན་ལ་གང་ཟག་ཏུ་འཁྲུལ་ནས་བྱེད་པ་པོ་དང་མྱོང་བ་པོར་སྒྲོ་འདོགས་པ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་བྱས་པ་ཡིན་ལ། མ་རིག་པ་དེས་བསླད་པའི་ངོར་བདག་རྟག་པ་དང་བྱེད་པ་པོར་སྣང་བ་དེ་དང་མཐུན་པར་གྲུབ་པའི་མཐར་ཡང་ཁས་ལེན་པ་ནི་མུ་སྟེགས་པ་དག་གི་ལུགས་ཏེ། གང་ཟག་ཡོད་པར་ཁས་ལེན་ཕྱིན་ཆད་ཁས་ལེན་ལུགས་གཉིས་པོ་དེ་ལས་གཞན་མེད་དོ། །དེ་དག་གང་ཟག་རྫས་ཡོད་ཀྱི་འདོད་ལུགས་ཡིན་མོད། རང་ལུགས་སྐྱེས་བུ་བཏགས་ཡོད་དུ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད། བཏགས་པའི་ཡོད་པས་ནི་ཡོད་པའི་གོ་ཆོད་པ་མ་ཡིན་ཏེ། དེའི་དོན་ནི་མེད་བཞིན་དུ་སྒྲ་དང་རྟོག་པས་སྒྲོ་བཏགས་པ་ལ་འཆད་དགོས་པའི་ཕྱིར། གཞན་དུ་ན་དེ་རྟག་པའམ་མི་རྟག་པར་འདོད། གང་དུ་ཁས་བླངས་ཀྱང་ཐེག་པ་ཆེན་པོ་ལྟ་ཅི་སྨོས། ཉན་ཐོས་སྡེ་པའི་གྲུབ་མཐའ་ལས་ཀྱང་ཉམས་སོ། །དེས་ན་གང་ཟག་འཁོར་བ་དང་ཐར་པ་སོགས་གྲུབ་པའི་མཐའ་མ་ཡིན་ཀྱང༌། འཇིག་རྟེན་གྱི་ལུགས་དེ་ཉིད་འཇུག་ཚེ་གཅིག་ཏུ་འཁྲུལ་བའི་རྣམ་གཞག་ཏུ་བྱས་པའོ། །གསུམ་པ་ནི། འོ་ན་འཁོར་བའི་རྒྱུ་དང་དེའི་གཉེན་པོ་གང་ཞེ་ན། བདེན་པ་བཞི་ལ་བརྟེན་པ་དང་བདེ་བ་དང་ང་དང་ང་ཡི་ཞེས་སོགས་ཡང་དག་པ་མ་ཡིན་པ་རྣམས་བཅུ་དྲུག་སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད་པ་འབྱུང་ལ། བདེན་པ་བཞི་པོ་དེ་ཉིད་ལ་ནི་རྟག་སོགས་དེ་དང་འགལ་བའི་དོན་དེ་ཁོ་ན་ཉིད་ཀྱི་རྣམ་པ་བཅུ་དྲུག་རྗེས་སུ་རྟོགས་པ་ཅན་གྱི་ཡང་དག་པའི་ལྟ་བ་ཆོས་ཅན། ཁྱོད་ལེགས་པར་བསྒོམས་པ་ཡིས་སྲེད་པ་རྗེས་འབྲང་དང་བཅས་པ་འཇོམས་པར་བྱེད་དེ། ཁྱོད་དེའི་རྩ་བ་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་ཞིང༌། ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་རོ། །གསུམ་པ་ལ་གཅེར་བུ་པ་ན་རེ། མ་རིག་པའི་གཉེན་པོ་ཙམ་གྱིས་འཁོར་བ་ལས་མི་གྲོལ་ཏེ། དེས་ལས་དང་ལུས་སྤོང་མི་ནུས་པའི་ཕྱིར་ཞེ་ན། ལན་ལ་གསུམ་སྟེ། སྲེད་པ་མ་སྤངས་པར་ལས་སྤོང་མི་ནུས་པར་བསྟན། ནུས་པའི་སྒྲུབ་བྱེད་དགག རང་ལུགས་ཀྱི་སྤང་བྱ་སྤོང་ཚུལ་ལོ། །དང་པོ་ནི། དགྲ་བཅོམ་པ་ཆོས་ཅན། ལས་དང་ལུས་དག་གནས་ན་ཡང་འཁོར་བར་སྐྱེ་བ་སྲིད་པ་མ་ཡིན་ཏེ། གཅིག་སྲེད་པ་དེ་མེད་པའི་ཕྱིར། ཁྱབ་སྟེ། སྲིད་པ་ནི་རྒྱུ་གསུམ་པ་ཅན་ཡིན་པའི་ཕྱིར། ས་བོན་མེད་པར་མྱུ་གུ་བཞིན་ནོ། །གྲོལ་བ་དོན་གཉེར་ཆོས་ཅན། ལས་དང་ལུས་དང་ཉོན་མོངས་པ་ལས་ལོགས་སུ་སྤོང་དགོས་པ་མ་ཡིན་ཏེ། དེ་ལྟར་སྤོང་བའི་གཉེན་པོ་དག་ནི་མེད་པའི་ཕྱིར་ཏེ། དེས་ནི་ནུས་པ་མེད་པའི་ཕྱིར་དང༌། སྲེད་པ་ནི་ཡོད་ན་སླར་ཡང་འབྱུང་བའི་ཕྱིར་རོ། །གལ་ཏེ་ལས་དང་སྲེད་པ་གཉིས་ཀ་ཟད་པའི་དོན་དུ་འབད་དགོས་སོ་ཞེ་ན་ཡང༌། སྲེད་པ་ལས་ལོགས་སུ་ལས་རྐྱང་པ་ཟད་པའི་དོན་དུ་ངལ་བ་ནི་དོན་མེད་པ་ཡིན་ཏེ། སྲེད་པ་སྤངས་ན་ལས་མ་འོངས་པ་ཙམ་དུ་མ་ཟད། འགགས་ཟིན་པའི་ལས་ཀྱི་འབྲས་བུ་འབྱུང་རུང་དུ་ཡོད་པ་དེ་ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་པས་སོ། །ལས་ཀྱི་རྩ་བ་སྤོང་དགོས་ཀྱི། ངོ་སྐལ་རེ་རེ་ནས་སྤོང་དགོས་ན་མཐའ་མེད་དོ་ཞེས་སྟོན་པ་ནི། ལས་རྣམས་ཆོས་ཅན། དཀའ་ཐུབ་ཀྱིས་ཉོན་མོངས་པ་སྟེ་འོ་བརྒྱལ་བའི་དངོས་པོ་གཅིག་གིས་མི་འཛད་དེ། འབྲས་བུ་སྣ་ཚོགས་བའི་ཕྱིར་ཞེས་པའི་རྟགས་ཀྱིས་ནུས་པ་ཐ་དད་དུ་རྗེས་སུ་དཔོག་པ་དེས་ནའོ། །སངས་རྒྱས་པ་རང་ལུགས་ཀྱི་ཚངས་པར་སྤྱོད་པ་ལྟ་བུའི་དཀའ་ཐུབ་ཀྱི་རྣམ་པ་འགས་ཀྱང་ལས་དེ་སྐྱེད་པའི་འབྲས་བུ་ནི་ཆུང་བར་འགྱུར་བ་ཙམ་ཡིན་གྱི། རྩད་ནས་འཇོམས་ནུས་པ་མ་ཡིན་ཏེ། རྒྱུ་མ་རིག་པ་དང་རིགས་མི་མཐུན་པ་ཅན་མ་ཡིན་པའི་ཕྱིར་རོ། །ཡང་ན་རང་གི་འགལ་ཟླར་འདུག་པའི་ལས་དེ་ལ་ཅུང་ཟད་གནོད་ཀྱི། འགལ་ཟླ་དེ་དང་རིགས་མི་མཐུན་པའི་ལས་ལ་མི་གནོད་ཅེས་པའོ། །གཉིས་པ་ནི། ཅི་སྟེ་དཀའ་ཐུབ་གཅིག་གི་ནུས་པ་ཡིས་ལས་ཀྱི་ནུས་པ་ཐམས་ཅད་ཕྱོགས་གཅིག་ཏུ་འདྲེས་པར་བྱས་ནས། དེའི་འོག་ཏུ་དཀའ་ཐུབ་གང་ཡང་རུང་བ་གཅིག་གིས་འདྲེས་ཟིན་པ་དེ་ཟད་པར་བྱེད་དོ་ཞེ་ན། ཉོན་མོངས་པ་སྟེ་དཀའ་ཐུབ་ཀྱི་ཆ་འགས་ལས་ངན་ཐམས་ཅད་སྤོང་བའམ། ཉོན་མོངས་པ་སྟེ་དཀའ་ཐུབ་དྲག་པོ་ལ་ལྟོས་པ་མེད་པར་རྐྱེན་ཅུང་ཟད་ཅིག་གིས་ཀྱང་ཆོས་ཅན། ལས་ངན་ཀུན་སྤོང་བར་འགྱུར་ཏེ། ལས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་འདྲེས་པ་དེ་སྤོང་བའི་ཕྱིར། གལ་ཏེ་དཀའ་ཐུབ་དེ་ཉོན་མོངས་པ་སྡུག་བསྔལ་ལས་གཞན་དུ་འདོད་ན་སུན་འབྱིན་དེ་འཇུག་མོད། དེ་ཉོན་མོངས་པ་སྡུག་བསྔལ་ཉིད་དོ་ཞེ་ན། དཀའ་ཐུབ་དེ་ནི་ཆོས་ཅན། སྤང་བྱ་ལས་ཀྱི་ནུས་པ་འདྲེས་སོགས་སུ་བྱས་ནས་སྤོང་བར་འགྱུར་བ་མ་ཡིན་པར་ཐལ། ལས་ངན་གྱི་འབྲས་བུ་སྡུག་བསྔལ་ཉིད་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་སངས་རྒྱས་པ་རང་གི་ལུང་ལས་ཀྱང་ལས་དང་ཉོན་མོངས་པ་གཉིས་ཀ་སྤོང་བར་བཤད་པ་ཅི་ཞེ་ན། སངས་རྒྱས་པ་གང་ཡང་སྐྱོན་ལས་དང་ཉོན་མོངས་པ་རྣམས་འགོག་པར་བྱེད་དོ་ཞེས་ཁས་ལེན་པ་དེ་ཆོས་ཅན། ལས་མ་འོངས་པ་སྐྱེ་བར་འདོད་པའི་རྒྱུ་ཉེས་པ་ཆགས་སོགས་བཅོམ་པའི་ཕྱིར་ན་ཆགས་སོགས་དེས་བསྐྱེད་པའི་ལས་མ་འོངས་པ་མི་སྐྱེ་བ་ལ་ནུས་པ་ཅན་དུ་འགྱུར་གྱི། མུ་སྟེགས་ཀྱི་ལུགས་ལྟར་མ་ཡིན་ཏེ། ལས་བྱས་ཟིན་ཇི་ལྟར་ཉམས་པར་འགྱུར་ཏེ་མི་ནུས་པའི་ཕྱིར། ཤི་ཟིན་མི་གསོད་པ་བཞིན་ནོ། །ལས་བྱས་ཟིན་སྤང་དགོས་ཏེ། དེ་ལས་ཉོན་མོངས་པ་སྐྱེ་བའི་ཕྱིར་ཞེ་ན། ཉེར་ལེན་ལས་ལས་ཉེས་པ་ཆགས་སོགས་སྐྱེ་བ་མ་ཡིན་ཏེ། སྐྱོན་ཆགས་སོགས་དང་ལྡན་ན་ལས་བྱེད་པར་འགྱུར་གྱི། ཟློག་པ་དགྲ་བཅོམ་པའི་རྒྱུད་ཀྱི་ལས་ལྟ་བུ་ལས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་ཏེ། ལོག་པའི་རྣམ་རྟོག་མེད་པར་ནི་བདེ་བ་ལས་འདོད་ཆགས་དང༌། ཀྱང་གི་སྒྲས་སྡུག་བསྔལ་ལས་ཞེ་སྡང་ཅན་དུ་མི་འགྱུར་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཐུབ་པའི་དབང་པོ་བདེར་གཤེགས་སུ་སྒྲུབ་པའི་རང་བཞིན་གཏན་ཚིགས་དང༌། དེ་ལས་ཐབས་ཤེས་སྔོན་སོང་དུ་སྒྲུབ་པའི་འབྲས་བུའི་གཏན་ཚིགས་སོ། །དང་པོ་ནི། ཐུབ་པའི་དབང་པོ་ཆོས་ཅན། བདེ་བར་གཤེགས་པ་ཉིད་དུ་གྲུབ་སྟེ། སྐྱོབ་པ་ཉིད་ཡིན་པས་སོ། དེའི་དོན་གང་ཞེ་ན། དེ་ཁོ་ན་ཉིད་དང༌། བརྟན་པ་དང༌། མ་ལུས་པ་སྟེ་ཁྱད་པར་གསུམ་དང་ལྡན་པའི་མཁྱེན་པའོ། །སྔར་སྤངས་པ་ཁྱད་པར་གསུམ་ལྡན་བདེ་གཤེགས་ཀྱི་དོན་དུ་བཤད་པ་དང་མ་མཐུན་ནོ་ཞེ་ན། ཉེས་པ་མེད་དེ། གཤེགས་པ་ཞེས་བྱ་བའི་དོན་ནགས་པའི་དོན་ལ་ཡང་འཇུག་པའི་ཕྱིར་རོ། །ཁྱད་པར་གསུམ་དང་ལྡན་པ་དེའི་ཕྱིར་ཐུབ་པའི་མཁྱེན་པ་ནི་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་དམན་པའི་དགྲ་བཅོམ་ལས་ལྷག་པ་ཡིན་ནོ། །འདི་འབྲས་བུའི་རྟགས་སུ་འཆད་པ་ལྟར་ན་སྐྱོབ་པ་སྟེ་གཞན་དོན་ཕུན་ཚོགས་ཆོས་ཅན། ཡེ་ཤེས་ཆོས་སྐུའི་བདག་རྐྱེན་སྔོན་དུ་སོང་བ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་ཡིན་པའི་ཕྱིར་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། བདེ་བར་གཤེགས་པ་ལས་སྟོན་པ་སྔོན་སོང་དུ་སྒྲུབ། སྟོན་པ་ལས་ཕན་བཞེད་པ་སྔོན་སོང་དུ་སྒྲུབ་པའོ། །དང་པོ་ནི། ཐུབ་ཆེན་ཆོས་ཅན། སྔོན་གཞན་དོན་མཁྱེན་པའི་ཕྱིར་དུ་ལམ་ལ་སྦྱོར་བར་མཛད་དེ། བདེ་བར་གཤེགས་པ་ཉིད་ཡིན་པ་དེའི་ཕྱིར་རོ། །སྦྱོར་བ་དེ་ལ་ནི་སྟོན་པ་ཞེས་སློབ་དཔོན་གྱིས་གསུངས་སོ། །གཉིས་པ་ནི། སྟོན་པ་དེ་ལས་ལམ་ལ་སྦྱོར་བ་པོ་བརྩེ་བ་སྔོན་སོང་དུ་གྲུབ་པ་ཡིན་ཏེ། དེ་མེད་ན་གཞན་གྱི་དོན་ལ་མི་འཇུག་པའི་ཕྱིར། དེ་ལྟར་ན་ཐུབ་པའི་དབང་པོ་ཆོས་ཅན། བརྩེ་བ་དང་ཤེས་རབ་གཉིས་ཀ་སྔོན་དུ་སོང་བ་ཡིན་ཏེ། རྒྱུ་ཤེས་རབ་ཀྱིས་རང་དོན་བདེར་གཤེགས་སུ་གྲུབ་ཅིང༌། བརྩེ་བས་གཞན་གྱི་དོན་གྱི་ངོར་ཆོས་གསུང་པའི་མཛད་པ་མི་འདོར་བ་སྟེ་ལྷུན་གྱིས་གྲུབ་པའི་ཕྱིར། གསུམ་པ་ནི། དེས་ན་ཐུབ་པའི་དབང་པོ་ཆོས་ཅན། དོན་གྱི་ཚད་མ་ཉིད་ཡིན་ཏེ། གང་གི་ཕྱིར་ན་བརྩེ་བས་ལམ་ལེགས་པ་དང༌། ཡེ་ཤེས་ལས་བདེན་པ་སྟེ་དེ་ཁོ་ན་ཉིད་གསུང་བར་མཛད་ལ། དེ་ཡང་སྒྲུབ་བྱེད་ཀྱི་ཐབས་དང་བཅས་པ་དེ་གསུང་བར་ཡང་མངོན་པར་སྦྱོར་བ་སྟེ་ལྡན་པ་སྟེ་བརྩོན་འགྲུས་རབ་ཀྱི་མཐར་ཕྱིན་པའི་ཕྱིར་རོ། །འདིར་གཞན་དག་ནི་དེ་ལྟར་བཤད་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ངོས་སྟོབས་ཀྱིས་འགྲུབ་ཅེས་ཟེར་མོད། རང་གི་འཆད་ལུགས་ནི་འདི་ལྟར། སྡུག་ཀུན་མ་ལུས་པར་སྤངས་པའི་དེ་བཞིན་ཉིད་དང་བཅོམ་ལྡན་འདས་ཆོས་ཅན། ཐར་པ་དང་ཐམས་ཅད་མཁྱེན་པ་ཉིད་ཡིན་ཏེ། དེ་དང་དེར་བསྟན་བཅོས་རྣམ་འགྲེལ་འདིར་གསུངས་པའི་ཕྱིར་ཞེས་དང༌། ཐབས་ཤེས་གཉིས་པོ་དེ་ཆོས་ཅན། དེ་དང་དེའི་འཐོབ་བྱེད་ཀྱི་རྒྱུ་ཡིན་ཏེ། དེར་དེ་ལས་གསུངས་པའི་ཕྱིར་ཞེས་པ་ནི་རྩ་བའི་གཏན་ཚིགས་སོ། །དེའི་ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པར་བྱས་ནས། ཁྱབ་པ་ནི། རྣམ་འགྲེལ་འདི་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་སླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར་ཞེས་བཀོད་ནས། གསུམ་པོ་དེའི་ནང་ནས་ཤིན་ལྐོག་གི་ཆ་ལ་ཁས་བླངས་སྔ་ཕྱི་དང་རང་ཚིག་དངོས་ཤུགས་ཀྱིས་མི་གནོད་ཅིང༌། གྲུབ་པའི་ཚུལ་འཆད་པ་ནི། སྒྲུབ་བྱེད་ཐུགས་རྗེ་ནས་གང་ཕྱིར་དེས་ན་ཚད་མ་ཉིད་ཀྱི་བར་རྣམས་སོ། །བསྒྲུབ་བྱ་དེ་ནི་ལུང་ཁོ་ན་ལ་ལྟོས་པར་འདི་ཉིད་ནས་འབྱུང་བ་ཡིན་ཏེ། གྱུར་པ་ཉིད་གསུངས་དེ་ཡི་ཕྱིར། །ཞེས་ལུང་རྟགས་སུ་བཀོད་པ་དང༌། ལུང་དང་རིགས་པས་རྣམ་དཔྱོད་པ། །ཞེས་བཤད་ཅིང༌། དངོས་སྟོབས་ཡུལ་ལ་ནི་ལུང་མི་འཇུག་པར་བཤད་དོ། །ཀུན་མཁྱེན་དང་བདག་མེད་སོགས་ཤིན་ལྐོག་ཏུ་ཡང་བཤད་པ་ཡིན་ཏེ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་དོན། །ཡོད་མེད་ངེས་པ་ཡོད་མ་ཡིན། །ཞེས་དང༌། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། །མཐོང་དང་མ་མཐོང་དེ་གྲུབ་མེད། །ཅེས་སོ། །བདེན་པ་བཞིའི་རྣམ་པ་རྣམས་དང་ཐབས་དང་ཐབས་བྱུང་གི་ཚུལ་ཡང་ཡིད་ངེས་པར་རྗེས་དཔག་ཁོ་ན་ལ་རག་ལས་པ་ཡིན་ཏེ། སྤྱི་ལས་འདི་ཡུལ་ལྐོག་གྱུར་ནའང༌། །གོ་སྐབས་མེད་པའི་ཕྱིར་ཞེས་དང༌། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཉིད། །ཅེས་སོ། །གཞན་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་རྣམ་འགྲེལ་མཛད་པའི་ལུང་ཁོ་ན་ལ་ལྟོས་པར་འདོད་པ་དང་དེ་ཤིན་ལྐོག་ཏུ་མི་འདོད་པ་ཇི་ལྟར་མི་འགལ། ཡང༌། སྐྱོབ་ལས་དེ་ཉིད་དང་བརྟན་དང༌། །ཞེས་པའི་ལུང་འདི་ལུང་ཚད་མ་ཡིན་ནམ་མ་ཡིན། མ་ཡིན་ན། ཡིད་ཆེས་ཚིག་ནི་མི་སླུ་བའི། །ཞེས་དང་ཇི་ལྟར་མི་འགལ། ཡིན་ན་གཞལ་བྱ་གསུམ་པོ་གང་ལ་ཡིན། ཤིན་ལྐོག་ལ་ཡིན་ན་ཁས་བླངས་དངོས་སུ་འགལ། གནས་དང་པོ་གཉིས་ལ་ཡིན་ན་གཞུང་དང་འགལ་ལོ། །གཞན་ཡང་ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པ་ལ་ལུང་གི་བསལ་བ་འཇུག་གམ་མི་འཇུག འཇུག་ན་ནི་སེལ་བྱེད་ཀྱི་ཚད་མ་སོ་སོའི་སེལ་ཚུལ་ལ་གཞི་མཐུན་མི་སྲིད་པར་བཤད་པ་དང་འགལ། མི་འཇུག་ན་ཇི་སྐད་དུ། འབྲེལ་བ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་དག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །ཞེས་པ་དང་འགལ་ལོ། །མདོར་ན་ལེའུ་འདི་ནས་གསུངས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམས་ཀྱི་ཕྱོགས་ཆོས་དང་ཁྱབ་འབྲེལ་གྱི་རྩ་བ་ལུང་ལ་ལྟོས་དགོས་པ་ཤ་སྟག་སྟེ། ལུང་དཔྱད་པས་དག་པའི་འོག་རོལ་ཏུ་ལུང་དོན་གཏན་ལ་འབེབས་པའི་སྐབས་ཉིད་ཡིན་པའི་ཕྱིར། དཔེར་ན་བྱས་པའི་རྟགས་ཀྱིས་རྣམ་མཁྱེན་མི་རྟག་པར་སྒྲུབ་པ་བཞིན་ནོ། །གཞན་ཡང་བོད་ཕྱི་མས་ལེའུ་འདིར་འཁྲུལ་ཚབས་ཤིན་ཏུ་ཆེ་བ་འདི་ལྟར་བྱས་ཏེ། བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་དང་གང་ཟག་ཁས་བླངས་ནས་དེའི་མཚན་གཞི་ནི་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པའི་འཛིན་སྟངས་ཀྱི་བཟུང་བྱར་གྱུར་པའི་ང་ཙམ་དེ་ལམ་སྒྲུབ་པ་པོ་དང་སྡུག་བསྔལ་གྱིས་གདུང་བའི་རྟེན་དང་འཁོར་བ་པོ་དང་གྲོལ་བ་པོར་ཡང་ཁས་ལེན་ཏེ། གཞན་དུ་ན་ལས་རྒྱུ་འབྲས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་དང༌། དགྲ་བཅོམ་པ་དང་སངས་རྒྱས་ལ་རྐུས་པས་མ་བྱིན་ལེན་གྱི་ཕམ་པ་མི་འབྱུང་བར་འགྱུར་ལ། འདོད་ན་འདུལ་བ་དང་འགལ་ཞེས་སོགས་ཀྱི་སྤྲོས་པ་བྱེད་དོ། །དེ་འདྲ་དེ་ནི་སྤྱིར་ཆོས་ཀྱི་ཕྱག་རྒྱ་ལས་ཉམས་པས་སངས་རྒྱས་ཀྱི་ལུང་དང་འགལ་བར་མ་ཟད། ལེའུ་འདིའི་ནང་ན། འཁོར་ཕྱིར་ཐར་པ་མེད་ཅེ་ན། །མ་ཡིན་འདོད་དང་མ་གྲུབ་ཕྱིར། །ཞེས་གང་ཟག་ཐར་པ་དང་གྲོལ་བ་གཉིས་ཀ་བཀག་པ་དང༌། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། ཞེས་ཕུང་པོའི་རྒྱུན་ཉིད་སྲིད་པ་རྣམས་སུ་འཁོར་བར་བཤད་པ་དང༌། གྲོལ་བ་པོ་ནི་མེད་ན་ཡང༌། །ཞེས་ཕུང་པོའི་རྒྱུན་ཉིད་ལ་དེར་སྒྲོ་འདོགས་པར་བཤད་པ་དང༌། འགའི་ཡང་དྲན་པ་མེད་པའི་ཕྱིར། །དེས་ན་མྱོང་ལས་དྲན་པ་འབྱུང༌། །ཞེས་བྱེད་པ་པོ་དང་མྱོང་བ་པོའི་གང་ཟག་མེད་པར་བཤད་ནས། མ་རིག་པ་དང་ལས་དང་སྲེད་པ་གསུམ་པོ་ཉིད་རྣམ་སྨིན་བྱེད་པ་པོ་དང༌། དེས་འཕངས་པའི་ཕུང་པོའི་རྒྱུན་ཉིད་མྱོང་བ་པོར་བཤད་པ་ཡིན་གྱི། གང་ཟག་ལ་རྟག་མི་རྟག་གི་རྣམ་དབྱེ་ཚད་ལྡན་གྱིས་བྱས་པ་མེད་དོ། །རིགས་པ་ཡང་འདི་ལྟར། འོ་ན་དེ་འདྲའི་ང་ཙམ་དེ་རྟག་གམ་མི་རྟག དང་པོ་ལྟར་ན་བཀག་པ་དེ་ཉིད་མ་ཡིན་ནམ། གཉིས་པ་ལྟར་ན་རང་མཚན་དུ་མི་འཐད་དེ། དེ་མཐོང་བའི་མངོན་སུམ་མེད་པའི་ཕྱིར་དང༌། ངའོ་སྙམ་པའི་བློས་བརྟགས་པའི་ལྡོག་པ་གཞན་སེལ་ཉིད་ལས་མ་འདས་པའི་ཕྱིར་རོ། །འོ་ན་ཚད་མའི་སྐྱེས་བུ་ཇི་ལྟར་ཞེ་ན། གཉིས་སུ་མེད་པའི་ཡེ་ཤེས་ཉིད་ལ་དོན་དམ་པའི་སྐྱེས་བུ་སོགས་སུ་འཇོག་པ་ནི་ཤིང་རྟའི་སྲོལ་འདི་པ་དག་གི་ལུགས་སོ། །གཉིས་པ་ལ། རྟགས་དགོད་པ་དང༌། དེ་སྒྲུབ་པའོ། །དང་པོ་ནི། སློབ་དཔོན་བདག་ཉིད་ཆེན་པོས་བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་དེ་ལྟ་བུའི་དངོས་པོར་སྟོན་པའི་སྒོ་ནས་བསྟོད་པ་ནི་ཆོས་ཅན། དེའི་བསྟན་པ་ཉིད་ལས་ནི་ཚད་མའི་དེ་ཉིད་དེ་མཚན་ཉིད་དང་དབྱེ་བ་དང་གྲངས་ངེས་ལ་སོགས་པའི་རྣམ་པར་གཞག་པ་ནི་གསུངས་སོ་ཞེས་གྲུབ་པའི་དོན་ཅན་ཡིན་ཏེ། དེ་ལྟར་གྲུབ་ན་རང་གི་བསྟན་བཅོས་རང་བཟོ་མ་ཡིན་པར་གྲུབ་པའི་ཕྱིར། འོ་ན་དེ་ཡི་བསྟན་པ་ལས་རྗེས་དཔག་ཇི་ལྟར་གསུངས་ཤེ་ན། སྟོན་པ་ཆོས་ཅན། རྗེས་དཔག་བཞེད་པ་ཡིན་ཏེ། རྗེས་སུ་དཔག་པ་མ་ཟློག་པའི་ཕྱིར་དང༌། གསུང་རབ་ཀྱི་རྣམ་པ་དུ་མར་ནི་རྗེས་དཔག་འདིའི་རྟེན་སྦྱོར་བའང་བཤད་པ་མཐོང་བའི་ཕྱིར་རོ། །དེ་གང་ཞེ་ན། གང་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་དེ་ཐམས་ཅད་ནི་འགག་པའི་ཆོས་ཅན་ནོ་ཞེས་སོགས་དང༌། ཆོས་བཅུ་པ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་སོགས་སོ། །སྔ་མ་ལ་ཁྱབ་པ་ཡོད་དེ། མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་པས་སོ། །གོང་གི་ཕྱོགས་ཆོས་སྒྲུབ་པ་ནི། གང་ཅུང་ཟད་སོགས་ཤེར་ཕྱིན་གྱི་མདོ་དེ་ཆོས་ཅན། རྗེས་དཔག་གི་རྟེན་གཏན་ཚིགས་ཀྱང་གསལ་བར་བཤད་པ་ཡིན་ཏེ། ཕྱོགས་ཆོས་མངོན་སུམ་གྱིས་གྲུབ་པའི་རྒོལ་བའི་ངོར་བསྒྲུབ་བྱའི་ཆོས་ཀྱིས་གཏན་ཚིགས་ལ་ཁྱབ་པ་ནི་བསྟན་པའི་ཕྱིར་རོ། །དེ་དག་ལ་འདི་སྐད་ཅེས། བཅོམ་ལྡན་ཚད་མར་གྲུབ་པ་དང༌། །སྒྲུབ་བྱེད་ཐབས་དང་དེ་ཉིད་ལ། །གོམས་པས་ནན་ཏན་བྱེད་པར་ནི། །བསྒྲུབས་པས་ཚད་མ་གྲུབ་པའོ། །ཤེས་བྱའི་མཐའ་ཡོད་མིན་པ་དང༌། །དྲི་མ་སེམས་ཀྱི་ཆོས་ཉིད་ཕྱིར། །ཀུན་མཁྱེན་ཉིད་དང་དེ་སྒྲུབ་བྱེད། །ཡོད་མིན་ཞེས་སྨྲ་རྒྱལ་སྤོགས་པ། །ཤེས་བྱའི་ཚོགས་ཀུན་རེ་རེ་ནས། །ཤེས་བྱེད་ཐབས་ཚོལ་དགོས་མིན་གྱི། །བདག་མེད་རྟོགས་བློ་གཅིག་ཉིད་ཀྱིས། །ཤེས་བྱའི་སྒྲིག་ཀུན་འཇོམས་པར་བྱེད། །སེམས་ནི་ལུས་ནང་འབྱུང་བ་ཡི། །ཆོས་ཉིད་ཡིན་ཏེ་རྒྱུ་འབྲས་དང༌། །དེ་བདག་ཉིད་དང་ཡོན་ཏན་ཕྱིར། །གོམས་པ་མེད་ཅེས་རྒྱང་འཕེན་འདོད། །དེ་དག་རྗེས་སུ་འགྲོ་ལྡོག་ནི། །འཁྲུལ་དང་འགལ་དང་གྲུབ་ཟིན་ལ། །རྟེན་གྱི་དགོས་ནུས་མེད་པ་དང༌། །སྐལ་མཉམ་རྒྱུ་དང་བྲལ་བར་འགྱུར། །འདོད་ན་ཆགས་སོགས་ཉེས་པ་ཀུན། །རྟག་ཏུ་སྐྱེ་བར་འགྱུར་བའམ། །ལན་གཅིག་ཀྱང་ནི་མི་སྐྱེ་བར། །ཐལ་བ་ཉིད་དུ་འདོད་དགོས་སོ། །ཤི་བའི་ལུས་ལ་སེམས་གནས་པར། །ཧ་ཅང་ཐལ་ཞིང་ལུས་གཅིག་ལ། །སེམས་རྒྱུད་མང་པོ་འབྱུང་བར་འགྱུར། །དེ་ཡི་ལྡོག་ཁྱབ་སྒྲུབ་པ་ན། །ཡན་ལག་ཅན་གྱི་རྫས་མེད་པར། །བསྒྲུབས་ཤིང་ཉིད་ཀྱི་བདག་མེད་ཀྱང༌། །འབད་མི་དགོས་པར་དེས་གྲུབ་བོ། །སེམས་ཀྱི་རྗེས་སུ་འགྲོ་བ་དང༌། །གོམས་ལས་གསལ་བར་སྐྱེ་བ་ཡི། །རྟགས་དེ་མི་མཐུན་ཕྱོགས་དག་ལ། །ཡོད་པ་འགོག་པའི་རིགས་པ་ནི། །རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཞེས་པའོ། །ཕྱི་རོལ་ས་རྡོ་ལ་སོགས་པ། །སེམས་ཅན་ཉིད་དུ་སྨྲ་བར་ནི། །ཚད་མས་བསལ་བར་མ་ཟད་ཀྱི། །ཁས་བླངས་ཀྱིས་ཀྱང་བསལ་གྱུར་མོད། །མཐའ་གཞན་འགོག་པའི་རིགས་པ་ལ། །བསམས་ནས་དངོས་པོ་ཐམས་ཅད་ནི། །སེམས་ཀྱི་ནུས་པའི་ངོ་བོར་ཡང༌། །ཡོད་ཅེས་རྒྱང་འཕན་འདོད་པར་བཀོད། །རྒྱུ་ཡི་དུས་སུ་འབྲས་བུ་འགའ། །སྣང་རུང་མིན་པའི་རྟགས་ཀྱིས་ཁེགས། །ལུས་སེམས་རྫས་གཅིག་ཏུ་ཡིན་པ། །དེ་ཡི་འདོད་པའི་རྩ་བ་སྟེ། །སེམས་ལ་གསལ་བའི་ཡོན་ཏན་རྣམས། །ལུས་ལའང་གསལ་བར་ཐལ་བས་ཁེགས། །འཆི་སེམས་ཡིན་པའི་གཏན་ཚིགས་ཀྱིས། །རིག་པ་ཕྱི་མ་མི་སྦྱོར་བ། །འདི་ནི་འགལ་བའི་གཏན་ཚིགས་ཏེ། །མི་མཐུན་ཕྱོགས་ཞུགས་མཐུན་ཕྱོགས་ལ། །རྗེས་སུ་འགྲོ་བ་མེད་ཕྱིར་རོ། །བརྩེ་སོགས་གོམས་ལས་མཐའ་མེད་དུ། །འཕེལ་བ་མེད་པའི་རྩོད་པ་འདི། །སྤྱོད་པ་པ་ཡིས་སྨྲས་པ་སྟེ། །དེ་ཡི་གཞུང་ལས་བྱུང་ཕྱིར་རོ། །འདི་ལ་ངང་གིས་འཕེལ་བ་དང༌། །རྟེན་བརྟེན་པ་ཡི་གཏན་ཚིགས་ཀྱིས། །མཐའ་མེད་སྒྲུབ་པར་མི་ནུས་ཏེ། །དེས་ཀྱང་ཆགས་སོགས་དེར་འདོད་ཕྱིར། །དེས་ན་སེམས་ཀྱི་གནས་ཚུལ་ལ། །བརྩེ་སོགས་ཞུགས་པར་སྒྲུབ་དགོས་ཏེ། །དེའི་ཡང་སྒྲུབ་བྱེད་སེམས་ཀྱི་ནི། །རང་བཞིན་འོད་གསལ་ཉིད་ཕྱིར་རོ། །དེ་ཡི་ཁྱབ་འབྲེལ་འོད་གསལ་བ། །ཆགས་སོགས་ཉིད་དུ་འགལ་བ་དང༌། །ཕྱོགས་ཆོས་སྒྲུབ་བྱེད་གཟུང་འཛིན་གཉིས། །བཏགས་པའི་ཡོད་པར་འཆད་ཕྱིར་རོ། །གནས་ཡོངས་གྱུར་པ་མཐར་ཐུག་པའི། །ཡེ་ཤེས་འགོག་པའི་བདེན་པ་དང༌། །ཀུན་མཁྱེན་ཚད་མར་གྱུར་པ་དང༌། །བདེ་བར་གཤེགས་དང་སྐྱོབ་པའོ། །ཀུན་གཞིའི་ཡེ་ཤེས་འོད་གསལ་ཉིད། །བརྩེ་སོགས་ངོ་བོར་གང་གྲུབ་པ། །ལམ་གྱི་བདེན་དང་དེ་གོམས་པའི། །ཉམས་ལེན་སྟོན་པ་ཉིད་དུ་བཤད། །ལས་དང་ཉོན་མོངས་བག་ཆགས་བཅས། །ཀུན་འབྱུང་བདེན་ཡིན་བག་ཆགས་དེ། །ཀུན་གཞིའི་ངོ་བོར་སྨིན་པ་ནི། །སྡུག་བསྔལ་བདེན་པ་དངོས་ཡིན་མོད། །བྱིས་པ་རྣམས་ཀྱིས་མི་རྟོགས་པས། །དེ་ལས་བྱུང་བའི་ཚོར་བ་གསུམ། །རྒྱུན་དང་བཅས་པ་སྡུག་བསྔལ་གྱི། །བདེན་པ་ཉིད་དུ་རྣམ་པར་བཞག །ཚད་མ་གྲུབ་པའི་ལེའུ་འདི། །ལྟ་བ་བདེན་བཞིའི་ཆོས་ལུགས་ལ། །རྨོངས་པ་རྣམ་པར་བསལ་བའི་ཕྱིར། །འཁོར་ལོ་དང་པོ་ཇི་བཞིན་མོད། །སྤྱོད་པ་ཐེག་ཆེན་སེམས་བསྐྱེད་དང༌། །འབྲས་བུ་དོན་གཉིས་ཕུན་ཚོགས་དང༌། །གནས་གྱུར་པ་དང་ཀུན་གཞིའི་ཆོས། །རྒྱས་པར་བཤད་ཕྱིར་ཐེག་ཆེན་གྱི། །ཆོས་ཚུལ་རྒྱས་དང་ཟབ་བའང་བཞུགས། །ཅི་ཕྱིར་ཞེ་ན་བག་ཆགས་ཀྱི། །རྣམ་གཞག་རྒྱས་པར་གསུངས་ལས་ཤེས། །ཀུན་གཞི་མིན་པའི་བག་ཆགས་ཀྱིས། །བསྒོ་གཞི་གསུངས་པ་མེད་ཕྱིར་རོ། །གནས་གྱུར་ཞེས་པའི་གནས་དེ་ཡང༌། །ཀུན་གཞི་ཉིད་ཡིན་གྱུར་པ་ནི། །བག་ཆགས་བྱང་ནས་ཡེ་ཤེས་ཀྱི། །ངོ་བོ་ཉིད་དུ་འཁྲུངས་པའོ། །ལེའུ་འདི་ནི་བསྟན་བཅོས་འདིའི། །སྙིང་པོ་ལས་ཀྱང་ཡང་སྙིང་པོར། །གྱུར་ཡིན་དེ་ལ་སྤྲོ་དགའི་ཕྱིར། །དང་པོར་བཤད་པ་དེ་གྲུབ་པའོ། །ཞེས་ཚད་མ་རྣམ་འགྲེལ་ལས་ཐ་སྙད་དང་དོན་དམ་པའི་ཚད་མ་མཐའ་དག་གྲུབ་པ་ཞེས་བྱ་བའི་ལེའུ། བསྟན་བཅོས་རྩོམ་པའི་གོ་རིམ་གྱི་ཐོག་མར་བྱུང་བ་དེའི་རྣམ་པར་བཤད་པ་ཚིག་གི་ཟུར་དཔྱིས་ཕྱིན་ཞིང་གཞུང་གི་འབྲུ་གཉེར་ཚུལ་བཟུང་བདེ་བར་སྦྱར་བ་ཡིན་ནོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*