རྗེ་རོང་ཆེན་སོགས་ཀྱི་སྐུ་བསྟོད་རིམ་པ་རྣམས་གཅིག་ཏུ་སྒྲིགས་པའི་ལེ་མཚན་ཁག་བཅས་ལ།

༼མ༽༄༅། །རྗེ་རོང་ཆེན་ལ་བསྟོད་པ་ཚན་གཉིས་བཞུགས།།

རྗེ་རོང་ཆེན་ཐམས་ཅད་མཁྱེན་པ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་སྒོ་ནས་བསྟོད་པ། མ་ལུས་ཡང་ཡང་འཐུངས་པའི་ཐུགས་རྗེའི་སྤུ་ཕྲེང་དཀར་པོ་ཆེར་གཡོ་གཟུངས་ངང་མངོན་པར་ཤེས་པའི་རྩལ་གྱིས་ལེགས་བཤད་རིན་ཆེན་བྱེ་མ་སྐྱུགས་པའི་བསྡུ་རྣམ་བཞི་ཡི་གླང་ཆེན་རྟ་དང་ཁྱུ་མཆོག་རི་དྭགས་དབང་པོའི་ཁ་ནས་ལེགས་འོངས་སོ་སོར་ཡང་དག་རིག་རྣམ་བཞི་ཡི་པད་ཕྲེང་འཛུམ་པའི་དྲྭ་བས་སྟེང་ནས་ཁེབས་པའི་ཕྲིན་ལས་བདུད་རྩིའི་རླབས་ཆེན་འཐོར་བ་དང་ལྡན་སྐལ་བཟང་ནོར་འཛིན་དཔལ་མོའི་རིགས་དང་མཐུན་པར་སོ་སོའི་ཁམས་ལ་གསལ་བར་རབ་རྒྱུ་འཁོར་བའི་ས་ཆེན་འདི་ཡི་ཕ་མཐའ་ཚོལ་འདྲར་རྒྱུན་མི་ཆད་པར་འབབ་པ་འདི་ནི་ཁྱོད་ཀྱི་མཛད་པ་ཡིན་ཏེ་དེ་བསམ་ཁྱེད་ནི་ཤཱཀྱ་སེང་གེའི་རྒྱལ་ཚབ་མཚན་མ་མེད་པའི་ཆོས་ཚུལ་སྟོང་གི་ལམ་སྲོལ་འབྱེད་མཁས་ཤཱཀྱའི་རྒྱལ་པོའི་ཞིང་གི་མཐའ་ཀླས་ཁྱོད་ཀྱི་མཚན་ནས་བརྗོད་པའི་གྲགས་པའི་རྔ་ཆེན་བརྡུངས་པས་འཇིགས་པའི་ངན་འགྲོའི་འཇིག་རྟེན་པ་རྣམས་མཐོ་རིས་ཁང་པའི་ཡང་ཐོག་རྩེ་མོར་བྲོས་ནས་སྐྱབས་གཞན་ཚོལ་བའི་ང་རོ་སྒྲོག་ཚེ་བརྩེ་བའི་ལྕགས་ཀྱུ་རྣོན་པོས་རབ་བཟུང་དད་དང་བརྩོན་པའི་ཤིང་རྟ་ཡངས་པར་ཁྲིམས་དང་ཐོས་པའི་གོ་ཆ་བྱིན་པས་ས་ཆེན་བཅུ་ཡི་ཐེམ་སྐས་རྣམས་ནི་རིམ་པར་བསྒྲལ་ནས་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཆེན་པོར་སྒྱུ་མའི་གར་གྱིས་རོལ་དུ་འཇུག་པ་འདི་ནི་ཤཱཀྱའི་སྐྱེས་མཆོག་སྟོབས་བཅུ་ལྡན་པའི་དེའི་ཡང་བླ་མར་གྱུར་སྙམ་བདག་ནི་བསྟོད་ཚིག་གསེར་གྱི་རྒྱལ་མཚན་སྒྲེང་བ་ལགས་ཀྱིས་ས་གསུམ་འགྲོ་ལ་ཀུན་དགའི་དཔལ་སྟེར་ཤཱཀྱའི་བསྟན་པ་འཆི་མེད་ནོར་བུའི་གདུགས་དཀར་ལེགས་བཤད་པདྨ་ར་གའི་རྒྱལ་མཚན་རྩེ་ལ་འགོད་མཁས་ཁྱོད་ཀྱི་དགེ་ལེགས་མ་ལུས་མྱུར་དུ་སྩོལ། །དེ་ལྟར་ཁྱོད་ལ་རྒྱུན་ཆགས་ཀྱི། །སྡེབ་སྦྱོར་སྒོ་ནས་བསྟོད་པས་བདག །ཁྱོད་ཀྱི་མཛད་པའི་ཕ་མཐའ་ལ། །བློ་གྲོས་ཡངས་པ་ཐོབ་གྱུར་ཅིག །ཁྱོད་ཀྱིས་རབ་འབྱམས་མདོ་ལུང་ལེགས་སྦྱངས་གནད་བཀག་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་གླེང་གཞི་རྣམ་འབྱེད་རྗེས་བཅས་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་ཚུལ་ཁྲིམས་ལྡན་པ་འདུལ་འཛིན་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་བཙུན་པའི་མཆོག་གྱུར་མཁན་ཆེན་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་བྱམས་ས་སྡེ་ལེགས་སྦྱངས་བདེན་བཞི་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་མཚན་ཉིད་རྣམ་འབྱེད་ཕུང་ཁམས་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་ཤེས་རབ་ལྡན་པ་མངོན་འཛིན་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་མཁས་པའི་མཆོག་གྱུར་པཎ་ཆེན་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་འབྱམས་ཤེས་ཕྱིན་ལེགས་སྦྱངས་ཟབ་མོ་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་ཐབས་ཚུལ་རྣམ་འབྱེད་ཕྱིན་དྲུག་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་བྱང་སེམས་ལྡན་པ་མདོ་འཛིན་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་བཟང་པོའི་མཆོག་གྱུར་སེམས་དཔའ་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་འབྱམས་རྒྱུད་སྡེ་ལེགས་སྦྱངས་མཐའ་དྲུག་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་ཚུལ་བཞི་རྣམ་འབྱེད་རིམ་གཉིས་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་དམ་ཚིག་ལྡན་པ་སྔགས་འཛིན་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་གྲུབ་པའི་མཆོག་གྱུར་ཁྱབ་བདག་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་འབྱམས་སྡེ་བདུན་ལེགས་སྦྱངས་རྟོག་གེ་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་རིགས་པ་རྣམ་འབྱེད་ཚད་མའི་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་རྣམ་དཔྱོད་ལྡན་པ་རིགས་སྨྲ་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་རིགས་སྨྲའི་མཆོག་གྱུར་རྩོད་མཛད་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་འབྱམས་སྒྲ་ཚོགས་ལེགས་སྦྱངས་བྱིང་རྐྱེན་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་ཉེར་རྒྱུར་རྣམ་འབྱེད་རྣམ་དབྱེའི་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་ངེས་ཚིག་ལྡན་པ་སྒྲ་པ་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་བརྡ་སྤྲོད་མཆོག་གྱུར་འཆད་མཛད་རོང་སྟོན་རྒྱལ། །ཁྱོད་ཀྱིས་རབ་འབྱམས་ཚིག་རྒྱན་ལེགས་སྦྱངས་སྡེབ་སྦྱོར་ཇི་བཞིན་མཁྱེན། །མཁྱེན་པས་རྒྱ་ཆེན་མངོན་བརྗོད་རྣམ་འབྱེད་སྙན་ངགས་ཆོས་ལུགས་མཁས། །མཁས་མཆོག་བཟང་བཙུན་སྙན་གྲགས་ལྡན་པ་སྨྲ་མཁས་ཡོངས་ཀྱི་དཔལ། །དཔལ་ལྡན་ཆོས་རྗེ་ལེགས་བཤད་མཆོག་གྱུར་རྩོམ་མཛད་རོང་སྟོང་རྒྱལ།«་་་་༌།འདི་བར་ཀུན་བཟང་འཁོར་ལོ་ཡིན་པ་འདྲ། »༄༅། །རྗེ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ། ཀུན་མཁྱེན་ཆོས་ཀྱི་རྗེ་ཀུན་དགའི་མཚན་ཅན་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དངོས་གྲུབ་ཀྱི་འབྲས་བཟང་སྩོལ་བར་བྱེད་པ་ཞེས་བྱ་བ་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རླབས་ཆེན་ཤུགས་དྲག་ཐུགས་རྗེའི་སྤྱན་ཡངས་པས། །འགྲོ་ཀུན་སྒྲོལ་མཛད་རྗེ་བཙུན་ཆོས་ཀྱི་རྗེ། །བདག་སྙིང་མཆོག་དགའི་ལྟེ་བར་རབ་བཞུགས་ལ། །བཟང་པོའི་མགོན་གྱིས་བདག་རྒྱུད་བྱིན་གྱིས་རློབས། །ཀུན་དགའི་ཟླ་ཟེར་ཕྱོགས་བརྒྱར་གཡོས་པ་ལས། །སྐལ་བ་བཟང་པོས་བག་ཡོད་གྱུར་རྣམས་ལ། །ཐར་པའི་གྲོང་ཁྱེར་ཇི་བཞིན་སྟོན་མཁས་པའི། །ཁམས་གསུམ་འགྲོ་བའི་བླ་མ་དེ་ལ་འདུད། །ཕུན་ཚོགས་ཚོགས་གཉིས་སྟོང་གིས་བསྐྲུན་པའི་སྐུ། །གསུང་རབ་རབ་འབྱམས་མ་ལུས་སྟོན་པའི་གསུང༌། །གང་ཐུགས་ཐུགས་རྗེའི་རླབས་ཕྲེང་གཡོ་བ་ཅན། །ཀུན་མཁྱེན་མཁྱེན་པའི་གཏེར་མངའ་དེ་ལ་འདུད། །དང་པོའི་སྲིད་པའི་འབྱོར་པ་བརྒྱ་ཕྲག་ཞིག །དབང་པོའི་གཞུ་ལྟར་གཟིགས་པའི་ལྷག་བསམ་གྱིས། །ཡོངས་རྫོགས་རྒྱལ་བའི་བསྟན་ལ་ལེགས་ཞུགས་ནས། །སྒོ་གསུམ་ཉེས་པས་དབེན་པ་དེ་ལ་འདུད། །ཕྲ་ཞིང་ཕྲ་བའི་གནང་བཀག་མ་ལུས་པ། །མ་འདྲེས་སོ་སོར་འབྱེད་པའི་ཤེས་རབ་ཀྱིས། །མ་དག་སྤྱོད་པ་རིང་དུ་རྒྱང་བསྲིངས་པའི། །ཉན་ཐོས་ཆེན་པོ་དེ་ལ་གུས་པས་འདུད། །འགྲོ་འདིའི་ཕན་བདེའི་ཁུར་ཆེན་མ་ལུས་པ། །སྙིང་སྟོབས་ཆེན་པོའི་བརྩེ་བས་ལེགས་བླངས་ཏེ། །རྒྱལ་སྲས་སྤྱོད་པས་ཉིན་མཚན་དུས་འདའ་བའི། །སེམས་དཔའ་ཆེན་པོའི་ཞབས་ལ་སྙིང་ནས་འདུད། །མཁྱེན་དང་བརྩེ་བའི་དཔུང་ཚོགས་མི་དམན་པས། །ཤིན་ཏུ་རྒྱས་པའི་སྡེ་སྣོད་མ་ལུས་པ། །ལེགས་པར་རྟོགས་ནས་གཞན་ལ་འདོམས་མཛད་པའི། །ཀུན་གྱིས་ཕྱག་བྱར་འོས་པ་དེ་ལ་འདུད། །རིགས་ཅན་རྣམས་ལ་རང་དང་རྗེས་མཐུན་པའི། །ཐེག་པས་རྒྱུད་སྦྱངས་ཟབ་མོའི་ལམ་བསྟན་ནས། །ཚེ་འདི་ཉིད་ལ་སངས་རྒྱས་སྩོལ་མཁས་པའི། །རབ་འབྱམས་བསྟན་པའི་མངའ་བདག་དེ་ལ་འདུད། །མཚུངས་བྲལ་རྣམ་དཔྱོད་ཆེན་པོའི་དགེ་ལེགས་ཀྱིས། །རྒྱ་ཆེན་གཞུང་བརྒྱའི་དེ་ཉིད་འབྱེད་པ་ལ། །གཞན་གྱི་དྲིང་གིས་བརྫི་བར་མི་ནུས་པའི། །ཀུན་མཁྱེན་མཁས་པའི་དབང་པོ་དེ་ལ་འདུད། །རྒྱ་ཆེན་ཆོས་ཀྱི་སྤྱན་སྟོང་རབ་མངའ་བའི། །ཆེན་པོ་རྣམས་ཀྱི་གཙུག་གི་ཅོད་པཎ་ལས། །གཞན་དུ་ཞབས་ཟུང་ནམ་ཡང་མི་འདོར་བའི། །གངས་ཅན་མཁས་པའི་གཙུག་རྒྱན་དེ་ལ་འདུད། །རྟག་ཏུ་མུན་པའི་ཕུང་པོར་སྐྱབས་སོང་བའི། །ཕྱོགས་རེའི་མིག་ཅན་ལོག་པར་མགུ་རྣམས་ཀྱང༌། །ཁྱོད་གསུང་ཟླ་བའི་ཟེར་ཕྲེང་ལ་ཆགས་པ། །སྙིགས་དུས་མཚན་མོའི་མགོན་པོ་དེ་ལ་འདུད། །དྲི་མེད་ལུང་གི་གློག་སྟོང་གིས་འཁྱུད་པའི། །རྣམ་དག་རིགས་པའི་རྡོ་རྗེའི་ཟེར་ཕྲེང་ནི། །ཕས་རྒོལ་དྲེགས་པའི་སྙིང་ལ་འབེབ་མཁས་པ། །རྒྱ་ཆེན་རིགས་པའི་དབང་ཕྱུག་དེ་ལ་འདུད། །ཁྱོད་གཞུང་སྟོབས་དགྲའི་རྩེ་བརྒྱ་འཕྲོས་པ་ལས། །རང་བཟོས་མྱོས་པའི་སྟོབས་ལྡན་དཔུང་ཚོགས་བཞི། །ཆོས་མིན་སྨྲ་བའི་ཅ་ཅོ་རབ་བཏང་ནས། །ས་འོག་མུན་པར་འཇུག་མཁས་དེ་ལ་འདུད། །ཆོས་དང་ཆོས་མིན་འབྱེད་པའི་མཐུ་གྲུབ་པས། །ཆོས་ཀྱི་ཟོལ་གྱིས་ཆོས་མིན་སྨྲ་བའི་གཞུང༌། །རྣམ་པར་འཇོམས་མཁས་རྩོམ་པའི་རྒྱལ་མཚན་ནི། །སྲིད་རྩེའི་བར་དུ་བསྒྲེང་མཁས་དེ་ལ་འདུད། །དཔལ་ལྡན་ཨེ་ཝཾ་ཆོས་ཀུན་ལྡན་པའི་གནས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འབྱུང་ཁུངས་ཆེར། །བདེ་སྟོང་སྒྱུ་མའི་གར་ལ་རྟག་རོལ་བའི། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དྲི་མེད་དབང་དང་རྣམ་དག་རྒྱུད་བཤད་དང༌། །གདམས་པའི་ལུས་རྫོགས་རྔ་གསང་མཐོན་པའི་ས། །དཀྱིལ་འཁོར་རྣམ་བཞིར་སྐུ་བཞི་སྒྲུབ་བའི་ཐབས། །སྟོན་མཛད་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །རབ་འབྱམས་ཐུབ་པའི་རིང་ལུགས་མཐའ་དག་དང༌། །ཁྱད་པར་དུ་ཡང་ཟབ་མོ་སྔགས་ཀྱི་ལམ། །དུས་འདིར་ཁྱོད་ཉིད་ཁོ་ནས་གསལ་མཛད་པ། །མཚུངས་མེད་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་ཐུགས་ལས་འཁྲུངས་པའི་སྲས། །ཕྱི་ནང་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ། །དབང་འབྱོར་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ནི། །སྲིད་གསུམ་འདི་ན་ཁྱོད་ལས་གཞན་ཡོད་མིན། །དེ་ཕྱིར་སྟོབས་དང་མི་འཇིགས་མ་འདྲེས་སོགས། །དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར་མངའ་བའི། །ཁྱོད་ཀྱི་ལེགས་པར་བཤད་པ་མཐའ་དག་ནི། །ཚད་བཟུང་ནུས་པར་བརྗོད་པ་མིན་མོད་ཀྱི། །ཕྲིན་ལས་རྣམ་བཞིས་འགྲོ་རྣམས་སྒྲོལ་མཛད་པའི། །ཚུལ་ལས་བརྩམས་ཏེ་ཅུང་ཟད་བསྟོད་པ་ཡི། །དགེ་བ་དེ་ཡང་འགྲོ་བ་མ་ལུས་པ། །སྲིད་པའི་མཚོ་ལས་སྒྲོལ་བའི་རྒྱུ་རུ་བསྔོ། །སྔོན་བསགས་བསོད་ནམས་བརྒྱ་ཡིས་ལེགས་བསྐྲུན་པའི། །དལ་འབྱོར་གྲུ་བཟང་སྨོན་པའི་བ་དན་ཅན། །མཚུངས་མེད་དམ་པའི་མགོན་གྱིས་བཟུང་བ་འདི། །རྣམ་དག་ཚུལ་ཁྲིམས་རྒྱ་མཚོར་བསྒྲོད་པར་ཤོག །སྤུ་གྲིའི་སོར་ཆགས་སྦྲང་རྩི་མྱང་བ་ལྟར། །འགྱུར་བའི་སྡུག་བསྔལ་དག་གིས་ཆེར་བསྣུན་པའི། །སྲིད་པའི་བདེ་ལ་ཡིད་བརྟན་མི་རུང་བས། །འཁོར་བའི་རྒྱ་མཚོ་སྐེམ་པར་བྱིན་གྱིས་རློབས། །ཐེག་པ་མཆོག་སྟོན་བླ་མའི་བཀའ་དྲིན་གྱིས། །རྡོ་རྗེའི་ལུས་ལ་ལྷུན་གྲུབ་དཀྱིལ་འཁོར་བཞིར། །རྣམ་དཀར་དབང་བཞིས་རྒྱལ་བའི་སྐུ་བཞི་པོ། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །དེ་སྐད་བརྗོད་འདི་ལེ་ལོ་ཡི། །རྒྱ་མཚོར་བྱིང་ཀྱང་དབང་མེད་དུ། །བསྐུལ་བར་བྱེད་པའི་ནན་ཚིག་ངོར། །མཆོག་ལྡན་ལེགས་པའི་བློ་ཡིན་ནོ། །ཚུལ་འདི་རྣམ་དཔྱོད་ཆེན་པོའི་ཁྲི་སྟེངས་སུ། །ཕྱི་ནང་གཞུང་དང་ཐ་སྙད་ཕལ་ཆེར་ལ། །མུན་པ་ཕྱོགས་ཙམ་གསལ་བའི་ང་རྒྱལ་གྱིས། །གཞན་གྱི་ཡོན་ཏན་ཇི་བཞིན་མི་མཐོང་མོད། །སྡོམ་གསུམ་གུས་པས་ནོས་པའི་བླ་མ་ལ། །དད་པའི་རྒྱ་མཚོ་འཕྱུར་བའི་དཔལ་ཡོན་ལས། །གློ་བུར་བསྟོད་པའི་འབྲུག་སྟོང་སྒྲོག་པ་པོ། ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ། །ཅེས་བྱ་བ་འདི་ན་ཚོད་ལྡན་གྱི་ལོ། གྲོ་བཞིན་ཅན་གྱི་དཀར་ཕྱོགས་ཀྱི། སྟོང་པ་དང་པོའི་སྔ་དྲོའི་ཆ་ལ། སྒོ་གསུམ་མི་དགེ་བའི་བྱ་བ་རྒྱང་རིང་དུ་སྤངས་ཏེ། རྗེ་བཙུན་དམ་པ་འདི་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང༌། རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་གཡེལ་བ་མེད་པའི། དགེ་སློང་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་ལེགས་པར་བསྐུལ་ཞིང༌། མཐུན་པའི་རྐྱེན་སྦྱར་བ་ལ་བརྟེན་ནས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་བཀའ་འབངས་སུ་གྱུར་པ། ཤཱཀྱའི་དགེ་སློང་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། མངོན་བརྗོད་དང༌། ཚིག་རྒྱན་གྱིས་མ་བཅིངས་པར་དཔལ་ཨེ་ཝཾ་ཆོས་ལྡན་ཐུབ་ཆེན་མངོན་པར་དགའ་བའི་དབེན་གནས་སུ་སྦྱར་བའོ།།  །།མངྒ་ལཾ།།  ༈  །།རྗེ་དེ་ཉིད་ལ་བསྟོད་པ།། ༄། །ཀྱེ་ཧོ། ངོ་མཚར་སྤྲུལ་པའི་ཡ་མཚན་ཀུན་བསྡུས་ནས། །བཀོད་ལེགས་མཛེས་སྡུག་བརྗིད་པའི་ཁྲི་སྟེངས་སུ། །འོད་འབར་ཉི་ཟླའི་ཞབས་རྟེན་ཉམས་དགའ་བར། །བརྩེ་ཆེན་བླ་མ་རིགས་རྣམས་ཀུན་གྱི་བདག །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་རྣམ་གསུམ་ཁྱོད་ཀྱི་སྐུ་གསུང་ཐུགས། །རྒྱལ་བ་རིགས་ལྔ་ཁྱོད་ཀྱི་ཕུང་པོ་ལྔ། །ཡུམ་ཆེན་རྣམ་བཞི་ཁྱོད་ཀྱི་འབྱུང་བ་བཞི། །དངོས་ཀུན་བྱིན་རློབ་ངེས་པར་འཁོར་ལོའི་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྲོ་ཆེན་རྣམ་བཅུ་ཁྱོད་ཀྱི་ཚིགས་ཆེན་བཅུ། །རྒྱལ་སྲས་རྣམ་བརྒྱད་ནང་གི་སྐྱེ་མཆེད་དུ། །རིམ་པར་སྤྲུལ་ནས་ཡུལ་ལ་ལོངས་སྤྱོད་ཅིང༌། །མ་ལུས་བགེགས་དཔུང་འཇོམས་མཛད་འཁོར་ལོའི་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་བཞིན་ལྷུན་གྲུབ་བཅོས་མིན་ཕོ་བྲང་དུ། །མ་ལུས་རིགས་ཀྱི་བདག་པོའི་སྐུར་འཁྲུངས་ནས། །སྣོད་བཅུད་མ་ལུས་རིགས་བརྒྱའི་རྣམ་རོལ་དུ། །ངེས་པར་གཟིགས་ནས་རིགས་པར་སྟོན་མཛད་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཀུན་རྫོབ་སྒྱུ་མ་འདི་ཀུན་གཟུགས་ཀྱི་སྐུ། །དོན་དམ་སྤྲོས་པའི་མཐའ་བྲལ་ཆོས་ཀྱི་སྐུ། །བདེན་གཉིས་ཟུང་འཇུག་སྐུ་གཉིས་དབྱེར་མེད་དུ། །སྟོན་མཛད་ཕྲིན་ལས་དབང་པོ་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འགྲོ་ཀུན་ཕར་ཕྱིན་ཐེག་པས་རྒྱུད་སྦྱངས་ནས། །ཟག་མེད་དགའ་བཞིའི་ལམ་གྱིས་གྲོལ་མཛད་པ། །ཕྲིན་ལས་བཟང་པོ་རྗེ་བཙུན་བླ་མ་ཉིད། །ངེས་པར་བཞད་པའི་རྡོ་རྗེར་མཐོང་གྱུར་ནས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བརྩེ་ཆེན་བླ་མའི་སྐུ་གསུང་ཐུགས་གསུམ་དང༌། །མར་གྱུར་འགྲོ་བའི་ལུས་ངག་ཡིད་གསུམ་པོ། །གཉིས་མེད་ཡེ་ཤེས་རང་རིག་བདེ་ཆེན་དུ། །རོ་གཅིག་ངང་ནས་རྩེ་གཅིག་གུས་པ་ཡིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་བའི་ལེགས་བྱས་ཀྱིས། །ཕྱི་ནང་ཉེར་འཚེ་མ་ལུས་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ནས། །གཡོ་མེད་ཕྱག་རྒྱ་ཆེན་པོའི་རྣམ་རོལ་གྱིས། །འགྲོ་ཀུན་སྨིན་གྲོལ་བྱེད་པར་བྱིན་གྱིས་རློབས། །ཅེས་བྱ་བ་ནི་རྗེ་བཙུན་བླ་མ་ལ་གསོལ་བ་འདེབས་བྱེད། ཐུན་མོང་མ་ཡིན་པའི་རྣལ་འབྱོར་བྱིན་རླབས་ཉེར་འཇུག་ཅེས་པ་ཡིན་ནོ།།  །།མངྒ་ལཾ།།  ༈  །།རྗེ་བླ་མ་ལ་བསྟོད་པ།། ༄། །སྭསྟི། ཆོས་ཀུན་ཀུན་ལ་ལེགས་པར་འདོམས་པའི་གསུང༌། །མཆོག་དགའ་དགའ་བཞིའི་རྩེ་མོར་སོན་པའི་ཐུགས། །བློ་བཟང་བཟང་པོའི་ལམ་དུ་འཁྲིད་པའི་སྐུ། །སྙན་གྲགས་གྲགས་པའི་དབང་ཕྱུག་མང་པོའི་མགོན། །ཟབ་ཅིང་རྒྱ་ཆེའི་ཆོས་ཀུན་ཁྱོད་ཀྱིས་བཤད། །ཟག་མེད་དགའ་བཞིའི་ངང་ལ་མཉམ་པར་གཞག །ཕྲིན་ལས་བཟང་པོས་དོན་མཐུན་སློབ་མའི་ཚོགས། །སྨིན་ཞིང་གྲོལ་མཛད་བརྩེ་ཆེན་ཆོས་ཀྱི་རྗེ། །འཆད་པའི་དབྱངས་ཀྱིས་རྒན་པོར་རློམ་བྱེད་པ། །ཕལ་ཆེར་བྱིས་པའི་བློ་གྲོས་ལྟར་བྱེད་ཅིང༌། །ལུང་དང་རིགས་པས་རྩོད་པའི་ཁྱུ་མཆོག་ཏུ། །མངོན་པར་རློམ་པའི་གཞུང་ལུགས་མུན་པར་བྱ། །ཚིག་ཉུང་དོན་མང་སྡེབ་ལེགས་ལྡན་པ་ཡིས། །གོང་མའི་དགོངས་པ་སྐོང་མཛད་གཞུང་རྩོམ་མཁན། །དེ་ཕྱིར་ཁྱོད་ཀྱི་འཆད་རྩོད་རྩོམ་པ་ལ། །བསྟིང་ཚིག་སྨྲ་བྱེད་དེ་དག་བྱིས་པའི་ཚུལ། །གང་ཁྱོད་མཁས་བཙུན་བཟང་པོའི་ཁྲིར་འཁོད་ནས། །འཆད་རྩོད་རྩོམ་པའི་ཆོས་ལ་ཐོགས་མེད་པའི། །ཕྲིན་ལས་བཟང་པོའི་ཉི་མ་ས་ཆེན་གསུམ། །གསལ་བར་བྱས་ལ་སུ་ཞིག་འགྲན་པར་སེམས། །ཁྱོད་ཀྱི་ནང་དོན་མཁྱེན་པའི་ཉིན་བྱེད་ནི། །ཐ་སྙད་གཞུང་བརྒྱའི་མདངས་ཀྱིས་སྤྲས་པ་ན། །མཁས་པར་རློམ་པའི་རྒྱུ་སྐར་ཕལ་ཆེར་བས། །དྲེགས་པའི་འོད་བརྒྱ་མགྱོགས་པར་བཏང་མིན་ནམ། །ཁྱོད་ཀྱི་སྐུ་གསུང་བཙུན་པ་འཆར་ཀའི་མདངས། །ཐུབ་བསྟན་ཤར་རིའི་ཕྲག་པ་ལ་ཞོན་ཚེ། །བཙུན་པོར་རློམ་པའི་པ་སངས་རྗེས་འབྲང་བཅས། །མ་ལུས་རྡོལ་བ་བཞིན་དུ་བྱས་མིན་ནམ། །ཀུན་སྤྱོད་རབ་གཙང་ལི་ཁྲིའི་མདངས་གསལ་བ། །གསུང་དབྱངས་འཆར་ཀའི་འོད་དང་ལྷན་ཅིག་ཏུ། །བློ་བཟང་ལ་ལའི་དཔལ་དུ་ཤར་བ་ན། །མང་པོའི་ཀུན་སྤྱོད་རྨེ་བར་བྱས་མིན་ནམ། །རང་གཞན་གཞུང་བརྒྱའི་རོལ་མོ་མཁན་ཁྱོད་ཀྱིས། །ལུང་དང་རིགས་པའི་རྒྱལ་རྔ་བརྡུངས་པ་ན། །བདུད་ཀྱི་གསང་ཚིག་རོལ་མོར་བྱེད་པ་ཡི། །ཕྱི་རྒོལ་དྲེགས་པའི་སྨྲ་བ་བཅད་མིན་ནམ། །འཇམ་དབྱངས་ཆོས་ཀྱི་གདུང་འཛིན་ས་སྐྱ་པའི། །དགོངས་དོན་གསལ་བའི་ལེགས་བཤད་དངུལ་དཀར་གྱི། །མེ་ལོང་བསྟར་བ་གང་འདིར་བསྟན་པ་ན། །ལ་ལའི་རང་གཟུགས་གསལ་བར་ཤར་མིན་ནམ། །ཁྱོད་ཀྱི་བྱང་ཆུབ་སེམས་ཀྱི་ངང་ཚུལ་གྱིས། །ལྷུན་གྲུབ་རྒྱུན་མི་ཆད་པའི་ཕྲིན་ལས་ལ། །འགོང་འདོད་གཞན་གྱི་བཟང་པོའི་བརྟུལ་ཞུགས་ནི། །བརྩེ་ཆེན་ཁྱོད་ཀྱིས་ལན་བརྒྱར་བརྒལ་མིན་ནམ། །ཆོས་ཚུལ་རེ་རེའི་དེ་ཉིད་གསུངས་པ་ན། །བསྡུས་པའི་དོན་གྱིས་ངེས་པ་མྱུར་བསྐྱེད་ཅིང༌། །དགོས་པའི་དོན་གྱིས་དད་པ་འདྲེན་བྱས་ནས། །བརྒལ་ལན་རྒྱས་པས་ལུགས་གཞན་མཐའ་བསལ་ཏེ། །ཚིག་དོན་གསལ་བར་འཆད་པ་ཁྱོད་ཀྱི་ལུགས། །ལུང་དང་རིགས་པའི་གནད་རྣམས་ངེས་མཛད་ནས། །གཞན་དང་མི་མཐུན་གཙོ་བོར་བྱེད་པ་ཡི། །རང་བཟོ་མཁན་པོའི་གཞུང་གི་རྗེས་འཇུག་པའི། །འཁྱོག་པོའི་བློ་གྲོས་སྲོང་བ་ཁྱོད་ཁོ་ན། །ཁས་བླངས་གཏན་ཚིགས་མི་མཐུན་ཕྱོགས་དག་ལ། །འགོག་པའི་ཚད་མ་ངེས་པར་བསམ་བྱས་ནས། །ཐལ་བའི་ཆོས་ལ་ལུང་དང་རིགས་པ་ཡི། །བསལ་བ་སྟོན་པ་ཁྱོད་ཀྱི་རྩོད་པའི་ཚུལ། །རྩོད་པའི་ཁྱུ་མཆོག་གཞན་ལ་འདི་ཡོད་དམ། །དེ་ཕྱིར་ལྗོངས་འདིར་བླ་མེད་ཐེག་པ་ལ། །འདོད་ལྷའི་ཞགས་པས་བཅིངས་པའི་གཞུང་ལུགས་ནི། །ངེས་པར་བསྙིལ་བའི་བཀའ་དྲིན་ཁྱོད་ཀྱིས་མཛད། །དེ་ལྟར་ཁྱོད་ཀྱི་མཁས་བཙུན་བཟང་པོ་དང༌། །འཆད་རྩོད་རྩོམ་པའི་ཚུལ་ལ་དད་བྱས་ནས། །རྙོག་བྲལ་ངག་གིས་བསྟོད་པའི་དགེ་བ་ཡིས། །ཁྱོད་བཞིན་བསྟན་པ་འཛིན་པའི་དཔལ་གྱུར་ཅིག །མཁས་བཙུན་བཟང་པོས་རང་རྒྱུད་སྨིན་བྱས་ནས། །འཆད་རྩོད་རྩོམ་པས་གཞན་རྒྱུད་གྲོལ་བྱས་ཏེ། །བདག་དང་དོན་མཐུན་སློབ་མའི་ཚོགས་རྣམས་ཀུན། །ཆོས་ཀྱི་རྒྱལ་པོའི་ཁྲི་ལ་འཁོད་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་ལ་མཁས་བཙུན་བཟང་གསུམ་དང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟོད་པ། དད་པའི་ཤིང་རྟ་འདྲེན་བྱེད་ཅེས་བྱ་བ་འདི་ནི། རྗེ་བཙུན་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང༌། སྡོམ་པ་གསུམ་གྱི་བཀའ་དྲིན་ཉེ་བར་ཐོབ་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་སྦྱར་བ་ཡིན་ནོ།།  །།མངྒ་ལཾ།།  ༈  །།རྗེ་དེ་ཉིད་ལ་བསྟོད་པ། ༄། །ན་མོ་གུ་རཱ་ཝེ། ཀུན་སྤྱོད་རྣམ་དག་དང་འདྲེན་པའི་སྐུ། །གཞན་ཕན་ལ་དགའ་དམ་ཆོས་སྒྲོགས་པའི་གསུང༌། །ཟུང་འཇུག་རྡོ་རྗེ་འཛིན་པའི་ཐུགས་མངའ་བ། །འཕྲིན་ལས་བཟང་པོའི་ཞབས་ལ་མགོས་ཕྱག་འཚལ། །ཞི་བའི་ཚུལ་ཁྲིམས་རང་བཞིན་ཉེས་པས་དབེན། །རྣམ་དག་ཚུལ་ཁྲིམས་བཅས་པའི་རྭ་བ་ལས། །ནམ་ཡང་མི་འདའ་ཐུབ་པའི་རིང་ལུགས་པ། །ཀུན་གྱིས་བསྔགས་པར་འོས་ལ་མགོས་ཕྱག་འཚལ། །བྱམས་པའི་ཤུགས་ཀྱིས་འགྲོ་མང་དབང་དུ་བསྡུད། །ཐུགས་རྗེའི་སྟོབས་ཀྱིས་གདུལ་བྱའི་དབུལ་བ་འཇོམས། །རླབས་ཆེན་སྤྱོད་པས་འགྲོ་རྣམས་སྒྲོལ་མཛད་པའི། །རྒྱལ་སྲས་སེམས་དཔའ་ཆེན་པོར་མགོས་ཕྱག་འཚལ། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་རོང་སྟོན་རྗེའི། །ཟབ་ཡང་ཆོས་ཀྱི་ཁྲི་ལ་དབང་བསྒྱུར་པས། །མཐའ་ཡས་བསྟན་པའི་བདག་པོར་མངའ་གསོལ་བ། །ཡོངས་ཀྱི་བཤེས་གཉེན་དམ་པར་མགོས་ཕྱག་འཚལ། །དཔལ་ལྡན་ཀུན་དགའི་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་རྡོ་རྗེ་ཐེག་པའི་ལམ་བཟང་གིས། །དངོས་གྲུབ་རྣམ་གཉིས་བདུད་བརྩིའི་དཔལ་སྩོལ་བ། །ཁྱབ་བདག་རྡོ་རྗེ་སེམས་པར་གསོལ་བ་འདེབས། །དབང་དང་གདམས་པའི་ཆུ་བོ་སྟོང་ཕྲག་གིས། །གང་བློ་གཏིང་མཐའ་ཡངས་པར་ངལ་བསོ་བས། །འཕྲིན་ལས་མཚོ་ཆེན་ངང་གིས་གང་གྱུར་པའི། །ཆོས་ཀྱི་གཏེར་ཆེན་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་ལེགས་ཚོགས་ཅི་མཆིས་པས། །བསྟན་འཛིན་འཇིག་རྟེན་ཁམས་སུ་འབྱོན་པ་དང༌། །དགེ་འདུན་ཐམས་ཅད་མཆོག་དུ་མཐུན་པ་དང༌། །དགེ་བའི་བཤེས་རྣམས་རྟག་པར་ཞབས་བརྟན་ཤོག །རྣམ་དཔྱོད་གསེར་གྱི་ཡུ་བ་ལ་བརྟེན་པའི། །ཀུན་དགའི་ཕྲིན་ལས་ནོར་བུའི་གདུགས་དཀར་ནི། །གཞན་ཕན་རྡོ་རྗེའི་ཏོག་གིས་ཉེར་མཛེས་པའི། །དཔལ་ལྡན་འཕྲིན་ལས་བཟང་པོར་བསྟོད་བྱེད་པ། །ཤཱཀྱའི་གསུང་རབས་མང་པོའི་ནགས་ཁྲོད་ན། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཀྱི། །འགྱུར་ཁུག་སྟོང་ཕྲག་ལྡན་པའི་ཁུ་བྱུག་ཞིག །སྙན་ངགས་དབྱངས་ཀྱི་ཕྲེང་བ་དེ་ལྟར་ལེན། །ཞེས་པ་འདི་ནི་ཀོང་སྟོན་མགོན་པོ་རྒྱན་གྱི་ཁ་འདོན་དུ་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར་བགྱིས་ཏེ། བླ་མ་དེ་ཉིད་ཀྱིས་ཞབས་རྡུལ་གུས་པས་ལེན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུ་སའི་ཐིག་ལེ་སྒྲུབ་ཆེན་ཁྱུང་པོའི་རྣལ་འབྱོར་གྱིས། གདུལ་བྱ་ཉེ་བར་བསྐྱངས་པའི་གནས་སུ་སྦྱོར་བའོ།།  །།མངྒ་ལཾ།།  ༈  །།ཁ་ཆར་བྱང་ཆུབ་སེམས་དཔའ་བསོད་ནམས་རྒྱལ་མཚན་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། རྨད་བྱུང་བསོད་ནམས་ཆེན་པོའི་དགེ་ལེགས་ཀྱི། །རྒྱལ་བ་གཉིས་པ་རིན་ཆེན་བཟང་པོ་ཡི། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བའི་མཚན་ལྡན་པ། །མཁན་པོ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ཀུན་སྤྱོད་རྣམ་དག་བསོད་ནམས་སོག་པའི་ཞིང༌། །གཞན་ཕན་ལྷུན་གྲུབ་རྒྱལ་བ་ཀུན་གྱི་སྲས། །ཟུང་འཇུག་མཚན་མ་མེད་པའི་ཐུགས་མངའ་བ། །བསྟན་པའི་མངའ་བདག་ཞབས་ལ་གསོལ་བ་འདེབས། །སྔོན་གོམས་དབང་གི་ཏིང་འཛིན་ཉེས་པས་དབེན། །གནང་བཀག་མཁྱེན་པས་བཅས་ལ་མི་འདའ་ཞིང༌། །དུལ་བའི་དཔལ་གྱིས་འགྲོ་འདི་འདུལ་མཁས་པ། །གནས་བརྟན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བདག་བདེའི་དོན་དུ་དག་པའི་ཞིང་ཡང་སྤོང༌། །གཞན་བདེའི་དོན་དུ་མནར་མེད་བར་ཡང་འཇུག །བདག་གཞན་བརྗེ་བའི་ལམ་ལ་དབང་འབྱོར་པའི། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །མཐོང་བའི་མོད་ལ་དྭང་བ་འདྲེན་པའི་སྐུ། །རིང་དུ་བསྟེན་ན་དངོས་སུ་གྲུབ་ཀུན་གྱི་གཞི། །ཇི་ཙམ་བརྟག་ཀྱང་ཡོན་ཏན་ཕུང་པོ་ཅན། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་གྱིས། །བདེ་སྟོང་ཆེན་པོའི་དཔལ་ལ་རྟག་རོལ་ཞིང༌། །གང་ཤར་ལྷ་སྐུར་གཟིགས་པའི་དཔལ་ཡོན་ཅན། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྲིད་དང་ཞི་བའི་དཔལ་འབྱོར་གྱིས་མཐོ་བའི། །ཆེན་པོ་རྣམས་ཀྱི་གཙུག་གི་ནོར་བུ་ལ། །ཞབས་ཀྱི་རྡུལ་ཕྲེང་རྟག་པར་ངལ་གསོ་བའི། །སྲིད་གསུམ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །རིགས་ཅན་རྣམས་ལ་རང་རང་རྗེས་མཐུན་པའི། །ཐེག་པས་རྒྱུད་སྦྱངས་སྔགས་གཞུང་ཟབ་མོའི་དོན། །ལེགས་པར་བཤད་པས་རྒྱལ་བའི་བསྟན་པ་ལ། །ལྷག་པར་བྱ་བ་མཛད་ལ་གསོལ་བ་འདེབས། །དག་པའི་ཞིང་གཞན་སྐལ་བཟང་གདུལ་བྱའི་ཚོགས། །ལྷག་པར་དགོངས་ཚེ་རྗེ་བཙུན་རྡོ་རྗེ་འཆང༌། །ཀུན་དགའི་མཚན་ཅན་དཀྱིལ་འཁོར་འཁོར་ལོར་བཅས། །མངོན་སུམ་གཟིགས་ནས་གཤེགས་ལ་གསོལ་བ་འདེབས། །དེ་ཚེ་བརྒྱ་བྱིན་ཞུ་ཡི་གུར་ཁང་དུ། །དྲི་ཞིམ་སྤོས་དང་ཡིད་འོང་རོལ་མོའི་སྒྲ། །ནམ་མཁའ་འགེངས་བྱེད་དཔའ་བོ་རྣལ་འབྱོར་མས། །ཁྱོད་ཞབས་གུས་པས་བསྟེན་ལ་གསོལ་བ་འདེབས། །སྒྱུ་མའི་སྐུ་ཉིད་མཁའ་ལ་གཤེགས་ནུས་ཀྱང༌། །ཞབས་རྡུལ་ལེན་རྣམས་དོན་ཡོད་བྱ་བའི་ཕྱིར། །སྐུ་གདུང་རིང་སྲེལ་རྣམ་འཕྲུལ་བརྒྱ་ཕྲག་རྣམས། །འགྲོ་བའི་དཔལ་དུ་ཤར་ལ་གསོལ་བ་འདེབས། །དེ་ལྟར་ཁྱོད་ལ་གསོལ་བ་བཏབ་པ་ལ། །སྐྱེ་བ་ཀུན་དུ་ཁྱེད་ཞབས་གུས་བསྟེན་ཅིང༌། །ཕན་མཛད་ཐུགས་རྗེ་ལྡན་པའི་བསྟན་པ་ལ། །རབ་ཏུ་བྱུང་ཞིང་ཁྲིམས་ལ་གནས་གྱུར་ཅིག །མ་གྱུར་འགྲོ་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །གཅིག་ཏུ་གུས་པས་རང་ལ་ལེན་བྱེད་ཅིང༌། །བདག་གི་ཕན་བདེའི་དངོས་པོ་ཅི་མཆིས་པ། །མ་རྣམས་ཀུན་ལ་སོ་སོར་སྨིན་གྱུར་ཅིག །དེ་ནས་ཐེག་མཆོག་སྟོན་པའི་བླ་མ་ལ། །དྲི་མེད་དབང་དང་རྣམ་དག་རྒྱུད་སྡེའི་དོན། །ལེགས་པར་མནོས་ནས་རིམ་གཉིས་རྣལ་འབྱོར་གྱིས། །དཔལ་ལྡན་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་བྱ་བ་འདི་ནི་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཨེ་ཝཾ་ཆོས་ལྡན་གྱི་དགོན་པར་སྦྱར་བའོ།།  །།མངྒ་ལཾ།།  ༈  །།རྗེ་མུས་ཆེན་ལ་བསྟོད་པ་ཡོན་ཏན་རྗེས་སུ་དྲན་པའི་གཏེར།། ༄། །ན་མོ་གུ་རཱ་ཝེ། དཀོན་མཆོག་རྒྱལ་མཚན་རྩེ་མོའི་དཔལ་འབར་བས། །རྒྱལ་བ་གཉིས་པའི་ཆོས་ཀྱི་རྒྱལ་སྲིད་ལ། །དབང་བསྒྱུར་རྒྱལ་ཚབ་དམ་པའི་མཚན་ལྡན་པ། །དཔལ་ལྡན་ཕྲིན་ལས་བཟང་པོར་མགོས་ཕྱག་འཚལ། །དཀོན་མཆོག་གསུམ་དངོས་རྗེ་བཙུན་བླ་མ་ལ། །རིགས་བརྒྱའི་བདག་པོར་གཟིགས་པའི་རྣལ་འབྱོར་གྱིས། །རྣམ་རྒྱལ་ཟུང་འཇུག་མཚན་དཔེ་འབར་བའི་སྐུ། །ངེས་པར་མངོན་དུ་མཛད་ལ་ཕྱག་འཚལ་ལོ། །ནམ་ཡང་དཀོན་པ་མཆོག་དང་ཐུན་མོང་གི །དངོས་གྲུབ་རྣམ་གཉིས་རྒྱལ་བ་ཉིད་ལས་བརྙེས། །མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་གྱིས། །ཉིན་མཚན་གཡེལ་བ་མེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་མངོན་པར་རྟོགས་པའི་དཔལ་ཡོན་གྱིས། །གཞན་འཕྲུལ་དབང་བྱེད་བདག་པོའི་དཔུང་ཚོགས་ལས། །རྣམ་པར་རྒྱལ་བའི་དགེ་མཚན་དཔལ་མངའ་བ། །ཕྲིན་ལས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐུན་མོང་ཐུན་མོང་མིན་པའི་འདུལ་བ་ཡིས། །ཉིད་ཀྱི་སྐུ་གསུང་ཐུགས་གསུམ་བཙུན་པོར་བྱས། །མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཡིས། །རྣམ་དཔྱོད་བང་མཛོད་ཕོངས་པ་ཀུན་དང་བྲལ། །སྟོང་ཉིད་བློ་དང་རྒྱལ་སྲས་སྤྱོད་པ་ཡིས། །སེམས་དཔའ་ཆེན་པོར་གྱུར་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་དང་པོར་མཁས་པའི་ཚོགས་རྣམས་བསྟེན། །ལུང་དང་རིགས་པའི་གནས་རྣམས་ལེགས་པར་སྦྱངས། །བར་དུ་གྲུབ་པའི་དབང་ཕྱུག་དམ་པ་ལས། །ཐུན་མོང་མིན་པའི་གདམས་པ་རྒྱ་ཆེར་མནོས། །ཐ་མར་དམ་པས་བསྔགས་པའི་སྨན་ལྗོངས་སུ། །མཆོག་གི་དངོས་གྲུབ་བརྙེས་ལ་ཕྱག་འཚལ་ལོ། །ཕ་རོལ་ཕྱིན་པའི་མདོ་གཞུང་དགོངས་འགྲེལ་བཅས། །ལེགས་པར་སྦྱངས་ཤིང་རྒྱ་ཆེན་སྤྱོད་པའི་ཕྱོགས། །ངེས་པར་ཆུབ་ནས་སྲིད་དང་ཞི་བ་ཡི། །ཕ་རོལ་ཕྱིན་པ་ཁྱོད་ལ་ཕྱག་འཚལ་ལོ། །མདོ་དང་རྣམ་འགྲེལ་མཛད་པའི་གཞུང་ལུགས་རྣམས། །སློབ་དཔོན་མཁས་པའི་གསུང་ལས་ངེས་ཆུབ་ནས། །ཆོས་དང་ཆོས་མིན་སོ་སོར་འབྱེད་པ་ཡི། །རིགས་པའི་ལམ་ཆེན་མཁྱེན་ལ་ཕྱག་འཚལ་ལོ། །བས་མཐའི་གནས་སུ་མཆོག་གི་དངོས་གྲུབ་ལ། །ལྷག་པ་གཞོལ་བས་དབེན་པ་ལྷུར་མཛད་ཀྱང༌། །ཐུགས་རྗེས་བསྡུས་པའི་འཁོར་ཚོགས་རྒྱ་མཚོ་ལ། །ཕྲིན་ལས་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །དང་པོར་རྒྱ་ཆེར་ཐོས་པས་ཡིད་སྦྱངས་ཤིང༌། །བར་དུ་གདམས་པའི་བདུད་རྩིས་ཡིད་འཁུལ་ནས། །ཐ་མར་རྩེ་གཅིག་སྒྲུབ་ལ་གཡེལ་མེད་ཤོག །གང་ཤར་སྣང་སྟོང་སྒྱུ་མ་ལྷ་ཡི་སྐུ། །ཚུལ་བཞིན་ཡིད་བྱེད་མི་འགྱུར་བདེ་བའི་བདག །རིམ་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་གྱིས། །མཆོག་ཏུ་བདེ་བའི་གོ་འཕང་དེ་ཐོབ་ཤོག །ཅེས་རྒྱལ་སྲས་མུས་པ་ཆེན་པོའི་ཞབས་ལ་ཕྱག་འཚལ་ནས་སྨོན་ལམ་གདབ་པའི་ཚིགས་སུ་བཅད་པ་ཡོན་ཏན་རྗེས་སུ་དྲན་པའི་གཏེར་ཞེས་བྱ་བ་འདི་ནི། དམ་པ་དེ་ཉིད་ཀྱི་གསུང་ལས་ཐུན་མོང་མ་ཡིན་པའི་གདམས་པ་དུ་མའི་བཀའ་དྲིན་ཉེ་བར་ཐོབ་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ཉེ་བར་སྦྱར་བ་ཡིན་ནོ།།  ༈  །།རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ལ་བསྟོད་པ།། ༄། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཁྱབ་བདག་འཁོར་ལོའི་མགོན་པོ་རྡོ་རྗེ་འཆང༌། །རྗེ་བཙུན་ཀུན་དགའི་ཆོས་ཀྱི་རྒྱལ་སྲིད་ལ། །ལྷག་པར་དབང་བསྒྱུར་བསླབ་གསུམ་ནོར་གྱིས་ཕྱུག །ཕྲིན་ལས་བཟང་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་སྤྱོད་རྣམ་དག་དྭང་བ་འདྲེན་པའི་སྐུ། །གཞན་ཕན་ལ་དགའ་དམ་ཆོས་སྒྲོགས་པའི་གསུང༌། །ཐུགས་རྗེའི་དབང་ཕྱུག་དུལ་བའི་དཔལ་མངའ་བ། །ཡང་དག་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །ཀུན་ཀྱང་ཐུན་མོང་ལམ་གྱིས་རྒྱུད་སྦྱངས་ནས། །ཐུན་མོང་མིན་པའི་ཆོས་ཀྱི་དགའ་སྟོན་མཆོག །དྲི་མེད་དབང་བཞིས་སྨིན་ཅིང་རྒྱུད་ཕྱུག་ནས། །གྲོལ་ལམ་སྟོན་པ་ཁྱོད་ལ་ཕྱག་འཚལ་ལོ། །མ་ལུས་ཆོས་ཀྱི་བདག་པོ་ཀུན་དགའི་མཚན། །དཔལ་ལྡན་ཕྲིན་ལས་བཟང་པོ་གང་གི་གསུང༌། །འབྲལ་མེད་བསྟེན་པས་ཆོས་ཀྱི་དབང་ཕྱུག་མཆོག །ལེགས་པར་བརྙེས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྣམ་གསུམ་བཅས་པའི་རྭ་བ་ལས། །ནམ་ཡང་མི་འདའ་ཐུབ་པའི་རིང་ལུགས་འཛིན། །བྱམས་དང་སྙིང་རྗེས་འགྲོ་མང་བསྡུད་མཛད་པ། །འགྲོ་བའི་དེད་དཔོན་ཁྱོད་ལ་ཕྱག་འཚལ་ལོ། །སྙན་རྒྱུད་གདམས་པའི་ཆུ་བོ་སྟོང་ཕྲག་གིས། །གང་བློ་གཏིང་མཐའ་ཡངས་པར་ངལ་གསོ་ནས། །རྣམ་མང་གདུལ་བྱའི་རྒུད་པ་སེལ་མཁས་པ། །ཆོས་ཀྱི་རྒྱ་མཚོར་གུས་པས་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །མི་དགེའི་བཤེས་དང་ལོག་པའི་ལམ་སྤངས་ཏེ། །ཟབ་ལམ་ཚུལ་བཞིན་སྟོན་པའི་བཤེས་གཉེན་གྱིས། །དགེས་ཤིང་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཐུན་མོང་མིན་པའི་ཆོས་ཀྱི་གནད་ཐོས་ནས། །ལམ་གྱི་རྩ་བ་ཡང་དག་དགེ་བའི་བཤེས། །ཁྱབ་བདག་རྡོ་རྗེ་སེམས་དཔའི་སྐུར་མཐོང་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །ཅེས་པ་འདི་ནི་དབོན་པོ་ཀུན་དགའ་དཔལ་བཟང་གིས་ཁ་ཏོན་དུ་བྱ་བའི་ངོར། དགེ་སློང་ཤཱཀྱ་མཆོག་ལྡན་གྱིས་སྦྱར་བའོ།།  ༈  །།བདག་ཆེན་ཆུ་མིག་པ་བློ་གྲོས་དབང་ཕྱུག་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། བློ་གྲོས་མངོན་མཐོའི་ཁང་བཟང་ཉམས་དགའ་བར། །མཁྱེན་རབ་དབང་ཕྱུག་ལེགས་པའི་འབྱུང་གནས་གང༌། །ཚུལ་ཁྲིམས་རྣམ་དག་རྒྱལ་མཚན་མཐོན་པོའི་དཔལ། །བཟང་པོའི་གདུགས་དཀར་འཛིན་དེར་མགོས་ཕྱག་འཚལ། །བློ་གྲོས་རབ་ཡངས་མཁྱེན་པའི་དབང་ཕྱུག་ཅན། །ཐུགས་རྗེའི་མངའ་བདག་ལེགས་པའི་འབྱུང་གནས་ཆེ། །རྣམ་དཀར་གྲགས་པའི་རྒྱལ་མཚན་འཛིན་པའི་དཔལ། །བཟང་པོའི་ཕྲིན་ལས་ཅན་དེར་མགོས་ཕྱག་འཚལ། །འགྲོ་མང་བྱམས་པའི་བདུད་རྩིས་ལེགས་སྐྱོང་ཞིང༌། །ཐུགས་རྗེའི་གསུང་གིས་གདུལ་བྱའི་དབུལ་བ་སེལ། །ནམ་ཡང་བྱང་ཆུབ་ཐུགས་ཀྱི་ངང་ཚུལ་ཅན། །བརྩེ་ཆེན་བླ་མ་ཁྱོད་ལ་མགོས་ཕྱག་འཚལ། །ཆོས་ཚུལ་རེ་རེའི་དེ་ཉིད་གསུང་བ་ན། །ཤེས་བྱེད་བརྒྱ་ཡིས་འཐད་པ་དང་བཅས་པས། །ཡིད་ལ་འབབ་ཅིང་རྣ་བར་རབ་སྙན་པར། །གསུང་མཁས་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །དྲི་མེད་ལུང་གི་གློག་ཕྲེང་སྟོང་འཁྱུག་པའི། །ཡང་དག་རིགས་པའི་སྤྲིན་གྱི་རྔ་དབྱངས་ཀྱིས། །ལོག་སྨྲའི་སྙིང་ལ་འཇིགས་པ་ཆེ་བསྐྱེད་ནས། །ཆོས་ཀྱི་ཆར་ཆེན་སྩོལ་ལ་མགོས་ཕྱག་འཚལ། །སྡེབ་སྦྱོར་རྒྱན་གྱི་གངས་རི་ལས་འོངས་ཤིང༌། །མངོན་བརྗོད་རླབས་ཀྱི་ཕྲེང་བས་ཉེར་མཛེས་པའི། །རྩོམ་པའི་ཆུ་ཡིས་ཐུབ་བསྟན་ཡིད་བཞིན་མཚོ། །ལེགས་པར་སྤེལ་བ་ཁྱོད་ལ་མགོས་ཕྱག་འཚལ། །ཟབ་ཡངས་བློ་གྲོས་ཆོས་ཀུན་མཁྱེན་པའི་ཐུགས། །ཚུལ་ཁྲིམས་དབང་ཕྱུག་ངུར་སྨྲིག་འཛིན་པའི་སྐུ། །ལེགས་པའི་འབྱུང་གནས་དམ་ཆོས་སྟོན་པའི་གསུང༌། །རྒྱལ་མཚན་རྩེ་མོར་མཆོད་འོས་དེར་ཕྱག་འཚལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །གང་ཐུགས་རྒྱ་མཚོ་ཇི་བཞིན་གང་བ་དང༌། །ཁྱོད་གསུང་ལྷ་ཡི་རྔ་བཞིན་འདོམས་པ་དང༌། །ཉིད་སྐུ་ལྷུན་པོ་བཞིན་དུ་ཞབས་བརྟན་ཤོག།  །།མངྒ་ལཾ།།  ༈  །།བདག་ཆེན་བློ་གྲོས་རྒྱལ་མཚན་ལ་བསྟོད་པ།། ༄། །ན་མོ་གུ་རུ་ཝེ། འཇམ་དབྱངས་མཁྱེན་པའི་དབང་པོ་ས་སྐྱ་པ། །རྗེ་བཙུན་བརྩེ་བ་ཆེན་པོའི་གདུང་བཟུང་ནས། །ཕྲིན་ལས་དབང་པོར་གྱུར་པའི་བློ་གྲོས་ཀྱིས། །བསྟན་པའི་རྒྱལ་མཚན་འཛིན་པ་དེ་ལ་འདུད། །གསུང་རབ་མང་དུ་མཁྱེན་པའི་བློ་གྲོས་ཅན། །སྒྲུབ་པའི་རྒྱལ་མཚན་འཛིན་ལ་ཐུགས་གཞོལ་བས། །དབེན་པའི་གནས་སུ་རང་རྒྱུད་སྨིན་མཛད་ནས། །གཞན་ཕན་ལྷུན་གྱིས་གྲུབ་པ་དེ་ལ་འདུད། །རང་བཞིན་ལྷན་སྐྱེས་གདོད་ནས་དག་པའི་སྐུ། །བདེ་ཆེན་ཡེ་ཤེས་སྒྲིབ་ཀུན་བྲལ་བའི་གསུང༌། །ཡོན་ཏན་ཀུན་རྫོགས་ཆོས་དབྱིངས་རྡོ་རྗེའི་ཐུགས། །མ་ལུས་རིགས་བརྒྱའི་བདག་པོར་གསོལ་བ་འདེབས། །ཀུན་རྫོབ་ཆོས་ཀུན་མ་དག་སྣང་བར་མཁྱེན། །ཇི་སྙེད་ཆོས་ཀུན་ཉམས་ཀྱི་ངང་ནས་གསལ། །དག་སྣང་ཆོས་དབྱིངས་ངང་ནས་ཚོགས་གཉིས་པོ། །བསྐྲུན་མཛད་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །སྐལ་བཟང་སློབ་མའི་དཀྱིལ་འཁོར་རྣམ་བཞི་པོ། །རང་བཞིན་ལྷུན་གྲུབ་སྐུ་བཞིར་ངོ་སྤྲད་ནས། །དབང་བཞིས་སྨིན་ཅིང་ལམ་བཞིས་གྲོལ་མཛད་པའི། །ཁྱབ་བདག་འཁོར་ལོའི་མགོན་པོར་གསོལ་བ་འདེབས། །དག་དང་མ་དག་སྣང་བ་ཇི་སྙེད་པ། །སྣང་མཁན་རང་གི་སེམས་སུ་མཁྱེན་གྱུར་ནས། །སེམས་ཉིད་སྤྲོས་པའི་མཐའ་བྲལ་གཟིགས་གྱུར་པ། །ཟུང་འཇུག་ལྟ་བའི་དབང་པོར་གསོལ་བ་འདེབས། །འཁོར་བའི་ཉམས་ཀྱིས་ཆད་པའི་གཡང་ས་སྤངས། །མྱང་འདས་ཉམས་ཀྱིས་རྟག་པའི་མཐར་ཀུན་བསལ། །ཟུང་འཇུག་ངང་ནས་སྒོ་གསུམ་སྐྱོན་བྲལ་བ། །ཡང་དག་སྤྱོད་པའི་དབང་པོར་གསོལ་བ་འདེབས། །ཇི་སྙེད་ཆོས་ཀུན་གསལ་བའི་ངོ་བོར་གཟིགས། །ཇི་ལྟའི་དོན་ལ་རྟོག་མེད་ཐུགས་སུ་ཆུད། །གསལ་སྟོང་ཉམས་སུ་མྱོང་བའི་རྣལ་འབྱོར་གྱིས། །ཟུང་འཇུག་སྒོམ་པའི་དབང་པོར་གསོལ་བ་འདེབས། །རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་སྐུ། །བདེ་ཆེན་ཡེ་ཤེས་མཆོག་ཏུ་འབར་བའི་གསུང༌། །འགྲོས་ཆེན་རྣམ་བཞི་དབུ་མར་ཐིམ་པའི་ཐུགས། །འབྲས་བུའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །རྡོ་རྗེ་ཆོས་སྐྱོང་བྲན་བཞིན་བསྐུལ་བའི་སྐུ། །གོང་མའི་ཆོས་ཀྱི་བང་མཛོད་འཛིན་པའི་གསུང༌། །ཟབ་མོའི་ལམ་གྱི་བྱིན་གྱིས་བརླབས་པའི་ཐུགས། །ཕྲིན་ལས་དབང་པོར་གྱུར་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བསོད་ནམས་ཀྱིས། །མ་དག་སྣང་བ་འཁྲུལ་པར་ཤེས་པ་དང༌། །ཉམས་ཀྱི་སྣང་བ་སྒྱུ་མར་ཤེས་པ་དང༌། །དག་སྣང་ལམ་དུ་ལོངས་པར་བྱིན་གྱིས་རློབས། །མ་དག་སྣང་བས་ཡིད་འབྱུང་སྐྱེ་བ་དང༌། །ཉམས་ཀྱི་སྣང་བས་བྱམས་བརྩེ་འཕེལ་བ་དང༌། །དག་པའི་སྣང་བས་སེམས་ཅན་རྣམས་དོན་དུ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །རྒྱུ་རྒྱུད་སྦྱང་གཞིའི་གནས་སུ་ཤེས་པ་དང༌། །ཐབས་རྒྱུད་སྦྱོང་བྱེད་ངོ་བོར་རྟོགས་པ་དང༌། །ཉེས་ཀུན་ཟད་ཅིང་ཡོན་ཏན་ཀུན་རྫོགས་པའི། །འབྲས་རྒྱུད་ལམ་དུ་ལོངས་པར་བྱིན་གྱིས་རློབས། །གཉིས་འཛིན་འཁྲུལ་པ་རང་སར་དག་པ་དང༌། །བླང་དོར་ཚུལ་བཞིན་བྱེད་པའི་སྤྱོད་པ་དང༌། །རང་བྱུང་ལྷན་ཅིག་སྐྱེས་པའི་ལྟ་བ་དང༌། །ཟུང་འཇུག་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །གཞན་དབང་ལུས་ལ་རྟེན་འབྲེལ་འགྲིག་གྱུར་ནས། །ཀུན་བཏགས་གཟུང་འཛིན་བྲལ་བའི་ལྟ་བ་ཡིས། །མ་རིག་མུན་པ་བྲལ་བའི་ཆོས་ཅན་ཡང༌། །ཡོངས་གྲུབ་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས། །ཅེས་པ་འདི་དད་པ་དང་ལྡན་པ་མང་པོས་བསྐུལ་བའི་ངོར་རྗེ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་བདུད་རྩི་ཉེ་བར་བླངས་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །།བྷ་ཝནྟུ།།  ༈  །།སྟག་ལུང་ཀ་བཞི་པ་རིན་ཆེན་བཀྲ་ཤིས་ཀྱི་རྟོགས་པ་བརྗོད་པ་དངོས་གྲུབ་ཀྱི་སྙེ་མ།། ༄། །སྭསྟི། རང་གི་བླ་མ་དུས་འཁོར་པ་ཆེན་པོ་ལ་བསྟོད་པ། སེན་མོའི་དམར་འོད་ཉི་མ་དང༌། །མཛོད་སྤུའི་འོད་དཀར་ཟླ་བ་ཡིས། །མཚན་ཡང་ཉིན་མོ་ལྟར་མཛད་པ། །དུས་ཀྱི་འཁོར་ལོའི་མཁྱེན་བརྩེ་ལ། །ཕྱག་འཚལ་ཁྱོད་ནི་རྫོགས་སངས་རྒྱས། །མང་པོའི་ཐུགས་ཀྱི་ཉིང་ཁུ་མཆོག །ཁོ་ནར་མ་ཟད་རིག་པའི་གནས། །མ་ཚང་མེད་ཀུན་ཁྱོད་ལ་མངའ། །ཚངས་པས་དྲན་དང་བྷ་ར་ཏས། །སྦྱར་བའི་བསྟན་བཅོས་ལ་ཞེན་པའི། །ཁེངས་ལྡན་དག་ཀྱང་དྲེགས་པའི་ཆང༌། །སྐྱུགས་པར་བྱས་ནས་ཁྱོད་དྲུང་དུ། །གུས་པར་ལྷགས་པ་མ་ཡིན་ནམ། །དེ་ཕྱིར་འཕགས་པའི་ཡུལ་དག་ཏུ། །ཕྱི་རོལ་རྒྱུ་སྐར་མཁན་འགའ་ལ། །འགྲམ་པའི་ཆུ་གཏེར་ལྡང་མི་དགོས། །སངས་རྒྱས་གྲུབ་མཐའ་རྣམ་བཞི་པོ། །སོ་སོའི་རྣམ་གཞག་མ་འཁྲུལ་བ། །ཁྱོད་ལ་སྔ་ཕྱིར་ཤིང་རྟ་ཡི། །སྲོལ་འབྱེད་གཞན་ལ་རག་མ་ལས། །ཕ་རོལ་ཕྱིན་ཚུལ་ཟབ་པ་དང༌། །རྒྱ་ཆེན་མཐའ་དག་ཁྱོད་ཀྱིས་བསྡུས། །སྟོང་ཉིད་སྙིང་རྗེ་ཅན་ཚུལ་གྱི། །ཆོས་འགའ་གཞན་ནས་བཙལ་མི་དགོས། །སྟོང་ཉིད་སྙིང་རྗེ་ཐ་དད་དུ། །དབྱེ་ནུས་མིན་པ་ཁྱོད་ལ་མངའ། །དེ་ཡི་རྣམ་དབྱེ་ཐ་དད་དུ། །དབྱེ་བས་ཁྱོད་གཞུང་ཁོང་མི་ཆུད། །ཤིང་རྟའི་སྲོལ་དུ་མ་གྲགས་པའི། །ངེས་པའི་དོན་ཟབ་ཁྱོད་ལ་མངའ། །དེ་མངོན་བྱེད་པའི་ཐབས་མཆོག་ཀྱང༌། །གཞན་དུ་མ་གྲགས་ཁྱོད་ཀྱིས་བཤད། །ཁེངས་ལྡན་གསང་སྔགས་པ་གཞན་ལ། །མ་གྲགས་ཕྱི་ནང་གཞན་གསུམ་མཁྱེན། །རྣམ་ཤེས་བློ་ལ་ཕྱི་ནང་དུ། །གང་སྣང་གཟུང་འཛིན་ཀུན་རྫོབ་པ། །ཡེ་ཤེས་ཉིད་ལའང་དེ་ལྟར་དུ། །ཅི་ལྟར་གཞན་ཏེ་དོན་དམ་པར། །སྟོན་མཛད་བླ་མ་མཆོག་དེ་ལ། །ཕྱི་ནང་གཞན་གསུམ་ཕྱག་དང་ཡང༌། །དེ་གསུམ་མཆོད་པར་ཕུལ་ནས་ཡང༌། །ཕྱི་ནང་གཞན་གསུམ་དངོས་གྲུབ་ཡང༌། །ཡང་དང་ཡང་དུ་གསོལ་བར་འདེབས། །རིན་ཆེན་ལས་གྲུབ་དུས་འཁོར་ལོའི། །ཁང་བཟང་ཡིད་འོང་ཉམས་དགའ་བར། །དྲུག་བརྒྱས་ལྷག་པའི་སྟོང་ཕྲག་གི །བཀྲ་ཤིས་ཡ་མཚན་ལྟད་མོ་ནི། །ཆོས་དབྱིངས་ཡེ་ཤེས་འཇའ་ཚོན་གྱི། །རི་མོ་ཇི་བཞིན་རྣམ་བཀྲ་བ། །སྒྲིབ་ཐོགས་མེད་པར་དེར་བཅུག་ནས། །དབང་བདུན་བསྐུར་ནས་ཐུན་མོང་གི །གྲུབ་པ་དག་དང་རྒྱུད་འགྲེལ་གྱི། །བཤད་ཉན་རྫོགས་པ་དེ་སྩལ་ནས། །འཇིག་རྟེན་འདས་པའི་དབང་བཞི་པོ། །སློབ་མར་བྱེད་དང་སློབ་དཔོན་དུ། །བྱེད་པའི་ཚུལ་ཀུན་མཐར་ཕྱིན་པར། །སྩལ་ནས་བསྙེན་སྒྲུབ་ཡན་ལག་བཞི། །རྫོགས་པར་གནང་བའི་བླ་མ་མཆོག །རིན་ཆེན་བཀྲ་ཤིས་ཞེས་བྱ་བའི། །མཚན་ཅན་དེ་ཡིས་ཕ་རོལ་དུ། །ཕྱིན་པའི་དཀའ་བཞི་ཐོག་མར་སྦྱངས། །དེ་ནས་བུ་སྟོན་ལོ་ཙཱ་བའི། །གྲྭ་སར་རྒྱུད་སྡེ་རྣམ་བཞི་ཡི། །ལག་ལེན་ཆོ་ག་མ་ལུས་མཁྱེན། །སྐབས་དེར་ཨེ་ཝཾ་ཆོས་ཀྱི་རྗེ། །ཀུན་དགའི་མཚན་ལ་ལམ་འབྲས་དང༌། །རྡོར་ཕྲེང་ཀྲྀ་ཡ་སཾ་ཌ་ཞུས། །བུ་སྟོན་ལོ་ཙཱའི་གསུང་རབས་དང༌། །ཆོས་རྗེ་བླ་མས་མཛད་ཆོས་ཀྱང༌། །དེ་སྲས་ཤེས་རབ་མཚན་ཅན་དང༌། །སྐུ་ཞང་ཆོས་རྗེར་གྲགས་ལ་གསན། །དེ་ལྟར་བསླབས་སྦྱངས་མཐར་ཕྱིན་པ། །མཛད་ནས་མཁྱེན་དང་གྲུབ་པ་དེས། །རིག་པའི་འབྱུང་གནས་འཕན་ཡུལ་དུ། །ཆེ་མཉན་གྲགས་ཅན་མང་པོ་དང༌། །མཁས་བཙུན་སློབ་མ་བགྲང་ཡས་ལ། །དབང་དང་རྒྱུད་འགྲེལ་གདམས་ངག་སོགས། །གསང་སྔགས་ཆོས་ཀྱི་ཆར་ཆེན་ཕབ། །རང་རང་རྒྱུད་པ་ལས་འོངས་པའི། །དམ་ཆོས་འདོད་པས་གདུངས་རྣམས་ལ། །རེ་འདོད་ཡིད་བཞིན་མཚོ་ཆེན་པོ། །རང་རང་ལྷག་བསམ་དང་མཐུན་པར། །མགྱོགས་པར་ཁེངས་མཛད་བླ་མ་མཆོག །ཡིད་བཞིན་རིན་ཆེན་གཏེར་མངའ་བའི། །བཀྲ་ཤིས་མ་ལུས་དེང་འདིར་སྩོལ། །ཞེས་མཚན་རྗེན་པ་ནས་བརྗོད་པར་དཀའ་བའི་སེམས་དཔའ་ཆེན་པོ་སྟག་ལུང་དཀའ་བཞི་བར་གྲགས་པའི་རྟོགས་བརྗོད། དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་གྲུབ་པའོ།།  །།ཤུ་བྷཾ།།  ༈  །།བཟད་པ་བློ་གྲོས་རྒྱལ་མཚན་ལ་བསྟོད་པ།། ༄། །དམ་ཆོས་འཁོར་ལོ་སྒྱུར་བའི་དཔལ་མངའ་བ། །འགྲོ་བཟང་དབང་པོ་སྟོང་གི་སྤྱི་བོ་ན། །རྣམ་གྲོལ་གདུགས་དཀར་གཡོ་བ་རྒྱལ་བའི་སྲས། །གྲགས་པའི་རྒྱལ་མཚན་འཛིན་ལ་གསོལ་བ་འདེབས། །ཁྱོད་ནི་བསྐལ་པ་དུ་མའི་སྔ་རོལ་དུ། །འཇམ་དབྱངས་གཞོན་ནུའི་དམ་ཆོས་ཁུར་ཅན་དེ། །བློ་གྲོས་ཤིང་རྟའི་ཁྲི་ལ་ལེགས་དྲངས་ནས། །སྲིད་མཚོ་སྒྲོལ་བར་མཛད་ལ་གསོལ་བ་འདེབས། །འཁོར་ལོ་བཞི་ཡི་དཔལ་ལ་དབང་འབྱོར་པས། །ཐུབ་པའི་བརྟུལ་ཤུགས་རྫོགས་པར་ལེགས་བླངས་ནས། །ཐོས་བསམ་སྒོམ་པས་དུས་གསུམ་རྒྱལ་བ་ཡི། །ཐུགས་ཀྱི་བང་མཛོད་འཛིན་ལ་གསོལ་བ་འདེབས། །ཀུན་སྤྱོད་རྣམ་དག་གནས་བརྟན་འདུལ་བ་འཛིན། །ཕྲིན་ལས་ལྷུན་གྱིས་གྲུབ་པའི་སེམས་དཔའ་ཆེ། །གསང་བའི་མཛོད་འཛིན་རྗེ་བཙུན་རྡོ་རྗེ་འཆང༌། །ཐུབ་བསྟན་རྒྱ་མཚོའི་གཏེར་ལ་གསོལ་བ་འདེབས། །རླབས་ཆེན་ཤུགས་དྲག་རིགས་པའི་དཔུང་ཚོགས་ཀྱིས། །ཉེས་བཤད་དགྲ་སྡེའི་ཚོགས་རྣམས་ཕམ་མཛད་ནས། །གཞུང་ལུགས་མི་འབྱེད་བཞི་ལ་དབང་འབྱོར་བ། །ཐུབ་པའི་རྒྱལ་སྲིད་སྐྱོང་ལ་གསོལ་བ་འདེབས། །ཕུན་ཚོགས་ཚོགས་གཉིས་རྟ་ལྗང་རོལ་བའི་རྩེར། །གསུང་རབས་རབ་འབྱམས་མཁྱེན་པའི་དཀྱིལ་འཁོར་བརྒྱས། །ལེགས་བཤད་བཤད་པའི་འོད་སྟོང་གཡོ་བ་ལ། །ལུས་ཅན་ཀུན་གྱི་མགོན་ལ་གསོལ་བ་འདེབས། །ཁྱོད་ནི་བློ་གྲོས་ཡངས་པའི་དགེ་ལེགས་ཀྱིས། །སྣང་སྟོང་སྐབས་གསུམ་དབང་པོའི་ལམ་ཡངས་པོར། །བདེ་སྟོང་སྒྱུ་མའི་གར་གྱིས་དགྱེས་རོལ་ཞིང༌། །གང་ཤར་ལྷ་སྐུར་གཟིགས་ལ་གསོལ་བ་འདེབས། །དྲི་མེད་དབང་དང་རྣམ་དག་རྒྱུད་བཤད་དང༌། །གདམས་པའི་ལུས་རྫོགས་ངག་གཟེངས་འཐོན་པོ་ཡིས། །སྦས་པའི་དོན་རྣམས་དངོས་སུ་སྟོན་མཛད་པའི། །བཀའ་དྲིན་མཉམ་མེད་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་སྐྱེ་བ་ཐམས་ཅད་དུ། །མཁྱེན་བརྩེ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ་དང༌། །མངོན་པར་རྣམ་སངས་རྒྱས་པའི་དང་པོ་ལ། །དམ་ཆོས་བདུད་རྩིས་ཚིམ་པར་བྱིན་གྱིས་བརློབས། །གནས་སྐབས་སུའང་ལུས་དང་ལོངས་སྤྱོད་ཀུན། །ལྟོས་པ་མེད་པར་ཁྱེད་ལ་རབ་ཕུལ་ནས། །སྨིན་བྱེད་དབང་དང་གྲོལ་བྱེད་རིམ་གཉིས་ཀྱིས། །སྲིད་པའི་རྒྱ་མཚོ་སྐེམས་པར་བྱིན་གྱིས་བརློབས། །ཚེ་འདི་ལ་ཡང་དལ་འབྱོར་གྲུ་བཟང་འདི། །རྒྱ་ཆེན་ཐོས་པའི་རྒྱ་མཚོ་ལས་བརྒལ་ནས། །ཆོས་དང་ཆོས་མིན་འབྱེད་པའི་རྣམ་དཔྱོད་ཀྱི། །སྒོམ་བྱུང་བདུད་རྩིས་ཚིམ་པར་བྱིན་གྱིས་བརློབས། །དགེ་བ་འདིས་ཀྱང་འགྲོ་བ་མ་ལུས་པ། །གཏིང་ཟབ་འཁོར་བའི་མཚོ་ལས་སྒྲོལ་བྱེད་པའི། །དོན་གཉིས་ཕ་མཐའ་སོན་པའི་བཅོམ་ལྡན་འདས། །རྒྱལ་བའི་གོ་འཕང་ཐོབ་པར་བྱིན་གྱིས་བརློབས། །སྐྱེ་དང་སྐྱེ་བར་ཁྱེད་སྐུ་ཅི་འདྲ་ཞིང༌། །ཞིང་ཁམས་གང་དུ་བྱང་ཆུབ་མ་ཐོབ་བར། །བར་ཆད་མེད་པར་རྗེས་སུ་འཛིན་པ་དང༌། །དྭང་བའི་སེམས་ཀྱིས་བཀའ་བཞིན་འགྲུབ་གྱུར་ཅིག།  །།དགེའོ།།  ༈  །།རིགས་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་གྱི་རྟོགས་པའི་ཆ་ཤས་བརྗོད་ཅིང་འདུད་པ་བློ་གསལ་གྱི་མགུལ་རྒྱན་ཞེས་བྱ་བ།། ༄། །རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །སྐལ་བཟང་སྐྱེ་དགུའི་མགོན་གྱུར་ཆོས་ཀྱི་རྗེ། །ཞབས་ཀྱི་ཆུ་སྐྱེས་འགྲོ་བའི་ཅོད་པཎ་ལ། །འབྲལ་མེད་རེག་ཅིང་བརྩེ་བས་ཉེར་དགོངས་ཏེ། །ཡང་དག་རིགས་པའི་ལམ་མཆོག་མྱུར་དུ་སྩོལ། །དགེ་ལེགས་ཀུན་གྱི་རིན་ཆེན་འབྱུང་གནས་དེར། །རྨད་བྱུང་ལེགས་བྱས་བ་དན་རབ་བསྐྱོད་པས། །ཕྱོགས་ལས་རྣམ་རྒྱལ་དབང་གི་རྒྱལ་པོས་མཛེས། །ཕྱོགས་དུས་ཀུན་དུ་དགེ་མཚན་སྟེར་ལ་འདུད། །ངེས་འབྱུང་ཤུགས་ཀྱིས་ཐུབ་བསྟན་མཁའ་ལ་འཕགས། །དྲི་མེད་བསླབ་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས། །དྲང་སྲོང་མཆོག་གི་བརྟུལ་ཞུགས་འོད་བརྒྱ་འཛིན། །ཚངས་སྤྱོད་རི་བོང་མཚན་མས་བརྒྱན་ལ་འདུད། །ཡང་དག་རིགས་བཞིའི་བཞོན་པས་ལེགས་དྲངས་པའི། །ལེགས་བཤད་ངག་གི་ཚ་ཟེར་དྲྭ་བ་ཡིས། །ལུས་ཅན་རྣ་བའི་པདྨོ་ལྡན་པ་དག །ཡིད་ཀྱི་འདབ་བརྒྱ་རྫོགས་པར་མཛད་ལ་འདུད། །རླབས་ཆེན་ཤུགས་དྲག་རིགས་པའི་དཔུང་ཚོགས་ཀྱིས། །ཉེས་བཤད་དགྲ་སྡེའི་ཚོགས་རྣམས་ཕམ་བྱས་ནས། །གཞུང་ལུགས་གླིང་ཆེན་བཞི་ལ་དབང་བསྒྱུར་བའི། །དམ་ཆོས་འཁོར་ལོས་སྒྱུར་ལ་གུས་པས་འདུད། །རྒྱལ་སྲས་བྱེ་བའི་དབུས་ན་མཁྱེན་པའི་གཏེར། །འཕགས་པའི་ཡུལ་ན་རྣམ་འགྲེལ་བདག་པོ་དང༌། །གངས་ཅན་ལྗོངས་འདིར་རིགས་སྨྲའི་དབང་ཕྱུག་ཅེས། །གྲགས་པའི་གདུགས་དཀར་འཛིན་ལ་གུས་པས་འདུད། །མང་ཐོས་ཆུ་གཏེར་ཆེ་ལས་ལེགས་འཐོན་པའི། །རབ་གསལ་གཞུང་བརྒྱའི་དགོངས་འགྲེལ་ཆུ་བོ་སྟོང༌། །མ་བཤད་ཟློས་པའི་དྲི་མས་མ་འདྲེས་པར། །རིགས་པའི་ལམ་དུ་སྦྱིན་མཛད་དེ་ལ་འདུད། །རབ་དཀར་ཐུགས་རྗེ་བརྟེན་ཞིང་ཡངས་པའི་ཁྱོན། །ལྷག་བསམ་དཔལ་གྱི་ཕུན་ཚོགས་ཅི་ཡང་བསྐྲུན། །མཐའ་ཡས་ཕན་བདེའི་ཁུར་གྱིས་མི་ངལ་བའི། །རྒྱལ་སྲས་རྒྱ་མཚོའི་གོས་ཅན་དེ་ལ་འདུད། །མགོན་པོ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ལས། །དད་པའི་སྙིམ་པས་ཆ་ཙམ་ལེགས་བླངས་ཏེ། །བློ་ལྡན་འགའི་མགུལ་པར་ཕུལ་བ་ཡིས། །ཐོབ་པའི་དགེ་བ་རབ་ཡངས་དྲི་མེད་དེས། །ཐེག་པ་མཆོག་སྟོན་དགེ་བའི་བཤེས་གཉེན་དང༌། །དུས་གསུམ་རྒྱལ་བའི་ཆོས་ཚུལ་མ་ལུས་དང༌། །དལ་འབྱོར་མཚན་མས་མཛེས་པའི་ལུས་བཟང་དང༌། །སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །ཡང་དག་དོན་གྱི་ལང་ཚོ་རབ་རྒྱས་ཤིང༌། །ལེགས་སྦྱར་ཚིག་གི་བཞིན་མདངས་རབ་གསལ་འདི། །དད་པའི་ཆགས་ལྡན་ཚུལ་ཁྲིམས་སེང་གེ་ཡི། །རེ་བ་རྫོགས་ཕྱིར་ཤཱཀྱ་ཞེས་པས་སྤྲུལ།།  །།མངྒ་ལཾ།། ༈  །།ཤླཽ་ཀ་དང་པོས་རབ་བྱེད་འདིའི་སྤྱིའི་དགོས་འབྲེལ་བཤད། གཉིས་པས་བསྟོད་ཡུལ་ངོས་བཟུང་ཞིང་བསྟོད་པ་མདོར་བསྟན། གསུམ་པས་ཟླ་བ་དང་མཚུངས་པར་བཤད་པའི་སྒོ་ནས་བཙུན་པ་ལུས་ཀྱི་ཡོན་ཏན་བཤད། མཁས་པའི་ཡོན་ཏན་ནི་འཆད་རྩོད་རྩོམ་གསུམ་ཡིན་པས། བཞི་པས་ཉི་མ་དང་མཚུངས་པའི་སྒོ་ནས་འཆད་པ་ངག་གི་ཡོན་ཏན་བཤད། ལྔ་པ་དང་དྲུག་པས་བརྩོད་པ་ངག་གི་ཡོན་ཏན་བཤད། དེ་ཡང་ལྔ་པས་འཁོར་ལོ་སྒྱུར་རྒྱལ་དང་འདྲ་བར་ཇི་ལྟར་རྩོད་པའི་ཚུལ་དང་བརྩོད་པའི་འབྲས་བུ་གཉིས་བཤད། དྲུག་པས་ཡོངས་སུ་གྲགས་པའི་མཚན་གྱི་རྣམ་གྲངས་བསྟན་པའི་སྒོ་ནས་རྩོད་པ་ལ་ཇི་ལྟར་དབང་བའི་ཚུལ་བཤད། བདུན་པ་ཀླུ་དང་མཚུངས་པའི་སྒོ་ནས་རྩོམ་པ་དང༌། བརྒྱད་པས་ས་གཞི་དང་མཚུངས་པའི་སྒོ་ནས་བཟང་བ་ཡིད་ཀྱི་ཡོན་ཏན་བཤད། དགུ་པས་རབ་བྱེད་འདི་ཇི་ལྟར་བརྩམ་པ་དང༌། བརྩམས་པ་ལས་དགེ་བ་ཐོབ་ཚུལ་བཤད། བཅུ་པས་རིགས་པའི་དབང་ཕྱུག་འདི་ཉིད་དང་ཚེ་རབས་ཀུན་ཏུ་མི་འབྲལ་བའི་སྨོན་ལམ་མཚན་དང་སྦྱར་བའི་འཕྲོས་དང་བཅས་པས་འཇུག་བསྡུས་སོ། །ཞེས་པ་འདི་ནི་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་ཅན་ཚུལ་ཁྲིམས་སེང་གེས་ནན་གྱིས་བསྐུལ་བའི་ངོར། རིགས་པ་སྨྲ་བར་ཁས་འཆེ་བ་ཤཱཀྱ་མཆོག་ལྡན་གྱིས་མེ་མོ་ཡོས་ཀྱི་ལོ་ལ་གནས་ནང་ཞེས་བྱ་བའི་རི་ཁྲོད་དུ་སྦྱར་བའོ།།  ༈  །།རྗེ་སྟག་ལུང་ཐང་པ་ངག་གི་དབང་ཕྱུག་གྲགས་པའི་ཞབས་ལ་གསོལ་བ་འདེབས་པ་ངེས་དོན་གཏམ་གྱི་མཆོད་དབྱངས་ཞེས་བྱ་བ་བཞུགས།། ༄། །ན་མོ་གུ་རཱ་ཝེ། ཨིནྡྲཱ་བུདྡྷིའི་ཐུགས་ཀྱི་སྤྲུལ་པ་མཆོག །བཀྲ་ཤིས་ཉིན་མོའི་དཔལ་གྱིས་བྱིན་རླབས་པས། །རིགས་གཞུང་ཀུན་སྦྱངས་ངེས་པར་གྲུབ་དབང་པོ། །སྲིད་གསུམ་འགྲོ་བའི་མགོན་ལ་གསོལ་བ་འདེབས། །ངག་དབང་ཀུན་གྱི་བླ་ན་ངེས་བཞུགས་ཤིང༌། །གྲགས་པའི་བ་དན་འཇིག་རྟེན་གསུམ་ན་གསལ། །ཐུགས་རྗེའི་ཕྱག་གིས་འགྲོ་ཀུན་གོང་ནས་གོང༌། །འདྲེན་མཛད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །མཐོན་པོའི་རིགས་འཁྲུངས་རྣམ་དཔྱོད་ངང་གིས་གསལ། །ལྷག་པའི་ལྷ་གྲུབ་ངག་གི་དབང་པོར་གྱུར། །རླབས་ཆེན་མཛད་པས་གྲགས་པའི་གདུགས་དཀར་པོ། །གཡོ་མཛད་མཁྱེན་བརྩེའི་གཏེར་ལ་གསོལ་བ་འདེབས། །དང་པོ་དགེ་བའི་བཤེས་དང་ཡི་དམ་བསྙེན། །བར་དུ་ངག་དབང་མཁས་པའི་གོ་འཕང་བཟུང༌། །ཐ་མར་དབེན་པའི་གནས་སུ་གྲུབ་མཛད་པ། །གྲགས་པའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྔོན་ཚེ་འོད་གསལ་གྲུབ་པའི་དབང་པོ་ཞིག །ཆོས་ཀྱི་གདུང་འཛིན་ཆེན་པོའི་རྒྱུད་འཁྲུངས་ནས། །གཞོན་ནུར་གྱུར་པའི་རོལ་རྩེད་མཛད་པ་ན། །གང་ཤར་སྒྱུ་མར་གཟིགས་ལ་གསོལ་བ་འདེབས། །མ་འཁྲུལ་ལྟ་བའི་གནས་ལ་གདེང་ཐོབ་ཅིང༌། །མ་ཉམས་ཐབས་ལམ་ཚུལ་ལ་དབང་འབྱོར་པས། །གཞན་ལ་མེད་པའི་ཆོས་ཀྱི་ལམ་ཆེན་པོ། །འཛིན་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་མཆོག་རྒྱལ་སྲས་སྤྱོད་པ་ལ། །ནམ་ཡང་མི་འགོང་བསྟན་པའི་རྩ་བ་ནི། །ཆོས་འདུལ་བཅས་པའི་མཚམས་ལས་མི་འདའ་བ། །མཁས་བཙུན་རྒྱལ་བའི་སྲས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བགྱི་བ་ཅི་མཛད་པ། །རྒྱལ་བའི་བསྟན་དང་སེམས་ཅན་དོན་འབའ་ཞིག །ངེས་པར་དགོངས་པའི་ཕྲིན་ལས་བཟང་པོ་ཡིས། །གངས་ཅན་ཉིན་མོར་མཛད་ལ་གསོལ་བ་འདེབས། །འཆལ་ཚུལ་དྲི་བྲལ་སྒྲུབ་པའི་འོད་སྟོང་གིས། །སྒྲུབ་རྒྱུད་སྐར་མའི་ནང་ན་ཆེར་གསལ་བས། །བཀའ་རྒྱུད་བསྟན་པ་ཉིན་མོ་ལྟར་མཛད་པ། །ཀུན་གྱིས་བཀུར་བར་འོས་ལ་གསོལ་བ་འདེབས། །གཟུང་འཛིན་གཉིས་སྣང་སྤྲོས་པ་ཀུན་བྲལ་བ། །འགྱུར་མེད་བདེ་ཆེན་ཡེ་ཤེས་ཀྱིས་རྟོགས་ནས། །བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་སྐུ། །ངེས་པར་མངོན་དུ་མཛད་ལ་གསོལ་བ་འདེབས། །སྦྱོར་བའི་དུས་སུ་སྤྲོས་པའི་ཚོགས་ཀུན་བྲལ། །དངོས་གཞིའི་ཚེ་ན་ཅིར་ཡང་མི་དམིགས་པའི། །འཛིན་མེད་ངང་ནས་ཕྱག་རྒྱ་ཆེར་རོལ་པ། །ལྟ་བའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །རྗེས་ཐོབ་སྤྲོས་པའི་འཆར་ཚུལ་ཇི་སྙེད་པ། །སྣང་སྟོང་སྒྱུ་མའི་རྣམ་རོལ་དུ་གཟིགས་ནས། །རྒྱ་ཆེན་བསོད་ནམས་ཚོགས་ལ་སྤྲོ་མཛད་པ། །སྤྱོད་པའི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །རིག་གནས་མ་ལུས་མཁྱེན་པའི་སྤྱན་གྱིས་གཟིགས། །འགྲོ་བ་མ་ལུས་བརྩེ་བའི་ཕྱག་གིས་བཟུང༌། །ཕྲིན་ལས་བཟང་པོས་བསྟན་པ་གནས་པ་དང༌། །འགྲོ་དོན་འབའ་ཞིག་དགོངས་ལ་གསོལ་བ་འདེབས། །རྗོད་བྱེད་གཙང་ཞིང་བརྗོད་བྱའི་དོན་རྣམས་གསལ། །རྣ་བར་སྙན་ཞིང་སྙིང་ལ་ངེས་པར་སིམ། །ཉན་པོའི་བློ་ལ་ངེས་པར་སྟེར་མཁས་པའི། །འཆད་ལ་འགྲན་མེད་ཁྱོད་ལ་གསོལ་བ་འདེབས། །མདོ་ལུང་རྒྱ་མཚོའི་འཇིངས་ནས་ཉེར་བླངས་ཤིང༌། །རྣམ་དཔྱོད་སྤོབས་པའི་རྟ་བརྒྱས་ངེས་དྲངས་པའི། །ལུགས་ངན་ཕམ་བྱེད་རིགས་པའི་ཉི་མ་ཡིས། །གཞན་བློའི་མུན་པ་སེལ་ལ་གསོལ་བ་འདེབས། །ནང་དོན་རིག་པའི་གངས་རི་ལས་འོངས་ཤིང༌། །སྡེབ་སྦྱོར་ལུགས་བརྒྱའི་ལམ་ཆེན་ཉེར་བརྒྱུད་ནས། །ཐ་སྙད་གཞུང་བརྒྱའི་སྤུ་ཕྲེང་མཛེས་འཛིན་པ། །རྩོམ་པའི་ཆར་ཆེན་འབེབས་ལ་གསོལ་བ་འདེབས། །ཚུལ་ཁྲིམས་རྣམ་དག་སྒྲུབ་པའི་རྒྱལ་མཚན་བཟུང༌། །གཞུང་ལུགས་ཀུན་མཁྱེན་གྲུབ་པའི་ས་ལ་བཞུགས། །མ་འོངས་ལུང་སྟོན་རྡོ་རྗེ་ཆོས་སྐྱོང་རྣམས། །བྲན་བཞིན་བཀོལ་མཛད་ཁྱོད་ལ་གསོལ་བ་འདེབས། །དབྱངས་ཅན་དགའ་བའི་ལེགས་བཤད་གཏམ་ཆེན་པོས། །ཁྱོད་བློའི་བང་མཛོད་ཕོངས་པ་ཀུན་དང་བྲལ། །རང་རིགས་གོང་མའི་དཔག་བསམ་འདོད་འཇོ་ལས། །བདུད་རྩིའི་དཔལ་མངའ་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་ཁྱོད་ལ་གུས་པས་གསོལ་འདེབས་ཤིང༌། །ཐོས་བསམ་སྒོམ་པའི་མཆོད་པས་མཉེས་པར་བགྱི། །ལྟ་སྤྱོད་ལོག་པར་གྱུར་རྣམས་མཐོལ་བགྱིས་ནས། །སྐྱེ་བ་ཀུན་དུ་རྗེས་སུ་འཛིན་གྱུར་ཅིག །དུས་གསུམ་དགེ་བ་ཀུན་ལ་ཡི་རང་ཞིང༌། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བསམ་ཡས་འགྲོ་བའི་དོན་དུ་ཞབས་བརྟན་པར། །གསོལ་བ་འདེབས་སོ་འགྲོ་ཀུན་བྱིན་གྱིས་རློབས། །དབོན་རྒྱུད་གངས་རི་ལྟ་བུར་འབྲེལ་བ་དང༌། །བུ་སློབ་ཆུ་བོ་བཞིན་དུ་འབབ་པ་དང༌། །ཕྲིན་ལས་རྒྱ་མཚོ་ཇི་བཞིན་གང་བ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་རྗེ་སྟག་ལུང་ཐང་པ་ངག་གི་དབང་ཕྱུག་གྲགས་པའི་ཞབས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ངེས་དོན་གཏམ་གྱི་མཆོད་དབྱངས་ཞེས་བྱ་བ་འདི་ནི། ཕྱག་ཆེན་པ་དཔལ་ལྡན་ཆོས་བཟང་ཞེས་བྱ་བས་བསྐུལ་པའི་ངོར། རྗེ་དེ་ཉིད་ཀྱི་བཀའ་འབངས་སུ་གྱུར་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི། ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།རྗེ་དམར་སྟོན་རྒྱ་མཚོ་རིན་ཆེན་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། ལུང་དང་རྟོགས་པའི་ཡོན་ཏན་བགྲང་ཡས་ཀྱིས། །གང་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །ཕྲིན་ལས་ཆུ་བོ་སྟོང་ཕྲག་འབེབས་མཛད་པ། །ཆོས་ཀྱི་རྒྱ་མཚོའི་རིན་ཆེན་བསྔགས་པར་འོས། །གནས་བརྟན་ཆེན་པོ་ལམ་ཕྲན་བསྟན་ཉིད་ཀྱི། །རྣམ་འཕྲུལ་དངོས་གྱུར་དཔལ་ལྡན་རིན་ཆེན་ལས། །རབ་བྱུང་བསྙེན་པར་རྫོགས་ནས་ཉེར་གསུམ་པར། །བསླབ་སྦྱངས་མཐར་ཕྱིན་སྒྲུབ་ལའང་བརྩོན་པར་མཛད། །དེ་ནས་བཟུང་སྟེ་རང་ལོ་དོན་དྲུག་པ། །མཐར་ཕྱིན་བར་དུ་ལོ་གྲངས་གཅིག་ཙམ་ཡང༌། །བར་ཆད་མེད་པར་དམ་པའི་ཆོས་གསུངས་པས། །སློབ་མའི་ཚོགས་རྣམས་སྨིན་གྲོལ་མཛད་ལ་འདུད། །འདུལ་མདོ་འགྲེལ་པར་བཅས་དང་གླེང་གཞི་དང༌། །སྔགས་ཆོག་གོང་མའི་རྣམ་བཤད་རྒྱས་པ་ཀུན། །མ་ཚང་མེད་པར་ཟླ་བ་གསུམ་རེ་ལ། །རྫོགས་པར་གསུང་བའི་དམ་བཅའ་མཐར་ཕྱིན་མཛད། །མཛོད་འགྲེལ་ཡོངས་རྫོགས་འགྲེལ་བཤད་རྣམ་གཉིས་པོ། །མཆིམས་དང་སྣེའུ་པའི་བཤད་སྲོལ་གྱིས་བརྒྱན་པ། །ཟླ་བ་གཉིས་རེས་ཚང་བར་འཆད་པ་ཡི། །དམ་བཅའ་མཐར་ཕྱིན་དེ་ལ་གེགས་མི་མངའ། །དེ་འདྲ་དེ་ནི་གནས་བརྟན་ཆེན་པོ་ཡི། །གསུང་བཞིན་སྐྱོ་ངལ་མེད་པར་གོམས་བགྱིས་པས། །ཐུགས་དགོངས་ཡོངས་སུ་རྫོགས་པའི་བྱིན་རླབས་ཞེས། །དུས་མཐར་གསུངས་པ་དེ་ལ་སྙིང་ནས་དད། །གང་གི་འཁོར་དུ་དགེ་སློང་ཚོགས་འདུས་པ། །དམ་ཆོས་འདུལ་བའི་ཕྱག་ལེན་སྙིང་པོ་མཆོག །གཞི་གསུམ་རྣམ་གཞག་སྙུང་གནས་ཆོ་ག་ཡིས། །ཀུན་སྤྱོད་གཙང་མར་མཛད་པ་དེ་ལ་དད། །ཁྱོད་སྐུ་བཙུན་པར་མཐོང་བ་ཙམ་གྱིས་ཤེས། །ཁྱོད་གསུང་ཡངས་པར་གསུང་རབ་ཐོས་པས་གོ །ཁྱོད་ཐུགས་བཟང་བར་རིང་དུ་བརྟེན་པས་ཤེས། །མཁས་བཙུན་བཟང་པོའི་གོ་འཕང་མཉེས་ཁྱོད་ཙམ། །རང་གིས་བཟུང་བའི་ཆོས་ཀྱི་གྲྭ་ཆེན་ལས། །མ་གཡོས་བཤད་པའི་རྣམ་གྲངས་དེ་ལྟ་བུ། །མཛད་པོ་གཞན་དག་ཡོད་དམ་འགའ་མེད་ན། །ཁྱོད་ལ་ལྷག་པར་སྐྱབས་སུ་མཆི་མིན་ནམ། །ཁྱེད་ཅག་བླ་མར་བཅས་པའི་སྒྲིན་འགྲུས་ཀྱིས། །བསྟན་ལ་ལྷག་པར་བསམས་པའི་གོ་ཆ་འདི། །ནུས་ལྡན་སློབ་མའི་ལུས་ངག་ཡིད་གསུམ་པོས། །འབྲལ་པ་མེད་པར་གྱོན་དགོས་མ་ཡིན་ནམ། །མཐོང་བས་འཇིག་རྟེན་འདས་པར་གོ་ཁྱོད་ཉིད། །བསམས་པས་རྒྱལ་སྲས་ཆེན་པོར་དེ་རིང་ཤེས། །བསྟན་པའི་བྱ་བ་ཟབ་ཅིང་རྒྱ་ཆེ་བར། །མཛད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་འདུན་ཞིང་དད་པའི་དགེ་ལེགས་ཀྱིས། །བདག་ཀྱང་རྒྱལ་བའི་སྲས་ཀྱི་བརྟུལ་ཕོད་དང༌། །ནམ་ཡང་མི་འབྲལ་ཐོས་བསམ་ལག་པ་ཡིས། །བསྟན་པའི་རྒྱལ་མཚན་ཚུགས་པར་འཛིན་བྱེད་ཤོག །འདི་ནི་གྲོ་སའི་དམར་སྟོན་རྒྱ་མཚོ་རིན་ཆེན་ལ་བསྟོད་པའོ།།  །།ཤུ་བྷཾ།།  ༈  །།སྐྱོར་ལུང་མཁན་པོ་ཆོས་རྒྱལ་དཔལ་བཟངས་ལ་བསྟོད་པ།།   ༄། །ན་མོ་གུ་རཱ་ཝེ། དགེ་ལེགས་ཆོས་ཀྱི་ཁང་བཟང་རབ་བཟུང་ནས། །བསླབ་གསུམ་རྣམ་པར་དག་པའི་རྒྱལ་མཚན་ནི། །དཔལ་ལྡན་ཕྲིན་ལས་བཟང་པོའི་རྔ་སྒྲ་ཅན། །ཀུན་གྱིས་མཆོད་པར་འོས་ལ་གསོལ་བ་འདེབས། །དམ་ཆོས་ཚུལ་བཞིན་འདོམས་མཛད་དགེ་བའི་བཤེས། །གཞན་ཕན་འབའ་ཞིག་དགོངས་པ་རྒྱལ་བའི་སྲས། །དོན་གཉིས་ལྷུན་གྲུབ་ས་གསུམ་འགྲོ་བའི་དཔལ། །བློ་བཟང་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཟབ་མོའི་ཆོས་ལ་བསྙེངས་པ་མི་མངའ་ཞིང༌། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་པས། །གངས་ཅན་བསྟན་པའི་དཔལ་དུ་ཤར་གྱུར་པ། །ཀུན་བཟང་ཆོས་ཀྱི་ཉི་མར་གསོལ་བ་འདེབས། །དམ་ཆོས་སྙིང་པོ་འདུལ་བ་འཛིན་པའི་མཆོག །ཕྱོགས་ལས་རྣམ་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། །རིམ་གཉིས་ཟུང་དུ་འཇུག་པའི་དཔལ་མངའ་བ། །བསྐལ་བཟང་བསྟན་པའི་བདག་པོར་གསོལ་བ་འདེབས། །ཟབ་དང་རྒྱ་ཆེའི་ཆོས་རྣམས་མང་དུ་གསན། །རྒྱལ་བའི་དགོངས་པ་ཇི་བཞིན་ཚོལ་ལ་གཞོལ། །ཟུང་འཇུག་མཚན་མ་མེད་པའི་དཔལ་འབར་བ། །མཁས་བཙུན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཀུན་གྱིས་བཀུར་བའི་རིགས་སུ་འཁྲུངས་པའི་སྐུ། །དམ་པའི་ཆོས་རྣམས་ཇི་བཞིན་འཆད་པའི་གསུང༌། །ནམ་ཡང་རྒྱལ་བའི་སྲས་ཀྱི་ཐུགས་མངའ་བ། །འགྲོ་ཀུན་བཟང་པོར་མཛད་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པས་བདག་དང་འགྲོ་བ་ཀུན། །འཇིག་རྟེན་ཆོས་དང་སྡིག་པའི་གྲོགས་སྤངས་ནས། །དམ་པའི་ཆོས་དང་དགེ་བའི་བཤེས་གཉེན་གྱིས། །ཚེ་རབས་འདི་དང་ཕྱི་མར་རྗེས་འཛིན་ཤོག །ཅེས་པ་འདི་ནི། མཁན་ཆེན་གདན་ས་པའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་ནས། རྗེ་བཙུན་དེ་ཉིད་ཀྱི་སློབ་འབངས་སུ་གྱུར་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་ཉེ་བར་སྦྱར་ནས་ཕུལ་བ་ཡིན་ནོ།།  །།མངྒ་ལཾ།།  ༈  །།སྐྱོར་མོ་ལུང་པ་བསོད་ནམས་ཚུལ་ཁྲིམས་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། སྐུ་གསུང་ཐུགས་ཀྱི་བགྱི་བ་ཅི་མཛད་པ། །འགྲོ་བའི་དོན་དང་ཐུབ་པའི་བསྟན་པ་ལ། །ལྷག་པར་དགོངས་པའི་བསོད་ནམས་རླབས་པོ་ཆེས། །ཁྱོད་བློའི་བང་མཛོད་འཛིན་པ་དེ་ལ་འདུད། །ཉན་ཐོས་ཚུལ་ཁྲིམས་བཅས་པའི་འཁོར་ཡུག་ཅན། །བྱང་སེམས་ཚུལ་ཁྲིམས་རང་བཞིན་ཉེས་པ་ལས། །རྣམ་གྲོལ་ངུར་སྨྲིག་འཛིན་པའི་དབང་པོ་ནི། །འདུལ་འཛིན་ཆེན་པོའི་གྲགས་ཐོབ་དེ་ལ་འདུད། །དགེ་བའི་ཆོས་བསྡུད་སེམས་ཅན་དོན་མཛད་ཅིང༌། །བསོད་ནམས་ལུས་རྫོགས་ཉེས་སྤྱོད་ཀུན་སྡོམ་པའི། །ཚུལ་ཁྲིམས་རྒྱན་གྱིས་ནམ་ཡང་བརྗིད་ཆགས་པ། །མཆོག་ཚོགས་འདུས་པའི་དབང་པོ་དེ་ལ་འདུད། །ཉིན་མོ་དམ་ཆོས་འཆད་ལས་མི་གཡེལ་ཞིང༌། །མཚན་མོ་སོ་སོར་བསྡུད་དང་བསམ་གཏན་གྱིས། །འདོད་ལས་ཆགས་བྲལ་སྟོང་ཉིད་མངོན་སུམ་དུ། །གཟིགས་མཛད་དཔའ་བོ་དེ་ལ་གུས་ཕྱག་འཚལ། །ཉེར་ལྔའི་ལོ་ནས་བརྒྱད་བཅུ་རྩ་གསུམ་བར། །འདུལ་མདོ་འགྲེལ་པར་བཅས་དང་མངོན་པའི་མཛོད། །འགྲེལ་བཅས་ཚང་བ་བརྒྱ་དང་བརྒྱད་རེ་རེ། །གསུངས་པས་བསྟན་པ་ཡོངས་སུ་བཟུང་ལ་འདུད། །མཐོང་བའི་མོད་ལ་བྱང་ཆུབ་སེམས་དཔར་མཚོན། །རིང་དུ་བརྟེན་ན་རང་རྒྱུད་ངང་གིས་ཐུལ། །གདུལ་བྱའི་ཚོགས་རྣམས་རྒྱལ་བའི་སྲས་སུ་ཡང༌། །འདྲེན་མཛད་སློབ་དཔོན་ཆེན་པོས་རྗེས་འཛིན་ཤོག །སྐྱོར་མོ་ལུང་པ་བསོད་ནམས་ཚུལ་ཁྲིམས་ལ་བསྟོད་པའོ།།  ༈  །།པཎ་ཆེན་བློ་བརྟན་བཞི་པ་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། དཔལ་ལྡན་བློ་བརྟན་བཞི་པ་ཡི། །ཡ་མཚན་ཀུན་གྱིས་བསྔགས་འོས་པ། །གང་གི་ཞབས་རྡུལ་ལེན་བདག་ཀྱང༌། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཁྱོད་སྐུ་ཡུམ་གྱི་ལྷུམས་ཞུགས་ཚེ། །བློ་གྲོས་བརྟན་པར་མཚན་གསོལ་ཞེས། །བྱང་ཆུབ་རྩེ་མོས་ལུང་བསྟན་པར། །མཛད་ལ་གུས་པར་ཕྱག་འཚལ་ལོ། །དཔང་ལོ་ཆེན་པོ་བསམས་བཞིན་དུ། །འཁྲུངས་པར་ཁྱོད་ཀྱི་སློབ་མའི་ཚོགས། །ཆོས་རྗེས་འབྲང་རྣམས་དོགས་མེད་པར། །སྟོན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཞོན་ནུའི་དུས་ནས་རིག་པ་ཡི། །གནས་ཕྲན་ལྔ་པོ་ཚེགས་མེད་པར། །མཁྱེན་པས་དེ་དག་ཀུན་གྱི་ཡང༌། །འགྲེལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱད་པར་དཔང་ལོས་སྒྲ་ཚད་ལ། །རྩལ་དུ་སྟོན་པའི་སྲོལ་བཟུང་ནས། །སྒྲ་ཚད་དགོངས་འགྲེལ་བརྩོམ་པའི་ཚོགས། །མང་པོར་མཛད་ལ་ཕྱག་འཚལ་ལོ། །མཁས་པའི་དབང་པོ་རེད་མདའ་པའི། །དྲུང་དུ་སྡེ་སྣོད་ཀུན་སྦྱངས་ནས། །དཀའ་བཅུ་སྨྲ་བའི་མཆོག་ཏུ་ཡང༌། །ལྷག་པར་བསྔགས་ལ་ཕྱག་འཚལ་ལོ། །ལོ་ཆེན་ནམ་མཁའ་བཟང་པོ་དང༌། །འཇམ་དབྱངས་རལ་གྲིའི་ཞབས་པད་ལས། །གསང་སྔགས་རྒྱ་མཚོའི་ཕ་རོལ་དུ། །བྱོན་པར་མཛད་ལ་ཕྱག་འཚལ་ལོ། །གཤིན་རྗེ་བཤེས་དང་ཆོས་སྐྱོང་གི །ལས་ཚོགས་མང་པོའི་མཐུ་གྲུབ་པས། །བགེགས་དཔུང་འཇོམས་པའི་རྩལ་ཐོབ་པར། །ཀུན་གྱིས་བསྔགས་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་སུ་མཁས་པ་ཡི། །གྲགས་ཐོབ་གྱུར་པ་མང་པོ་དང༌། །འབེལ་བའི་གཏམ་གྱིས་སྨྲ་བའི་རྒྱན། །རིགས་པར་མཛད་པ་ཕྱག་འཚལ་ལོ། །བོད་ཡུལ་དབུས་སུ་བརྡ་སྤྲོད་དང༌། །སྙན་ངགས་གཞུང་ལུགས་དར་མཛད་ཅིང༌། །དབང་དང་གདམས་པས་སློབ་མའི་ཚོགས། །བགྲང་ཡས་སྨིན་ཅིང་མཁས་མཛད་པ། །ཁྱོད་ཀྱི་ཞབས་རྡུལ་དྲི་མ་མེད། །ས་ཆེན་སྐྱོང་མཛད་ཆེ་རྣམས་དང༌། །དུས་དེར་མཁས་པའི་གྲགས་ཐོབ་པ། །ཀུན་གྱིས་ལེན་མཛད་ལ་ཕྱག་འཚལ། །དེ་ལྟར་དབང་གིས་སྨིན་མཛད་ཅིང༌། །སྡེ་སྣོད་ཆོས་དང་ཐ་སྙད་ཀྱི། །གཙུག་ལག་ཐོས་པའི་སློབ་དཔོན་ལ། །བསྟོད་པས་དེ་ཡི་གནས་ཐོབ་ཤོག །བོ་དོང་བ་པཎ་ཆེན་བློ་བརྟན་བཞི་པ། སྙེ་ཐང་ཆོས་རྫོང་པ་ལ་བསྟོད་པའོ།།  །།ཤུ་བྷཾ།།  ༈  །།སྤྱན་སྔ་ཀུན་དགའ་རྡོ་རྗེ་ལ་བསྟོད་པ།། ༄། །ཀུན་སྤྱོད་རྣམ་དག་དྭང་བ་འདྲེན་པའི་སྐུ། །གཞན་ཕན་ལ་དགའ་དམ་ཆོས་སྒྲོག་པའི་གསུང༌། །ཟུང་འཇུག་རྡོ་རྗེ་འཛིན་པའི་ཐུགས་མངའ་བ། །ཕྲིན་ལས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཞི་བའི་ཚུལ་ཁྲིམས་རང་བཞིན་ཉེས་པས་དབེན། །རྣམ་དག་ཁྲིམས་ཚུལ་བཅས་པའི་རྭ་བ་ལ། །ནམ་ཡང་མི་འདའ་ཐུབ་པའི་རིང་ལུགས་པ། །ཀུན་གྱིས་བསྔགས་པར་འོས་ལ་གསོལ་བ་འདེབས། །བྱམས་པའི་ཤུགས་ཀྱིས་འགྲོ་མང་དབང་དུ་བསྡུད། །ཐུགས་རྗེའི་སྟོབས་ཀྱིས་གདུལ་བྱའི་དབུལ་བ་སེལ། །རླབས་ཆེན་སྤྱོད་པས་འགྲོ་རྣམས་སྒྲོལ་མཛད་པ། །རྒྱལ་སྲས་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་རྣམ་འཕྲུལ་རོང་སྟོན་རྗེའི། །ཟབ་ཡངས་ཆོས་ཀྱི་ཁྲི་ལ་དབང་སྒྱུར་བས། །མཐའ་ཡས་བསྟན་པའི་བདག་པོར་མངའ་གསོལ་བ། །ཡོངས་ཀྱི་བཤེས་གཉེན་དམ་པར་གསོལ་བ་འདེབས། དཔལ་ལྡན་ཀུན་དགའི་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་རྡོ་རྗེ་ཐེག་པའི་ལམ་བཟངས་ཀྱིས། །དངོས་གྲུབ་རྣམ་གཉིས་བདུད་རྩིའི་དཔལ་སྩོལ་བ། །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དབང་དང་གདམས་པའི་ཆུ་བོ་སྟོང་ཕྲག་གིས། །གང་བློ་གཏིང་མཐའ་ཡངས་པར་ངལ་གསོས་ནས། །ཕྲིན་ལས་མཚོ་ཆེན་ངང་གིས་གང་གྱུར་པ། །ཆོས་ཀྱི་གཏེར་ཆེན་ཁྱེད་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་ལེགས་ཚོགས་ཅི་མཆིས་པ། །བསྟན་འཛིན་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །དགེ་འདུན་ཐམས་ཅད་མཆོག་ཏུ་མཐུན་པ་དང༌། །དགེ་བའི་བཤེས་རྣམས་རྟག་པར་ཞབས་བརྟན་ཤོག།  །།མངྒ་ལཾ།།  ༈  །།སྤྱན་སྔ་བློ་གྲོས་རྒྱལ་མཚན་ལ་བསྟོད་པ་དམ་པའི་ཆོས་ལ་ངེས་པ་བསྐྱེད་པའི་རིམ་པ།། ༄། །ན་མོ་ཛཱི་ན་པུ་དྲ་ཡེ། གླང་རི་ཐང་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པ། དམ་པའི་ཆོས་ལ་ངེས་པ་བསྐྱེད་པའི་རིམ་པ་ཞེས་བྱ་བ། འཆི་མེད་དབང་པོའི་གཙུག་རྒྱན་ནོར་བུ་ཡིས། །ཞབས་ཟུང་རྟག་པར་ལེན་ལ་གེགས་མེད་པ། །གླང་རི་ཐང་པར་གྲགས་པ་རྒྱལ་པའི་སྲས། །སྤྲུལ་པས་གཞན་དོན་མཛད་ལ་གསོལ་བ་འདེབས། །བློ་གྲོས་དབང་ཕྱུག་ཚུལ་ཁྲིམས་བུམ་བཟང་འཛིན། །ཕྱོགས་ལས་རྣམ་རྒྱལ་མདོ་དང་སྔགས་ཀྱི་མཛོད། །མཐའ་ཡས་དགེ་མཚན་དུ་མའི་དཔལ་མངའ་བ། །བློ་ཆེན་ཕྲིན་ལས་བཟང་པོར་གསོལ་བ་འདེབས། །ཟག་བཅས་དངོས་ཀུན་སྦུ་བའི་ཕྲེང་བ་དང༌། །སྲིད་པའི་བདེ་བ་དུག་གི་རོ་དངར་ལྟར། །ངེས་པར་གཟིགས་ནས་གཏན་གྱི་བདེ་བ་ལ། །འགྲོ་ཀུན་འདྲེན་མཛད་ཁྱེད་ལ་གསོལ་བ་འདེབས། །ཞི་བའི་ཚུལ་ཁྲིམས་རང་བཞིན་ཉེས་པས་དབེན། །རྣམ་དག་ཚུལ་ཁྲིམས་བཅས་པའི་ཁོར་ཡུག་ཅན། །ཆོས་འདུལ་བསྟན་པའི་རྩ་བར་གཟིགས་གྱུར་པ། །ངུར་སྨྲིག་འཛིན་པའི་གཙོ་ལ་གསོལ་བ་འདེབས། །བྱམས་པའི་སྤྱན་གྱིས་འཇིག་རྟེན་གསུམ་གཟིགས་ནས། །ཐུགས་རྗེའི་ཕྱག་གིས་འགྲོ་ཀུན་འདྲེན་ལ་བརྩོན། །ཐེག་མཆོག་གཏམ་གྱི་དགའ་སྟོན་ཉེར་སྤེལ་བ། །རྒྱལ་སྲས་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །མ་ནོར་ཐེག་ཆེན་ཆོས་ཀྱི་སྙིང་པོ་ལ། །ངེས་ཤེས་གཏིང་ནས་རྙེད་པའི་རྣམ་དཔྱོད་ཀྱིས། །དགེ་བའི་བཤེས་གཉེན་བསྟེན་ལ་གཡེལ་མེད་པ། །ལམ་གྱི་རྩ་བར་མཁྱེན་ལ་གསོལ་བ་འདེབས། །ཐ་མལ་སྣང་ཞེན་བྲལ་བ་ལྷ་ཡི་སྐུ། །མཐའ་བྲལ་བདེ་ཆེན་འདོམས་པ་སྔགས་ཀྱི་གསུང༌། །ཟུང་འཇུག་རིག་པ་འཛིན་པའི་ཐུགས་མངའ་བ། །རྡོ་རྗེ་འཛིན་པའི་དབང་པོར་གསོལ་བ་འདེབས། །བསྲུང་བྱའི་དམ་ཚིག་སྲོག་ལས་གཅེས་པར་བཟུང༌། །ཅི་མཛད་དེ་ཀུན་དཔག་ཡས་འགྲོ་བའི་དོན། །ནམ་ཡང་ཉམས་ལེན་གནད་ལ་འཁྲུལ་མེད་པ། །དམ་པས་བསྔགས་པར་འོས་ལ་གསོལ་བ་འདེབས། །སྒོ་གསུམ་ཉེས་པས་མ་གོས་བཙུན་པའི་སྐུ། །ཐེག་ཆེན་ཆོས་ལུགས་མཁྱེན་པ་མཁས་པའི་གསུང༌། །གཞན་དོན་འབའ་ཞིག་དགོངས་པ་བཟང་པོའི་ཐུགས། །མང་པོའི་འདྲེན་པར་འོས་ལ་གསོལ་བ་འདེབས། །བཤད་བྱའི་ཆོས་ལས་འཁྲུལ་པ་མེད་པའི་ཐུགས། །འཆད་བྱེད་ངག་ལ་ཐོགས་པ་མེད་པའི་གསུང༌། །ཉན་པོས་བལྟས་ན་ངེས་ཤེས་འདྲེན་པའི་སྐུ། །བློ་བཟང་སྨྲ་བའི་དབང་པོར་གསོལ་བ་འདེབས། །དེ་ལྟར་དགེ་བའི་བཤེས་ལ་བསྙེན་བྱས་ནས། །གང་བློ་ཆོས་སུ་འགྲོ་བའི་གདམས་པ་ཡིས། །འཇིག་རྟེན་འདི་ལ་སྲེད་པས་མ་སྦགས་པར། །སྒོ་གསུམ་དགེ་ལ་གཞོལ་བར་བྱིན་གྱིས་བརློབས། །དམ་ཆོས་ལམ་དུ་སློངས་པའི་གདམས་པ་ཡིས། །སྡུག་བསྔལ་རང་བཞིན་ངེས་པར་བསམ་བྱས་ནས། །ངེས་འབྱུང་གཏིང་ནས་སྐྱེས་པའི་དད་པ་ཡིས། །ཐར་ལམ་ཚུལ་བཞིན་ཚོལ་བར་བྱིན་གྱིས་རློབས། །ལམ་གྱི་གོལ་ས་གཅོད་པའི་གདམས་པ་ཡིས། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རྟོགས་ཏེ། །ཟབ་གསལ་ཡེ་ཤེས་བདེ་ཆེན་གོམས་གྱུར་ནས། །ཟུང་འཇུག་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རིགས་རྣམས་ཀུན་གྱི་བདག་པོ་རྡོ་རྗེ་འཆང༌། །ནམ་ཡང་བསླུ་བ་མེད་པ་དཀོན་མཆོག་གསུམ། །བསྟན་པ་བསྲུང་མཛད་དམ་ཅན་རྒྱ་མཚོ་ཡིས། །ཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི། རྗེ་བཙུན་དམ་པ་དེ་ཉིད་ཀྱི་ཞབས་འབྲིང་གཉུག་མར་གནས་པའི་བཤེས་གཉེན་སྨོན་ལམ་བཟང་པོས་བསྐུལ་བའི་ངོར་བགྱིས་ནས། དཔལ་མི་ཕམ་དགེས་པའི་བཤེས་གཉེན་གྱིས། གླང་རི་འོད་ལྡན་གྱི་གཙུག་ལག་ཁང་དུ་ཉེ་བར་སྦྱར་བ་ཡིན་ནོ།།  ༈  །།མཁས་གྲུབ་ཨ་མོ་གྷ་ཤྲཱིའི་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། རྒྱལ་བའི་གསུང་རབ་འབུམ་ཕྲག་དུ་མ་ཡི། །དོན་སྟོན་མཛད་ལ་ཆོས་ཀྱི་སྤྱན་ཡངས་ཤིང༌། །ཡོད་པར་སྨྲ་བའི་ཚུལ་ཁྲིམས་གོས་བཟངས་ཅན། །དཔལ་ལྡན་མཁས་བཙུན་བཟང་པོར་གསོལ་བ་འདེབས། །ཀུན་སྤྱོད་རྣམ་དག་དྭང་བ་འདྲེན་པའི་སྐུ། །གཞན་ཕན་ལྷུན་གྲུབ་དམ་ཆོས་སྒྲོགས་པའི་གསུང༌། །རིམ་གཉིས་ཟུང་དུ་འཇུག་པའི་ཐུགས་མངའ་བ། །ཐེག་གསུམ་བསྟན་པའི་བདག་པོར་གསོལ་བ་འདེབས། །ཁྱེད་ཐུགས་བྱང་ཆུབ་སེམས་ཀྱི་རྒྱ་མཚོར་གནས། །མཁྱེན་རབས་རྒྱ་མཚོ་ཁྱོད་བློའི་དཔལ་དུ་བཟུང༌། །ཕྲིན་ལས་ཆུ་བོ་སྟོང་ཕྲག་འབེབས་མཁས་པ། །ཆོས་ཀྱི་རྒྱ་མཚོར་གུས་པས་གསོལ་བ་འདེབས། །འཇིགས་མེད་སྤོབས་པ་ཤར་གྱི་རི་བོའི་རྩེར། །དོན་གསལ་ངག་གི་ཤིང་རྟས་ལེགས་དྲངས་པའི། །ལེགས་བཤད་འོད་དཀར་ཕྱོགས་བརྒྱར་སྤྲོས་པ་ཡིས། །ཐུབ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །རླབས་ཆེན་ཤུགས་དྲག་རིགས་པའི་དཔུང་ཚོགས་ཀྱིས། །ཉེས་བཤད་དགྲ་སྡེའི་ཚོགས་རྣམས་ཕམ་བྱས་ནས། །གཞུང་ལུགས་གླིང་ཆེན་བཞི་ལ་དབང་སྒྱུར་བའི། །ཆོས་ཀྱི་རྒྱལ་པོར་གུས་པས་གསོལ་བ་འདེབས། །ཚད་ལྡན་མཁས་པའི་གསུང་གི་རྗེས་འཇུག་པའི། །ཕུལ་བྱུང་ལེགས་བཤད་རྩོམ་པའི་མཐུ་གྲུབ་པས། །ཐུབ་དབང་བསྟན་པའི་བྱི་དོར་སྒྲུབ་མཁས་པའི། །ཤིང་རྟའི་སྲོལ་འབྱེད་ཆེན་པོར་གསོལ་བ་འདེབས། །མཐའ་ཡས་ཡོན་ཏན་རྒྱ་མཚོའི་དཔལ་འཛིན་ཀྱང༌། །ཀུན་ནས་ཁེངས་པའི་རླབས་ཀྱིས་མི་བསྐྱོད་པར། །ལེགས་བཤད་ཆུ་ཀླུང་འབུམ་ཕྲག་བསྡུད་ལ་མཁས། །མཁས་ཤིང་དུལ་བའི་རྒྱ་མཚོར་གསོལ་བ་འདེབས། །ཕྱོགས་རེ་ལས་ཙམ་གཞུང་བརྒྱ་ཤེས་པ་ཡི། །དྲེགས་པས་མྱོས་པའི་རྒོལ་བ་སྟོང་ཕྲག་བརྒྱས། །ཞབས་ཟུང་གུས་པའི་གཙུག་གིས་ལེན་མཛད་པ། །གངས་ཅན་མཁས་པའི་དབང་པོར་གསོལ་བ་འདེབས། །བྱམས་པའི་ཤུགས་ཀྱིས་འགྲོ་མངས་བསྡུད་མཁས་ཤིང༌། །འཆད་རྩོད་རྩོམ་པས་བསྟན་པ་སྤེལ་ལ་མཁས། །ཀུན་ཀྱང་ཐུབ་པའི་གཤེགས་ཤུལ་ཉམས་དགའ་བར། །འཁྲིད་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །དམ་ཆོས་ཟོལ་གྱིས་ཆོས་བརྒྱད་ལྷུར་ལེན་པ། །རིང་དུ་སྤངས་ནས་ཐོས་བསམ་སྒོམ་པ་དང༌། །བཤད་སྒྲུབ་གཉིས་ཀྱི་སྐུ་ཚེ་དོན་ཡོད་པར། །མཛད་པའི་དཔལ་ལ་གུས་པས་གསོལ་བ་འདེབས། །དེ་ལྟར་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཞིང༌། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཉེས་པའི་ཚོགས་ཀུན་འགྱོད་པས་སོ་སོར་བཤགས། །རང་གཞན་དགེ་ཚོགས་ཀུན་ལ་རྗེས་ཡི་རངས། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །མཐའ་ཡས་འགྲོ་བའི་དོན་དུ་ཞབས་བརྟན་པར། །གསོལ་བ་འདེབས་སོ་དགེ་ཚོགས་ཅི་མཆིས་པ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དོན་དུ་བསྔོ། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །མི་དགེའི་བཤེས་དང་སྡིག་པའི་གྲོགས་སྤངས་ནས། །དམ་ཆོས་ཚུལ་བཞིན་སྟོན་པའི་བཤེས་གཉེན་གྱིས། །དགེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ནི། དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་གོ་བདེ་བར་སྦྱར་བའོ།།  །།མངྒ་ལཾ།།  ༈  །།མཁས་གྲུབ་དཔལ་ལྡན་རྡོ་རྗེ་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། མཁྱེན་བརྩེའི་དབང་ཕྱུག་ཡང་དག་དགེ་བའི་བཤེས། །མདོ་སྔགས་བསྟན་པའི་དཔལ་དུ་ཤར་གྱུར་ནས། །སྐལ་ལྡན་གདུལ་བྱ་སྨིན་ཞིང་གྲོལ་མཛད་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་ཆོས་ཀྱི་ངང་ཚུལ་བཟང་པོ་ཡིས། །སྡོམ་གསུམ་བཅས་པའི་མཚམས་ལས་མི་འདའ་ཞིང༌། །རྡོ་རྗེ་འཆང་དབང་ཐུགས་ཀྱི་བང་མཛོད་ལ། །དབང་འབྱོར་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དང་པོར་ཐུབ་པའི་བསྟན་ལ་ཚུལ་བཞིན་ཞུགས། །བར་དུ་ལུང་དང་རིགས་པའི་གནས་རྣམས་སྦྱངས། །ཐ་མར་ཐེག་མཆོག་ཆོས་ཀྱི་ཁང་བཟངས་སུ། །འགྲོ་མང་འཁྲིད་མཛད་ཁྱོད་ལ་གསོལ་བ་འདེབས། །མཁྱེན་པའི་སྤྱན་གྱིས་ཆོས་ཀྱི་གནད་རྣམས་གཟིགས། །བརྩེ་བའི་ཕྱག་གིས་འགྲོ་ཀུན་བདག་གིར་མཛད། །བཟང་པོའི་མཛད་པས་བསྟན་པའི་དོན་ཁོ་ན། །ལྷག་པར་དགོངས་པ་ཁྱོད་ལ་གསོལ་བ་འདེབས། །མཁས་པའི་སྣང་བ་གཞན་གྱིས་མི་འགོང་ཞིང༌། །བཙུན་པའི་མདངས་ཀྱིས་མང་པོའི་ཡིད་རབ་འདྲེར། །བྱང་ཆུབ་ཐུགས་ཀྱིས་སྐལ་བཟང་གདུལ་བྱ་རྣམས། །མ་ལུས་དབང་དུ་བསྡུད་ལ་གསོལ་བ་འདེབས། །ཐོས་བསམ་སྒོམ་པས་རང་གི་རྒྱུད་གྲོལ་ཞིང༌། །མཁས་བཙུན་བཟང་པོས་ཆོས་ཀྱི་གདུང་བཟུང་ནས། །མཐའ་ཡས་བསྟན་པའི་བདག་པོར་མངའ་གསོལ་བ། །བརྩེ་ཆེན་རྒྱལ་བའི་སྲས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཡང་དག་དགེ་བའི་བཤེས་དང་མི་འབྲལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཇི་སྙེད་པ། །འཛིན་ཞིང་ཉམས་སུ་ལེན་པར་བྱིན་གྱིས་རློབས། །ཞེས་སྡེ་སྣོད་འཛིན་པ་དཀོན་མཆོག་ཆོས་སྐྱབས་ཀྱི་ཁ་ཏོན་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར་བགྱིས་ནས། མཆོག་ལྡན་ལེགས་པའི་བློས་ཉེ་བར་སྦྱར་བ་ཡིན་ནོ།།  ༈  །།བླ་མ་བསོད་ནམས་དབང་ཕྱུག་པའི་བསྟོད་པ་སློབ་མའི་དད་པ་ཉེར་སྤེལ་ཞེས་པ་བཞུགས།། ༄། །སྭསྟི། རྒྱ་ཆེན་བསོད་ནམས་ཚོགས་ལ་མི་ལྷོད་ཅིང༌། །ཟབ་གསལ་གཉིས་མེད་ཡེ་ཤེས་ལ་གཞོལ་བས། །དབང་དང་གདམས་པ་མང་པོའི་མཛོད་འཛིན་པ། །ཕྲིན་ལས་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་མཆོག་རྒྱལ་སྲས་སྤྱོད་པ་ལས། །ནམ་ཡང་མི་འགོང་བསྟན་པའི་རྩ་བ་ནི། །ཆོས་འདུལ་རྒྱ་མཚོའི་བཅས་པས་ངེས་བསྲུང་བ། །རྒྱལ་སྲས་འདུལ་བ་འཛིན་ལ་གསོལ་བ་འདེབས། །རྒྱ་ཆེའི་ཆོས་ལ་ངེས་པར་གདེང་ཐོབ་ནས། །ཟབ་མོའི་ཆོས་ཀྱིས་སྐལ་བཟང་སློབ་མའི་ཚོགས། །ལྷག་པར་སྨིན་ཞིང་རིགས་པར་གྲོལ་མཛད་པ། །རྒྱལ་སྲས་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །རང་བཞིན་བཅོས་མིན་དཀྱིལ་འཁོར་འཁོར་ལོའི་མགོན། །གང་གི་སྐུ་ལ་ཡུལ་ཆེན་ཉེར་བཞི་དང༌། །འཁོར་ལོ་རྣམ་ལྔའི་ལྷ་ཚོགས་ལྷུན་གྲུབ་ནས། །འགྲོ་ཀུན་བྱིན་གྱིས་རློབ་ལ་གསོལ་བ་འདེབས། །བསོད་ནམས་ཡེ་ཤེས་ཚོགས་ལས་གྲུབ་པ་ཡི། །དཔལ་ལྡན་བླ་མ་ཕོ་ཉ་གསུམ་གྱི་བདག །ངེས་པར་རྫོགས་སངས་རྒྱས་ཀྱི་སྐུར་བསྒོམས་པས། །མཆོག་གི་དངོས་གྲུབ་སྩོལ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བའི་དགེ་བ་གང་ཡོད་དེས། །རབ་བྱུང་ཚུལ་ཁྲིམས་མིག་འབྲས་ལྟར་བསྲུང་ཞིང༌། །རྒྱལ་སྲས་སྡོམ་པ་སྲོག་བཞིན་གཅེས་བཟུང་ནས། །སྔགས་ཀྱི་དམ་ཚིག་ཚེ་འདིར་འགྲུབ་གྱུར་ཅིག །མ་དག་སྣང་བ་འདི་ཀུན་ལྷ་ཡི་སྐུ། །གང་ཤར་དག་པའི་སྣང་བ་གཉིས་མེད་ཀྱི། །ཡེ་ཤེས་དྭང་དུ་གསལ་བར་གོམས་གྱུར་བས། །བདེ་མཆོག་འཁོར་ལོའི་གོ་འཕང་དེ་ཐོབ་ཤོག །ཅེས་པ་འདི་ནི་དགེ་སློང་མཚམས་པའི་ཁ་ཏོན་དུ་བྱ་བའི་རིམ་པ་ཉིད་དུ་གསོལ་བ་བཏབ་པའི་ངོར་བགྱིས་ནས། མཆོག་ལྡན་ལེགས་པའི་བློས་སྦྱར་བའོ།།  །།མངྒ་ལཾ།།  ༈  །།སེམས་དཔའ་བསོད་ནམས་རིན་ཆེན་ལ་བསྟོད་པ་ནི།། ༄། །ན་མཿགུ་རཱ་ཝེ། མཐའ་ཡས་བསོད་ནམས་ཚོགས་ཀྱི་ཡིད་བཞིན་མཚོ། །རིན་ཆེན་བྱང་ཆུབ་སེམས་ཀྱི་མཛོད་བཟུང་ནས། །མ་ལུས་འགྲོ་ལ་ཕན་བདེའི་དཔལ་སྩོལ་བ། །དཔལ་ལྡན་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །རྒྱ་ཆེན་བསོད་ནམས་ཚོགས་ལས་འཁྲུངས་པའི་སྐུ། །ཟབ་མོའི་ཆོས་ལ་ངེས་པ་རྙེད་པའི་གསུང༌། །བསླབ་གསུམ་རིན་ཆེན་མང་པོས་བལྟམས་པའི་ཐུགས། །བརྩེ་ཆེན་དགེ་བའི་བཤེས་ལ་གསོལ་བ་འདེབས། །སྐུ་ཡི་སྤྱོད་པ་སེམས་ཅན་ཁོ་ནའི་དོན། །གསུང་གི་མཛད་པ་དམ་པའི་ཆོས་ཁོ་ན། །ཐུགས་ཀྱི་ཕྲིན་ལས་བྱང་ཆུབ་སེམས་གཉིས་ལས། །གཞན་དུ་གཡེལ་བ་མེད་ལ་གསོལ་བ་འདེབས། །སྔོན་གྱི་བསྐལ་པར་བྱང་ཆུབ་སེམས་གཉིས་འབྱོངས། །སྐུ་ཚེ་འདི་ལ་རིག་པའི་གནས་ལྔ་མཁྱེན། །བྱང་ཆུབ་ཐུགས་དང་རིམ་གཉིས་རྣལ་འབྱོར་ལ། །ཉམས་ལེན་སྙིང་པོར་མཛད་ལ་གསོལ་བ་འདེབས། །དག་སྣང་ཅན་ལ་སྤྱན་རས་གཟིགས་ཀྱི་སྐུ། །བར་མ་རྣམས་ལ་དགེ་བའི་བཤེས་ཀྱི་གསུང༌། །ཕལ་པ་རྣམས་ལའང་བརྩེ་བ་ཆེན་པོ་པར། །སྟོན་མཛད་བྲག་དཀར་བ་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །འགྲོ་དྲུག་ཕ་མར་ཤེས་པའི་ལྷག་བསམ་དང༌། །བདག་དང་གཞན་དུ་བརྗེ་བའི་ཉམས་ལེན་དང༌། །ཚེ་རབས་ཀུན་འབྲལ་བ་མེད་པར་ཤོག །ནམ་ཡང་མི་དགེའི་བཤེས་དང་མི་འགྲོགས་ཤིང༌། །དགེ་བའི་བཤེས་ཀྱིས་རྟག་ཏུ་རྗེས་བཟུང་ནས། །བྱང་ཆུབ་སེམས་དང་དངོས་གྲུབ་རྣམ་གཉིས་ཀྱི། །དགའ་སྟོན་རྒྱུན་མི་ཆད་པའི་བཀྲ་ཤིས་ཤོག །དེ་དབོན་ཀུན་དགའ་རྒྱལ་པོ་སོགས། །སྐལ་བཟང་རྣམས་ཀྱི་ཁ་བཏོན་དུ། །བྱ་བའི་རིམ་པར་གསོལ་བཏབ་པ། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར།།  །།མངྒལཾ།།  ༈  །།ཆོས་རྗེས་གཟིམས་ཁང་པ་ལ་བསྟོད་པ།། ༄། །འགྲོ་ཀུན་དགའ་མཛད་བྱང་ཆུབ་ཐུགས་གཉིས་ཀྱིས། །ཐར་བའི་རྒྱལ་མཚན་མཐོན་པོ་འཛིན་པ་ལས། །ལྷག་བསམ་རྨད་དུ་བྱུང་བའི་སེམས་དཔའ་ཆེ། །བརྩེ་ཆེན་བླ་མ་ཁྱོད་ལ་གསོལ་བ་འདེབས།།  ༈  །།རྟིང་ཁེབས་ཆོས་སྡེའི་སློབ་དཔོན་དཀོན་མཆོག་རྒྱལ་མཚན་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། ཕན་བདེའི་དཔལ་སྟེར་རིན་ཆེན་དཀོན་མཆོག་གསུམ། །ལྷག་བསམ་དག་པའི་རྒྱལ་མཚན་རྩེར་མཆོད་ནས། །དཔལ་ལྡན་ཕྲིན་ལས་བཟང་པོའི་ཆར་འབེབས་པ། །ཡང་དག་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །གང་ཞིག་ཁྱོད་ཞབས་བསྟེན་པའི་སློབ་མ་དག །ལོག་པའི་ལམ་དུ་ནམ་ཡང་མི་ལྟུང་ཞིང༌། །ལུང་དང་རིགས་པའི་གནས་ལ་སྦྱོར་མཛད་པའི། །བློ་བཟང་སྨྲ་བའི་དབང་པོར་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྣམ་དག་ཐོས་པའི་ནོར་གྱིས་ཕྱུག །བྱང་ཆུབ་ཐུགས་བསྐྱེད་གཞན་ཕན་འབའ་ཞིག་དགོངས། །རང་ཉིད་སྨིན་ཞིང་གདུལ་བྱ་གྲོལ་མཛད་པའི། །བརྩེ་ཆེན་བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །གང་གང་ཆོས་ཀྱི་དེ་ཉིད་ལེགས་གཟིགས་ནས། །དེ་དོན་སེམས་ལ་ནམ་ཡང་གཞོལ་མཛད་ཅིང༌། །ངེས་དོན་བདུད་རྩིའི་དཔལ་གྱིས་འཚོ་མཛད་པ། །ཆོས་ལ་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་གི་ཆོས་ཚུལ་ནོད་པའི་དམ་ཚིག་གིས། །སློབ་དཔོན་དེ་དག་དཀོན་མཆོག་གསུམ་དངོས་སུ། །ངེས་པར་གཟིགས་ནས་དད་པའི་རྒྱལ་མཚན་རྩེར། །མཆོད་མཛད་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་གསོལ་བའི་དགེ་ཚོགས་ཅི་མཆིས་པས། །ཁྱོད་ཀྱི་རྗེས་འཇུག་དོན་གཉེར་གདུལ་བྱའི་ཚོགས། །མི་དགེའི་བཤེས་དང་སྡིག་པའི་གྲོགས་སྤངས་ནས། །བརྩེ་ཆེན་དགེ་བའི་བཤེས་ཀྱིས་རྗེས་འཛིན་ཤོག །ཅེས་པའི་ཡི་གེ་པ་ནི་བཤེས་གཉེན་ཀུན་དགའ་བཀྲ་ཤིས་སོ།།  ༈  །།ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ།། ༄། །སྭསྟི། ཆོས་ཀུན་མཁྱེན་པས་མཁས་པའི་གོ་འཕང་བསྙེས། །གཞན་ཕན་ལ་དགའ་བཟང་པོའི་ནོར་གྱིས་ཕྱུག །ཚུལ་ཁྲིམས་ཁང་བཟང་ཐོས་པའི་རྒྱལ་མཚན་འཛིན། །མཁས་བཙུན་བཟང་པོའི་དཔལ་དེར་གསོལ་བ་འདེབས། །ཆོས་འཁོར་ཀུན་གྱི་ངེས་དོན་འཁྲུལ་མེད་གཟིགས། །རྒྱུད་ཀུན་སྙིང་པོ་དགའ་བཞིའི་དཔལ་གྱིས་ཕྱུག །ཐུགས་བསྐྱེད་ཁང་བཟང་རྒྱལ་སྲས་རྣམ་ཐར་གྱི། །དགེ་མཚན་དབང་པོར་གྱུར་ལ་གསོལ་བ་འདེབས། །ལུང་དང་རིགས་པའི་གནས་ཀུན་མཐར་ཕྱིན་ནས། །འཇིག་རྟེན་དགའ་བྱེད་རིག་པའི་གནས་མཐའ་དག །ཀུན་ལ་མ་རྨོངས་ཕྱོགས་ཀུན་ལས་རྒྱལ་བའི། །ཡ་མཚན་དབང་པོར་གྱུར་ལ་གསོལ་བ་འདེབས། །ཀུན་ལ་བྱམས་པས་སྙིང་རྗེའི་རྩ་བར་མཁྱེན། །གཞན་ཕན་ལ་དགའ་ཐུགས་རྗེའི་འབྲས་བུར་གཟིགས། །རྣམ་དཀར་མཛད་པས་རྒྱལ་བ་དགྱེས་མཛད་པའི། །རྟགས་མཚན་མཐོང་བའི་དབང་པོར་གསོལ་བ་འདེབས། །དོན་དམ་བྱང་སེམས་ཆོས་ཀུན་རྩ་བར་མཁྱེན། །ལྷན་སྐྱེས་དགའ་བ་རྒྱུད་སྡེའི་སྙིང་པོར་གཟིགས། །ཐོས་བསམ་སྒོམ་པས་བསྟན་པའི་རྒྱལ་མཚན་ནི། །ཚུགས་པར་འཛིན་པའི་དབང་པོར་གསོལ་བ་འདེབས། །བསྐྱེད་པའི་རིམ་པས་མ་དག་འཇུག་པ་སེལ། །སྤྲོས་བྲལ་ལྟ་བས་སྤྲོས་པའི་ཚོགས་ཀུན་བཅད། བྱང་ཆུབ་ལམ་གྱིས་བདེ་ཆེན་ཚོགས་གཉིས་པོ། །ཡང་དག་རྟོགས་པའི་དབང་པོར་གསོལ་བ་འདེབས། །ཐེག་གསུམ་ལམ་སྟོན་ཡང་དག་དགེ་བའི་བཤེས། །བསྟེན་ཚུལ་རང་རང་གཞུང་ལུགས་ཇི་ལྟ་བ། །ལེགས་པར་མཁྱེན་ཏེ་ཚུལ་བཞིན་གོམས་མཛད་པ། །དངོས་གྲུབ་རྙེད་པའི་དབང་པོར་གསོལ་བ་འདེབས། །དེ་ལྟར་ཁྱོད་ཀྱི་ལེགས་བྱས་ཕྱོགས་ཙམ་ལ། །ཡི་རང་བགྱིས་པའི་རྣམ་དཀར་དགེ་བ་དེས། །དམན་པའི་ས་དང་བདུད་བཞི་ལ་འགོམས་ནས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དེར་ཐོབ་ཤོག །དེ་སྐད་གནས་བརྟན་རབ་འབྱམས་པ། །ཐར་པའི་རྒྱལ་མཚན་གྱིས་བསྐུལ་ནས། །མཆོག་ལྡན་ལེགས་པའི་བློ་ཆེན་གྱིས། །སྦྱར་འདི་འཆི་མེད་བདུད་རྩིའི་གཞུང༌།།  ༈  །།བྲག་དཀར་སེམས་དཔའ་ལ་བསྟོད་པ།།  ༄། །བསོད་ནམས་ཚོགས་ལས་གྲུབ་པའི་ཐུགས། །རྒྱལ་བའི་སྲས་པོར་འཁྲུངས་པའི་སྐུ། །མཚན་རྟོག་སེལ་བའི་ཆོས་གསུངས་པ། །ཁྱོད་ལ་གུས་པས་གསོལ་བ་འདེབས། །མདོ་རྒྱུད་ཆོས་རྣམས་ཕལ་ཆེར་གསན། །ལུང་དང་རིག་པས་སྒྲོ་འདོགས་བཅད། །བྱང་ཆུབ་ཐུགས་ཀྱི་ངང་ཚུལ་ཅན། །ཁྱོད་ལ་གུས་པས་གསོལ་བ་འདེབས། །ཀུན་ལ་བྱམས་པས་འགྲོ་མང་འདུ། །གཞན་ལ་བརྩེ་བས་ཕན་པར་དགོངས། །བྱམས་དང་སྙིང་རྗེའི་ལམ་སྲོལ་དུ། །འཇུག་མཛད་ཁྱོད་ལ་གསོལ་བ་འདེབས། །དགོངས་པ་སྨོན་པའི་བྱང་སེམས་དང༌། །སྤྱོད་པ་ཕ་རོལ་ཕྱིན་དྲུག་གིས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །རྫོགས་མཛད་ཁྱོད་ལ་གསོལ་བ་འདེབས། །སྤྱོད་པས་བསོད་ནམས་ཚོགས་ཆེན་དང༌། །ལྟ་བས་རྒྱལ་སྲས་མཛད་པ་དང༌། །སྒོམ་པས་དགེ་མཚན་ཆོས་རྣམས་ཀུན། །དབང་དུ་བསྡུད་ལ་གསོལ་བ་འདེབས། །ནང་དོན་རིག་ལ་མ་རྨོངས་ཤིང༌། །སྒྲ་ཚད་ལ་སོགས་རིག་པའི་གནས། །མཁྱེན་ཅིང་གཟིགས་པས་གཞན་དོན་དུ། །དགོངས་པར་མཛད་ལ་གསོལ་བ་འདེབས། །དེ་ལྟར་ཁྱོད་ཀྱི་ལེགས་མཛད་ལ། །ཡི་རང་དགེ་བའི་རྣམ་དཀར་འདིས། །འགྲོ་བ་མ་ལུས་བྱང་ཆུབ་ཀྱི། །ཐུགས་མཆོག་ཉིད་དང་འབྲལ་མེད་ཤོག །འདི་ཡང་ཐར་པའི་རྒྱལ་མཚན་གྱིས། །བསྐུལ་ནས་མཆོག་ལྡན་གྱིས་སྦྱར་བ།།  །།ཤུ་བྷཾ།།  ༈  །།གསེར་གླིང་པ་ཀུན་དགའ་བཀྲ་ཤིས་ལ་བསྟོད་པ།། ༄། །སྭསྟི། ཀུན་དགའི་ཉི་མ་བཀྲ་ཤིས་འོད་སྟོང་ཅན། །ལུང་དང་རིགས་པའི་རྟ་ལྗང་གིས་དྲངས་པ། །རྒྱ་ཆེན་ཤེས་བྱའི་མཁའ་ལ་ཤར་བ་ན། །ཕྱོགས་ཀུན་མུན་པ་བྲལ་ལ་མགོས་ཕྱག་འཚལ། །ཀུན་དགའི་ཟླ་བ་བཀྲ་ཤིས་འོད་རིས་ཅན། །གྲགས་པའི་བདེ་འབྱུང་ཁྲི་ལ་འགོད་པ་ན། །ལ་ལའི་ཁེངས་པ་ལན་བརྒྱར་སྟོང་མཛད་པ། །མང་པོས་བསྔགས་པར་འོས་ལ་མགོས་ཕྱག་འཚལ། །མང་ཐོས་ཁང་བཟང་རིགས་པའི་རྒྱན་གྱིས་མཛེས། །ཚུལ་ཁྲིམས་མདངས་གསལ་རིགས་པའི་རྔ་སྒྲ་ཅན། །ལུང་རིག་མན་ངག་རྣམ་ཐར་སྒོ་གསུམ་པོ། །ཀུན་གྱི་འབྱོར་པས་ཕྱུག་ལ་མགོས་ཕྱག་འཚལ། །རང་གཞུང་རོལ་མཚོ་ནམ་ཡང་མ་འཁྲུགས་ཤིང༌། །གཞན་གཞུང་རི་གཞན་མཐོན་པོས་མ་ནོན་པར། །ངེས་དོན་རིན་ཆེན་རྣམ་བཞིའི་ལྷུན་པོ་ནི། །འཛིན་མཛད་མིག་སྟོང་ཅན་དེར་མགོས་ཕྱག་འཚལ། །ཡེ་ཤེས་སྣང་བ་ནམ་ཡང་མི་འདོར་ཞིང༌། །རྣམ་ཤེས་སྣང་བ་འཁྲུལ་པར་ཐག་བཅད་ནས། །གཉིས་མེད་དབུ་མའི་ལམ་ལ་མདོ་སྔགས་ཀྱི། །རྣམ་ཐར་སྒོ་གསུམ་འབྱེད་ལ་མགོས་ཕྱག་འཚལ། །དེ་ལྟར་ཁྱོད་ཀྱི་ལེགས་བྱས་ཕྱོགས་ཙམ་དང༌། །དགེ་གཞན་མཐའ་དག་ཡི་རང་གིས་བསྡུས་ནས། །ཆོས་ཀྱི་རྒྱལ་པོའི་གོ་འཕང་དེར་བསྔོས་པས། །ཐུབ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་བྱོན། །འདི་ཡང་ཐར་པའི་རྒྱལ་མཚན་གྱིས། །བསྐུལ་ནས་ལེགས་པའི་བློས་སྦྱར་བ།།  །།ཤུ་བྷཾ།།  ༈  །།བཞི་སྡེ་མཁྱེན་རབ་པའི་བསྟོད་པ།། ༄། །མཁྱེན་རབ་རྒྱ་མཚོའི་གླིང་ལ་དབང་འབྱོར་ཞིང༌། །བྱང་ཆུབ་ཐུགས་ཀྱི་ཡིད་བཞིན་རིན་ཆེན་གྱིས། །ས་གསུམ་འགྲོ་བའི་ཕོངས་པ་སེལ་བརྩོན་པ། །འགྲོ་བའི་དེད་དཔོན་དམ་པར་ཕྱག་འཚལ་ལོ། །ནམ་ཡང་མཁའ་ལྟར་ཡངས་པའི་རྣམ་དཔྱོད་ཀྱིས། །གཞན་ཕན་འོད་ཟེར་འབུམ་ཕྲག་འགྱེད་མཛད་ཅིང༌། །ལུང་དང་རྟོགས་པའི་རྒྱལ་མཚན་མཐོན་པོ་ཅན། །དཔལ་ལྡན་ཕྲིན་ལས་བཟང་པོར་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུར་ཀུན་ལ་སྙོམས་པའི་ཐུགས། །ཉི་མའི་འོད་ཟེར་ཇི་བཞིན་གསལ་བའི་གསུང༌། །ཁྱོད་སྐུ་རྒྱལ་མཚན་རྩེ་མོར་མཆོད་འོས་པ། །ཀུན་གྱི་བླ་མར་གྱུར་ལ་ཕྱག་འཚལ་ལོ། །བོད་ཀྱི་ལྷ་ཅིག་བཙན་པོའི་གཙུག་རྒྱན་གྱི། །དད་པའི་ཆུ་ཤེལ་སྟེགས་ལ་གནས་མཛད་ནས། །རིམ་གཉིས་ངང་ཚུལ་བཟང་པོས་དུས་འདའ་བའི། །ལྷའི་ལྷར་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཐོས་བསམ་སྒོམ་པའི་ཤིང་རྟ་བཟང་པོ་ཡིས། །མདོ་སྔགས་བསྟན་པའི་སྙིང་པོ་ངོ་མཚར་ཅན། །འཁྲུལ་མེད་བསྟན་པའི་ལམ་དུ་འདྲེན་མཛད་པ། །བློ་ཆེན་སྨྲ་བའི་དབང་པོར་ཕྱག་འཚལ་ལོ། །སྒྲུབ་རྒྱུད་བསྟན་པའི་སྙིང་པོ་འཛིན་མཁས་པའི། །གྲུབ་ཆེན་གོང་མའི་རིགས་རྒྱུད་མ་ཉམས་ཤིང༌། །ཟབ་ལམ་བདུད་རྩིའི་ཉིང་ཁུས་རྒྱུད་ཕྱུག་པ། །སྒྲུབ་པའི་རྒྱལ་མཚན་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་དགེ་བའི་བཤེས་ལ་རྒྱལ་བ་དང༌། །ལྷག་པའི་ལྷའི་ངོ་བོར་གཟིགས་གྱུར་པ། །མཆོག་དང་ཐུན་མོང་དངོས་གྲུབ་ཉེར་སྩོལ་བ། །དཔལ་ལྡན་རྣལ་འབྱོར་བཟང་པོར་མགོས་ཕྱག་འཚལ། །མཁྱེན་རབ་རྒྱ་མཚོ་རྟག་པར་རབ་བཟུང་ནས། །དབང་དང་གདམས་པའི་ཆུ་བོ་འབུམ་ཕྲག་གིས། །སྐལ་བཟང་འགྲོ་རྣམས་སྨིན་ཅིང་གྲོལ་མཛད་པ། །ཆོས་ཀྱི་རྒྱ་མཚོ་ཆེ་ལ་ཕྱག་འཚལ་ལོ། །དེ་ལས་བྱུང་བའི་ལེགས་ཚོགས་ཅི་མཆིས་པ། །ཕྱི་དང་ནང་གི་ཉེར་འཚེ་ཀུན་གསལ་ནས། །ཆོས་བཞིན་དམ་པའི་སྒྲུབ་པའི་རྒྱལ་སྲིད་ལ། །མ་རྣམས་སྒྲོལ་བའི་མགོན་དུ་བདག་གྱུར་ཅིག །མི་དགེའི་གྲོགས་དང་སྡིག་པའི་གྲོགས་པོ་དང༌། །འཇིག་རྟེན་ཆོས་དང་མཚན་མའི་རྣམ་གཡེང་གི །དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ་བར། །བརྩོན་པ་དྲག་པོས་ཆོས་བཞིན་སྒྲུབ་པར་ཤོག །ཅེས་ཞང་བཙུན་འོད་ཟེར་རྒྱལ་པོའི་ཁ་བཏོན་དུ་བྱ་བའི་རིམ་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། མངའ་རིས་སྨད་ཀྱི་སའི་ཐིག་ལེ། ཐུབ་བསྟན་དར་རྒྱས་གླིང་དུ་སྦྱར་བའོ།།  །།མངྒ་ལཾ།།  ༈  །།གྲུབ་ཐོབ་ཆུ་འཕུར་བ་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། ཤཱཀྱའི་བསྟན་ལ་བསྙེན་པར་རྫོགས་མཛད་ནས། །བསླབ་གསུམ་རིན་ཆེན་ནམ་ཡང་མ་ཉམས་ཤིང༌། །མཆོག་ཏུ་མི་འགྱུར་བདེ་བའི་རྣལ་འབྱོར་གྱིས། །གྲུབ་པའི་གོ་འཕང་བརྙེས་ལ་གསོལ་བ་འདེབས། །ཅིར་སྣང་མ་ལུས་སེམས་སུ་མཁྱེན་གྱུར་ཅིང༌། །སེམས་ཀྱང་སྒྱུ་མའི་རྣམ་རོལ་དུ་གཟིགས་ནས། །སྣང་སྲིད་དབང་དུ་འདུས་པའི་རྣལ་འབྱོར་པ། །གྲུབ་པའི་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་འདི་ལ་ནམ་ཡང་མི་སྲེད་པར། །གང་བློ་ཆོས་སུ་འགྲོ་བའི་གདམས་པ་ཡིས། །རང་ཉིད་སྨིན་ཅིང་འགྲོ་མང་གྲོལ་མཛད་པའི། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་མ་ལུས་སྡུག་བསྔལ་དུ་གཟིགས་ནས། །དམ་ཆོས་ལམ་དུ་འགྲོ་བའི་གདམས་པ་ཡིས། །རང་ཉིད་སྨིན་ཅིང་འགྲོ་མང་གྲོལ་མཛད་པའི། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཅི་མཛད་དེ་ཀུན་འགྲོ་བའི་དོན་ཡིན་པས། །ཐར་ལམ་འཁྲུལ་པ་སེལ་བའི་གདམས་པ་ཡིས། །རང་ཉིད་སྨིན་ཅིང་འགྲོ་མང་གྲོལ་མཛད་པའི། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །གང་ཤར་འཛིན་མེད་ཆེན་པོའི་རྣལ་རོལ་གྱིས། །འཁྲུལ་སྣང་ཡེ་ཤེས་འཆར་བའི་གདམས་པ་ཡིས། །རང་ཉིད་སྨིན་ཅིང་གྲོལ་བར་མཛད་པ་ཡི། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཡུལ་སྣང་སེམས་སུ་འཆར་བར་བྱིན་གྱིས་རློབས། །སེམས་སྣང་སྒྱུ་མར་འཆར་བར་བྱིན་གྱིས་རློབས། །སྒྱུ་འཛིན་དབྱིངས་སུ་ཞི་བར་བྱིན་གྱིས་རློབས། །དབྱིངས་རིག་གཉིས་མེད་འདྲེས་པར་བྱིན་གྱིས་རློབས། །བདག་བདེ་ཅི་ཡོད་སེམས་ཅན་ཀུན་ལ་བསྔོ། །ཀུན་གྱི་སྡུག་བསྔལ་མ་ལུས་དང་དུ་ལེན། །གཉིས་མེད་ངང་ནས་གཏོང་ལེན་ཐབས་ཚུལ་གྱིས། །གཉིས་འཛིན་འཁྲུལ་པ་ཞི་བར་བྱིན་གྱིས་རློབས། །གྲུབ་ཆེན་ཉག་བྲེ་སེ་བོ་ཡི། །རྣམ་འཕྲུལ་གྲུབ་ཆེན་དེ་ཉིད་ལ། །གསོལ་བ་འདེབས་པའི་བུ་རྣམས་ཀྱི། །རྒྱུད་ལ་བྱིན་རླབས་མྱུར་འཇུག་ཅིང༌། །དངོས་གྲུབ་རྣམ་གཉིས་ཐོབ་བྱ་ཕྱིར། །གཡས་རུ་གཙང་གི་ས་ཕྱོགས་ཀྱི། །ཐིག་ལེ་ཡིད་འོང་ཉམས་དགའ་ནས། །དགེ་སློང་མཆོག་ལྡན་ལེགས་པའི་བློས། །རབ་ཏུ་དྭང་བའི་ཡིད་ཀྱིས་སོ།།  ༈  །།རྐོང་པོ་རབ་འབྱམས་པ་ལ་བསྟོད་པ།། ༄། །སྭསྟི། སྔོན་ཚེ་འགྲོ་བའི་མགོན་པོར་ཐུགས་བསྐྱེད་ནས། །དུས་འདིར་རླབས་ཆེན་རྒྱལ་སྲས་སྤྱོད་པ་ཀུན། །དགེ་མཚན་དུ་མའི་དཔལ་གྱིས་འབྱོར་གྱུར་པ། །ཡང་དག་དགེ་བའི་བཤེས་ལ་མགོས་ཕྱག་འཚལ། །ནམ་ཡང་དམ་པའི་མགོན་གྱིས་རྗེས་གཟུང་མཐུས། །རྒྱལ་བསྟན་དོན་ལ་ཕྲིན་ལས་དབང་པོ་བཞིན། །ཡ་མཚན་རིག་པའི་གནས་ལ་མ་རྨོངས་པས། །སྟོན་པའི་བསྟན་པ་འཛིན་ལ་གསོལ་བ་འདེབས། །ཐུབ་རྣམས་དགྱེས་པའི་མཛད་པས་དུས་འདའ་ཞིང༌། །མ་རྣམས་སྒྲོལ་བའི་དོན་ལས་མི་གཡེལ་བར། །ཐུབ་པའི་བསྟན་ལ་རིམ་འགྲོ་མཛད་བརྩོན་པ། །བྱང་ཆུབ་སེམས་དཔའ་ཆེན་པོར་གསོལ་བ་འདེབས། །རང་བཞིན་ཉེས་པས་ནམ་ཡང་མ་གོས་ཤིང༌། །བཅས་པའི་གཞུང་ལས་ནམ་ཡང་མི་འདའ་བར། །སོ་སོ་ཐར་དང་བྱང་སེམས་གསང་སྔགས་ཀྱི། །ཉམས་ལེན་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མགོན་མེད་རྣམས་ཀྱི་མགོན་པོར་བདག་གྱུར་ནས། །བསྟན་པའི་རྒྱལ་མཚན་བརྟན་པོར་འཛུགས་པ་དང༌། །འདུས་པའི་མཚོ་ཆེན་རྟག་ཏུ་གང་བར་ཤོག།  །།མངྒ་ལཾ།།  ༈  །།འབྲི་ཁུང་ཆོས་རྗེ་ལ་བསྟོད་པ།། ༄། །སྭསྟི། རྟེན་འབྲེལ་མཐར་བྱིན་འབྲི་ཁུང་པ་དེ་ལ། །འཕགས་མཆོག་ཀླུ་སྒྲུབ་དངོས་སུ་བྱོན་ཡིན་ཞེས། །མ་བྱོན་སངས་རྒྱས་གསུམ་པས་ལུང་བསྟན་པ། །ཡིད་ཆེས་ཁུངས་ཐུབ་གྱུར་ལ་གསོལ་བ་འདེབས། །དེ་རྗེས་འཇུག་པའི་རྒྱུད་འཛིན་འབུམ་ཕྲག་གཅིག །བརྒྱ་ཁྲི་ལྷག་པ་འདུལ་འཛིན་རྡོར་གཞོན་ལས། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་མཛད་ནས། །གྲུབ་ཆེན་ཏི་ལོ་པཎ་ཆེན་ནཱ་རོ་པའི། །གྲུབ་པའི་རྒྱལ་མཚན་ཚུགས་པར་འཛིན་ནུས་པ། །གངས་ཅན་ལྗོངས་སུ་སྐར་མའི་གྲངས་ཇི་ཙམ། །བྱོན་དང་རྒྱུན་མི་ཆད་པར་འབྱོན་གྱུར་ཞེས། །ཀུན་གྱི་བསྔགས་པར་འོས་ལ་ཕྱག་འཚལ་ལོ། །དེ་ནས་དེའི་ཡ་མཚན་ཆོས་ཀྱི་ཁྲི། །རྒྱལ་ཆེན་རྣམ་བཞིའི་དཔུང་པས་འདིར་འདེགས་ཤིང༌། །གཞན་འཕྲུལ་དབང་བྱེད་བདག་པོས་མི་བསྒུལ་བ། །དེར་བྱོན་དེ་དག་རྟེན་འབྲེལ་ཀུན་མཐར་ཕྱིན། །ཀུན་དགའི་ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །ནང་གི་ཡེ་ཤེས་རོལ་མཚོ་མ་རྙོགས་ཤིང༌། །ཕ་རོལ་རི་གཞན་མཐོན་པོས་མི་སྙོབ་པར། །འཁོར་ཚོགས་གསེར་རིའི་དབུས་སུ་ལྷམ་མེ་བ། །ཀུན་ཁྱབ་ཕྱག་རྒྱ་ཆེ་གཅིག་ཐབས་ཤེས་གཉིས། །གསུམ་ལྡན་བླ་མས་ཉམས་སུ་བཞེས་དེ་བཞིན། །ཟླ་འོད་གཞོན་ནུའི་ཆོས་བཞིས་དེར་ཕྱུག་པ། །ལྔ་ལྡན་རྡོ་རྗེའི་སྐུ་དེ་ཞབས་བརྟན་པར། །ཡེ་ཤེས་དངོས་གྲུབ་ཞབས་དེའི་ལམ་པོ་ཆེ། །ཆོས་དྲུག་ཚང་བས་རྡོ་རྗེ་འཆང་ཐོབ་ཤོག །འདི་ནི་རྒྱ་མའི་ཆོས་གྲུབ་ཀྱིས། །འབྲི་ཁུང་ཆོས་ལ་དད་ཐོབ་ནས། །ཁྲི་ཐོགས་བཞུགས་པ་ཞབས་བརྟན་པའི། །སྨོན་ལམ་བསྐུལ་བ་བཞིན་བཏབ་པ། །ཡིན་ནོ་དགེ་ཤིང་བཀྲ་ཤིས་བྱོན།།  །།མངྒ་ལཾ།།  ༈  །།རྒྱ་མ་ཀུན་སྤངས་པའི་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། ངག་གི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །ཐུགས་རྗེའི་མངའ་བདག་པད་དཀར་འཛིན་པའི་དཔལ། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་བིརྺ་པས། །རྗེས་བཟུང་དགེ་བའི་བཤེས་ལ་གསོལ་བ་འདེབས། །རང་བཞིན་ཉེས་པས་ནམ་ཡང་དབེན་པའི་སྐུ། །བཅས་པའི་གནས་རྣམས་ཇི་བཞིན་སྟོན་པའི་གསུང༌། །རྟག་ཏུ་ངེས་པར་འབྱུང་བའི་ཐུགས་མངའ་བར། །ཚུལ་ཁྲིམས་དབང་པོར་གྱུར་ལ་གསོལ་བ་འདེབས། །རྣམ་དག་སྨོན་ལམ་སྟོབས་ཀྱིས་བསྐྲུན་པའི་སྐུ། །མ་རྣམས་འཁོར་བའི་གནས་ནས་འདྲེན་པའི་གསུང༌། །ངེས་པར་བྱང་ཆུབ་ཐུགས་ཀྱིས་རྒྱུད་ཕྱུག་པ། །རྒྱལ་སྲས་ཆེན་པོར་གྱུར་ལ་གསོལ་བ་འདེབས། །རང་བཞིན་རྣམ་དག་རྒྱལ་བ་ཀུན་གྱི་སྐུ། །གློ་བུར་རྣམ་དག་བདེ་བ་ཆེན་པོའི་གསུང༌། །ཟུང་འཇུག་རྡོ་རྗེ་འཛིན་པའི་ཐུགས་མངའ་བ། །མ་ལུས་རིགས་ཀྱི་བདག་པོར་གསོལ་བ་འདེབས། །བསླབ་སྦྱངས་ཡོན་ཏན་ཀུན་གྱི་མཐར་སོན་ནས། །རྣམ་གཡེང་སྒྱུ་མའི་གར་ལ་མི་གཟིགས་པར། །དབེན་པའི་གནས་སུ་ཚུལ་བཞིན་སྒྲུབ་མཛད་པ། །ལུང་རྟོགས་དབང་པོར་གྱུར་ལ་གསོལ་བ་འདེབས། །མཚན་བཅས་མཚན་མ་མེད་པའི་རྣལ་འབྱོར་དང༌། །འཕྲལ་དང་ཡུན་གྱི་བགྱི་བ་གང་མཛད་པ། །དེ་ཀུན་མཐའ་ཡས་འགྲོ་བའི་དོན་ཉིད་དུ། །བསྔོ་མཛད་འཕྲིན་ལས་དབང་པོར་གསོལ་བ་འདེབས། །དགེ་བའི་བཤེས་རྣམས་སངས་རྒྱས་དངོས་སུ་མཁྱེན། །དེ་གསུང་དམ་ཆོས་བསླུ་བ་མེད་པར་གཟིགས། །ཉམས་ཐག་འགྲོ་ཀུན་རང་གི་མར་དགོངས་ནས། །སྒྲུབ་པའི་དབང་པོར་གྱུར་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མ་དག་སྣང་བ་སྟོང་པར་རྟོགས་པ་དང༌། །ཉམས་ཀྱི་ངང་ནས་ཚོགས་གཉིས་རྫོགས་པ་དང༌། །དག་སྣང་ངང་གིས་འཆར་བར་བྱིན་གྱིས་རློབས། །རྒྱུ་རྒྱུད་གསལ་སྟོང་ངང་དུ་འཆར་བ་དང༌། །ཐབས་རྒྱུད་རིམ་གཉིས་ཟུང་དུ་འཇུག་པ་དང༌། །འབྲས་བུ་བདེ་སྟོང་ལྷུན་གྱིས་གྲུབ་གྱུར་ནས། །ཟུང་འཇུག་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས། །སྣང་གསུམ་ཆོས་ཀྱིས་གཞན་རྒྱུད་སྨིན་པ་དང༌། །རྒྱུད་གསུམ་ལམ་གྱིས་རང་རྒྱུད་གྲོལ་བ་དང༌། །རང་བཞིན་ལྷན་སྐྱེས་ལྟ་བ་རྟོགས་པ་དང༌། །བདེ་སྟོང་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །ལེགས་ལྡན་ལྕམ་གྱིས་ཉེར་བསྐུལ་ནས། །རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས། །སྐལ་ལྡན་ཤིང་རྟའི་གནས་སུ་སྦྱར། །དགེ་བས་དམ་པའི་ཆོས་གྲུབ་ཤོག།  ༈  །།གློ་བོ་ཆོས་རྗེ་དཔལ་ལྡན་རྒྱལ་མཚན་གྱི་བསྟོད་པ་བཞུགས།།  ༄། །ཕུན་ཚོགས་ཆོས་ཀྱི་མཚོ་ཆེན་ལས་འོངས་པའི། །ཚུལ་ཁྲིམས་རྣམ་གསུམ་རིན་ཆེན་འབར་བའི་ཏོག །བཤད་བསྒྲུབ་རྒྱལ་མཚན་རྩེ་མོར་བཞུགས་གསོལ་བ། །ཡོངས་ཀྱི་བཤེས་གཉེན་དམ་པར་གསོལ་བ་འདེབས། །དཔལ་ལྡན་ཆོས་རྗེའི་གསུང་གི་བདུད་རྩིའི་རྒྱུན། །རྣམ་དཔྱོད་ཞལ་གྱིས་ངོམས་པར་ལེགས་གསོལ་ནས། །ཚུལ་ཁྲིམས་རྒྱལ་མཚན་གཅེས་པར་འཛིན་མཛད་པ། །ཀུན་གྱིས་བཀུར་བར་འོས་ལ་གསོལ་བ་འདེབས། །དཔལ་ལྡན་དབང་བཞིས་རང་རྒྱུད་ཚུལ་བཞིན་སྨིན། །གྲོལ་བྱེད་ལམ་བཞིས་འཆལ་ཁྲིམས་དྲུངས་ནས་ཕྱུང༌། །འཁོར་ལོའི་མགོན་གྱི་རྒྱལ་མཚན་མཐོན་པོ་ཅན། །ཁྱབ་བདག་རིགས་ཀྱི་བདག་པོར་གསོལ་བ་འདེབས། །སྙན་བརྒྱུད་གདམས་པའི་ཆུ་བོ་བརྒྱ་ཕྲག་གིས། །ཁྱོད་བློའི་ཁོར་ཡུག་ཡངས་པར་ངལ་གསོ་ནས། །རྣམ་མང་འགྲོ་བའི་རྒུད་པ་སེལ་བརྩོན་པ། །དཔལ་ལྡན་ཆོས་ཀྱི་རྒྱ་མཚོར་གསོལ་བ་འདེབས། །ཆོས་ཚུལ་མང་པོས་ཉིད་སྐུ་རབ་གང་ཞིང༌། །ལེགས་བཤད་བརྒྱ་ཡིས་ཁྱོད་གསུང་རྟག་པར་མཛེས། །བརྩེ་དང་བྱམས་པའི་ཐུགས་ཀྱིས་རྒྱུད་བལྟམས་པས། །ཀུན་གྱིས་བསྔགས་པར་འོས་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པས་བདག་སོགས་གདུལ་བྱ་ཀུན། །འཆལ་ཚུལ་དྲི་མས་ནམ་ཡང་མི་གོས་ཤིང༌། །དབང་དང་གདམས་པའི་སྨིན་ཅིང་གྲོལ་བྱས་ནས། །དཔལ་ལྡན་རིག་པ་འཛིན་པའི་ས་ཐོབ་ཤོག །ཅེས་བྱ་བ་འདི་ནི་སྡེ་སྣོད་འཛིན་པ་བརྩོན་འགྲུས་རིན་ཆེན་གྱིས་ཁ་ཏོན་དུ་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་སྦྱར་བའོ།།  །།མངྒ་ལཾ།།  ༈  །།འཇམ་པའི་དབྱངས་གཉིས་པ་ཀུན་དགའ་སེང་གེ་ལ་བསྟོད་པ་བྱིན་རླབས་ཀྱི་རྔ་སྒྲ་བཞུགས་སོ།། ༄། །ན་མཿམཉྫུ་ཤྲཱི་གྷོ་ཥ་ཏྭི་ཨཱ་ནནྟ་སིཾ་ཧ་ཡསྟུ་བྷཱི། རིག་པའི་གནས་ཀུན་མཁྱེན་པའི་པཎྜི་ཏ། །ཟག་མེད་དགའ་བཞི་འཁྲུངས་པའི་རྣལ་འབྱོར་པ། །འཇིགས་མེད་ཕྲིན་ལས་བཟང་པོའི་ང་རོ་ཅན། །དཔལ་ལྡན་སྨྲ་བའི་སེང་གེ་ལ་ཕྱག་འཚལ། །སྔོན་ཚེ་རླབས་ཆེན་དགེ་ཚོགས་བསྐྲུན་པའི་མཐུས། །མ་སྨད་མཐོན་པོའི་རིགས་ཀྱི་བརྒྱུད་བཟུང་ནས། །བྱམས་དང་ཐུགས་རྗེའི་ངང་ཚུལ་བཟང་པོ་ཅན། །འགྲོ་བའི་དཔལ་དུ་འཁྲུངས་ལ་ཕྱག་འཚལ་ལོ། །ཚད་ལྡན་དགེ་བའི་བཤེས་ཀྱི་ཞབས་བསྟེན་ནས། །ཐུབ་བསྟན་སྙིང་པོ་སྡོམ་གསུམ་ལེགས་མནོས་ཏེ། །ལུང་རིགས་མན་ངག་ཀུན་ལ་རབ་སྦྱངས་པས། །མཁས་པའི་གྲགས་པས་ཁྱབ་ལ་ཕྱག་འཚལ་ལོ། །རིམ་གཉིས་ཟུང་དུ་འཇུག་པའི་སྦྱོར་བ་ཡིས། །དཔལ་ལྡན་རིག་པ་འཛིན་པའི་ས་བརྙེས་ཏེ། །རྡོ་རྗེ་ཆོས་སྐྱོང་བྲན་བཞིན་བཀོལ་མཛད་པས། །ཀུན་གྱི་བླ་མར་གྱུར་ལ་ཕྱག་འཚལ་ལོ། །མང་དུ་གསན་པའི་དོན་གང་རིགས་པ་ཡིས། །ལེགས་པར་རྟོགས་ནས་བློ་གསལ་མང་པོ་ལ། །རིང་དུ་ལེགས་པར་བཤད་པའི་ཕྲིན་ལས་ཀྱིས། །བསྟན་པའི་སྒྲོན་མེ་སྦར་ལ་ཕྱག་འཚལ་ལོ། །སྔོན་སྦྱངས་སྐལ་བར་ལྡན་པའི་བསོད་ནམས་ཀྱིས། །རྗེ་བཙུན་མཁྱེན་པའི་གཏེར་གྱི་བཀའ་གྲུབ་པས། །མ་ལུས་ཆོས་ཀྱི་བདག་པོར་མངའ་གསོལ་བ། །འཇམ་དབྱངས་གཉིས་པར་གྲགས་ལ་ཕྱག་འཚལ་ལོ། །མཁས་པའི་བྱ་བ་གསུམ་གྱི་མཐར་ཕྱིན་ནས། །མཐུ་སྟོབས་དཔུང་གིས་བདུད་ཀྱི་སྡེ་བཅོམ་སྟེ། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་གྱིས། །གྲུབ་པའི་སར་བཞུགས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་གསོལ་བ་བཏབ་པའི་དགེ་ཚོགས་ཀྱིས། །ཆོས་བཞིན་སྒྲུབ་པའི་བར་ཆད་སེལ་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩལ་ནས། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ཤོག །ཅེས་བླ་མ་དེ་ཉིད་ཀྱི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པར་བསྟོད་པ་བྱིན་རླབས་ཀྱི་རྔ་སྒྲ་ཞེས་བྱ་བ། ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་པོས་ཞལ་ལྟ་གནང་བའི་ངོར། མཆོག་ལྡན་ལེགས་པའི་བློས་རྡོ་རྗེ་སྒྲོམ་བུར་སྦྱར་བ་ཡིན་ནོ།།  །།ཟུང་འཇུག་རྡོ་རྗེ་འཛིན་པའི་ཐུགས་མངའ་བས། །མི་འཇིགས་སེང་གེའི་ཁྲི་ལ་ལྷུན་ཆགས་ཤིང༌། །གཞན་ཕན་འབའ་ཞིག་དགོངས་པའི་ལྷག་བསམ་ཅན། །ཐུགས་རྗེའི་དབང་ཕྱུག་ཁྱོད་ལ་གསོལ་བ་འདེབས། །འགྲོ་ཀུན་དགའ་བ་སྐྱེད་པའི་ཕྲིན་ལས་དང༌། །རྟག་པར་ཆོས་ལ་གཞོལ་བའི་སྙིང་རྗེ་ཡིས། །སྐལ་བཟངས་གདུལ་བྱའི་ཚོགས་རྣམས་སྐྱོང་མཛད་པ། །སེམས་དཔའ་ཆེན་པོ་དེ་ལ་གསོལ་བ་འདེབས།།  །།མངྒ་ལཾ།།  ༈  །།བྱམས་ཆེན་སྐུ་སྐྱེ་ལ་བསྟོད་པ་བཞུགས།། ༄། །སྭསྟི་པྲ་ཛཱ་བྷྱཱཿ འགྲོ་ཀུན་དགའ་བ་བསྐྱེད་མཛད་སྤྲུལ་པའི་སྐུ། །དགེ་ལེགས་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གསུང༌། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཚན་བཟང་པོ། །ཀུན་གྱིས་བསྔགས་པར་འོས་ལ་གསོལ་བ་འདེབས། །བྱང་ཆུབ་ཐུགས་ཀྱི་ངང་ཚུལ་བཟང་པོ་ཡིས། །འགྲོ་མང་གོང་ནས་གོང་དུ་འདྲེན་པ་ལ། །མ་ཕམ་བྱམས་པའི་ཐུགས་རྗེས་ངེས་བསྐྲུན་པའི། །ཕྲིན་ལས་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །མཐོང་མ་ཐག་ཏུ་ཡིད་རབ་འདྲེན་པའི་སྐུ། །ཐོས་པའི་མོད་ལ་ཉེ་བར་སིམ་པའི་གསུང༌། །ངེས་པར་བསྟེན་ན་ཕན་དང་བདེ་སྟེར་བ། །ཐུགས་རྗེའི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །སྔོན་ནས་གོམས་ཤིང་རིང་ནས་སྦྱངས་པའི་མཐུས། །སྡོམ་གསུམ་བཅས་པའི་མཚམས་ལས་མི་འདའ་ཞིང༌། །ཟབ་དང་རྒྱ་ཆེའི་ཆོས་ལ་གདེང་ཐོབ་པ། །བསྟན་པའི་བདག་པོར་གྱུར་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་བགྱི་བ་གང་མཛད་པ། །རྒྱལ་བའི་བསྟན་དང་སེམས་ཅན་དོན་འབའ་ཞིག །ལྷག་པར་དགོངས་ནས་ངེས་པར་བརྩོན་མཛད་པ། །བརྩེ་ཆེན་རྒྱལ་བའི་སྲས་ལ་གསོལ་བ་འདེབས། །མི་འགྱུར་བདེ་ཆེན་ཤིན་ཏུ་ཟབ་པའི་ཐུགས། །རིགས་རྣམས་ཀུན་གྱི་བདག་པོ་མཚོན་པའི་སྐུ། །ཟུང་འཇུག་འཁོར་ལོ་སྒྱུར་བའི་གསུངས་དབྱངས་ཀྱིས། །ཚུལ་ཆེན་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །སྙན་རྒྱུད་གདམས་པའི་ཆུ་ཀླུང་འབུམ་ཕྲག་གིས། །གང་བློ་གཏིང་མཐའ་ཡངས་པར་གནས་བཅས་ནས། །སྐལ་བཟང་སྐྱེ་བོའི་རྒུད་པ་སེལ་བརྩོན་པ། །ཆོས་ཀྱི་རྒྱ་མཚོར་གུས་པས་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་དགེ་ལེགས་ཀྱིས། །ཁྱོད་ཀྱིས་ཐུགས་རྗེས་བྱིན་གྱིས་བརླབས་གྱུར་པ། །དེ་ཀུན་དགེ་བའི་བཤེས་དང་མི་འབྲལ་ཞིང༌། །ཟབ་ཅིང་རྒྱ་ཆེའི་ཆོས་ལ་སྤྱོད་པར་ཤོག །མར་གྱུར་འགྲོ་བ་ཀུན་གྱི་སྡིག་པ་དང༌། །སྡུག་བསྔལ་མ་ལུས་དྭང་དུ་བླངས་གྱུར་ནས། །བདེ་དང་དགེ་བ་གཞན་ལ་བསྔོས་བྱས་པས། །སྲིད་དང་ཞི་བའི་མཐའ་ལས་གྲོལ་གྱུར་ཅིག །ཚེ་རབས་འདིར་ཡང་སྲིད་པའི་ཆོས་བརྒྱད་དང༌། །མྱང་འདས་ཞི་བའི་བདེ་དོན་མི་གཉེར་བར། །ཐུབ་ཆེན་དབྱངས་པའི་ལམ་དུ་འཇུག་པ་ལ། ཕྱི་ནང་རྐྱེན་གྱིས་གེགས་བྱེད་མ་གྱུར་ཅིག །ཅེས་བྱམས་ཆེན་སྐུ་སྐྱེ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདི་ནི། གཉེར་ཆེན་རྭ་ལོ་རྡོ་རྗེའི་གསུང་གིས་བསྐུལ་བའི་ངོར་བགྱིས་ནས། མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར་བའོ།།  ༈  །།མཁན་ཆེན་ལེགས་ཤེས་པ་ལ་བསྟོད་པ།  ༄། །ན་མོ་གུ་རཱ་ཝེ། དཔལ་ལྡན་ལེགས་པར་སྦྱངས་པའི་ཤེས་རབ་ཀྱིས། །མདོ་སྔགས་རྒྱ་མཚོའི་ཕ་རོལ་བྱོན་གྱུར་ནས། །བགྲང་ཡས་འགྲོ་བའི་དོན་དུ་ཐུགས་བསྐྱེད་པ། །རྒྱལ་སྲས་བརྩེ་བ་ཅན་ལ་ཕྱག་འཚལ་ལོ། །ལེགས་པར་གསུངས་པའི་མདོ་དང་འདུལ་བ་ལ། །ཚུལ་བཞིན་འཇུག་པའི་ཤེས་རབ་རྣམ་གསུམ་གྱིས། །བསྟན་པའི་སྙིང་པོ་ཇི་བཞིན་གཟིགས་གྱུར་པ། །མང་པོའི་འདྲེན་པར་གྱུར་ལ་ཕྱག་འཚལ་ལོ། །མང་དུ་གསན་ནས་ཚུལ་བཞིན་བསྒྲུབ་པ་ལ། །ནམ་ཡང་མི་གཡེལ་ཚུལ་ཁྲིམས་རྣམ་པ་གསུམ། །བཅས་པའི་མཚམས་ལས་གཞན་དུ་མི་འདའ་བར། །བསྲུང་མཛད་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཐུགས་ཀྱི་ངང་ཚུལ་བཟང་པོ་ཡིས། །སྐུ་གསུང་ཐུགས་ཀྱི་བགྱི་བ་གང་མཛད་པ། །མཐའ་ཡས་འགྲོ་ལ་ཕན་དང་བདེ་བའི་རྒྱུར། །བསྔོ་མཛད་སྐྱེས་ཆེན་དམ་པར་ཕྱག་འཚལ་ལོ། །ལེགས་པར་བཤད་དང་ཉེས་པར་བཤད་པའི་ཆ། །མ་འདྲེས་སོ་སོར་འབྱེད་པའི་ཤེས་རབ་ཀྱིས། །རིགས་པར་འདོམས་ཤིང་ཉམས་སུ་ལེན་མཁས་པ། །བསྟན་པའི་དཔལ་དུ་ཤར་ལ་ཕྱག་འཚལ་ལོ། །ངེས་པར་ལེགས་པའི་ལམ་སྲོལ་ཟླ་བྲལ་བ། །བདེ་སྟོང་རང་རིག་ཆེན་པོའི་ཡེ་ཤེས་དང༌། །གང་ཤར་ལྷ་སྐུར་གཟིགས་པའི་ཤེས་རབ་ཀྱིས། །ཚུལ་ཆེན་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །ལེགས་པའི་ལམ་གྱིས་རང་རྒྱུད་སྨིན་གྱུར་ནས། །ཤེས་རབ་ཆེན་པོས་གཞན་རྒྱུད་གྲོལ་མཛད་ཅིང༌། །མཁས་བཙུན་བཟང་པོས་འཇིགས་མེད་ལམ་ཞུགས་པ། །ཕྲིན་ལས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་གུས་པའི་ཡིད་ཀྱིས་ཕྱག་བཙལ་ཞིང༌། །གང་གིས་ལེགས་པར་མཛད་ལ་ཡི་རང་བས། །མར་གྱུར་མཁའ་དང་མཉམ་པའི་འགྲོ་བ་འདི། །རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་ཤོག །ཅེས་པ་འདི་ནི་ཚེ་དང་ལྡན་པ་རབ་བྱུང་ཤེས་རབ་དཔལ་འབྱོར་གྱིས་ཁ་བཏོན་ཏུ་བྱ་བའི་རིམ་པ་ཉིད་དུ་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་ཉེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།གློ་བོ་ཆོས་རྗེ་ཡོན་ཏན་ཆོས་རྒྱལ་ལ་བསྟོད་པ།། ༄། །ན་མོ་གུ་ར་ཝེ། ཡོན་ཏན་རི་དབང་གཞན་ལས་ཆེར་མཐོ་ཞིང༌། །ཆོས་ཚུལ་རོལ་མཚོའི་དབུས་ནས་མི་གཡོ་བར། །རྣམ་རྒྱལ་ཐར་པའི་སྒོ་རྒྱ་འབྱེད་མཛད་པ། །ཡང་དག་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །མདོ་དང་སྔགས་ཀྱི་ཡོན་ཏན་ཀུན་འབྱོངས་ནས། །བྱང་ཆུབ་ཐུགས་ཀྱི་ཆོས་ཚུལ་བཟང་པོ་ཡིས། །རྒྱལ་སྲས་ཆེན་པོའི་རྣམ་ཐར་འཛིན་མཁས་པ། །བློ་ལྡན་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །བསླབ་སྦྱངས་ཡོན་ཏན་རྫོགས་པའི་ལྷུན་པོ་ལ། །བསླབ་གསུམ་ཆོས་ཀྱི་བང་རིམ་མ་ཉམས་ཤིང༌། །བསླབ་བྱའི་གནས་རྣམས་རྒྱལ་བའི་དགོངས་པ་བཞིན། །སློབ་མཛད་བླ་མར་གྱུར་ལ་ཕྱག་འཚལ་ལོ། །སྲིད་པའི་ཡོན་ཏན་ཅིར་ཡང་མི་གཟིགས་ཤིང༌། །མྱང་འདས་ཞི་བའི་ཆོས་ལའང་མི་སེམས་པར། །རྒྱལ་བས་བརྙེས་པའི་གོ་འཕང་དེ་ཉིད་ལ། །འགྲོ་ཀུན་འདྲེན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རྟག་ཏུ་ངུར་སྨྲིག་འཛིན་པའི་དཔལ་ཡོན་གྱིས། །ཐུགས་སྐྱེད་ནན་ཏན་ཆོས་ལ་དབང་འབྱོར་ནས། །རྒྱལ་བ་ཁྱབ་བདག་ཆེན་པོའི་རྣམ་རོལ་གྱི། །རྣལ་འབྱོར་གཡེལ་བ་མེད་ལ་ཕྱག་འཚལ་ལོ། །དེ་ལྟར་གསོལ་པས་མཐའ་ཡས་འགྲོ་བ་ཡི། །སྡིག་དང་སྡུག་བསྔལ་དང་དུ་བླངས་གྱུར་ཅིང༌། །བདེ་དང་དགེ་བ་གཞན་ལ་བསྔོས་བྱས་ནས། །སྲིད་དང་ཞི་བའི་མཐའ་ལས་གྲོལ་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །མི་དགེའི་བཤེས་དང་སྡིག་པའི་གྲོགས་སྤངས་ནས། །རྒྱལ་བ་དགྱེས་པའི་ལམ་བཟང་ཚོལ་བ་ལ། །ཕྱི་ནང་རྐྱེན་གྱིས་གེགས་བྱེད་མ་གྱུར་ཅིག །ཅེས་འདི་ཡོན་ཏན་བློ་བཟང་པོའི། །ཁ་བཏོན་བགྱིད་པའི་རིམ་པ་ལ། །དད་པས་བསྐུལ་བའི་ངོར་བགྱིས་ནས། །མཆོག་ལྡན་ལེགས་པའི་བློ་ཡིས་སྦྱར།།  ༈  །།སྨན་འཇི་བ་བུ་ཆུང་བཀའ་བཅུ་པ་ལ་བསྟོད་པ།། ༄། །ན་མོ་གུ་རཱ་ཝེ། དཀོན་མཆོག་གསུམ་དང་དབྱེ་བ་མེད་པའི་སྐུ། །རྒྱལ་བའི་ཆོས་ཀྱི་སྙིང་པོ་སྟོན་པའི་གསུང༌། །དཔལ་ལྡན་ཕྲིན་ལས་བཟང་པོའི་ཐུགས་མངའ་བ། །མང་པོའི་འདྲེན་པར་འོས་ལ་གསོལ་བ་འདེབས། །སོ་ཐར་ཚུལ་ཁྲིམས་བཅས་པའི་ཉེས་པས་དབེན། །བྱང་སེམས་ཚུལ་ཁྲིམས་གཞན་ཕན་ལྷུན་གྱིས་གྲུབ། །སྔགས་ཀྱི་ཚུལ་ཁྲིམས་སྨིན་གྲོལ་རྣམ་གཉིས་ལ། །དབང་འབྱོར་དགེ་བའི་བཤེས་ལ་གསོལ་བ་འདེབས། །ལུང་རིགས་གཞུང་ལ་སྦྱངས་པ་མི་དམན་ཞིང༌། །མཐའ་ཡས་རྒྱུད་སྡེའི་སྙིང་པོ་ལེགས་རྟོགས་ནས། །མན་ངག་ཚུལ་བཞིན་སྒོམ་ལ་མངའ་བརྙེས་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །དགེ་བའི་བཤེས་གཉེན་རིགས་པར་བསྟེན་མཁས་ཤིང༌། །སྡོམ་གསུམ་མིག་འབྲས་བཞིན་དུ་བསྲུང་ལ་བརྩོན། །གཞན་ཕན་འབའ་ཞིག་དགོངས་པའི་ཐུགས་མངའ་བ། །རྒྱལ་སྲས་སེམས་དཔའ་ཆེ་ལ་གསོལ་བ་འདེབས། །ནམ་ཡང་གཞན་ལ་མཐོ་འཚམས་མི་མངའ་ཞིང༌། །རང་ཉིད་འཇིག་རྟེན་ཆོས་ལ་མི་འཇུག་པར། །སྲིད་ཞི་མཉམ་ཉིད་ངང་ནས་དམ་པའི་ཆོས། །ཚུལ་བཞིན་སྒྲུབ་མཛད་དེ་ལ་གསོལ་བ་འདེབས། །གང་ཡང་ཆོས་བཞིན་སྒྲུབ་པའི་དམ་པ་ལ། །ལྷ་དང་བླ་མས་རྟག་ཏུ་ཉེར་དགོངས་ཤིང༌། །དམ་ཅན་རྣམས་ཀྱི་རྟག་ཏུ་བསྲུང་མཛད་པས། །བདུད་དང་བར་ཆད་སེལ་ལ་གསོལ་བ་འདེབས། །དེ་ལྟར་གུས་པའི་ཡིད་ཀྱིས་གསོལ་བཏབ་ནས། །ཕྱི་ནང་ཉེར་འཚེ་མ་ལུས་ཞི་བ་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཀྱིས། །སྲིད་ཞིའི་རྒུད་པ་མ་ལུས་སེལ་བྱེད་ཤོག །ཅེས་པ་འདི་ནི་གསོལ་ཇ་བ་རྡོ་རྗེ་རབ་བརྟན་གྱིས་བསྐུལ་བའི་ངོར། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་མདོག་ཅན་དུ་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  ༈  །།གླིང་སྨད་ཆོས་རྗེ་ལ་བསྟོད་པ།། ༄། །སྭསྟི། རྒྱ་ཆེན་ཆོས་ཀྱི་མིག་སྟོང་རབ་ཡངས་ཤིང༌། །ཟབ་མོའི་དོན་རྣམས་རྒྱལ་བའི་དགོངས་པ་བཞིན། །འཁྲུལ་མེད་གཟིགས་པའི་དགེ་མཚན་བགྲང་ཡས་ཀྱི། །དཔལ་ལྡན་ཕྲིན་ལས་བཟང་པོར་ཕྱག་འཚལ་ལོ། །ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་དང༌། །ཕྱོགས་ལས་རྣམ་རྒྱལ་རིགས་པའི་ང་རོ་ཡིས། །མཚན་འཛིན་ཆོས་སུ་སྨྲ་རྣམས་འཇོམས་མཛད་པ། །འཇིགས་མེད་སྨྲ་བའི་དབང་པོར་ཕྱག་འཚལ་ལོ། །དམ་པའི་ཆོས་ལ་ཐོས་བསམ་མཐར་ཕྱིན་ནས། །རྒྱལ་བ་དགེས་མཛད་བསྒྲུབ་པའི་མཆོད་པ་དང༌། །དགེ་མཚན་དུ་མའི་དཔལ་གྱིས་མངོན་མཐོ་བ། །ཕྲིན་ལས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ལུང་རིགས་མཁས་མང་འཚོགས་པའི་དབུས་དག་ཏུ། །འཇིགས་མེད་ཆོས་ཀྱི་ང་རོ་ཆེར་བསྒྲགས་པས། །དྲི་མེད་གྲགས་པའི་གདུགས་དཀར་གཡོ་བཞིན་དུ། །བསྟན་པའི་རྒྱལ་མཚན་འཛིན་ལ་མགོས་ཕྱག་འཚལ། །རང་བཞིན་ཚུལ་ཁྲིམས་འཆལ་བའི་དྲི་མས་དབེན། །རྣམ་དག་ཚུལ་ཁྲིམས་བཅས་པའི་རྭ་བ་ལས། །ནམ་ཡང་མི་འདའ་ཐུབ་པའི་རིང་ལུགས་པ། །ཀུན་གྱི་རྒྱལ་མཚན་ཚུགས་པར་འཛིན་ལ་འདུད། །ཐོས་བསམ་སྒོམ་པའི་ཆོས་ཀྱིས་རྒྱུད་སྦྱངས་ཤིང༌། །འཆད་རྩོད་བརྩོམ་པས་གཞན་རྒྱུད་གྲོལ་མཛད་ནས། །རྒྱལ་བའི་སྲས་ཀྱི་ཐུགས་བསྐྱེད་རྒྱ་མཚོར་ནི། །ཉིན་མཚན་གཡེལ་བ་མེད་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ནམ་ཡང་དགེ་བའི་བཤེས་དང་མི་འབྲལ་ཞིང༌། །ཐུབ་པའི་བསྟན་པ་རིང་དུ་གནས་པ་དང༌། །ཚོགས་མཆོག་འདུས་པའི་རྒྱ་མཚོ་འཕེལ་བར་ཤོག།  །།ཤུ་བྷཾ།།  །།སྭསྟི། ལྷག་པའི་ལྷ་ཡིས་བྱིན་གྱིས་བརླབས་གྱུར་པས། །སྐུ་བཙུན་གསུང་མཁས་ཐུགས་ཀྱི་ཆུ་གཏེར་ནི། །བཟང་པོའི་གྲགས་པས་མངོན་པར་བྱང་ཆུབ་པ། །ཆོས་ཀྱི་དབང་ཕྱུག་ཉིད་ལ་གསོལ་བ་འདེབས། །གྲུབ་པ་མཆོག་དང་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་ལམ་ལ་གཡེལ་བ་མེད་བཞིན་དུ། །དོན་གཉེར་སློབ་མའི་སེམས་རྒྱུད་ཚིམ་མཛད་པ། །ཡང་དག་དགེ་བའི་བཤེས་ལ་གསོལ་བ་འདེབས། །ངེས་དོན་ཇི་བཞིན་གཟིགས་པའི་ཤེས་རབ་ནི། །ཚུལ་ཁྲིམས་དྲི་བསུང་འཕྲོ་བའི་གོས་བཟང་ཅན། །ཏིང་འཛིན་ལམ་གྱིས་ངེས་པར་རྒྱུད་ཕྱུག་པ། །བསླབ་གསུམ་མ་ཉམས་གོང་མར་བཅས་ལ་འདུད། །ཐ་སྙད་གཞུང་བརྒྱའི་ཚུལ་ལ་མ་རྨོངས་ཤིང༌། །མདོ་དང་རྒྱུད་སྡེའི་དོན་དམ་ཟབ་མོ་ལ། །སོམ་ཉིད་སྤངས་པའི་དགའ་དང་བདེ་བ་ཡིས། །རྟག་པར་ཚིམ་མཛད་ཁྱེད་ལ་གསོལ་བ་འདེབས། །དགེ་བ་འདི་ཡིས་མར་གྱུར་འགྲོ་བ་ཀུན། །མི་དགེའི་ལམ་དུ་ནམ་ཡང་མི་འཇུག་ཅིང༌། །རྟག་པར་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་ཤོག །ཅེས་པ་འདི་ཡང་དད་ལྡན་གྱིས། །བསྐུལ་ནས་ལེགས་པའི་བློ་ཡིས་སྦྱར།།  །།དགེའོ།།  ༈  །།གཞི་ལམ་འབྲས་བུའི་གསོལ་འདེབས།། ༄། །གཞོན་ནུ་རབ་བྱུང་ཐོས་པའི་ནོར་གྱིས་ཕྱུག །ཚུལ་ཁྲིམས་རྣམ་དག་སྡོམ་གསུམ་གཅེས་འཛིན་པ། །གཞི་དུས་སྤྱོད་པ་རྣམ་དག་ཡིན་ནོ་ཞེས། །སྟོན་མཛད་དགེ་བའི་བཤེས་ལ་གསོལ་བ་འདེབས། །གདོད་ནས་གྲུབ་པའི་རང་རིག་རང་གསལ་བ། །གློ་བུར་དྲི་མས་འགྲིབ་པར་མི་ནུས་ཀྱང༌། །གཉིས་སྣང་འཁྲུལ་པ་རང་ངོ་མ་ཤེས་པར། །སྟོན་མཛད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །གློ་བུར་དྲི་མའི་ངོ་བོ་ཕྱག་རྒྱ་ཆེར། །འཕྲལ་དང་གདོད་ནས་གྲུབ་པ་ཡོད་མིན་ཞེས། །སེམས་སྣང་སྒྱུ་མ་ལམ་གྱི་ལྟ་བར་ནི། །སྟོན་མཛད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཀུན་རྫོབ་ཆོས་ཀུན་རང་རང་ངོ་བོ་ཡིས། །སྟོང་པར་ཤེས་ནས་འོད་གསལ་འབའ་ཞིག་ལ། །ལམ་དུ་ཉམས་ལེན་ཀུན་གྱི་གཞི་ཡིན་ཞེས། །སྟོན་མཛད་ལོངས་སྤྱོད་རྫོགས་སྐུར་གསོལ་བ་འདེབས། །འབྲས་བུའི་དུས་ཀྱི་ཡོན་ཏན་ཇི་སྙེད་པ། །གཞིའི་དུས་ནས་ལྷུན་གྱིས་གྲུབ་པོ་ཞེས། །གློ་བུར་སྤྲིན་གྱིས་ནམ་མཁའ་མི་འགྲིབ་པར། །སྟོན་མཛད་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །རྣམ་ཤེས་ཡུལ་དུ་གང་སྣང་དེ་ཉིད་དང༌། །ཡེ་ཤེས་ཡུལ་དུ་གང་སྣང་དེ་ལས་གཞན། །ཡོད་མ་ཡིན་པ་འབྲས་དུས་ལྟ་བར་ནི། །སྟོན་མཛད་ངོ་བོ་ཉིད་སྐུར་གསོལ་བ་འདེབས། །གཞི་ལམ་འབྲས་གསུམ་གང་དུ་གྲུབ་པའི་གཞི། །དབྱེར་མེད་རྟོགས་ནས་གཉིས་སྣང་འཁྲུལ་པའི་བློ། །ཇི་སྲིད་འཆར་བར་གྱུར་པ་དེ་སྲིད་དུ། །བླང་དོར་ཚུལ་བཞིན་བྱེད་པར་བྱིན་གྱིས་བརློབས། །དེ་སྐད་འདི་ནི་ཀུ་རབ་པའི། །ཆོས་མཛད་རྟོགས་ལྡན་དགེ་སློང་གི །གསུང་གི་ངོར་བྱས་གཞི་དུས་ཀྱི། །ཕྱག་རྒྱ་ཆེན་པོར་མོས་བློས་སྦྱར།།  །།མངྒ་ལཾ།།  ༈  །།བློ་གསལ་རྣམས་ཀྱིས་མཆོད་ཡར་དུ་བྱ་བའི་རིམ་པ།། ༄། །ན་མཿསྭ་ར་སྭསྟི། རབ་དཀར་གངས་རི་གསར་པའི་མདངས་འཕྲོག་མ། །རབ་སྙན་དྲི་ཟའི་དབྱངས་ལ་ཅོ་འདྲི་མ། །རབ་གསལ་སྙན་ངག་ཕྲེང་བ་སྤེལ་བརྩོན་མ། །མ་ལྟར་བརྩེ་བའི་ལྷ་མོ་དབྱངས་ཅན་མ། །མརྒད་འཁྱིལ་པའི་མཚོ་འགྲམ་དེར་བཞུགས་མ། །ངང་མོའི་ལུས་ཅན་ཇི་བཞིན་རང་གི་ངང༌། །ན་ཆུང་གཟུགས་ཀྱིས་མདུན་གྱི་ནམ་མཁའ་ན། །ལོ་མའི་གུར་དུ་བྱོན་ལ་ཕྱག་འཚལ་ལོ། །ངོ་མཚར་ཚོགས་གཉིས་གསེར་གྱི་ས་གཞིས་བཏེག་པའི་སྐུ་གསུམ་ལྷུན་པོའི་སྤོ་ལ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ་མང་ཕྱེ་བའི་རྣམ་རྒྱལ་གསེར་གྱི་ཁང་བཟངས་ཡིད་འོང་སྟོབས་བཅུའི་གོ་འཕང་མཐོན་པོས་རབ་བརྗིད་གཟུངས་དང་མངོན་པར་ཤེས་པའི་རིན་ཆེན་དྲྭ་མིག་ཆེར་གསལ་བྱམས་དང་སྙིང་རྗེའི་རྔ་ཡབ་འཁྲུག་ལྡན་ཕྲིན་ལས་ཕྱོགས་བརྒྱར་གསལ་བའི་རྔ་ཡབ་དཀར་པོ་དང་ལྡན་སྲིད་པ་ངལ་བསོའི་བསྟི་གནས་མཆོག་གྱུར་མི་འཇིགས་སེང་གེའི་ཁྲི་ལ་བརྗིད་ཆགས་ཡང་དག་རིགས་པའི་རྩེ་བརྒྱ་ཁྲོས་པས་བདུད་དང་ལྷ་མིན་ཕམ་མཛད་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་དང་དེའི་བསྟན་པ་བསྟན་འཛིན་དང་བཅས་པ་སྒོ་གསུམ་གུས་པའི་གཙུག་གིས་མཆོད། །ཡབ་རྗེ་རྒྱལ་བ་ཉིད་ཀྱི་ཤེལ་གྱི་ཅོད་པཎ་དཀར་པོ་ཉིད་ཀྱི་དབུ་ལ་ལེགས་བླངས་དགའ་ལྡན་ཆོས་ཀྱི་ཁྲི་ལ་ཀུན་དགར་རོལ་མཛད་སྣ་ཚོགས་མདོ་སྡེའི་རྒྱན་བཟང་ངོ་མཚར་བཀྲ་ཤིས་གསེར་གྱི་ཡུ་བ་ལ་བརྟེན་མངོན་རྟོགས་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་མཚར་དུ་མངར་བའི་གདུགས་དཀར་ཐིག་ལེའི་བསིལ་ཡབ་ལེགས་འབབ་ཐེག་ཆེན་རྒྱུད་བླའི་ཡིད་བཞིན་ཏོག་གིས་གང་ལ་ཅི་དགའི་དགོས་འདོད་ཉེར་སྩོལ་འབྱེད་གཉིས་གཡེར་ཁའི་གསུང་སྙན་གྱིས་ནི་ཤེས་ལྡན་མགྲོན་པོ་དབང་དུ་བསྡུད་པས་ཐུབ་བསྟན་གསེར་གྱི་ཁང་ཆེན་ཀུན་གྱི་ཡིད་ཁར་འོང་མཛད་རྗེ་བཙུན་མི་ཕམ་ཐུགས་རྗེའི་དབང་ཕྱུག་དེ་ཉིད་སྒོ་གསུམ་གུས་པའི་གཙུག་གིས་མཆོད། །རྣམ་དཔྱོད་ཙནྡན་ལྗོན་པའི་ངོས་ལ་བསྟར་བའི་རིགས་པའི་ཐང་ཆུ་དཀར་པོས་འགྲམ་པ་རབ་མཛེས་དངོས་འཛིན་གྲུབ་མཐའི་མཆེ་བ་དཀར་པོ་གནམ་དུ་རབ་སྒྲེང་ལོག་བློས་སྐྱོད་པའི་སྙིང་སྟོབས་རིང་ནས་ཁྲོས་ཏེ་འོངས་པའི་གླང་ཆེན་སྨྱོན་པའི་ཀླད་པ་རྣམ་པར་འགེམས་བྱེད་དཔལ་ལྡན་སྨྲ་བའི་སེང་གེ་འཇིགས་མེད་བཟང་པོའི་ཞབས་པད་གང་དེ་མཆོད། །མཁྱེན་པའི་སྣང་བས་ཉི་མ་ཕམ་བྱེད། །བརྩེ་བའི་ཟེར་གྱིས་ཟླ་བ་འགོད་མཛད། །ནུས་པའི་སྟོབས་ཀྱིས་ལྷ་མིན་དྲེགས་ཉམས། །འཆད་པའི་དབྱངས་ཀྱིས་དྲི་ཟའི་མདང་འཕྲོག །རྩོད་པ་རྡོ་རྗེས་སྟོབས་དགྲ་སྐྱེངས་བྱེད། །རྩོམ་པའི་རྔ་སྒྲས་དབྱངས་ཅན་དགེས་མཛད། །སྙན་གྲགས་ཤེས་བྱའི་ཕ་མཐའ་དང་འགྲོགས། །སངས་རྒྱས་བསྟན་པའི་དཔལ་རབ་སྐྱོང་མཁས། །མ་ཕམ་ཐུགས་རྗེའི་སྤྲུལ་པ་མངོན་གྱུར། །ལྷག་པའི་ལྷ་ཡིས་མངོན་སུམ་ཞལ་བསྟན། །རྡོ་རྗེ་ཆོས་སྐྱོང་བྲན་བཞིན་འཁོལ་མཛད། །མི་ཕམ་གཡག་གི་མཚན་ཅན་དེ་ཉིད་མཆོད། །ཤཱཀྱའི་བསྟན་པ་འཆི་མེད་ནོར་བུའི་དཔལ་འབར་ལེགས་བཤད་པདྨ་རཱ་གའི་རྒྱལ་མཚན་རྩེར་བཀོད་སྙན་གྲགས་གསེར་གྱི་ཨུཏྤལ་ཕྲེང་བ་ཞབས་སེན་ཟླ་བའི་ཐིག་ཕྲེང་གང་དང་ལྷན་ཅིག་འཇིག་རྟེན་ཆེར་རློམ་ཡོངས་ཀྱི་རལ་པས་ལེན་བྱེད་འགྱུར་ཁུགས་སྟོང་གིས་མཚར་དུ་མངར་བའི་གནས་ལྔ་རིགས་པའི་རྔ་དབྱངས་རྟེན་འབྱུང་ཟབ་མོའི་རྒྱུད་མངས་ལ་བསྒྱུར་སྲིད་གསུམ་སྒྱུ་མར་ཤར་བའི་གར་གྱིས་རྣམ་རོལ་རྒྱ་གར་པཎ་ཆེན་ཡོངས་ཀྱི་དྲེགས་འཇོམས་གངས་ཅན་མཁས་པ་རྣམས་ཀྱི་ཐེ་ཚོམ་སེལ་བའི་དབང་པོ་ཐུབ་དབང་གཉིས་པ་རོང་སྟོན་ཤེས་བྱ་ཀུན་རིག་དེ་ཉིད་མཆོད། །མང་དུ་གསན་པས་གཞུང་ལུགས་ཀུན་གྱི་དེ་ཉིད་གསལ་བར་ལེགས་གཟིགས་དེ་དོན་རྟག་པར་བསྒྲུབ་པ་ལྷུར་མཛད་ཡོད་དང་མེད་སྨྲའི་མཐའ་གཉིས་སྤངས་པའི་དབུ་མའི་ནགས་ཀྱི་སྨན་ལྗོངས་ཉམས་དགར་གསུང་རབ་མ་ལུས་མཁྱེན་པའི་ཉམས་ཀྱིས་རྣམ་རོལ་དཔལ་ལྡན་རིགས་པ་འཛིན་པའི་ས་ཆེན་བཟང་པོ་ལ་བཞུགས་ཕྲིན་ལས་དབང་པོ་དོན་ཡོད་དཔལ་ཞེས་སྙན་གྲགས་གསེར་གྱི་རྣ་ཆ་ཀུན་གྱི་རྣ་བར་འཕྱང་བྱེད་དེ་ཉིད་མཆོད། །རྣམ་དཔྱོད་འབིགས་བྱེད་དྲི་གཞོན་ཤུགས་ཀྱིས་ཆེས་ཆེར་དྲངས་པའི་རྩོམ་འཆད་རྩོད་པའི་ལེགས་བཤད་གསར་པའི་ཧ་རི་ཙནྡན་ལྗོན་པའི་ཕྲིན་ལས་དྲི་ཞིམ་བློ་གསལ་ཀུན་གྱི་ཡིད་འཕྲོག་བགྱིད་པའི་ནགས་ཀྱི་ནང་ན་མང་དུ་ཐོས་པའི་རྣ་བ་དང་ནི་ལུང་དང་རིགས་པའི་མིག་གཉིས་རབ་ཡངས་སྒྲ་དང་ཚད་མའི་མཆེ་སྡེར་རྣོན་པོས་གཞུང་མང་ལོག་པར་འཆད་པའི་ཆང་གིས་མྱོས་ཤིང་དྲེགས་པའི་གླང་ཆེན་སྨྱོན་པའི་ཁྱུ་ཆེན་ཁྱད་དུ་གསོད་བྱེད་བསླབ་གསུམ་གོམས་སྟབས་བརྟན་པར་འགོད་མཛད་ཕྱི་ནང་སྡེ་སྣོད་ལུས་སྟོབས་གྲིམས་ཤིང་མཛངས་པས་བློ་གསལ་རི་དྭགས་སྐྱོང་མཁས་དཔལ་ལྡན་འཇིགས་མེད་སྨྲ་བའི་དབང་པོ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་སྒོ་གསུམ་གུས་པའི་གཙུག་གིས་མཆོད། །དཀོན་མཆོག་ནོར་བུ་འབར་བའི་རིན་ཆེན་ཏོག་མཛེས་བསླབ་གསུམ་རྒྱལ་མཚན་མཐོན་པོ་བཟུང་ནས་བློ་གྲོས་འོ་མའི་ཆུ་གཏེར་ཡངས་པར་སྡེ་སྣོད་གསུམ་གྱི་འདབ་བརྒྱ་རྒྱས་པའི་དགའ་བའི་ཚལ་དུ་ཤེས་ལྡན་མགྲོན་པོའི་ཚོགས་རྣམས་རྣམ་དག་ལུང་གིས་མགུ་བྱེད་ཡང་དག་རིགས་པའི་པངྨོའི་ཕྲེང་བ་བློ་གསལ་མང་པོའི་མགུལ་བའི་རྒྱན་དུ་ཉེར་མཚོན་སངས་རྒྱས་བསྟན་པའི་གསལ་བྱེད་ཡོངས་འཛིན་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་དེ་ལྟར་མཆོད། །ཅེས་པ་འདི་ནི་ལུང་དང་རིགས་པ་སྨྲ་བའི་མཆོག་སྒྲ་དང་སྙན་ངག་གི་རྒྱ་མཚོར་གྱུར་པ་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་ཆུམས་སུ་སྦྱར་བའོ།།  །།དཔལ་ལྡན་རིགས་པའི་རྩེ་མོ་བརྒྱ་ཕྲག་གདེངས་པའི་སུན་འབྱིན་དབང་པོའི་རྡོ་རྗེ་མཁའ་ལ་འཕྱར་བས་བདག་ལྟའི་གནས་སུ་ཡུན་རིང་གོམས་པའི་དངོས་འཛིན་གླང་ཆེན་སྨྱོན་པའི་སྟེང་ན་ལོག་བློས་སྐྱོད་པའི་སྨྲ་བའི་སྒྲ་ཆེན་སྒྲོག་ཅིང་ཡིད་ཀྱི་བསྲུབས་ཤིང་སྙིང་ལ་ཆེས་ཆེར་ཞུགས་པའི་བདུད་དང་མུ་སྟེགས་ཕྱིར་རྒོལ་དྲེགས་པའི་དཔུང་ཚོགས་ལག་པ་བཞི་ཡིས་དགྲ་ཐབས་རྣམ་པར་བཤམས་ནས་འོངས་པའི་འཇིགས་རུང་གཞུ་རྒྱལ་ཁྲོས་པའི་དཔུང་ཚོགས་ཕྱེ་མར་བྱས་ནས་ས་འོག་མུན་པའི་དབྱིངས་སུ་འཇུག་མཁས་ཀུན་མཁྱེན་ལྷའི་དབང་པོ་ཚད་མ་གསུང་མཁས་གང་དེ་གུས་པའི་གཙུག་གིས་མཆོད། །འཇམ་དབྱངས་ཞལ་གྱི་བདུད་རྩིའི་རྒྱ་མཚོར་ཡང་ཡང་འཇུག་ལ་མངོན་པར་དགྱེས་པ་དང་ལྡན། ཡང་དག་རིགས་པའི་ཕྲེང་བ་མང་པོ་སྟར་ལ་བརྒྱུས་ནས། ཐུབ་བསྟན་གདོང་པ་རྣམ་བཞི་མཛེས་པར་ལེགས་གཡོགས། སྒྲུབ་དང་སུན་འབྱིན་ཟུང་དུ་འཇུག་པའི་མཆེ་བ་དཀར་པོ་གནམ་དུ་བསླངས་ནས། དྲེགས་ལྡན་རྒོལ་བ་སྟོང་ཕྲག་རིང་ནས་ཟློག་མཁས་ཕྱོགས་ཀྱི་གླང་པོ་གུས་པའི་གཙུག་གིས་མཆོད། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གནད་རྣམས་དངོས་སྟོབས་རིགས་པའི་ལམ་སྲོལ་བཟང་པོ་དྲངས་ཚེ། ལྐོག་གྱུར་དངོས་པོའི་གནས་ལུགས་མཐའ་དག་ཁྱོད་ཀྱི་དྲུང་དུ་འོངས་ནས། རང་གི་རང་བཞིན་གསལ་བར་སྟོན་པའི་དཔལ་ལྡན་སྨྲ་བའི་ཉི་མ་ཁྱོད་ཀྱིས་གཏན་ཚིགས་ཁྲོས་པའི་གནམ་ལྕགས་མཁའ་ལ་བསྐྱོད་པའི་འུར་སྒྲས། རྟག་ཆད་སྨྲ་བའི་ཚུལ་ལ་རིང་དུ་སྦྱངས་པའི་གཞན་གཞུང་དྲེགས་པའི་རི་བོ་བསྙིལ་ནས། སྡེ་བདུན་རིགས་པའི་ཚ་ཟེར་ཤེས་བྱའི་ཕ་མཐའ་ལས་སྒྲོགས་རྟོག་གེ་ངན་པའི་སྙིང་གི་མུན་པ་མ་ལུས་སྐྱེངས་ནས་ནམ་མཁའི་དབྱིངས་སུ་ཐིམ་ཞིང༌། རྣམ་དཀར་གྲགས་པའི་རྒྱལ་མཚན་མཐོན་པོ་ཕྱོགས་བྲལ་སྐྱེ་བོའི་གཙུག་ཏུ་འཛིན་མཁས། ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས་པ་གུས་པའི་གཙུག་གིས་མཆོད། །སྡེ་བདུན་མཛད་པའི་ལུགས་བཟང་དང་པོར་སྟོན་མཁས་ལྷ་ཤཱཀ་ཉི་ཟླའི་སྲས་ཆེན་གཉིས་དང༌། ཕྲ་ཞིང་ཞིབ་པའི་རིགས་ཚུལ་བརྒྱ་ཡིས་ཤིན་ཏུ་རྟོགས་དཀའི་གནད་རྣམས་གསལ་མཛད་དཔལ་ལྡན་གྲགས་པའི་ཐུགས་རྗེའི་སྤྲུལ་པ་ཆོས་མཆོག་ཉིད་དང༌། རྣམ་དཔྱོད་ཡངས་པའི་གོམས་སྟབས་གཅིག་གིས་ཤེས་བྱའི་ས་ཆེན་མ་ལུས་བརྒལ་ནས། མཁས་རློམ་གཞན་གྱི་དྲེགས་པ་ཉམས་བྱེད་ཤེས་རབ་འབྱུང་གནས་སྦས་པ་ལ་སོགས་འཕགས་ཡུལ་བྱོན་པའི་བླ་མ་བརྒྱུད་པ་མ་ལུས་པ་གཙུག་གིས་མཆོད། །རྒྱལ་བ་ཉིད་ཀྱི་ཐུགས་རྗེ་ལས་འཁྲུངས་འཕགས་ཡུལ་ལེགས་བཤད་སྐལ་ལྡན་ཤིང་རྟའི་རྒྱུན་བཟང་རྣམ་དཔྱོད་རལ་པའི་ཁུར་ཆེན་གྱིས་འཐུང༌། སླར་ཡང་གངས་རིའི་འགྲམ་འདིར་རིགས་པའི་རྒྱ་མཚོ་གཏིང་མཐའི་བར་དུ་སྤེལ་མཁས་ཀུན་མཁྱེན་རལ་པ་དམར་པོའི་ཁུར་འཛིན་གངས་ཅན་སའི་ཐིག་ལེར་སྲོལ་ཆེན་དང་པོར་འབྱེད་ལ་བཀའ་དྲིན་ཆེ་བ་རྔོག་ལོ་བརྒྱུད་པར་བྱོན་རྣམས་གུས་པའི་གཙུག་གིས་མཆོད། །སྔོན་ཆད་གངས་ཅན་ཕྱོགས་ཀྱི་དཔལ་མོའི་རྣ་བའི་ཡུལ་དུ་ལྷུང་བ་མེད་པའི་བཟོ་དང་གསོ་བ་རིགས་པའི་ལུས་སྟོབས་རྒྱས་ཤིང་བརྡ་སྤྲོད་བྱེད་གཞུང་སྦྱངས་པའི་རལ་པའི་ཁུར་ཆེན་གྱིས་བརྗིད་མངོན་བརྗོད་སྡེབ་སྦྱོར་ཚིག་རྒྱན་ཤེས་པའི་མིག་རྩ་དམར་པོ་དང་ལྡན། ཐ་སྙད་གཞུང་ལུགས་མཁྱེན་པའི་ཉམས་ཀྱིས་འགྱིང་ཞིང་སྒྲུབ་དང་སུན་འབྱིན་ཁྲོས་པའི་ངར་སྒྲས་ཕྱིར་རྒོལ་ངན་པའི་ཀླད་པ་མྱུར་དུ་འགེམས་མཁས། སྟོབས་ལྡན་སེང་གེ་བརྒྱད་ཀྱིས་བཏེག་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཁྲི་ཆེན་མངོན་པར་བཤམས་པ་གང་དེར་འཇམ་པའི་རྡོ་རྗེ་མངོན་པར་དབང་བསྐུར། ཐུབ་བསྟན་གླིང་ཆེན་བཞི་ལ་དབང་སྒྱུར་བྱེད་པོ་རྣམ་འགྲེལ་མཛད་པའི་ཁྲིམས་ལས་བརྒལ་བའི་སྨྲ་བ་མང་པོ་དྲི་མེད་རིགས་པའི་ཁྲིམས་ཀྱི་རྭ་བར་བཅུག་ནས། སྡེ་བདུན་མཛད་པའི་བཀའ་ལུང་གསེར་གྱི་ཕྲེང་བ་བློ་གསལ་ཀུན་གྱི་སྤྱི་བོར་འགོད་མཁས་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་དེ་ལན་གཅིག་མིན་པར་སྒོ་གསུམ་གུས་པའི་གཙུག་གིས་མཆོད། །ཕྱོགས་གླང་གྲགས་པའི་ལུགས་ལས་རིང་དུ་རྒོལ་བའི་རྟོག་པས་བཏགས་པའི་རྣམ་རྟོག་ངན་པའི་ཕྲེང་བ་མང་པོ་སྦྱར་ནས་ཉིན་མཚན་འདའ་བས་ཚད་མའི་གཞུང་ལུགས་འཛིན་པར་རློམ་པ་མཐའ་དག་བཅོམ་ནས། སྡེ་བདུན་མཛད་པའི་རིང་ལུགས་དབང་གི་རྒྱལ་པོ་འཆད་རྩོད་རྩོམ་པའི་རྒྱལ་མཚན་རྩེ་ལ་བཀོད་ནས་བློ་གསལ་བརྒྱའི་རེ་བ་སྐོང་མཁས། ས་ཆེན་འདི་ན་ཆེར་རློམ་རྣམས་ཀྱི་གཙུག་རྒྱན་པདྨའི་ཕྲེང་བས་གང་གི་ཞབས་ཟུང་རྟག་པར་རབ་མཛེས་དཔལ་ལྡན་གྲགས་པའི་རྔ་ཆེན་བརྡུངས་པས། ཡོངས་རྫོགས་སངས་རྒྱས་བསྟན་པའི་དཔལ་རབ་འཛིན་ཅིང༌། ཆོས་མིན་སྨྲ་རྣམས་ཐར་མཛད་མ་ཕམ་སྨྲ་བའི་དབང་ཕྱུག་སངས་རྒྱས་དཔལ་དེ་སྒོ་གསུམ་པའི་གཙུག་གིས་མཆོད། །ཆོས་ཀུན་སྒྱུ་མར་གཟིགས་པའི་ལུས་སྟོབས་རྒྱས་ཤིང༌། འཁོར་བའི་ས་ཆེན་འདི་ལ་རིང་དུ་མངོན་པར་འཕགས་པའི། ལམ་བཟང་གངས་རིའི་སྤོ་ལ་རྟག་པར་གནས་བཅས། ལུང་དང་རིགས་པའི་མཆེ་བ་རྣམ་པར་གཙིགས་པའི་ངར་སྒྲ་སྒྲོག་ཅིང༌། གསུང་རབ་མ་ལུས་མཁྱེན་པའི་རལ་པའི་ཁུར་ཆེན་གྱིས་བརྗིད། སྒྲ་དང་ཚད་མའི་སྡེར་ཁྱིམ་བགྲད་པའི་རང་བཟོའི་ཆང་གིས་རྣམས་པར་མྱོས་པའི། ཕྱི་རྒོལ་གླང་པོ་རིང་ནས་ཁྲོས་ཏེ་འོངས་པའི་ཀླད་པ་རྣམ་པར་འགེམས་ཤིང༌། བློ་གསལ་རི་དྭགས་ཚོགས་རྣམས་སྐྱོང་མཁས་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་སྒོ་གསུམ་གུས་པའི་གཙུག་གིས་མཆོད།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*