དབུ་མ་རྣམ་པར་ངེས་པའི་མཛོད་ལུང་རིགས་པའི་རྒྱ་མཚོ་ལས་དབུ་མ་ཐལ་རང་གི་གྱེས་འཚམས་དང་གྲུབ་མཐའི་གནས་བསྟན་པའི་ལེའུ་གཉིས་པ།

༼ཕ༽༄༅། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་དབུ་མ་ཐལ་རང་གི་གྱེས་མཚམས་དང་གྲུབ་མཐའི་གནས་རྣམས་གསལ་བར་བསྟན་པའི་ལེའུ་གཉིས་པ་བཞུགས་སོ།།

ཤིང་རྟའི་སྲོལ་དང་དེ་ཡི་ཡང་སྲོལ་གྱིས། །མདོ་དང་བསྟན་བཅོས་ཇི་ལྟར་བཀྲལ་དེ་དག །རྣམ་དཔྱོད་འཁྱོག་པོས་གཞན་དུ་མི་འདྲེན་པར། །གཟུ་བོར་འདོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་པ་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་བའི་སྲོལ་ཇི་ལྟར་བྱུང་བའི་ཚུལ་ལ། དབུ་མའི་རྩ་བ་ངོས་བཟུང་བ་དང༌། དེའི་དགོངས་འགྲེལ་ཇི་ལྟར་གྱེས་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། མདོ་སྡེ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་པ་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་བོད་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་རྒྱལ་བ་ཉིད་ཀྱི་བསྟན་པའི་སྙིང་པོ་དབུ་མའི་ལམ་སྲོལ་ཇི་ལྟ་བ་བཞིན་དུ་འབྱེད་པ་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར་པ་ནི་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཅེས་མཚན་ཉི་མ་ལྟར་གྲགས་པ་དེ་ཉིད་ཡིན་ནོ། །དེ་ཡང་སློབ་དཔོན་བདག་ཉིད་ཆེན་པོ་དེ་ནི་ཀླུ་དང་སྲིད་སྒྲུབ་གཉིས་དང་མཚུངས་པས་ན་མཚན་དེ་སྐད་ཅེས་བྱའོ། །འོ་ན་བསྟན་པའི་སྙིང་པོ་དབུ་མ་དེ་གང་ལ་བྱ། སློབ་དཔོན་བདག་ཉིད་ཆེན་པོ་འདིས་དེ་གཏན་ལ་འབེབས་པའི་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་ཐེག་པ་ཆེན་པོ་ལས་འབྱུང་བའི་དབུ་མར་མཚན་བཏགས་པ་ནི་གཉིས་ཏེ། རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལས་འབྱུང་བའོ། །དང་པོ་ནི། ཇི་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་འབྱུང་བ་འདི་ཉིད་དོ། །གཉིས་པ་ནི། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས། གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་བྱེད་པ་མ་ཡིན་གྱི། ཆོས་རྣམས་ཉིད་སྟོང་པ་དང༌། ཞེས་སོགས་རྒྱ་ཆེར་གསུངས་པ་དེ་དག་གོ །དོན་དེ་ཡང༌། ཇི་སྐད་དུ། བདེར་གཤེགས་གཞུང་གི་རབ་དབྱེ་ལས། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོག །ཅེས་དང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་སོ། །འོ་ན་སློབ་དཔོན་འདི་ཡི་བཞེད་པ་དབུ་མ་དེ་གཉིས་གང་དུ་གནས་ཤེ་ན། རྣལ་འབྱོར་སྤྱོད་པའི་དབུ་མར་གནས་སོ་ཞེས་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མར་གནས་སོ་ཞེས་འགྲེལ་པ་གཉིས་ལས། དང་པོ་ནི། བསྙེངས་བྲལ་དཔལ་ལྡན་ཆོས་སྐྱོང་གི་ཞབས་དང༌། མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཀྱི་ཞབས་རྣམས་ཏེ། ཇི་སྐད་དུ། དབུ་མའི་རྒྱན་དུ་མཚན་གསོལ་བ། སེམས་ཙམ་རྒྱན་ཞེས་བྱ་བའི་བསྟན་བཅོས་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །ཚད་མ་ལུང་དང་ལྡན་གྱུར་པའི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་དང༌། ཀླུ་སྒྲུབ་དང་ནི་ཐོགས་མེད་དག །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ནི། དབུ་མ་ཐལ་རང་གི་སྲོལ་འབྱེད་དུ་གྲགས་པའི་སློབ་དཔོན་རྣམས་སོ། །དེ་ལྟར་ན། འདིར་གཏན་ལ་དབབ་བྱའི་དབུ་མ་ནི། གཞི་དབུ་མ་ཞེས་མཚན་དུ་བཏགས་པ་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་ཞིག་ཡིན་ལ། དོན་དེ་ཉིད་ཤེས་ཕྱིན་གྱི་མདོ་ལས། དམ་བཅའི་ཚུལ་དུ་གསུངས་པ་ཡིན་གྱི། དེའི་རིགས་པ་རྒྱས་པར་མ་གསུངས། སྤྲོས་བྲལ་དེའི་མཐའ་དཔྱོད་པའི་རིགས་པ་ལ་ནི དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཞེས་བྱ་ལ། རིགས་པ་དེ་ནི་སློབ་དཔོན་བདག་ཉིད་ཆེན་པོ་འདི་ཁོ་ནས་ཐུགས་སུ་ཆུད་ནས། བསྟན་བཅོས་སུ་མཛད་པ་ཡིན་གྱི། ལུགས་འདི་ལ་མ་ལྟོས་པར་བསྟན་བཅོས་མཁན་པོ་གཞན་གྱི་སྲོལ་ཕྱེ་བ་ནི་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། དབུ་མ་འཇུག་པར། དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཞེས་དང༌། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གསུངས་པའི་ཕྱིར་རོ། །རིགས་པའི་ཚོགས་དེ་དག་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ནི་བཞི་ཡིན་ཏེ། རང་རྐང་ཐུབ་པའི་བསྟན་བཅོས་གཉིས་དང༌། འཕྲོས་པའི་བསྟན་བཅོས་གཉིས་སོ། །དང་པོ་ནི། དབུ་མའི་རྩ་བ་དང༌། རིགས་པ་དྲུག་ཅུ་པ་གཉིས་སོ། །གཉིས་པ་ནི། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པའོ། །ཞིབ་མོ་རྣམ་པར་འཐག་པ་ནི་བསྒྲུབ་བྱ་མཐའ་བྲལ་ཉིད་སྒྲུབ་པའི་རིགས་པ་མ་ཡིན་གྱི། མཐའ་བྲལ་མ་ཡིན་པའི་སྒྲུབ་བྱེད་འགོག་པའི་རིགས་པ་འཆད་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར། དངོས་པོར་སྨྲ་བ་རྣམས་ཀྱི་བསྒྲུབ་བྱ་སྤྲོས་པའི་མཐའ་འགོག་པའི་རིགས་ཚོགས་སྟོན་པའི་བསྟན་བཅོས་བཞི། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་ཚོགས་ཀྱི་བསྟན་བཅོས་གཅིག་སྟེ་ལྔ་ནི་དོན་དམ་པའི་བདེན་པ་ཁོ་ན་ལས་བརྩམས་པའི་བསྟན་བཅོས་སོ། །རིན་པོ་ཆེའི་འཕྲེང་བ་དང༌། བཤེས་པའི་སྤྲིངས་ཡིག་དང༌། ཞི་འཚོ་ཡབ་སྲས་ཀྱིས་ཁུངས་སུ་དྲང་པའི་ཐ་སྙད་གྲུབ་པ་དང༌། བྱང་ཆུབ་སེམས་འགྲེལ་ལ་སོགས་པ་རྣམས་ནི་བདེན་པ་གཉིས་ཀ་དང་ཁྱད་པར་ཀུན་རྫོབ་ཀྱི་བདེན་པ་ལུང་ལ་བརྟེན་ནས་གཙོ་བོར་འཆད་པ་ཡིན་པས་རིགས་པའི་ཚོགས་ཀྱི་བསྟན་བཅོས་ཞེས་པའི་མིང་ནི་བོད་ཀྱི་སློབ་དཔོན་དག་གིས་མ་བཏགས་ཤིང༌། རིགས་པའི་ཚོགས་དྲུག་ཅེས་བྱ་བའི་ཐ་སྙད་དང་གྲངས་ངེས་ལ་ནི་བསྟན་བཅོས་ཀྱི་ཁུངས་མེད་ཅིང་ཧ་ཅང་ལེགས་པ་མ་ཡིན་ནོ། །བསྟན་བཅོས་དེ་དག་གི་ནང་ནས་ཀྱང༌། འདིར་བཤད་བྱའི་གཙོ་བོ་ནི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཉིད་ཡིན་ཏེ། ཐལ་རང་ལ་སོགས་པའི་བཤད་སྲོལ་རྣམས་གང་ལས་གྱིས་པའི་གཞི་ཡང་འདི་ཉིད་ཡིན་པའི་ཕྱིར་དང༌། རྣལ་འབྱོར་སྤྱོད་པའི་ས་བཞི་བརྒྱ་པས་ཀྱང༌། བསྟན་བཅོས་འདིར་གཏན་ལ་ཕབ་པའི་ལྟ་བ་འདི་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་འཆད་པ་ཡིན་པའི་ཕྱིར། འོ་ན་བསྟན་བཅོས་འདིར་བསྒྲུབ་བྱ་སྤྱོད་པའི་མཐའ་བྲལ་དང༌། སྒྲུབ་བྱེད་དབུ་མའི་རིགས་པ་གཉིས་ལས། བསྟན་བྱའི་གཙོ་བོར་གང་ཞིག་བྱས་ནས་འཆད་ཅེ་ན། ཞེ་འདོད་ཀྱི་བསྟན་བྱའི་གཙོ་བོ་དང་པོ་ཡིན་མོད། དངོས་ཀྱི་བསྟན་བྱའི་གཙོ་བོ་ནི་ཕྱི་མ་ཉིད་ཡིན་ཏེ། རིགས་པ་དེ་བདེ་བླག་ཏུ་བསྟན་པའི་ཆེད་དུ་བསྟན་བཅོས་འདི་མཛད་པ་ཡིན་གྱི། སྔ་མ་ནི་མདོ་ཉིད་ལས་གསལ་བའི་ཕྱིར་རོ། །འོ་ན་བསྟན་བཅོས་འདིར་སྟོན་པ་ལ་རྟེན་འབྲེལ་གསུངས་བའི་སྒོ་ནས་བསྟོད་པ་དང༌། རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱི་གྲངས་ངེས་དང༌། ཐ་སྙད་དུ་བྱས་པ་འདི་ལ་ལུང་གི་ཁུངས་སུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ཁྱད་གཞི་རྟེན་འབྲེལ་ལ་ཁྱད་ཆོས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཐ་སྙད་དང་གྲངས་ངེས་ནི། ཡུམ་གྱི་མདོ་ཉིད་དུ། ཕྲིན་ལས་ཀྱི་སྐབས་ནས་གསལ་བར་འབྱུང་ལ། དེའི་སྒོ་ནས་བསྟོད་པའི་རྒྱུ་མཚན་ནི། རྒྱལ་བའི་གསུང་རབ་རྣམས་ཀྱི་བརྗོད་བྱ་མཐའ་དག་གི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་གྱི་གྲངས་དང་ཐ་སྙད་ནི། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་བསྟན་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། རྐྱེན་རྣམས་འོང་བ་མེད་པ་སྟེ། །དབང་པོ་དག་ནི་གང་ཡང་མེད། །ཁམས་རྣམས་མེད་ཅིང་ཕུང་པོ་མེད། །འདོད་ཆགས་མེད་ཅིང་འདུས་བྱས་མེད། །ལས་དང་མེད་དེ་སྔོན་ཡང་མེད། །བྱས་པ་མེད་ཅིང་འདུ་བྱེད་མེད། །མཐའ་ཡང་མེད་ཅིང་ཆགས་པ་མེད། །ཐར་པ་མེད་ཅིང་བཅིངས་པ་མེད། །ལུང་མ་བསྟན་ལ་དངོས་པོ་མེད། །ཆོས་དང་ཆོས་མ་ཡིན་པ་དང༌། །དུས་མེད་མྱ་ངན་འདས་པ་མེད། །ཆོས་ཉིད་དག་ཀྱང་མེད་པ་ཡིན། །སངས་རྒྱས་མེད་ཅིང་བདེན་རྣམས་མེད། །ལོག་དང་མྱ་ངན་འདས་པ་མེད། །འབྱུང་བ་དང་ནི་འཇིག་པ་མེད། །ཡན་ལག་བཅུ་གཉིས་ཡོད་མ་ཡིན། །མཐའ་དང་མཐའ་མེད་པ་ཡང་མེད། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །སེམས་ཙམ་དུ་མི་ངས་བཤད་དོ། །ཞེས་གསུངས་པ་ལ་བརྟེན་ནས་མཛད་པ་ཡིན་ནོ། །འདིར་སེམས་ཙམ་དུ་བཤད་ཅེས་པའི་དོན་མདོ་དེར་རྐྱེན་སོགས་ཉེར་བདུན་པོ་ཐོག་མར་སེམས་སུ་བསྒྲུབས་ནས་དེ་ནས་སེམས་ཀྱང་རང་བཞིན་གྱིས་མེད་པའི་ཚུལ་གསལ་བར་འཆད་པ་ནི་མདོ་དེའི་བརྗོད་བྱའི་དོན་གྱི་བཞུགས་ཚུལ་བླ་ན་མེད་པ་ཡིན་པའི་ཕྱིར་མི་འགལ་ལོ། །གཉིས་པ་དབུ་མའི་བསྟན་བཅོས་ཀྱི་དགོངས་པ་འགྲེལ་པའི་སྲོལ་འབྱེད་ཇི་ལྟར་གྱེས་པའི་ཚུལ་ལ། བོད་མཁས་པའི་ལུགས་བརྗོད་པ་དང༌། རང་གི་ལུགས་གཞག་པའོ། །དང་པོ་ནི། སྔོན་གྱི་སློབ་དཔོན་རྣམས་འདི་ལྟར་འཆད་དེ། དབུ་མ་པའི་དབྱེ་བ་ནི་གཉིས་ཏེ། ཀུན་རྫོབ་ཁས་ལེན་ཚུལ་གྱི་དབྱེ་བས་ཕྱེ་བ་དང༌། དོན་དམ་གཏན་ལ་འབེབས་ཚུལ་གྱི་དབྱེ་བས་ཕྱེ་བའོ། །དང་པོ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་དོན་དམ་པའི་བདེན་པ་གཏན་ལ་འབེབས་ཚུལ་མི་འདྲ་བའི་དབྱེ་བ་ཡོད་ཀྱང་དེས་གཏན་ལ་ཕབ་པའི་དོན་དམ་པའི་བདེན་པ་འཇོག་ལུགས་ལ་ཁྱད་པར་མེད་ཅིང༌། དེ་རྟོགས་པའི་ཡུལ་ཅན་གྱི་ལྟ་བ་ལ་ཡང་བཟང་ངན་གྱི་ཁྱད་པར་མེད་དོ། །ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས་དེའི་རྣམ་གཞག་འཇོག་ཚུལ་ལ་མི་འདྲ་བ་གསུམ་སྟེ། ཀུན་རྫོབ་མདོ་སྡེ་པ་དང་མཐུན་པར་ཁས་ལེན་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། རྣལ་འབྱོར་སྤྱོད་པ་དང་མཐུན་པར་ཁས་ལེན་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། འཇིག་རྟེན་གྱི་གྲགས་པ་ཉིད་སོར་གཞག་ནས་ཁས་ལེན་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་རྣམས་སོ། །དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་སོགས་ཏེ། ཕྱི་རོལ་གྱི་དོན་ཁས་ལེན་ཞིང༌། དོན་སྣང་གི་བློ་རྣམ་བཅས་སུ་ཁས་ལེན་པའི་ཕྱིར། གཉིས་པ་ནི། སློབ་དཔོན་ཞི་འཚོ་ཡབ་སྲས་ཏེ། ཕྱི་རོལ་གྱི་དོན་འགོག་ཅིང་སྣང་བ་སེམས་སུ་ཁས་ལེན་པའི་ཕྱིར། གསུམ་པ་ནི། སློབ་དཔོན་ཟླ་བ་གྲགས་པ་སོགས་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་གྲུབ་མཐའ་སྨྲ་བའི་རིགས་པས་ཅུང་ཟད་ཀྱང་མི་དཔྱོད་པར། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུ་ཁས་ལེན་པའི་ཕྱིར་རོ། །གཉིས་པ་དོན་དམ་པའི་བདེན་པ་གཏན་ལ་འབེབས་ཚུལ་གྱི་སྒོ་ནས་དབྱེ་བ་ནི་གཉིས་ཁོ་ན་སྟེ། རང་རྒྱུད་པ་དང༌། ཐལ་འགྱུར་བར་གྲགས་པའོ། །འདི་ཡང་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་ཚེ། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་ལེན་ལས་ཕྱེ་བ་ཡིན་གྱི། སྤྱིར་རང་རྒྱུད་ཀྱི་རྣམ་གཞག་ཁས་ལེན་མི་ལེན་ལས་ཕྱེ་བ་མ་ཡིན་ཞིང༌། ཁྱད་པར་དུ་གཏན་ལ་དབབ་བྱ་དོན་དམ་པའི་བདེན་པ་ལ་ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པ་ཡང་མ་ཡིན་ནོ་ཞེས་བཞེད་དོ། །དེ་ལྟར་བཞེད་པ་ལ་བོད་ཕྱི་མ་དག་གིས་དཔྱད་པ་ཅུང་ཟད་བྱས་སྣང་བ་ལ་ནི། ལེགས་པར་བཤད་པའི་ཆར་གྱུར་པ་འགའ་ཞིག་ཙམ་ཡང་མི་སྣང་བས་དེ་དག་བཏང་སྙོམས་སུ་རྣམ་པར་བཞག་ནས་རེ་ཤིག་རྟོག་དཔྱོད་འདི་ལྟར་བཏང་བར་བྱ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོས་ཀུན་རྫོབ་ཀྱི་རྣམ་གཞག་མདོ་སྡེ་པ་དང་མཐུན་པར་ཁས་ལེན་པ་མ་ཡིན་ཏེ། མདོ་སྡེ་པའི་འདོད་པ་མཐར་ཐུག་པ་ནི། ཕྱི་རོལ་གྱི་དོན་ལྐོག་ན་མོ་དང༌། དོན་སྣང་གི་ཤེས་པས་ཕྱི་རོལ་གྱི་དོན་དངོས་སུ་མ་རིག་པར་འདོད་པ་ཡིན་ལ། སློབ་དཔོན་ཡེ་ཤེས་སྙིང་པོས་དེ་ལྟར་མི་བཞེད་པའི་ཕྱིར་དང༌། མདོ་སྡེ་པ་ནི་ཐ་སྙད་ཀྱི་བདེན་པ་རང་གི་རིགས་པས་དཔྱད་ནས་འཇོག་པ་ཡིན་ལ་སློབ་དཔོན་དེས་དེ་ལྟར་མི་བཞེད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། མདོ་སྡེ་པའི་གྲུབ་པའི་མཐའ་འཆད་པའི་ཚད་ལྡན་གྱི་གཞུང་རྣམ་པ་གསུམ་ལས། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་གཉིས་ཐ་དད་ཀྱང༌། །དེ་དང་གཟུགས་བརྙན་འདྲ་བས་ན། །བརྟགས་པ་ཙམ་ཞིག་ཚོར་བར་རུང༌། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་དེ་ནི་དེ་ལྟར་བཞེད་པ་མ་ཡིན་ཏེ། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་ཅེས་དང༌། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་དང༌། ཇི་ལྟར་སྣང་བཞིན་འདོད་ན་ནི། །འུ་བུ་ཅག་ལ་དེ་མཚུངས་ཉིད། །རིགས་པར་ན་ནི་ཐམས་ཅད་འཁྲུགས། །གལ་ཏེ་ཇི་ལྟར་སྣང་བ་བཞིན་དུ་ཁྱེད་ཀྱང་འདོད་ན་ནི་འུ་བུ་ཅག་ལའང་མཚུངས་པ་ཡིན་ཏེ། ཁོ་བོ་ཅག་ང་རྒྱལ་ག་ལ་བྱེད། གལ་ཏེ་ཁྱོད་འདི་རིགས་པའི་རྗེས་སུ་འགྲོ་བ་ཅན་ཡིན་པར་ཁས་ལེན་ན་ནི། དེའི་ཚེ་ཁོ་བོ་ཅག་མི་འདོད་དེ། གང་གི་ཕྱིར་རིགས་པར་ན། ཐམས་ཅད་བརྡས་ན་འཐོར་བར་དང་འདྲ་བའི་ཕྱིར་ཏེ། ཞེས་གསུངས་པ་དང༌། སྣང་དུ་འདྲ་ཡང་དོན་བྱེད་དག །ཅེས་སོགས་དོན་སྣང་གི་ཤེས་པ་ལ་དོན་དངོས་སུ་སྣང་བར་བཤད་ལ་མདོ་སྡེ་པས་ནི། ཇི་སྐད་དུ། རྣལ་འགྲེལ་ལས། ཕྱི་རོལ་དོན་ནི་དངོས་སུ་མིན། །ཞེས་བཤད་པ་ལྟར་ཁས་ལེན་པའི་ཕྱིར་རོ། །ཡང་ཞི་འཚོ་ཡབ་སྲས་ཀྱི་ཀུན་རྫོབ་བདེན་པ་ཞལ་གྱིས་བཞེས་པའི་ཚེ། རྣལ་འབྱོར་སྤྱོད་པའི་གཞུང་ཇི་ལྟ་བ་བཞིན་དུ་ཞལ་གྱིས་བཞེས་པ་མ་ཡིན། ཐ་སྙད་དུ་ནི་ཕྱི་རོལ་གྱི་དོན་ཡོད་པར་བཞེད་ཅིང་སྣང་བ་སེམས་སུ་མི་བཞེད་པའི་ཕྱིར་ཏེ། ཇི་སྐད་དུ་རྒྱན་ལས། དངོས་པོ་ཀུན་གྱི་རང་བཞིན་ནི། །རིགས་པའི་ལམ་གྱིས་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཞེས་སོགས་ཀྱིས་ཀུན་རྫོབ་བདེན་པ་འཇོག་པའི་ཚེ། མ་བརྟགས་གཅིག་པུར་ཉམས་དགའ་བ་དེ་ཉིད་ཀྱི་སྒོ་ནས་འཇོག་པར་གསུངས་ཀྱི་རྣལ་འབྱོར་སྤྱོད་པའི་རིགས་པས་དཔྱད་ནས་འཇོག་པར་མ་གསུངས་པའི་ཕྱིར་དང༌། སློབ་དཔོན་འདིས་ཕྱི་རོལ་གྱི་དོན་མེད་པ་དང༌། སྣང་བ་སེམས་སུ་བཤད་པ་ཞིག་ཡོད་པ་དེ། ཀུན་རྫོབ་བདེན་པ་རྣམ་པར་འཇོག་པའི་ཚེ་མ་ཡིན་གྱི། ཀུན་རྫོབ་ཀྱི་བདེན་པ་ལ་རིགས་པས་དཔྱད་ནས་རིམ་གྱིས་དོན་དམ་པའི་བདེན་པ་ལ་འཇུག་པའི་ཐབས་སུ་གསུངས་པ་ཡིན་པའི་ཕྱིར། དེའི་ཚུལ་ཡང་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །མདོར་ན་རང་རྒྱུད་པའི་སློབ་དཔོན་དེ་དག་གིས་ཐ་སྙད་ཀྱི་བདེན་པ་དངོས་སྨྲ་བ་དང་མཐུན་པར་འཇོག་གོ་ཞེས་ཟེར་བ་དེ་དག་ནི། ཆེན་པོ་ལ་སྨོད་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། བདེན་གཉིས་ལས། བདེན་པ་གཉིས་པོ་རྣམ་ཕྱེ་ཡང༌། །ཤིང་རྟ་ཆེ་དག་རྨོངས་ཉིད་ན། །གཞན་རྣམས་སྨོས་ཀྱང་ཅི་དགོས་ཏེ། །དེ་བས་བདག་གི་རྣམ་པར་ཕྱེ། །ཞེས་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་དངོས་པོར་སྨྲ་བའི་ཚུལ་འཆད་པའི་ཤིང་རྟ་ཆེན་པོ་དག་རྨོངས་པར་བཤད་པའི་ཕྱིར་རོ། །གཉིས་པར་རང་ལུགས་བཞག་པ་ལ། འོ་ན་ཅི། མདོ་སྡེ་སྤྱོད་པའི་དབུ་མ་པ་ལ་སོགས་པ་གསུམ་གྱི་རྣམ་པར་བཞག་པ་ཁས་མི་ལེན་པའམ། ལེན་ན་ཚུལ་ཇི་ལྟ་བུ་ཞེས་རྣམ་པར་བརྟགས་ན། འདི་ལ་གཉིས་ཏེ། སྤྱི་དོན་གྱི་སྒོ་ནས་དོན་གྱི་ཁོག་ཕུབ་པ་དང༌། སྐབས་སུ་བབ་པའི་དོན་སོ་སོར་ཕྱེ་བའོ། །དང་པོ་ནི། དབུ་མ་ཐལ་རང་དུ་གྲགས་པའི་སློབ་དཔོན་རྣམས་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རིགས་པས་མ་དཔྱད་པར་འཇོག་ཚུལ་ལ་ཁྱད་པར་ཅི་ཡང་མི་སྣང་སྟེ། གྲུབ་མཐའ་སྨྲ་བའི་རིགས་པས་མི་དཔྱོད་པར་འཇིག་རྟེན་གྱི་བློ་ལྷན་སྐྱེས་ལ་ཇི་ལྟར་སྣང་ཞིང་གྲགས་པ་བཞིན་དུ་དེའི་རྣམ་གཞག་ཞལ་གྱིས་བཞེས་པར་མཐུན་པའི་ཕྱིར། སློབ་དཔོན་དེ་དག་མཐར་ཐུག་གི་དོན་དམ་པའི་བདེན་པ་ངོས་འཛིན་ལུགས་ལའང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མི་སྣང་སྟེ། སྤྲོས་པའི་ཚོགས་མཐའ་དག་དང་བྲལ་བའི་སྒྲ་རྟོག་གི་ཡུལ་ལས་འདས་པ་ཞིག་ལ་དོན་དམ་པའི་བདེན་པ་ཞེས་ཐ་སྙད་འདོགས་པར་ཞལ་འཆམས་པའི་ཕྱིར། དེ་ལྟ་ན་ཡང་དོན་དམ་པའི་བདེན་པ་དེ་གཏན་ལ་འབེབས་བྱེད་ཀྱི་རིགས་པ་དང༌། རིགས་པ་དེ་ལ་དང་པོར་འཇུག་པའི་སྒོ་མི་འདྲ་བ་ཡིན་ཏེ། རང་རྒྱུད་ཀྱི་རིགས་པ་དང་ཐལ་འགྱུར་གྱི་རིགས་པས་གཏན་ལ་འབེབས་ཚུལ་སོ་སོར་ངེས་པའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་མ་དོར་བར་དོན་དམ་པའི་བདེན་པ་ལ་འཇུག་པའི་ཆ་གྲུབ་མཐའ་འོག་མ་ལ་རིམ་གྱིས་ཞུགས་ནས་དབུ་མ་ལ་འཇུག་པའི་ཚུལ་དང༌། འོག་མ་ལ་མ་ཞུགས་པར་འཇིག་རྟེན་གྱི་གྲགས་པ་ཉིད་ནས་དབུ་མ་ལ་འཇུག་པའི་ཚུལ་རྣམ་པ་གཉིས་མཐོང་བའི་ཕྱིར། དང་པོ་ལའང་གཉིས་ཏེ། རྣམ་པར་རིག་པ་ཙམ་གྱི་གྲུབ་པའི་མཐའ་ལའང་མི་འཇུག་པར་ཐོག་མར་མདོ་སྡེ་པའི་གྲུབ་མཐའ་ལ་ཞུགས་ནས། དེ་ནས་དབུ་མ་ཉིད་ལ་འཇུག་པ་དང༌། མདོ་སེམས་གཉིས་ལ་རིམ་གྱིས་ཞུགས་ནས་དེ་ནས་དབུ་མ་ལ་འཇུག་པའི་ཚུལ་ལོ། །དང་པོ་ནི་སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་པར་འབྱེད་པ་ལས་འབྱུང་ལ། གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཞི་བ་འཚོའི་དབུ་མའི་རྒྱན་ལས་འབྱུང་ངོ༌། །ལུགས་དང་པོ་དེ་འཆད་པ་ལ་གཉིས་ཏེ། སློབ་དཔོན་ཡེ་ཤེས་སྙིང་པོའི་ཞབས་ཀྱི་བཞེད་པ་ངོས་བཟུང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། སློབ་དཔོན་འདིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པའི་ཚེ། དབུ་མའི་རིག་པ་ལྟ་ཞོག གྲུབ་མཐའ་སྨྲ་བ་ལ་གྲགས་པའི་རིགས་པ་གང་གིས་ཀྱང་མི་དཔྱོད་པར་འཇིག་རྟེན་གྱི་བློ་ལ་ཇི་ལྟར་སྣང་བ་འདི་ཉིད་ཐད་སོར་འཇོག་པ་ཡིན་ལ། དེ་ནས་ངེས་དོན་གྱི་རྒྱ་མཚོ་ལ་འཇུག་པའི་ཐོག་མར། འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པ་དབུ་མ་པས་ཡང་དག་པའི་ཀུན་རྫོབ་ཅེས་མིང་དུ་བཏགས་པ་འདི་ཇི་ལྟར་སྣང་བ་བཞིན་དུ་ཡོད་པ་ལ་སྒྲུབ་བྱེད་ཀྱི་ཚད་མ་མེད་པར་བསྟན་པ་དང༌། ཡོད་པ་ལ་གནོད་བྱེད་ཀྱི་རིགས་པ་བསྟན་པའོ། །དང་པོ་ནི། དངོས་སྨྲ་བ་དང་ཐུན་མོང་གི་རིགས་པ་ཡིན་ལ། གཉིས་པ་ནི་དབུ་མའི་རིགས་པའོ། །དང་པོ་དེ་ལའང་གཉིས་ཏེ། གཟུང་འཛིན་གྲངས་མཉམ་དུ་སྨྲ་བའི་མདོ་སྡེ་པ་དང་ཐུན་མོང་གི་རིགས་པ་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པ་དང་ཐུན་མོང་གི་རིགས་པའོ། །དང་པོ་ནི། དོན་སྣང་གི་ཤེས་པ་ལ་དོན་གྱི་རྣམ་པ་ཙམ་སྣང་བའི་རྟགས་ཀྱིས་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་མི་འགྲུབ་པར་སྒྲུབ་པ་ཡིན་ལ། དོན་དེ་ཡང་ཇི་སྐད་དུ། བདེན་གཉིས་རྣམ་པར་འབྱེད་པ་ལས། །རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །རྣམ་པ་ཚད་མ་མིན་ཕྱིར་དང༌། །མི་རིགས་ཕྱིར་ན་ཅིག་ཤོས་མིན། །ཞེས་གསུངས་སོ། །གཉིས་པ་ནི། སྣ་ཚོགས་གཅིག་མ་ཡིན་པ་དང༌། ཤེས་པ་གཅིག་ཉིད་སྣ་ཚོགས་མ་ཡིན་པའི་རྟགས་ཀྱིས་སྣ་ཚོགས་པའི་རྣམ་པ་ཅན་གྱི་གཟུང་རྣམ་དེ་སྣང་བ་ལྟར་མི་བདེན་པ་དང༌། དེ་སྣང་ཡུལ་ལ་ཚད་མ་མ་ཡིན་པར་སྒྲུབ་པ་ནི། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སྡེ་པའི་རིགས་པ་ཡིན་ལ། དོན་དེ་ཉིད་འཆད་པ་ནི་ཇི་སྐད་དུ་དེ་ཉིད་ལས། གང་ཕྱིར་སྣ་ཚོགས་ངོ་བོ་རུ། །སྣང་བ་ཅན་གྱི་དངོས་གཅིག་ལ། །རྣམ་པ་རྣམ་བདེན་ཇི་ལྟར་འགྱུར། །དེ་ཡིས་གཅིག་ཉིད་ཉམས་ཕྱིར་རོ། །དེ་ལྟར་ཡིན་ན་མངོན་སུམ་གྱིས། །མི་དམིགས་པ་ཡི་འབྲས་བུ་དང༌། །རྒྱུ་ཉིད་འདི་ནི་མི་འགྲུབ་བོ། །རྣམ་པ་གཞན་ཞིག་རྣམ་པར་སེམས། །ཞེས་ཕྱི་རོལ་གྱི་དོན་དང་གཟུང་འཛིན་རྫས་གཞན་མངོན་སུམ་གྱིས་མི་འགྲུབ་པར་བསྟན་ནོ། །དེ་ཡང་ཇི་སྐད་དུ་རྣམ་འགྲེལ་ལས་མདོ་སྡེ་པ་དང་པོའི་འདོད་པ་འཆད་པ་ན། བློ་རྣམས་སྣ་ཚོགས་ངོ་བོའི་ཕྱིར། །དོན་རྣམས་སྣ་ཚོགས་ངོ་བོ་ཉིད། །ཅེས་དང༌། མདོ་སྡེ་པ་གཉིས་པའི་འདོད་པ་འཆད་པ་ན། ཤེས་པ་སྔོ་སོགས་སྣ་ཚོགས་པ། །ཤེས་པའི་ཁྱད་པར་གཞན་རྟེན་མེད། །མཐོང་ནུས་མ་ཡིན་ཞེས་གསུངས་པ་དེ་དང་འདི་དོན་གཅིག་པར་ངེས་སོ། །གཉིས་པ་དབུ་མའི་རིགས་པས་རྒྱུ་འབྲས་ཀྱི་དངོས་པོ་ཡོད་པ་ལ་གནོད་བྱེད་བརྗོད་པ་ནི། ཇི་སྐད་དུ། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པ་ཡང་ཡིན། །ཞེས་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་གསུངས་སོ། །དེ་ལྟར་ན་སློབ་དཔོན་འདིས་སྣ་ཚོགས་གཉིས་མེད་དུ་སྨྲ་བའི་རིགས་པ་ལ་བརྟེན་ནས་ཡང་དག་པའི་ཀུན་རྫོབ་རྣམས་ཀྱི་སྐྱེ་བ་མངོན་སུམ་གྱིས་མི་འགྲུབ་པར་བསྟན་ནས། དེ་རྣམས་རང་བཞིན་སྐྱེ་མེད་ཀྱི་སྒྲུབ་བྱེད་དུ་དབུ་མའི་རིགས་པ་ཉིད་ལེགས་པར་བཤད་པ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་འདིའི་བཞེད་པ་ལ། མདོ་སྡེ་སྤྱོད་པའི་དབུ་མའི་ལུགས་ཞེས་བཤད་ཀྱང་མི་འགལ་བ་ཡིན་ཏེ། དོན་དམ་པའི་བདེན་པ་ལ་འཇུག་པའི་ཐོག་མར་མདོ་སྡེ་པའི་རིགས་པས་རྒྱུ་དང་འབྲས་བུའི་དངོས་པོ་རྣམས་མངོན་སུམ་གྱིས་མི་འགྲུབ་པར་བསྒྲུབས་པའི་ཕྱིར། སློབ་དཔོན་འདིས་དོན་དམ་པའི་བདེན་པ་ལ་འཇུག་པའི་ཡན་ལག་ཏུ་རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའ་ནི་ཞལ་གྱིས་མ་བཞེས་ཏེ། མདོ་སྡེ་པའི་རིགས་པ་བཤད་པ་དེའི་དེ་མ་ཐག་དེ་ནས་དབུ་མ་ལ་འཇུག་པར་གསུངས་པའི་ཕྱིར་དང༌། རྣལ་འབྱོར་སྤྱོད་པ་པས་གཟུང་འཛིན་ཀུན་བཏགས་མེད་པར་འདོད་པ་ལ། མངོན་སུམ་དང་འགལ་བའི་ཉེས་པ་བརྗོད་པར་མཛད་པའི་ཕྱིར། རྣམ་རིག་པའི་གྲུབ་པའི་མཐའ་ལ་གྲགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ལ་དགག་པ་མཛད་པའི་ཕྱིར་དང༌། མདོ་ལས། བརྟགས་པའི་དངོས་པོ་ཡོད་མ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །སྒྲོ་འདོགས་པ་དང་བསྐུར་འདེབས་པའི། །མཐར་རྟོག་པ་ནི་ཕུང་བར་འགྱུར། །ཞེས་པའི་དོན། རྣམ་རིག་པའི་འཆད་ཚུལ་ལས་གཞན་དུ་བཤད་པའི་ཕྱིར། ཇི་ལྟར་བཤད་ཅེ་ན། བརྟགས་པ་ཞེས་པ་ལོག་པའི་ཀུན་རྫོབ་དང༌། གཞན་དབང་ཞེས་པ་ཡང་དག་པའི་ཀུན་རྫོབ་ལ་བཤད་དོ། །དེ་ལས་གཞན་དུ་སློབ་དཔོན་ཡེ་ཤེས་སྙིང་པོས་རང་ལུགས་ལ་ཕྱི་རོལ་གྱི་དོན་ཁས་བླངས་པའི་རྒྱུ་མཚན་གྱིས་མདོ་སྡེ་སྤྱོད་པའི་དབུ་མ་པའོ། །ཞེས་ཟེར་བ་ལ་ནི་སྙིང་པོ་ཅི་ཡང་མ་མཐོང་སྟེ། དེས་ཕྱི་རོལ་གྱི་དོན་རང་ལུགས་ལ་ཚད་མས་གྲུབ་པ་ལྟ་ཞོག ཀུན་རྫོབ་ཀྱི་བདེན་པ་ཅུང་ཟད་ཀྱང་རང་ལུགས་ཀྱི་ཚད་མས་དཔྱད་པ་ན་གྲུབ་པར་ཞལ་གྱིས་མི་བཞེས་པའི་ཚུལ་འོག་ནས་འཆད་པའི་ཕྱིར་དང༌། མདོ་སྡེ་པས་ནི་ཕྱི་རོལ་དོན་གྱི་གནས་ཚུལ་རིགས་པས་དཔྱད་པ་ན། རྡུལ་ཕྲན་དུ་གནས་པ་དེ་ནི་དེའི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་གྱིས་བརྟགས་པའི་མཐའ་དགག་པ་ནི། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོར་རློམ་པ་དག་ན་རེ། སློབ་དཔོན་འདིས་ནི། བྱེ་མདོ་གཉིས་ཀྱི་གྲུབ་མཐའ་ལ་གྲགས་པའི་དོན་དམ་པའི་བདེན་པ་རྣམས་རང་ལུགས་ཀྱི་ཀུན་རྫོབ་བདེན་པར་ཞལ་གྱིས་བཞེས། དེའི་རྒྱུ་མཚན་གྱིས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས། དེ་དེར་འདོད་པའི་རྒྱུ་མཚན་ཡང་བདེན་གཉིས་སུ་མདོ་དྲངས་པ་ལས། གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱིས་མར་འདོད་གང་ཡིན་དེ། །གཞན་གྱི་ཆུང་མར་ཡང་འདོད་བཞིན། །ཞེས་པ་འདི་ལེགས་པར་དྲངས་པ་ཡིན་ནོ་ཞེས་བཤད་པ་དང༌། དོན་དེ་ཉིད་འགོག་པ་ན་འཇུག་འགྲེལ་ལས། ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲ་བ་དེ་ཉིད། དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་དག་གིས་སྨྲས་པ་ཡིན་ནོ་ཞེས་དང༌། དེ་བཞིན་དུ་བྱེ་བྲག་སྨྲ་བ་ལ་ཡང་སྦྱར་ནས་གསུངས་པ་དང༌། ཡང་ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བཤད་པས་ཀྱང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པར་གྲུབ་བོ་ཞེས་ཟེར་བ་དང༌། སློབ་དཔོན་འདིས་ཐ་སྙད་དུ་ཡང་རང་རིག་ཁས་མི་ལེན་པ་ཡིན་ནོ་ཞེས་ཟེར་བ་དག་སྣང་ངོ༌། །དེ་དག་གིས་ནི་སློབ་དཔོན་འདིའི་ལུགས་ལེགས་པར་མ་བལྟས་པའམ། བལྟས་ཀྱང་དེའི་ལུགས་ལེགས་པར་མ་ཤེས་པར་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པའི་ཤེས་བྱེད་ཀྱིས་འཕོངས་བཞིན་དུ། མི་ཤེས་པ་གཞན་དག་མགོ་འཁོར་བར་བྱེད་པའི་གཏམ་ཁོ་ནར་བས་ཏེ། དེ་ཡང་འདི་ལྟར་བདེན་གཉིས་ཀྱི་འགྲེལ་པར་མདོ་དྲངས་ནས་བསྒྲུབས་པ་དེ་ནི། འཇིག་རྟེན་ལ་གྲགས་པའི་དོན་དམ་བདེན་པ་གང་ཡིན་པ་སྐྱེ་སོགས་སུ་སྣང་ཙམ་ལྟ་བུ་དེ་ཉིད་དང༌། དབུ་མའི་བསྟན་བཅོས་ལས་ཀྱང་གནས་སྐབས་སུ་དོན་དམ་པའི་བདེན་པར་བཞག་པའི་སྐྱེ་སོགས་བཀག་པའི་མེད་དགག་དེ་ཡང་དབུ་མའི་ཀུན་རྫོབ་ཀྱི་བདེན་པར་འཇོག་དགོས་སོ་ཞེས་བྱ་བའི་དོན་ཡིན་གྱི། བྱེ་མདོ་གཉིས་ཀྱི་དོན་དམ་པའི་བདེན་པ་དབུ་མའི་ལུགས་ཀྱི་ཀུན་རྫོབ་བདེན་པར་འཇོག་དགོས་པའི་འཕྲོས་ཟུར་ཙམ་ཡང་མེད་པའི་ཕྱིར་དང༌། སློབ་དཔོན་འདིས་བྱེ་མདོ་གཉིས་ཀྱིས་འདོད་པའི་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་དུ་གྲུབ་པ་སོགས་མདོར་ན་གྲུབ་མཐའ་ལ་གྲགས་པའི་རིགས་པས་སྒྲོ་བཏགས་ནས་བཞག་པ་ཐམས་ཅད་དབུ་མ་པའི་ཀུན་རྫོབ་ཏུ་ཡོད་པར་འཇོག་པ་འབད་ནས་འགོག་གིན་འདུག་པའི་ཕྱིར་ཏེ། ཇི་སྐད་དུ། བརྟགས་པའི་དོན་གྱིས་དབེན་གྱུར་པ། །ཇི་ལྟར་སྣང་བ་འདི་ཁོ་ན། །ཞེས་དང༌། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་བཤད་པའོ། །ངག་དོན་བསྡུ་ན་སློབ་དཔོན་དེ་དང་དེའི་ལུགས་ལ་ཀུན་རྫོབ་བདེན་པར་བཞེད་ན། སློབ་དཔོན་དེ་དང་དེའི་རང་ལུགས་ལ་ཡོད་པར་བཞེད་དགོས་པ་མ་ཡིན་ཏེ། ཟླ་བའི་ཞབས་ཀྱི་ལུགས་ལྟར་ན་ནི་ཁྱབ་པ་མ་ངེས་པར་མ་ཟད་ཁྱབ་པ་འགལ་བ་དང༌། ཡེ་ཤེས་སྙིང་པོ་ལྟར་ན་ཡང་ལོག་པའི་ཀུན་རྫོབ་བདེན་པ་རྣམས་ལ་ཁྱབ་པ་འགལ་བ་ཡིན་ནོ། །གཞན་ཡང་ཁྱེད་ཀྱིས་འདོད་པ་དེ་ལྟ་ཡིན་ན། འཇུག་འགྲེལ་དུ། སེམས་ཙམ་པས་འདོད་པའི་དོན་དམ་བདེན་པ་དབུ་མ་པའི་ཀུན་རྫོབ་ཏུ་འདོད་པ་དག་ལ་དགག་པ་ཅིའི་ཕྱིར་མ་མཛད། དེའི་ཤེས་བྱེད་ཁྱེད་ཀྱིས་བསམ་དགོས་པ་ཡིན་ནོ། །འོ་ན་ཁྱོད་ཉིད་ལ་ཅི་ཞེ་ན། འཇུག་འགྲེལ་དུ་དེ་ལྟར་བཤད་པ་དེ་ནི། གནས་བརྟན་ཆོས་སྐྱོང་ལ་སོགས་པས་ཀླུ་སྒྲུབ་ཀྱི་དགོངས་པ་སེམས་ཙམ་དུ་བཀྲལ་ནས་དེའི་ཚེ། ཀུན་བཏགས་དང་གཞན་དབང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པ་ཡིན་ལ། དེ་ཡང་ཀུན་བཏགས་ཀྱི་ནང་ན་བྱེ་མདོ་གཉིས་ཀྱིས་ཕྱི་རོལ་དོན་གྱི་གནས་ཚུལ་དུ་སྒྲོ་བཏགས་པའི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ལྟ་བུ་དང༌། གཞན་དབང་གི་ནང་ན་དེ་གཉིས་ཀྱིས་ཤེས་པའི་གནས་ལུགས་སུ་སྒྲོ་བཏགས་པའི་ཤེས་པ་སྐད་ཅིག་ཆ་མེད་ལྟ་བུ་དེ་ཡང་འདུས་ལ། དེ་དག་ནི་གྲུབ་མཐས་བཏགས་པའི་ཕྱིར། འཇིག་རྟེན་གྱི་བདེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །སེམས་ཙམ་པས་འདོད་པའི་དོན་དམ་བདེན་པ་དེ་ཡང་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་འཇོག་གོ་ཞེས་འདོད་པའི་ཕྱོགས་སྔ་མ་ཞིག་ཡོད་ན། དེ་ལ་ཟླ་བས་དགག་པ་མཛད་པ་ཤིན་ཏུ་རིགས་ན་ཡང༌། དེ་མེད་པའི་ཕྱིར་དགག་པ་མ་མཛད་དོ། །ཡང་ན་འཇུག་འགྲེལ་གྱི་དོན་འདི་ཡིན་ཏེ། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་པའི་དོན་འགྲེལ་པ་ན་བསྟན་བཅོས་འདིར་བཤད་པའི་བདེན་པ་གཉིས་ཀྱི་རྣམ་པར་གཞག་པ་འདི་དག་སེམས་ཙམ་གྱི་བསྟན་བཅོས་དབུ་མ་ལྟར་བཅོས་པ་རྣམས་ལ་མེད་དོ། །ཇི་ལྟར་ཞེ་ན་བསྟན་བཅོས་དེ་དག་ན་ཀུན་རྫོབ་ཀྱི་བདེན་པ་རིགས་པས་དཔྱད་ནས་བཞག་པའི་ཕྱིར་དང༌། དོན་དམ་པའི་བདེན་པ་འཇོག་མ་ཤེས་པའི་ཕྱིར། དེ་རིགས་པས་དཔྱད་ནས་བཞག་པ་ཅི་ཞེ་ན། མདོ་སྡེ་པའི་རིགས་པས་དཔྱད་པ་དོན་སྣང་གི་ཤེས་པ་ལ་སྣང་བའི་དོན་གྱི་རྣམ་པ་དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་དང༌། དོན་དམ་པའི་བདེན་པ་བདེན་གྲུབ་ཏུ་ཁས་བླངས་པའི་ཕྱིར། དེ་ལྟར་ན་ཀླུ་སྒྲུབ་ཀྱི་གཞུང་ལས་འབྱུང་བའི་དོན་དམ་པའི་བདེན་པ་ལྟ་ཞོག ཀུན་རྫོབ་ཀྱི་བདེན་པའི་འཇོག་ལུགས་ཙམ་ཡང༌། སེམས་ཙམ་གྱི་བསྟན་བཅོས་ན་མེད་དེ། དེ་ནི་བདེན་པ་གཉིས་ཅར་ལས་ཉམས་པའི་ཕྱིར། ཞེས་བྱ་བའི་དོན་ཡིན་ཏེ། འཇུག་འགྲེལ་དུ་གོང་དུ་དྲངས་པའི་དེ་མ་ཐག་ཏུ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པ་མི་རིགས་པའི་ཕྱིར་ལུགས་འདི་ནི་ཐུན་མོང་མ་ཡིན་པའོ། །ཞེས་གསུངས་པས་སོ། །དེར་འཇིག་རྟེན་པ་ཞེས་པ་སེམས་ཙམ་གྱི་ལུགས་དང༌། འཇིག་རྟེན་ལས་འདས་པ་ནི་ཀླུ་སྒྲུབ་ཀྱི་ལུགས་སོ། །དེ་ལྟར་བཤད་པ་ན། འཇུག་པའི་གཞུང་འདི་ལྟར་འདོན་པར་བྱ་སྟེ། འདི་ལས་གཞན་ན་སྟོང་ཉིད་ཀྱི། །ཆོས་འདི་མེད་པ་དེ་བཞིན་དུ། །འདིར་འབྱུང་ཀུན་རྫོབ་ལུགས་ཀྱང་ནི། །སེམས་ཙམ་བསྟན་བཅོས་དག་ན་མེད། །ཅེས་བྱའོ། །མདོར་ན་བྱེ་མདོ་གཉིས་ཀྱིས་འདོད་པའི་དོན་དམ་བདེན་པ་ལ་ཀུན་རྫོབ་བདེན་པར་འཇོག་པའི་ལུགས་དེ་ནི་སེམས་ཙམ་གྱི་གཞུང་ན་ཡོད་པ་ཡིན་གྱི་ཡེ་ཤེས་སྙིང་པོའི་གཞུང་ན་མེད་དོ། །ཡང་ཡེ་ཤེས་སྙིང་པོས་ཡང་དག་ཀུན་རྫོབ་རང་ལུགས་ལ་ཁས་བླངས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་སོ། །ཞེས་ཟེར་བ་ལ་ནི་རྟགས་མ་གྲུབ་པ་དང༌། ཁྱབ་པ་མ་ངེས་པའི་ཉེས་པ་གཉིས་མཐོང་ངོ༌། །ཇི་ལྟར་ཞེ་ན། སློབ་དཔོན་འདིས་ཡང་དག་པའི་ཀུན་རྫོབ་རྣམས་དབུ་མ་པ་རང་ལུགས་ཀྱི་ཚད་མས་གྲུབ་པར་བཞེད་པ་མ་ཡིན་ཏེ་ཇི་སྐད་དུ། བདེན་གཉིས་རྣམ་པར་འབྱེད་པ་ལས། །རྐྱེན་ཉིད་འདི་པ་ཙམ་ཞིག་ནི། །ཡང་དང་ཡང་དུ་བརྗོད་བྱེད་པ། །དེ་གྲུབ་བྱ་ལ་ཚད་མ་ནི། །ཅུང་ཟད་ཙམ་ཡང་སྟོན་མི་བྱེད། །ཐམས་ཅད་གྲུབ་པར་ཐལ་འགྱུར་ཕྱིར། །ཞེས་དང༌། འདི་ཡོད་འདི་འབྱུང་ཞེས་བྱ་སྟེ། །ཚད་མ་མེད་པར་མི་འགྱུར་རོ། །སྔར་བཤད་པ་ཡི་རྣམ་པ་ཡི། །ཁྱོད་ལ་ཚད་མའང་ཡོད་མ་ཡིན། །ཞེས་འཇིག་རྟེན་ན་གྲགས་པའི་བདེན་པ་རྣམས་ཚད་མས་མི་འགྲུབ་པར་བཤད་པའི་ཕྱིར། སྣང་བ་ལྟར་དོན་བྱེད་ནུས་པ་ཞེས་པའི་དོན་ཡང༌། རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལྟར་དེའི་དོན་བྱེད་ནུས་ཞེས་བྱ་བའི་དོན་མ་ཡིན་གྱི། ཆུར་སྣང་བ་ལྟར་ཆུའི་དོན་བྱེད་ནུས་པ་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། བདེན་གཉིས་རང་འགྲེལ་ལས། ཤེས་པ་གསལ་བའི་རྣམ་པ་སྣང་བ་ཅན་དུ་འདྲ་ཡང་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་སྨིག་རྒྱུ་ལ་སོགས་པ་དག་འཇིག་རྟེན་གྱིས་ཡང་དག་པ་དང་ཡང་དག་པ་མ་ཡིན་པར་རྟོགས་སོ། །ཞེས་གསུངས་པས་སོ། །དེ་ལས་གཞན་དུ་ན། འཇིག་རྟེན་ཐ་མལ་པས། ལོག་པའི་ཀུན་རྫོབ་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཉིད་དུ་རྟོགས་པར་ཡེ་ཤེས་སྙིང་པོས་བཞེད་པར་འགྱུར་ཏེ། དེས་དེ་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཉིད་དུ་རྟོགས་པར་ཡེ་ཤེས་སྙིང་པོ་བཞེད་པར་དྲངས་མ་ཐག་པའི་ལུང་གིས་གྲུབ་པའི་ཕྱིར། གཞན་ཡང༌། འཇིག་རྟེན་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་རྣམས་ཡང་དག་ཀུན་རྫོབ་དང༌། དེར་མ་གྲུབ་པའི་ཆོས་རྣམས་ལོག་པའི་ཀུན་རྫོབ་ཏུ་སློབ་དཔོན་གྱི་བཞེད་པ་ཡིན་པར་འགྱུར་ཏེ། སྣང་བ་ལྟར་དོན་བྱེད་ནུས་མི་ནུས་ཀྱི་སྒོ་ནས་ཡང་ལོག་ཏུ་འཇོག་པ་འཇིག་རྟེན་གྱི་ལུགས་ཡིན་པར་སློབ་དཔོན་དེས་བཞེད་པའི་ཕྱིར། ཇི་སྐད་དུ། དོན་བྱེད་པ་ལ་སླུ་བ་དང་མི་སླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱིས་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་འདོད་ན་ནི། འཇིག་རྟེན་པས་ཡང་དག་ཀུན་རྫོབ་རིགས་པས་དཔྱད་བཟོད་དུ་ཁས་ལེན་པར་འགྱུར་ཏེ། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ཕྱིར། དེའི་ཁྱབ་པ་ནི་ཟླ་བའི་ཞབས་ཀྱིརིགས་པས་གྲུབ་ལ། འདོད་མི་ནུས་པ་ནི། ཀུན་རྫོབ་ཀྱི་བདེན་པ་རིགས་པས་མི་འཇོག་པ་ནི་སློབ་དཔོན་དེའི་གཞུང་ན་ཤིན་ཏུ་གསལ་བའི་ཕྱིར་རོ། །གཞན་ཡང་ཟླ་བའི་ཞབས་ཀྱིས་ཀྱང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པར་འགྱུར་ཏེ། ཡང་དག་ཀུན་རྫོབ་ཁས་ལེན་པའི་ཕྱིར། དེ་ནི་འཇིག་རྟེན་གྱི་ལུགས་ཡིན་གྱི་རང་ལུགས་མ་ཡིན་ནོ་ཞེ་ན། འོ་ན་སྔ་མ་ཡང་དེ་ཡིན་གྱི་ཅིག་ཤོས་མ་ཡིན་ནོ། །དེ་དེ་ཡིན་པར་གང་ལས་ཤེས་ཞེ་ན། འོ་ན་སྔ་མ་ཡང་གང་ལས་ཤེས། ཇི་སྐད་དུ། འཇིག་རྟེན་ཉིད་ལས་བདེན་པ་ཡིན། །ཞེས་བཤད་པས་སོ། །ཞེ་ན། འོ་ན་སྔ་མ་ཡང་བདེན་གཉིས་ལས། དེ་བས་འདི་ཀུན་བདེན་པ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །ཞེས་དང༌། དེའི་འགྲེལ་པར་ཇི་ལྟར་འཇིག་རྟེན་ན་གྲགས་པ་དེ་ལྟར་བདེན་ནོ། །ཞེས་བྱ་བའི་ཐ་ཚིག་སྟེ། མདོ་ལས་ཇི་སྐད་དུ། རབ་འབྱོར། ཕྱིན་ཅི་ལོག་མ་གཏོགས་པར་གང་ལ་གནས་ནས་བྱིས་པ་སོ་སོ་སྐྱེ་བོ་རྣམས་ལ་མངོན་པར་འདུ་བྱེད་པར་འགྱུར་བའི་དངོས་པོ་བདེན་པ་ནི་སྐྲ་ཡི་རྩེ་མོའི་ཆ་ཤས་གཟུགས་པའི་ཚད་ཙམ་ཡང་མེད་དོ། །ཞེས་གསུངས་པ་ལྟ་བུའོ། །ཕྱིན་ཅི་ལོག་ནི་འཇིག་རྟེན་ན་གྲགས་པ་སྟེ་ཞེས་གསུངས་པས་སོ། །མདོར་ན་སློབ་དཔོན་དེ་གཉིས་ཀྱིས་ཀུན་རྫོབ་བདེན་པར་རིགས་པས་མ་དཔྱད་པའི་ངོར་འཇོག་མཚམས་དང༌། ཡང་ལོག་གི་དབྱེ་བ་འཇིག་རྟེན་ཉིད་ལ་ལྟོས་ནས་འཆད་ལུགས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཉིས་ཀས་ཀྱང་ཀུན་རྫོབ་འཇིག་རྟེན་ལ་ལྟོས་ནས་གཉིས་སུ་དབྱེ་བ་དང༌། ཡང་དག་པའི་ཀུན་རྫོབ་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་པ་དང༌། ཡང་དག་པའི་ཀུན་རྫོབ་ལ་སྣང་ཙམ་གྱི་ཆ་དང༌། རྟོག་པ་དོན་མཐུན་གྱིས་བཏགས་པ་གཉིས་ལས། གཉིས་པ་དེ་ནི། དབུ་མའི་རང་ལུགས་འཆད་པ་ན། ཡང་དག་པའི་ཀུན་རྫོབ་ཏུ་བདེན་པ་ལྟ་ཞོག ཡོད་ཙམ་དུ་ཡང་གྲུབ་པར་ཁས་མ་ལེན་པའི་ཚུལ་ལ་འདྲ་བའི་ཕྱིར་རོ། །དེ་ལྟ་ན་ཡང༌། སློབ་དཔོན་གཉིས་པོའི་ཀུན་རྫོབ་བདེན་པའི་མཚན་གཞི་འཛིན་ལུགས་མི་འདྲ་བ་དང༌། སངས་རྒྱས་ཀྱི་སར་ཀུན་རྫོབ་ཀྱི་སྣང་བ་བཟློག་མི་བཟློག་གི་ཁྱད་པར་མི་འདྲ་བ་ནི་འོག་ནས་འཆད་པར་འགྱུར་རོ། །ཡང་སློབ་དཔོན་ཡེ་ཤེས་སྙིང་པོས་རང་རིག་ཁས་མི་ལེན་ནོ། །ཞེས་ཟེར་བ་ཡང་བྱུང་རྒྱལ་དུ་སྨྲ་བ་ཡིན་ཏེ། སེམས་ཙམ་རྣམ་བརྫུན་པ་ཡན་ཆད་མ་གཏོགས། དེ་མན་ཆད་དུ་ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བར་བཞེད་པ་ཉིད་ཀྱིས་རང་རིག་བཞེད་པར་གྲུབ་པའི་ཕྱིར། དེ་སྐད་དུ་ཡང༌། རིགས་པ་མཁྱེན་པས། ཚུལ་གཉིས་སྒྲུབ་པར་བྱེད་པས་ཀྱང༌། །རང་རིག་ཕལ་ཆེར་གྲུབ་པ་ཡིན། །ཞེས་བཤད་པས་སོ། །ཇི་སྐད་དུ། བདེན་གཉིས་ལས། རང་རིག་རིགས་པ་མ་ཡིན་ཕྱིར། །ཞེས་བཤད་པ་དེ་ནི། སེམས་ཙམ་པས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་པའི་བདེན་པ་ཡིན་པ་དང༌། དེ་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་སྣང་བ་འགོག་པའི་སྐབས་ན་སྣང་བས་རང་རིག་ཙམ་འགོག་པ་སྐབས་ཀྱི་དོན་མ་ཡིན་ནོ། །གཉིས་པ་དབུ་མ་རྒྱན་ལས་འབྱུང་བའི་ཚུལ་ལ། སློབ་དཔོན་དེའི་བཞེད་པ་ངོས་བཟུང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་དགག་པའོ། །དང་པོ་ནི། དེས་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་ཞལ་གྱིས་བཞེས་པའི་ཚུལ། དེ་ནས་ངེས་དོན་གྱི་རྒྱ་མཚོ་ལ་འཇུག་པའི་རིམ་པ་བསྟན་པའོ། །དང་པོ་ནི། མཚན་བརྗོད་པར་དཀའ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་འཚོས་ཀྱང༌། ཀུན་རྫོབ་བདེན་པའི་འཇོག་ཚུལ་ནི་སློབ་དཔོན་སྔ་མ་གཉིས་དང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གྲུབ་མཐའ་ལ་གྲགས་པའི་རིགས་པས་ཅུང་ཟད་ཀྱང་མི་དཔྱོད་པར་འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ཉིད་ལ་ཀུན་རྫོབ་ཀྱི་བདེན་པར་འཇོག་པའི་ཕྱིར་ཏེ། ཇི་སྐད་དུ། རྒྱན་ལས། མ་བརྟགས་གཅིག་པུར་ཉམས་དགའ་ཞིང༌། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་ཡིན་པར་རྟོགས། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། བྱེ་མདོ་གཉིས་ལ་བདེན་མེད་སྒྲུབ་པའི་རིག་པ་གོ་ཆོད་པོ་མེད་པའི་ཕྱིར། དེ་གཉིས་གང་རུང་གི་རིགས་པ་ལ་བརྟེན་ནས་ནི་དོན་དམ་པའི་རྒྱ་མཚོ་ལ་འཇུག་པར་བྱེད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེ་ན། ཤིང་རྟའི་ཚུལ་ཆེན་པོ་གཉིས་ལ་བརྟེན་ནས་སོ། །གཉིས་པོ་གང་ཞེ་ན། སེམས་ཙམ་པའི་ཚུལ་དང༌། དབུ་མ་པའི་ཚུལ་ལོ། །དེ་སྐད་དུ་ཡང༌། དབུ་མའི་རྒྱན་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོབས་འཇུ་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་ཐོབ། །ཅེས་གསུངས་སོ། །དེ་ལྟར་བཞེད་པ་དེ་ཡང༌། ལང་ཀར་གཤེགས་པའི་མདོ་ཁུངས་སུ་དྲངས་ནས་མཛད་པ་ཡིན་ཏེ། ཇི་སྐད་དུ། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་དམིགས་པ་ལ་བརྟེན་ནས། །སེམས་ཙམ་ལས་ཀྱང་ཤིན་ཏུ་འདའ། །སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་ཤིན་ཏུ་འདའ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་བྱ་བའི་མདོ་ཁུངས་སུ་དྲངས་པའོ། །འདིར་སེམས་ཙམ་ཞེས་པ་ནི་རྣམ་བདེན་པ་དང༌། སྣང་མེད་ཅེས་པ་རྣམ་བརྫུན་པ་དང༌། ཐེག་པ་ཆེན་པོ་མཐོང་ཞེས་པ་ནི་དབུ་མ་པའོ། །དོན་དེ་ལྟར་ཐུགས་ལ་བཞག་ནས་དབུ་མ་ལ་འཇུག་པའི་རིམ་པ་འདི་ལྟར་གསུངས་ཏེ། ཐོག་མར་སེམས་ཙམ་རྣམ་བདེན་པ་དང་ཐུན་མོང་གི་རིགས་པས་ཕྱི་རོལ་གྱི་དོན་བདེན་པར་མེད་པར་སྒྲུབ་པ་དང༌། དེ་ནས་རྣམ་བརྫུན་པ་དང་ཐུན་མོང་གི་རིགས་པས་རྣམ་པ་བདེན་མེད་དུ་སྒྲུབ་པ་དང༌། དབུ་མའི་ཐུན་མོང་མ་ཡིན་པའི་རིགས་པས་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བདེན་མེད་དུ་སྒྲུབ་པའི་རིགས་པ་སྟེ། དངོས་པོ་རྣམས་བདེན་མེད་དུ་སྒྲུབ་པའི་རིགས་པའི་རིམ་པ་གསུམ་གསུངས་སོ། །དང་པོ་ནི། ཇི་སྐད་དུ། བདག་དང་གཞན་སྨྲའི་དངོས་འདི་དག །ཅེས་སོགས་ཀྱི་ཐོགས་མར་རྩ་བའི་རྟགས་བཀོད་ནས། ཇི་སྐད་དུ། བསྒྲིབས་དང་མི་བསྒྲིབས་སོགས་དངོས་ཕྱིར། །ཞེས་སོགས་ཀྱིས་རགས་པ་བདེན་མེད་དུ་སྒྲུབ་པ་དང༌། འབྱར་བ་དང་ནི་བསྐོར་བ་འམ། །ཞེས་སོགས་ཀྱིས་རྡུལ་ཕྲན་བདེན་མེད་དུ་སྒྲུབ་པའི་རིགས་པ་དང༌། རྣམ་ཤེས་བེམས་པོའི་རང་བཞིན་ལས། །ཞེས་པ་ལ་སོགས་པར་བློ་རྣམ་བཅས་བདེན་མེད་དུ་སྒྲུབ་པའི་རིགས་པ་གསུངས་ལ། དེ་ལ་ཡང་གཟུང་འཛིན་གྲངས་མཉམ་དུ་སྨྲ་བ་དང༌། སྒོ་ང་ཕྱེད་ཚལ་དུ་སྨྲ་བ་དང༌། སྣ་ཚོགས་གཉིས་མེད་དུ་སྨྲ་བའི་མདོ་སེམས་གཉིས་འདོད་པ་སོ་སོ་བས་བརྟགས་པའི་རྣམ་པ་མི་འདྲ་བ་གསུམ་བདེན་མེད་དུ་སྒྲུབ་པའི་རིགས་པ་རྣམས་དང༌། དེའི་འོག་ནས་ཇི་སྐད་དུ། ཤེལ་སྒོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་པས་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བདེན་མེད་དུ་སྒྲུབ་པའི་རིགས་པ་རྣམས་གསུངས་ཤིང༌། དེ་ཐམས་ཅད་ཀྱི་འོག་ཏུ། དངོས་པོ་གང་དག་རྣམ་དཔྱད་ན། །དེ་དང་དེ་ལ་གཅིག་ཉིད་མེད། །གང་ལ་གཅིག་ཉིད་ཡོད་མིན་ན། །དེ་ལ་དུ་མ་ཉིད་ཀྱང་མེད། །ཅེས་དངོས་པོ་ཙམ་བདེན་མེད་དུ་སྒྲུབ་པའི་རིགས་པ་གསུངས་ཤིང༌། སྐབས་དེར་ཡང་ཐོག་མར་དཔེ་གཟུགས་བརྙན་བདེན་མེད་དུ་བསྒྲུབས་ནས་དེའི་རྗེས་སུ་རྩོད་གཞི་བདེན་མེད་དུ་སྒྲུབ་པར་གསུངས་སོ། །བདག་ཉིད་ཆེན་པོ་དེའི་བཞེད་པ་དྲི་མ་མེད་པ་ཐུགས་སུ་ཆུད་པའི་སློབ་དཔོན་སེང་གེ་བཟང་པོའི་ཞབས་ཀྱིས་ཀྱང༌། རྣལ་འབྱོར་ས་བཞིའི་རིམ་པས་དོན་དམ་པའི་རྒྱ་མཚོ་ལ་འཇུག་པར་གསུངས་སོ། །གཉིས་པ་དེའི་བཞེད་པ་ལ་ལོག་པར་རྟོག་པའི་མཐའ་བསལ་བ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། ཞི་འཚོ་ཡབ་སྲས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཞལ་གྱིས་བཞེས་པ་གཞིར་བྱས་པ་ལ། ཐ་སྙད་དུ་ཕྱི་རོལ་གྱི་དོན་མེད་ཅིང༌། དོན་སྣང་གི་ཤེས་པ་ཡོད་པར་ཞལ་གྱིས་བཞེས་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཆེན་པོ་དག་ལ་སྐུར་བ་འདེབས་པ་ཡིན་ཏེ། སློབ་དཔོན་དེའི་བསྟན་བཅོས་ན་དེ་ལྟར་སྟོན་པའི་ལུང་ཚིག་མི་སྣང་བའི་ཕྱིར་དང༌། ཕྱི་རོལ་གྱི་དོན་མེད་ལ་རྣམ་པར་ཤེས་པ་ཡོད་ཅེས་གྲུབ་པའི་མཐར་བྱས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་ཀྱི་བདེན་པ་གཉིས་ཀའི་འཇོག་མཚམས་ལས་ཉམས་པའི་ཕྱིར་དང༌། རྒྱན་ལས། སེམས་ཙམ་ལ་བརྟེན་ནས་ཕྱི་རོལ་གྱི་དོན་ལ་མི་རྟོག་པར་གསུངས་པ་དེ་ཡང༌། ངེས་དོན་གྱི་རྒྱ་མཚོ་ལ་འཇུག་པའི་རྣལ་འབྱོར་གྱི་རིམ་པ་ཡིན་གྱི། གྲུབ་པའི་མཐའ་ནི་མ་ཡིན་ཏེ། གཞན་དུ་ན་སློབ་དཔོན་སེང་གེ་བཟང་པོས་ཀྱང་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་བདེན་གྲུབ་ཏུ་ཞལ་གྱིས་བཞེད་པར་འགྱུར་ཏེ། ཇི་སྐད་དུ། འགྲེལ་པ་དོན་གསལ་ལས། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ། །སྙམ་དུ་ངེས་པར་བྱས་ནས་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་གྲུབ་མཐའ་འོག་མའི་འཇུག་ཚུལ་ལ་མ་ལྟོས་པར་འཇིག་རྟེན་གྱི་གྲགས་པ་ཉིད་ནས་ངེས་དོན་གྱི་རྒྱ་མཚོར་འཇུག་པ་ནི། བརྙེངས་བྲལ་ཟླ་བའི་ཞབས་ཀྱི་བཞེད་པ་ཡིན་ཏེ། ཇི་སྐད་དུ། འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་ཀླུ་སྒྲུབ་ཞབས་ཀྱི་བཞེད་པའི་བདེན་པ་གཉིས་ཀྱི་སྟོན་ཚུལ་དེ་ནི་གྲུབ་མཐའ་འོག་མ་ལ་གྲགས་པའི་བསྟན་བཅོས་དག་ན་ཡོད་པ་མ་ཡིན་པར་བཞེད་པས་སོ། །སློབ་དཔོན་འདིའི་བཞེད་པས་ཀླུ་སྒྲུབ་ཀྱི་དགོངས་པ་མདོ་སྡེ་ས་བཅུ་པའི་དགོངས་པ་དང་སྦྱར་ནས་འཆད་པ་དེའི་ཚེ་བདེན་འཛིན་གྱི་སྤྲོས་པ་ཅིག་ཅར་དུ་གཅོད་པའི་ཚུལ་འདི་བཞེད་པ་ཡིན་མོད། མདོ་སྡེ་ལང་ཀར་གཤེགས་པའི་དགོངས་པ་འཆད་པ་ན། ཐོག་མར་ཕྱི་རོལ་གྱི་དོན་བདེན་མེད་དུ་བསྒྲུབས་ནས། དེའི་འོག་ཏུ་ཤེས་པ་བདེན་མེད་དུ་བསྒྲུབས་པའི་རིམ་པ་མི་བཞེད་པ་མ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་དང༌། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་གསུངས་སོ། །ཡེ་ཤེས་སྙིང་པོའི་ཞབས་ཀྱིས་བདེན་གཉིས་ཀྱི་འགྲེལ་པར། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །ཅེས་སོགས་ཀྱི་མདོ་དྲངས་པ་དེའི་དགོངས་པ་འཆད་ཚུལ་ལ་ནི། སློབ་དཔོན་འདི་གཉིས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན་མུ་སྟེགས་པ་རྣམས་ཀྱིས་འདོད་པས་བཏགས་པའི་བདག་རྟག་པ་ལྟ་བུ་དེ་ནི་དེའི་ལུགས་ཀྱི་དོན་དམ་ཡིན་ཀྱང༌། འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་ཙམ་དེ་ནི་འཇིག་རྟེན་ལ་གྲགས་པའི་དོན་དམ་ཡིན་ཀྱང༌། འཕགས་པ་རྣམས་ཀྱི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། འཕགས་པ་སློབ་པའི་རྗེས་ཀྱི་ཤེས་པས་ཐ་སྙད་བཏགས་པའི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་སྟེ་འཕགས་པ་སློབ་པའི་ཐ་སྙད་ཀྱིས་བཏགས་པའི་དོན་དམ་བདེན་པ་ཡིན་ལ། དེ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཀུན་རྫོབ་བདེན་པའོ། །དེའི་དོན་དམ་ནི་བརྗོད་དུ་ཡོད་པ་མ་ཡིན་ལ། བོང་བུའི་རྭ་བཞིན་དུ་མེད་པ་ཡང་མ་ཡིན་ཏེ། སོ་སོར་རང་གིས་རིག་པར་བྱ་བའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་ཡིན་པས་སོ། །ཞེས་བཞེད་པའི་ཚུལ་འཇུག་འགྲེལ་ལས་རྒྱས་པར་བཤད་པ་ལས་ཤེས་སོ། །དེ་ལྟར་ན་བདག་ཉིད་ཆེན་པོ་འདིའི་བཞེད་པས། ཐ་སྙད་ལ་བརྟེན་ནས་དོན་དམ་པའི་བདེན་པ་ལ་འཇུག་པའི་ཚུལ་ནི་དེ་ཡིན་ནོ། །གཉིས་པ་སྐབས་དོན་སོ་སོར་དབྱེ་བ་ལ། དབུ་མ་པའི་དབྱེ་བ་འཇོག་ཚུལ་ནི་གཉིས་ཏེ། གདུལ་བྱ་གཞན་དབུ་མའི་གྲུབ་མཐའ་ལ་འཁྲིད་ཚུལ་གྱི་དབྱེ་བ་དང༌། ཁྲིད་ནས་དོན་དམ་པའི་བདེན་པ་གཏན་ལ་འབེབས་ཚུལ་གྱི་དབྱེ་བའོ། །དང་པོ་ལ། གྲུབ་མཐའ་གང་ལ་ཡང་བློ་ཁ་མ་ཕྱོགས་པ་དང༌། ཕྱི་རོལ་པའི་གྲུབ་མཐའ་སྨྲ་བ་དང༌། རང་སྡེ་བྱེ་བྲག་ཏུ་སྨྲ་བ་མན་ཆད། དང་པོར་མདོ་སྡེ་པའི་རིགས་པ་ལ་བརྟེན་ནས་དབུ་མར་རིམ་གྱིས་འཁྲིད་པ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང༌། དང་པོར་མདོ་སེམས་གཉིས་ཀའི་གྲུབ་མཐའ་ལ་རིམ་གྱིས་དྲངས་ནས་དབུ་མར་འཇུག་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང༌། དང་པོར་འཇིག་རྟེན་གྱི་གྲགས་པ་ཉིད་ནས་དབུ་མར་འཇུག་པ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་རྣམས་སོ། །དང་པོའི་མཚན་གཞི་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་ཡེ་ཤེས་སྙིང་པོ་སོགས་ཡིན་ཏེ། ཇི་སྐད་དུ། ཤེས་རབ་སྒྲོན་མ་ལས། དང་པོར་རྣམ་པར་རིག་པ་ཙམ་ཁས་བླངས་ནས། ཕྱིས་དེ་ཡོངས་སུ་གཏོང་བར་འདོད་ན་ཡང༌། འདམ་རྫབ་ཀྱིས་སྦགས་ནས་འཁྲུ་བ་ལས། དང་པོ་ནས་མི་རེག་པར་ཐག་སྲིང་བ་བཟང་སྟེ། ཕྱི་རོལ་གྱི་དོན་ངོ་བོ་ཉིད་མེད་པར་རྟོགས་པ་བཞིན་དུ། རྣམ་ཤེས་ཀྱང་བདག་མེད་པ་དང་སྐྱེ་བ་མེད་པར་བྱ་རུང་ངོ༌། །ཞེས་གནས་སྐབས་སེམས་ཙམ་ལ་མི་བརྟེན་པ་དང༌། ཕྱི་རོལ་གྱི་དོན་ཁས་བླངས་པ་དང༌། དེའི་རྣམ་པ་ཅན་གྱི་བློ་ཞལ་གྱིས་བཞེས་པའི་ཕྱིར་རོ། །གཉིས་པའི་མཚན་གཞི་ནི་ཞི་འཚོ་ཡབ་སྲས་ཡིན་ཏེ། དབུ་མ་རྒྱན་ལས། རྒྱུ་དང་འབྲས་བུར་གྱུར་པ་ཡང༌། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །གང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་དང༌། དེའི་ཤེས་བྱེད་དུ་ལང་ཀར་གཤེགས་པའི་མདོ་དྲངས་པ་ནི། འདི་ལ་སྐྱེ་བ་ཅི་ཡང་མེད། །འགག་པར་འགྱུར་བ་ཅི་ཡང་མེད། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ན་འོ། །ཞེས་དང༌། རིགས་པ་དྲུག་ཅུ་པའི་ལུང་དྲངས་པ་ནི། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་པའི་ལུང་ཁུངས་སུ་དྲངས་པས་སོ། །གསུམ་པའི་མཚན་གཞི་ནི་ཟླ་བའི་ཞབས་རྗེས་འབྲང་དང་བཅས་པ་རྣམས་ཡིན་ཏེ། ཇི་སྐད་དུ། འདི་འབྱུང་ལུགས་ཀྱང་གཞན་ན་ནི། །མེད་ཅེས་མཁས་རྣམས་ངེས་པར་མཛོད། །ཅེས་གནས་སྐབས་སུ་གྲུབ་མཐའ་འོག་མ་གང་ལ་ཡང་མི་བརྟེན་པར་བཤད་པའི་ཕྱིར། ཟླ་བའི་ཞབས་ཀྱིས་ཀྱང༌། ཤེས་པ་ལ་ཡུལ་གྱི་རྣམ་པ་སྣང་བ་མི་འགོག་མོད་ཀྱང་རྣམ་པ་སྣང་བ་ཕྱི་དོན་བདེན་མེད་དུ་སྒྲུབ་པའི་ཡན་ལག་ཏུ་བཤད། སྙིང་པོའི་ཞབས་སོགས་ཀྱིས་དེ་དེར་འཆད་ཅིང༌། རྣམ་པ་ཀུན་རྫོབ་བདེན་པར་འཆད་ཀྱང༌། མདོ་སྡེ་པ་འདོད་པའི་དོན་དམ་བདེན་པ་དེ་ཀུན་རྫོབ་ཀྱི་བདེན་པར་བཞེད་པ་ཡིན་ཏེ། དེའི་ལུགས་ཀྱི་དོན་དམ་བདེན་པར་འཇོག་པ་ལ་བདེན་པར་གྲུབ་པ་ཞིག་དགོས་པའི་ཕྱིར་རོ། །དབྱེ་བའི་སྒོ་གཉིས་པ་ནི། རང་རྒྱུད་པ་དང་ཐལ་འགྱུར་བ་ཞེས་བོད་རྣམས་ཀྱིས་ཐ་སྙད་བྱས་པ་རྣམས་སོ། །འདི་ལ་ཐལ་རང་ཇི་ལྟར་གྱེས་པའི་ཚུལ་རྒྱས་པར་བཤད་པ་དང༌། དེ་དག་གི་གྲུབ་མཐའི་ཁྱད་པར་ལ་གཞན་གྱིས་བརྟགས་པའི་མཐའ་དགག་པའོ། །དང་པོ་ལ། རང་གི་ལུགས་བཞག་པ་དང༌། གཞན་གྱི་ལུགས་མི་འཐད་པར་བསྟན་པའོ། །དང་པོ་ལ། ཐལ་རང་གི་སྲོལ་དང་པོ་གྱེས་མཚམས་ནི། བསྟན་བཅོས་ཀྱི་ཐོག་མར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་དོན་འཆད་པ་ལ། ཐོག་མར་སློབ་དཔོན་གནས་བརྟན་བུདྡྷཱ་པཱ་ལི་ཏ་ནི། དམ་བཅའ་བཞི་པོ་དེའི་ལོགས་ཕྱོགས་ལ་གནོད་བྱེད་ཀྱི་ཐལ་འགྱུར་འཕེན་པར་བྱེད་ལ། ཕྱོགས་གཅིག་ལ་སྒྲུབ་བྱེད་འགོད་པར་མི་མཛད་དོ། །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི། རྩ་བའི་གཏན་ཚིགས་རང་རྒྱུད་དུ་བཀོད་ནས་དེའི་ཕྱོགས་ཆོས་ཀྱང་རང་རྒྱུད་ཀྱི་སྒོ་ནས་སྒྲུབ་པར་མཛད་ཅིང༌། ལུགས་སྔ་མ་དེ་ལུང་དང་རིགས་པས་སུན་འབྱིན་པར་མཛད་ལ་རྩ་བའི་གཏན་ཚིགས་འགོད་དགོས་པ་ནི། འགྲེལ་པ་ག་ལས་འཇིག་མེད་ལས་བཤད་དོ། །དེའི་འོག་ཏུ། འཇིགས་བྲལ་ཟླ་བ་གྲགས་པས། སངས་རྒྱས་བསྐྱངས་ལ་ལེགས་ལྡན་འབྱེད་ཀྱིས་བརྗོད་པའི་སྐྱོན་རྣམས་མི་འཇུག་པའི་ཚུལ་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཉིད་སྐྱོན་དང་བཅས་པའི་ཚུལ་རྒྱས་པར་བརྗོད་ནས་ཐལ་འགྱུར་གྱི་ཤིང་རྟའི་སྲོལ་གསལ་བར་ཕྱེ་བ་ཡིན་ནོ། །དེ་དག་གི་ཚུལ་ཡང་ཇི་ལྟར་ཞེ་ན། འདི་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ལུགས་དགོད། དེ་ལ་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པའི་ཚུལ། ཟླ་བས་དེ་ལ་སྐྱོན་སྤོང་ཇི་ལྟར་མཛད་པའོ། །དང་པོ་ནི། ཇི་སྐད་དུ། ཚིག་གསལ་ལས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང༌། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཤིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །འགྲེལ་པ་འདིའི་དོན་ནི་དངོས་པོ་རྣམ་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། རང་གི་རྒྱུའི་དུས་སུ་གྲུབ་ཟིན་པའི་ཕྱིར། ཁྱབ་པ་མེད་ན། དེ་ཆོས་ཅན། སྐྱེ་བ་ཐུག་མེད་དུ་ཐལ། གྲུབ་ཟིན་སླར་ཡང་སྐྱེ་དགོས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། ཇི་སྐད་དུ། འདི་ལ་ཁ་ཅིག་གིས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་པའི་ཕྱིར་དང༌། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར། གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་སྐྱོན་སྨྲ་སྟེ་ཞེས་གསུངས་སོ། །འདིའི་དོན་ནི། སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པའི་རིགས་པ་དེ་ལྟར་བཤད་པ་དེ། སྔ་རྒོལ་གྱི་དབང་དུ་བྱས་ནས་སམ། ཕྱི་རྒོལ་གྱི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན། གནས་བརྟན་བུདྡྷཱ་པཱ་ལི་ཏ་ཆོས་ཅན། ཚར་བཅད་ཀྱི་གནས་ཡིན་ཏེ། གྲངས་ཅན་དང་བདག་སྐྱེ་ཡོད་མེད་རྩོད་པ་བྱེད་པའི་ཚེ། རང་གི་དམ་བཅའ་སྒྲུབ་པར་བྱེད་པའི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། རྟགས་ཀྱི་ཚེར་མ་མ་ཕྱུང་བའི་ཕྱིར། འདིར་འབྱིན་རྒྱུའི་ཚེར་མ་ནི་གཉིས་ཏེ། འགལ་བ་དང་མ་གྲུབ་པའོ། །དེ་ཡང༌། བདག་ལ་སྐྱེ་བ་མེད་དེ་ཞེས་པའི་དོན་རྒྱུའི་དུས་སུ་འབྲས་བུ་མི་གསལ་བའི་ཚུལ་གྱིས་ཡོད་པ་སྐྱེ་བ་མེད་དེ་ཞེས་པའི་དོན་ནམ། དེར་དེ་མངོན་པར་གསལ་བའི་ཚུལ་གྱིས་གྲུབ་ཟིན་པ་སྐྱེ་བ་མེད་དེ་ཞེས་པའི་དོན་གང་ཡིན། དང་པོ་ལྟར་ན་གཏན་ཚིགས་གང་བཀོད་ཀྱང་ཁྱབ་པ་འགལ་ལ། གཉིས་པ་ལྟར་ན་གྲུབ་ཟིན་བསྒྲུབས་པ་ཡིན་པས། ཕྱོགས་ཆོས་མ་གྲུབ་བོ། །ཞེས་ཟེར་བ་དེའོ། །དོན་འདི་དག་ཀྱང་ཇི་སྐད་དུ། བརྩོད་པའི་རིགས་པ་ལས། སྒྲུབ་པའི་ཡན་ལག་མི་བརྗོད་དང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་ཏེ། །ཞེས་གསུངས་པ་དང་ཡང་མཐུན་ནོ། །གཉིས་པ་ལྟར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང༌། ཕྱི་རྒོལ་དུ་ཁས་བླངས་ནས་སྔ་རྒོལ་གྲངས་ཅན་ལ་བདག་ལས་སྐྱེ་བ་འགོག་བྱེད་དུ་འཕངས་པའི་ཐལ་འགྱུར་དེས་སྒྲུབ་བྱེད་འཕེན་ནམ་མི་འཕེན། མི་འཕེན་ན་སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། ཕྱི་རྒོལ་ཚར་བཅད་ཀྱི་གནས་ཡིན་པར་ཐལ། སྔ་རྒོལ་ལ་ཁོ་རང་གི་དམ་བཅའ་དེའི་ལོག་ཕྱོགས་རྟོགས་པའི་རྗེས་དཔག་ཚད་མའི་རྟེན་དུ་གྱུར་པའི་ཚུལ་གསུམ་དྲན་ལམ་དུ་འཕེན་པར་ནུས་པའི་ཐལ་འགྱུར་བརྗོད་པའི་ནུས་པ་ཡོད་བཞིན་དུ་དེ་མ་བརྗོད་པའི་ཕྱིར། དཔེར་ན་སྔ་རྒོལ་གྲངས་ཅན་སྒྲ་རྟག་པར་ཁས་ལེན་པ་ལ། ཕྱིར་རྒོལ་སངས་རྒྱས་པས་སྒྲུབ་བྱེད་ཡང་དག་འཕེན་པའི་ཐལ་འགྱུར་འཕེན་པའི་ནུས་པ་ཡོད་བཞིན་དུ་མ་འཕངས་ན་ཚར་བཅད་ཀྱི་གནས་ཡིན་པ་བཞིན་ནོ། །དང་པོ་ལྟར་ན་འགྲེལ་པའི་འགྱུར་འདི་ལྟར་བྱ་སྟེ། སྐབས་ཀྱི་དོན་ལས་བཟློག་པས་ན་བཟློག་པའི་དོན་ལ་རང་རྒྱུད་ཀྱིས་བསྒྲུབ་པར་བྱ་བ་དང་དེའི་ཆོས་མངོན་པས་འདི་ལྟར་འགྱུར་ཏེ། དངོས་པོ་རྣམས་ཆོན་ཅན། སྐྱེ་བ་དོན་མེད་པ་དང༌། ཐུག་པ་མེད་པར་ཐལ། བདག་ལ་སྐྱེ་བའི་ཕྱིར་ཞེས་འཕེན་དགོས་ལ། དེའི་བཟློག་དོན་ཁས་ལེན་ན། སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཁས་ལེན་དགོས་ལ། དེ་ཡང་ཁས་ལེན་ན། སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། ཕྱི་རྒོལ་ཚར་བཅད་ཀྱི་གནས་ཡིན་པར་ཐལ། སྔ་རྒོལ་གྱི་དམ་བཅའ་སུན་འབྱིན་པའི་ཕྱིར་དུ་རྒོལ་བ་རང་གི་གྲུབ་མཐའ་དང་འགལ་བའི་སུན་འབྱིན་བརྗོད་པའི་ཕྱིར། རང་གི་གྲུབ་མཐའ་དང་ཇི་ལྟར་འགལ་སྙམ་ན། དངོས་པོ་རྣམས་མཐའ་བཞི་པོ་གང་ལས་སྐྱེ་ཞེས་དཔྱོད་པའི་རིགས་ངོར་དངོས་པོ་རྣམས་སྐྱེ་བར་ཁས་བླངས་པས། འོ་ན། དངོས་པོ་རྣམས་ཆོས་ཅན་གཞན་ལས་སྐྱེ་བར་ཐལ། དེ་ལྟར་དཔྱོད་པའི་རིགས་ངོར་སྐྱེ་བ་གང་ཞིག དེའི་ཚེ་མཐའ་གཞན་གསུམ་གང་རུང་དུ་སྐྱེ་བར་ནི་མི་འདོད་པའི་ཕྱིར། དེ་ལྟར་ན། ཤུགས་ལ་གཞན་སྐྱེ་ཁས་བླངས་པས། རང་ཚིག་དངོས་ཤུགས་འགལ་བ་དང༌། རིགས་ངོའི་སྐྱེ་བོ་ཁས་བླངས་པས། ཀླུ་སྒྲུབ་ཞབས་ཀྱི་གྲུབ་མཐའ་དང་འགལ་བའི་ཕྱིར། ཁས་བླངས་སྔ་ཕྱི་འགལ་བ་ཡིན་ནོ། །གངས་ཅན་པ་ཕྱི་མ་དག་གི་བསམ་པ་ལ། སྐབས་འདིར་སྐྱེ་བ་དོན་བཅས་དང་ཐུགས་བཅས་སུ་ཁས་བླངས་པ་ལ་ཉེས་པ་ཅི་ཡང་མེད་དོ་སྙམ་དུ་སེམས་པ་དེ་དག་ནི། ཐལ་རང་གང་གི་ཡང་ཕྱོགས་སུ་མ་ཕྱིན་པ་ཡིན་ཏེ། མྱུ་གུ་ལྟ་བུ་དཔྱད་གཞིར་བཟུང་ནས་མཐའ་བཞི་པོ་གང་ལས་སྐྱེ་ཞེས་དཔྱོད་པ་དེའི་ཚེ། མྱུ་གུ་མི་སྐྱེ་བར་ཁས་ལེན་དགོས་པ་དེ་དབུ་མ་པ་ཀུན་གྱི་སྤྱི་ལུགས་ཡིན་པ་དེ་མ་ཤེས་པས་ནོངས་པའི་ཕྱིར་དང༌། དེ་ལྟར་དཔྱོད་པའི་ཚེ་ཡང་མཐའ་བཞི་པོ་གང་ཡང་མ་ཡིན་པའི་སྐྱེ་བ་ཙམ་པོ་ཞིག་ཁས་ལེན་དགོས་པ་ཡིན་ན། མཐའ་ལྔ་པ་ཞིག་ཁས་བླངས་པར་སོང་བས་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་ཁྱབ་པ་འཁྲུལ་པར་འགྱུར་བའི་ཕྱིར་དང༌། དེ་ལྟར་དཔྱོད་པའི་ཚེ་སྐྱེ་བ་ཁས་བླངས་ན། རིགས་ངོའི་སྐྱེ་བ་མེད་ཅེས་ཟེར་བ་ཡང་ཚིག་ཙམ་དུ་ཟད་ཀྱི་དོན་གྱི་རྣམ་གཞག་ལ་གོ་བ་མ་ཆགས་པར་གསལ་བའི་ཕྱིར་རོ། །གསུམ་པ་ཟླ་བས་སྐྱོན་སྤོང་མཛད་པའི་ཚུལ་ལ་གཉིས་ཏེ། སངས་རྒྱས་བསྐྱངས་ལ་ལེགས་ལྡན་འབྱེད་ཀྱིས་བརྗོད་པའི་སྐྱོན་རྣམས་མི་འཇུག་པའི་ཚུལ། ལེགས་ལྡན་འབྱེད་ཉིད་སྐབས་འདིར་རང་རྒྱུད་ཁས་ལེན་པ་ལ་དབུ་མའི་ལུགས་ལས་ཉམས་པའི་ཉེས་པ་རྣམས་རྒྱས་པར་བརྗོད་པའོ། །དང་པོ་ལ་དོན་ཚན་རྣམ་པ་བདུན་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཕྱི་རྒོལ་དུ་ཁས་བླངས་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་མི་བརྗོད་པའི་རྒྱུ་མཚན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སྔ་རྒོལ་དུ་ཁས་བླངས་པའི་ཚེ་རང་རྒྱུད་ཀྱི་དམ་བཅའ་དང༌། དེ་ལ་སྒྲུབ་བྱེད་མི་འགོད་པའི་ཚུལ་རྒྱས་པར་བཤད། དེའི་རྒྱུ་མཚན་གྱིས་རང་རྒྱུད་ཀྱི་རྟགས་ཀྱི་ཚེར་མ་འབྱིན་མི་དགོས་པར་བསྟན། སློབ་དཔོན་དེས་ཕྱི་རྒོལ་དུ་ཁས་བླངས་པའི་ཚེ་སྔ་རྒོལ་རང་ལ་གྲགས་པའི་ཚུལ་གསུམ་འཕེན་པའི་ཐལ་འགྱུར་བརྗོད་མི་དགོས་པའི་རྒྱུ་མཚན། སློབ་དཔོན་དེས་སྔར་རྒོལ་དུ་ཁས་བླངས་པའི་ཚེ་གཞན་ལ་གྲགས་ཀྱི་གཏན་ཚིགས་དང་དཔེ་རྒྱས་པར་བརྗོད་པའི་ཚུལ། དེའི་ཚེ་རྟགས་དང་དཔེའི་ཚེར་མ་མ་ཕྱུང་བའི་སྐྱོན་ཡང་མེད་པར་བསྟན་པ། སྤྱིར་ཐལ་འགྱུར་འཕེན་པའི་ཚེ་འགལ་བ་བརྗོད་པའི་ཐལ་འགྱུར་ཁོ་ནས་ཆོག་པར་བསྟན་པ་རྣམས་སོ། །དང་པོ་ནི། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པ་རང་རྒྱུད་ཀྱི་དེ་མ་བརྗོད་པའི་ཕྱིར་ཟེར་བ་ཡིན་ནམ། གཞན་གྲགས་ཀྱི་དེ་མ་བརྗོད་པའི་ཕྱིར་ཞེས་ཟེར་བ་ཡིན། དང་པོ་ལྟར་ན་ནི། ཕྱི་རྒོལ་དུ་ཁས་བླངས་ནས་གཞན་གྱི་དམ་བཅའ་འགོག་པའི་ཚེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱི་སྒོ་ནས་དེ་མ་བརྗོད་པའི་ཕྱིར་ཟེར་བ་ཡིན་ནམ། སྔ་རྒོལ་དུ་ཁས་བླངས་ནས་རང་ལུགས་ཀྱི་དམ་བཅའ་སྒྲུབ་པའི་ཚུལ་གྱིས་དེ་མ་བརྗོད་པའི་ཕྱིར་ཟེར་བ་ཡིན། དང་པོ་ལྟར་ན། ཕྱི་རྒོལ་དབུ་མ་པས་སྔར་རྒོལ་གྲངས་ཅན་གྱི་དམ་བཅའ་སུན་འབྱིན་པ་དེའི་ཚེ། སྔ་རྒོལ་གྱི་བདག་སྐྱེ་ཁས་ལེན་པའི་ལོག་རྟོག་བཟློག་པ་ཉིད་ཆེད་དུ་གཉེར་བྱ་ཡིན་གྱི། དེའི་རྒྱུད་ལ་བདག་སྐྱེ་མེད་པར་རྟོགས་པའི་རྗེས་དཔག་སྐྱེས་པ་ཆེད་དུ་གཉེར་བྱ་མ་ཡིན། ལོག་རྟོག་བཟློག་པ་ལ་ནི། འགལ་བ་བརྗོད་པའི་ཐལ་འགྱུར་ཙམ་གྱིས་ཆོག་པ་ཡིན་གྱི། དེས་འཕངས་པའི་བཟློག་དོན་ལ་ནུས་པ་ལྷག་པོ་མེད་པའི་ཕྱིར་ཞེས་འཆད་པ་ནི། ཇི་སྐད་དུ། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ༌། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་སྨྲས་པ་གང་སྨྲས་པ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ལས་ཤེས་ཟེར་བ་ན་ཡོད་པ་རྒྱུ་ཉིད་དུ་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པར་མ་མཐོང་ཞིང༌། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང་ཐུག་པ་མེད་པར་ཡང་མི་འདོད་དོ། །དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང༌། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པ་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩོད་པ་ན་ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། འོན་ཏེ་ཕ་རོལ་པོ་རང་གིས་ཁས་བླངས་པ་དང་འགལ་བས་བརྩོད་པས་ཀྱང་མི་བཟློག་ན་ནི་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་བཟློག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་ཏུ་རྩོད་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་ངག་དོན། སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། ཁྱོད་ཀྱིས་ཕྱི་རྒོལ་དུ་ཁས་བླངས་ནས་བདག་སྐྱེ་འགོག་པ་དེའི་ཚེ། བཟློག་དོན་འཕེན་པའི་ཐལ་འགྱུར་འཕེན་རིགས་པ་ལ། དེ་མ་འཕངས་པའི་རྒྱུ་མཚན་གྱིས་ཚར་བཅད་ཀྱི་གནས་སུ་སོང་བ་མ་ཡིན་ཏེ། དེའི་ཚེ་ཁྱོད་བདག་སྐྱེ་འགོག་པའི་རྒོལ་བ་ཡིན་གྱི། བདག་ལས་སྐྱེ་མེད་སྒྲུབ་པའི་རྒོལ་བ་མ་ཡིན་པའི་ཕྱིར་ཞེས་པའོ། །འདི་ལ་འཕྲོས་པའི་དོན་ནི་འོག་ནས་འབྱུང་ལ། དེ་ཡང་བདག་ལས་སྐྱེ་བ་བཀག་ཙམ་རྟོགས་པའི་ངེས་ཤེས་མ་སྐྱེས་པར། དེ་ལས་སྐྱེས་བར་འཛིན་པའི་ལོག་རྟོག་བཟློག་པ་ནི་མ་ཡིན་གྱི། བདག་ལས་སྐྱེ་བ་ཚད་མས་མ་དམིགས་པའི་རྟགས་ཀྱིས་དེ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་འགོག་པ་ཡིན་ནོ། །གཉིས་པ་ལྟར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སྔ་རྒོལ་དུ་ཁས་བླངས་པ་དེའི་ཚེ། དངོས་པོ་རྣམས་བདག་ལས་སྐྱེ་མེད་དུ་སྒྲུབ་པ་ལ། རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་རྒྱུ་མཚན་གྱིས་སློབ་དཔོན་ཚར་བཅད་ཀྱི་གནས་སུ་འགྱུར་བ་མ་ཡིན་ཏེ། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ་ཡོད་མེད་ལ་སོགས་པའི་སྤྲོས་པའི་མཐའ་གང་ཡང་ཁས་ལེན་པར་མི་རིགས་པའི་ཕྱིར། ཞེས་འཆད་པ་ཡིན་ཏེ། ཇི་སྐད་དུ། དེའི་ཕྱིར། སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་ཚང་བར་བྱེད་པ་ན་བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཉིད་ཡིན་ནོ། །དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་ནི་གང་ལའང་ཡོད་ཡིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པ་ནུས་མ་ཡིན། །ཞེས་བཤད་དོ། །བརྩོད་པ་བཟློག་པ་ལས་ཀྱང༌། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་སོ། །གཉིས་པ་དེའི་རྒྱུ་མཚན་གྱིས་ཚེར་མ་འབྱིན་མི་དགོས་པར་བསྟན་པ་ནི། དངོས་པོ་རྣམས་བདག་ལ་སྐྱེ་མེད་དུ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ལ་འགལ་བ་དང་མ་གྲུབ་པའི་སྐྱོན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སེལ་དགོས་པ་ལས་མ་བསལ་པའི་རྒྱུ་མཚན་གྱིས་སློབ་དཔོན་ཚར་བཅད་ཀྱི་གནས་སུ་འོས་པ་མ་ཡིན་ཏེ། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་འགོད་པ་དབུ་མ་པའི་ལུགས་མ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། གང་གི་ཚེ་དེ་ལྟར་དབུ་མ་པས་རང་གི་རྒྱུད་ཀྱིས་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཡིན་པ་དེའི་ཚེ། གང་ལ་གྲངས་ཅན་པ་དག་གིས་དམ་བཅའ་བའི་དོན་ནི་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་ཡིན་དྲང༌། དེ་ལས་ཅིར་འགྱུར་གལ་ཏེ་འབྲས་བུའི་བདག་ཉིད་ལས་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། རྒྱུའི་བདག་ཉིད་ལས་ཡིན་ན་ནི་འགལ་བའི་དོན་ཉིད་ཡིན་པར་འགྱུར་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ནར་སྐྱེ་བའི་ཕྱིར། ཞེས་བྱ་བ་གང་ལ་གྲངས་ཅན་དག་གིས་ཕྱིར་བཟློག་པར་བྱེད་པར་འགྱུར་བ་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་རྒྱུད་ཀྱི་དམ་བཅའ་བ་ག་ལ་ཡོད། ཁོ་བོ་ཅག་ལ་ནི་གང་ཞིག་གྲུབ་པ་ལ་སྒྲུབ་པ་ཉིད་དམ། འགལ་བའི་དོན་ཉིད་དུ་འགྱུར་ཞིང༌། གྲུབ་པ་ལ་སྒྲུབ་པ་ཉིད་གང་ཡིན་པ་དང༌། འགལ་བའི་དོན་ཉིད་གང་ཡིན་པ་སྤང་བར་བྱ་བའི་ཕྱིར་འབད་པ་བྱེད་པར་འགྱུར་བ་ཡོད་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་ཀྱང་ག་ལ་ཡོད། དེའི་ཕྱིར་གཞན་གྱིས་སྨྲས་པའི་ཉེས་པར་ཐལ་བར་འགྱུར་བ་ཉིད་ཀྱི་ཕྱིར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དེའི་ལན་བརྗོད་པར་བྱ་བ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་བརྟག་པ་གཉིས་པ་ལྟར་ན་གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་བརྗོད་པར་རིགས་པ་ལ་མ་བརྗོད་པའི་ཕྱིར། ཞེས་རྒོལ་བ་ཚར་བཅད་ཀྱི་གནས་སོ་ཞེས་ཟེར་བ་ཡིན་ན། འོ་ན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཕྱི་རྒོལ་དུ་ཁས་བླངས་ནས་སྔ་རྒོལ་གྲངས་ཅན་གྱི་ལོག་རྟོག་བཟློག་པ་གཙོ་བོར་བྱེད་པ་དེའི་ཚེ། དེ་མ་བརྗོད་པས་དེར་འགྱུར་ཟེར་བ་ཡིན་ནམ། སློབ་དཔོན་དེ་སྔ་རྒོལ་དུ་ཁས་བླངས་ནས། ཕྱི་རྒོལ་གྲངས་ཅན་གྱི་རྒྱུད་ལ་ཚད་མ་སྐྱེད་པ་གཙོ་བོར་བྱེད་པ་དེའི་ཚེ། དེ་མ་བརྗོད་པས་དེར་འགྱུར་བ་ཡིན་ཞེས་ཟེར་བ་ཡིན། དང་པོ་ལྟར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། ཁྱོད་ཀྱིས་སྔ་རྒོལ་གྲངས་ཅན་སུན་འབྱིན་པའི་ཚེ། གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་གིས་སྔ་རྒོལ་གྱི་རྒྱུད་ལ་ཚད་མ་ངེས་པར་སྐྱེ་དགོས་པ་ལས། དེ་མ་སྐྱེས་པའི་རྒྱུ་མཚན་གྱིས་ཚར་བཅད་ཀྱི་གནས་སུ་སོང་བ་མ་ཡིན་ཏེ། སྔ་རྒོལ་དུ་ཁས་བླངས་ནས་རང་གི་དམ་བཅའ་སྒྲུབ་པའི་གཏན་ཚིགས་མ་བཀོད་ན། ཚར་བཅད་ཀྱི་གནས་ཡིན་ཀྱང༌། ཁྱོད་ཀྱིས་ནི་ཕྱི་རྒོལ་དུ་ཁས་བླངས་ནས། སྔ་རྒོལ་གྱི་དམ་བཅའ་སྒྲུབ་པའི་ནུས་པ་བཅོམ་པས་ཕྱི་རྒོལ་སྐྱོན་མེད་ཁོ་ན་ཡིན་པའི་ཕྱིར། ཞེས་སྟོན་པ་ནི་ཇི་སྐད་དུ། གཞན་གྱི་དམ་བཅའ་བ་ལ་རང་གི་རྗེས་སུ་དཔག་པས་འགལ་བ་བརྗོད་པ་ནི་བྱ་དགོས་པས། རང་ཉིད་ལ་ཕྱོགས་དང་གཏན་ཚིགས་དང་དཔེའི་སྐྱོན་དང་བྲལ་བ་དག་ཡོད་པར་བྱ་དགོས་སོ། །དེའི་ཕྱིར་དེ་མ་བརྗོད་པའི་ཕྱིར་དང༌། དེའི་ཉེས་པ་མ་བསལ་བའི་ཕྱིར། ཉེས་པ་དེ་ཉིད་དུ་འགྱུར་རོ་སྙམ་ན་བཤད་པར་བྱ་སྟེ། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དོན་གང་ཞིག་གང་གིས་དམ་བཅས་པ་དེ་ནི། རང་ཉིད་ཀྱིས་ངེས་པ་བཞིན་དུ་གཞན་དག་ལ་ངེས་པ་སྐྱེད་པར་འདོད་ནས། དོན་འདི་འཐད་པ་གང་གི་སྒོ་ནས་ཁོང་དུ་ཆུད་པའི་འཐད་པ་དེ་ཉིད་གཞན་ལ་བསྙད་པར་བྱ་དགོས་སོ། །དེའི་ཕྱིར་རང་གི་ཁས་བླངས་པའི་དམ་བཅས་པའི་དོན་གྱིས་སྒྲུབ་པར་བྱེད་པ་དེ་ནི་ཕ་རོལ་པོ་ཁོ་ནས་ཉེ་བར་དགོད་པར་བྱ་བ་གང་ཡིན་པ་འདི་ནི་རེ་ཤིག་ལུགས་ཡིན་ན། འདི་ནི་གཞན་ལ་གཏན་ཚིགས་ཀྱང་མ་ཡིན་ནོ། །དཔེ་མེད་པའི་ཕྱིར་རང་གི་དམ་བཅའ་བའི་དོན་སྒྲུབ་པར་བྱེད་པ་ནི་རང་ཁས་འཆེས་པའི་རྗེས་སུ་འབྲངས་པ་འབའ་ཞིག་ཉེ་བར་བཀོད་པ་ཡིན་ནོ། །དེའི་ཕྱིར་འཐད་པ་དང་བྲལ་བའི་ཕྱོགས་ཁས་ལེན་པ་འདི་ནི། བདག་ཉིད་ཁོ་ན་ལ་སླུ་བར་བྱེད་པས་གཞན་ལ་ངེས་པ་སྐྱེད་པར་མི་ནུས་སོ་ཞེས་བྱ་བར་གང་རང་གིས་དམ་བཅའ་བའི་དོན་གྱི་སྒྲུབ་པར་བྱེད་པ་ལ་ནུས་པ་མེད་པ་འདི་ཉིད་འདི་ཡི་སུན་འབྱིན་པ་ཆེས་གསལ་པོ་ཡིན་ཏེ། འདིར་རྗེས་སུ་དཔག་པས་གནོད་པ་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད་ཅེས་གསུངས་སོ། །འདིར་གྲངས་ཅན་གྱི་བདག་སྐྱེ་སྒྲུབ་པ་ལ་སྒྲུབ་བྱེད་ཅི་འདྲ་ཞིག་བཀོད་མི་གསལ་ཡང༌། མཁས་པའི་དབང་པོ་ཀ་མ་ལཱ་ཤཱི་ལས་དེའི་འདོད་པ་འདི་ལྟར་བླངས་ནས་བཤད་དེ། སྦྱོར་བ་ནི་གང་མེད་པ་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་ཏེ། ནམ་མཁའི་པདྨོ་བཞིན་ནོ། །གཞན་གྱི་ལུགས་ཀྱིས་ཀྱང༌། འབྲས་བུ་ནི་སྐྱེས་པ་ལས་སྔར་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཁྱབ་པར་བྱ་བ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །དེ་ལྟ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཏིལ་ལ་སོགས་པས་ཏིལ་མར་ལ་སོགས་པའི་འབྲས་བུ་གང་ཞིག་བྱེད་དེ། དེའི་ཕྱིར་སྔར་ཡང་ཡོད་དོ་ཞེས་བྱ་བར་གྲུབ་བོ། ཞེས་བྱ་བ་ལ་སོགས་པའི་གྲངས་ཅན་འདོད་པའི་གཏན་ཚིགས་རྣམ་པ་ལྔ་གསུངས་སོ། །འདིར་ཡང་དེ་དག་ལ་དགོངས་ནས་གཏན་ཚིགས་མ་ཡིན་པ་དང་དཔེ་མེད་པར་གསུངས་སོ། །གཉིས་པ་ལྟར་ཡིན་ནོ་ཞེ་ན། སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། སྔ་རྒོལ་དུ་ཁས་བླངས་ནས་ཕྱི་རྒོལ་གྲངས་ཅན་གྱི་རྒྱུད་ལ་བདག་ལས་སྐྱེ་བ་བཀག་ཙམ་རྟོགས་པའི་ཚད་མ་སྐྱེས་པ་གཙོ་བོར་བྱེད་པ་དེའི་ཚེ། གཞན་ལ་གྲགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་རྒྱུ་མཚན་གྱིས་སྔ་རྒོལ་ཚར་བཅད་ཀྱི་གནས་སུ་སོང་བ་མ་ཡིན་ཏེ། ཁྱོད་ཀྱིས་དེའི་ཚེ་གཞན་ལ་གྲགས་ཀྱི་གཏན་ཚིགས་དང་དཔེ་སྐྱོན་མེད་ངེས་པར་བརྗོད་པའི་ཕྱིར། ཇི་ལྟར་བརྗོད་ན། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན་ནོ། །མངོན་གསལ་གྱི་བུམ་པ་རང་གི་བདག་ཉིད་དུ་ཡོད་པས་ཡང་སྐྱེ་བ་ལ་དགོས་པ་མེད་པ་དེ་བཞིན་དུ། འཇིམ་གོང་གི་གནས་སྐབས་ཀྱི་བུམ་པ་ཡང་རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་བྱ་བའི་ངག་ཡན་ལག་ལྔ་དང་ལྡན་པ་ཞིག སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་ལ་ངེས་པར་བརྗོད་པའི་ངག་གསལ་པོ་སངས་རྒྱས་བསྐྱངས་ཀྱི་འགྲེལ་ཚིག་འདི་ཉིད་ལ་སྣང་བའི་ཕྱིར། ཞེས་འཆད་པ་ནི། ཅི་སྟེ་ཡང་རང་གི་རྗེས་སུ་དཔག་པས་འགལ་བ་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་སློང་དཔོན་སངས་རྒྱས་བསྐྱངས་ཀྱིས་བརྗོད་པ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཞེས་བཤད་པའི་ཕྱིར་རོ། །ཞེས་པ་ནས། དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། །སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བྱ་བ་འདིས་ནི་སྒྲུབ་བྱའི་ཆོས་འཛིན་པ་ཡིན་ནོ། །རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ་ཞེས་བྱ་བ་འདི་ནི། ཆོས་མཐུན་པའི་དཔེ་གཞན་ལ་རབ་ཏུ་གྲགས་པ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དང་ལྡན་པ་ཉེ་བར་བཟུང་བ་ཡིན་ནོ། །དེ་ལ་ཇི་ལྟར། སྒྲ་མི་རྟག་སྟེ་བྱས་པ་མི་རྟག་པའི་ཕྱིར། བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ཏེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ། །ཞེས་འདིར་ཉེ་བར་སྦྱར་བས་གསལ་བར་བྱས་པའི་བྱས་པ་གཏན་ཚིགས་ཡིན་པ་དེ་བཞིན་དུ། འདིར་ཡང་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་པ་ནས། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་ཅི་སྟེ་རྗོད་པར་བྱེད་ཅེས་བྱ་བའི་བར་གསུངས་སོ། །དེ་ཡང་འགྲེལ་པ་འདིར་བསྒྲུབ་པར་བྱ་བའི་ཆོས་ཞེས་པ་ནི། གཏན་ཚིགས་ལ་འཆད་པ་ཡིན་ཏེ། གཞན་དུ་བཤད་ན་འབྲེལ་པ་མེད་པའི་ཕྱིར། དེ་ལྟ་ན་ཡང༌། གཏན་ཚིགས་འཛིན་པ་ཡིན་ནོ་ཞེས་པ་དང་མི་ཟློས་ཏེ། དཔེའི་གནས་སྐབས་སུ་བྱས་པ་ཉིད་ཀྱི་ཕྱིར་ཞེས་པའི་གཏན་ཚིགས་དང༌། བྱས་པ་མི་རྟག་པའི་ཕྱིར་ཞེས་པའི་གཏན་ཚིགས་གཉིས་འཆད་པ་བཞིན་དུ་དོན་གྱི་སྐབས་སུའང༌། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེས་པ་དང༌། རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་པའི་གཏན་ཚིགས་གཉིས་སྣང་བས་སོ། །དེ་བས་ན་བསྒྲུབ་བྱའི་ཆོས་དངོས་ནི། བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བ་དེ་ཉིད་དོ། །གཏན་ཚིགས་གཉིས་འབྱུང་བའི་རྒྱུ་མཚན་ཡང༌། ཡན་ལག་ལྔའི་ནང་ནས། གཉིས་པ་གཏན་ཚིགས་ཀྱི་ཡན་ལག་དང་ལྔ་པ་འཇུག་སྡུད་ཀྱི་ཡན་ལག་གཉིས་ཀ་ལ་གཏན་ཚིགས་འགོད་ལུགས་མི་འདྲ་བ་རེ་རེ་སྣང་བས་སོ། །དེ་ལྟར་བཤད་པ་ན། ལེགས་ལྡན་དང་ཟླ་བའི་ཞབས་གཉིས་ཀས་གཏན་ཚིགས་ཀྱི་ཚིག ཡན་ལག་ལྔ་ལྡན་དུ་བཞེད་པར་འདྲ་ལ། ལེགས་ལྡན་གྱིས་ནི། དོན་དམ་ལ་དཔྱོད་པའི་སྐབས་སུ་ཡང༌། སྒྲུབ་པའི་ངག་ཡན་ལག་ལྔ་ལྡན་དུ་བཞེད་ལ། ཟླ་བའི་ཞབས་ཀྱིས་ནི་དོན་དམ་ལ་དཔྱོད་པའི་སྐབས་སུ་གཞན་གྲགས་སུ་བཞེད་ཀྱི་བསྒྲུབ་བྱ་སྒྲུབ་པའི་ངག་ཏུ་མི་བཞེད་ལ། སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ཐ་སྙད་ཀྱི་བདེན་པ་ཞལ་གྱིས་བཞེས་པའི་ཚེ་སྒྲུབ་པའི་ངག་ཏུ་བཞེད་པར་སྣང་ངོ༌། །ལེགས་ལྡན་གྱིས་ཡང་ཉེར་སྦྱོར་དང་འཇུག་སྡུད་ཀྱི་ཡན་ལག་གཉིས་སྒྲུབ་ངག་འགོད་པའི་ཚེ་ཉེ་བར་སྦྱར་དགོས་ཀྱང༌། གཉིས་པོ་དེ་དམ་བཅའི་ཡན་ལག་དང༌། གཏན་ཚིགས་ཀྱི་ཡན་ལག་གཉིས་ལས་གཞན་མ་ཡིན་པའི་ཚུལ་ཤེས་རབ་སྒྲོན་མ་ལས་གསལ་བར་གསུངས་སོ། །སྐབས་འདིར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པའི་དགོངས་པ་ཟླ་བའི་ཞབས་ཀྱིས་གཞན་ལ་གྲགས་ཀྱི་གཏན་ཚིགས་སྦྱོར་ཚུལ་རྣམ་པར་བཤད་པ་ན། མདོར་བསྟན་དང༌། རྒྱས་བཤད་གཉིས་ཀྱི་སྒོ་ནས་འཆད་ལ། དེ་ཡང་མདོར་བསྟན་དུ་དམ་བཅའ་དང་གཏན་ཚིགས་ཀྱི་ཡན་ལག་བསྟན། རྒྱས་བཤད་དུ་དཔེ་དང་ཉེར་སྦྱོར་གྱི་ཡན་ལག་བསྟན་པར་གསུངས་པ་ཡིན་གྱི། ཕྱི་རབས་པ་གཞན་དག་འདོད་པ་ལྟར། མདོར་བསྟན་དུ་སྐྱེ་བ་དོན་མེད་དུ་ཐལ་བ་འཕངས། རྒྱས་བཤད་དུ་སླར་ཡང་ཞེས་པའི་ཁྱད་པར་སྦྱར་ནས་སྐྱེ་བ་དོན་མེད་དུ་ཐལ་བ་འཕངས་པ་ཡིན་ནོ་ཞས་ཟེར་བ་ནི། རང་གི་འདོད་པ་སྒྲིག་པའི་ཕྱིར་དུ་འཕོངས་པའི་གཏམ་སྨྲས་པ་ཡིན་གྱི། ཟླ་བའི་དགོངས་པ་མ་ཡིན་ཏེ། ཟླ་བས་ནི་སླར་ཡང་ཞེས་པའི་སྒྲ་མཐུན་དཔེ་ལ་སྦྱར་བ་ཡིན་གྱི་ཐལ་ཆོས་དང་བཟློག་དོན་གྱི་གཏན་ཚིགས་ལ་སྦྱར་བ་མི་སྣང་བའི་ཕྱིར་རོ། །དེ་ནས་གཞན་གྲགས་ཀྱི་གཏན་ཚིགས་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་ཡང་མེད་པར་སྟོན་པ་ནི། ཇི་སྐད་དུ། གཏན་ཚིགས་དང་དཔེ་མ་བརྗོད་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མ་ཡིན་ནོ། །ཞེས་པ་ནས། དེའི་ཕྱིར་སུན་འབྱིན་པ་འདི་དག་ནི་འབྲེལ་པ་མེད་པ་ཉིད་དོ། །ཞེས་བྱ་བའི་བར་གསུངས་སོ། །དེའི་དོན་ནི། བཤད་མ་ཐག་པའི་གཞན་གྲགས་ཀྱི་གཏན་ཚིགས་དེ་ལ། གྲུབ་ཟིན་བསྒྲུབས་པའི་སྒོ་ནས་མ་གྲུབ་པའི་སྐྱོན་ཡོད་པ་མ་ཡིན་ཏེ། གྲངས་ཅན་གྱི་ཁས་བླངས་པའི་རྒྱུ་དུས་སུ་འབྲས་བུ་མི་གསལ་བའི་ངོ་བོར་ཡོད་པ་དེ་ཉིད་བཀག་པ་ཡིན་གྱི་གྲུབ་ཟིན་མ་བསྒྲུབས་པའི་ཕྱིར། ཡང་གཏན་ཚིགས་དེ་འགལ་བ་མ་ཡིན་ཏེ། གཞན་ལ་གྲགས་པའི་མཐུན་དཔེ་ལ་རྗེས་སུ་འགྲོ་བའི་ཕྱིར། ཞེས་པའི་དོན་ནོ། །དེ་ལྟར་བཤད་པ་དེ་དག་གིས་ནི། དབུ་མ་པས་སྔ་རྒོལ་དུ་ཁས་བླངས་པའི་ཚེ། རང་རྒྱུད་ཀྱི་གཏན་ཚིགས་བརྗོད་པ་དབུ་མ་པའི་ལུགས་མ་ཡིན་ཞིང༌། གཞན་ལ་གྲགས་ཀྱི་གཏན་ཚིགས་ཀྱིས་རྒོལ་བ་གཞན་ལ་ཚད་མ་སྐྱེད་པ་དབུ་མའི་སྤྱི་ལུགས་ཡིན་པའི་ཚུལ་དང༌། དེས་ཕྱི་རྒོལ་དུ་ཁས་བླངས་པའི་ཚེ་རྒོལ་བ་གཞན་གྱི་ལོག་རྟོགས་བཟློག་པ་དགོས་པའི་གཙོ་བོ་ཡིན་གྱི་བཟློག་དོན་འཕངས་པའི་སྒོ་ནས་ཚད་མ་སྐྱེད་པ་དགོས་པའི་གཙོ་བོ་མ་ཡིན་པར་བཤད་ཟིན་ནས། དེ་ནས་དེ་ལ་རྩོད་པ་སྤང་བར་བྱ་སྟེ། འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ན་རེ། སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་ལ་འཕངས་པའི་ཐལ་འགྱུར་འདིའི་ཐལ་ཆོས་ཚད་མའི་བསལ་བ་ཞུགས་སམ་མ་ཞུགས། མ་ཞུགས་ན་ཐལ་འགྱུར་ཡང་དག་ཏུ་མི་རུང་ལ། ཞུགས་ན་ཐལ་འགྱུར་གྱི་བཟློག་ཕྱོགས་སངས་རྒྱས་བསྐྱངས་ཀྱིས་ཁས་བླངས་པས་གྲུབ་པའི་མཐའ་དང་འགལ་བའི་ཉེས་པ་སོ་ན་གནས་ནས་འདུག་གོ་སྙམ་ན། འདི་འགལ་བ་བརྗོད་པའི་ཐལ་འགྱུར་ཡིན་པས་ཐལ་ཆོས་ལ་སྔ་རྒོལ་གྲངས་ཅན་གྱི་ཁས་བླངས་ཀྱིས་བསལ་བ་ཞུགས་པ་ཡིན་གྱི། དབུ་མ་པ་རང་གི་ཚད་མའི་བསལ་བ་ཞུགས་པ་མ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཐལ་བར་འགྱུར་པ་བཟློག་པའི་དོན་དང་ཡང་ཕ་རོལ་ཉིད་འབྲེལ་པ་ཡིན་གྱི་ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཅེས་གསུངས་སོ། །དེ་ལྟར་ན། ཐལ་ཆོས་དེའི་བཟློག་དོན་ཁས་བླངས་པ་ལ། ཉེས་པ་གང་ཡོད་པ་དེ་གྲངས་ཅན་ལ་ཡོད་པ་ཡིན་གྱི། སློབ་དཔོན་སངས་རྒྱས་བསྐྱངས་ལ་མེད་དོ། །ཞེས་འཆད་པ་ནི། ཐལ་བ་ལས་བཟློག་པ་བསྒྲུབས་པས་ཕ་རོལ་པོ་ལ་ཉེས་པ་མང་པོ་ཇི་ཙམ་དུ་འགྱུར་བ་དེ་ཙམ་ཁོ་བོ་ཅག་མངོན་པར་འདོད་པ་ཡིན་པས་གང་ལས་འདི་ལ་གཞན་གྱིས་གླགས་རྙེད་པར་འགྱུར་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་ལོག་པའི་རྗེས་སུ་འབྲང་བ་སློབ་དཔོན་སངས་རྒྱས་བསྐྱངས་ལ་གླགས་དང་བཅས་པའི་ཚིག་གསུང་བ་ཉིད་ག་ལ་ཡོད། ཅེས་གསུངས་སོ། །ཡང་ཐལ་ཆོས་ལ་ཚད་མའི་བསལ་བ་མེད་ན་ཐལ་འགྱུར་ཡང་དག་ཏུ་མི་རུང་ངོ༌། །ཞེས་བྱ་བ་འདི་ཡང་དངོས་པོར་སྨྲ་བའི་ལུགས་ཡིན་གྱི། དབུ་མ་པའི་ལུགས་མ་ཡིན་ཏེ། ལུགས་འདི་ལ་ནི་འཁོར་གསུམ་རྒོལ་བ་གཞན་གྱིས་ཁས་བླངས་པའི་ཐལ་འགྱུར་ཙམ་གྱིས་ཕ་རོལ་པོའི་དམ་བཅའ་འགོག་ནུས་པ་དེ་ཙམ་ཞིག་དགོས་པའི་གཙོ་བོ་ཡིན་གྱི། གཞན་གྱི་དམ་བཅའི་ལོག་ཕྱོགས་ལ་སྒྲུབ་བྱེད་འགོད་པར་མི་འདོད་པའི་ཕྱིར། ཞེས་འཆད་པ་ནི། ཇི་སྐད་དུ། རང་བཞིན་མེད་པར་སྨྲ་བས་རང་བཞིན་བཅས་པར་སྨྲ་བ་ལ་ཐལ་བ་སྒྲུབ་པ་ན་ཐལ་བས་བཟློག་པའི་དོན་ཅན་དུ་ཐལ་བར་ག་ལ་འགྱུར་ཏེ། སྒྲ་རྣམས་ནི་དབྱུག་པ་དང་ཞགས་པ་ཅན་བཞིན་དུ་སྨྲ་བ་པོའི་རང་དབང་མ་ཡིན་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནུས་པ་ཡོད་ན་སྨྲ་བ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །དེའི་ཕྱིར་ཐལ་བ་སྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར། ཐལ་བ་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སློབ་དཔོན་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། གཟུགས་ཀྱི་རྒྱུ་ནི་མ་རྟོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ནའང་མེད། །ཅེས་བྱ་བ་དང༌། དེ་བཞིན་དུ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་ཕལ་ཆེར་ཐལ་བ་སྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ། །ཅི་སྟེ་སློབ་དཔོན་གྱི་ངག་རྣམས་ནི་དོན་གྱི་ངག་ཡིན་པའི་ཕྱིར་དོན་ཆེན་པོ་ཉིད་ཡིན་པས་སྦྱོར་བ་དུ་མའི་རྒྱུ་ཉིད་དུ་རྟོག་ན་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དག་ཀྱང༌། ཅིའི་ཕྱིར་དེ་ལྟར་ཡོངས་སུ་མི་རྟོག་ཅེས་གསུངས་སོ། །དེ་ནས་ཞར་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འདོད་པ་ཅུང་ཟད་བཤད་པར་བྱ་སྟེ། མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་ཀྱི་ཐོག་མར་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་མཛད་པ་ཡིན་པས་སློབ་དཔོན་འདིས་སྔ་རྒོལ་དུ་ཞལ་གྱིས་བཞེས་པ་ཡིན་ལ། དེའི་ཚེ་མཐའ་བཞིའི་སྐྱེ་བ་འགོག་པ་ལ་རང་རྒྱུད་ཀྱི་གཏན་ཚིགས་སྦྱོར་དགོས་ཤིང་དེའི་དུས་སུ་རྟགས་ཀྱི་ཚེར་མ་ཡང་དབྱུང་དགོས་པ་ཡིན་ཏེ། སྔ་རྒོལ་དུ་ཁས་བླངས་ནས་རང་གི་དམ་བཅའ་ལ་སྒྲུབ་བྱེད་འགོད་པ་སྐབས་སུ་བབ་པའི་ཚེ། དཔེ་དང་གཏན་ཚིགས་མི་བརྗོད་པའམ་དེའི་ཚེར་མ་མི་འབྱིན་ན་སྔ་རྒོལ་ཚར་བཅད་ཀྱི་གནས་སུ་འགྱུར་བའི་ཕྱིར། ཞེས་བཞེད་པ་ཡིན་ནོ། །འོ་ན་གཏན་ཚིགས་ཇི་ལྟར་འགོད། ཚེར་མ་ཇི་ལྟར་དབྱུང་ཞེ་ན། ཇི་སྐད་དུ། འགྲེལ་པ་ཤེས་རབ་སྒྲོན་མ་ལས། འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན། གལ་ཏེ་གཏན་ཚིགས་ཡོད་པ་ཉིད་ནི་མི་མཐུན་པའི་ཕྱོགས་ལས་བཟློག་པ་མ་བསྟན་པས་གཏན་ཚིགས་ཉིད་མ་ཡིན་ནོ་ཞེ་ན། མེད་པ་ཁོ་ནའི་ཕྱིར་དེ་ལ་བཟློག་པ་མེད་པ་མེད་པས་འདི་དང་ཐམས་ཅད་ལ་ཉེས་པ་མེད་དོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། དམ་བཅས་པ་འདིའི་དོན་གང་ཡིན་ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་ཡིན། དེ་ལས་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ཡིན་ན་ནི་གྲུབ་པ་ལ་སྒྲུབ་བོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ཡིན་ན་ནི་དོན་འགལ་བ་ཉིད་དེ། སྐྱེ་བ་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། བདག་ལས་སྐྱེ་བ་ཙམ་དགག་པའི་ཕྱིར་རོ། །རྒྱུའི་བདག་ཉིད་ལས་ཡིན་ན་ཡང༌། བདག་དང་གཞན་དུ་གྱུར་པ་ལས་ཀྱང་སྐྱེ་བ་སེལ་བའི་ཕྱིར་རོ། །ཤེས་པ་ཡོད་པ་ཉིད་ནི་ནུས་པའི་མཚན་ཉིད་ལྡན་པ་ཡོངས་སུ་བཟུང་བའི་ཕྱིར། ཡང་ཉེས་པ་མེད་དོ། །ཞེས་གསུངས་སོ། །དེར་ཆོས་ཅན་ནི་ནང་གི་སྐྱེ་མཆེད་རྣམས་སོ། །བསྒྲུབ་པར་བྱ་བའི་ཆོས་ནི་དོན་དམ་པར་བདག་ལས་སྐྱེ་བ་མེད་པའོ། །འདིར་ཡང༌། དོན་དམ་པར་བདག་སྐྱེ་བཀག་ཙམ་བསྒྲུབ་བྱའི་ཆོས་སུ་བཞེད་པ་ཡིན་གྱི། དེ་མེད་པའི་ཡུལ་ཅན་གྱི་ཐ་སྙད་དམ་ཤེས་བརྗོད་ཉིད་བསྒྲུབ་བྱའི་ཆོས་སུ་བཞེད་པ་ནི་མ་ཡིན་ཏེ། དེ་བཀག་པའི་ཤུལ་དུ་དེ་མེད་པའི་ཐ་སྙད་བསྒྲུབས་ན་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་བྱས་པར་སོང་བ་དང༌། དེ་དེར་བྱས་ན་ཤེར་ཕྱིན་གྱི་མདོ་དང་འགལ་བར་སློབ་དཔོན་འདིས་བཞེད་པའི་ཕྱིར། ཇི་སྐད་དུ། ཤེས་རབ་སྒྲོན་མ་ལས། བདག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་ལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌། མ་ཡིན་པར་དགག་པ་ཡོངས་སུ་བཟུང་ན་ནི། དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར། ཆོས་རྣམས་མ་སྐྱེས་སོ་ཞེས་བསྒྲུབས་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །འགྲེལ་པ་འདིའི་དོན་ལ། གཞན་དག་བདག་སྐྱེ་མེད་པའི་སྐྱེ་བ་ཡོད་པ་བསྒྲུབ་བྱའི་ཆོས་སུ་མི་བྱེད་པའི་དོན་ནོ། །ཞེས་ཟེར་བ་ནི་གང་ཡང་མ་ཡིན་པས་ཅིར་ཡང་མི་རུང་སྟེ། འགྲེལ་པ་དེར་ལུང་དྲངས་མ་ཐག་པ་དེ་དང་མ་འབྲེལ་བའི་ཕྱིར་དང༌། དེ་འདྲ་དེར་བྱེད་དམ་སྙམ་པའི་དོགས་པ་སྐྱེ་བའི་གཞི་མེད་པའི་ཕྱིར་དང༌། སྤྱིར་ཡང་མ་ཡིན་དགག་ཏུ་འཇོག་པ་ལ་སྒྲུབ་པའི་ཚིག་དངོས་སུ་འབྱར་མི་དགོས་པའི་ཕྱིར། འོ་ན་ཅི་ཞེ་ན། མ་ཡིན་དགག་གི་འཇོག་ཚུལ་ལ་གཉིས་ཏེ། བློས་ཞེན་ཚུལ་དང༌། སྒྲས་བརྗོད་ཚུལ་ལོ། །དང་པོ་ནི། བདག་ལས་སྐྱེ་བ་བཀག་ཤུལ་དུ་དེ་མེད་པའི་ཐ་སྙད་བསྒྲུབ་པའོ། །གཉིས་པ་ནི། བདག་ཁོ་ན་ལས་སྐྱེ་བ་མེད་ཅེས་པའོ། །དེ་མ་ཡིན་དགག་ཏུ་འགྱུར་བ་ཅི་ཞེ་ན། དེ་ལྟར་བརྗོད་པས་བདག་ཁོ་ན་ལས་སྐྱེ་བ་བཀག་པའི་ཤུལ་དུ་གཞན་ལས་སྐྱེ་བ་འཕངས་པའི་ཕྱིར་ཞེས་བྱ་བར་དགོངས་པ་ཡིན་ཏེ། འགྲེལ་པ་དེ་ལས་དེ་ལྟར་གསལ་བའི་ཕྱིར་རོ། །འདི་ཡང་དགག་བྱ་བཀག་པ་ལ་བསྒྲུབ་བྱ་སྒྲུབ་པར་མིང་བཏགས་པ་ཡིན་གྱི་དངོས་སུ་བསྒྲུབ་བྱ་སྒྲུབ་པ་ནི་མ་ཡིན་ཏེ། དགག་པའི་གཏན་ཚིགས་ཡིན་པའི་ཕྱིར་དང༌། དོན་དམ་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། ཐ་སྙད་བདེན་པ་འཇོག་པའི་སྐབས་སུ་ཡང༌། དགག་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱ་དངོས་སུ་མི་སྒྲུབ་པ་ནི། ཚད་མ་སྡེ་བདུན་ལས་ཀྱང་འབྱུང་བ་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཀྱིས་སྐྱེ་མེད་དུ་ཞེན་པའི་བློ་འབད་ནས་བསྒྲུབས་པ་མ་ཡིན་ཡང༌། དབུ་མ་པས་སྐྱེ་བ་བཀག་པའི་ཚེ། རྒོལ་བ་གཞན་གྱི་རྒྱུད་ལ་སྐྱེ་མེད་དུ་ཞེན་པའི་བློ་སྐྱེ་བ་མི་འགལ་ལ། དེ་འདྲའི་ཞེན་བློ་དེ་ཡང་ཕྱིས་རིགས་པ་གཞན་གྱིས་འགོག་པ་ནི། རང་རྒྱུད་པའི་སློབ་དཔོན་རྣམས་ཀྱི་དགོངས་པ་ཡིན་ཏེ། ཇི་སྐད་དུ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་བསྒྲུབ་བྱའི་ཆོས་ངོས་བཟུང་ནས་གཏན་ཚིགས་ནི་ཡོད་པ་ཉིད་དོ། །དེ་ཡང་དངོས་པོ་ལ་བྱ་བ་ཡིན་ཏེ། དངོས་པོ་གང་དག་གང་ན་ཡང༌། །ཞེས་བྱ་བའི་སྐབས་དང་འབྲེལ་བའི་ཕྱིར། དཔེ་ནི་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་དེའོ། །འདི་གྲངས་ཅན་གྱིས་བདག་ལས་སྐྱེ་མེད་དུ་ངེས་པའི་ཚུལ་ཡང་དེའི་གཞུང་ལས་ཤེས་རིག་སྐྱེས་བུ་གསུམ་མིང་གི་རྣམ་གྲངས་སུ་བཤད་ལ། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་ཤེས་རིག་གི་སྐྱེ་བུ་དེ་ཡང་སྤྱི་གཙོ་བོ་ལས་མི་སྐྱེ་བར་འདོད་པའི་ཕྱིར་རོ། །དེ་ལྟར་རྩ་བའི་གཏན་ཚིགས་བཀོད་ནས་སྒྲུབ་པའི་ངག་མ་བཀོད་པའི་བར་དེར་གཏན་ཚིགས་དེ་ལ་འགལ་བ་དང༌། མ་ངེས་པ་དང་མ་གྲུབ་པའི་སྐྱོན་སེལ་ཚུལ་ཇི་སྐད་དུ་དྲངས་མ་ཐག་པ་དེ་ལ་ནི་རྟགས་ཀྱི་ཚེར་མ་བྱུང་བ་ཞེས་བྱའོ། །དེས་ན་ཕྱོགས་ཀྱི་སྐྱོན་སེལ་བ་ཡང་འདི་ལྟར་གསུངས་ཏེ། ཇི་སྐད་དུ། གཞན་དག་ན་རེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ཏེ། ཕྱོགས་སྔ་མ་རང་དགར་སྦྱར་བ་སེལ་བའི་ཕྱིར། རི་བོང་གི་རྭ་ལས་འཇིག་རྟེན་གསུམ་སྐྱེ་བ་སེལ་བ་བཞིན་ཞེས་ཟེར་རོ། །ནུས་པ་དང་གསལ་བ་ནི་བདག་ཉིད་ཐ་མི་དད་པའི་ཕྱིར། བདག་གི་བདག་ཉིད་བཞིན་ཏེ། དེ་ལས་སྐྱེ་བ་ནི་བདག་ལས་སྐྱེ་བ་ཞེས་བྱ་བ་ཡིན་པས་ཕྱོགས་སྔ་མ་གྲུབ་བོ་ཞེས་གསུངས་སོ། །དེ་བཞིན་དུ་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་རྒྱུ་སྤུན་ལ་སོགས་པ་བཞིན། དེ་ཆོས་ཅན། གཉིས་ཀ་ལས་མི་སྐྱེ་སྟེ། གོང་དུ་བཀག་ཟིན་པའི་ཕྱིར། དེ་ཆོས་ཅན། དོན་དམ་པར་རྒྱུ་མེད་དུ་མི་སྐྱེ་སྟེ། སྤྱི་དང་ཁྱད་པར་ཉིད་དང་ལྡན་པའི་ཕྱིར། དཔེར་ན་མྱུ་གུ་བཞིན་ནོ། །ཞེས་བྱ་བའི་གཏན་ཚིགས་རྣམས་དང་དེའི་ཚེར་མ་འབྱིན་པའི་ཚུལ་ཅི་རིགས་པར་གསུངས་སོ། །འདིར་རྒྱུ་མེད་ཅེས་པ་ཡང༌། རྒྱུ་གཏན་མེད་པ་དང༌། རྒྱུ་ངན་པ་ལ་འཆད་པ་གཉིས་ལས། དང་པོ་ནི། ངོ་བོ་ཉིད་དང་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་དང་དུས་དང་སྲེད་མེད་ཀྱི་བུ་ལ་སོགས་པ་སྟེ་ཞེས་ཀྱང་སློབ་དཔོན་དེས་བཤད་དོ། །དེ་ལྟར་ཞར་ལ་འོངས་པ་བརྗོད་ནས་གཉིས་པ་སློབ་དཔོན་ལེགས་ལྡན་འབྱེད་ཉིད་ལ་ཟླ་བའི་ཞབས་ཀྱིས་སྐྱོན་ཇི་ལྟར་བརྗོད་པའི་ཚུལ་ལ་གཉིས་ཏེ། ལེགས་ལྡན་འབྱེད་ཀྱི་རང་རྒྱུད་ཀྱི་སྦྱོར་བ་འགོད་ཚུལ་ལ་སྐྱོན་ཆགས་པས་ཚར་བཅད་ཀྱི་གནས་སུ་བསྟན་པ་དང༌། དོན་དམ་ལ་དཔྱོད་པའི་སྐབས་སུ་རང་རྒྱུད་ཉིད་མི་འཐད་པའོ། །དང་པོ་ལ། དོན་དམ་པར་ཞེས་པའི་ངེས་བཟུང་གི་ཚིག་དེ་ཆོས་ཀྱི་ཁྱད་པར་དུ་སྦྱོར་བ་མི་འཐད། ཆོས་ཅན་གྱི་ཁྱད་པར་དུ་སྦྱོར་བ་མི་འཐད། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། ཇི་སྐད་དུ། གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཡང༌། རང་རྒྱུད་ཀྱི་སྦྱོར་བའི་ངག་གང་ཡིན་པ་དེ་ནི། ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ་ཞེས་པ་ནས། འདིར་དོན་དམ་པ་ཞེས་པའི་ཁྱད་པར་ཅིའི་ཕྱིར་ཉེ་བར་བཀོད་པ་ཡིན་ཞེས་གསུངས་ལ། དེ་དག་གིས་ནི་དྲིས་པའོ། །ལན་ལ་གསུམ་སྟེ། ཀུན་རྫོབ་ཏུ་བདག་སྐྱེ་མི་འགོག་པའི་ལན་དང༌། གྲངས་ཅན་གྱིས་དོན་དམ་པར་བདག་སྐྱེ་ཁས་བླངས་པའི་ལན་དང༌། འཇིག་རྟེན་པས་བདག་སྐྱེ་མི་འདོད་པས་དེ་མི་འགོག་པའི་ལན་ནོ། །དང་པོ་ནི། ཇི་སྐད་དུ་གལ་ཏེ་འཇིག་རྟེན་གྱིས་ཀུན་རྫོབ་ཏུ་སྐྱེ་བ་ཁས་བླངས་པ་དགག་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། འགོག་ན་ཡང༌། ཁས་བླངས་པས་གནོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། བདག་ལས་སྐྱེ་བ་ནི་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་སོ། །གཉིས་པ་ནི། གཞན་གྱི་ལུགས་ལ་ལྟོས་ཏེ་ཁྱད་པར་དུ་བྱས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་དག་གི་རྣམ་པར་བཞག་པ་ནི་ཀུན་རྫོབ་ཏུ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་སོ། །གསུམ་པ་ནི། གང་ལས་དེ་ལ་ལྟོས་ནས་ཀྱང༌། ཁྱད་པར་འབྲས་བུ་དང་བཅས་པར་འགྱུར་བ། འཇིག་རྟེན་པས་ཀྱང་བདག་ལས་སྐྱེ་བར་མི་རྟོག་སྟེ། འཇིག་རྟེན་པས་ནི་བདག་དང་གཞན་ལས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་དཔྱོད་པ་འཇུག་པ་མེད་པར་བྱས་ནས། རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་རྟོགས་པ་ཡིན་ནོ། །སློབ་དཔོན་ཡང་དེ་ལྟར་རྣམ་པར་བཞག་པ་མཛད་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་དོན་མེད་པ་ཉིད་དོ། །ཞེས་བྱ་བར་ངེས་སོ། །ཞེས་གསུངས་པ་རྣམས་སོ། །གཉིས་པ་ཆོས་ཅན་གྱི་ཁྱད་པར་དུ་འདོད་པ་དགག་པ་ནི། གལ་ཏེ་ཆོས་ཅན་གྱི་ཁྱད་པར་དུ་འདོད་ན་ནི། ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་དང་དེ་མེད་པའི་གཏན་ཚིགས་ཀྱི་ཉེས་པ་ནི། ཁྱེད་རང་རྒྱུད་སྨྲ་བ་ལ་འཇུག་པ་ཡིན་ནོ། །ཞེས་འཆད་པ་ནི་ཇི་སྐད་དུ། གཞན་ཡང་གལ་ཏེ་ཀུན་རྫོབ་ཏུ་སྐྱེ་བ་དགག་པར་འདོད་ནས་ཁྱད་པར་འདི་འགོད་ན་ནི། དེའི་ཚེ་རང་ལ་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པའམ། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་ཏེ། རང་གིས་དོན་དམ་པར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་སོ། །གསུམ་པ་ནི། དོན་དམ་པར་ཞེས་པ་ཆོས་དང་ཆོས་ཅན་གང་གི་ཡང་ཁྱད་པར་མ་ཡིན་གྱི། ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་འཛིན་པ་གོ་བའི་ཕྱིར་དང༌། སྐྱེ་བ་འགོག་པ་དེ་དོན་དམ་པའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གོ་བའི་ཕྱིར་དུ་ཡིན་ནོ་ཞེ་ན། དེ་ལྟ་ན་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་སོང་བས་ཆོས་ཅན་མཐུན་སྣང་བ་མེད་པའི་ཉེས་པ་ཁྱེད་རང་རྒྱུད་དུ་སྨྲ་བ་ལ་འཇུག་པ་ཡིན་ནོ། །ཞེས་འཆད་པ་ནི། གལ་ཏེ་ཀུན་རྫོབ་ཏུ་མིག་ལ་སོགས་པ་དེ་ཡོད་པའི་ཕྱིར་ཉེས་པ་དེ་མེད་དོ་ཞེ་ན། འོ་ན་དོན་དམ་པ་ཞེས་བྱ་བ་འདི་གང་གི་ཁྱད་པར་ཡིན་ཞེས་སོགས་གསུངས་པ་རྣམས་སོ། །མདོར་ན། ལེགས་ལྡན་འབྱེད་ཀྱིས་ནི། སྦྱོར་བ་དེའི་ཆོས་ཅན་དང་གཏན་ཚིགས་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང༌། བསྒྲུབ་བྱའི་ཆོས་དོན་དམ་གྱི་དབང་དུ་བྱས་པ་གོ་བའི་ཕྱིར་དུ་དོན་དམ་པ་ཞེས་བྱ་བའི་ཁྱད་པར་སྦྱོར་བར་མཛད་པ་ཡིན་ལ་ཟླ་བའི་ཞབས་ཀྱིས་ནི་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་འཆད་པའི་སྐབས་སུ་ཀུན་རྫོབ་པའི་རྟགས་དང་ཆོས་ཅན་ཚད་མས་གྲུབ་པར་མི་བཞེད་ཅིང༌། དགག་བྱ་འགོག་པའི་ཚུལ་ལ་ཡང༌། ཐ་སྙད་དུ་ཡོད་པའི་དགག་བྱ་སྐྱེ་བ་ལྟ་བུ་འགོག་པའི་ཚེ་དོན་དམ་པར་ཞེས་པའི་ཁྱད་པར་སྦྱོར་བ་དང༌། ཐ་སྙད་དུ་ཡང་མེད་པའི་དགག་བྱ་མཐའ་བཞིའི་སྐྱེ་བ་ལྟ་བུ་འགོག་པའི་ཚེ། དོན་དམ་པ་ཞེས་པའི་ཁྱད་པར་གྱི་ཚིག་སྦྱར་ན་ཐ་སྙད་དུ་བདག་སྐྱེ་ཁས་བླངས་པར་སོང་བས། རང་རྒྱུད་ཀྱི་སྦྱོར་བ་འགོད་ཚུལ་ལ་སྐྱོན་ཆགས་པའི་ཚུལ་བརྗོད་པར་མཛད་པ་ཡིན་ནོ། །གཉིས་པ་དོན་དམ་ལ་དཔྱོད་པའི་སྐབས་སུ་རང་རྒྱུད་མི་འཐད་པར་བསྟན་པ་ལ། འདོད་པ་བརྗོད་པ་དང༌། དེ་སུན་འབྱིན་པའོ། །དང་པོ་ནི། བྷ་བྱཱ་ན་རེ། མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཚེ། ཆོས་ཅན་དང་ཆོས་དང་རྟགས་གསུམ་ཀ་ཡང་གྲུབ་མཐས་བརྟགས་པའི་ཁྱད་པར་སོ་སོ་བ་དོར་ནས་སྤྱི་ཙམ་འཛིན་པ་དེ་བཞིན་དུ། མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་འདིར་ཡང༌། མིག་སོགས་ཙམ་ཆོས་ཅན་དུ་འཛིན་པ་ཡིན་ལ། ཆོས་ཅན་དེའི་སྟེང་དུ་ཆོས་དང་གཏན་ཚིགས་གྲུབ་པ་ཡིན་ནོ། །ཞེས་འདོད་པ་བརྗོད་པ་ནི། ཅི་སྟེ་ཇི་ལྟར་སྒྲ་མི་རྟག་ཅེས་བྱ་བ་ལ་ཆོས་དང་ཆོས་ཅན་གཉིས་ཀྱི་སྤྱི་ཉིད་གཟུང་བ་ཡིན་གྱི་ཁྱད་པར་ནི་མ་ཡིན་ཏེ། ཁྱད་པར་འཛིན་ན་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མེད་པར་འགྱུར་རོ། །འདི་ལྟར། གལ་ཏེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་སྒྲ་འཛིན་ན་ནི། དེ་ཕ་རོལ་པོ་ལ་མ་གྲུབ་བོ། །འོན་ཏེ་ནམ་མཁའི་ཡོན་ཏན་འཛིན་ན་ནི་དེ་རང་ཉིད་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ནོ། །ཞེས་པ་ནས། དེའི་ཕྱིར་ཇི་ལྟར་འདིར་ཆོས་དང་ཆོས་ཅན་སྤྱི་ཙམ་ཞིག་འཛིན་པ་དེ་བཞིན་དུ། འདིར་ཡང་ཁྱད་པར་དོར་བའི་ཆོས་ཅན་ཙམ་ཞིག་འཛིན་པར་འགྱུར་རོ་ཞེ་ན། ཞེས་གསུངས་སོ། །གཉིས་པ་ལ་འདིར་རང་རྒྱུད་མི་འཐད་པའི་ཚུལ། ཚད་མ་སྐྱེད་པ་ལ་གཞན་གྲགས་ཀྱི་གཏན་ཚིགས་བརླིང་བར་བསྟན་པའོ། །དང་པོ་ལ་གནས་ཚུལ་ལ་སེམས་པའི་ཚེ་རང་རྒྱུད་མི་འཐད་པའི་ཤེས་བྱེད་དང༌། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་རང་རྒྱུད་འཐད་ཀྱང་དཔེ་དོན་མི་མཚུངས་པར་བསྟན་པ་དང༌། མདོར་ན་འགལ་ཟླ་དམིགས་པའི་དབུ་མའི་གཏན་ཚིགས་ཐམས་ཅད་ལ་རང་རྒྱུད་མི་འཐད་པར་གྲུབ་པ། རང་ལ་མཚུངས་པ་སྤང་བ་རྣམས་སོ། །དང་པོ་ལ་དེའི་ཚེ་ཆོས་ཅན་དང་གཏན་ཚིགས་ཀུན་རྫོབ་པ་དབུ་མའི་རང་ལུགས་ཀྱི་ཚད་མས་མི་འགྲུབ་པར་བསྟན། དོན་དེ་ཉིད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀྱང་ཁས་བླངས་པའི་ཚུལ་ལོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བ་གསུམ་མོ། །དང་པོ་ནི། ཇི་སྐད་དུ། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་གྱུར་པར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ། །ཞེས་གསུངས་སོ། །དོན་ནི་མིག་སོགས་དོན་དམ་པར་བདག་ལས་སྐྱེ་མེད་དུ་སྒྲུབ་པ་ལ་ཡོད་པ་རང་རྒྱུད་ཀྱི་གཏན་ཚིགས་སུ་མི་རུང་སྟེ། དོན་དམ་ལ་དཔྱོད་པའི་སྐབས་སུ་མིག་ལ་སོགས་པའི་ཆོས་ཅན་ཀུན་རྫོབ་པ་རྣམས་དབུ་མ་པ་རང་ལུགས་ཀྱི་ཚད་མས་མི་འགྲུབ་པའི་ཕྱིར། མི་འགྲུབ་པ་ཅི་ཞེ་ན། གང་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཕྱིན་ཅི་ལོག་མཐོང་བ་བརྫུན་པས་རྙེད་དགོས་ལ། མཐོང་བ་བརྫུན་པ་ཡིན་ན་ཕྱིན་ཅི་ལོག་པའམ་ཚད་མ་ཡིན་པར་འགལ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །གཉིས་པ་ནི། ཇི་སྐད་དུ། དེའི་ཚེ་གང་གི་ཕྱིར། རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ནི། ཡོད་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར། ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པ་དེའི་ཚེ་ན་ཡང༌། གང་གིས་ན། དེའི་ཚེ་ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་མངའ་ནས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པ་འམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་སོ། །ཞེས་བཤད་པ་དེའི་དོན་ནི། རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། གང་གནས་ཚུལ་དོན་དམ་པའི་བདེན་པ་སེམས་པ་ལ་ཞུགས་པ་དེའི་ཚེ། སྣང་ཚུལ་ཀུན་རྫོབ་ཀྱི་བདེན་པ་ཅུང་ཟད་ཀྱང་ཚད་མས་མི་རྙེད་པས་ཁྱབ། དཔེར་ན་རབ་རིབ་དང་བྲལ་བའི་མིག་གིས་བལྟས་པ་དེའི་ཚེ་ན་སྐྲ་ཤད་དུ་སྣང་བའི་ཆ་ཙམ་ཡང་མི་འབྱུང་བ་བཞིན་ནོ། །ཡང་འདི་ལྟར། གང་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས་སྣང་ཆ་མི་འདོར་བ་དེའི་ཚེ་གནས་ཚུལ་དཔྱོད་པའི་རིགས་པས་མི་སེམས་པས་ཁྱབ། དཔེར་ན་རབ་རིབ་ཅན་གྱི་མིག་ཤེས་ལ་རབ་རིབ་མེད་པའི་མིག་ཤེས་ཀྱི་ཡུལ་མི་སྣང་བ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། དོན་དམ་ལ་དཔྱོད་པའི་རིགས་ངོ་འདིར་ཆོས་ཅན། མིག་སོགས་ཀུན་རྫོབ་པའི་ཆོས་ཆ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཡོད་ན་གནས་ཚུལ་ལ་འཇུག་པའི་མངོན་སུམ་དང༌། རྗེས་སུ་དཔག་པའི་ཚད་མ་དང༌། དཔེ་ཉེར་འཇལ་དང༌། ལུང་ལ་བརྟེན་པའི་ཚད་མ་གང་རུང་གིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་རོ། །ཞེས་པའོ། །གསུམ་པ་དོན་བསྡུ་བ་ནི། གང་གི་ཕྱིར་དེ་ལྟར་ཕྱིན་ཅི་ལོག་པ་དང༌། མ་ལོག་པ་དག་ཐ་དད་པ་དེའི་ཕྱིར། ཕྱི་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར་ན། གང་ཞིག་ཆོས་ཅན་དུ་འགྱུར་བ་མིག་ཀུན་རྫོབ་པ་ག་ལ་ཡོད། ཅེས་གསུངས་སོ། །ཆོས་ཅན་མ་གྲུབ་པའི་ཚུལ་དེ་ལྟར་བཤད་ནས་ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་མ་གྲུབ་པའི་ཚུལ་ཡང་འཆད་པ་ནི། ཇི་སྐད་དུ། གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་བརྗོད་པའི་ཚུལ་འདི་ཉིད་ནི་ཡོད་པའི་ཕྱིར། ཞེས་བྱ་བའི་གཏན་ཚིགས་འདི་ལ་མ་གྲུབ་པའི་སྐྱོན་བརྗོད་པ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ནི། དོན་དམ་ལ་དཔྱོད་པའི་སྐབས་སུ་ཀུན་རྫོབ་ཀྱི་བདེན་པ་ཚད་མས་མི་འགྲུབ་པ་འདི་ནི་བྷ་བྱཱ་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། གང་གི་ཕྱིར་ཇི་སྐད་བསྙད་པའི་དོན་འདི་ནི་རྟོག་གེ་པ་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་བཞིན་ནོ། །ཞེས་བྱ་བ་གཞན་གྱིས་བཀོད་པའི་སྒྲུབ་བྱེད་འདི་ལ་ཁྱོད་ཀྱིས་གཏན་ཚིགས་ཀྱི་དོན་དུ་འདོད་པ་གང་ཡིན། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། འོན་ཏེ་དོན་དམ་པར་གསུངས་པའི་ཕྱིར་ཡིན། གལ་ཏེ་ཀུན་རྫོབ་ཏུ་ན་ནི། རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གལ་ཏེ་དོན་དམ་པར་ན་ནི། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །དེའི་ཕྱིར་དོན་དམ་པར་ན་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ཉིད་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པའི་དོན་ཉིད་དང༌། འགལ་བའི་དོན་ཉིད་དོ། །ཞེས་འདིས་སྐྱོན་འདི་སྨྲས་པ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི། ལེགས་ལྡན་འབྱེད་ཀྱིས་དངོས་པོར་སྨྲ་བ་ལ་སྨྲས་པ་མིག་སོགས་རྒྱུ་ལས་སྐྱེས་པར་དེ་བཞིན་གཤེགས་པས་གསུངས་ཞེས་པ་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་སམ། དོན་དམ་པའི་དབང་དུ་བྱས་ནས་གསུངས། དང་པོ་ལྟར་ན་ནི། ཁྱོད་ཀྱིས་མི་འདོད་ལ། གཉིས་པ་ལྟར་ན། ཁོ་བོ་ཅག་དབུ་མ་པས་མི་འདོད་དོ། །ཞེས་པའི་དོན་ཡིན་ལ། དེ་ལྟར་ན་གནས་ཚུལ་ལ་སེམས་པའི་སྐབས་སུ་མིག་སོགས་རྣམས་ཡོད་མེད་གང་དུ་ཡང་ཁས་མི་ལེན་པར་ལེགས་ལྡན་འབྱེད་རང་ཉིད་ཀྱིས་བཤད་ཅེས་པའོ། །གཉིས་པ་དཔེ་དོན་མི་མཚུངས་པར་བསྟན་པ་ནི། ཇི་སྐད་དུ་དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །དེར་ནི་སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱིའི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡོད་ན། དེ་བཞིན་དུ་མིག་གི་སྤྱི་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་ལ། དོན་དམ་པར་ཡང་མ་ཡིན་པས་དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེའི་དོན་ནི་སངས་རྒྱས་པས་གྲངས་ཅན་གྱི་ངོར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་དེའི་ཚེ་རྟགས་ཆོས་དོན་གསུམ་པོ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་ཚད་མས་འཇོག་ནུས་པའི་ཕྱིར་ན། རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཏུ་རུང་བ་ཡིན་ཏེ། དཔེར་ན་དུ་བསལ་མེ་ལྡན་དུ་སྒྲུབ་པ་བཞིན་ནོ། །དབུ་མ་པས་དངོས་པོར་སྨྲ་བའི་ངོར་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་སྨྲས་པ་དེའི་ཚེ་ནི། ཆོས་ཅན་མཐུན་སྣང་དུ་གྲུབ་པ་ནི་མ་ཡིན་ཏེ། དབུ་མ་པས་ཆོས་གཅིག་དཔྱད་གཞིར་གཟུང་ནས། གནས་ཚུལ་ལ་སེམས་པའི་རིགས་པས་གང་དུ་གྲུབ་དཔྱོད་པ་ན་ཆོས་གཅིག་པོ་དེ་གྲུབ་པར་གྱུར་ན་དེ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་ཞེས་པའོ། །གསུམ་པ་དབུ་མའི་རྟགས་ཀྱིས་དགག་བྱ་འགོག་པ་ལ་འགལ་ཟླ་དམིགས་པའི་གཏན་ཚིགས་སུ་བཀོད་པ་ཐམས་ཅད་ཀྱི་གཏན་ཚིགས་དབུ་མ་པ་རང་ལུགས་ཀྱི་ཚད་མས་མི་འགྲུབ་ཅིང་དེ་ལྟར་དུ་བྷ་བྱཱ་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཞེས་འཆད་པ་ནི་ཇི་སྐད་དུ། གང་གི་ཕྱིར་དེ་ལྟར་འདིས་རང་ཉིད་ཀྱིས་ཚུལ་འདིས་གཏན་ཚིགས་མ་གྲུབ་པར་ཁས་བླངས་པས་དེའི་ཕྱིར་དངོས་པོའི་ཆོས་གཏན་ཚིགས་སུ་བཀོད་པའི་རྗེས་སུ་དཔག་པ་ཐམས་ཅད་ལ་གཏན་ཚིགས་ལ་སོགས་པ་རང་ལ་མ་གྲུབ་པའི་ཕྱིར། སྒྲུབ་པར་བྱེད་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །བཞི་པ་རང་ལ་མཚུངས་པ་སྤང་བ་ནི། ཇི་སྐད་དུ། གལ་ཏེ་གཞན་གྱི་རྗེས་སུ་དཔག་པ་དག་ལ་སྐྱོན་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་རང་གི་རྗེས་སུ་དཔག་པ་དག་ལ་ཡང་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བས་གཞི་མ་གྲུབ་པ་དང་གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་དེ་ཉིད་དུ་འགྱུར་བ་མ་ཡིན་ནམ་དེའི་ཕྱིར་གང་གཉིས་ཀ་ལ་སྐྱོན་དུ་འགྱུར་བ་དེ་ནི་གཅིག་ལ་བརྒལ་བར་མི་བྱ་སྟེ། དེས་ན་སྐྱོན་འདི་དག་ཐམས་ཅད་མི་རིགས་པར་འགྱུར་རོ་ཞེ་ན། བརྗོད་པར་བྱ་སྟེ། རང་རྒྱུད་ཀྱི་རྗེས་སུ་དཔག་པ་སྨྲ་བ་དག་ལ་ཉེས་པ་འདིར་འགྱུར་གྱི་ཁོ་བོ་ཅག་ལ་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་སྦྱོར་ཏེ། རྗེས་སུ་དཔག་པ་དག་ནི་གཞན་གྱི་དམ་བཅའ་བ་འགོག་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །གཉིས་པ་ཚད་མ་སྐྱེད་པ་ལ་གཞན་གྲགས་བརླིངས་བར་བསྟན་པ་ནི། ཇི་སྐད་དུ། ཡང་ཅི་གང་ཡང་རུང་བ་ལ་གྲུབ་པའི་རྗེས་སུ་དཔག་པའི་སྒོ་ནས་ཀྱང་རྗེས་སུ་དཔག་པས་གནོད་པ་ཡོད་དམ་ཞེ་ན། ཡོད་དེ་དེ་ཡང་རང་ཉིད་ལ་གྲུབ་པའི་གཏན་ཚིགས་ཀྱིས་ཡིན་གྱི། གཞན་ལ་གྲུབ་པས་ནི་མ་ཡིན་ཏེ། འཇིག་རྟེན་ཉིད་དུ་མཐོང་བའི་ཕྱིར་རོ། །འཇིག་རྟེན་ན་ནི་རེ་འགའ་དཔང་པོ་རྒོལ་བ་དང་ཕྱི་རྒོལ་བ་གཉིས་ཀྱིས་ཚད་མར་བྱས་པའི་ཚིག་གིས་རྒྱལ་བའམ། ཕམ་པར་འགྱུར་ལ་རེ་འགའ་ནི་རང་གི་ཚིག་ཁོ་ནས་འགྱུར་གྱི་གཞན་ཚིག་གིས་ནི་རྒྱལ་བའམ་ཕམ་པར་འགྱུར་བ་མ་ཡིན་ནོ། །འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་བཞིན་དུ་རིགས་པ་ལ་ཡང་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཁོ་ན་རིགས་པའི་བསྟན་བཅོས་སུ་འབྲེལ་བ་ཡིན་པའི་ཕྱིར་རོ། །ཞེས་པ་ནས་སངས་རྒྱས་རྣམས་ཀྱིས་རང་ལ་ཇི་ལྟར་གྲགས་པའི་འཐད་པ་དེ་ཁོ་ན་མི་ཤེས་པའི་གདུལ་བྱའི་སྐྱེ་བོ་ལ་ཕན་གདགས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་ཆོག་གོ །ཞེས་བྱ་བའི་བར་རྒྱས་པར་གསུངས་སོ། །དེ་ལྟར་བཤད་པ་རྣམས་ཀྱི་ངག་དོན་མདོར་བསྡུ་ན། དབུ་མ་ཐལ་འགྱུར་བས་ནི། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་རང་རྒྱུད་ཀྱི་གཏན་ཚིགས་མི་སྲིད། དེའི་ཤེས་བྱེད་ཀྱང་དེའི་དུས་སུ་གཞི་ཆོས་ཅན་དུ་གང་བཟུང་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས། དེ་རྒོལ་བ་གཞན་ལ་གྲགས་པའི་ཚད་མས་གྲུབ་ཀྱང་དབུ་མ་རང་ལུགས་ཀྱི་ཚད་མས་མི་འགྲུབ། དེའི་ཚད་མ་ཡང་འཕགས་པའི་ཚད་མ་ལ་བྱ་བ་ཡིན་གྱི། འཇིག་རྟེན་ན་གྲགས་པའི་ཚད་མས་གོ་མི་ཆོད་པ་ལ་དགོངས་པ་ཡིན་ནོ། །ཡང་སྟོང་པ་ཉིད་དཔྱད་གཞིར་གཟུང་ནས་རང་བཞིན་གྱིས་ཡོད་པ་འགོག་པ་དེའི་ཚེ་ནི། དེ་ཡང་དབུ་མ་ལ་གྲགས་པའི་ཚད་མས་གྲུབ་པ་མ་ཡིན་ཏེ། གཞན་དུ་ན་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་རང་རྒྱུད་ཀྱི་གཏན་ཚིགས་མི་སྲིད་པ་ན། རང་རྒྱུད་ཀྱི་བསྒྲུབ་བྱ་ལྟ་ཞོག ཆོས་ཅན་ཇི་ལྟ་བུ་ཞིག་གི་སྟེང་དུ་ཡང་བདེན་མེད་ལ་སོགས་པའི་བསྒྲུབ་བྱ་གང་ཡང་སྒྲུབ་པ་མ་ཡིན་ཏེ། ལྟ་བ་གཏན་ལ་འབེབས་པའི་ཚེ་བསྒྲུབ་བྱ་སྒྲུབ་པ་དང་དམ་བཅས་ན་སྤྲོས་པའི་མཐའ་ལས་མ་འདས་པའི་ཕྱིར། དགག་བྱ་བཀག་པ་དང་བསྒྲུབ་བྱ་སྒྲུབ་པ་དོན་གཅིག་ལ་འདུ་ཟེར་བ་དེ་དག་གིས་ནི། རྟོག་གེ་བའི་གཞུང་ལ་སྦྱང་བར་རློམ་པ་ཡིན་མོད། དེ་འདྲ་ནི་ཆོས་ཀྱི་གྲགས་པའི་རྟོག་གེ་ནས་འབྱུང་བའི་གཏམ་མ་ཡིན་ཏེ། གཞུང་དེར་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱིས་དགག་བྱ་འགོག་ཀྱང་བསྒྲུབ་བྱ་མི་སྒྲུབ་པར་བཤད་པ་དང༌། སྣང་རུང་མ་དམིགས་པའི་གཏན་ཚིགས་རྣམས་དགག་བྱ་འགོག་པ་ལ་ལྟོས་ནས་དགག་པའི་གཏན་ཚིགས་དང༌། བསྒྲུབ་བྱ་སྒྲུབ་པ་ལ་ལྟོས་ནས་སྤྱིར་སྒྲུབ་པའི་གཏན་ཚིགས་དང༌། བྱེ་བྲག་རང་བཞིན་གྱི་གཏན་ཚིགས་ཡིན་པར་བཤད་པ་དེ་མ་བསླབས་པར་སྣང་བའི་ཕྱིར་དང༌། དོན་གྱི་སྐབས་འདིར་ནི་སྤྲོས་པའི་མཐའ་ཐམས་ཅད་ཇི་ལྟར་འགོག་པའི་ཚུལ་ལ་བློ་མ་ཕྱོགས་པར་སྣང་བའི་ཕྱིར། སློབ་དཔོན་ལེགས་ལྡན་འབྱེད་ཀྱང༌། ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་རང་རྒྱུད་ཀྱི་གཏན་ཚིགས་ཇི་སྙེད་པ་རྣམས་ཀྱིས་དགག་བྱ་འགོག་པ་ཙམ་ཡིན་གྱི། བསྒྲུབ་བྱ་སྒྲུབ་པར་མི་བཞེད་དེ། དགག་བྱ་བཀག་ཤུལ་དུ་བསྒྲུབ་བྱ་སྒྲུབས་ན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེས་པ་ནི་དབུ་ཚད་གཉིས་ཀའི་རིགས་པ་ཡིན་པའི་ཕྱིར་རོ། དེ་ལྟ་མོད་ཀྱི་ལེགས་ལྡན་འབྱེད་ཀྱི་ལུགས་འདིར་བསྒྲུབ་བྱ་བསྒྲུབས་པ་ཞེས་པའི་མིང་ཅན་ནི་གཉིས་ཏེ། མཚན་ཉིད་པ་མ་ཡིན་པར་དགག་པ་དང༌། བཏགས་པ་བ་མེད་པར་དགག་པའོ། །དང་པོ་ནི་བདག་ལས་སྐྱེ་བ་མེད་པའི་ཐ་སྙད་དུ་ལྟ་བུའོ། །གཉིས་པ་ནི། བདག་ལས་སྐྱེ་བ་བཀག་ཙམ་གྱི་མེད་པར་དགག་པ་ལྟ་བུའོ། །དང་པོ་མི་འདོད་ལ། དོན་དམ་བདེན་པ་གཏན་ལ་འབེབས་པའི་རང་རྒྱུད་ཀྱི་རྟགས་ཀྱི་བསྒྲུབས་བྱ་ནི་གཉིས་པ་དེ་ཁོ་ནའོ། །དེའི་ཕྱིར་དགག་བྱ་བཀག་པ་ལ་དེའི་ལོག་ཕྱོགས་སྒྲུབས་པར་འཇོག་པ་ནི། རྟོག་གེ་དང་རང་རྒྱུད་ཀྱི་གཞུང་གཉིས་ཀ་ན་མི་སྣང་ལ། ཐལ་འགྱུར་གྱི་གཞུང་ན་ནི་དོན་གྱི་སྐབས་སུ་ནི་མ་ཡིན་པར་དགག་པ་ལྟ་ཞོག མེད་པར་དགག་པ་བསྒྲུབ་བྱའི་ཆོས་སུ་བྱས་ནས་སྒྲུབ་པ་ཙམ་ཡང་མེད་པ་ནི་ཐལ་རང་གི་ཁྱད་པར་གཅིག་ཡིན་ནོ། །ཡང་ཐལ་འགྱུར་བས་སྤྱོད་པས་བསོད་ནམས་ཀྱི་ཚོགས་ལ་འཇུག་པ་དེའི་ཚེ། རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་བཞེས་པ་ཡིན་ཏེ། མེད་པ་སྐུར་འདེབས་ཀྱི་མཐའ་སེལ་ཚུལ་རང་སྡེ་དངོས་སྨྲ་བ་དང་མཐུན་པར་བཞེད་པའི་ཕྱིར། ཇི་སྐད་དུ། རིགས་པ་དྲུག་ཅུ་པ་ལས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱི། །རིགས་པ་གང་གིས་ཡོད་པ་ཡང༌། །བཟློག་པར་འགྱུར་བ་མཉམ་པར་བྱོས། །ཞེས་འབྱུང་བས་སོ། །འདིར་ཡང༌། རང་རྒྱུད་ངེས་པར་དགོས་པ་ནི་མ་ཡིན་ཏེ། གཞན་ཉིད་ལ་གྲགས་པའི་གཏན་ཚིགས་ཀྱི་ཐ་སྙད་བདེན་པ་ལྐོག་ཏུ་གྱུར་པ་འགའ་ཞིག་འཇོག་པར་ནུས་པའི་ཕྱིར། ཇི་སྐད་དུ། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱས་ཏེ། །ཞེས་གསུངས་པ་ལྟ་བུའོ། །གཞན་ལ་གྲགས་པའི་གཏན་ཚིགས་ཞེས་བྱ་བ་དེས་ཀྱང་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་ནི། དགག་བྱ་བཀག་པའི་ཚད་མ་རྒོལ་བ་གཞན་ལ་སྐྱེ་བར་བྱེད་པ་དགོས་པའི་གཙོ་བོ་ཡིན་གྱི་བསྒྲུབ་བྱ་རྟོགས་པའི་ཚད་མ་ཆེད་དུ་གཉེར་བྱ་མ་ཡིན། དེ་མ་ཡིན་མོད་ཀྱང་གཅིག་ཤོས་བཀག་པ་ན་དེའི་འགལ་ཟླ་འཛིན་པའི་རྟོག་པ་རྒོལ་བ་གཞན་ལ་སྐྱེ་ལ་དེའི་ཚེ་ན་རིགས་པ་སྔ་མས་བཀག་པའི་ཆ་དེ་རིགས་པ་ཕྱི་མས་མི་འགོག་ཀྱང་བློ་སྔ་མས་བདག་མེད་སོགས་སུ་ཞེན་པའི་ཆ་དེ་རིགས་པ་ཕྱི་མ་གཞན་གྱིས་འགོག་དགོས་པ་ནི་དབུ་མ་པ་ཀུན་ཀྱི་སྤྱི་ལུགས་ཡིན་ལ། དེ་ཁོ་ནར་མ་ཟད་གཏན་ཚིགས་འདིའི་ཕྱོགས་ཆོས་དང་ཁྱབ་འབྲེལ་ནི་རྒོལ་བ་ཕ་རོལ་པོའི་བློ་ངོར་གྲུབ་པ་དེ་ཉིད་ཙམ་གྱིས་ཕ་རོལ་པོའི་ལོག་རྟོག་འགོག་པའི་ཡན་ལག་ཏུ་ཆོག་པ་ཡིན་གྱི། དེ་དང་དེ་རང་ལུགས་ཀྱི་ཚད་མས་གྲུབ་པ་ནི་ཅུང་ཟད་ཀྱང་ཡོད་དགོས་པ་མ་ཡིན་ཏེ། དེ་ལས་གཞན་དུ་ན་རང་རྒྱུད་དུ་སོང་བས་གཞན་གྲགས་ཀྱི་དོན་མེད་པའི་ཕྱིར་རོ། །ཡང་དོན་དམ་ལ་དཔྱོད་པའི་སྐབས་སུ་ཐ་སྙད་ཀྱི་བདེན་པ་ཚད་མས་མི་འགྲུབ་པ་ནི། ཐལ་རང་གི་སློབ་དཔོན་གཉིས་ཀའི་ལུགས་ལ་འདྲ་ཡང༌། ལེགས་ལྡན་འབྱེད་ཀྱིས་དེ་ལྟར་ཞལ་གྱིས་བཞེས་ནས་མཐའ་བཞིའི་སྐྱེ་བ་འགོག་པ་ལ་རང་རྒྱུད་གྱི་གཏན་ཚིགས་མཛད་པ་ནི་གྲུབ་པའི་མཐའ་གཏིང་མ་ཚུགས་པའོ། །ཞེས་བྱ་བ་ནི་ཟླ་བའི་ཞབས་ཀྱིས་བྷ་བྱཱ་བཀག་པའི་རིགས་པ་དྲི་མ་མེད་པའོ། །དེ་ལྟར་རང་ལུགས་ཀྱི་ཐལ་རང་གི་ཤིང་རྟའི་སྲོལ་དང་པོར་བྱུང་བའི་ཚུལ་མདོ་ཙམ་བཤད་ཟིན་ནས། གཉིས་པ་གཞན་གྱིས་བརྟགས་པའི་མཐའ་དགག་པ་ལ་གསུམ་སྟེ། གངས་ཅན་དུ་ཕྱིས་བྱོན་པའི་ཆེན་པོ་དག་གིས་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་བཞེད་པ་འགོག་པའི་ཚུལ་ཕྱིན་ཅི་ལོག་ཏུ་བཀྲལ་བར་བསྟན། དེ་ལ་ཟླ་བའི་ཞབས་ཀྱིས་སྐྱོན་སྤོང་ཇི་ལྟར་མཛད་པའི་ཚུལ་འཆད་ལུགས་དེ་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་པར་བསྟན། ཟླ་བས་རང་རྒྱུད་བཀག་པའི་ལུང་རིགས་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཤད་པར་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་དོན་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་དཔེ་མ་བརྗོད་པར་འཆད་པ་དང༌། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། ཞེས་པར་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་དེའི་བཟློག་དོན་ལ་བྱུང་བའི་རང་རྒྱུད་ཁས་བླངས་པར་འཆད་པ་ནང་འགལ་བ་ཡིན་ཏེ། ཐལ་འགྱུར་གྱི་བཟློག་དོན་ལ་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་དཔེ་བརྗོད་ན་དེ་སྒྲུབ་ཀྱི་རྟགས་དཔེ་བརྗོད་པའི་གོ་ཆོད་པའི་ཕྱིར། དཔེར་ན་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གྱིས་འཕངས་པའི་རང་རྒྱུད་ཀྱིས་རང་རྒྱུད་ཀྱི་གོ་ཆོད་པ་བཞིན་ནོ། །ཡང་བདག་སྐྱེ་མེད་དེ། སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བའི་ཕྱིར་ཞེས་པ་སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་ལ་འཕངས་པའི་ཐལ་འགྱུར་དུ་བྱས་ནས་བདག་སྐྱེ་མེད་པའི་སྐྱེ་བ་ཡོད་དེ། སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཡིན་པའི་ཕྱིར་ཞེས་པ་ཐལ་འགྱུར་དེའི་བཟློག་དོན་དུ་འཆད་པ་ནི། ཆེན་པོ་དག་ལ་ཆེད་དུ་བསམས་ནས་བཏབ་པའི་སྐུར་བ་ཡིན་ཏེ། ཐལ་འགྱུར་གྱི་རྟགས་བཟློག་པ་དེའི་བཟློག་དོན་གྱི་རྟགས་སུ་འགྱུར་བ་དང༌། ཐལ་འགྱུར་གྱི་ཆོས་བཟློག་པ་དེས་འཕངས་པའི་རང་རྒྱུད་ཀྱི་ཆོས་སུ་འགྱུར་དགོས་སོ་ཞེས་ཟེར་བ་ནི། ལེགས་ལྡན་འབྱེད་ལྟ་ཞོག་རིགས་པ་ལ་ཅུང་ཟད་བློ་ཁ་ཕྱོགས་པ་དག་ལ་འབྱུང་བའི་སྐབས་མི་སྲིད་པའི་ཕྱིར་རོ། །ཡང་སངས་རྒྱས་བསྐྱངས་ཀྱིས་སྨྲས་པའི་སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བའི་ཕྱིར་ཞེས་པའི་སྒྲ་ཟིན་གྱི་རྟགས་བཟློག་དགོས་ན་བདག་ལ་སྐྱེ་བ་མེད་དེ་ཞེས་པའི་བསྒྲུབ་བྱའི་ཆོས་ཀྱང་བཟློག་དགོས་ཏེ། མཚུངས་པའི་ཕྱིར་རོ། །ཞེས་པ་བྷ་བྱཱ་ཡི་དགོངས་པར་འཆད་པ་ཡང་ལྷ་རྣམས་དགའ་བར་བྱེད་པ་ཡིན་ཏེ། དཔེར་ན། སངས་རྒྱས་པས་སྒྲ་ནི་མི་རྟག་སྟེ། རྟག་ན་མ་བྱས་པར་འགྱུར་བའི་ཕྱིར། ཞེས་པ་ལ་གཞན་ཞིག་གིས་མ་བྱས་པར་འགྱུར་བའི་ཕྱིར་ཞེས་ལོག་ཕྱོགས་རྟགས་སུ་འགོད་རྒྱུ་ཡིན་ན། མི་རྟག་སྟེ་ཞེས་པའི་ཆོས་ཀྱང་བཟློག་དགོས་སོ་ཞེས་སྨྲ་བ་དང་མཚུངས་པའི་ཕྱིར། ཡང་ཇི་སྐད་དུ། བསྒྲུབ་པར་བྱ་བ་དང༌། དེའི་ཆོས་ཤེས་པ་ཐལ་འགྱུར་གྱི་བསྒྲུབ་བྱ་དང་རྟགས་ལ་འཆད་པ་ཡང་བྷ་བྱཱའི་དགོངས་པ་མ་ཡིན་ཏེ། ཐལ་འགྱུར་གྱི་ཆོས་ལ་བསྒྲུབ་བྱའི་ཐ་སྙད་འདོགས་པ་གཞུང་ལུགས་ཆེ་ཆུང་གང་ནས་ཀྱང་མི་འབྱུང་བའི་ཕྱིར་རོ། །གལ་ཏེ་སློབ་དཔོན་དེའི་དགོངས་པ་དེ་ཡིན་པར་མ་སྨྲས་སོ་སྙམ་ན། འོ་ན་སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཞེས་བཤད་པ་འདི་ལེགས་ལྡན་གྱི་ཐལ་འགྱུར་དུ་གོ་བ་ཡིན་ནམ། རང་རྒྱུད་དུ་གོ་བ་ཡིན། དང་པོ་ལྟར་ན་ཐལ་འགྱུར་འཕེན་ལུགས་ཇི་ལྟར་དུ་བྱེད་པར་གོ སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པར་མ་གོ་ན་ནི་གཞན་གང་ཞིག་ཏུ་གོ་བ་ལེན། དེ་ལྟར་དགོངས་ན་ནི་ཐལ་འགྱུར་དེའི་བཟློག་དོན་འཆད་པ་ན་བདག་སྐྱེ་མེད་དེ་བྱས་པས་མི་ཆོག་པར་བདག་སྐྱེ་མེད་པ་ལས་བཟློག་པ་བསྒྲུབ་བྱའི་ཆོས་སུ་བྱེད་དགོས་ཞེས་ཟེར་བ་འདི་ཅིའི་ཐ་ཚིག་ཡིན། གཉིས་པ་ལྟར་ན་ནི། ཇི་སྐད་དུ། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་ཞེས་བཤད་པ་དང་དངོས་སུ་འགལ་ཞིང༌། གཏན་ཚིགས་བརྗོད་ཚུལ་ལ་སྐྱོན་ཆགས་ཞེས་བརྗོད་པར་རིགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་ཟེར་བ་ནི་རིགས་པ་ལ་བློ་ཁ་ཕྱོགས་པའི་གཏམ་མ་ཡིན་ནོ། །ཡང་ཁྱོད་ཀྱིས་སྐྱེ་བ་དོན་ཡོད་དང་ཐུག་ཡོད་གཏན་ཚིགས་ཡིན་པ་དེའི་ཚེ་བདག་སྐྱེ་མེད་པའི་སྐྱེ་བ་ཡོད་པ་བསྒྲུབ་བྱའི་ཆོས་སུ་བྱེད་དགོས་ལ། དེ་ལྟར་བྱས་ན། བསྒྲུབ་བྱའི་ཆོས་སུ་མ་ཡིན་དགག་སོང་བས། ཀླུ་སྒྲུབ་ཞབས་ཀྱི་གྲུབ་པའི་མཐའ་དང་འགལ་ལོ། །ཞེས་འཆད་པ་ཡང་སློབ་དཔོན་དེའི་དགོངས་པ་མ་ཡིན་ཏེ། འགྲེལ་བཤད་ལས་གཞན་སྐྱེ་དང་དོན་ཡོད་དང་ཐུག་ཡོད་ཁས་བླངས་པ་གསུམ་གྱིས། གྲུབ་མཐའ་དང་འགལ་བར་བཤད་ཀྱི་མ་ཡིན་དགག་ཆོས་སུ་བྱས་པས་གྲུབ་པའི་མཐའ་དང་འགལ་བར་མ་གསུངས་པའི་ཕྱིར་དང༌། གཏན་ཚིགས་སུ་སྐྱེ་བ་དོན་མེད་བཀོད་པས་བསྒྲུབ་བྱའི་ཆོས་མ་ཡིན་དགག་ཏུ་འགྱུར། ཞེས་པ་ནི། སློབ་དཔོན་དེའི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དེ་ཉིད་ཀྱིས་མཐའ་བཞིའི་སྐྱེ་བ་འགོག་པའི་གཏན་ཚིགས་སུ་དངོས་པོར་གྱུར་པའི་ཆོས་བཀོད་པ་ཤ་སྟག་ཏུ་སྣང་བས། དེ་ཡང་དེར་ཐལ་བའི་ཕྱིར་དང༌། དགག་པ་གཉིས་ཀྱི་འཇོག་མཚམས། རང་བརྗོད་པའི་སྒྲས་སྒྲུབ་པ་འཕེན་མི་འཕེན་ལས་འབྱེད་པ་སློབ་དཔོན་དེའི་དགོངས་པ་ལ་ཡོད་པ་ཡིན་གྱི། གཏན་ཚིགས་ཀྱི་ནུས་པས་སྒྲུབ་བྱའི་ཆོས་ཀྱིས་དགག་སྒྲུབ་སོ་སོར་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་ཁྱེད་འདོད་པ་དེ་ལྟར་ཡིན་དུ་ཆུག་ཀྱང་མ་ཡིན་དགག་ཆོས་སུ་བཟུང་བས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་དགོས་པའི་འབྲེལ་གང་ཡིན། སངས་རྒྱས་བསྐྱངས་ལ་གྲུབ་མཐའ་དང་འགལ་བ་འབྱུང་བའི་ཤེས་བྱེད་དུ་སྐྱེ་བ་འབྲས་བུ་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་བཀོད་པའི་སྦྲེལ་ཐག་གང་ཡིན་ཁྱེད་ཀྱིས་འཆད་དགོས་ཏེ། ཁྱེད་ཀྱིས་ལེགས་ལྡན་འབྱེད་ཀྱི་དགོངས་པ་མ་ནོར་བར་འཆད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལ་ལུགས་དེའི་རྗེས་སུ་འཇུག་པ་དག་ན་རེ། གཞན་སྐྱེ་ཁས་བླངས་ན་གྲུབ་པའི་མཐའ་དང་འགལ་ཞེས་པ་ལེགས་ལྡན་འབྱེད་ཀྱི་དགོངས་པ་མ་ཡིན་ཏེ། སློབ་དཔོན་དེས་དངོས་པོ་རྣམས་གཞན་ལས་སྐྱེ་བ་འཕགས་པའི་དགོངས་པར་འཆད་པའི་ཕྱིར་ཟེར་བ་དང༌། སྤྱིར་སྐྱེ་བ་ལ་བདག་སྐྱེ་དང་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པར་སློབ་དཔོན་དེས་འདོད་པ་ཡིན་ནོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། སློབ་དཔོན་དེའི་ལུགས་ཀྱི་བདེན་པ་གཉིས་ཀྱི་འཇོག་ལུགས་མ་ཤེས་པའི་རྟོག་པ་ངན་པས་ཀུན་ནས་བསླངས་པའི་ངག་འཁྱལ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། སློབ་དཔོན་དེས་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ། གཞན་ལས་སྐྱེ་བ་ཞལ་གྱིས་བཞེས་པའི་སྐབས་གཅིག་ཡོད་ཀྱང༌། འདི་དོན་དམ་པའི་བདེན་པ་འཇོག་པའི་སྐབས་ཡིན་པའི་ཕྱིར་དང༌། མཐའ་བཞིའི་སྐྱེ་བའི་ཡ་གྱལ་དུ་གྱུར་པའི་གཞན་སྐྱེ་ནི་སློབ་དཔོན་འདིས་ཐ་སྙད་དུ་ཡང་མི་འདོད་པའི་ཕྱིར། གཞན་དུ་ན་སློབ་དཔོན་འདིས་ཐ་སྙད་ཀྱི་བདེན་པ་རིགས་པས་དཔྱད་ནས་ཞལ་གྱིས་བཞེས་པར་འགྱུར་རོ། །དེ་ལྟ་ན་ནི་དབུ་མ་སྙིང་པོ་ནས་འབྱུང་བ་དང་ཤིན་ཏུ་འགལ་ཏེ། འོག་ནས་འཆད་པར་འགྱུར་རོ། །གཞན་ཡང༌། སློབ་དཔོན་འདིས་གཞན་སྐྱེ་འཕགས་པ་དང་སངས་རྒྱས་བསྐྱངས་ཀྱི་དགོངས་པར་འཆད་ན། འདིས་དེ་འགོག་པ་ན། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། ཞེས་སོགས་དཀའ་ལ་དོན་ཆུང་བ་འདི་ཙམ་ཞིག་ཐལ་བར་འཕེན་པའི་རྒྱུ་མཚན་ཅི་ཡིན་ཞེས་ཁྱེད་ལ་འདྲིའོ། །ཡང་སློབ་དཔོན་འདིས་སྤྱིར་སྐྱེ་བ་ལ་བདག་གཞན་ལས་སྐྱེ་བ་གཉིས་སུ་ཁ་ཚོན་ཆོད་པར་སྨྲ་བའི་རྒྱུ་མཚན་གྱིས་བདག་སྐྱེ་མེད་པའི་སྐྱེ་བ་ཡོད་པ་ཙམ་གྱིས་གཞན་ལས་སྐྱེ་བར་འགྱུར་རོ་ཞེས་ཐལ་བར་འཕེན་ནུས་པ་ཡིན་ནོ། །ཞེས་ཟེར་བ་ཡང་མ་ཡིན་ཏེ། གཏན་ཚིགས་མི་འགྲུབ་པ་དང༌། ཁྱབ་པ་འཁྲུལ་པའི་ཕྱིར་མི་འགྲུབ་པ་ཇི་ལྟར་ཞེ་ན། སློབ་དཔོན་དེས་མ་བརྟགས་གཅིག་པུར་ཉམས་དགའ་བའི་སྐྱེ་བ་དེ་བདག་གཞན་ལས་སྐྱེ་བ་གཉིས་པོ་གང་རུང་དུ་ཡང་མི་བཞེད་པའི་ཕྱིར། བཞེད་ན་དེ་དོན་དམ་པའི་སྐྱེ་བ་ཉིད་དུ་བཞེད་པར་འགྱུར་རོ། །ཁྱབ་པ་འཁྲུལ་བ་ཇི་ལྟར་ཞེ་ན། འོ་ན་ཐལ་འགྱུར་བར་ཁས་ལེན་པའི་རྒོལ་བ་ཁྱེད་ཀྱི་ལུགས་ལ་ཡང༌། བདག་སྐྱེ་བཀག་པ་ན་གཞན་སྐྱེ་འཕངས་པར་འགྱུར་ཏེ། ཁྱེད་ཀྱི་ལུགས་ལ་ཡང་མྱུ་གུ་དེ་མཐའ་བཞི་པོ་གང་ལས་སྐྱེ་ཞེས་དཔྱོད་པའི་རིགས་ངོར། མྱུ་གུ་སྐྱེ་བ་གང་ཞིག དེར་སྐྱེ་ན་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་གང་རུང་ཡིན་དགོས་པའི་ཕྱིར་རོ། །དེ་མི་དགོས་ན་ནི་རིགས་ངོའི་སྐྱེ་བ་ལ་ཕུང་པོ་ལྔ་པ་ཞིག་ཁས་ལེན་དགོས་ཏེ། དེ་ལྟར་དཔྱོད་པའི་ཚེ་སྐྱེ་བ་ཡོད། མཐའ་བཞི་པོ་གང་གི་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །གལ་ཏེ་བཞི་པོ་གང་རུང་མ་ཡིན་པའི་སྐྱེ་བ་དེ་རིགས་ངོའི་སྐྱེ་བ་མ་ཡིན་མོད། ཐ་སྙད་བདེན་པའི་སྐྱེ་བ་ཡིན་ནོ་ཞེ་ན། ཐ་སྙད་བདེན་པའི་སྐྱེ་བའང་མ་ཡིན་ཏེ། གང་ཐ་སྙད་བདེན་པའི་སྐྱེ་བ་ཡིན་ན། རིགས་པས་དཔྱད་པའི་ཚེ་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་གཞན་ལས་སྐྱེ་བ་བཞིན་མཐའ་བཞི་པོ་གང་རུང་མ་ཡིན་པའི་སྐྱེ་བ་ཚད་མས་ངེས་པའི་བློ་དེ་ནི་ཐ་སྙད་བདེན་པའི་སྐྱེ་བ་ངེས་པའི་བློ་མ་ཡིན་པའི་ཕྱིར། དཔེར་ན་གཞན་ལས་སྐྱེ་བ་ངེས་པའི་བློ་བཞིན་ནོ། །གང་ཡང་ཁྱེད་རང་ལྟར་ན་ཡང༌། མཐའ་བཞིའི་སྐྱེ་བ་བཀག་པ་ན་སྐྱེ་བ་ཡོད་པ་ཤུགས་ལ་འཕེན་ནུས་པར་ཐལ། སྤྱིར་སྐྱེ་བ་ཡོད། མཐའ་བཞིའི་སྐྱེ་བ་མེད། སྐྱེ་བ་ལ་མཐའ་བཞིའི་སྐྱེ་བ་དང་སྐྱེ་བ་ཙམ་པོ་གཉིས་སུ་ཁ་ཚོན་ཆོད་པར་ནི་ཁྱེད་སྨྲ་བའི་ཕྱིར། འདོད་ན་ནི་མཐའ་བཞིའི་སྐྱེ་བ་བཀག་པའི་ཚེ་མ་ཡིན་པར་དགག་པ་བསྒྲུབ་བྱའི་ཆོས་སུ་ཐལ་བར་འགྱུར་རོ། །ཅི་སྟེ་ཁྱབ་པ་སྔ་མ་དེ་ལེགས་ལྡན་འབྱེད་ཀྱི་བསམ་པ་ཡིན་གྱི་སྤྱིར་རིགས་པའི་ལམ་མ་ཡིན་ནོ་སྙམ་ན། སྤྱིར་རིགས་པའི་ལམ་ལ་མ་ཞུགས་པ་ཉིད་ཀྱིས་སློབ་དཔོན་དེའི་བཞེད་པ་མ་ཡིན་པར་གྲུབ་བོ། །ཡང་འདི་ལྟར་སྐབས་དེར་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་སོང་བས་གྲུབ་པའི་མཐའ་དང་འགལ་ལོ་ཞེས་འཕེན་པ་ནི་སློབ་དཔོན་དེའི་དགོངས་པ་མ་ཡིན་ཏེ། ཡིན་ན་ཟླ་བའི་ཞབས་ཀྱི་དེ་ལ་སྐྱོན་སྤོང་མཛད་པ་དེའི་ཚེ། དེ་བསྒྲུབ་བྱར་མ་བྱས་པའི་ཚུལ་འཆད་པར་རིགས་པ་ལས་དེ་ཡང་མ་བཤད་པའི་ཕྱིར་རོ། །མདོར་ན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་སྐྱོན་འཛིན་པ་ན། ཐལ་འགྱུར་གྱི་བཟློག་དོན་ཁས་བླངས་པ་ལས་བྱུང་བའི་ཉེས་པ་བརྗོད་པར་མཛད་པ་ཡིན་གྱི། བསྒྲུབ་བྱ་སྒྲུབ་ཚུལ་ལ་བརྟགས་པའི་ཉེས་པ་བརྗོད་པར་མཛད་པ་མ་ཡིན་པའི་ཕྱིར་དང༌། ཟླ་བས་སྐྱོན་སྤོང་མཛད་པ་ན་ཡང༌། བཟློག་དོན་གྱི་གཏན་ཚིགས་ཁས་མི་ལེན་པའི་རྒྱུ་མཚན་གྱིས་གྲུབ་མཐའ་དང་འགལ་བ་མེད་པར་བཤད་པ་ཡིན་གྱི་བསྒྲུབ་བྱ་སྒྲུབ་ཚུལ་ལ་དཔྱད་པ་མ་མཛད་པའི་ཕྱིར་དང༌། ཁྱེད་ཀྱིས་ནི་ལེགས་ལྡན་འབྱེད་ཀྱི་བསམ་པ་ལོག་པར་བཀྲལ་བ་ཡིན་ནོ། །དེ་ལྟར་འགྲེལ་པའི་རྒྱུ་མཚན་ཡང་མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་འདིར་སྤྱིར་སྐྱེ་བ་དོན་ཡོད་པ་ཐུག་ཡོད་ཙམ་ཁས་ལེན་པ་དབུ་མའི་ལུགས་མ་ཡིན་པ་ལ་ཁྱེད་ཀྱིས་ནི་དེ་དེའི་ལུགས་ཡིན་པར་རྩ་བའི་གྲུབ་མཐའ་ལ་ཁས་བླངས་པས་ནོངས་པ་ཡིན་ནོ། །གཉིས་པ་ཟླ་བས་སྐྱོན་སྤོང་ཇི་ལྟར་མཛད་པའི་དགོངས་པ་ཕྱིན་ཅི་ལོག་ཏུ་བཀྲལ་བར་བསྟན་པ་ལ་འདོད་པ་བརྗོད་པ་དང༌། དེ་མི་འཐད་པའོ། །དང་པོ་ནི། འདི་སྐད་ཅེས་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་བདག་སྐྱེ་འགོག་མི་ནུས་ན། རང་རྒྱུད་ཀྱིས་ཀྱང་འགོག་མི་ནུས་པས་རང་རྒྱུད་ཀྱི་རྟགས་དཔེ་བརྗོད་མི་དགོས་པ་དང༌། དབུ་མ་པས་རང་རྒྱུད་ཁས་ལེན་མི་རིགས་པའི་རྒྱུ་མཚན་གྱིས་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ལ་གཞན་གྱིས་སྨྲས་པའི་སྐྱོན་སྤོང་བྱེད་མི་དགོས་པ་དང༌། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པ་གཞན་ལ་གྲགས་ལ་ཟེར་བ་ཡིན་ན། སྤྱིར་ཕྱི་རྒོལ་ཐམས་ཅད་ལ་གཞན་གྲགས་བརྗོད་མི་དགོས་ལ། འགའ་ཞིག་ལ་དགོས་ནའང་མ་བརྗོད་པ་མ་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་རང་གི་བདག་ཉིད་དུ་ཡོད་པ་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ། །ཞེས་གསུངས་པ་ནི། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་པའི་དོན་འགྲེལ་པ་བྱེད་པའི་ངག་ཡིན་པས་ཡོད་པ་རྟགས་དང༌། ཡང་སྐྱེ་བ་དོན་མེད་པ་བསྒྲུབ་བྱའོ། །དེས་ནི་གཞན་ལ་གྲགས་པའི་དཔེ་མངོན་གསལ་གྱི་བུམ་པ་ཡང་བཟུང་བས་དཔེ་མ་བརྗོད་པའི་ཉེས་པ་ཡང་མེད་དོ། །མངོན་པར་མི་གསལ་བའི་ངོ་བོར་ཡོད་པ་སྐྱེ་བ་བཀག་པ་བསྒྲུབ་བྱ་ཡིན་པས་འགལ་བ་དང་མ་གྲུབ་པའི་སྐྱོན་གཉིས་མེད་དོ། །བཟློག་དོན་ཁས་ལེན་དགོས་པའི་རྒྱུ་མཚན་གྱི་གྲུབ་མཐའ་དང་འགལ་བའི་སྐྱོན་མེད་པའི་ཚུལ་ནི། འདི་ལྟར་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་ལ་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་འཕངས་པ་ཡིན་པ་ལ་ལེགས་ལྡན་འབྱེད་ཀྱིས་དེ་མ་དགོངས་པར། སྤྱིར་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་འདུག་སྙམ་ནས། ཐལ་བ་དེའི་བཟློག་དོན་ཁས་ལེན་དགོས་པར་སྨྲས་པ་ཡིན་ལ། ཟླ་བས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་སྐྱོན་སྤོང་བ་ན། སྤྱིར་སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཙམ་ཐལ་འགྱུར་དེའི་བཟློག་དོན་མ་ཡིན་གྱི་སླར་ཡང་སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཐལ་ཆོས་དེའི་བཟློག་དོན་ཡིན་པས། དེ་ནི་ཕ་རོལ་པོ་གྲངས་ཅན་གྱིས་ཁས་བླངས་པ་ཡིན་ལ། དེ་ལ་ཁས་བླངས་འགལ་བ་བརྗོད་པའི་ཐལ་འགྱུར་འཕངས་པ་ཡིན་གྱི། བཟློག་དོན་ཁས་བླངས་པའི་སྒོ་ནས་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་འཕངས་པ་ནི་མ་ཡིན་ཏེ། དབུ་མ་པ་རང་ལ་སླར་ཡང་སྐྱེ་བ་དོན་བཅས་དང་ཐུག་བཅས་ཀྱི་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་འཆད་པར་བྱེད་དོ། །གཉིས་པ་ལ་གསུམ་སྟེ། སྐྱོན་སྤོང་ཚུལ་དང་པོ་མི་འཐད། གཉིས་པ་མི་འཐད། གསུམ་པ་མི་འཐད་པའོ། །དང་པོ་ནི་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་བདག་སྐྱེ་འགོག་མི་ནུས་ན། རང་རྒྱུད་ཀྱིས་ཀྱང་མི་ནུས་པས་དེ་དང་དེ་མ་བརྗོད་པ་ཡིན་ནོ། །ཞེས་ཟེར་བ་ནི། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་སྐྱོན་སྤོང་ཡིན་པར་རློམ་མོད་ཀྱང༌། ཕྱོགས་ཙམ་དུ་ཡང་ཕྱིན་པ་མ་ཡིན་ཏེ། ལེགས་ལྡན་འབྱེད་རྟོག་གེ་པ་ཡིན་ཞེས་ཟེར་བཞིན་དུ། རྟོག་གེའི་གཞུང་ལུགས་ན་རྒོལ་ཕྱི་རྒོལ་གྱི་རྣམ་གཞག་དང་དེ་དག་གི་དམ་བཅའ་འཇོག་ཚུལ་དང་སྒྲུབ་བྱེད་འགོད་ཚུལ་དང་དེ་ལ་རྟགས་དང་དམ་བཅའི་ཚེར་མ་འབྱིན་ཚུལ་དང༌། དེ་ལ་ཕྱི་རྒོལ་བས་སུན་འབྱིན་ཇི་ལྟར་བརྗོད་པའི་ཚུལ་སོགས་ཇི་ལྟར་ཡོད་པའི་ཚུལ་ལ་རྟོག་དཔྱོད་མ་བཏང་ཞིང༌། ལེགས་ལྡན་འབྱེད་ཀྱིས་རྟོག་གེ་ལ་གྲགས་པའི་སུན་འབྱིན་ཇི་ལྟར་མཛད་པ་ཡིན་གྱི་མཐའ་མ་དཔྱད་པར་དེའི་བཞེད་པ་ལོག་པར་བཀྲལ་བའི་ཕྱིར་དང༌། ཟླ་བས་སྐྱོན་སྤོང་བའི་ཚུལ་གྱི་འཆད་ཚུལ་དེ་ཉིད་ལ་ཡང་སྐྱོན་ཆགས་པའི་ཕྱིར། འོ་ན་རྟོག་གེ་ལས་ཇི་ལྟར་འབྱུང༌། བྷ་བྱཱས་རྟོག་གེ་ལ་གྲགས་པའི་སུན་འབྱིན་ཇི་ལྟར་བརྗོད། སྐྱོན་སྤོང་ཚུལ་དེ་ཟླ་བའི་དགོངས་པ་མ་ཡིན་པ་ཅི་ཞེ་ན། བཤད་པ། རྟོག་གེ་ལས་ནི། སྔ་རྒོལ་དུ་ཁས་བླངས་ནས་དམ་བཅའ་འཇོག ཕྱི་རྒོལ་བས་དེའི་སྒྲུབ་བྱེད་དྲིས་ན། རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་འགོད། རྟགས་དཔེ་དང་ཕྱོགས་ཀྱི་ཉེས་པ་རྣམས་སེལ་བར་བྱེད། དེ་ལྟར་མི་བྱེད་ན་སྔ་རྒོལ་ཚར་བཅད་ཀྱི་གནས་སུ་འཇོག ཕྱི་རྒོལ་དུ་ཁས་བླངས་ནས་རྒོལ་བའི་དམ་བཅའ་དང་སྒྲུབ་བྱེད་ལྟར་སྣང་ལ་སུན་འབྱིན་འཕེན། སུན་འབྱིན་ལའང་དངོས་སུ་བསྒྲུབ་བྱ་མ་སྒྲུབ་པར་མཚུངས་ཀྱང༌། དགག་བྱ་འགོག་པའི་ཚུལ་གསུམ་འཕེན་མི་འཕེན་གྱི་དབྱེ་བས་གཉིས་སུ་ཡོད། དེ་དག་གང་རུང་གི་སྒོ་ནས་སུན་མི་འབྱིན་པའམ། ཕྱོགས་ཕྱི་མ་ལ་སྒྲུབ་བྱེད་འགོད་པར་བྱེད་ན་ཚར་བཅད་ཀྱི་གནས་སུ་འཇོག མདོར་ན་རང་ཕྱོགས་སྒྲུབ་པ་སྔ་རྒོལ་དུ་འཇོག་བྱེད་ཀྱི་གཙོ་བོ་དང༌། གཞན་ཕྱོགས་འགོག་པ་ཕྱི་རྒོལ་དུ་འཇོག་བྱེད་ཀྱི་གཙོ་བོར་བཤད་པ་ཡིན་ནོ། །སློབ་དཔོན་བྷ་བྱཱ་ཡིས་ཀྱང་དེ་ལྟར་ཐུགས་ལ་བཞག་ནས་སློབ་དཔོན་གྱི་བསྟན་བཅོས་ཀྱི་ཐོག་མར་མཐའ་བཞིའི་སྐྱེ་བ་འགོག་པར་གསུངས་པ་འདི་ལ་འགོག་ཚུལ་གཉིས་ལས་མི་འདའ་བ་ཡིན་པ་ལས། ཡང་ན་སྔ་རྒོལ་དུ་ཁས་བླངས་ནས་མཐའ་བཞིའི་སྐྱེ་བ་འགོག་པ་ལ་རང་རྒྱུད་ཀྱི་དཔེ་དང་གཏན་ཚིགས་འགོད་དགོས། ཡང་ན་ཕྱི་རྒོལ་དུ་ཁས་བླངས་ནས་དེ་དང་དེ་འགོག་པའི་སྒྲུབ་བྱེད་འཕེན་པའམ་མི་འཕེན་པའི་སུན་འབྱིན་བརྗོད་དགོས་པ་ཡིན་པ་ལ། བུདྡྷ་པཱ་ལི་ཏའི་གསུང་འདི་ལ་ནི་དེ་གཉིས་གང་གི་ཡང་རྣམ་པར་བཞག་པ་མ་ཚང་བའི་ཕྱིར་མི་རིགས་སོ། །ཞེས་བསམ་པ་ཡིན་ནོ། །དེ་ལས་གཞན་དུ་ན་ལེགས་ལྡན་གྱི་དགོངས་པ་འཆད་པ་ལྟར་ན། བྷ་བྱཱ་རང་ཉིད་ལ་རྟོག་གེའི་རྣམ་གཞག་མ་ཆགས་པར་འགྱུར་ཏེ། སྔ་རྒོལ་གྲངས་ཅན་གྱི་སྒྲ་རྟག་པར་ཁས་བླངས་པ་ལ་ཕྱི་རྒོལ་སངས་རྒྱས་པས་སྒྲ་མ་བྱས་པར་ཐལ་བ་འཕངས་པ་དེའི་ཚེ་ན་དེ་ལྟར་འཕེན་མི་རིགས་པར་འགྱུར་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་རང་རྒྱུད་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། འདིས་བཟློག་དོན་ལ་དེ་འཕངས་པའི་སྐྱོན་མེད་དོ་སྙམ་ན། འོ་ན་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་འཕེན་མཁན་གྱི་ཕྱི་རྒོལ་ཡང་དག་མི་སྲིད་པར་འགྱུར་ཏེ། དེས་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར། ཞེས་པའི་ཉེས་པ་འདི་བྷ་བྱཱ་རང་ཉིད་ལ་འཇུག་པར་མ་གཟིགས་པ་ཡིན་ནམ། དེས་ན་བུདྡྷ་པཱ་ལི་ཏས། མཐའ་བཞིའི་སྐྱེ་བ་འགོག་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པས་སྔ་རྒོལ་དུ་ཁས་མ་བླངས་པར་གསལ་ལ། ཕྱི་རྒོལ་དུ་ཁས་བླངས་ནས་བདག་ལས་སྐྱེ་བ་རྟགས་སུ་བཀོད་ནས་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕེན་པར་གསལ་བས་དེའི་ཚེ་ཐལ་ཆོས་ལ་ཚད་མས་བསལ་བ་མེད་ན་ནི། ཐལ་འགྱུར་ཡང་དག་ཏུ་འགྲོ་བའི་གོ་སྐབས་མེད་ལ། བསལ་བ་ཡོད་ན་ནི་དོན་བཅས་དང་ཐུག་བཅས་སུ་ཁས་བླངས་པས་རིགས་ངོའི་སྐྱེ་བ་ཁས་བླངས་པའི་ཕྱིར། གྲུབ་པའི་མཐའ་དང་འགལ་ལོ་ཞེས་བྱ་བ་འདི་ཉིད་ལེགས་ལྡན་འབྱེད་ཀྱི་བསམ་པ་མ་འཁྲུལ་པ་ཡིན་གྱི། དེ་ལས་གཞན་ནི་བྷ་བྱཱ་རང་ཉིད་བྱོན་ནས་བཤད་ཀྱང་བདེན་པ་མ་ཡིན་ནོ། །ཟླ་བའི་ཞབས་ཀྱིས་དེ་ལ་སྐྱོན་སྤོང་བ་ན། དབུ་མ་པས་ཕྱི་རྒོལ་དུ་ཁས་བླངས་པའི་ཚེ་རྒོལ་བ་གཞན་གྱི་ལོག་རྟོག་བཟློག་པ་ཙམ་དགོས་པའི་གཙོ་བོ་ཡིན་ལ། དེ་ལ་ནི་འགལ་བ་བརྗོད་པའི་ཐལ་འགྱུར་རྐྱང་པས་ཆོག་པ་ཡིན་གྱི། དེས་འཕངས་པའི་རང་རྒྱུད་ཀྱི་གཏན་ཚིགས་ལ་དགོས་པ་མེད། སྔ་རྒོལ་དུ་ཁས་བླངས་པའི་ཚེ་ནི་གཞན་ལ་གྲགས་ཀྱི་རྗེས་སུ་དཔག་པས་རྒོལ་བ་གཞན་ལ་ཚད་མ་སྐྱེད་པ་ཡིན་གྱི། ཚུལ་གསུམ་སྔ་རྒོལ་རང་གི་ཚད་མས་གྲུབ་པའི་གཏན་ཚིགས་ཡིན་པ་ཙམ་གྱིས་ཚད་མ་སྐྱེད་པ་ལ་ནུས་པ་ལྷག་པོ་ཅི་ཡང་མེད། ལུགས་དེ་གཉིས་ཀ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་ལ། དེ་ཡང་རྟོག་གེ་ལ་གྲགས་པའི་རིགས་པ་མ་ཡིན་གྱི། འཇིག་རྟེན་ཉིད་ལ་གྲགས་པའི་རིགས་པས་འཇིག་རྟེན་རྗེས་སུ་འཛིན་པའི་ཚུལ་ལོ་ཞེས་བྱ་བ་འདི་ཉིད་ཟླ་བའི་ཞབས་ཀྱི་བློ་གྲོས་རྣམ་པར་དཀར་བའི་བསམ་པ་ཡིན་གྱི། དེ་ལས་གཞན་དུ་ནི་ཟླ་བ་ཉིད་བྱོན་ནས་སྨྲས་ཀྱང་ཁོ་བོ་ཅག་ལ་ཡིད་ཆེས་པའི་ཚིག་ཏུ་མི་འགྱུར་རོ། །ཁྱེད་ཀྱིས་བཤད་པ་ལྟར་ན། རྣམ་པར་དཀར་བའི་ཟླ་བ་ཉིད་ལ་ཁྱེད་ཅག་གི་རྣམ་དཔྱོད་ཀྱི་ལག་པས་བྲིས་པའི་ནག་པོའི་རི་མོ་འདི་ལྟར་འབྱུང་སྟེ། འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་བདག་སྐྱེ་འགོག་མ་ནུས་ན་རང་རྒྱུད་ཀྱིས་ཀྱང་མི་ནུས་པས་རང་རྒྱུད་བརྗོད་པ་དགོས་པ་མེད་ཟེར་བ་ལྟར་ན། འོ་ན་གཞན་ལ་གྲགས་ཀྱི་རྗེས་དཔག་ངེས་པར་འགོད་དགོས་པའི་རྒོལ་བ་དེ་ལ་ཡང་དེ་མི་དགོས་པར་ཐལ། དེ་ལའང་འགལ་བ་བརྗོད་པའི་ཐལ་འགྱུར་རྐྱང་པས་ཆོག་པའི་ཕྱིར། བྱེ་བྲག་ཏུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ངལ་བ་ཉིད་ཆེན་པོས་བདག་སྐྱེ་འགོག་པའི་ཚེ། གཞན་གྲགས་ཀྱི་གཏན་ཚིགས་བཀོད་པ་ལ་རྒྱུ་མཚན་དང་དགོས་པ་ཅི་ཡང་ཡོད་པ་མ་ཡིན་པར་ཐལ། འགལ་བ་བརྗོད་པའི་ཐལ་འགྱུར་རྐྱང་པས་བདག་སྐྱེ་འགོག་ནུས་པའི་ཕྱིར་དང༌། དེས་དེ་མི་ནུས་ན་ཁོ་བོ་ཅག་སྨྱོན་པ་དང་ལྷན་ཅིག་ཏུ་རྩོད་པའང་མ་ཡིན་པའི་ཕྱིར་དང༌། དེ་འགོག་པ་ལ་དེ་གཉིས་ཀ་དགོས་ན། དེ་ཙམ་གྱིས་མི་ཆོག་པར་ཐལ་བའི་ཕྱིར་དང༌། བདག་སྐྱེ་སོགས་འགོག་པ་ལ་གཞན་གྲགས་རྐྱང་པས་ཆོག་པའི་ཕྱིར་འགལ་བ་བརྗོད་པའི་ཐལ་འགྱུར་འཕེན་མི་དགོས་པར་འགྱུར་རོ་ཞེས་བརྗོད་ན་ཡང་མཚུངས་པར་འགྱུར་བའི་ཕྱིར་རོ། །འོ་ན་ཁྱེད་ཉིད་ཀྱིས་ཟླ་བའི་ཞབས་ཀྱི་དགོངས་པ་འཆད་ཚུལ་ལ་ཡང་སྐྱོན་དེ་ལྟར་མི་འབྱུང་ངམ་ཞེ་ན། དེ་མི་འབྱུང་བའི་ཚུལ་འདི་ལྟར་གཞན་གྱི་ལོག་རྟོག་བཟློག་པ་གཙོ་བོ་ཡིན་པ་དེའི་ཚེ་ནི། འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་སྟེ་གསུམ་གྱི་སྒོ་ནས་གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་དོ། །གཞན་ལ་ཚད་མ་སྐྱེད་པ་ཉིད་དགོས་པའི་གཙོ་བོ་ཡིན་པ་དེའི་ཚེ། གཞན་ལ་གྲགས་ཀྱི་གཏན་ཚིགས་ཀྱི་རྒོལ་བ་གཞན་རྗེས་སུ་འཛིན་པར་བྱེད་དོ། །ཚད་མ་དེ་ཡང་གཞན་ཕྱོགས་འགོག་པའི་ཚད་མ་ཡིན་གྱི། རང་ཕྱོགས་སྒྲུབ་པའི་ཚད་མ་ནི་མ་ཡིན་ཏེ། སྐབས་འདིར་རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཡང་དབུ་མ་པས་རང་རྒྱུད་ཁས་མི་ལེན་ཞེས་པ་ཡང༌། དོན་དམ་པའི་བདེན་པ་ལ་དཔྱོད་པ་དང༌། དབུ་མའི་རང་གི་ལུགས་རྣམ་པར་བསམ་པ་དེའི་ཚེ་ཡིན་ན་ནི། ཟླ་བའི་ཞབས་ཀྱི་དགོངས་པར་སོང་ལ། ཐ་སྙད་ཀྱི་བདེན་པ་རྣམ་པར་འཇོག་པ་དེའི་ཚེ་ཡང༌། དེ་ལྟར་འདོད་ན་ནི་འཇིག་རྟེན་གྱི་གྲགས་པ་ལས་ཉམས་པར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་ཁོ་ནས་རྣམ་པར་བསླད་པའི་བློ་གྲོས་ཅན་རྣམས་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་རྣམས་རང་རྒྱུད་ཀྱི་གཏན་ཚིགས་ཁོ་ནས་ངེས་པར་བྱེད་པའི་ཕྱིར་དང༌། ཁྱེད་རང་ཅག་འདོད་པའི་ཆོས་ཅན་མཐུན་སྣང་གི་ཚད་མས་ཇི་ལྟར་འཇོག་པའི་ཚུལ་དེ་ཡང༌། འཇིག་རྟེན་གྱི་གྲགས་པ་ཉིད་གཞིར་འཇོག་པ་དེའི་ཚེ་ཡང་ངེས་པར་ཁྱེད་ཀྱིས་ཀྱང་ཁས་ལེན་དགོས་པའི་ཕྱིར་རོ། །སྐྱོན་སྤོང་ཚུལ་གཉིས་པ་མི་འཐད་པའི་ཚུལ་ནི་ཁྱེད་ཀྱིས་འདི་སྐད་ཅེས། ཕྱི་རྒོལ་ཐམས་ཅད་ལ་གཞན་ལ་གྲགས་པ་བརྗོད་མི་དགོས་ལ། འགའ་ཞིག་ལ་དགོས་ན་མ་བརྗོད་པ་ཡང་མ་ཡིན་ཏེ། ཞེས་འཆད་པ་ཡང་ཟླ་བའི་དགོངས་པར་མི་རུང་སྟེ། ཕྱི་རྒོལ་ཐམས་ཅད་ལ་དེ་བརྗོད་དགོས་ཟེར་བ་ལེགས་ལྡན་འབྱེད་ཀྱི་འདོད་པ་དངོས་དང་དོགས་པའི་མཐའ་གཞན་འགོག་པ་གང་ལ་ཡང་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་དང༌། འགའ་ཞིག་ལ་བརྗོད་དགོས་པའི་མཚན་གཞི་གང་ཡིན་པའང་ཁྱེད་ལ་དྲིས་ན་སྟོན་རྒྱུ་མེད་པའི་ཕྱིར་དང༌། ཕྱི་རྒོལ་འགའ་ཞིག་ལ་གཞན་ལ་གྲགས་ཀྱི་གཏན་ཚིགས་འགོད་དགོས་ཞེས་པ་དགོངས་པ་ཡིན་ན། ཚིག་གསལ་ལས་འདིར་རྗེས་སུ་དཔག་པས་གནོད་པ་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད། ཅེས་པའི་དོན་ཁྱེད་ཀྱིས་འཆད་མི་ཤེས་པའི་ཕྱིར་རོ། །ཡང་གཞན་གྲགས་ཀྱི་རྟགས་དཔེ་ཆོས་གསུམ་གྱི་ངོས་འཛིན་ཚུལ་ཁྱེད་ཀྱིས་བཤད་པ་དེ་ནི་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་ཏེ། ཁྱེད་ཀྱིས་ནི་དེ་དག་གི་སྐྱེ་བ་དོན་མེད་ཉིད་དུ་འགྱུར་བའི་ཕྱིར། ཞེས་པ་མདོར་བསྟན་དང༌། རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ། །ཞེས་པ་རྒྱས་བཤད་དུ་བྱས་ཏེ། རྒྱས་བཤད་ཀྱི་ངག་དེ་གཅིག་པུས་རྟགས་དཔེ་ཆོས་གསུམ་ཀ་ངོས་འཛིན་པར་བཤད་ནས་དེ་ཡང་རང་གི་བདག་ཉིད་དུ་ཡོད་པ་ཞེས་པས་རྟགས་དང༌། ཡང་སྐྱེ་བ་དགོས་པ་མེད་དོ་ཞེས་པས་བསྒྲུབ་བྱའི་ཆོས་དང༌། དེ་ཉིད་ཀྱི་མངོན་གསལ་གྱི་བུམ་པ་མཐུན་དཔེར་འཇོག་པ་ཡང་བསྟན་པ་ཡིན་ནོ། །ཞེས་འཆད་ལ། དེ་ནི་དེའི་དགོངས་པ་མ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། ཚིག་གསལ་དུ་ཡང་སྐྱེ་བ་དགོས་པ་མེད་དོ། །ཞེས་པས་གཞན་ལ་གྲགས་པའི་མཐུན་དཔེ་འཛིན་པར་བཤད་ཀྱི་བསྒྲུབ་བྱའི་ཆོས་འཛིན་པར་མ་བཤད་པའི་ཕྱིར་དང༌། བདག་ལས་སྐྱེ་བ་མེད་དེ་ཞེས་པ་ཉིད་བསྒྲུབ་བྱའི་ཆོས་སུ་བཤད་པའི་ཕྱིར་དང༌། སླར་ཡང་སྐྱེ་བ་དོན་མེད་པ་དེ་བདག་སྐྱེ་འགོག་པའི་སྐབས་ཀྱི་སྒྲུབ་བྱེད་དུ་རིགས་ཀྱི་བསྒྲུབ་བྱར་བྱས་ན་གྲངས་ཅན་ཀྱི་ངོ་བོར་གྲུབ་ཟིན་སྒྲུབ་པར་འགྱུར་པའི་ཕྱིར། ཚིག་གསལ་ན་བདག་སྐྱེ་འགོག་པའི་བསྒྲུབ་བྱའི་ཆོས་ཀྱི་འཛིན་ཚུལ་སྒྲས་ཟིན་ལ་གཉིས་སྣང་ཡང་ཁྱེད་ཀྱི་འདོད་པ་དེ་ནི་སྣང་རུང་མ་དམིགས་པའི་ཕྱིར་དང༌། ཁྱེད་ལྟར་ན་གཞན་གྲགས་ཀྱི་འགོད་ཚུལ་རྒྱུ་དུས་སུ་མི་གསལ་བའི་ཚུལ་གྱིས་ཡོད་པར་འདོད་པའི་དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་ནས་ཡོད་པའི་ཕྱིར། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན། ཞེས་འགོད་པར་འདོད་ལ། དེ་ལྟར་ནི་ཟླ་བའི་ཞབས་ཀྱིས་མ་བཤད་པའི་ཕྱིར། མ་བཤད་པ་ཅི་ཞེ་ན། སླར་ཡང་སྐྱེ་བ་དོན་མེད་པ་གཏན་ཚིགས་སུ་བཤད་ཀྱི་ཆོས་སུ་མ་བཤད་པའི་ཕྱིར་དང༌། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་མེད། ཅེས་པ་སྐབས་དེར་སྒྲུབ་བྱེད་ཡིན་གྱི་བསྒྲུབ་བྱ་མ་ཡིན་ཏེ། དེ་བསྒྲུབ་བྱ་ཡིན་ན་སྐབས་དེར་སྒྲུབ་བྱེད་མི་རྙེད་པའི་ཕྱིར། ཡང་ཁྱེད་ཀྱིས་བཀོད་པའི་སྦྱོར་བ་དེ་གཞན་གྲགས་ཀྱི་གཏན་ཚིག་འགོད་ཚུལ་ཡོངས་སུ་ཚང་བ་མ་ཡིན་ཏེ། ཉེར་སྦྱོར་དང་འཇུག་བསྡུད་མ་བརྗོད་པའི་ཕྱིར་དང༌། ཟླ་བའི་ཞབས་ཀྱི་ཚད་མ་སྐྱེད་པའི་གཞན་གྲགས་ཐམས་ཅད་ཡན་ལག་ལྔ་ལྡན་དུ་བཞེད་པའི་ཕྱིར། འོ་ན་ཇི་ལྟར་བཤད་ཅེ་ན། ཁྱེད་མདོར་བསྟན་དུ་འདོད་པའི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པས་ཆོས་ཅན་དང་དམ་བཅའ་བསྟན་པ་དང༌། རྒྱས་བཤད་ཀྱི་སྐབས་ནས་འབྱུང་བའི་རང་གི་བདག་ཉིད་དུ་ཡོད་པ་ཞེས་པ་དང༌། མདོར་བསྟན་གྱི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་པ་སྦྲེལ་བས་གཏན་ཚིགས་བསྟན་པ་དང༌། རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་དགོས་པ་མེད་དོ་ཞེས་པས་ནི། མཐུན་དཔེ་བཤད་པ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཚེ་སྦྱོར་བ་ཇི་ལྟར་འགོད་སྙམ་ན། སྔར་བཤད་པར་ལྟར། དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པ་ལ་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དཔེར་ན་མངོན་གསལ་གྱི་བུམ་པ་ཡང་སྐྱེ་བ་ལ་དགོས་པ་མེད་པ་བཞིན། དཔེ་དེ་བཞིན་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པའི་བུམ་པ་རང་གི་བདག་ཉིད་དུ་ཡོད་པ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། བདག་ལས་སྐྱེ་བ་མེད་དོ། །ཞེས་འགོད་པ་ནི་དབུ་མ་པས་གཞན་གྲགས་ཀྱི་གཏན་ཚིགས་འགོད་པའི་ཚུལ་ཡིན་ཏེ། དཔེར་ན། འཇིག་རྟེན་པ་དག་སྒྲ་མི་རྟག་པར་སྒྲུབ་པ་ན། སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་རོ། །བྱས་པ་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་འགོད་པ་མཐོང་བས་སོ། །ཞེས་འཆད་པ་ཉིད་ཚིག་གསལ་གྱི་དགོངས་པ་ཡིན་གྱི། དེ་ལས་གཞན་དུ་ནི་སུ་ཞིག་གིས་ཇི་ལྟར་བསྟན་ཡང་ཁོ་བོ་ཅག་ཡིད་རྟོན་པ་མེད་དོ། །དེ་ལྟ་མོད་ཀྱི་ཁྱེད་ཅག་གི་འཆད་ཚུལ་འདི་ལ། འགྲེལ་པ་ལས་འབྱུང་བའི་འཁྲུལ་གཞི་གཅིག་དང༌། རང་གི་འདོད་པ་ཕུགས་སུ་བཞག་པའི་དགོས་པ་ཞིག་སྟེ་གཉིས་ཡོད་དོ། །ཇི་ལྟར་ཞེ་ན། ཇི་སྐད་དུ་ཚིག་གསལ་ལས། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཞེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བའི་ཆོས་འཛིན་པ་ཡིན་ནོ། །ཞེས་གསུངས་པ་དེ་འཁྲུལ་པ་ཡིན་ཏེ། དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཤེས་པ་སྒྲུབ་བྱེད་ཀྱི་གཏན་ཚིགས་ལ་འཆད་རྒྱུ་ཡིན་པ་ལ་དེར་འཆད་མ་ཤེས་པས་ནོངས་པའི་ཕྱིར་དང༌། དེ་དེར་འཆད་རྒྱུ་ཡིན་པ་ནི་ཚིག་གསལ་ཉིད་དུ་འབྱུང་བའི་གཏན་ཚིགས་ཀྱི་འགོད་ཚུལ་ལས་ཤེས་པའི་ཕྱིར་དང༌། གོང་དུ་བསྒྲུབ་པར་བྱ་བ་དང༌། དེའི་ཆོས་བཟློག་པའི་དོན་མངོན་པས་ཞེས་བཤད་པ་དེ་ཡང་དེ་དེར་འཆད་དགོས་པ་བཞིན་ནོ། །དེ་ལས་གཞན་དུ་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བ་བསྒྲུབ་བྱའི་ཆོས་སུ་འཛིན་རྒྱུ་ཡིན་ན། སངས་རྒྱས་བསྐྱངས་ཉིད་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར། ཞེས་སྒྲུབ་བྱེད་དུ་བཤད་པ་དང་དངོས་སུ་འགལ་བའི་ཕྱིར་དང༌། འགལ་བ་བརྗོད་པའི་ཐལ་འགྱུར་འཕེན་པའི་ཚེ། དངོས་པོ་རྣམས་ཆོས་ཅན། སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་ཞེས་འཕངས་ན། དེས་འཕངས་པའི་བཟློག་དོན་ལ་དེ་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་ཡོད་པའི་ཕྱིར་ཞེས་གཞན་གྲགས་ཀྱི་རྩ་སྦྱོར་དུ་བཀོད་ན། སངས་རྒྱས་བསྐྱངས་ཀྱི་དགོངས་པའི་ཕྱོགས་སུ་འགྲོ་བ་ཡིན་གྱི། ཁྱེད་ཅག་གིས་སླར་ཡང་སྐྱེ་བ་དོན་མེད་པ་དེ། བདག་སྐྱེ་འགོག་པའི་སྐབས་ཀྱི་ཐལ་འགྱུར་དང༌། གཏན་ཚིགས་གཉིས་ཀའི་ཆོས་སུ་བཤད་པས་རྣམ་པར་འཁྱམས་པ་ཡིན་ནོ། །གཞན་དག་གིས་སྨྲས་པ། ཁོ་བོ་ཅག་གི་འདོད་པ་ཕུགས་སུ་བཅུག་པའི་བཤད་པ་ཇི་ལྟར་བྱས་ཤེ་ན། སླར་ཡང་སྐྱེ་བ་དོན་ཡོད་པ་གྲངས་ཅན་གྱི་རྩ་བའི་འདོད་པ་ཡིན་པར་ཁྱེད་ཀྱིས་འཆད་དགོས་པས་དེ་འགྲིག་པར་བྱ་བའི་ཕྱིར་དུ། སླར་ཡང་སྐྱེ་བ་དོན་མེད་པ་རེ་འགའ་ཐལ་བའི་ཆོས་དང་རེ་འགའ་བསྒྲུབ་བྱའི་ཆོས་སུ་བྱེད་པས་སོ། །འོ་ན་དེ་དེའི་རྩ་བའི་འདོད་པ་མ་ཡིན་པ་ཅི་ཞེ་ན། དབུ་མ་འཇུག་པ་ལས། དེ་ནི་དེ་ལས་འབྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། །ཅེས་པ་བདག་སྐྱེ་འགོག་བྱེད་ཀྱི་རིགས་པར་བཤད་པ་ཡིན་གྱི། དེའི་དུས་ཀྱི་ཆོས་སུ་མ་བཤད་པའི་ཕྱིར་དེ་ཡང་ཇི་སྐད་དུ། དེ་ཉིད་ཀྱི་འགྲེལ་པ་ལས། བདག་ལས་སྐྱེ་བའི་ཕྱོགས་འདི་ནི་རིགས་པ་དང་འགལ་བ་ཡང་ཡིན་ནོ། །ཞེས་འཆད་པ་ནི། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད་ཅེས་བྱ་བའོ། །ཞེས་གསུངས་པའོ། །འོ་ན་ཇི་སྐད་དུ། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། ཞེས་སོགས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་གྲངས་ཅན་གྱིས་རྩ་བའི་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གོང་དེར་རྒྱུ་དུས་སུ་ཡོད་པ་རྟགས་སུ་བཀོད་ནས། སྐྱེ་བ་དོན་མེད་དུ་ཐལ་བ་འཕངས་པ་ལ། ཁྱབ་པ་མ་ངེས་ན། དེའི་ཁྱབ་པ་གྲངས་ཅན་གྱི་བློ་ངོར་སྒྲུབ་བྱེད་ཀྱི་རིགས་པ་འཆད་པའི་དབང་དུ་བྱས་ནས། སྐྱེས་པར་གྱུར་པ་ཞེས་སོགས་དང༌། སྐྱེས་ཟིན་ཞེས་སོགས་གསུངས་པ་ཡིན་ནོ། །མདོར་ན་སྐྱེ་བ་དོན་མེད་དུ་ཐལ་བ་ནི་བདག་སྐྱེ་འགོག་བྱེད་ཀྱི་རྩ་བའི་ཐལ་འགྱུར་དང༌། ཐུག་མེད་དུ་ཐལ་བ་ནི། དེའི་ཁྱབ་པ་སྒྲུབ་བྱེད་ཀྱི་རིགས་པ་ཡིན་ནམ་མིན་ཞེས་རྣམ་དཔྱོད་དྲང་པོའི་མིག་གིས་ལེགས་པར་རྟོག་དགོས་པ་ཡིན་ནོ། །སྐྱོན་སྤོང་གསུམ་པ་མི་འཐད་པའི་ཚུལ་ནི། ཇི་སྐད་དུ་ཐལ་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཞེས་པའི་དོན་ལ་ཁྱེད་ཅག་གིས། སྤྱིར་སྐྱེ་བ་དོན་ཡོད་དང་ཐུག་ཡོད་དབུ་མ་པས་ཁས་ལེན་ཡང༌། སླར་ཡང་སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཕ་རོལ་པོ་དང་འབྲེལ་གྱི་སངས་རྒྱས་བསྐྱངས་ཀྱིས་ཁས་མི་ལེན་པས་གྲུབ་མཐའ་དང་མི་འགལ་བ་དང༌། སངས་རྒྱས་བསྐྱངས་ཀྱིས་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་པ་ལེགས་ལྡན་འབྱེད་ཀྱིས་མ་དགོངས་པར་སྤྱིར་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་འཕངས་པར་དགོངས་ནས། བཟློག་དོན་ཁས་ལེན་དགོས་པར་སྨྲས་པ་ལ་ཟླ་བས་དེར་འཕངས་པ་ཡིན་གྱི། སྔ་མ་ལྟར་འཕངས་སོ་ཞེས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་བཤད་པ་ན། ཐལ་བ་དེའི་བཟློག་དོན་ཁས་ལེན་མི་དགོས་པར་གྲུབ་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི་ཡང་དག་མ་ཡིན་ཏེ། ལུང་དང་རིགས་པ་དང་ཁས་བླངས་པ་གསུམ་ཅར་དང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། དབུ་མ་ཐལ་འགྱུར་བས། དངོས་པོ་རྣམས་མཐའ་བཞི་ལས་སྐྱེ་བ་འགོག་པའི་སྐབས་སུ་སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཁས་ལེན་ནོ་ཞེས་བྱ་བ་འདི་ཐལ་འགྱུར་ལྟ་ཞོག་སྤྱིར་དབུ་མ་པའི་ལུགས་མ་ཡིན་ཏེ། དེ་ལྟར་ཁས་བླངས་ན་ཐ་སྙད་ཀྱི་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་རིགས་ངོའི་སྐྱེ་བ་ལ་མཐའ་བཞི་པོ་དེར་མ་ངེས་པར་ཐལ་བ་དང་མྱུ་གུ་ཡོད་པ་སྐྱེའམ་མེད་པ་སྐྱེ་ཞེས་དཔྱོད་པའི་རིགས་ངོར་ཡོད་པ་སྐྱེ་ཞེས་ཁས་ལེན་དགོས་པ་དང༌། མྱུ་གུ་སྐྱེས་པ་སྐྱེའམ་མ་སྐྱེས་པ་སྐྱེ་ཞེས་དཔྱོད་པའི་རིགས་ངོར་གང་རུང་གཅིག་ཁས་ལེན་དགོས་པར་ཐལ་བ་དང༌། སོང་ཟིན་པའི་ལམ་ལ་འགྲོ་བ་ཡོད་དམ་མ་སོང་བའི་ལམ་ལ་འགྲོ་བ་ཡོད་ཅེས་དཔྱོད་པའི་རིགས་ངོར་གང་རུང་གཅིག་ཁས་ལེན་དགོས་པར་ཐལ་བ་དང༌། འདོད་ཆགས་དང་ཆགས་པ་སྔ་ཕྱི་དང་ལྷན་ཅིག་གང་དུ་ཡོད་དཔྱོད་པའི་རིགས་ངོར་གང་རུང་གཅིག་ཁས་ལེན་དགོས་པར་ཐལ་བ་སོགས་མདོར་ན་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ཀྱི་རིགས་པ་དང་འགལ་ལོ། །གཉིས་པ་རིགས་པ་དང་འགལ་བའི་ཚུལ་ནི། མྱུ་གུ་སྤྱིར་སྐྱེ་ལ་སླར་ཡང་མི་སྐྱེ་ཞེས་པར་ཁྱེད་ཀྱིས་ཁས་བླངས་པས་སྐྱེས་ཟིན་པའི་མྱུ་གུ་དེ་སྐྱེ་བ་ཡིན་ནམ། སྐྱེས་མ་ཟིན་པའི་མྱུ་གུ་སྐྱེ་བ་ཡིན། དང་པོ་ལྟར་ན། མྱུ་གུ་སླར་ཡང་སྐྱེ་བར་ཐལ། སྐྱེས་ཟིན་གྱི་མྱུ་གུ་སྐྱེ་བའི་ཕྱིར། གཉིས་པ་ལྟར་ན། མ་སྐྱེས་པའི་མྱུ་གུ་དེ་ཡོད་དམ་མེད། མེད་ན་སྐྱེ་བར་འགལ། ཡོད་ན་མྱུ་གུ་ཡིན་དགོས་པས། དེ་ཆོས་ཅན། སྐྱེས་པར་ཐལ། མྱུ་གུ་ཡིན་པའི་ཕྱིར། འདོད་ན། སྐྱེས་ཟིན་སྐྱེ་བར་ཐལ་ལོ། །སྔ་མ་དེ་དགོས་པའི་ཁྱབ་པ་མེད་ན་ནི་འགལ་བ་འདི་ལྟར་མྱུ་གུ་སྐྱེ་བ་མེད་པར་ཐལ། སྐྱེས་ཟིན་གྱི་མྱུ་གུ་ནི་མི་སྐྱེ། མ་སྐྱེས་པའི་མྱུ་གུ་ནི་མྱུ་གུར་འགལ་བའི་ཕྱིར། ཡང་ན་འདི་ལྟར་བརྟག་པར་བྱ་སྟེ། མྱུ་གུ་སྐྱེས་སམ་མ་སྐྱེས། སྐྱེས་ན་ནི། མྱུ་གུ་ཆོས་ཅན། སྐྱེས་ཟིན་སྐྱེ་བར་ཐལ། སྐྱེས་ཟིན་ཞིང་སྐྱེ་བའི་ཕྱིར། མ་སྐྱེས་ན་འདུས་མ་བྱས་པར་ཐལ་ལོ། །རིགས་པ་དེ་དག་ཁོ་བོ་ཅག་ལ་ཕྱིར་བཟློག་པར་བྱེད་ན་ནི། དེ་ལྟར་དཔྱད་པའི་ཚེ་ན་མྱུ་གུ་མི་སྐྱེ་ལ་མ་དཔྱད་ཅིང་མ་བརྟགས་པའི་ངོར་སྐྱེ་བ་ཡིན་ནོ། །ཞེས་བྱ་བ་འདི་ལན་ཡིན་ནོ། །གལ་ཏེ་མྱུ་གུ་སླར་ཡང་སྐྱེ་ཞེས་པའི་དོན་ནི་རྒྱུའི་དུས་སུ་གྲུབ་ཟིན་སྐྱེ་བ་ལ་འཆད་པ་ཡིན་གྱི། སྤྱིར་སྐྱེས་ཟིན་སྐྱེ་བ་ལ་དེའི་དོན་དུ་འཆད་པ་མ་ཡིན་ནོ་ཞེས་སྙམ་ན། འོ་ན་གྲངས་ཅན་ལ་ཐལ་བ་འཕེན་པའི་ཚེ་རྒྱུའི་དུས་སུ་གྲུབ་ཟིན་སླར་ཡང་མི་སྐྱེ་བར་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་འཕངས་པས་རྒོལ་བ་དེའི་ངོར། ཁྱབ་པ་ཕྱིན་ཅི་ལོག་ཏུ་སོང་བ་མ་ཡིན་ནམ། ཞེས་ཁྱེད་ཀྱིས་བསམ་དགོས་སོ། །དེ་ལྟར་བཤད་པ་ན་རྣལ་མའི་དོན་ནི་འདི་ཡིན་ཏེ། སླར་ཡང་སྐྱེ་བ་དོན་ཡོད་པ་ནི་གྲངས་ཅན་གྱི་རྩ་བའི་དམ་བཅའ་མ་ཡིན་ཏེ། གྲངས་ཅན་གྱིས་ནི་སླར་ཡང་མི་སྐྱེ་བ་དང་བདག་ལས་སྐྱེ་བ་གཉིས་གཞི་གཅིག་གི་སྟེང་དུ་དམ་བཅས་པ་ལ་དབུ་མ་པས། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བར་ཐལ། བདག་ལས་སྐྱེ་བའི་ཕྱིར། ཐལ་བ་ལས་བདག་ལས་སྐྱེ་བ་མེད་དེ། སླར་ཡང་སྐྱེ་བ་དོན་མེད་པའི་ཕྱིར། ཞེས་འཕེན་པར་གསལ་བ་དང༌། ཡང་མྱུ་གུ་བདག་ལས་སྐྱེ་བ་དང༌། སྐྱེ་བ་དོན་ཡོད་དུ་ཁས་ལེན་པ་ལ། དེ་ཆོས་ཅན། སྐྱེ་བ་དོན་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་འཕངས་པའི་ཟློག་དོན་གཞན་གྲགས་སུ་འདོད་པ་ནི་ཟླ་བའི་དགོངས་པ་ཡིན་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ་ཞེས་གསུངས་པ་དེ་བདག་སྐྱེ་འགོག་པའི་སྒྲུབ་བྱེད་དུ་ཟླ་བའི་ཞབས་ཀྱིས་བཞེད་པའི་ཕྱིར་དང༌། ཕྱི་རྒོལ་བ་ལ་མ་གྲུབ་པ་ཉིད་སྒྲུབ་བྱེད་དུ་འགོད་པ་ནི་རིགས་པ་མ་ཡིན་པ་སྨྲ་བ་དག་ལ་ཡོད་པ་ཡིན་གྱི། ཟླ་བ་གྲགས་པའི་ལུགས་མ་ཡིན་པའི་ཕྱིར། དེ་དེའི་སྒྲུབ་བྱེད་ཡིན་པ་ཅི་ལྟར་ཞེ་ན། འགྲེལ་པ་དེས་བདག་སྐྱེ་འགོག་པའི་གཞན་ལ་གྲགས་ཀྱི་མཐུན་དཔེ་སྟོན་པར་ཟླ་བ་གྲགས་པ་བཞེད་པའི་ཕྱིར། གལ་ཏེ་འདི་སྙམ་དུ། མངོན་གསལ་གྱི་བུམ་པ་སླར་ཡང་མི་སྐྱེ་བ་དེའི་འདོད་པ་ཡིན་ལ་མངོན་པར་མི་གསལ་བའི་བུམ་པ་སླར་ཡང་སྐྱེ་བ་གྲངས་ཅན་གྱི་འདོད་པའོ། །ཞེ་ན། དེ་ཡང་མ་ཡིན་ཏེ། སླར་ཡང་སྐྱེ་བ་ཁས་ལེན་དགོས་པ་དང༌། ཁས་བླངས་པའི་ཁྱད་པར་མ་ཕྱེད་པས་ནོངས་པའི་ཕྱིར་དང༌། དེ་སླར་ཡང་སྐྱེ་བར་ཁས་བླངས་པ་ཡིན་ན། དེ་སྐྱེས་ཟིན་པར་ཁས་ལེན་དགོས་ཏེ། དེ་དེར་མི་ལེན་ན་སླར་ཡང་ཞེས་པའི་དོན་མ་ཚང་བའི་ཕྱིར་རོ། །དེ་བས་ན་གྲངས་ཅན་གྱི་འདོད་པ་ནི་རྒྱུ་དུས་སུ་འབྲས་བུ་མི་གསལ་བའི་ཚུལ་གྱིས་ཡོད་པར་ཁས་ལེན་པ་ཡིན་གྱི་དེའི་དུས་སུ་དེ་སྐྱེས་ཟིན་པར་ཁས་མི་ལེན་ཏེ། ས་བོན་གྱི་དུས་སུ་མྱུ་གུ་སྐྱེས་ཟིན་པར་ཁས་མི་ལེན་པ་བཞིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར། ཇི་སྐད་དུ། དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དངོས་པོ་ཐམས་ཅད་ཀྱི་སྟེང་དུ། སྐྱེས་ཟིན་སླར་ཡང་མི་སྐྱེ་བའི་རྟགས་ཀྱིས་བདག་སྐྱེ་འགོག་པ་ཡིན་གྱི། ཁྱེད་ཀྱིས་འདོད་པ་ལྟར་རྒྱུ་དུས་སུ་མི་གསལ་བའི་དངོས་པོ་རྣམས་ཁོ་ནའི་སྟེང་དུ་བདག་སྐྱེ་འགོག་པ་མ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གསུམ་པ་ཁས་བླངས་ནང་འགལ་བ་ཇི་ལྟར་ཡོད་པ་ནི། ཟླ་བའི་ཞབས་ཀྱིས་སླར་ཡང་སྐྱེ་ཞེས་པའི་ཚིག་གི་ནུས་པ་ཕྱུང་ནས་གྲུབ་པའི་མཐའ་དང་འགལ་བའི་ཉེས་པ་མེད་པར་བཤད་པ་དེ་ལྟ་ན། སླར་ཡང་ཞེས་པའི་ཚིག་གི་ནུས་པ་མ་རྙེད་པ་དེའི་ཚེ་གྲུབ་པའི་མཐའ་དང་འགལ་བའི་ཉེས་པ་སྤོང་མ་ནུས་པར་ཁས་བླངས་པས་འགལ་བ་འདི་ལྟར་བྱུང་སྟེ། འོ་ན་ཟླ་བའི་ཞབས་ཀྱི་ལུགས་ལ་སྐྱེ་བ་དོན་ཡོད་དང་ཐུག་ཡོད་དེ་མྱུ་གུ་བདག་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེའི་ཚེ་དེ་ལྟར་སྒྲུབ་པའི་ཚུལ་གསུམ་ཚང་བའི་ཕྱིར། རྟགས་ཁས་བླངས་འདོད་ན། དེའི་ཚེ་བསྒྲུབ་བྱའི་ཆོས་སུ་མ་ཡིན་དགག་སོང་བར་ཐལ། འདོད་པ་གང་ཞིག་དེ་ལྟར་བཀོད་པ་དེའི་ཚེ། སྐྱེ་བ་དོན་ཡོད་རང་ལུགས་ལ་ཁས་བླངས་པའི་ཕྱིར། ཁྱབ་པ་མ་ངེས་ན་འགལ་བ་འདི་ལྟར། དེ་ལྟར་བཀོད་པའི་ཚེ་རང་ལུགས་ལ་སྐྱེ་བ་ཡོད་པར་ཁས་བླངས་ན་བདག་སྐྱེ་བཀག་པའི་ཤུལ་དུ་སྐྱེ་བ་ཞིག་ལ་འཕངས་དགོས་ཏེ། དེའི་ཚེ་སླར་ཡང་སྐྱེ་བ་དོན་ཡོད་རང་ལུགས་ལ་ཁས་བླངས་ན་དེར་དེ་འཕངས་དགོས་པའི་ཕྱིར། རྟགས་ཁས་བླངས་སོ། །མདོར་ན་བདག་སྐྱེ་བཀག་པའི་ཤུལ་དུ་སྐྱེ་བ་ཙམ་འཕེན་པ་ལ་ནི་སླར་ཡང་སྐྱེ་བ་དོན་ཡོད་དང་སྤྱིར་སྐྱེ་བ་དོན་ཡོད་གཉིས་ལ་ནུས་པ་ཆེ་ཆུང་གི་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས། ཁྱེད་ཅག་གི་འཆད་ཚུལ་འདི་ནི་ལེགས་པར་བཤད་པ་མ་ཡིན་ནོ། །གང་ཡང་ཁྱེད་ཀྱི་ལྟར་ན། མྱུ་གུ་ཆོས་ཅན། བདག་ལས་སྐྱེ་བ་དོན་མེད་དེ། སླར་ཡང་སྐྱེ་བ་དོན་ཡོད་པའི་ཕྱིར། ཞེས་སངས་རྒྱས་བསྐྱངས་ཀྱིས་བཀོད་པ་ལྟར་ཁས་བླངས་པས་གྲངས་ཅན་གྱི་ངོར་བདག་ལས་སྐྱེ་བ་མེད་དེ། བདག་ལས་སྐྱེ་བ་ཡོད་པའི་ཕྱིར་ཞེས་པའི་དོན་དུ་སོང་བར་འགྱུར་ཏེ། སྐྱེས་ཟིན་སླར་ཡང་སྐྱེ་བ་དེ་བདག་ལས་སྐྱེ་བའི་དོན་དུ་གྲངས་ཅན་གྱིས་ཁས་བླངས་པར་ཁྱེད་འདོད་པས་སོ། །ཡང་ལེགས་ལྡན་འབྱེད་ཀྱིས་དངོས་པོ་རྣམས་ཆོས་ཅན། སྤྱིར་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་འཕེན་པ་དེ་སངས་རྒྱས་བསྐྱངས་ཀྱི་དགོངས་པ་ཡིན་པར་བཟུང་ནས་དེས་འཕངས་པའི་བཟློག་དོན་ཁས་བླངས་ན། གྲུབ་པའི་མཐའ་དང་འགལ་ལོ་ཞེས་འཆད་པ་ལེགས་ལྡན་འབྱེད་ཀྱི་དགོངས་པ་ཡིན་ན། ཟླ་བས་དེའི་སྐྱོན་སྤོང་བའི་ཚེ། སྤྱིར་སྐྱེ་བ་དོན་ཡོད་དང་ཐུག་ཡོད་སངས་རྒྱས་བསྐྱངས་ཀྱིས་ཁས་མི་ལེན་ཞེས་པའམ། དེ་ཁས་ལེན་ཀྱང་གྲུབ་མཐའ་དང་འགལ་བ་མེད་དོ་ཞེས་པའི་སྐྱོན་སྤོང་མཛད་པར་རིགས་ཀྱི་སླར་ཡང་སྐྱེ་བ་དོན་ཡོད་དང་ཐུག་ཡོད་ཁས་མི་ལེན་པས་གྲུབ་མཐའ་དང་འགལ་བ་མེད་དོ་ཞེས་བརྗོད་ན་ཇི་ལྟར་འབྲེལ་མེད་དུ་མ་སོང་སྟེ། གཞན་གྱིས་ཉེས་པར་མ་བརྗོད་པ་ལ་ཉེས་སྤོང་བྱས་པའི་ཕྱིར། ལེགས་ལྡན་གྱིས་སྐྱོན་དེ་ལྟར་བརྗོད་པ་ལ། ཟླ་བས་སྐྱོན་སྤོང་དེ་ལྟར་མཛད་པ་ཉིད་ཀྱི་སྐྱེ་བ་དོན་ཡོད་ཁས་ལེན་པ་དང་སླར་ཡང་སྐྱེ་བ་དོན་ཡོད་ཁས་ལེན་པ་གཉིས་དོན་གཅིག་ལ་འདུ་བར་ངེས་སོ། །ཞེས་ཁྱེད་ཀྱིས་རྣམ་པར་བསམ་དགོས་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་ཁྱེད་ཀྱི་ལྟར་ན། འབྲེལ་མེད་ཀྱི་སུན་འབྱིན་ལ་འབྲེལ་མེད་ཀྱི་སྐྱོན་སྤོང་བྱས་སོ། །ཞེས་འཆད་དགོས་པ་མ་ཡིན་ནམ། དེ་ཁོ་ནར་མ་ཟད་ཀྱི་སླར་ཡང་སྐྱེ་བ་དོན་ཡོད་ཁས་བླངས་ན་གྲུབ་པའི་མཐའ་དང་འགལ་བ་འབྱུང་ཡང༌། དེར་ཁས་མི་ལེན་ནོ་ཞེས་སྐྱོན་སྤོང་བྱེད་པ་ཁྱེད་ཀྱི་ལྟར་ན། དེར་ཁས་བླངས་ན་གྲུབ་པའི་མཐའ་དང་འགལ་བའི་ཉེས་པ་གང་བྱུང་ཞེས་འདྲིའོ། །མ་ཡིན་དགག་བསྒྲུབ་བྱར་བྱས་པའི་ཉེས་པའམ། སླར་ཡང་སྐྱེ་བ་དོན་ཡོད་ཁས་མི་ལེན་པའི་གྲུབ་མཐའ་དང་འགལ་ཞེས་པ་གཉིས་ལས། དང་པོ་ལྟར་ན་ནི་དེས་དེར་འགྱུར་ན། སྤྱིར་སྐྱེ་བ་དོན་ཡོད་ཁས་བླངས་པས་དེར་མི་འགྱུར་བའི་རྒྱུ་མཚན་ཅི་ཡང་མེད་པས་རྣམ་པ་ཀུན་དུ་མཚུངས་ལ། གཉིས་པ་ལྟར་ན་ནི། དེ་ལ་གྲུབ་མཐའ་དང་འགལ་ཞེས་པའི་ཉེས་པ་བརྗོད་མཁན་དེ་སུ་ཞིག་ཡིན། བྷ་བྱཱ་ཉིད་ལས་གཞན་མེད་པས་དེ་ལྟར་ན་ནི། དེས་སླར་ཡང་ཞེས་པའི་དོན་མ་དགོངས་པར་འཆད་པ་དང་ཇི་ལྟར་མི་འགལ། འོན་ཏེ་ཟླ་བས་དོགས་པ་ཁོངས་ནས་བླངས་པ་ཡིན་ན་ནི། ལེགས་ལྡན་འབྱེད་ཀྱི་སྐྱོན་སྤོང་དུ་ཇི་ལྟར་འགྱུར། ཡང་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ཀྱི་དགོངས་པ་ལེན་ཚུལ་ལ་ལེགས་ལྡན་འབྱེད་ཀྱིས་ནམ་ཡང་མི་བཞེད་པའི་རྣམ་པར་བརྟགས་པ་ངན་པ་ཁྱེད་ཉིད་ཀྱིས་འདོད་པས་རྣམ་པར་བརྟགས་པའོ། །དེ་ཡང་གང་ཞེ་ན། རེ་འགའ་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་མེད་དང་ཐུག་མེད་དུ་འགྱུར་བའི་ཕྱིར། ཞེས་པ་སངས་རྒྱས་བསྐྱངས་ཀྱིས་འཕངས་པའི་ཐལ་བ་དང༌། བདག་སྐྱེ་མེད་པའི་སྐྱེ་བ་ཡོད་དེ། སྐྱེ་བ་དོན་ཡོད་དང་ཐུག་པ་ཡོད་པའི་ཕྱིར་ཞེས་པ་དེའི་བཟློག་དོན་དུ་འདོད་དོ་ཞེས་པ་དང༌། རེས་འགའ་ནི། སྐྱེ་བ་དོན་དང་ཐུག་པ་མེད་པར་ཐལ། བདག་ལས་སྐྱེ་བའི་ཕྱིར་ཞེས་པ་སངས་རྒྱས་བསྐྱངས་ཀྱི་ཐལ་བ་དང༌། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་དང་ཐུག་པ་ཡོད་པའི་ཕྱིར། ཞེས་པ་དེའི་བཟློག་དོན་དུ་འདོད་དོ་ཞེས་ལེགས་ལྡན་འབྱེད་ཀྱིས་བཤད་པར་ཁྱེད་ཅག་འཆད་པས་སོ། །ཡང་ཁྱེད་ཅག་འདི་སྐད་དུ། རྒྱུའི་བདག་ཉིད་དུ་གྲུབ་ཟིན་པ་ཡོད་པ་དང༌། སྤྱིར་སྐྱེ་བ་དོན་ཡོད་མི་འགལ་ལ། དེ་དང་སླར་སྐྱེས་བ་འགལ་བས་སངས་རྒྱས་བསྐྱངས་ཀྱི་དགོངས་པ། ཟླ་བས་ལེགས་པར་བླངས་ལ། ལེགས་ལྡན་འབྱེད་ཀྱིས་ལོག་པར་བླངས་སོ་ཞེས་འཆད་པ་དེ་ནི་ཡང་དག་པ་མ་ཡིན་ཏེ། འགལ་བ་བརྗོད་པའི་ཐལ་འགྱུར། སུན་འབྱིན་ཡང་དག་ཏུ་འགྲོ་བ་ལ་ཐལ་འགྱུར། དེའི་རྟགས་དང་ཆོས་ལོག་རྒོལ་བ་ཕ་རོལ་པོ་དེའི་བློ་ངོར་འགལ་བ་ཞིག་དགོས་པ་ལས། སླར་ཡང་སྐྱེ་བ་དང་བདག་ལས་སྐྱེ་བ་གཉིས་པོ་གྲངས་ཅན་གྱི་ངོར་འགལ་བ་ལྟ་ཞོག དེ་གཉིས་དེའི་ངོར་དོན་གཅིག་ལ་འདུ་བར་ཁྱེད་ཀྱིས་བཤད་པའི་ཕྱིར། སྤྱིར་སྐྱེ་བ་དང་རྒྱུ་དུས་སུ་ཡོད་པ་སྐྱེ་བ་གཉིས་ནི་གྲངས་ཅན་གྱི་བློ་ངོར་ཡང་འགལ་བ་ཡིན་ཏེ། དེས་རྒྱུ་དུས་སུ་ཡོད་པའི་དངོས་པོ་རྣམས་གསར་དུ་སྐྱེ་བར་མི་འདོད་པའི་ཕྱིར་རོ། །གསུམ་པ་ཟླ་བས་རང་རྒྱུད་བཀག་པའི་དགོངས་པ་མ་ལོན་པར་བསྟན་པ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། དབུ་མ་པས། དངོས་པོར་སྨྲ་བའི་ངོར་རང་རྒྱུད་ཀྱི་རྟགས་འགོད་མི་རིགས་ཏེ། དེས་དེའི་ངོར་རྟགས་གང་བཀོད་ཀྱང་ཆོས་ཅན་དང་རྟགས་དང་དཔེ་གསུམ་ཀ་ཚད་མ་ཅི་འདྲ་བ་ཞིག་གིས་འགྲུབ་པའི་འགྲུབ་ཚུལ་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་པ་མི་སྲིད་པའི་ཕྱིར། དངོས་སྨྲ་བའི་ལུགས་ལ་གཟུགས་ཙམ་ལ་ཚད་མར་སོང་ཞིང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ལ་ཚད་མར་མ་སོང་བ་མི་སྲིད་པའི་ཕྱིར། ཐལ་འགྱུར་བའི་ལུགས་ལ་གཟུགས་ཙམ་ལ་ཚད་མར་སོང་ཞིང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ལ་ཚད་མར་སོང་བ་མི་སྲིད་པ་ལ་ཐུག་པ་ཡིན་ནོ། །ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། སྤྱིར་མི་འཐད་པ་དང༌། བྱེ་བྲག་ཟླ་བའི་དགོངས་པ་མ་ཡིན་པའོ། །དང་པོ་ནི། རང་རྒྱུད་ཀྱི་རྟགས་ཡང་དག་ཏུ་འགྱུར་བ་ལ་ཤེས་འདོད་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་དགོས་སོ་ཞེས་ཟེར་བ་འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ཁས་ལེན་མཁན་གྱི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མི་སྣང་བའི་ཕྱིར། མི་སྣང་བ་ཅི་ཞེ་ན། དེ་འདྲ་གལ་ཏེ་ཡོད་ན་རྟོག་གེ་སྨྲ་བའི་མདོ་སྡེ་པ་ལ་ཡོད་དགོས་པ་ལས་དེའི་གཞུང་ན་ནི། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་དུ་སོང་ཚོད་དེ་ལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པས་ཁྱབ་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང༌། །དགག་པ་ཐམས་ཅད་འདོད་པ་ཡིན། །ཞེས་དང༌། དེ་ལྟ་མིན་ན་དོན་རྣམས་ཀྱི། །ཆོས་གཅིག་བསྒྲུབས་བསམ་བཀག་པ་ན། །བདག་ཉིད་ཐམས་ཅད་བསྒྲུབས་པ་དང༌། །བཀག་འགྱུར་བདག་ཐ་དད་མེད་ཕྱིར། །ཞེས་དང༌། ཆོས་དང་ཆོས་ཅན་རྣམ་གཞག་དང༌། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་ནི་མ་བརྟགས་པར། །འཇིག་རྟེན་ཇི་ལྟར་གྲགས་དེ་ལ། །དེ་བཞིན་ཁོ་ནར་བརྟེན་ནས་ནི། །བསྒྲུབ་བྱ་སྒྲུབ་པ་ཀུན་བཞག་པ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པ་དེ་རང་ལྡོག་ནས་ཡིན་གྱི། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་དུ་འགྱུར་བ་ལ་གཞི་ལྡོག་དང་དོན་ལྡོག་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་དགོས་པར་རྟོགས་གེ་པས་འདོད་དོ། །ཞེས་ཟེར་བ་དེ་དག་གི་ལྟར་ན་ནི། སྤྱི་མཚན་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་ལ་སོགས་པ་ཤེས་འདོད་ཆོས་ཅན་གྱི་དོན་ལྡོག་དངོས་པོར་མེད་པ་རྣམས་ལ་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་རྟོག་གེ་སྨྲ་བའི་མདོ་སྡེ་རྣམས་ཀྱིས་ཁས་མི་ལེན་པར་འགྱུར་རོ། །གང་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཁས་ལེན་པ་དེས་དེའི་ཤེས་འདོད་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ལ། འཐད་པ་དེ་ཉིད་ཀྱིས་ན་དབུ་མ་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་ནོ། །ཞེས་ཟེར་བ་དེས་ཀྱང་གྲུབ་པའི་མཐའ་གང་ལ་ཡང་རྣམ་པར་མ་བརྟགས་པ་ཡིན་ཏེ། འདི་ལྟར་སློབ་དཔོན་ཆོས་ཀྱི་གྲགས་པས་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཉིད་དུ་ཁས་ལེན་པར་འགྱུར་ཏེ། དེས་དོན་བྱེད་ནུས་སྟོང་དེ་ནམ་མཁའ་དངོས་མེད་དུ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཏུ་ཞལ་གྱིས་བཞེས་པའི་ཕྱིར་རོ། །བྱེ་བྲག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། ལོག་པའི་ཀུན་རྫོབ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞལ་གྱིས་བཞེས་པར་འགྱུར་ཏེ། བདག་ཆོས་ཅན་དུ་བཟུང་བའི་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཞལ་གྱིས་བཞེས་པའི་ཕྱིར། འདོད་ན་ནི་ཁྱད་ཀྱིས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་པ་དེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་པ་ཡིན་པའི་ཚུལ་རྒྱས་པར་བཤད་པ་དང་འགལ་བ་དང༌། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ཡང༌། དེར་མ་གྲུབ་པ་ལ་འཆད་དགོས་པའི་ཚུལ་རྒྱས་པར་བཤད་པ་དང་འགལ་ལོ། །གཉིས་པ་ཟླ་བའི་བཞེད་པ་མ་ཡིན་པ་ནི། ཇི་སྐད་དུ། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་ཞལ་གྱིས་བཞེས་པར་བཤད་པའི་ཕྱིར་དང༌། ཡང་ཇི་སྐད་དུ། སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་ཚང་བར་བྱེད་ན། རང་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ། །ཞེས་རང་རྒྱུད་ཀྱི་རྗེས་སུ་དཔག་པ་འཆད་པའི་གནས་དང་གནས་མ་ཡིན་པ་གཉིས་བཤད་པའི་ཕྱིར་དང༌། ཇི་སྐད་དུ། སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱི་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཞེས་རང་བཞིན་གྱི་སྐྱེ་བ་འགོག་པའི་ཚེ་ལེགས་ལྡན་འབྱེད་ཀྱིས་ཀྱང༌། རྟེན་ཆོས་ཅན་བློ་ཕྱིན་ཅི་ལོག་གིས་རྙེད་པ་དེ། ཚད་མས་མི་འགྲུབ་བོ་ཞེས་ཁས་ལེན་པར་བཤད་ལ། ཁྱེད་ཀྱིས་བཤད་པ་དེ་ལྟར་ན་དོན་དམ་ལ་དཔྱོད་པའི་སྐབས་སུ་མིག་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཉིད་དུ་ཁས་ལེན་པར་འགྱུར་ཏེ། སྐབས་དེར་ཕྱིན་ཅི་ལོག་གིས་རྙེད་པ་ཅེས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་རྙེད་པ་ལ་ཁྱེད་ཀྱིས་བཤད་པའི་ཕྱིར། དེར་ཁས་ལེན་དགོས་པ་ཡིན་གྱི་བླངས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན། ཚིག་གསལ་དུ་ཁས་བླངས་པར་བཤད་པ་དེ་ནོར་བར་འགྱུར་རོ། །འོ་ན་དོན་དེ་ཁྱོད་ཉིད་ལ་ཡང་འདྲིའོ་ཞེ་ན། བཤད་པར་བྱ་སྟེ། དེའི་དོན་ནི་མིག་སོགས་དོན་དམ་དུ་མ་གྲུབ་པར་ཁས་བླངས་པ་ལ་ཟེར་བ་ཡིན་ནོ། དེ་ལས་ཅིར་འགྱུར་ཞེ་ན། མཐའ་བཞིར་སྐྱེ་བ་འགོག་པའི་རིག་ངོར། མིག་སོགས་ཡོད་པ་མ་ཡིན་པ་དང༌། མིག་སོགས་དོན་དམ་དུ་ཡོད་པ་མ་ཡིན་པ་གཉིས་དོན་གཅིག་ལ་འདུ་བར་ཟླ་བའི་ཞབས་ཀྱིས་འཆད་པ་ཡིན་ནོ། །ཡང་ཟླ་བ་འདིས་རང་རྒྱུད་འགོག་པའི་རིགས་པའི་གཙོ་བོ་ནི། ཇི་སྐད་དུ། ཕྱིན་ཅི་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར་ཞེས་གསུངས་པ་འདི་ཉིད་ཡིན་ལ། དེའི་དོན་ནི་ཁྱེད་ཀྱིས་ལོག་པར་བཤད་པ་ཡིན་ཏེ། ཕྱིན་ཅི་ལོག་ནི་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཚད་མ་ལ་ངོས་འཛིན་པའི་སྐབས་གཅིག་དང༌། རེས་འགའ་ཕྱིན་ཅི་མ་ལོག་པའི་ངོས་འཛིན་ཡང་སྔ་མ་དེ་ཉིད་ལ་འཆད་པའི་སྐབས་གཅིག་སྟེ་འགལ་བ་ཅན་གཉིས་རྣམ་རྟོག་གཏིང་མ་ཚུགས་པར་ཅིག་ཅར་དུ་སྨྲས་པའི་ཕྱིར། དེ་ལས་ཅིར་འགྱུར་ཞེ་ན། མིག་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འགྱུར་ཏེ། དེ་ལྟར་སྣང་བའི་བློ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པ་དེ་སྐབས་འདིར་ཕྱིན་ཅི་མ་ལོག་པའི་བློར་ཁས་ལེན་པའི་ཕྱིར། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་བློ་མ་ཡིན་པ་ཙམ་གྱིས་འདིར་ཕྱིན་ཅི་མ་ལོག་པའི་བློར་འཇོག་ན་ཧ་ཅང་ཐལ་ལོ། །ཅི་སྟེ་དངོས་སྨྲ་བའི་འདོད་པ་ལ་བསམས་པའོ་ཞེ་ན། དེའི་འདོད་པ་ཡང་དེ་མ་ཡིན་པར་རྟོགས་པར་སླ་མོད། དེ་ལྟ་ཡིན་པར་བྱས་སུ་བཅུགས་ནས། ཁྱེད་ཀྱི་ཞེ་འདོད་ཀྱི་གཙོ་བོ་ནི་འཕགས་པའི་ཡེ་ཤེས་ཀྱི་གཟིགས་ངོ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མེད་པས་རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཤེས་འདོད་ཆོས་ཅན་མི་སྲིད་དོ་ཞེས་འཆད་པ་དེ་ནི། གཞུང་འདིའི་སྐབས་ཀྱི་དོན་མ་ཡིན་ཏེ། གཞན་དུ་ན། མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་སོགས་འཕགས་པའི་གཟིགས་ངོ་ཁོ་ནར་བྱས་པས་ཧ་ཅང་ཐལ་བས་སོ། །དེ་ལྟར་ཁས་ལེན་ན་ནི། འཕགས་པའི་ཀུན་རྫོབ་ཀྱི་གཟིགས་ངོའམ། དོན་དམ་གྱི་གཟིགས་ངོ་གཉིས་ལས་གང་གི་དབང་དུ་བྱས། དང་པོ་མ་ཡིན་ཏེ། འཕགས་པའི་ཀུན་རྫོབ་ཀྱི་གཟིགས་ངོར་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མི་དཔྱོད་པའི་ཕྱིར། གཉིས་པ་ལྟར་ན་ཡང་མ་ཡིན་ཏེ། འཕགས་པ་རྣམས་ཀྱི་དོན་དམ་པའི་གཟིགས་ངོར་ནི། གཏན་ཚིགས་དང་ཆོས་ཅན་ལ་སོགས་པའི་རྣམ་པར་གཞག་པ་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར། གཞན་ཡང༌། ཟླ་བའི་ཞབས་ཀྱི་ལུགས་ལ། སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱི་སོགས་དང༌། མིག་གི་སྤྱི་སོགས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་བར་ཁྱད་བཞེད་པར་འགྱུར་ཏེ། དབུ་མ་པ་དང་དངོས་སྨྲ་བ་རྩོད་པའི་ཚེ། སྔ་མ་མཐུན་སྣང་དུ་གྲུབ་པར་བཞེད་ཅིང༌། ཕྱི་མ་རྒོལ་བ་གཉིས་ཀྱི་མཐུན་སྣང་དུ་མ་གྲུབ་པར་བཞེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་གཏན་ཚིགས་གྲུབ་པ་ཡིན་ཏེ། ཇི་སྐད་དུ། ཚིག་གསལ་ལས། སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱིའི་ཁྱད་པར་བརྗོད་པར་མི་འདོད་པ་གཉིས་ཀ་ལ་ཡང་ཡོད་ན། མིག་གི་སྤྱི་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང༌། ཁས་མ་བླངས་དོན་དམ་པར་ཡང་མ་ཡིན་པས་དཔེ་ལ་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གང་ཡང་ཁྱེད་ཀྱི་ལྟར་ན་དབུ་མ་རང་རྒྱུད་པས། བདེན་པའི་གཅིག་དང་དུ་བྲལ་དང༌། མཐར་བཞིའི་སྐྱེ་བ་བཀག་པ་སོགས་དང་དཔེ་གཟུགས་བརྙན་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་པར་འགྱུར་ཏེ། དེ་དག་རང་རྒྱུད་ཀྱི་གཏན་ཚིགས་སུ་བཞེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། རང་རྒྱུད་ཀྱི་ཆོས་ཅན་ལ་མཐུན་སྣང་གི་ཚད་མ་དགོས་པ་བཞིན་དུ། རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་ལ་ཡང་མཐུན་སྣང་གི་ཚད་མ་དགོས་པའི་ཕྱིར་དང༌། མཐུན་སྣང་གི་ཚུལ་ཡང་ཁྱེད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་མཐུན་པ་ལ་བཤད་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། དེ་དང་དེ་དག་མེད་དགག་ཏུ་བཞེད་པའི་ཕྱིར་དང༌། གཟུགས་བརྙན་ལོག་པའི་ཀུན་རྫོབ་ཏུ་འདོད་པའི་ཕྱིར། ཡང་རང་རྒྱུད་པས་ཤེས་བྱ་ལ་སྲིད་ཚད་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་དགོས་པར་འགྱུར་ཏེ། དེའི་ལུགས་ལ་རང་རྒྱུད་ཀྱི་ཆོས་ཅན་དུ་མི་རུང་བའི་ཤེས་བྱ་མི་སྲིད་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། སྤྱི་མཚན་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་རང་སྡེ་མེད་པའི་ཕྱིར་དང༌། ཁྱེད་ཀྱིས་ཀྱང་རང་རྒྱུད་པས་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། དངོས་མེད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཁྱད་པར་དང༌། ཡང་དག་ཀུན་རྫོབ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། ལོག་པའི་ཀུན་རྫོབ་དེར་མི་འདོད་པའི་ཁྱད་པར་ཕྱེ་བ་དང༌། ཀུན་བརྟགས་འདོགས་བྱེད་ཀྱི་རྟོག་པ་དེར་གྲུབ་པ་དང༌། དེས་བརྟགས་པའི་ཀུན་བཏགས་དེར་མ་གྲུབ་པའི་ཁྱད་པར་སོ་སོར་ཕྱེ་ནས་སྨྲས་པའི་ཕྱིར་རོ། །ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། མིག་སོགས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་ཤེས་པ་ཡོད་པ་ཉིད་བཞིན་ནོ། །ཞེས་བཀོད་པའི་ཚེ་ན་སློབ་དཔོན་དེས་ཤེས་པ་ཡོད་པ་ཉིད་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞལ་གྱིས་བཞེས་པར་འགྱུར་ཏེ། དེས་དེ་རང་རྒྱུད་ཀྱི་གཏན་ཚིགས་ཡང་དག་གི་མཐུན་དཔེར་ཞལ་གྱིས་བཞེས་པའི་ཕྱིར། འདོད་ན་ནི་སློབ་དཔོན་དེས་བདག་ཤེས་རིག་གི་སྐྱེས་བུ་དེར་གྲུབ་པར་ཞལ་གྱིས་བཞེས་པར་འགྱུར་རོ། །ཁྱབ་པ་མ་ངེས་ན་ནི་སྐབས་དེར་ཤེས་པ་ཡོད་པ་ཉིད་ཅེས་པའི་གོ་དོན་ཅི་ལ་ཟེར་མ་ཤེས་པས་ནོངས་པ་ཡིན་ནོ། །གཉིས་པ་ཐལ་རང་གི་གྲུབ་མཐའ་ལ་གཞན་གྱིས་བརྟགས་པའི་མཐའ་དགག་པ་ལ་གཉིས་ཏེ། ཕྱི་རབས་པ་དག་གིས་རང་རྒྱུད་ཀྱི་གྲུབ་མཐའ་ལ་ཕྱིན་ཅི་ལོག་དུ་མར་བརྟགས་པའི་མཐའ་དགག བོད་སྔ་རབས་པ་དག་གིས་ཐལ་འགྱུར་གྱི་གྲུབ་མཐའ་མི་འཐད་པར་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། ཀླུ་སྒྲུབ་ཞབས་ཀྱིས་བཞེད་པའི་དབུ་མའི་གཏན་ཚིགས་ཀྱི་དགག་བྱ་ནི། རྣམ་པ་བརྒྱད་བཤད་པ་ལ་བཞི་ནི་རང་རྒྱུད་པ་རྣམས་ཀྱི་ཚད་གྲུབ་ཏུ་ཁས་བླངས་སོ། །བཞི་པོ་དེ་གང་ཞེ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། ངོ་བོ་ཉིད་ཀྱིས་གྲུབ་པ་དང༌། རྫས་སུ་གྲུབ་པ་ཞེས་བྱ་བ་རྣམས་སོ། །དེ་ཡང་འདི་ལྟར་ལེགས་ལྡན་འབྱེད་ཀྱིས་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཞེད་པ་ནི་རབ་བྱེད་ཉེར་ལྔ་པའི་ཤེས་རབ་སྒྲོན་མ་ལས་འདིར་གལ་ཏེ་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང༌། ཚིག་ཏུ་བརྗོད་པའི་ཀུན་བཏགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན། དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ཏེ། ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །ཞེས་དང༌། དེའི་འགྲེལ་བཤད་དུ། འདི་ནི་རྣལ་འབྱོར་སྤྱོད་པ་བ་དག་ཀུན་བཏགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་ཟེར་བ་སྟེ། གལ་ཏེ་གཟུགས་ཞེས་བྱ་བར་ངོ་བོ་ཉིད་དང་ཁྱད་པར་དུ་ཡིད་ལ་བརྗོད་པ། རྣམ་པར་རྟོག་པ་དང་ཚིག་ཏུ་བརྗོད་པ། ཐ་སྙད་འདོགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེ་ན་ནི། ཀུན་རྫོབ་ཏུ་གཞན་གྱི་དབང་གི་དངོས་པོ་ལ་སྐུར་པ་འདེབས་པ་ཡིན་པས་མི་རུང་བར་སྟོན་ཏེ། ཞེས་བཤད་པ་ལྟར་ཀུན་རྫོབ་ཏུ་དངོས་པོ་ལ་མཚན་ཉིད་ངོ་བོ་ཉིད་ཡོད་པར་བཤད་པའི་ཕྱིར་རོ། །ཡང་དངོས་པོ་རྣམས་རྫས་སུ་གྲུབ་པར་ཡང་བཞེད་པ་ཡིན་ཏེ། རྟོག་གེ་འབར་པ་ལས། ཅི་སྟེ་རྡུལ་ཕྲ་རབ་ཀྱི་རིགས་མཐུན་པ་བསགས་པའི་གཟུགས་ཕྱོགས་སུ་བྱས་ནས་དེ་ལ་རྫས་སུ་ཡོད་པ་མ་ཡིན་ཉིད་གཏན་ཚིགས་སུ་བརྗོད་པ་ཡིན་ན་ནི། དེ་ལྟར་ན་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཉིད་དུ་འགྱུར་ཏེ། ཞེས་དང༌། ཁོ་བོ་ཅག་ནི་རྡུལ་ཕྲ་རབ་རིགས་མཐུན་པའི་བསགས་པ་བུམ་པ་ལ་སོགས་པ་ཉིད་དང་ཕྲ་རབ་ཀྱང་ཀུན་རྫོབ་ཏུ་རྫས་སུ་འདོད་དེ། འདི་ལྟར་རྡུལ་ཕྲ་རབ་ནི་རྫས་བརྒྱད་དུ་འདུས་པའི་བདག་ཉིད་ཡིན་པས་རྫས་ཉིད་ཡིན་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་འདུས་པའི་བདག་ཉིད་ཀྱང་རྫས་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡང༌། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བཞེད་དེ། དབུ་མ་སྣང་བར། ཐ་སྙད་དུ་གཞན་དབང་ལ་རང་གི་མཚན་ཉིད་ཡོད་པས་དེས་བསྐུར་འདེབས་སེལ་བ་དགོངས་འགྲེལ་གྱི་དོན་ཡིན་པར་བཤད་པའི་ཕྱིར་དང༌། ཞི་འཚོ་ཡབ་སྲས་ཀྱིས་ཚད་མ་སྡེ་བདུན་གྱི་རིགས་པ་ཕལ་ཆེ་བ་དབུ་སེམས་གཉིས་ཀྱི་ཐུན་མོང་བ་ཡིན་པར། ཚད་ཆེན་དང་དབུ་མ་སྣང་བ་ལས་བཤད་པས་ཀྱང༌། དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཞེད་པར་ངེས་སོ། །ཡེ་ཤེས་སྙིང་པོས་ཀྱང་དེ་ལྟར་བཞེད་དེ། དེས་སྣང་བ་ལྟར་དོན་བྱེད་ནུས་པའི་དངོས་པོ་བཞེད་པའི་ཕྱིར། དེ་ལ་དེས་ཁྱབ་པའི་རྒྱུ་མཚན་ཡང༌། མིག་ཤེས་སོགས་ལ་གཟུགས་སོགས་རྣམས་ཡུལ་ཁོ་རང་གི་ངོས་ནས་ཀྱི་སྡོད་ལུགས་སུ་གྲུབ་པར་གནས་པ་ལྟ་བུར་སྣང་བ་འདི་ལ་སྙོན་པ་སུ་ཡང་མེད་པའི་ཕྱིར་དང༌། སློབ་དཔོན་འདིས་དངོས་སྨྲ་བའི་དོན་དམ་དབུ་མ་པའི་ཀུན་རྫོབ་ཏུ་འདོད་པའི་ཕྱིར། དེ་ཡང༌། ཇི་སྐད་དུ། མདོ་ལས། གཞན་གྱིས་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །ཅེས་པའི་ལུང་དྲངས་ནས། ཀུན་རྫོབ་བདེན་པའི་རྣམ་གཞག་མཛད་པའི་ཕྱིར། དོན་དེ་ལ་དགོངས་ནས་འཇུག་པར་ཡང༌། གལ་ཏེ་རང་གི་མཚན་ཉིད་རྟེན་གྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །ཞེས་གསུངས་པ་དེར་དབུ་མ་རང་རྒྱུད་པ་ཕྱོགས་སྔར་མཛད་པ་ཡིན་ཏེ། སྐབས་དེའི་ཕྱོགས་སྔ་སྨྲ་བ་པོ་དེས་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་གཉིས་ཀ་ཁས་བླངས་པས། དབུ་མ་རང་རྒྱུད་པ་ལས་འོས་གཞན་མེད་པའི་ཕྱིར་ཞེས་འཆད་པར་བྱེད་དོ། །འདི་དག་ནི་རིགས་པ་མ་ཡིན་ཏེ། དབུ་མ་རང་རྒྱུད་པས་རྣམ་པར་བཤད་པའི་ལུང་གི་དོན་མ་ཡིན་པ་ལ་དེའི་དོན་དུ་བཟུང་ནས་ངོ་བོ་ཉིད་མེད་པར་སྨྲ་བའི་ཤིང་རྟ་ཆེན་པོ་དག་ལ་གྲུབ་པའི་མཐའ་ངན་པ་དག་གིས་སྐུར་པ་བཏབ་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། དོན་གསུམ་གྱིས་བཤད་པར་བྱ་སྟེ། ལེགས་ལྡན་འབྱེད་ཀྱིས་དེ་མི་བཞེད་པར་བསྟན། ཡེ་ཤེས་སྙིང་པོ་དང་ཞི་འཚོ་ཡབ་སྲས་ཀྱིས་དེ་མི་བཞེད་པར་བསྟན། རང་རྒྱུད་པས་དེ་ལྟར་འདོད་དོ་ཞེས་པ་ཟླ་བའི་དགོངས་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ། ཤེས་རབ་སྒྲོན་མེའི་དགོངས་པ་མ་ཡིན་པར་བསྟན། རྟོག་གེ་འབར་བའི་དགོངས་པ་མ་ཡིན་པར་བསྟན་པའོ། །དང་པོ་ལ། དངོས་དང་དེའི་དགོངས་པ་བཤད་པའོ། །དང་པོ་ནི། རྣལ་འབྱོར་སྤྱོད་པ་བས། ཀུན་བཏགས་ལ་མཚན་ཉིད་ངོ་བོ་ཉིད་མེད་པར་བཤད་པ་དེ། དངོས་པོ་ལ་སྐུར་འདེབས་སུ་བཤད་པས་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ལ་ཅི་ཡང་ཕན་པ་མ་ཡིན་ཏེ། ཕྱོགས་སྔ་ཕྱི་གཉིས་ཀའི་ལུགས་ལ། གཞན་དབང་དང་ཀུན་བཏགས་ནི་འགལ་བ་ཁོ་ནར་ངེས་པའི་ཕྱིར་དང༌། ཁྱེད་རང་ལྟར་ན་སློབ་དཔོན་འདིས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཉིད་དུ་ཞལ་གྱིས་བཞེས་པར་འགྱུར་ཏེ། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་དོ་ཞེས་སྨྲ་བ་དེ། དངོས་ལ་སྐུར་འདེབས་སུ་བཤད་པའི་ཕྱིར། ཡང་ཀུན་བཏགས་ལ་མཚན་ཉིད་ངོ་བོ་ཉིད་མེད་པའི་དོན་སྒྲོ་འདོགས་བྱེད་ཀྱི་རྟོག་པ་ལ་མཚན་ཉིད་ངོ་བོ་ཉིད་མེད་པར་འདོད་ན། དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ནོ། །ཞེས་འཆད་པ་ཁྱེད་ཀྱི་ལྟར་ན། ཕྱོགས་སྔ་ཕྱི་གཉིས་ཀ་ལ་རབ་ཏུ་རྣམ་པར་སྨད་པ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་པས་དེའི་དོན་དེ་ལ་མི་འདོད་པའི་ཕྱིར་དང༌། ལེགས་ལྡན་འབྱེད་ཀྱིས་དེའི་འདོད་པ་དེ་ལྟར་རྟོག་ན་ནི་སློབ་དཔོན་དེས་རྣལ་འབྱོར་སྤྱོད་པའི་དགོངས་པ་མ་ལོངས་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པས་མིང་དང་རྣམ་པར་རྟོག་པ་ལ་ཀུན་བཏགས་སུ་མི་འདོད་ཅིང༌། དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པར་ཡང་མི་འདོད་པའི་ཕྱིར། སློབ་དཔོན་འདིས་ཐ་སྙད་དུ་གཞན་དབང་ལ་མཚན་ཉིད་ངོ་བོ་ཉིད་ཡོད་པར་བཞེད་དུ་ཆུག་ནའང༌། དེ་ཙམ་གྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཞལ་གྱིས་བཞེས་པར་མི་འགྱུར་ཏེ། སྤྱིར་ཆོས་རྣམས་ཀྱི་མཚན་ཉིད་ལ་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་གཉིས་སུ་གསུངས་པའི་ཕྱིར་དང༌། གཞན་དབང་ལ་རང་སྤྱི་གཉིས་ཀྱི་མཚན་ཉིད་གང་ཡོད་པར་བཞེད་ཀྱང༌། དེ་ལྟར་བཞེད་པ་དེ་ཡང་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ཡིན་གྱི། རང་ལུགས་ཀྱི་རིགས་པས་འཇོག་པ་མ་ཡིན་པའི་ཕྱིར་དང༌། ཐ་སྙད་ཀྱི་བདེན་པ་དབུ་མའི་རིགས་པས་འཇོག་པར་སྨྲ་བ་ནི། ཐལ་རང་གི་སློབ་དཔོན་སུ་ལ་ཡང་མེད་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སློབ་དཔོན་འདིའི་དགོངས་པ་ཅི་ཞེ་ན། རྣལ་འབྱོར་སྤྱོད་པ་པས་ཀུན་བཏགས་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་ལ་མཚན་ཉིད་ངོ་བོ་ཉིད་ཡོད་པར་འདོད་པ་དེ་ཡང་རང་གི་མཚན་ཉིད་ཀྱི་དབང་དུ་བྱས་པར་འདོད་ཀྱི་སྤྱིའི་མཚན་ཉིད་དབང་དུ་བྱས་པར་མི་འདོད་དེ། སྤྱིའི་མཚན་ཉིད་ཀྱང་མེད་ན་ནི་གཞི་མ་གྲུབ་ཏུ་འགྱུར་དུ་དོགས་པས་སོ། །དེའི་ཕྱིར་རྣམ་བདེན་པས་ནི་གཟུང་བ་ཀུན་བཏགས་ལ་རང་གི་མཚན་ཉིད་མེད་པར་འདོད་པའི་ཚེ། ཕྱི་རོལ་གྱི་དོན་མེད་པར་འདོད་པ་ཡིན་ལ། རྣམ་བརྫུན་པས་འཛིན་པ་ཀུན་བཏགས་ལ་རང་གི་མཚན་ཉིད་མེད་པར་འདོད་པ་དེའི་ཚེ། བག་ཆགས་ཀྱི་དབང་གིས་ཕྱི་རོལ་གྱི་དོན་དུ་སྣང་བའི་རྣམ་པ་ཙམ་ཡང་ཡོད་པར་འདོད་པ་མ་ཡིན་ནོ། །དེ་ལྟར་འདོད་པ་དེ་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་ཀྱིས་དགག་པ་བརྗོད་པ་ན། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་དེ་ལྟར་འདོད་པ་དེ་ནི་བདེན་པ་གཉིས་ཀ་ལས་ཉམས་པ་ཡིན་ཏེ། ཐ་སྙད་དུ་གཉིས་ཀ་ལ་རང་གི་མཚན་ཉིད་ཡོད་མཉམ་དང༌། དོན་དམ་དུ་གཉིས་ཀ་ལ་དེ་མེད་མཉམ་དུ་འཆད་པའི་ཕྱིར་རོ། །དོན་དེ་ཉེ་བར་བཟུང་ནས། ཐ་སྙད་དུ་ཀུན་བཏགས་ལ་ངོ་བོ་ཉིད་མེད་པ་སྐུར་འདེབས་དང༌། དོན་དམ་པར་གཞན་དབང་གི་ངོ་བོ་ཉིད་ཡོད་པ་སྒྲོ་འདོགས་ཀྱི་ལྟ་བར་བསྟན་པའི་ཕྱིར་དུ། ཁྱེད་ཀྱིས་དྲངས་མ་ཐག་པའི་ཤེས་རབ་སྒྲོན་མེའི་ལུང་དེ་དག་འབྱུང་བ་ཡིན་ནོ། །དེ་སྐད་དུ་ཡང༌། རྟོག་གེ་འབར་བ་ལས། ཕྱི་རོལ་གྱི་དོན་མེད་དོ་ཞེས་དམ་བཅས་པ་གང་ཡིན་པ་དེ་ལ་ཡང༌། སེམས་ཙམ་དུ་ནི་དམིགས་པ་དང༌། །གཟུགས་ལ་སོགས་པ་མི་འཛིན་ན། །ཁས་བླངས་པ་དང་གྲགས་པ་ཡིས། །དམ་བཅའ་བ་ལ་གནོད་པར་འགྱུར། །ཞེས་དང༌། ཤེས་རབ་སྒྲོན་མར། ཕྱི་རོལ་གྱི་དོན་མེད་ན་སངས་རྒྱས་འབྱུང་བ་དོན་མེད་པ་ཉིད་དང༌། ཐ་སྙད་ཀྱི་བདེན་པ་རྟོགས་པའི་དོན་སྣང་བ་མེད་པ་ཉིད་དུ་ཡང་འགྱུར་རོ། །ཞེས་ཕྱི་རོལ་གྱི་དོན་མེད་ན་དོན་སྣང་གི་ཤེས་པ་མི་སྐྱེ་བར་བཤད་པ་དང༌། ཡང༌། འཛིན་པ་ཀུན་བཏགས་ངོ་བོ་ཉིད་མེད་པ་དགག་པར་བཞེད་ནས། རྟོག་གེ་འབར་བར། གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས་པ། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །ཅེས་གཟུང་བའི་རྣམ་པ་དང་འཛིན་པའི་རྣམ་པ་གཉིས་ཀ་ལ་ཐ་སྙད་དུ་རང་གི་ངོ་བོ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་མ་ཡིན་པར་བཞེད་དོ། །མདོར་ན་སློབ་དཔོན་འདིའི་ལུགས་ཀྱིས་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ནི། ཤེས་བྱ་ཐམས་ཅད་ལ་ངོ་བོ་ཉིད་ཡོད་པའི་ཕྱིར་ཀུན་བཏགས་ལ་ངོ་བོ་ཉིད་མེད་ན་གཟུང་འཛིན་གྱི་དངོས་པོ་ལ་སྐུར་པ་བཏབ་པར་འགྱུར་ལ་དོན་དམ་པའི་བདེན་པ་གཏན་ལ་འབེབས་པ་དེའི་ཚེ་ནི། ངོ་བོ་ཉིད་ཡོད་པའི་ཤེས་བྱ་སྐྲ་ཡི་རྩེ་མོ་ཙམ་ཡང་མ་དམིགས་པའི་ཕྱིར། ཀུན་བཏགས་ཁོ་ནར་མ་ཟད། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཤེས་བྱ་ལ་མི་སྲིད་དོ། །གཉིས་པ་རྟོག་གེ་ལ་འབར་བའི་དགོངས་པ་མ་ཡིན་པར་བསྟན་པ་ལ། ཁྱེད་ཀྱིས་དེའི་ལུང་དྲངས་མ་ཐག་པ་དེ་དག་ནི་སློབ་དཔོན་འདིས་རང་ལུགས་ལ་རྫས་གྲུབ་ཏུ་ཞལ་གྱིས་བཞེས་པའི་ལུང་མ་ཡིན་ཏེ། རྡུལ་ཕྲ་རབ་དང་དེས་བརྩམས་པའི་བུམ་སོགས་རྫས་གྲུབ་ཏུ་སྟོན་པ་ལུང་དེའི་དོན་མ་ཡིན་ཞིང༌། ཐ་སྙད་དུ་རྫས་ཁས་བླངས་པ་ཙམ་གྱིས་རང་ལུགས་ལ་རྫས་གྲུབ་ཞལ་གྱིས་བཞེས་པར་འགྱུར་ན། ཟླ་བའི་ཞབས་ཀྱི་ལུགས་ལ་ཡང་ཧ་ཅང་ཐལ་བའི་ཕྱིར། དོན་མ་ཡིན་པ་ཅི་ཧ་ཅང་ཐལ་བ་ཇི་ལྟར་ཞེ་ན། ལུང་དེ་དག་གང་ལ་འཕྲོས་པའི་གཞི་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་མདོ་སྡེ་པའི་དམིགས་རྐྱེན་གྱི་འདོད་ཚུལ་འགོག་པ་ན། དེ་མི་སྣང་ཕྱིར་དེ་ཡུལ་མིན། །རྫས་སུ་མེད་ཕྱིར་ཟླ་གཉིས་བཞིན། །ཞེས་བཤད་ལ་དེའི་དོན་ནི། རྡུལ་ཕྲན་བསགས་པ་ཆོས་ཅན། དོན་དུ་སྣང་བའི་དབང་ཤེས་ཀྱི་དམིགས་རྐྱེན་མ་ཡིན་ཏེ། དེ་ལ་མི་སྣང་བའི་ཕྱིར་དང༌། དེ་སྐྱེད་མི་ནུས་པའི་ཕྱིར། མི་སྣང་སྟེ། རྡུལ་ཕྲ་རབ་ཉིད་ཡིན་པའི་ཕྱིར་སྐྱེད་མི་ནུས་ཏེ། རྫས་སུ་མེད་པའི་ཕྱིར་ཞེས་པའི་དོན་ནོ། །དེ་ཡང་སློབ་དཔོན་འདིས་ནི་མདོ་སྡེ་པ་བཞིན་དུ་རྡུལ་ཕྲ་རབ་དོན་དམ་པའི་བདེན་པར་མི་འདོད་ཀྱང༌། ཐ་སྙད་ཀྱི་བདེན་པ་འཆད་པའི་ཚེ་དམིགས་རྐྱེན་གྱི་འཆད་ཚུལ་མདོ་སྡེ་པ་དང་མཐུན་པས་དེ་མི་སྣང་བ་དང་རྫས་སུ་མ་གྲུབ་པ་གཉིས་ཀ་ལ་རྟགས་མ་གྲུབ་པའི་ལན་བཏབ་ནས་ཟླ་བོ་མེད་པའི་རྡུལ་ཕྲན་རེ་རེ་བ་དབང་ཤེས་ལ་མི་སྣང་ཡང༌། ཟླ་བོ་དང་ཚོགས་པའི་རྡུལ་ཕྲན་དབང་ཤེས་ལ་སྣང་བར་འཆད་པ་ནི། ཇི་སྐད་དུ། རྡུལ་ཕྲ་རབ་བསགས་ཤིང་ཀུན་ནས་སྦྱར་བ་ན་དེ་ཡུལ་གྱི་དངོས་པོར་ཁས་བླངས་ཤིང་དེར་སྣང་བའི་བློ་རྡུལ་ཕྲ་རབ་འདུས་པའི་རྣམ་པར་སྐྱེ་བའི་ཕྱིར་རོ། །ཞེས་གསུངས་སོ། །གཏན་ཚིགས་གཉིས་པ་རྫས་སུ་མེད་པ་ལ་མ་གྲུབ་པའི་ལན་འདེབས་པའི་ཚུལ་ནི། མདོ་སྡེ་པ་རྡུལ་ཕྲན་རྫས་སུ་འདོད་པ་བཞིན་དུ། ཁོ་བོ་ཅག་ཀུན་རྫོབ་ཏུ་ནི་རགས་པ་ཡང་རྫས་སུ་འདོད་པས་ཕྲ་རགས་གཉིས་ཀ་དམིགས་པའི་རྐྱེན་དུ་ཁས་ལེན་ནོ། །ཞེས་འཆད་པ་ནི། ཇི་སྐད་དུ། ཁོ་བོ་ཅག་ནི་རྡུལ་ཕྲ་རབ་རིགས་མཐུན་པའི་བསགས་པ་བུམ་པ་ལ་སོགས་པ་ཉིད་དང་ཕྲ་རབ་ཀྱང་ཀུན་རྫོབ་ཏུ་རྫས་སུ་འདོད་དོ། །ཞེས་གསུངས་སོ། །རགས་པ་རྫས་གྲུབ་ཏུ་བཤད་པ་འདི་ཡང༌། འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་ཀུན་རྫོབ་འཁྲུལ་པའི་ངོར་ཡིན་གྱི། རང་ལུགས་མ་ཡིན་ཏེ། སློབ་དཔོན་འདི་ལྟ་ཅི་སྨོས། རང་ལུགས་ལ་རགས་པ་རྫས་གྲུབ་ཏུ་ཁས་ལེན་པའི་རང་སྡེ་སུ་ཡང་མི་སྣང་བའི་ཕྱིར་དང༌། སློབ་དཔོན་འདི་ཉིད་ཀྱི་གཞུང་ལས། ཇི་སྐད་དུ། ས་ལ་སོགས་ལ་རྫས་ཡོད་མིན། །ཚོགས་པའི་ཡན་ལག་མིན་མེད་ཕྱིར། །གང་དག་ཇི་སྐད་བསྟན་པ་དེ། །རྫས་ཡོད་མ་ཡིན་ནགས་ཚལ་བཞིན། །ཞེས་བཤད་པ་དེ་ཉིད་རང་གི་ལུགས་རྣམ་པར་འཇོག་པའི་ལུགས་ཡིན་པའི་ཕྱིར་རོ། །ཧ་ཅང་ཐལ་བའི་ཚུལ་ནི། དེ་ལྟ་ན་ཟླ་བས་ཀྱང་རྫས་གྲུབ་བཞེད་པར་འགྱུར་ཏེ། བཞི་བརྒྱ་པའི་རབ་ཏུ་བྱེད་པ་དགུ་པའི་འགྲེལ་པར། རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་མི་རྟག་པ་ཡོད་པའི་ཕྱིར་ཡོད་པ་ཉིད་ཡོད་ལ། དེ་བཏགས་པར་ཡོད་པ་ཞིག་སྟེ། རྫས་བརྒྱད་ལ་བརྟེན་པ་བུམ་པ་ལྟར་བཏགས་པའི་ཕྱིར་རོ། །དེ་ལ་རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་གང་དག་ཡིན་པ་དེ་དག་ནི། རེ་རེ་ཞིང་རྡུལ་ཕྲ་རབ་ཀྱིས་སྒྲས་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་དག་ལ་སོ་སོར་རྡུལ་ཕྲ་རབ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱེ་བྲག་པ་རྣམས་ཀྱི་ལྟར་བདེ་བར་གཤེགས་པ་རྣམས་ལ་རྫས་ཀྱི་རྡུལ་ཕྲ་རབ་ཅེས་བྱ་བ་ཡོད་པ་མ་ཡིན་ནོ། །ཞེས་པ་ནས། གང་དག་རིགས་པ་བཅུག་ནས་རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་ཀྱི་ཡོད་པ་ཉིད་སེལ་གྱི་རྣམ་པར་ཤེས་པ་ཉིད་དུ་རྟོག་པ་དེ་དག་ནི་འཇིག་རྟེན་དང་ལུང་གི་གནོད་པ་གཉིས་ཀྱིས་སེལ་བར་བྱེད་པས་དེ་དག་གིས་རྡུལ་ཕྲ་རབ་ཡོད་པ་ཉིད་བསལ་བར་མི་ནུས་ཤིང༌། རྣམ་པར་ཤེས་པ་ཡོད་པ་ཉིད་བཞག་པར་མི་ནུས་སོ། །ཞེས་ཐ་སྙད་དུ་རྡུལ་ཕྲན་རྫས་སུ་ཡོད་ཚུལ་དང༌། རང་ལུགས་ལ་དེ་མེད་པའི་ཚུལ་གསལ་བར་གསུངས་པའི་ཕྱིར། དབུ་མ་འཇུག་པར། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་པའི་འགྲེལ་པར་བུམ་པ་རྫས་མ་ཡིན་པར་ཁས་བླངས་ན་འཇིག་རྟེན་གྱི་གྲགས་པ་དང་འགལ་བར་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི་སློབ་དཔོན་འདི་གཉིས་ཀས་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་འཇོག་ཅིང༌། དེའི་ཚེ་རང་མཚན་དང་རྫས་སུ་གྲུབ་པའི་དོན་དང་ཐ་སྙད་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་ཞལ་གྱིས་བཞེས་སོ། །འདིར་འཕྲོས་པའི་དོན་ནི་གངས་ཅན་པ་ཕྱི་མ་དག སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་མི་བཞེད་དེ། དེ་བཞེད་ན་ཕྱི་རོལ་གྱི་དོན་ཁས་ལེན་པ་དོན་མེད་པའི་ཕྱིར་དང༌། དབུ་མ་སྙིང་པོ་ལས། རྣམ་ཤེས་ཤེས་བྱའི་རྣམ་གྲངས་ཀྱིས། །བདག་ནི་ངེས་པར་བསྟན་པ་ཡིན། །ཞེས་བདག་ཏུ་སྨྲ་བ་དང་ཀུན་གཞིར་སྨྲ་བ་དོན་གཅིག་པར་བཤད་པའི་ཕྱིར་རོ། །རང་རིག་ཀྱང་མི་བཞེད་དེ། དེ་ཉིད་ལས། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཅི་འདྲ་བ་ཞིག་སྣང༌། །ཞེས་ཕྱི་རོལ་ཡུལ་གྱི་རྣམ་པ་སྣང་བའི་ཤེས་པ་དེའི་སྟེང་ན་ཡུལ་གྱི་རྣམ་པ་མི་སྣང་བའི་འཛིན་རྣམ་གྱི་ཆ་ཡོད་པ་བཀག་པའི་ཕྱིར་ཞེས་གསུང་ངོ༌། །འདི་དག་འཐད་པ་མ་ཡིན་པའི་ཚུལ་ཡང་འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པའི་མིང་ཙམ་ཁས་བླངས་ན་བདག་ཏུ་སྨྲ་བར་འགྱུར་ཞེས་པ་འདི་ཡང༌། དོན་དམ་པའི་བདེན་པ་རྣམ་པར་འཇོག་པའི་དབང་དུ་བྱས་པ་ཡིན་གྱི། ཐ་སྙད་ཀྱི་བདེན་པ་ཁས་ལེན་པ་དེའི་ཚེ་ནི་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ། རྟོག་གེ་འབར་བ་ལ། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་ཙམ་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི། ཡང་སྲིད་པ་འཕེན་པའི་ཕྱིར་བདག་ཡིན་ནོ་ཞེས་བཤད་པ་དང༌། དེ་ཉིད་ལས། ལེན་པའི་རྣམ་པར་ཤེས་པ་ཡང་འཁོར་བར་འཇུག་པ་དང་བཟློག་པའི་རྒྱུར་གྱུར་པ་ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ་འབབ་པས་འཇུག་ཏུ་ཟིན་ཡང༌། སྐད་ཅིག་མ་ཉིད་ཀྱི་རྒྱུན་གྱིས་འཇུག་པ་ཡིན་གྱི། བདག་དང་འདྲ་བ་ནི་མ་ཡིན་པའི་ཕྱིར། བདག་མེད་པའི་ཆོས་ཀྱི་ཕྱག་རྒྱ་དང་མི་འགལ་ལོ་ཞེས་གསུངས་པས་སོ། །དེའི་ཕྱིར་དབུ་སེམས་གཉིས་ཀ་ཐ་སྙད་དུ་ཀུན་གཞི་ཁས་ལེན་པ་ལ་ཁྱད་པར་མེད་ཀྱང༌། དེའི་སྟེང་གི་གསལ་ཆ་བདེན་པ་དང་བརྫུན་པར་འདོད་པ་ནི་ཁྱད་པར་རོ། །ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་པ་དང་ཀུན་གཞི་ཁས་མི་ལེན་པ་གཉིས་ལ་འཁྲུལ་མེད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དབུ་མ་པའི་སློབ་དཔོན་རྣམས་ཀྱིས་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ། ཀུན་གཞི་ཁས་ལེན་ཡང་ཀུན་གཞིའི་སྟེང་གི་བག་ཆགས་ཡོངས་སུ་སྨིན་པ་ལས་ཕྱི་རོལ་གྱི་དོན་དུ་སྣང་བ་འབྱུང་བར་ཞལ་གྱིས་མི་བཞེས་པའི་ཕྱིར། དཔེར་ན་སློབ་དཔོན་ཟླ་བ་གྲགས་པ་བཞིན། འདིའི་ཚུལ་ཡང་འོག་ནས་འཆད་པར་འགྱུར་རོ། །ཡང་སློབ་དཔོན་དེས་རང་རིག་མི་བཞེད་པ་ཡང་དྲངས་མ་ཐག་པའི་ལུང་གིས་སྟོན་པ་མ་ཡིན་ཏེ། ལུང་དེས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་དམིགས་རྐྱེན་ཕྱི་རོལ་གྱི་དོན་བཀག་ནས་ཡུལ་དུ་སྣང་བ་ཉིད་དམིགས་རྐྱེན་དུ་འདོད་པ་འགོག་པར་བཤད་པའི་ཕྱིར་དང༌། དོན་སྣང་གི་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་ཁས་བླངས་ནས་རང་རིག་མི་འདོད་པ་ནི་ཐ་སྙད་དུ་མདོ་སྡེ་པའི་ཚུལ་ཁས་ལེན་པ་ལ་ནང་འགལ་བ་ཁོ་ན་ཡིན་པའི་ཕྱིར་དང༌། རྟོག་གེ་འབར་བར། རྣམ་བརྫུན་པས་གཟུང་རྣམ་བདེན་མེད་དང༌། འཛིན་རྣམ་བདེན་གྲུབ་ཏུ་འདོད་པ་འགོག་པའི་སྐབས་ཞིག་སྣང་ལ་དེས་ནི་ཐ་སྙད་དུ་རང་རིག་མི་བཞེད་པ་ལ་ཅིར་ཡང་མི་ཕན་པའི་ཕྱིར་རོ། །འོ་ན་དེ་དང་དེའི་ཤེས་བྱེད་ཅི་ཞེ་ན། ཇི་སྐད་དུ། རྟོག་གེ་འབར་བར། གལ་ཏེ་ཡུལ་དུ་སྣང་བ་ཉིད། །སེམས་ཀྱི་དམིགས་པ་ཡིན་འདོད་ན། །ཡུལ་དུ་སྣང་བ་མ་གཏོགས་པར། །སེམས་ཀྱི་བདག་ཉིད་གཞན་ཅི་ཡོད། །ཅེས་བྱ་བ་འདི་ལྟར། ཁོ་བོ་ཅག་གིས་ནི། ཡུལ་དུ་སྣང་བ་ལས་མ་གཏོགས་པར་རང་དུ་སྣང་བ་གཞན་མ་མཐོང་ངོ༌། །གལ་ཏེ་ཡུལ་དུ་སྣང་བ་ཉིད་ལས་གཞན་པའི་རྣམ་པར་ཤེས་པའི་ངོ་བོ་ཉིད་གཉིས་པ་ཞིག་ཡོད་ན་དེ་གང་ཡོད་སྟོན་ཤིག ཅེས་གསུངས་པ་དང༌། ཕྱི་རོལ་གྱི་དོན་ཁས་བླངས་ནས་དོན་སྣང་གི་ཤེས་པ་རང་རིག་ཏུ་སྒྲུབ་པའི་རིགས་པ་ནི་ཡུལ་གྱི་རྣམ་པ་སྣང་བའི་ཕྱིར་ཞེས་པའི་གཏན་ཚིགས་ལས་ལྷག་པ་གཞན་ཡོད་པ་མ་ཡིན་པའི་ཕྱིར་དང༌། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་འགོག་པའི་སྐབས་དུ་མ་སྣང་ཡང༌། དེ་ཙམ་གྱིས་ཐ་སྙད་དུ་རང་རིག་མི་བཞེད་པར་མི་འགྲུབ་པ་ནི་ཟླ་བའི་ཞབས་ཀྱི་བཞེད་ཚུལ་དང་འདྲ་སྟེ། དེའི་ཚུལ་ཡང་འོག་ནས་འཆད་པའི་ཕྱིར་རོ། །གཉིས་པ་ཞི་འཚོ་ཡབ་སྲས་ཀྱི་དགོངས་པ་མ་ཡིན་པར་བསྟན་པ་ནི། སློབ་དཔོན་དེ་དག་གིས་ཀྱང་དེ་ལྟར་བཞེད་པ་མ་ཡིན་ཏེ། དེ་དག་གི་གཞུང་ན་དེ་ལྟར་བཞེད་པའི་བཤད་པ་མེད་པའི་ཕྱིར་དང༌། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ཁས་བླངས་པ་ཐམས་ཅད་རང་ལུགས་ཡིན་པ་དང་དེའི་རྒྱུ་མཚན་གྱིས་དབུ་མའི་རྟགས་ཀྱི་དགག་བྱ་ཁས་བླངས་པར་འགྱུར་ན་ནི། ཟླ་བའི་ཞབས་ཀྱིས་ཀྱང་རང་ལུགས་ལ་བདག་གཉིས་ཁས་བླངས་པར་འགྱུར་ཏེ། ཇི་སྐད་དུ། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློ་ལ་ཇི་ལྟར་སྣང་བ་དེ་ཉིད་ཐ་སྙད་དུ་མི་འགོག་པར་བཤད་པའི་ཕྱིར། ཟླ་བའི་ཞབས་སོགས་ངོ་བོ་ཉིད་མེད་པར་སྨྲ་བའི་སློབ་དཔོན་ཐམས་ཅད་ཀྱིས་རང་ལུགས་ལ་འཇིག་རྟེན་གྲགས་པའི་སྤྲོས་པའི་ཚོགས་ཇི་སྙེད་པ་ཞལ་གྱིས་བཞེས་པར་འགྱུར་ཏེ། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་དེ་ལྟར་ཞལ་གྱིས་བཞེས་པའི་ཕྱིར། མ་ཡིན་ན་ནི་ཐ་སྙད་ཀྱི་བདེན་པ་ལས་ཉམས་པར་འགྱུར་རོ། །ཡང་ཚད་མ་སྡེ་བདུན་ནས་འབྱུང་བའི་རིགས་པ་ཕལ་ཆེ་བ་དབུ་སེམས་གཉིས་ཀའི་ཐུན་མོང་གི་རིགས་པར་བཞེད་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཞལ་གྱིས་བཞེས་པར་འདོད་པ་ཡང་གཏན་ཚིགས་མ་གྲུབ་པ་དང་ཁྱབ་པ་འཁྲུལ་པ་ཡིན་ནོ། །མ་གྲུབ་པ་ཅི་ཞེ་ན། ཞི་འཚོ་ཡབ་སྲས་ཀྱི་གཞུང་ན་ཚད་མ་སྡེ་བདུན་ལས་འབྱུང་བའི་ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་བདེན་མེད་དུ་སྒྲུབ་པའི་རིགས་པ་ཟབ་ཅིང་རྒྱ་ཆེ་བ་ཆོས་ཀྱི་བདག་མེད་རྒྱས་པ་ལ་མྱུར་དུ་འཇུག་པའི་སྒོར་གྱུར་པ་ཇི་སྙེད་གསུངས་པ་དེ་དག་རང་ལུགས་སུ་བཞེད་པ་ཡིན་གྱི། རྡུལ་ཕྲ་རབ་དང་དོན་གྱི་རྣམ་པ་དང༌། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་བཞིན་གྱིས་གྲུབ་པར་འཆད་པའི་རིགས་པ་དེ་དག་རང་ལུགས་སུ་ཞལ་གྱིས་བཞེས་པ་ཅི་ཡང་མི་སྣང་བའི་ཕྱིར། འོ་ན་ཅི་ཞིག་ཡོད་ཅེ་ན། འདི་ལྟར་བྱེ་བྲག་ཏུ་སྨྲ་བ་རིམ་གྱིས་དེ་ཁོ་ན་ཉིད་ལ་གཞུག་པའི་ཐབས་སུ་གྱུར་པ་ཤེས་པ་ལ་ཕྱི་རོལ་དོན་གྱི་རྣམ་པ་སྣང་བར་སྒྲུབ་པ་དང༌། མདོ་སྡེ་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་གཞུག་པའི་ཐབས་སུ་གྱུར་པ་སྣང་བ་དེ་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་སྣང་རུང་མ་དམིགས་པའི་རིགས་པ་དང༌། སེམས་ཙམ་རྣམ་བདེན་པ་དེར་གཞུག་པའི་ཐབས་སུ་གྱུར་པ། གཟུང་རྣམ་བདེན་མེད་དུ་སྒྲུབ་པའི་རིགས་པ་དང༌། རྣམ་བརྫུན་པ་དེར་གཞུག་པའི་ཐབས་སུ་གྱུར་པ་མྱོང་བ་གསལ་རིག་བདེན་མེད་དུ་སྒྲུབ་པའི་རིགས་པ་རྣམས། དབུ་མའི་རྒྱན་འགྲེལ་པ་དང་བཅས་པ་དེའི་འགྲེལ་བཤད་དང་དབུ་མའི་སྣང་བ་དང༌། ཚད་ཆེན་ཞེས་བྱ་བའི་བསྟན་ཆོས་རྣམས་སུ་རྒྱས་པར་བཤད་པ་ཡིན་ནོ། །ཁྱབ་པ་འཁྲུལ་པའི་ཚུལ་ཡང༌། འོ་ན་ཞི་འཚོ་ཡབ་སྲས་ཀྱིས་རྡུལ་ཕྲ་རབ་དང་དོན་དུ་སྣང་བའི་གཟུང་རྣམ་དང་གཉིས་སྟོང་གི་ཤེས་པ་རྣམས་བདེན་གྲུབ་ཏུ་ཞལ་གྱིས་བཞེས་པར་འགྱུར་ཏེ། ཚད་མ་སྡེ་བདུན་ནས་འབྱུང་བའི་རིགས་པ་ཕལ་ཆེར་རང་ལུགས་སུ་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཡེ་ཤེས་སྙིང་པོས་དེ་ལྟར་བཞེད་པའི་སྒྲུབ་བྱེད་ཀྱང་རིགས་པ་མ་ཡིན་ཏེ། གཏན་ཚིགས་མ་གྲུབ་པ་དང༌། ཁྱབ་པ་འཁྲུལ་བས་སོ། །ཇི་ལྟར་ཞེ་ན། ཚུར་རོལ་མཐོང་བའི་མིག་ཤེས་སོགས་ལ་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལ་ཤིང་རྟ་ཆེན་པོ་སུས་ཀྱང་མི་བསྙོན་ན་ཟླ་བའི་ཞབས་ཀྱིས་ཀྱང་མི་བསྙོན་པར་འགྱུར་ལ། དེ་ལྟར་ན་ཁྱེད་ལ་ནང་འགལ་བའི་ཚུལ་འདི་ལྟར། འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློ་ལ་ཅི་ལྟར་སྣང་བ་འདི་ཉིད་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ཐད་སོར་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཞེས་དང༌། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡིན་མོད་དེ་ལས་ཅིར་འགྱུར་ཞེ་ན། འོ་ན་ཐ་སྙད་ཀྱི་བདེན་པ་ཁས་ལེན་པའི་ཚེ་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཉིད་དུ་ཁས་ལེན་པར་ཐལ། འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློ་ལ་དེ་ལྟར་དུ་གྲགས་པའི་ཕྱིར། ཡང་དེ་ལྟ་ན་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་པ་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་གཉིས་བཟློག་པར་མི་ནུས་སོ། །ཁས་བླངས་ནང་འགལ་བས་གཏན་ཚིགས་མ་གྲུབ་པར་མ་ཟད་ཀྱི་རིགས་པ་དང་འགལ་བས་ཀྱང་མི་འགྲུབ་པ་ནི། ཚུལ་རོལ་མཐོང་བའི་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་མེད་པ་གསལ་སྣང་ཅན་གྱི་ཤེས་པ་ཉིད་དུ་ཐལ་བར་འགྱུར་ཏེ། གཟུགས་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་བཞིན་དུ་དེར་གསལ་བར་སྣང་བའི་ཕྱིར་རོ། །འདོད་ན། ཐམས་ཅད་ལོག་པའི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཡང་ཟླ་བའི་ཞབས་ལྟར་ན། ཚུ་རོལ་མཐོང་བའི་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་བདེན་འཛིན་དུ་ཐལ་བར་འགྱུར་ཏེ། དེ་དག་གཟུགས་སོགས་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འཛིན་པའི་བློ་ཡིན་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས་སོ། །འདོད་ན། སྒྲ་དོན་འཛིན་པའི་རྟོག་པར་ཐལ་བ་བཟློག་ཏུ་མེད་དོ། །གཞན་ཡང༌། ཟླ་བའི་ཞབས་ལྟར་ན། ཚུ་རོལ་མཐོང་བའི་རྒྱུད་ཀྱི་རྟོག་མེད་ཀྱི་ཤེས་པ་ཐམས་ཅད་ལོག་ཤེས་ཡིན་པ་དང༌། ཕྱི་རོལ་གྱི་དོན་ཚད་མས་གྲུབ་པ་ཡིན་ནོ། །ཞེས་ཟེར་བ་ནང་འགལ་བ་ཡིན་ནོ། །རིགས་པས་མི་འཐད་པར་མ་ཟད་ཡེ་ཤེས་སྙིང་པོ་ཉིད་ཀྱི་ལུང་གིས་ཀྱང་མི་འཐད་པ་ནི། སྣང་བ་ལྟར་དོན་བྱེད་ནུས་པ་ཞེས་པའི་དོན་ལ། བདེན་གཉིས་ཀྱི་འགྲེལ་པ་གོང་དུ་དྲངས་པ་ལྟར། ཆུར་སྣང་བ་ལྟར་ཐ་སྙད་དུ་ཆུའི་དོན་བྱེད་ནུས་པ་ལྟ་བུ་ལ་བཤད་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ལ་བཤད་པའི་སྐབས་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། ཁྱབ་པ་འཁྲུལ་བའི་ཚུལ་ཡང༌། ཡེ་ཤེས་སྙིང་པོས་བདེན་གྲུབ་ཁས་བླངས་པར་འགྱུར་ཏེ། གཟུགས་སོགས་འཛིན་པའི་ཚུ་རོལ་མཐོང་བའི་རྟོག་པ་ཚད་མ་ལ་གཟུགས་སོགས་སྣང་བ་ལྟར་དོན་བྱེད་ནུས་པས་ཁས་བླངས་པ་གང་ཞིག དེ་ལ་གཟུགས་སོགས་བདེན་པར་སྣང་བའི་ཕྱིར་རྟགས་ཀྱང་ཁས་བླངས་སོ། །ཡང༌། ཡེ་ཤེས་སྙིང་པོས། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །ཅེས་པའི་ལུང་སྒྲ་ཇི་བཞིན་པར་ཁས་བླངས་པ་ཙམ་གྱིས། དངོས་སྨྲ་བའི་དོན་དམ་བདེན་པ་ཐ་སྙད་དུ་ཁས་བླངས་པར་འགྱུར་ན། ཡེ་ཤེས་སྙིང་པོས་བདེན་གྲུབ་ཀྱང་ཁས་བླངས་པར་འགྱུར་ཏེ། དངོས་པོར་སྨྲ་བའི་དོན་དམ་པའི་བདེན་པ་བདེན་གྲུབ་ཀྱི་སྟེང་ནས་འཇོག་པ་ཤ་སྟག་ཏུ་སྣང་བའི་ཕྱིར་དང༌། ཟླ་བས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞལ་གྱིས་བཞེས་པར་འགྱུར་ཏེ། ཇི་སྐད་དུ། འཇུག་འགྲེལ་ལས། དེ་ལ་སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ་ཞེས་གསུངས་ཤིང༌། སོ་སོ་སྐྱེ་བོ་རྣམས་ཀྱིས་སྣང་བ་ལྟར་དོན་བྱེད་ནུས་པ་ལ་དོན་དམ་བདེན་པར་འཇོག་ལ། སོ་སོ་སྐྱེ་བོ་རྣམས་ལ་ནི་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་ཁོ་ན་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །ཁོ་བོ་ཅག་ལྟར་ན་ནི། དབུ་མ་པའི་སློབ་དཔོན་དེ་དང༌། དེས་ཆོས་དེ་དང་དེ་རང་ལུགས་ཀྱི་ཀུན་རྫོབ་ཏུ་བཤད་པ་ཉིད་ཀྱིས་རང་ལུགས་སུ་ཁས་མི་ལེན་པར་གྲུབ་པ་ཡིན་ནོ། །གསུམ་པ་རང་རྒྱུད་པས་རྟགས་ཀྱི་དགག་བྱ་ཁས་བླངས་པ་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་པར་བསྟན་པ་ནི། དབུ་མ་རང་རྒྱུད་པས་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པ་འགོག་པར་བཞེད་ནས། གལ་ཏེ་རང་གི་མཚན་ཉིད་རྟེན་གྱུར་ན། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བ་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་གཉིས་འཕེན་ནོ། །ཞེས་ཟེར་བ་དེ་དག་ནི་སློབ་དཔོན་དེའི་དགོངས་པ་མ་ཡིན་ཏེ། རང་གི་འགྲེལ་པ་ན་དེ་ལྟར་མི་སྣང་བའི་ཕྱིར། འོ་ན་ཅི་ཞིག་ཡོད་ཅེ་ན། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་སེམས་ཙམ་དུ་འགྲེལ་བའི་ཤིང་རྟ་ཆེན་པོ་དག་ན་རེ། དབུ་མ་པ་རང་གི་ལུགས་ལ་ཁས་ལེན་པའི་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །དང་པོ་ནི། གཞན་གྱི་དབང་གི་ངོ་བོ་ཉིད་གང་ཡིན་པ་དེའོ། །གཉིས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །ཀུན་བཏགས་པ་ནི། ཀུན་རྫོབ་ཏུ་ཡང་བདེན་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱིས་མཐའ་བཞིའི་སྐྱེ་བ་བཀག་པ་དེ་ཡང་ཀུན་བཏགས་ཀྱི་དབང་དུ་བྱས་པ་ཡིན་གྱི། གཞན་གྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། གཞན་དབང་གི་དངོས་པོ་རྣམས་རང་གི་རྒྱུ་རྫས་གཞན་ལ་སྐྱེ་བར་མངོན་སུམ་དང༌། རྫེས་སུ་དཔག་པའི་ཚད་མས་གྲུབ་པའི་ཕྱིར། ཞེས་ཀུན་རྫོབ་ཀྱི་བདེན་པ་དབུ་མ་པ་རང་གི་རིགས་པས་རྣམ་པར་དཔྱད་ནས་འཇོག་པ་ཡིན་ནོ། །ཞེས་སྨྲ་བ་དེ་དག་ལུང་དང་རིགས་པས་རྣམ་པར་གསུངས་འབྱིན་པའི་དབང་དུ་བྱས་ནས། གལ་ཏེ་རང་གི་མཚན་ཉིད་ཅེས་སོགས་ཚིགས་སུ་བཅད་པ་གསུམ་གསུངས་སོ། །དེ་ཡང་དོན་རྣམ་པ་གསུམ་གྱིས་འཆད་དེ། དོན་དམ་པའི་བདེན་པ་ཀུན་རྫོབ་ཀྱི་བདེན་པའི་འཇིག་རྒྱུར་ཐལ་བ། ཀུན་རྫོབ་ཀྱི་བདེན་པ་དོན་དམ་པའི་བདེན་པར་ཐལ་བ། རང་ལུགས་ལ་གཞན་སྐྱེས་ཁས་བླངས་ན་ཀླུ་སྒྲུབ་ཞབས་ཀྱི་ལུང་དང་འགལ་བའོ། །དང་པོ་ནི། དོན་དམ་པའི་བདེན་པ་རྟོགས་པའི་ཤེས་རབ་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ཤིག་པར་ཐལ་བ། གཞན་དབང་རང་བཞིན་གྱིས་གྲུབ་པ་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཐལ། རང་བཞིན་དང་རང་གི་མཚན་ཉིད་དང་རྫས་སུ་ཡོད་པའི་གཞན་དབང་དེ་དོན་དམ་པར་ནི་མེད་པའི་ཕྱིར། ཞེས་འཆད་པ་ནི། གལ་ཏེ་རང་གི་མཚན་ཉིད་སོགས་ཤླཽ་ཀ་གཅིག་གོ །རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ལས་དེ་ལྟར་འབྱུང་བ་ཡང་ཡིན་ཏེ། ཇི་སྐད་དུ། རྣམ་བཤད་རིགས་པ་ལས། ལས་དང་རྣམ་པར་སྨིན་པ་དག་ནི་ཀུན་རྫོབ་དང་རྫས་སུ་ནི་ཡོད་དོ། །དོན་དམ་པར་ནི་མེད་དེ། འཇིག་རྟེན་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དམ་པ་ནི་ཡེ་ཤེས་འཇིག་རྟེན་ལས་འདས་པ་ཡིན་ཏེ། དེའི་དོན་ཡིན་པས་དོན་དམ་པའོ། །དེ་གཉིས་ཀྱི་རང་གི་མཚན་ཉིད་ནི། དེའི་ཡུལ་མ་ཡིན་ཏེ། དེའི་ཡུལ་ནི་བརྗོད་དུ་མེད་པའི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ཐེག་པ་ཆེན་པོ་པ་ཁ་ཅིག་ཐམས་ཅད་རང་གི་མཚན་ཉིད་དུ་ནི་མེད་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཡོད་པ་ཉིད་དུ་བསྟན་ནོ། །ཞེས་སྒྲ་ཇི་བཞིན་པ་ཉིད་ཀྱི་དོན་ཡིན་པར་འདོད་པ་དེ་དག་ལ་ཇི་སྐད་བསྟན་པའི་རྩོད་པ་འདི་ཡང་འབྱུང་བར་འགྱུར་རོ། །ཞེས་གཞན་དབང་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་ཡོད་པ་དང་དོན་དམ་དུ་རང་གི་མཚན་ཉིད་ཀྱིས་མེད་པར་བཤད་པའི་ཕྱིར་རོ། །རང་ལ་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཐལ་བའི་ཉེས་པ་མི་འཇུག་པ་ནི་གཞན་དབང་གི་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པའི་རྒྱུ་མཚན་གྱིས་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཀྱང་དེ་ལྟར་རྟོགས་པ་ཡིན་གྱིས་གནས་ཚུལ་ལ་རང་བཞིན་གྱིས་གྲུབ་པ་ལ། ཡེ་ཤེས་ཀྱི་རང་བཞིན་གྱིས་སྟོང་པར་རྟོགས་པ་མ་ཡིན་པའི་རྒྱུ་མཚན་ལས་སོ། །གཉིས་པ་ནི། གཞན་དབང་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། དབུ་མའི་རིགས་པས་དཔྱད་བཟོད་པའི་ཕྱིར་ཏེ། མཐའ་བཞི་པོ་གང་ལས་སྐྱེས་ཞེས་དཔྱོད་པ་ན་གཞན་ལས་སྐྱེ་བར་ཁས་ལེན་དུ་རུང་བའི་ཕྱིར་ཞེས་འཆད་པ་ནི། གང་ཕྱིར་དངོས་པོ་འདི་དག་རྣམས་དཔྱད་ན། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །གསུམ་པ་ནི། གཞན་དབང་ལ་ཀུན་རྫོབ་ཏུ་ཡང་རང་བཞིན་གྱིས་ཡོད་པའི་སྐྱེ་བ་ཡོད་པར་ཚད་མས་གྲུབ་པ་མ་ཡིན་ཏེ། དོན་དམ་པར་མཐའ་བཞིའི་སྐྱེ་བ་འགོག་བྱེད་ཀྱི་རིགས་པ་དེས་མ་ཁེགས་པའི་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ནི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཞེས་འཆད་པ་ནི། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་གོ །ཐ་སྙད་དུ་གཞན་སྐྱེ་བཀག་པ་ལ་མངོན་སུམ་དང་འགལ་བ་སྤང་བ་ནི། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཞེས་སོགས་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་གསུམ་ཞིག་འབྱུང་བའི་དང་པོ་ནི། རྣལ་འབྱོར་སྤྱོད་པ་པས་ཀླུ་སྒྲུབ་ཀྱི་དགོངས་པ་སེམས་ཙམ་དུ་བཀྲལ་བ་ན། གཞན་དབང་ཀུན་རྫོབ་ཏུ་བདེན་པར་གྲུབ་ཅིང་དོན་དམ་པའི་བདེན་པར་མ་གྲུབ། ཡོངས་གྲུབ་ནི་དོན་དམ་པའི་བདེན་པར་གྲུབ་ལ་ཅིག་ཤོས་སུ་མ་གྲུབ། ཀུན་བཏགས་ནི་བདེན་པ་གཉིས་པོ་གང་དུ་ཡང་བདེན་པ་མ་ཡིན་ཞེས་བྱ་བ་དང༌། དེའི་དགོངས་པ་ངོ་བོ་ཉིད་མེད་པར་སྨྲ་བས་བཀྲལ་བ་ལྟར་ན། བརྟགས་པ་དང་གཞན་དབང་གཉིས་ཀ་ཡང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ངོར་ནི་བདེན་པར་མཚུངས་ལ། རང་གི་ལུགས་ལ་ནི་ཐ་སྙད་དུ་ཡང་བདེན་པ་མ་ཡིན། ཡོངས་གྲུབ་ནི་དོན་དམ་པར་མི་བདེན་ཡང༌། ཐ་སྙད་དུ་བདེན་པར་བཞག་པས་རང་གི་ལུགས་ལ་ཐ་སྙད་དུ་བདེན་པ་ནི་གཅིག་ཁོ་ནའོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གྲུབ་དོན་གཉིས་པ་ནི་དབུ་སེམས་གཉིས་ཀས་གཞན་དབང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་མོད། སེམས་ཙམ་པས་ནི་དེ་ཀུན་རྫོབ་ཏུ་བདེན་པར་ཚད་མས་གྲུབ་ཅིང༌། དོན་དམ་དུ་བདེན་གྲུབ་མ་ཡིན་པར་ཚད་མས་གྲུབ་བོ་ཞེས་ཁས་ལེན་ལ། ངོ་བོ་ཉིད་མེད་པར་སྨྲ་བས་ནི། རང་ལ་དེ་བདེན་པ་ལྟ་ཞོག རང་ལུགས་ཀྱི་ཚད་མ་གང་གིས་ཀྱང་དེ་ཡོད་པར་ཚད་མས་མི་འགྲུབ་བོ་ཞེས་བྱ་བ་འདི་ཡང་གྲུབ་པ་ཡིན་ནོ། །གྲུབ་དོན་གསུམ་པ་ནི། ཐ་སྙད་དུ་ཡང༌། གཞན་སྐྱེ་དང༌། དེས་ཉེ་བར་མཚོན་ནས་རང་བཞིན་གྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ཁས་མི་ལེན་ནོ། །ཞེས་བྱ་བ་འདི་ཡང་དབུ་མ་རང་ལུགས་ཀྱི་ཚད་མས་ཐ་སྙད་དུ་ཡང་མི་འགྲུབ་བོ། །ཞེས་བྱ་བའི་དོན་ཡིན་གྱི། འཇིག་རྟེན་གྱི་ཐ་སྙད་དུ་མེད་པའི་དོན་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ནི་ལྷན་ཅིག་སྐྱེས་པའི་མཐོང་བ་བརྫུན་པའི་ཡུལ་དུ་ཇི་ལྟར་གྲུབ་པ་དེ་ཉིད་ལ་འཇོག་པའི་ཕྱིར་དང༌། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །ཞེས་སོགས་དང༌། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཞེས་པར། གཞན་སྐྱེ་འཇིག་རྟེན་ལ་གྲགས་པའི་མངོན་སུམ་གྱིས་མཐོང་བར་བཤད་པའི་ཕྱིར། ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །འོ་ན་གཞུང་འདིའི་ཕྱོགས་སྔ་མ་ཁས་ལེན་པ་པོ་རྣལ་འབྱོར་སྤྱོད་པ་བ་ཡིན་ནོ་ཞེས་བྱ་བ་འདི་ལ་ལུང་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། བཤད་པ་ཇི་ལྟར་གལ་ཏེ་རང་གི་མཚན་ཉིད་ཅེས་པའི་འགྲེལ་པར། གང་ཞིག་གཞན་གྱི་དབང་གི་ངོ་བོ་ཁས་བླངས་ནས། དེ་ལ་བརྟེན་པའི་སྟོང་པ་ཉིད་གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་ཅན་མི་རྟག་པ་ཉིད་ལ་སོགས་པ་ལྟར་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པར་སེམས་པ་དེའི་ལྟར་ན་སྟོང་པ་ཉིད་ཁོ་ནས་ཆོས་ཐམས་ཅད་སྟོང་པ་ཡིན་གྱི། རང་བཞིན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །ཞེས་བཤད་པ་དང༌། གང་ཕྱིར་དངོས་པོ་འདི་དག་ཅེས་པའི་འགྲེལ་པར་དངོས་པོ་ལ་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ཀུན་ནས་གཅོད་པ་ན་བྲེད་ཤ་ཐོན་པ་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པ་འདི་གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་འགྱུར་བ་རྫས་ཀྱི་བདག་ཉིད་འགའ་ཞིག་ཏུ་སྐྱེ་བར་འགྱུར་བར་བྱ་དགོས་སོ་ཞེས་སྨྲ་ན། དེ་སྐད་དུ། སྨྲ་བ་དེ་ལ་ཚིག་ཙམ་ཞིག་ལྷག་མ་ལུས་སོ། །ཞེས་པ་དང་དེ་ཉིད་སྐབས་སུ་ཞེས་པའི་འགྲེལ་པར་གང་དག་བདག་ལས་མ་ཡིན། ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་མངའ་ནས་ཀྱིས། བརྟགས་པའི་ངོ་བོ་ཉིད་ཁོ་ན་བཀག་པ་ཡིན་གྱི། གཞན་གྱི་དབང་གི་ངོ་བོ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་འདོད་པ་འདི་ཡང༌། གཏན་ཚིག་མེད་པར་མི་འགྲུབ་པས་དེ་སྐད་དུ་སྨྲ་བ་དེ་དག་ནི། བརྒལ་ཞིང་བརྟགས་པར་བྱ་བ་ཁོ་ནའོ་ཞེས་གསུངས་པས་ན། འདིའི་ཕྱོགས་སྔ་སྨྲ་བ་དབུ་མ་རང་རྒྱུད་པ་ཡིན་པའི་དོན་མེད་དོ། །སྐབས་འདིར་གལ་ཆེ་བའི་དོན་འདི་ལྟར་ཤེས་དགོས་ཏེ། ཟླ་བའི་ཞབས་ཀྱིས་སེམས་ཙམ་པའི་འདོད་པ་བརྗོད་པ་ན། གཞན་དབང་བདེན་གྲུབ་ཏུ་འདོད་པར་བཤད་པ་དེ་ཡང༌། ཐ་སྙད་བདེན་པའི་དབང་དུ་བྱས་པའི་བདེན་གྲུབ་ཏུ་ཁས་ལེན་པ་ཡིན་གྱི། དོན་དམ་བདེན་པའི་དབང་དུ་བྱས་པའི་བདེན་གྲུབ་ཏུ་འདོད་པར་འཆད་པ་ནི་མ་ཡིན་ཏེ། གཞན་དུ་ན་དེས་དེ་དོན་དམ་པའི་བདེན་པ་ཉིད་དུ་ཁས་ལེན་པར་ཐལ་བའི་ཕྱིར་རོ། །འོ་ན་ལུགས་དེ་ལ་བདེན་གྲུབ་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ཁྱད་པར་ནི་རྣམ་པ་དུ་མར་བལྟ་སྟེ། ཀུན་རྫོབ་ཏུ་བདེན་པ་དང་དོན་དམ་དུ་བདེན་པའི་ཁྱད་པར་དང༌། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་པའི་ཚེ་དཔྱད་བཟོད་མི་བཟོད་ཀྱི་ཁྱད་པར་དང༌། རྣམ་དག་གི་དམིགས་པ་ཡིན་མིན་གྱི་ཁྱད་པར་དང༌། ཐ་སྙད་པའི་ཚད་མ་དང༌། དོན་དམ་པའི་ཚད་མ་གཉིས་ཀྱིས་གཞལ་བྱ་སོ་སོར་ངེས་པ་སོགས་ཀྱི་ཁྱད་པར་རོ། །དེ་ལྟ་བས་ན། རྣམ་རིག་པ་གཞན་དབང་བདེན་པར་ཡོད་དོ། །ཞེས་བྱ་བ་འདི་ནི་ཀུན་རྫོབ་བདེན་པའི་འཇོག་ཚུལ་ཡིན་གྱི། དོན་དམ་བདེན་པའི་མ་ཡིན། ཡོངས་གྲུབ་བདེན་པར་ཡོད་དོ་ཞེས་བྱ་བ་འདི། དོན་དམ་བདེན་པའི་འཇོག་ཚུལ་ཡིན་གྱི་ཅིག་ཤོས་མ་ཡིན། ཀུན་བཏགས་བདེན་པར་མེད་དོ་ཞེས་བྱ་བ་འདི་ནི་བདེན་པ་གཉིས་ཀའི་དབང་དུ་བྱས་ནས་འཆད་པ་ཡིན་ནོ། །འོ་ན་སེམས་ཙམ་དུ་སྨྲ་བས་གཞན་དབང་ཀུན་རྫོབ་ཏུ་བདེན་པར་གྲུབ་བོ་ཞེས་བྱ་བ་འདི་དང༌། དབུ་མ་པས་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་ཁས་ལེན་པ་འདི་གཉིས་ཉེས་པ་མཚུངས་པར་འགྱུར་ཏེ། འཕྲལ་གྱི་འཁྲུལ་རྒྱུའི་དབང་གིས་བརྟགས་པ་མ་ཡིན་པའི་དངོས་པོ་རྣམས་ནི་རང་བཞིན་གྱིས་གྲུབ་པར་འཇིག་རྟེན་ན་གྲགས་པའི་ཕྱིར་སྙམ་ན། དེ་མི་མཚུངས་པའི་ཚུལ་ནི་ཇི་སྐད་དུ། ཇི་ལྟར་ཁྱོད་ཀྱི་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་དེའི་དོན། དབུ་མ་པས་ནི། ཇི་སྲིད་ཐ་སྙད་ཀྱི་བདེན་པ་འཇོག་པ་དེ་སྲིད་དུ་འཇིག་རྟེན་ན་ཇི་ལྟར་གྲགས་པ་དེ་ཉིད་དབང་བཙན་པར་བྱས་པ་ཡིན་གྱི། རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པས་མི་འཇོག སེམས་ཙམ་པས་ནི། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་དེ་རང་གི་གྲུབ་མཐའ་ལ་གྲགས་པའི་རིགས་པ་དང༌། ཚད་མས་རྣམ་པར་འཇོག་པའི་ཕྱིར་ཞེས་པའོ། །དེ་སྐད་དུ་ཡང༌། དེ་ཉིད་ཀྱི་རང་འགྲེལ་ལས། ཇི་ལྟར་ཁྱོད་ཀྱིས་རང་དབང་དུ་གནས་ནས་རང་གི་གཞུང་ལུགས་ཀྱི་གཞན་དབང་གི་ངོ་བོ་འཕགས་པའི་ཡེ་ཤེས་ཀྱི་ཐུགས་སུ་ཆུད་པར་བྱ་བ་ཞིག་སྨྲ་བ་དེ་ལྟར་ན་ནི། ཁོ་བོས་ཀུན་རྫོབ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཡོད་པ་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་འགྱུར་བས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་བོ་ཁོ་ནར་བརྗོད་པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་བཟློག་པའི་ཐབས་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་དང༌། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཞེས་ཀུན་བཏགས་ལ་རང་གི་མཚན་ཉིད་མེད་པར་ཁས་བླངས་ན། འཇིག་རྟེན་གྱི་གྲགས་པ་དང་འགལ་ཞིང་དེའི་རྒྱུ་མཚན་གྱིས་ཀུན་རྫོབ་ཀྱི་འཇོག་ཚུལ་མ་ཡིན་པ་དང༌། དེ་ལ་དབུ་མའི་གྲུབ་མཐས་མི་གནོད་ཅིང༌། དེ་དང་མཐུན་པར་བཤད་པ་ཡིན་ཏེ། ཇི་སྐད་དུ། ཁྱོད་དང་འཇིག་རྟེན་འདི་ནི་རྩོད་གྱིས་དང༌། །ཕྱིས་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་གསུངས་སོ། །འོ་ན་ཟླ་བའི་ཞབས་ཀྱིས་རང་ལུགས་ལ་ཕྱི་རོལ་གྱི་དོན་ཡོད་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། སེམས་ཙམ་པས་ཕྱི་རོལ་གྱི་དོན་མེད་ཅིང་རྣམ་པར་ཤེས་པ་ཡོད་དོ་ཞེས་སྨྲ་བ་དེ་བདེན་པ་གཉིས་པོ་གང་གི་ཡང་འཇོག་ཚུལ་མ་ཡིན་ནོ། །ཞེས་གསུངས་པ་ཡིན་ཏེ་ཕྱི་རོལ་གྱི་དོན་རང་ལུགས་ལ་ཡོད་པར་བསྒྲུབས་པ་ཆ་ཙམ་ཡང་ཡོད་པ་མ་ཡིན་ལ། ཕྱི་རོལ་གྱི་དོན་མེད་པ་ཉིད་རང་ལུགས་སུ་བཞེད་པའི་ཕྱིར། དེ་ཡང་ཇི་སྐད་དུ། ཤེས་བྱ་མེད་ན་ཤེས་པ་བསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་བཤད་པའི་ཕྱིར། འོ་ན་དེ་ལྟར་འདོད་པ་དེ་བདེན་གཉིས་གང་གི་ཡང་འཇོག་ཚུལ་དུ་མི་རུང་བ་ཅི་ཞེ་ན། ཀུན་རྫོབ་ཏུ་ནི་དོན་ཤེས་གཉིས་ཀ་ཡོད་མཚུངས་སུ་འཇིག་རྟེན་གྱི་གྲགས་པས་འགྲུབ་ལ། དོན་དམ་དུ་ནི་ཡོད་མཚུངས་མ་ཡིན་པར་དབུ་མ་པའི་ལུགས་ཀྱི་ལུང་དང་རིགས་པས་འགྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བདེན་གཉིས་རིམ་པ་འདི་དག་བཤིགས་ནས་ནི། །ཁྱོད་ཀྱི་རྫས་ནི་བཀག་ཕྱིར་འགྲུབ་མི་འགྱུར། །ཞེས་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་གལ་ཆེ་བ་འདི་ལྟར་སེམས་ཙམ་པས་ཀུན་རྫོབ་བདེན་པ་འཇོག་པའི་ཚེ། རང་བཞིན་གྱིས་གྲུབ་པའི་ཆོས་ཁས་བླངས་པ་ན་བདེན་པ་གཉིས་ལས་ཉམས་པ་དང༌། དབུ་མ་པས་དེ་འཇོག་པའི་ཚེ། རང་བཞིན་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་བདག་གཉིས་ཀྱི་ཐ་སྙད་ཁས་མི་ལེན་ཡང་དོན་ཁས་ལེན་པ་དེ་ལྟར་ན་ཡང་བདེན་པ་གཉིས་ལས་ཉམས་པ་མེད་དོ། །དེའི་རྒྱུ་མཚན་ཡང་སེམས་ཙམ་པའི་ཀུན་རྫོབ་བདེན་པའི་འཇོག་ཚུལ་ནི་རང་གི་གྲུབ་མཐའ་ལ་གྲགས་པའི་ཚད་མ་ཡིན་པར་འདོད་ལ། དབུ་མ་པས་ནི། ཀུན་རྫོབ་བདེན་པའི་འཇོག་བྱེད་འཇིག་རྟེན་ན་གྲགས་པའི་མཐོང་བ་བརྫུན་པ་ཉིད་དབང་བཙན་པར་འདོད་པའི་ཤེས་བྱེད་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་པ་ན་དབུ་མ་རང་རྒྱུད་པར་མ་ཟད། ཐལ་འགྱུར་བས་ཀྱང་ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ནི། རང་བཞིན་དང་རང་གི་མཚན་ཉིད་དང་རང་གི་ངོ་བོ་ཉིད་དུ་མ་ཟད་ཀྱི། བདེན་འཛིན་ལྷན་སྐྱེས་དང་རང་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་དང་དེ་མ་རིག་པ་དེ་དང་དེའི་ངོར་ཇི་ལྟར་གྲུབ་པ་དེ་ཉིད་སོར་འཇོག་པ་ཡིན་གྱི། དབུ་མ་པ་རང་ལུགས་ཀྱི་ཚད་མས་མི་འཇོག དོན་དམ་པའི་བདེན་པ་དང་དབུ་མ་པ་རང་གི་གྲུབ་པའི་མཐའ་འཆད་པ་ན་ནི། ཐལ་འགྱུར་བར་མ་ཟད་རང་རྒྱུད་པས་ཀྱང་དངོས་པོ་རྣམས་རང་བཞིན་དང་རང་གི་མཚན་ཉིད་ལྟ་ཞོག ཀུན་རྫོབ་ཀྱི་དངོས་པོ་འཇིག་རྟེན་གྱི་རྟོག་པས་བརྟགས་པ་ཉིད་ཀྱང་ཡོད་པར་མི་འདོད་དེ། ཇི་སྐད་དུ། ཚིག་གསལ་ལས། འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་བྱེད་པ་དེའི་ཚེ། ཕྱིན་ཅི་ལོག་ཙམ་གྱི་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་གྱུར་པར་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ་ཞེས་གསུངས་པས་སོ། །མདོར་ན། དབུ་མ་རང་རྒྱུད་པའི་སློབ་དཔོན་ཆེན་པོ་དེ་དག་གིས་ཀླུ་སྒྲུབ་ཞབས་ཀྱིས་ཇི་ལྟར་བཞེད་པའི་དབུ་མའི་རྟགས་ཀྱི་དགག་བྱ་དེ་ཉིད་ཞལ་གྱིས་བཞེས་སོ་ཞེས་གསལ་བར་སྒྲོ་འདོགས་པ་དེ་དག་ནི་འཕགས་ཡུལ་དུ་བྱོན་པའི་ཤིང་རྟའི་སྲོལ་འབྱེད་ཆེས་ཤིན་ཏུ་ཆེན་པོ་དག་ལ་མི་ཟད་པའི་སྐུར་པ་བཏབ་པས་རང་རྒྱུད་ཀྱི་གཞུང་རྙོག་པ་ཅན་དུ་བྱས་པར་མ་ཟད་ཀྱི་དབུ་མ་ཐལ་འགྱུར་གྱི་སྒོ་ནས་སྨྲ་བའི་གཞུང་ལུགས་དག་ལ་ཡང་བྱ་བ་ཅུང་ཟད་ཀྱང་མ་བྱས་པས་རྣམ་པར་དཔྱོད་པ་དང་ལྡན་པ་དག་གིས་ཡིད་རྟོན་དུ་རུང་བའི་གནས་སུ་བྱ་བར་མ་མཐོང་ནས་རིང་དུ་དོར་བ་ཡིན་ནོ། །གཉིས་པ་ཐལ་འགྱུར་དུ་སྨྲ་བའི་གཞུང་ལ་ལོག་པར་རྟོག་པ་བསལ་བ་ལ། བོད་ཡུལ་དུ་ལྷ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། རྒྱ་གར་ཤར་ཕྱོགས་ཀྱི་དབུ་མ་པ་ཆེན་པོ་ཡེ་ཤེས་སྙིང་པོ་དང༌། སེམས་དཔའ་ཆེན་པོ་ཞི་བ་འཚོ་དང༌། མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་རྣམས་བོད་ཡུལ་དུ་སྤྱན་དྲངས། རྒྱན་སྣང་བདེན་གསུམ་ཞེས་བྱ་བའི་བསྟན་ཆོས་འགྲེལ་པ་དང་བཅས་པ་མཛད། ཀ་ཅོག་ཞང་གསུམ་ལ་སོགས་པའི་ལོ་ཙཱ་བ་ཆེན་པོ་རྣམས་ལ་རིམ་པར་བརྒྱུད་ནས་རྔོག་ལོ་ཙཱ་བ་ཆེན་པོ་ཡན་ཆད་དུ་དབུ་མ་རང་རྒྱུད་ཀྱི་བསྟན་ཆོས་དེ་དང་དེ་དག་ལ་བཤད་ཉན་གྱི་སྒོ་ནས་ཡུན་རིང་དུ་གཏན་ལ་འཕབས་པས། ཀླུ་སྒྲུབ་ཞབས་ཀྱིས་ཇི་ལྟར་གཟིགས་པའི་ལྟ་བ་དེ་ཉིད་རང་གིས་མཁྱེན་ནས་གཞན་ལ་ཕྱིན་ཅི་མ་ལོག་པར་འདོམས་པར་མཛད་པའི་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་བར་མ་ཆད་པར་བྱོན་ནོ། །རྔོག་ལོ་ཙཱ་བ་ཆེན་པོས་བཤད་ཉན་མཐར་ཕྱིན་པར་མཛད་པའི་སླད་རོལ་དེ་ཙམ་ན་སྤྲུལ་བའི་ལོ་ཙཱ་བ་ཆེན་པོ། པ་ཙབ་ཉི་མ་གྲགས་ཀྱི་ཇི་སྐད་དུ། ཇོ་བོ་མར་མེ་མཛད་ཀྱིས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་འབྱུང་བ་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས། རྒྱ་གར་གྱི་མཁས་པ་ཆེན་པོ་ཀཱན་ཀ་ཝརྨ་དང༌། ཧཱ་སུ་མ་ཏི་དང༌། ཏི་ལ་ཀ་ལ་སོགས་པ་བསྙེངས་བྲལ་ཟླ་བའི་ཞབས་ཀྱི་བརྒྱུད་པ་འཛིན་པའི་སློབ་དཔོན་རྣམས་ལ་ལུགས་དེ་ཉིད་རྒྱས་པར་གསན་ཞིང༌། སྤྱིར་སློབ་དཔོན་དེས་མཛད་པའི་བསྟན་ཆོས་དུ་མ་དང་ཁྱད་པར་དུ་རྩ་འཇུག་བཞི་གསུམ་གྱི་འགྲེལ་པ་རྣམས་བསྒྱུར་ཞིང༌། བཤད་ཉན་གྱི་སྒོ་ནས་ཡུན་རིང་དུ་གཏན་ལ་ཕབ་པས། དེའི་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་པའི་མཁས་པ་ཆེན་པོ་རྨ་བྱང་ཆུབ་བརྩོན་འགྲུས་དང༌། སློབ་དཔོན་གཙང་ནག་དང་གཙང་པ་སར་བོས་དང་ཞང་ཐང་སག་པ་ལ་སོགས་པ་ཐལ་འགྱུར་གྱི་ཚུལ་ལ་རྣམ་དཔྱོད་ཀྱི་བློ་གྲོས་ཤིན་ཏུ་གཞོལ་བར་གྱུར་པའི་མཁས་པ་ཆེན་པོ་མང་པོ་དག་བྱོན་ཏེ། དེ་དག་ཀྱང་ཕལ་ཆེར་ནི། ཐོག་མར་སློབ་དཔོན་ཕྱ་པའི་དྲུང་དུ་རང་རྒྱུད་ཀྱི་ཚུལ་ལ་ལེགས་པར་སྦྱངས་པ་དག་གོ །དེའི་ཚེ་ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ། བོད་དུ་བྱོན་ནས་དབུ་མ་ལ་འཇུག་པའི་འགྲེལ་བཤད་དང༌། རྟོག་གེ་ཐོ་བ་ལ་སོགས་པའི་བསྟན་བཅོས་བརྩམས་ཤིང༌། ཁུ་མདོ་སྡེ་འབར་བ་ལ་སོགས་པའི་སློབ་མ་མང་པོ་བྱོན་པས་ཟླ་བའི་གཞུང་ལུགས་གསལ་བར་མཛད་པ་ཡིན་ལ། དེའི་ཚེ་སློབ་དཔོན་ཕྱ་པ་དང༌། ཁ་ཆེ་ཨཱ་ནནྡ་གཉིས་ཁུ་ལོ་ཙཱ་བ་བར་དུ་བརྒྱུད་པའི་རྩོད་པ་བྱས་པས་ཕྱ་པ་རྒྱལ་ལོ་ཞེས་བྱ་བའི་གཏམ་དུ་བྱ་བ་དག་ཀྱང་སྣང་ལ། ཇི་ལྟར་ཡིན་ཡང་རུང་སྟེ། ཕྱ་པས་ཟླ་བའི་ཞབས་ཀྱི་མཚན་ནས་བོས་ཏེ་དགག་པ་བྱས་པའི་རིམ་པ་རྣམས་མདོར་བསྡུས་ཏེ་ཕྱོགས་སྔ་མར་བཀོད་པ་དང༌། སུན་འབྱིན་དེ་དག་ཉེས་པ་མི་འཇུག་པའི་ཚུལ་བཤད་པས་ཟླ་བའི་ཞབས་ཀྱི་ངེས་དོན་གཏན་ལ་ཕེབས་ཚུལ་ཇི་ལྟར་ཡིན་གྱི་འཐད་པ་གོ་བའོ། །དང་པོ་ནི། འདི་ལྟར་བཤད་དེ། རང་རྒྱུད་ཀྱི་སྦྱོར་བ་ཁས་མི་ལེན་པ་མི་འཐད། ཐལ་འགྱུར་རྐྱང་པས་དངོས་པོར་སྨྲ་བ་འགོག་པ་མི་འཐད། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་རྒྱུན་ཆད་པ་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཆོས་ཅན་མཐུན་སྣང་མེད་པ་རྒྱུ་མཚན་དུ་མི་རུང༌། དམ་བཅའ་མེད་པ་རྒྱུ་མཚན་དུ་མི་རུང༌། རྟགས་ཁྱབ་ཚད་མས་ངེས་པ་མེད་པ་རྒྱུ་མཚན་དུ་མི་རུང་བའོ། །དང་པོ་ནི། འོ་ན་གང་ལ་ཐལ་བ་འགོད་པའི་རྒོལ་བ་ཡང་མེད་པས་ཐལ་འགྱུར་ཡང་མི་འཐད་པར་འགྱུར་ཏེ། དཔེར་ན། དབུ་མ་པ་ལ་ཆོས་ཅན་མེད་པས་རང་རྒྱུད་མི་རུང་བ་བཞིན་ནོ། །གཉིས་པ་ལ་ཡང་གསུམ་སྟེ། ལོག་རྟོག་འགོག་པ་མི་འཐད། དངོས་འགལ་གཉིས་ཀ་འདོར་བ་མི་འཐད། དཔྱད་མི་བཟོད་པའི་ཤེས་པ་ཙམ་དགག་མི་ནུས་པའོ། །དང་པོ་ནི། དབུ་མ་ལ་བསྒྲུབ་བྱ་སྒྲུབ་རྒྱུ་མེད་པས་རང་རྒྱུད་མི་རིགས་ན། དགག་བྱ་འགོག་པའི་ལོག་རྟོག་ཀྱང་མེད་པས་དེ་འགོག་པའི་ཐལ་བ་བརྗོད་པར་ཡང་མི་རིགས་སོ། །གཉིས་པ་ནི། དོན་དམ་པར་སྟོང་པ་དང་སྟོང་མིན་གཉིས་ཀ་མི་འདོད་ན། ཁོ་བོས་གཉིས་ཀ་ཡོད་པར་སྨྲས་ན་ཇི་ལྟ་དགག གཅིག་བསྒྲུབས་པ་ཉིད་ཅིག་ཤོས་དོར་བ་ཡིན་པས་གཉིས་ཀ་ཡིན་པ་མི་འཐད་དོ་ཞེ་ན། འོ་ན་ཅིག་ཤོས་བཀག་པ་ཉིད་གཅིག་བསྒྲུབས་པ་ཡིན་པས་གཉིས་མིན་ཡང་མི་འཐད་དོ། །གསུམ་པ་ནི། མྱོང་བ་གསལ་རིགས་གི་ངོ་བོ་ཡོད་པ་ཁོ་ན་ཡོད་པར་སྨྲས་ན་ཅིས་འགོག འོ་ན་གཅིག་དང་དུ་མ་གང་དུ་ཡོད་ཅེ་ན། འོ་ན་ཁྱེད་རང་ལྟར་ན། དེ་ཉིད་བདེན་པར་གྲུབ་མ་གྲུབ་གང་ཡིན། ཁོ་བོ་ཅག་ལ་ཁས་ལེན་གང་ཡང་མེད་དོ་ཞེ་ན། ངེད་ལ་ཡང་ཁྱད་གཞི་དེ་ལ་ཁྱད་ཆོས་གང་ཡང་མེད་དོ། །ཁྱད་གཞི་ཁས་བླངས་ནས་ཁྱད་ཆོས་ཁས་མི་ལེན་པ་འགལ་ལོ་ཞེ་ན། འོ་ན་བདེན་གྲུབ་བཀག་ནས་བདེན་སྟོང་ཁས་མི་ལེན་པ་ཡང་འགལ་ལོ། །གསུམ་པ་ནི། རྟགས་ཁྱབ་ངེས་པའི་ཚད་མ་མེད་པས་རང་རྒྱུད་མི་རུང་ན། འོ་ན་དེ་མེད་པས་ཐལ་འགྱུར་ཡང་མི་རུང་ངོ༌། །ཐལ་འགྱུར་གྱི་རྟགས་ཁྱབ་ཕ་རོལ་ལ་གྲུབ་པས་ཆོག་གོ་ཞེ་ན། འོ་ན་ཅིག་ཤོས་ལ་ཡང་དེས་ཆོག་གོ །དེ་ལ་དེས་མི་ཆོག་སྟེ། ཇི་སྐད་དུ། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་འདོད་པས་ཤེས་སོ་ཞེས་ན། འོ་ན་གཅིག་ལ་ཡང་དེ་སྐད་དུ་འདོན་པས་སོ། །གཉིས་པ་ཐལ་འགྱུར་རྐྱང་པས་དངོས་པོར་སྨྲ་བ་དག་དགག་མི་ནུས་པ་ལ་གསུམ་སྟེ། དགག་བྱ་གཏན་དགག་མི་ནུས་པ་དང༌། ནུས་ཀྱང་སྤྲོས་པ་མཐའ་དག་དགག་མི་ནུས་པ་དང༌། སྤྲོས་པ་ཡོད་པར་དོགས་པ་སེལ་མི་ནུས་པའོ། །དང་པོ་ནི། འོ་ན། ཁྱེད་ཅག་སྐྱེ་བ་དོན་མེད་དུ་ཐལ། བདག་ལ་སྐྱེ་བའི་ཕྱིར་ཞེས་འཕེན་པ་དེ་འགལ་བ་བརྗོད་པའི་ཐལ་འགྱུར་དུ་འདོད་པས་དེ་གཉིས་འགལ་བར་ཕ་རོལ་པོས་ཁས་བླངས་པ་ཙམ་གྱིས་འགལ་ཟླ་འགོག་པ་ཡིན་ནམ། དེ་གཉིས་ཤེས་བྱའི་གཤིས་ལ་འགལ་བས་འགལ་ཟླ་འགོག་པ་ཡིན། དང་པོ་ལྟར་ན་འོ་ན་རྟེན་འབྲེལ་གྱི་རྟགས་ཀྱིས་བདེན་དངོས་སྒྲུབ་ནུས་པར་འགྱུར་ཏེ། འཇིག་རྟེན་གྱི་བློ་ངོར་དེ་གཉིས་འབྲེལ་བའི་ཕྱིར། གཉིས་པ་ལྟར་ན། དེ་གཉིས་གནོད་བྱ་གནོད་བྱེད་དུ་ཡོད་དགོས་ལ། དེ་ལྟ་ན། གང་རུང་གཅིག་ཤེས་བྱའི་གཤིས་སུ་ཡོད་དགོས་པས། བདག་ལ་སྐྱེ་བ་ཤེས་བྱའི་གཤིས་སུ་ཡོད་དམ། སྐྱེ་བ་དོན་ཡོད་ཤེས་བྱའི་གཤིས་སུ་ཡོད་དམ། གཉིས་ཀ་ཤེས་བྱའི་གཤིས་སུ་མེད་ཀྱང༌། གཉིས་ཀ་ཁས་ལེན་པ་ན་གཅིག་གིས་ཅིག་ཤོས་འགོག་ནུས་པ་ཡིན། དང་པོ་གཉིས་གང་ལྟར་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཡོད་པར་འགྱུར་ཏེ། གཉིས་པོ་གཅིག་གིས་ཅིག་ཤོས་འགོག་པ་ལ་ཕྱོགས་ཆོས་གྲུབ་ཅིང༌། རྟགས་དང་དགག་བྱའི་ཆོས་ལ་འགལ་བ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར། གསུམ་པ་ལྟར་ན་ནི་མོ་གཤམ་གྱི་བུ་ཡོད་པས་རི་བོང་གི་རྭ་ཡོད་པ་འགོག་ནུས་པར་འགྱུར་རོ། །དེ་བས་ན་ཤེས་བྱའི་གཤིས་ལ་འགལ་བ་མ་གྲུབ་ན། བློས་འགལ་ཟླ་བཟུང་བ་ཙམ་ནི་བློ་སྐྱོན་ཡིན་གྱི་དོན་སྐྱོན་མ་ཡིན་པའི་ཕྱིར། མ་དང་མོ་གཤམ་དུ་ཁས་ལེན་པ་ལྟར་གེགས་བྱེད་དུ་འགྱུར་གྱི། འགལ་བ་མ་ཡིན་པས་དགག་བྱ་འགོག་མི་ནུས་སོ། །ཡང་དངོས་སྨྲ་བས་གཞན་སྐྱེ་ཁས་བླངས་པ་ལ་མེ་ལྕེ་ལས་མུན་པ་འབྱུང་བར་ཐལ། གཞན་ཡིན་པའི་ཕྱིར། ཞེས་ཟེར་བ་ནི་མཐུར་ཁྱབ་ལ་འཕངས་པ་ཡིན་ཏེ། གཞན་སྐྱེ་ལ་གཞན་གྱིས་ཁྱབ་པ་ཁས་བླངས་པ་ལ། གཞན་ལ་གཞན་སྐྱེས་ཁྱབ་པ་ཁས་བླངས་པ་ལྟ་བུར་ཐལ་བ་འཕངས་པའི་ཕྱིར། གཉིས་པ་ཐལ་འགྱུར་གྱིས་སྤྲོས་པ་མཐའ་དག་མི་ཁེགས་པ་ནི། འོ་ན་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་མཐའ་བཞིའི་སྐྱེ་བ་མི་སྲིད་པར་ངེས་སམ་ཡོད་པར་ངེས། ཕྱི་མ་ལྟར་ན་སྤྲོས་པ་མ་ཁེགས་ལ། དང་པོ་ལྟར་ན། སྐྱེ་བ་བཞིས་རང་བཞིན་གྱིས་སྐྱེ་བ་ལ་ཁྱབ་པར་ངེས་སམ་མ་ངེས་དང་པོ་ལྟར་ན། མཐའ་བཞིའི་སྐྱེ་བ་དང་བྲལ་བའི་རྟགས་ཀྱིས་མྱུ་གུ་རང་བཞིན་གྱིས་སྐྱེ་བ་འགོག་པ་རང་རྒྱུད་ཀྱི་རྟགས་སུ་འགྱུར་ཏེ། ཕྱོགས་ཆོས་གྲུབ་ཅིང་ཁྱབ་འབྲེལ་ཚད་མས་ངེས་པའི་ཕྱིར། གཉིས་པ་ལྟར་ན་དེ་བཀག་པས་གཅིག་ཤོས་མི་ཁེགས་པར་འགྱུར་ཏེ། དེ་ལ་དེས་མ་ཁྱབ་པའི་ཕྱིར། གསུམ་པ་སྤྲོས་པ་ཡོད་པར་དོགས་པ་སེལ་མི་ནུས་པ་ནི། རྒྱུ་ལ་འབྲས་བུ་ཡོད་པར་ངེས་པ་དག་ལ་སྐྱེ་བ་དོན་མེད་པར་ཐལ་བ་འཕེན་ན། རྒྱུ་ལ་འབྲས་བུ་ཡོད་པར་དོགས་པ་ཅིས་དགག ཐལ་བས་མ་ཡིན་ཏེ། དེའི་རྟག་ཁས་མ་བླངས་པའི་ཕྱིར་རོ། །གསུམ་པ་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་མེད་པ་མི་འཐད་པ་ལ་གསུམ་སྟེ། ཤེས་པ་ཕྱི་མ་འཕེན་པའི་ནུས་པ་མེད་པ་མི་འཐད། སྣང་བཅས་གཉེན་པོས་སྤོང་བ་མི་འཐད། སྣང་བཅས་མེད་ན་ཉན་ཐོས་ཀྱི་ལྷག་མེད་དང་ཁྱད་པར་མེད་པའོ། །དང་པོ་ནི། རིག་པའི་མ་མཐའ་ཐུག་མེད་དུ་གྲུབ་པའི་རིགས་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བློ་ཕྱི་མ་འཕེན་པའི་ནུས་པ་ཡོད་པར་གྲུབ། དེ་མི་འགྲུབ་ན་ཚུ་རོལ་མཛེས་པ་བས་སྐྱེ་བ་མེད་པ་ཇི་ལྟར་འགོག གཉིས་པ་སྣང་བཅས་གཉེན་པོས་སྤོང་བ་མི་འཐད་པ་ལ་གཉིས་ཏེ། སྣང་བཅས་སྒྲིབ་པ་མ་ཡིན་པས་སྤོང་མི་དགོས་པ་དང༌། དེ་ལ་སྤོང་བྱེད་ཀྱི་གཉེན་པོ་མེད་པའོ། །དང་པོ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གང་ཡིན་བཏགས་པ་ན་དེར་མི་འཐད་པའོ། །གཉིས་པ་ནི། བསོད་ནམས་ཀྱི་ཚོགས་ནི་དགག་པའི་རྣམ་པ་ཅན་མ་ཡིན་པས་དེའི་གཉེན་པོ་མ་ཡིན་ལ། དེའི་ཚེ་སྤྲོས་པ་བཀག་ཙམ་སྣང་བཅས་ཀྱི་གཉེན་པོ་ཡིན་ནམ། ཀུན་རྫོབ་ཀྱི་སྣང་བ་མེད་པར་ངེས་པ་ཉིད་སྣང་བཅས་ཀྱི་གཉེན་པོ་ཡིན། དང་པོ་ལྟར་ན། དེ་དང་སྣང་བ་འགལ་བས་སམ། མི་འགལ་བ་ཡང་གཉེན་པོ་ཡིན། དང་པོ་ལྟར་ན་ཐལ་བའི་ངག་གི་སྤྲོས་པ་ཁེགས་པ་ན་སྣང་བ་མ་ལུས་པ་ཁེགས་པར་འགྱུར་ལ། དེ་འདོད་ན་ཚུ་རོལ་མཛེས་པའི་གཞུང་ལུགས་ལ་གནས་པར་འགྱུར་རོ། །གཉིས་པ་ལྟར་ན། མི་རྟག་པར་ངེས་པས་ཀྱང་སྣང་བ་འགོག་ནུས་པར་འགྱུར་རོ། །ཡང་གཉིས་པ་ལྟར་ན། ཀུན་རྫོབ་མེད་པར་ངེས་པའི་བློ་ལོག་པའི་བློ་ཡིན་ནམ། ཡང་དག་པའི་བློ་ཡིན། དང་པོ་ལྟར་ན། དེས་སྤང་བྱ་སྤོང་བ་མི་འཐད། གཉིས་པ་ལྟར་ན་ཚུ་རོལ་མཛེས་པའི་གཞུང་གཟུང་བར་འགྱུར་རོ། །གསུམ་པ་སྣང་བཅས་མེད་ན་ཉན་ཐོས་ཀྱི་ལྷག་མེད་དང་ཁྱད་པར་མེད་པ་ནི། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་རྒྱུན་ཆད་ན་ཉན་ཐོས་ཀྱི་ལྷག་མེད་དང་འདྲ་བར་འགྱུར་ཏེ། གཟུགས་སྐུ་དང་ཕྲིན་ལས་འབྱུང་བའི་རྒྱུ་ཡེ་ཤེས་མེད་པའི་ཕྱིར་དང༌། དེ་བཞིན་ཉིད་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར། གལ་ཏེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་འབྱུང་བར་འདོད་ན་ནི། དེ་སངས་རྒྱས་ཀྱི་ཕྲིན་ལས་ཀྱི་དངོས་རྒྱུ་མ་ཡིན་ཏེ། འགགས་ནས་ཡུན་རིང་དུ་ལོན་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའི་རྒྱུད་དུ་རྟོགས་པའི་ཕྱིར་ཞེས་གསུངས་སོ། །དེ་དག་ནི་ཕྱ་པས་ཟླ་བའི་ཞབས་ཀྱི་བཞེད་པ་ལ་སུན་འབྱིན་དུ་བརྗོད་པའོ། །དེ་ལ་ཁ་ཅིག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དངོས་པོར་སྨྲ་བའི་ཆང་གིས་མྱོས་པའི་རྣམ་དཔྱོད་ཀྱི་མྱོས་བུམ་མཐོན་པོར་འདེགས་པའི་ནུས་པ་དང་བྲལ་ཞིང་གཟུ་བོར་དཔྱོད་པའི་གོམས་སྟབས་འཁྱོར་བཞིན་དུ་སྤྲོས་པའི་མཐའ་མ་ལུས་པ་དྲུང་ནས་འབྱིན་པའི་སྟོང་པ་ཉིད་ཀྱི་སེང་གེའི་ང་རོ་ཕྱོགས་བརྒྱར་སྒྲོགས་པའི་བརྒྱ་བྱིན་གྱི་རྔ་དབྱངས་སྙན་པོའི་ཕྲེང་བས་དངོས་པོར་སྨྲ་བའི་སྙིང་གི་དུག་མཚོ་ཁོལ་བཞིན་དུ་མཐའ་གཉིས་སུ་སྨྲ་བའི་མཆེ་བ་དཀར་པོ་གནམ་དུ་བླངས་ནས་ལྟག་ཆོད་ཀྱི་སྣ་ཞགས་རིང་པོ་ཕྱོགས་བརྒྱར་བརྐྱང་བས་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་གི་པད་ཚལ་ཆུད་གསན་པར་བྱེད་པའི་ལྷ་མིན་གྱི་གླང་ཆེན་སྨྱོན་པ་རྟོག་གེའི་རྒྱ་མཚོ་ཆེན་པོར་བྱིང་བ་དག་གི་གཏམ་དུ་བྱུང་བ་མང་པོ་དག་རྒྱ་ཆེར་བརྗོད་པས་ཅི་ཞིག་བྱ་རང་གི་བློ་གྲོས་ངལ་བ་ཙམ་དུ་ཟད་དོ་ཞེ་ན། དེ་སྐད་སྨྲ་བ་ཁྱོད་ནི་ལེགས་པར་སྨྲ་བ་ཡིན་མོད། ཁོ་བོས་དགོས་པའི་ཁྱད་པར་འགའ་ཞིག་མཐོང་ནས་གཏམ་དུ་བྱ་བ་འདི་དག་རྒྱས་པར་བསྙད་པ་ཡིན་ནོ། །དགོས་པའི་ཁྱད་པར་དེ་གང་ཞེ་ན། གངས་ཅན་དུ་ཕྱིས་བྱོན་པ་དག བསྙེང་བྲལ་ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་རིང་ལུགས་གངས་ཅན་པ་དག་ལ་གསལ་བར་མ་གྲགས་པ་དག་ལྷག་པའི་ལྷས་རྗེས་སུ་བསྟན་ནས་འཆད་དོ་ཞེས་གྲགས་པའི་རྔ་དབྱངས་ཕྱོགས་བརྒྱར་བརྡུང་བའི་ངག་གིས་ནི་གངས་ཅན་གྱི་རྟོག་གེ་བ་ཆེན་པོ་ཆོས་ཀྱི་སེང་གེས་གངས་ཅན་དུ་ཕྱིས་བྱོན་པ་དག་གི་བློ་གྲོས་ཀྱི་བརྩལ་བརྟག་པའི་ཕྱིར་དུ། བསྙེངས་བྲལ་ཟླ་བའི་ཞབས་ཀྱི་བཞེད་གཞུང་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་ནས། དེ་སུན་འབྱིན་པར་བྱེད་པའི་རིགས་པའི་རྣམ་འགྱུར་རྟོག་གེའི་གཞུང་དང་མཐུན་པ་མང་པོ་ཞིག་བརྗོད་པ་འདི་དག་གི་ལན་འདོན་པར་མ་ནུས་ཤིང་སུན་འབྱིན་འདི་དག་རིགས་ཤིང་འཐད་པ་ཁོ་ནར་གཟིགས་ནས་ཟླ་བའི་ཞབས་ལ་སུན་འབྱིན་དུ་བརྗོད་པ་འདི་དག་ཁོ་ན་ཟླ་བའི་ཞབས་ཀྱི་རང་ལུགས་བླ་ན་མེད་པ་ཡིན་པར་བཤད་ནས། མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཟླ་བའི་ཞབས་ཀྱིས་བཀྲལ་བ་འདི་ཁོ་ན་གཞན་ལས་མཆོག་ཡིན་ནོ། །ཞེས་གླེགས་བམ་གྱི་ཚོགས་ཆེས་ཤིན་ཏུ་ཆེ་ཞིང༌། རྣམ་གྲངས་མང་བ་དག་རྒྱ་ཆེར་འགོད་པ་དེ་དག་གི་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་ནང་གི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་དུ་འདི་བརྗོད་པ་ཡིན་ནོ། །འོ་ན་སུན་འབྱིན་འདི་དག་མི་རིགས་པའི་ཚུལ་ཇི་ལྟ་བུ་ཞེ་ན། གཉིས་པ་ཉེས་པ་དེ་དག་མི་འཇུག་པར་བསྟན་པ་ལ། དེ་ཡང་ཐོག་མར་ཆོས་ཀྱི་སེང་གེ་ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་པ་ཕྱོགས་སྔ་མ་བཀོད་པ་དེ་དག་ནི་དེའི་བཞེད་པ་ཇི་ལྟ་བ་བཞིན་དུ་ལོངས་པ་ཡིན་པས་ཁོ་བོ་ཅག་ཟླ་བའི་བཞེད་པ་ནི་དེ་ལས་གཞན་དུ་མི་སྨྲའོ། །རྩ་བའི་ཕྱོགས་སྔ་མ་གསུམ་ལ་སུན་འབྱིན་གྱི་རིགས་པ་གསུམ་གསུམ་སྟེ། རིགས་པའི་རྣམ་གྲངས་སུ་གཏོགས་པ་རྣམ་པ་དགུ་བཤད་པ་དེ་རིགས་པ་མ་ཡིན་པའི་ཚུལ་གོ་རིམ་བཞིན་དུ་བཤད་པར་བྱ་བ་ལ། སུན་འབྱིན་དང་པོས་མི་གནོད་པའི་ཚུལ་ནི་འདི་ལྟར། དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ་སྤྱིར་ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པ་མ་ཡིན་པ་དང༌། ཁྱད་པར་གང་དཔྱད་གཞིར་གཟུང་ནས་དཔྱོད་པའི་ཆོས་ཅན་དེ་ཡོད་པ་མ་ཡིན་པ་ནི། ཟླ་བའི་ཞབས་ཀྱི་བཞེད་པ་མཐར་ཐུག་པ་ཡིན་ལ། དེའི་ཚེ་གང་ལ་ཐལ་བ་འགོད་པའི་རྒོལ་བ་ཡང་ཡོད་པ་མ་ཡིན་པས་ཐལ་འགྱུར་ཡང་མི་འཐད་དོ་ཞེས་སུན་འབྱིན་པ་འདི་ལ་གཞན་དག་གིས་ལན་འདེབས་པ་ནི། དེའི་ཚེ་རྒོལ་བ་ཡོད་པར་ཁས་ལེན་པ་ཡིན་ལ། འདིར་ལན་ནི། སྐབས་དེར་གང་སུན་དབྱུང་བར་བྱ་བའི་རྒོལ་བ་དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་ཡང༌། ཀུན་རྫོབ་འཁྲུལ་ངོར་ཡོད་པ་ཡིན་ལ། དེ་སུན་འབྱིན་པར་བྱེད་པའི་རིགས་པ་ཡང༌། དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་ཡང༌། ཀུན་རྫོབ་འཁྲུལ་པའི་ངོར་ཡོད་པར་འཛིན་དུ་བཅུག་པས་ལོག་པར་རྟོག་པ་ཤིན་ཏུ་ཆེ་བ་དག་བཟློག་པའི་ཕྱིར་རོ། །ཆོས་ཅན་ལ་ནི་མཚུངས་པ་མ་ཡིན་ཏེ། ཆོས་ཅན་རྒོལ་བ་གཉིས་ཀའི་ཚད་མས་མ་གྲུབ་ན་རང་རྒྱུད་ཀྱི་ཆོས་ཅན་དུ་འཇོག་མི་ནུས་པའི་ཕྱིར་རོ། །མདོར་ན་དོན་དམ་པར་ནི་དགག་བྱ་འགོག་པ་དང༌། བསྒྲུབ་བྱ་སྒྲུབ་པ་གཉིས་ཀ་ཁས་མི་ལེན་མོད། དབུ་མ་པའི་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་བསྒྲུབ་བྱ་སྒྲུབ་པ་ཁས་མི་ལེན་གྱི་དགག་བྱ་འགོག་པའི་ཐ་སྙད་ཙམ་ཞིག་ནི་བྱེད་པར་ཟླ་བས་བཞེད་པ་ཡིན་ཏེ། ཇི་སྐད་དུ། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང༌། །ཞེས་དང༌། སློབ་དཔོན་འཕགས་པས་ཀྱང༌། འདིར་ནི་ཡོད་ཉིད་འགོག་པ་སྟེ། །མེད་ཉིད་སྒྲུབ་པར་མི་བྱེད་དེ། །ཞེས་དང༌། རྟོག་པ་མཐོང་བས་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་དང༌། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་གསུངས་སོ། །འོ་ན་ཀླུ་སྒྲུབ་ཞབས་ཉིད་ཀྱིས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་དང་གཞན་ཕྱོགས་ག་ལ་ཡོད། །ཅེས་དང༌། བརྒྱ་པ་ལས། རང་གི་ཕྱོགས་ལ་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པ་མི་འགྲོ་སྟེ། །ཞེས་ཕྱོགས་གཉིས་ཀ་ཡོད་པ་མ་ཡིན་པར་མ་བཤད་དམ་ཞེ་ན། དེ་ལྟར་བཤད་ཅིང་དབུ་མ་པའི་ཤེས་བརྗོད་ཀྱི་ཐ་སྙད་བྱེད་པའི་ཚེ། ཕྱོགས་གཉིས་ཀ་ཡོད་པར་ཁས་མི་ལེན་ནོ། །འོ་ན་གཞན་ཕྱོགས་འགོག་པ་ཅི་ཞེ་ན། རང་ལུགས་ལ་ཡོད་པ་མ་ཡིན་ཞིང་རྒོལ་བ་དེ་ཉིད་ཀྱི་འཁྲུལ་ངོར་ཡོད་པ་ཞིག་འགོག་པའི་ཤེས་བྱེད་དོ། །དེ་ལྟ་མོད་ཀྱི་ཐ་སྙད་ཞིབ་མོར་བྱེད་པ་དེའི་ཚེ་དགག་བྱ་འགོག་ཅེས་བྱ་ཡི་དེ་འགོག་པ་ཡོད་དོ་ཞེས་མི་སྨྲ་བ་དང༌། རྒོལ་བ་ཕ་རོལ་པོ་ཡོད་པ་མ་ཡིན་ཞེས་བྱ་ཡི། མེད་དོ་ཞེས་མི་སྨྲ་བ་ནི་དབུ་མའི་ཐ་སྙད་དོ། །འོ་ན་འཁྲུལ་ངོར་དགག་བྱ་འགོག་པ་བཞིན་དུ། བསྒྲུབ་བྱ་ཡང་སྒྲུབ་པ་འཐད་པ་གཉིས་ཀ་ཡང་མཚུངས་སོ་སྙམ་ན། མཚུངས་སུ་ཆུག་མོད། འཁྲུལ་ངོར་བསྒྲུབ་བྱ་སྒྲུབ་པ་ཡོད་པས་དེ་ཉིད་དབུ་མ་པའི་ལུགས་སུ་མི་འགྲུབ་པ་ཡིན་ནོ། །དེ་ཕྱིར་དགག་སྒྲུབ་གཉིས་དབུ་མའི་ལུགས་ཡིན་མིན་མཚུངས་པ་མ་ཡིན་ཏེ། དགག་བྱ་འགོག་པ་ནི་མཚན་འཛིན་གྱི་རྟོག་པ་གཅོད་པའི་ཐབས་ཡིན་ལ། བསྒྲུབ་བྱ་སྒྲུབ་པ་ནི་མཚན་འཛིན་གྱི་རྟོག་པ་སྐྱེད་པའི་ཐབས་ཡིན་པའི་ཕྱིར་དང༌། དགག་བྱ་ཐམས་ཅད་བཀག་ཙམ་གྱི་མེད་པར་དགག་པ་ནི་དོན་དམ་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱ་བ་ཡིན་ལ། དགག་བྱ་གཅིག་བཀག་ཤུལ་དུ་ཅིག་ཤོས་བསྒྲུབ་པ་ནི་སྒྲུབ་པ་ཉིད་ཡིན་པས། སྤྲོས་བྲལ་རྟོགས་པའི་ཡེ་ཤེས་ཀྱི་ཡུལ་དུ་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དགག་བྱ་འགོག་པར་ཁས་ལེན་ཡང༌། སུན་དབྱུང་བྱ་སྔར་ཡོད་པ་ཞིག་ཕྱིས་རིགས་པས་སུན་དབྱུང་བར་ཁས་ལེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་མིན་པས་ན་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །ཞེས་གསུངས་སོ། །གལ་ཏེ་འོ་ན། དགག་བྱ་ཡོད་པ་མི་འགོག་ན་མེད་པ་ནི་དགག་མི་དགོས་པའི་ཕྱིར། དེ་མི་འགོག་པར་འགྱུར་རོ་ཞེ་ན། དབུ་མའི་རིགས་པས་དགག་བྱ་འགོག་གོ་ཞེས་བྱ་བ་འདི་ཡང་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཡིན་ལ། དབུ་མའི་རང་ལུགས་ཀྱི་ཚད་མས་གྲུབ་ནས་ཁས་ལེན་པ་ནི་མ་ཡིན་ནོ། །ཇི་སྐད་དུ། ཉི་མ་དང་ནི་གཟུགས་བརྙན་རྣམ་པ་ཕྲད་དང་མ་ཕྲད་པར། །མི་རིགས་མོད་ཀྱི་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་གྱི། །མི་བདེན་བཞིན་དུ་རང་གི་བྱེད་བཞིན་མཛེས་པར་བསྒྲུབ་བྱའི་ཕྱིར། །དེ་ནི་ཡོད་པ་ཇི་ལྟ་དེ་བཞིན་འདིར་ཡང་ཤེས་རབ་གདོང༌། །སྦྱང་པར་བྱ་ལ་ནུས་པ་མཐོང་བར་འགྱུར་བའི་གཏན་ཚིགས་ནི། །འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་བརྗོད་པར་བྱ། །ཞེས་གསུངས་སོ། །འདིར་བསྒྲུབ་བྱ་སྒྲུབ་པའི་ཐ་སྙད་གསུངས་པ་ནི། དབུ་མའི་ཐ་སྙད་མ་ཡིན་གྱི་དགག་བྱ་བཀག་པ་ལ་བསྒྲུབ་བྱ་སྒྲུབ་པའི་ཐ་སྙད་བློ་འཁྲུལ་བས་བྱས་པ་དེ་ཉིད་དོ། །དེ་སྐད་དུ་ཡང༌། འཇུག་འགྲེལ་ལས། སུས་རང་གི་ཕྱོགས་མ་བཞག་ཅིང་གཞན་གྱི་ཕྱོགས་བཟློག་སྟེ། ཞེས་དང༌། འདིར་བདག་གིས་གཞན་གྱི་ཕྱོགས་བསལ་བར་བྱས་པ་ཡང་མ་ཡིན་ཏེ། བསལ་བར་བྱ་བའི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་ན། གཞན་གྱི་ཕྱོགས་ཡོད་པ་མ་ཡིན་པ་ལ་ཡོད་པར་འཁྲུལ་པ་ཉིད་དབུ་མ་པས་གཞན་ཕྱོགས་འགོག་ནུས་པའི་སྒྲུབ་བྱེད་ཡིན་གྱི་གནོད་བྱེད་ག་ལ་ཡིན། རང་གི་ཕྱོགས་ཡོད་པ་མ་ཡིན་པ་ནི་རང་ཕྱོགས་སྒྲུབ་པ་ལ་གནོད་བྱེད་ཁོ་ན་ཡིན་གྱི་སྒྲུབ་བྱེད་དུ་འགྱུར་བའི་གོ་སྐབས་མེད་པས་དགག་བྱ་འགོག་པ་དང་བསྒྲུབ་བྱ་སྒྲུབ་པ་ཉིད་དབུ་མའི་རང་ལུགས་ལ་ཁས་ལེན་ཚུལ་མཚུངས་པའི་གོ་སྐབས་མི་སྲིད་དོ། །ཞེས་བྱ་བ་ནི་གྲུབ་པའི་དོན་ནོ། །ཕྱོགས་སྔ་མའི་དངོས་ལན་ནི་འདི་ཉིད་ཀྱིས་ཐེབས་ལ། གོང་དུ་ཟླ་བའི་ལུང་མང་དུ་དྲངས་པ་དེ་དག་ནི། ཕྱོགས་སྔ་མ་ལ་གནོད་བྱེད་དུ་དྲངས་པ་མ་ཡིན་གྱི། ཟླ་བ་སུན་འབྱིན་པའི་རིགས་པ་ལ་ཟླ་བའི་ལུགས་སུ་རློམ་ནས་ཟླ་བའི་རིང་ལུགས་རྙོག་པར་བགྱིད་པ་དེ་དག་གི་ངོར་དྲངས་པ་ཡིན་ནོ། །དེ་ལྟར་ཀླན་ཀ་དང་པོ་སེལ་བྱེད་ཀྱི་ལུང་དང་རིགས་པ་དེ་ཉིད་ཀྱིས། ཀླན་ཀ་གཉིས་པ་བསྒྲུབ་བྱ་སྒྲུབ་རྒྱུ་མེད་པས་རང་རྒྱུད་མི་རིགས་ན་དགག་བྱ་འགོག་རྒྱུ་མེད་པས་ཐལ་འགྱུར་ཡང་མི་རིགས་སོ་ཞེས་ཟེར་བ་དེའི་ཡང་ལན་བཏབ་ཟིན་མོད། དེ་ལྟ་ན་ཡང་དངོས་ཀྱི་ལན་ནི། འཁྲུལ་ངོར་ཡོད་པའི་དགག་བྱ་དེ་ཉིད་འགོག་དགོས་སོ། །འོ་ན་འཁྲུལ་ངོར་ཡོད་པའི་བསྒྲུབ་བྱ་སྒྲུབ་དགོས་སོ་ཞེ་ན། དེ་གྲུབ་ན་འཁྲུལ་པའི་འཛིན་སྟངས་དོན་དང་མཐུན་པར་འགྱུར་རོ། །དེའི་ཕྱིར་འཁྲུལ་ངོར་ཡོད་པའི་བསྒྲུབ་བྱ་ནི་དབུ་མ་པས་འགོག་པ་ཞེས་བྱ་བའི་ཐ་སྙད་འདོགས་ཀྱི་སྒྲུབ་པ་མ་ཡིན་ནོ། །དེ་ནས་ཀླན་ཀ་གསུམ་པ་སེལ་བ་ནི། དངོས་ཀྱི་འགལ་ཟླ་གཅིག་བསྒྲུབས་པ་ན་ཅིག་ཤོས་དོར་བ་ཡིན་མོད། གཅིག་བཀག་པ་ན་ཅིག་ཤོས་བསྒྲུབས་པ་ཡིན་ནོ་ཞེས་ཟེར་བ་འདི་ནི། དབུ་མ་ཐལ་འགྱུར་བའི་ལུགས་ལྟ་ཞོག དབུ་མ་རང་རྒྱུད་དང་རྟོག་གེའི་ལུགས་ལ་ཡང་ཡོད་པ་མ་ཡིན་ནོ། །མེད་པ་ཅི་ཞེ་ན། ཇི་སྐད་དུ། ཚད་མ་རྣམ་པར་ངེས་པ་ལས། དགག་པ་གཉིས་ཀྱི་རྣལ་མ་གོ་བར་བྱེད་དོ་ཞེས་དང༌། བཀག་པ་འགོག་པར་བྱེད་པ་ནི། །སྒྲུབ་པ་ལས་གཞན་ཅི་འདྲ་ཞིག །ཅེས་བཤད་པ་འདི་ཙམ་ཞིག་རྒྱུ་མཚན་དུ་བྱས་ནས་རྟོག་གེ་པ་དག་གིས་སྒྲུབ་རྟགས་ཀྱི་རྣམ་གཞག་འཆད་པའི་སྐབས་སུ། དགག་བྱ་བཀག་པ་དང་བསྒྲུབས་བྱ་སྒྲུབ་པ་དོན་གཅིག་ལ་འདུ་ཞེས་འཆད་པ་ཡིན་མོད། དགག་རྟགས་ཀྱི་རྣམ་གཞག་འཆད་པའི་སྐབས་ཐམས་ཅད་དུ་དེ་སྐད་ཅེས་སྨྲ་བ་དེ་དག་གིས་ནི་རྟོག་གེའི་གཞུང་ཇི་ལྟ་བ་བཞིན་དུ་མ་སླབ་པ་ཡིན་ཏེ། དགག་པ་གཉིས་ཀྱི་རྣལ་མ་གོ་བ་དེ་ཡང་སྒྲུབ་རྟགས་ཀྱི་དགག་བྱ་འགོག་ཚུལ་ལ་འོང་བ་ཡིན་གྱི། དགག་རྟགས་ཀྱི་དགག་བྱ་འགོག་ཚུལ་ལ་འོང་བའི་སྐབས་མེད་པའི་ཕྱིར་དང༌། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་རྣམས་ཀྱིས་དགག་བྱ་འགོག་ཀྱང་བསྒྲུབ་བྱ་མི་སྒྲུབ་པའི་ཕྱིར་དང༌། སྤྱིར་དགག་པའི་གཏན་ཚིགས་རྣམས་ཀྱིས་ཚིག་ཟིན་ལ་དགག་བྱ་འགོག་ཀྱང༌། ཚིག་ཟིན་ལ་བསྒྲུབ་བྱ་སྒྲུབ་པ་མ་ཡིན་པའི་ཕྱིར། ཡིན་ན་སྒྲུབ་པའི་གཏན་ཚིགས་སུ་ཐལ་བའི་ཕྱིར་དང༌། ཇི་སྐད་དུ། འདིས་ནི་དངོས་ལ་དངོས་པོའི་ཆ། །ཁས་བླངས་མེད་པར་དགག་པ་ཉིད། །སྒྲུབ་བྱེད་སྔ་མ་དག་གིས་ནི། །མ་ཡིན་སྒྲུབ་པར་བྱེད་ཕྱིར་རོ། །ཞེས་རྒྱུ་ཁྱབ་བྱེད་མ་དམིགས་པ་གཉིས་དང༌། འབྲས་རང་གི་གཏན་ཚིགས་གཉིས་ལ་དངོས་སུ་བསྒྲུབ་བྱ་སྒྲུབ་མི་སྒྲུབ་ཀྱི་ཁྱད་པར་དང༌། དགག་བྱ་འགོག་མི་འགོག་གི་ཁྱད་པར་བཤད་པའི་ཕྱིར་དང༌། དགག་པའི་གཏན་ཚིགས་གཞན་རྣམས་ཀྱིས་དངོས་སུ་བསྒྲུབ་བྱ་མི་སྒྲུབ་ཅིང༌། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱིས་དངོས་སུ་བསྒྲུབ་བྱ་སྒྲུབ་པ་དང༌། དགག་བྱ་འགོག་པ་གཉིས་ཀའི་བྱེད་པ་དང་ལྡན་པ་དང༌། དེའི་ཚེ་བསྒྲུབ་བྱ་སྒྲུབ་པའི་ཆ་ནས་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཚུལ་དམིགས་ཀྱིས་བསལ་ནས་གསུངས་པའི་ཕྱིར། དེ་ཡང་ཇི་སྐད་དུ། ཡུལ་མེད་ཕྱིར་དེ་ཡུལ་ཅན་ནི། །ཤེས་བརྗོད་ཐེ་ཚོམ་འགོག་འགྱུར་ཏེ། །ཞེས་པས་དགག་བྱ་འགོག་ཚུལ་གྱི་ཁྱད་པར་དང༌། དེ་ཕྱིར་དེ་ཡོད་པ་ལས་དེའི། །རྒྱུ་མཚན་ཅན་གྱི་སྒྲ་ཤེས་གྲུབ། །ཅེས་པས་བསྒྲུབ་བྱ་སྒྲུབ་ཚུལ་གྱིས་ཁྱད་པར་བཤད་ལ། གཞན་ལ་ཚུལ་དེ་འདྲ་མ་བཤད་པའི་ཕྱིར་དང༌། སྣང་རུང་མ་དམིགས་པའི་གཏན་ཚིགས་གཞན་རྣམས་ལའང་བསྒྲུབ་བྱ་སྒྲུབ་ཚུལ་གཅིག་ཡོད་པ་དེའི་ཚེ། རང་བཞིན་མ་དམིགས་པའི་གཏན་ཚིགས་ཀྱི་ནང་དུ་འདུ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཀུན་ལ་སྦྱོར་བ་ཐ་དད་ཉིད། །ཡིན་གྱི་དོན་ལ་ཐ་དད་མེད། །ཅེས་གསུངས། དེའི་ཚེ་ནི་སྤྱིར་སྒྲུབ་པའི་གཏན་ཚིགས་དང༌། བྱེ་བྲག་རང་བཞིན་རྟགས་ཀྱི་ནང་དུ་འདུ་བར་བཤད་པ་དེ་གང་ལ་དགོངས་བསམ་དགོས་པ་ཡིན་ནོ། །འོ་ན་ཅི་དགག་པའི་གཏན་ཚིགས་རྣམས་ལ་བསྒྲུབ་བྱ་དང་བསྒྲུབ་བྱའི་ཆོས་ཀྱང་ཁས་མི་ལེན་ནམ་ཞེ་ན། དེའི་ཐ་སྙད་ཁས་ལེན་མོད། དེ་ཙམ་གྱིས་དངོས་སུ་བསྒྲུབ་བྱ་སྒྲུབ་པ་ཞེས་བྱ་བའི་ཚིག་དང་སྦྲེལ་ནུས་པ་མ་ཡིན་ཏེ། དགག་པའི་གཏན་ཚིགས་རྣམས་ལ་བསྒྲུབ་བྱ་མཚན་ཉིད་པ་ཡོད་ཀྱང༌། དེ་སྒྲུབ་ཞེས་པའི་ཐ་སྙད་ནི་བཏགས་པ་བ་ཡིན་གྱི་མཚན་ཉིད་པ་མ་ཡིན་པའི་ཕྱིར་དང༌། དགག་པ་དང་སྒྲུབ་པའི་རྣམ་དབྱེ་སོ་སོར་ཕྱེད་དགོས་པའི་ཕྱིར། དེ་ཡང་ཇི་ལྟར་ན་བདག་མེད་པ་ལྟ་བུ་བསྒྲུབ་བྱའི་ཆོས་སུ་བྱས་པ་དེའི་ཚེ་ནི། བདག་བཀག་ཙམ་ཆོས་སུ་བྱས་ན་དགག་པའི་གཏན་ཚིགས་དང༌། བདག་མེད་པའི་ཐ་སྙད་དེའི་ཡུལ་ཅན་གྱི་ཤེས་བརྗོད་ཆོས་སུ་བྱས་ན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་བའོ། །ཅི་ཡང་མ་དམིགས་པའི་རྟགས་ཀྱིས་སྒྲུབ་པ་བསྒྲུབ་བྱའི་ཆོས་སུ་བྱེད་པ་ཡོད་དམ་ཞེ་ན་ཡོད་དེ། ཇི་སྐད་དུ། གཏན་ཚིགས་བྱེ་བྲག་ལ་ལྟོས་ནས། །འགའ་ཞིག་ཅེས་གསུངས་པའི་ཕྱིར། དེ་ལྟར་སྤྱིར་བཤད་ནས་དངོས་ཀྱི་དོན་ནི། ཇི་སྐད་དུ། མི་སྣང་ངེས་པ་མི་རུང་ཕྱིར། །གཞན་དུ་བཞག་པ་འགོག་འགྱུར་དཔེར། །ཞེས་དང༌། འབྲས་བུ་ངེས་མེད་ཅན་འདིས་ནི། །ལྡོག་པ་སྒྲུབ་པར་ནུས་མ་ཡིན། །ཞེས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཀྱིས་དགག་བྱ་འགོག་ནུས་ཀྱང༌། བསྒྲུབ་བྱ་ནི་སྤྱིར་བཏང་ནས་ཀྱང་སྒྲུབ་མི་ནུས་པར་བཤད་པའི་ཕྱིར་དང༌། ཡོད་མེད་ངེས་པའི་འབྲས་ཅན་མིན། །ཞེས་དང༌། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་དོན། །ཡོད་མེད་ངེས་པ་ཡོད་མ་ཡིན། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པའི་གྲུབ་པའི་དོན་ནི། རྟོག་གེའི་བསྟན་བཅོས་ནས་བསྒྲུབ་བྱ་སྒྲུབ་ན་སྤྱིར་བཏང་དུ་དགག་བྱ་འགོག་ནུས་པར་བཤད་ཀྱང༌། དགག་བྱ་བཀག་ན་སྤྱིར་བཏང་དུའང་བསྒྲུབ་བྱ་སྒྲུབ་ནུས་པའི་ཁྱབ་པ་མེད་པར་བཤད་པ་ཡིན་ནོ། །གཉིས་པ་སྤྱིར་དབུ་མའི་ལུགས་དང་བྱེ་བྲག་རང་རྒྱུད་ཀྱི་ལུགས་ཀྱང་མ་ཡིན་པའི་ཚུལ་ནི། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོ་བཟློག །ཅེས་དང༌། བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནས། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས་པ་དང༌། བསྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་དང༌། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། །བྱིས་པ་རྣམས་ཀྱིས་དེ་བཏགས་ཞེས་དང༌། རིན་པོ་ཆེའི་ཕྲེང་བ་ལས། གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་དེ་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མ་བསླན། །ཞེས་གཞན་གྱི་འདོད་པ་བརྗོད་ནས། དེ་ཉིད་སུན་འབྱིན་པ་ན། འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །ཞེས་དངོས་པོར་སྨྲ་བ་གཞིར་བྱས་ལ་སྐབས་འགའ་ཞིག་ཏུ་ཡོད་པ་བཀག་ན་མེད་པར་ཁས་ལེན་དགོས་པར་བཤད་པ་ཡིན་གྱི། ངོ་བོ་ཉིད་མེད་པར་སྨྲ་བ་རང་གི་ལུགས་ནི། དེ་ཉིད་ལས་ཇི་སྐད་དུ། དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཤེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་བྱ། །ཅེས་སོགས་ཡོད་མེད་ཀྱི་མཐའ་གཉིས་ཀ་འགོག་པའི་ཚུལ་རྒྱ་ཆེར་བཤད་པའི་ཕྱིར་རོ། །ཡོད་པ་བཀག་པས་མེད་པ་སྒྲུབ་དགོས་སོ་ཞེས་བྱ་བ་རང་རྒྱུད་པའི་ལུགས་ཀྱང་མ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལུང་གོང་དུ་དྲངས་པ་ལྟར་མཐའ་བཞིའི་སྐྱེ་བ་འགོག་པའི་སྐབས་སུ་དེ་བཀག་པས་ཁྱད་པར་བྱས་པའི་ཡུལ་ཅན་གྱི་ཤེས་བརྗོད་བསྒྲུབས་ན། ཡུམ་གྱི་མདོ་ལས། གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེར་ཕྱིན་ལ་མི་སྤྱོད། ཅེས་གསུངས་པ་དང་འགལ་བར་གསུངས་པ་དང༌། ཡང་ཤེས་རབ་སྒྲོན་མ་ལས། ངོ་བོ་ཉིད་ཡོད་པ་དགག་པར་བྱས་པར་ཟད་ཀྱི། དངོས་པོ་མེད་པ་ཉིད་དུ་ནི་མ་སྨྲས་ཏེ། ཇི་སྐད་དུ། འཇིག་རྟེན་བརྟགས་པ་ལས། འདིས་ནི་ཡོད་ཉིད་འགོག་པས་ཏེ། །མེད་ཉིད་ཡོངས་སུ་འཛིན་པ་མིན། །ནག་པོ་མིན་ཞེས་སྨྲས་པ་ན། །དཀར་པོ་ཡིན་ཞེས་མ་བརྗོད་བཞིན། །ཞེས་བཤད་དོ། །ཞེས་འབྱུང་བ་དང༌། རྟོག་གེ་ལ་འབར་བ་ལས། ས་ལ་སོགས་པ་དོན་དམ་པར་འབྱུང་བའི་ངོ་བོ་ཉིད་མ་ཡིན་པ་ཙམ་ཞིག་བྱེད་པར་ཟད་ཀྱི། གཞན་གྱི་ངོ་བོ་དང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པར་མི་སྒྲུབ་སྟེ། ཞེས་གསལ་བར་གསུངས་པའི་ཕྱིར་རོ། །ཡང་ཡོད་པ་བཀག་པ་ན་མེད་པ་བསྒྲུབས་པ་ཡིན་ནོ་ཞེས་པ་ཟླ་བའི་ཞབས་ཀྱི་ལུགས་ཡིན་ནོ་ཞེས་ཟེར་བ་དག་ལ་འདི་ལྟར། ཇི་སྐད་དུ། ཚིགས་གསལ་ལས། ཁོ་བོ་ཅག་ནི་འདི་མེད་པ་དང་ཡོད་པར་མི་སྒྲུབ་ཀྱི་གཞན་གྱིས་ཡོད་པར་བརྟགས་པ་དང་མེད་པར་བརྟགས་པ་འགོག་སྟེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་པ་འདིས་གནོད་པར་གདོན་མི་ཟའོ། །དོན་འདི་དག་ལ་གངས་ཅན་དུ་ཕྱིས་བྱོན་པ་དག་ན་རེ། རྩོད་བཟློག་ལས། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་ལས་བཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་གྲུབ་པར་འགྱུར། །ཞེས་གསལ་བར་གསུངས་པ་དང༌། དབུ་མ་སྣང་བ་ལས། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་ཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་གཉིས་ཀ་མ་ཡིན་པའི་ཕྱོགས་སུ་རྟོག་པ་ཡང་རིགས་པ་མ་ཡིན་ནོ། །ཞེས་དང༌། གང་གི་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་བཞིན་ནོ། །ཞེས་དངོས་འགལ་བར་ན་ཕུང་གསུམ་མི་སྲིད་པར་གསུངས་པའི་ཕྱིར་ན་ཕན་ཚུན་སྤངས་པའི་འགལ་ཟླ་གཅིག་བཀག་པ་ན། ཅིག་ཤོས་བསྒྲུབས་པ་གཉིས་དོན་གཅིག་ལ་འདུ་བ་ཡིན་ནོ། །དེ་ལས་གཞན་དུ་ན་ངེས་དོན་གྱི་གསུང་རབ་དང་དབུ་མའི་བསྟན་བཅོས་ཀྱི་བརྗོད་བྱ་རྟེན་འབྱུང་མཐའ་བྲལ་གྱི་སྟོང་པ་ཉིད་ཀྱང་བསྟན་ནོ་ཞེས་སྨྲ་བར་མི་བྱའོ་ཞེས་གསུངས་པར་སྣང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། རང་བཞིན་བཀག་པ་དང༌། རང་བཞིན་མེད་པར་བསྒྲུབས་པ་གཉིས་དོན་གཅིག་ཏུ་མི་འདུ་བར་ཁས་བླངས་པ་ལ་གནོད་བྱེད་མེད་པར་བསྟན། དེར་འདུ་བར་ཁས་ལེན་པ་ལ་གནོད་བྱེད་ཡོད་པར་བསྟན་པའོ། །དང་པོ་ལ། རྩོད་བཟློག་གི་ལུང་གིས་མི་གནོད་པར་བསྟན། དབུ་མ་སྣང་བའི་ལུང་གིས་མི་གནོད་པར་བསྟན། རིགས་པས་མི་གནོད་པར་བསྟན་པ་རྣམས་སོ། །དང་པོ་ནི། ཇི་སྐད་དུ། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། ཞེས་གསུངས་པ་ནི། བར་དུ་བདག་བཟློག་པའི་རིགས་པ་འཆད་པ་ཡིན་གྱི། ཐ་མར་ལྟ་བ་ཀུན་བཟློག་པའི་དབང་དུ་བྱས་པ་མ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། གོང་དུ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་འཁོར་ལོ་གསུམ་གྱི་རྣམ་གཞག་འཆད་པའི་སྐབས་སུ་རྒྱས་པར་བཤད་ཟིན་པ་བཞིན་དུ་བདག་གམ་རང་བཞིན་གྱིས་གྲུབ་པ་འགོག་པའི་སྐབས་སུ་ནི་དེ་ཉིད་འགོག་པ་ཡིན་གྱི། བདག་མེད་པ་དང་རང་བཞིན་མེད་པ་འགོག་པ་མ་ཡིན་ཏེ། དེ་འགོག་པའི་སྐབས་སུ་མ་སླེབ་པའི་ཕྱིར་དང༌། རང་བཞིན་མ་བཀག་པར་རང་བཞིན་མེད་པ་བཀག་ན་དོན་མ་ཡིན་པ་ཆེན་པོ་སྐྱེད་པའི་ཕྱིར་དང༌། འཁོར་ལོ་བར་པའི་སྐབས་ཡིན་པའི་ཕྱིར་རོ། །འཁོར་ལོ་ཐ་མའི་སྣོད་དུ་གྱུར་པ་ན། རང་བཞིན་མེད་པར་ཞེན་པའི་བློ་བཟློག་དགོས་ལ། དེ་བཟློག་པ་ལ་རང་བཞིན་མེད་པ་ཉིད་བཟློག་དགོས་ཏེ། ཡུལ་མ་བཀག་པར་ཡུལ་ཅན་གྱི་བློ་འགོག་མི་ནུས་པའི་ཕྱིར། དེའི་ཚེ་ནི་རང་བཞིན་མེད་པ་བཀག་ཀྱང་རང་བཞིན་དུ་མི་འགྱུར་ཏེ། སྤྲོས་པ་ཐམས་ཅད་འགོག་པའི་སྐབས་ཡིན་པའི་ཕྱིར་དང༌། སྔར་རང་བཞིན་བཀག་པའི་ཚད་མ་སྐྱེས་ཟིན་པའི་ཕྱིར། དེ་ཡང་འདི་ལྟར། གདུལ་བྱ་ལ་སྟོང་ཉིད་སྟོན་པའི་རིམ་པ་ལ་དང་པོར་ཕྱི་ནང་སྟོང་པ་ཉིད་མ་བསྟན་པར་སྟོང་པ་ཉིད་སྟོང་པ་ཉིད་བསྟན་པ་བདེན་གྲུབ་བསྟན་པར་འགྱུར་ལ། དེ་དང་དེ་བསྟན་ཟིན་པའི་འོག་རོལ་དུ་དེ་བསྟན་ཡང་དེར་མི་འགྱུར་ཏེ། བདེན་མེད་རྟོགས་པའི་ཚད་མ་སྐྱེས་ཟིན་པའི་ཕྱིར་དང༌། དཔེར་ན་མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་ཚད་མ་སྐྱེས་ཟིན་པ་ལ། མྱུ་གུ་བདེན་མེད་དུ་ཞེན་པའི་རྟོག་པ་བཟློག་པའི་རིགས་པ་བརྗོད་པ་ན་མྱུ་གུ་རང་བཞིན་གྱིས་མེད་པར་ཞེན་པའི་བློ་ལོག་ཀྱང༌། དེ་རང་བཞིན་གྱིས་མེད་པར་རྟོགས་པའི་ཚད་མ་མི་བཟློག་པ་བཞིན་ནོ། །དེ་ལྟར་སྤྱིར་བཤད་ནས། སྐབས་སུ་བབ་པའི་རྩོད་ལན་ནི། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་བདེན་ཡོད་འགོག་པ་ཡིན་གྱི། བདེན་མེད་སྒྲུབ་པ་མ་ཡིན་ཞེས་སྨྲས་པ་ལ། རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་པའི་གཞུང་གི་བསྟན་པའི་ཐལ་བ་གནོད་བྱེད་དུ་འཇུག་པ་མ་ཡིན་ཏེ། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱི་བདེན་ཡོད་འགོག་པའི་སྐབས་འདིར་བདེན་མེད་མི་སྒྲུབ་ཅེས་ཟེར་བ་ཡིན་གྱི། བདེན་མེད་འགོག་གོ་ཞེས་མ་སྨྲས་པའི་ཕྱིར་དང༌། འདིར་བདེན་མེད་འགོག་པའི་སྐབས་སུ་བབ་པ་མ་ཡིན་པའི་ཕྱིར། གཉིས་པ་ལ། རང་ལ་གནོད་བྱེད་མེད་པར་བསྟན། གཞན་ལ་གནོད་བྱེད་ཡོད་པར་བསྟན་པའོ། །དང་པོ་ནི། ལུང་དེས་ཁོ་བོ་ཅག་ལ་གནོད་པ་མ་ཡིན་ཏེ། ལུང་དེས་ནི་ཡོད་མེད་ལྟ་བུ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་གཉིས་མ་ཡིན་པའི་ཕུང་པོ་གསུམ་པ་མི་སྲིད་ཅེས་པ་གཅིག་བསྟན་ལ། དོན་དེ་ནི་སྔོན་བོད་དུ་བྱོན་པའི་དབུ་མ་པ་རྣམས་དང༌། དེའི་རྗེས་སུ་འཇུག་པ་ཁོ་བོ་ཅག་ཀྱང་དེ་ལྟར་འདོད་པས། དབུ་མ་སྣང་བའི་ལུང་དྲངས་མ་ཐག་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་པ་ན། ཁོ་བོ་ཅག་མངོན་པར་མཐོ་བ་ཁོ་ནར་འགྱུར་གྱི། རྒུད་པར་འགྱུར་བ་ཅི་ཡང་མེད་དོ། །འོ་ན་ཇི་སྐད་དུ་ཅིག་ཤོས་དག་པ་ནི་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར། ཞེས་བཤད་པ་དེ་ཡང་སྒྲ་ཇི་བཞིན་དུ་ཁས་བླངས་པས། མྱུ་གུ་ཆོས་ཅན། ཡོད་པར་ཐལ། མེད་པ་མ་ཡིན་པའི་ཕྱིར། ཞེས་འཕངས་ན་འཁོར་གསུམ་དངོས་འགལ་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། ལུང་གི་དོན་མ་ཤེས་པ་དང༌། ཁྱབ་པ་དངོས་འགལ་མ་ཡིན་པའི་ཤེས་བྱེད་དོ། །དང་པོ་ནི། ལུང་དེའི་དོན་ནི། སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་སྐབས་གཞིར་བྱས་པ་ལ། བདེན་མེད་རྟོགས་པའི་ཚད་མ་མ་སྐྱེས་པར་བདེན་ཡོད་འགོག་མི་ནུས་ཞེས་བྱ་བའི་དོན་ཡིན་གྱི། བདེན་ཡོད་མ་ཡིན་ན་བདེན་མེད་ཡིན་དགོས་ཞེས་བྱ་བའི་དོན་མ་ཡིན་ནོ། །འོ་ན། མྱུ་གུ་ཆོས་ཅན། ཁྱོད་བདེན་མེད་ཡིན་པར་ཐལ། ཁྱོད་བདེན་མེད་དུ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཞེ་ན། འདི་ཡང་རྟོག་གེ་ལ་གྲགས་པ་ཡིན་གྱི་འདིར་མ་ཡིན་ཏེ། འདི་ལྟར་མྱུ་གུ་ཆོས་ཅན། ཡོད་མེད་གཉིས་ཀ་མ་ཡིན་པ་དེ་ཡིན་པར་ཐལ། དེ་གཉིས་ཀ་མ་ཡིན་པར་རྟོགས་པའི་ཚད་མ་སྲིད་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང༌། འདོད་པར་ནུས་པ་མ་ཡིན་ཏེ། ཁོ་བོ་ཅག་ལྟར་ན་སྤྲོས་པའི་མཐའ་བཞི་ཀ་དང་བྲལ་བའི་ཕྱིར་དང༌། ཁྱེད་རང་ལྟར་ན། མྱུ་གུ་ཆོས་ཅན། ཡོད་མེད་གཉིས་མ་ཡིན་གྱི་ཕུང་གསུམ་དུ་རྟོགས་པ་མི་སྲིད་པར་ཐལ་ལོ། །ཡོད་མེད་གཉིས་པོ་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། རྟགས་དང་ཐལ་ཆོས་དངོས་འགལ། ཁྱབ་པ་ནི། ཁྱེད་རང་གི་དྲངས་པའི་དབུ་མ་སྣང་བའི་ལུང་དེའི་དོན་ལ་སོང་བས་སོ། །གཉིས་པ་དངོས་འགལ་མ་ཡིན་པའི་ཤེས་བྱེད་ནི། དོན་དམ་ལ་དཔྱོད་པའི་སྐབས་སུ་ཡོད་མེད་དངོས་འགལ་དུ་ཁས་ལེན་དུ་ཆུག་ན་ཡང༌། མེད་པ་མ་ཡིན་ན་ཡོད་པས་ཁྱབ་པ་ཁས་མི་ལེན་པས་སོ། །དེ་མི་ལེན་ཏེ། སྤྲོས་པའི་མཐའ་བཞི་ཀ་འགོག་པས་སོ། །འོ་ན་ཡོད་མེད་དངོས་འགལ་དུ་ཇི་ལྟར་འགྱུར་ཞེ་ན། རྣམ་བཅད་ལ་མེད་པ་མ་བཅད་ན་ཡོངས་གཅོད་ལ་ཡོད་པ་མི་འགྲུབ། རྣམ་བཅད་ལ་ཡོད་པ་མ་བཅད་ན་ཡོངས་གཅོད་ལ་མེད་པ་མི་འགྲུབ་པ་ནི་ཕན་ཚུན་སྤངས་པའི་དངོས་འགལ་གྱི་དོན་ཡིན་ལ། མེད་པར་འཛིན་པའི་རྟོག་པ་དང༌། ཡོད་པར་འཛིན་པའི་རྟོག་པ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་དུ་འདུག་པ་ནི། ལྷན་ཅིག་ཏུ་མི་གནས་པའི་དངོས་འགལ་གྱི་དོན་ནོ། །དངོས་འགལ་གྱི་དོན་དེ་ལྟར་ཡིན་པ་དང༌། ཕན་ཚུན་སྤངས་པའི་དངོས་འགལ་ལ་གཉིས་ཡིན་གྱི་ཕུང་གསུམ་མི་སྲིད་པར་ཁས་ལེན་ཀྱང༌། གཅིག་བཀག་པས་ཅིག་ཤོས་ཁས་ལེན་པ་ནི། འཇིག་རྟེན་གྱི་ཐ་སྙད་ཁས་ལེན་པའི་ལུགས་དང༌། གྲུབ་པའི་མཐའ་ལ་བརྟེན་པ་ན་ཡང་སྤྲོས་པའི་མཐའ་གཉིས་གང་རུང་ལ་ངེས་པར་སྟེགས་འཆའ་དགོས་པའི་ཕྱི་ནང་གི་མུ་སྟེགས་པ་དག་གི་ལུགས་ཡིན་གྱི། དབུ་མ་པ་དག་གི་ལུགས་ནི་མ་ཡིན་ཏེ། སྤྲོས་པའི་མཐའ་གང་ལ་ཡང་མི་གནས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་ཆོས་ཅན་མྱུ་གུ་ལྟ་བུའི་སྟེང་དུ་ཡོད་པ་དང་མེད་པ་དངོས་སུ་འགལ་ཡང༌། ཡོད་པ་མ་ཡིན་པ་དང་མེད་པ་མ་ཡིན་པ་ནི་འགལ་བ་ལྟ་ཞོག་དོན་གཅིག་ཏུ་འདུ་དགོས་པ་ཡིན་ཏེ། དེ་དག་དོན་གཅིག་ལ་མི་འདུ་བའི་ཆོས་ཤིག་གང་ན་སྣང་ཡང་རྟེན་འབྲེལ་དུ་མི་རུང་བའི་ཕྱིར། ཇི་སྲིད་དོན་འདི་མ་གོ་བ་དེ་སྲིད་དུ་དབུ་མའི་ལྟ་བ་རྟོགས་སོ་ཞེས་སྨྲ་བ་དེ་དག་ནི་ཤིན་ཏུ་ངོ་ཚ་ཞིང་རྣམ་པར་དཔྱོད་པ་དང་ལྡན་པ་གཞན་གྱིས་ཁྲེལ་བའི་ཐང་ཆེན་པོ་དག་ཏུ་རྣམ་པར་འཁྱམས་སོ། །གཉིས་པ་གཞན་ལ་གནོད་བྱེད་ཡོད་པར་བསྟན་པ་ནི། ཁས་བླངས་ནང་འགལ་བ་དང༌། ལུང་གི་དོན་མ་ཤེས་པའོ། །དང་པོ་ནི། ཁྱེད་ཀྱིས་ཆོས་ཅན་མྱུ་གུ་ལྟ་བུ་དེ་གཅིག་དང་དུ་མ་གཉིས་མ་ཡིན་གྱི་ཕུང་པོ་གསུམ་པར་ཁས་ལེན་ནམ་མི་ལེན། མི་ལེན་ན། མྱུ་གུ་ཆོས་ཅན། གཅིག་དང་དུ་མ་གཉིས་ཡིན་པར་ཐལ། གཉིས་མ་ཡིན་པ་མ་ཡིན་པའི་ཕྱིར། ཞེས་འཕངས་པས་འཁོར་གསུམ་ཀ་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །དང་པོ་ལྟར་ན། མྱུ་གུ་གཅིག་དང་དུ་མ་གཉིས་མ་ཡིན་གྱི་ཕྱོགས་སུ་གཏོགས་པ་མི་རིགས་པར་ཐལ། མྱུ་གུའི་སྟེང་དུ་གཅིག་མ་བསྒྲུབས་ན་དུ་མ་མི་ཁེགས། དུ་མ་མ་བསྒྲུབ་ན་གཅིག་མི་ཁེགས་པའི་ཕྱིར་ཏེ། གཅིག་དང་དུ་མ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་ཏེ། དེ་སྐད་དུའང༌། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་ཆོས་དག་ནི་གཅིག་ཤོས་དགག་པ་གཞན་སྒྲུབ་པ་མེད་ན་མེད་པ་ཡིན་པའི་ཕྱིར་གཉིས་ཀ་མ་ཡིན་པའི་ཕྱོགས་སུ་གཏོགས་པ་ཡང་རིགས་པ་མ་ཡིན་ནོ། །ཞེས་དབུ་མ་སྣང་བའི་ལུང་དྲངས་ན་འགལ་བའི་ཁུར་མི་ཟད་པས་ནོན་པར་མི་འགྱུར་རམ། དེ་བཞིན་དུ་བདག་དང་འཇིག་རྟེན་རྟག་མི་རྟག་དང༌། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་དང༌། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་སོགས་བཞི་པོ་གང་ཡིན་ཞེས་ཁོ་བོ་ཅག་ལ་འདྲི་ན་ནི། གང་དུ་ཡང་ལུང་སྟོན་པར་མི་ནུས་ཏེ། དེ་དག་གང་དུ་ཡང་དེ་བཞིན་གཤེགས་པས་ལུང་སྟོན་པར་མི་ནུས་པའི་ཕྱིར། ཁྱེད་ཅག་ལ་དྲིས་ན་ནི་གཉིས་མིན་གྱི་ཕུང་པོ་གསུམ་པར་ལུང་སྟོན་དགོས་ཏེ། དེ་དག་ཡོད་ལ་དེ་དང་དེ་གཉིས་ཀ་མ་ཡིན་པའི་ཕྱིར། དེ་ཡང་དེ་ལྟར་འདོད་ན་ནི་མི་རིགས་ཏེ། རྟག་པ་མ་བསྒྲུབས་པར་མི་རྟག་པ་འགོག་མི་ནུས། མི་རྟག་པ་མ་བསྒྲུབས་པར་རྟག་པ་འགོག་མི་ནུས་པའི་ཕྱིར་ཏེ། རྟག་མི་རྟག་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གཉིས་པ་ལུང་གི་དོན་མ་ཤེས་པ་ནི། འགལ་ཟླ་གཅིག་མ་བསྒྲུབས་པར་ཅིག་ཤོས་འགོག་མི་ནུས་པ་དངོས་སྨྲ་བའི་འདོད་པ་ཡིན་ལ། དེ་ཉིད་རྟགས་སུ་བཀོད་ནས་དེའི་བློ་ངོར་གཉིས་མིན་གྱི་ཕུང་གསུམ་འགོག་པ་མ་ཤེས་པས་ནོངས་པ་དང༌། རྣམ་བཅད་དང་ཡོངས་གཅོད་ཀྱི་གོ་བ་རྣམ་པར་འཆོལ་བས་ནོངས་སོ། །ཇི་ལྟར་འཆོལ་ཞེ་ན། འདི་ལྟར་མཐའ་བཞི་ལས་མི་སྐྱེ་བ་དེ་མྱུ་གུ་རང་བཞིན་གྱིས་སྐྱེ་མེད་དུ་སྒྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་ཏེ། དེའི་ཚེ་ཡོངས་གཅོད་བསྒྲུབ་བྱར་བྱེད་པའི་ཕྱིར། རྟགས་ཁས་བླངས་ཏེ་རྣམ་བཅད་ལ་རང་བཞིན་གྱིས་སྐྱེ་བ་བཅད་ནས། ཡོངས་གཅོད་ལ་རང་བཞིན་སྐྱེ་མེད་བསྒྲུབ་བྱར་བྱེད་པ་དབུ་མ་སྣང་བའི་ལུང་གི་དོན་དུ་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །འོ་ན། ཁྱོད་ལྟར་ན། གང་ཞིག་ཡོངས་སུ་གཅོད་པ། ཞེས་སོགས་སྣང་བའི་ལུང་གི་དོན་གང་ཡིན་ཞེ་ན། ལུང་དེས་ནི། བསྒྲུབ་བྱ་སྒྲུབ་པ་ལ། དགག་བྱ་འགོག་པའི་ཁྱབ་པ་ཡོད་པར་བཤད་ཀྱི། དགག་བྱ་འགོག་པ་ལ་བསྒྲུབ་བྱ་སྒྲུབ་པའི་ཁྱབ་པ་ཡོད་པར་མ་བཤད་པས། ཁྱེད་ཀྱིས་ཤེས་བྱེད་དུ་སོང་བ་མེད་དོ། །གསུམ་པ་རིགས་པ་དང་མི་འགལ་བ་ནི། དབུ་མའི་བསྟན་བཅོས་རྣམས་ཀྱིས་སྟོང་ཉིད་དང་སྤྲོས་བྲལ་མ་བསྟན་པར་འགྱུར་རོ། །ཞེས་ཟེར་བ་ནི་རིགས་པ་ཡང་དག་པ་མ་ཡིན་ཏེ། སྤྲོས་བྲལ་རྟགས་ཀྱིས་མ་བསྒྲུབས་ན་དེ་མ་བསྟན་དགོས་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་མོད་དེ་ལས་ཅིར་འགྱུར་ཞེ་ན། རྒྱལ་བའི་ཡུམ་གསུམ་གྱི་མདོ་སྤྱི་དང་ཁྱད་པར་སོ་སོ་བ་རྣམས་ཀྱིས་མ་ངེས་པར་འགྱུར་རོ། །དེ་ལྟ་མོད་ཀྱི་རྣལ་མའི་ལན་ནི་འདི་ཡིན་ཏེ། དབུ་མའི་གཞུང་དུ་སྤྲོས་བྲལ་བསྟན་པ་ལ་རྩོད་པ་ཅི་ཡོད། དེ་ལྟ་ན་ཡང་སྤྲོས་བྲལ་སྒྲུབ་པ་དང་མི་སྒྲུབ་པའི་རིགས་པ་ནི་གཉིས་གཉིས་སྣང་སྟེ། དང་པོར་བདེན་གྲུབ་འགོག་པའི་རིམ་པ་དང༌། ཐ་མར་ལྟ་བ་ཀུན་བཟློག་པའི་རིམ་པ་གཉིས་གཉིས་འདུག་པའི་ཕྱིར། དེ་ལྟ་ན་ཡང་ཟླ་བའི་ཞབས་ཀྱི་གཞུང་ན་ནི་ཐལ་འགྱུར་གྱི་སྒོ་ནས་སྤྲོས་པ་ཅིག་ཅར་དུ་གཅོད་པའི་ཚུལ་ཉིད་གསལ་བར་བཞུགས་ཀྱི་རང་རྒྱུད་ཀྱི་སྒོ་ནས་སྤྲོས་མེད་རིམ་གྱིས་སྒྲུབ་པའི་རིམ་པ་དེ་བཞུགས་པ་མེད་དོ་ཞེས་ངེས་པར་གཟུང་བར་བྱའོ། །འོ་ན་ཟླ་བའི་ལུགས་ཀྱི་དོན་དམ་པ་གཏན་ལ་འབེབས་པའི་སྐབས་སུ་བསྒྲུབ་བྱ་སྒྲུབ་པ་མེད་ན། ཇི་སྐད་དུ། འཇུག་པ་ལས། འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཤེས་ཤེས་པར་བྱ། །ཞེས་དང༌། འཇུག་འགྲེལ་ལས། དམ་བཅའ་བ་བཞི་པོ་དེ་རྗེས་སུ་བརྗོད་ནས་རིགས་པས་བསྒྲུབ་པའི་ཕྱིར་བཤད་པ་ཞེས་པ་དང་འགལ་ལོ་སྙམ་ན། དེ་ནི་དགག་བྱ་བཀག་པ་ལ་བསྒྲུབ་བྱ་སྒྲུབ་པའི་མིང་བཏགས་པ་ཡིན་ཏེ། རྟོག་གེ་ལ་གྲགས་པའི་མི་སྣང་བ་མ་དམིགས་པའི་གཏན་ཚིགས་བཞིན་ནོ། །འོ་ན་གཞན་ལ་གྲགས་ཀྱི་གཏན་ཚིགས་ཀྱིས་རང་བཞིན་གྱིས་སྐྱེ་བ་འགོག་པ་དེའི་ཚེ་རང་བཞིན་སྐྱེ་མེད་བསྒྲུབ་བྱའི་ཆོས་སུ་བྱས་པ་ཡིན་ནམ་སྙམ་ན་རྟོག་གེ་དང་མཐུན་པའི་ཐ་སྙད་དེ་ལྟར་བཏགས་ཀྱང་རང་ལུགས་ལ་ཆོས་ཅན་མྱུ་གུ་ལྟ་བུའི་སྟེང་དུ་དེ་བསྒྲུབ་བྱ་མཚན་ཉིད་པ་མ་ཡིན་ཏེ། སྔ་རྒོལ་དབུ་མ་ཐལ་འགྱུར་བས་དཔག་འདོད་ཀྱི་ཡུལ་དུ་མ་བྱས་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ཡོད་པར་བསྟན་པ་ནི། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི་བདེན་སྟོང་བཀག་པ་དང་བདེན་མེད་སྒྲུབ་པ་རྣམ་བཅད་དང་ཡོངས་གཅོད་དུ་འདོད་པ་ནི། རྟོག་གེའི་ལུགས་དང༌། དབུ་མ་རང་རྒྱུད་པས་དང་པོ་བདེན་མེད་སྒྲུབ་པའི་སྐབས་ཀྱི་ལུགས་དང༌། ཀླུ་སྒྲུབ་ཞབས་ཀྱིས་བར་དུ་བདག་ཟློག་པའི་རིམ་པ་ཞེས་བྱ་བ་ཞིག་གསུངས་པ་དེར་འཐད་ཀྱང༌། ཀླུ་སྒྲུབ་ཞབས་ཀྱིས་གཟིགས་པའི་མཐར་ཐུག་པའི་སྤྲོས་བྲལ་གཏན་ལ་འབེབས་པའི་སྐབས་དང༌། ཟླ་བའི་ཞབས་ཀྱི་གཞུང་གི་ནི་སྐབས་གང་དུ་ཡང་འགྲིག་པའི་གོ་སྐབས་ཡོད་པ་མ་ཡིན་ཏེ། ཟླ་བའི་ཞབས་ཀྱི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་རང་རྒྱུད་མི་བཞེད་པའི་ཤེས་བྱེད་ཀྱི་རྩ་བ་ཐམས་ཅད་ཀྱང་འདིར་འདུས་པའི་ཕྱིར་དང༌། གཞུང་རྩ་བ་ལས་ནི། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་ངེས་དོན་གྱི་སྐབས་སུ་བདེན་གྲུབ་ཡོད་པ་མ་ཡིན་པའི་རྟགས་ཀྱིས་བདེན་སྟོང་ཡོད་པ་མ་ཡིན་པར་གསུངས་སོ། །ཁྱེད་ཅག་ལྟར་ན། བདེན་གྲུབ་ཡོད་པ་མ་ཡིན་པ་དེ་བདེན་སྟོང་ཡོད་པའི་ཤེས་བྱེད་དུ་འགྱུར་བ་མ་ཡིན་ནམ། ལེགས་པར་སོམས་ཤིག གང་ཡང་བདེན་གྲུབ་ཡོད་པ་མ་ཡིན་པ་དེ་བདེན་སྟོང་བདེན་གྲུབ་ཏུ་ཡོད་པ་མ་ཡིན་པའི་ཤེས་བྱེད་དུ་འདོད་པ་ཁྱེད་ཀྱི་ལྟར་ན། ཁྱབ་བྱེད་བདེན་གྲུབ་སྤྱི་ཙམ་པ་དེ་ཁེགས་པའི་འོག་རོལ་དུ་ཁྱབ་བྱ་ཆོས་ཅན་རེ་རེའི་སྟེང་གི་བདེན་གྲུབ་འགོག་དགོས་ན་ཧ་ཅང་ཐལ་བ་དང༌། ཁས་བླངས་ནང་འགལ་བ་གཉིས་ཁྱེད་ལ་འཇུག་གོ །ནང་འགལ་བ་ཇི་ལྟར་ཞེ་ན། ཆོས་ཅན་ཚད་མས་གྲུབ་པ་གཅིག་གི་སྟེང་དུ་བདེན་སྟོང་རིགས་པས་གཏན་ལ་ཕེབས་ན། རིགས་པ་གཞན་ལ་མ་རེག་པར་རིགས་པ་དེ་ཉིད་ཀྱིས་ཤེས་བྱ་ཐམས་ཅད་བདེན་སྟོང་དུ་རྟོགས་ནུས་སོ་ཟེར་བ་དང༌། ཡང་གཞུང་དེའི་དོན། བདེན་གྲུབ་ཅུང་ཟད་ཀྱང་མེད་པའི་རྟགས་ཀྱིས་བདེན་སྟོང་རང་བཞིན་གྱིས་མེད་པར་སྒྲུབ་པ་ཡིན་ཞེས་ཟེར་བ་ནང་འགལ་ལོ། །ཡང་འདི་སྐད་དུ་གཞུང་དེའི་དོན་རྟེན་ཆོས་ཅན་བདེན་པར་མེད་པའི་རྟགས་ཀྱིས་དེའི་ཆོས་ཉིད་བདེན་མེད་དུ་སྒྲུབ་པར་འདོད་པ་ཡིན་ནོ་ཞེས་ཟེར་བ་དང༌། རྣལ་འབྱོར་སྤྱོད་པའི་མཁས་པ་རྣམས་ཀྱིས་ཀྱང༌། ཡོངས་གྲུབ་བདེན་པར་འགྲུབ་པ་ལ་གཞན་དབང་བདེན་པར་གྲུབ་དགོས་པར་མཐོང་ནས་གཞན་དབང་བདེན་པར་སྒྲུབ་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ལ་ཡང་སྙིང་པོར་གྱུར་པ་ཅུང་ཟད་ཀྱང་མི་སྣང་སྟེ། ཉེས་པ་སྔ་མ་རྣམས་ཡོད་ཀྱི་སྟེང་དུ། ནང་འགལ་བ་གཉིས་པས་ནོན་པའི་ཕྱིར་དང༌། གཏན་ཚིགས་ལྟར་སྣང་དུ་སོང་བ་དང༌། རྣལ་འབྱོར་སྤྱོད་པ་པའི་འདོད་པ་མ་ཡིན་པའོ། །དང་པོ་ནི། དབུ་མ་པས་རྣལ་འབྱོར་སྤྱོད་པ་པའི་ངོར་རྟེན་ཆོས་ཅན་བདེན་པར་མེད་པའི་རྟགས་ཀྱིས་ཆོས་ཉིད་བདེན་མེད་དུ་སྒྲུབ་མི་ནུས་པར་འགྱུར་ཏེ། དེས་ཆོས་ཅན་དང་ཆོས་ཉིད་གཉིས་ཀ་བདེན་གྲུབ་ཏུ་ཁས་བླངས་པའི་ཕྱིར། དེ་ལ་འདོད་ན་ནི། དེས་དེ་ལྟར་སྒྲུབ་པ་སྐབས་སུ་བབ་པའི་རྒོལ་བ་དེ་སུ་ཡིན། ཁྱེད་ཀྱིས་བསྟན་པར་མི་ནུས་སོ། །གཉིས་པ་ནི། ཁྱེད་ལྟར་ན། དེས་དེ་ལྟར་སྒྲུབ་པའི་ཁྱབ་པ་འཁྲུལ་པར་འགྱུར་ཏེ། ཁྱེད་ལ་དེའི་མཐུན་དཔེ་མེད་པའི་ཕྱིར་རོ། །གསུམ་པ་ལྟར་ན་ནི་གཞན་དབང་བདེན་གྲུབ་ཏུ་འདོད་པ་རྣལ་འབྱོར་སྤྱོད་པ་པའི་མཐར་ཐུག་གི་འདོད་པ་མ་ཡིན་པར་གོང་དུ་རྒྱས་པར་བཤད་ཟིན་ནོ། །དེ་བཞིན་དུ། ཡང་ཇི་སྐད་དུ། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་འདུས་བྱས་མ་གྲུབ་པའི་རྟགས་ཀྱིས་འདུས་མ་བྱས་མ་གྲུབ་པར་གསུངས་ལ། ཁྱེད་ལྟར་ན། འདུས་བྱས་མ་གྲུབ་པ་ཉིད་འདུས་མ་བྱས་པའི་ཤེས་བྱེད་དུ་སོང་སྟེ། དེ་གཉིས་རྣམ་བཅད་དང་ཡོངས་གཅོད་ཡིན་པས་གཅིག་བཀག་པ་ནི་གཅིག་ཤོས་དོན་གྱིས་འགྲུབ་པའི་ཕྱིར་རོ། །གཞུང་འདིའི་དོན་ཡང་སྔ་མ་ལྟར་འཆད་པ་ཁྱེད་ཀྱི་ལྟར་ན། འདུས་བྱས་བདེན་མེད་དུ་ཚད་མས་རྟོགས་ཟིན། འདུས་མ་བྱས་དེར་རྟོགས་མ་ཟིན་པའི་སྐྱེས་བུ་དེ་ཆོས་ཅན། ཁྱོད་ཀྱི་ངོར་འདུས་མ་བྱས་བདེན་མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཆོས་གཉིས་ལྡན་གྱི་དཔེ་མཚན་ཉིད་པ་གཅིག་ཡོད་པར་ཐལ། འདུས་བྱས་བདེན་མེད་དུ་ཚད་མས་རྟོགས་པའི་རྒོལ་བ་ཡིན་པའི་ཕྱིར། ཐལ་ཆོས་ཁས་བླངས་སོ། །གཉིས་པ་རིགས་པ་དང་འགལ་བ་ནི། བདེན་ཡོད་བཀག་པ་དང་བདེན་མེད་སྒྲུབ་པ་དོན་གཅིག་ལ་འདུ་ན། བདེན་ཡོད་འགོག་པའི་དབུ་མའི་གཏན་ཚིགས་ཆེན་པོ་རྣམས་སྒྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་ཏེ། སྤྲོས་པ་གཅིག་བཀག་པའི་ཤུལ་དུ་སྤྲོས་པ་ཅིག་བསྒྲུབས་པའི་མ་ཡིན་དགག་བསྒྲུབ་བྱའི་ཆོས་སུ་བྱས་པའི་ཕྱིར། དེའི་རྒྱུ་མཚན་ཡང་བདེན་ཡོད་དང་བདེན་མེད་གཉིས་ལ་སྤྲོས་པའི་མཐའ་ཡིན་མིན་གྱི་ཁྱད་པར་ཤིང་རྟ་ཆེན་པོ་སུས་ཀྱང་མ་བཤད་པའི་ཕྱིར་དང༌། འགལ་ཟླ་གཅིག་སྤྲོས་པའི་མཐའ་ཡིན་ན་དེའི་དངོས་ཀྱི་འགལ་ཟླ་དེ་ཡང་སྤྲོས་པའི་མཐའ་ཡིན་པས་ཁྱབ་པར་གཞུང་ལས་བཤད་པའི་ཕྱིར། དེ་ལྟར་འཕངས་པ་དེ་ཡང་ཐལ་བ་པའི་ལུགས་སོར་བཞག་པ་ཡིན་ལ། རང་རྒྱུད་པ་ལྟར་ན་བདེན་མེད་ཀྱི་ཐ་སྙད་དམ་ཤེས་བརྗོད་བསྒྲུབས་ན་མ་ཡིན་དགག་ཆོས་སུ་བྱས་པ་དང༌། སྒྲུབ་པའི་གཏན་ཚིགས་སུ་ཐལ་བར་འགྱུར་ཡང༌། བདེན་མེད་རང་ལྡོག་ནས་བསྒྲུབས་པས་མ་ཡིན་དགག་ཏུ་ནི་མི་འགྱུར་ལ། དེ་ལྟ་ན་ཡང་སྤྲོས་པའི་མཐའ་གཅིག་བསྒྲུབས་པར་ནི་འགྱུར་རོ། །བསྒྲུབས་པ་དེ་ཡང་རིགས་པ་ཕྱི་མ་གཞན་གྱིས་དགག་དགོས་པ་ཡིན་ཏེ། མ་བཀག་ན་མཐར་འཛིན་དུ་འགྱུར་བའི་ཕྱིར་རོ། །དེ་འགོག་བྱེད་ཀྱི་རིགས་པ་དེ་ཡང་གང་ཞེ་ན། ཇི་སྐད་དུ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་པའོ། །དེ་ལྟར་གཞན་གྱི་འདོད་པ་སུན་ཕྱུང་ནས། རང་ལུགས་ཀྱི་ལྟ་བ་རྟོགས་ཚུལ་གྱི་རིམ་པ་ནི་འདི་ཡིན་ཏེ། ཐོག་མར་ཀུན་རྫོབ་ལ་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་འཆད་དོ། །དེ་ནས་བདེན་མེད་ལ་དོན་དམ་པའི་བདེན་པར་ཞེན་པའི་སྤྲོས་པ་གཅོད་པའི་རིགས་པ་འཆད་དོ། །དེ་ནས་སྤྲོས་བྲལ་གྱི་སྤྲོས་པ་གཅོད་པའི་རིགས་པ་འཆད་དོ། །དེ་གཅོད་བྱེད་ཀྱི་རིགས་པ་ནི་མི་འཆད་དེ། རིགས་པ་དེ་ལ་སྤྲོས་པའི་མཚན་མ་གང་ཡང་མེད་པའི་ཕྱིར་ཏེ། དེ་ནི་འཕགས་པ་རྣམས་ཀྱིས་ངེས་དོན་མཐར་ཐུག་པ་ཅི་ཡང་མི་གསུང་པ་ཞེས་བྱ་བ་དེ་ཡིན་པས་སོ། །འདིར་རྗེ་བཙུན་ཀུ་མཱ་རའི་ཞལ་ནས། རང་རྒྱུད་ཀྱི་ལྟ་བ་དང་པོར་འདོར་བ་དང༌། ཐལ་འགྱུར་གྱི་ལྟ་བ་སངས་རྒྱས་ཀྱི་སར་འདོད་དགོས་སོ་ཞེས་གསུངས་པ་ནི་རང་རྒྱུད་ཀྱི་གཞུང་ཇི་ལྟ་བ་བཞིན་དུ་མ་གཟིགས་པའམ། སངས་རྒྱས་ཀྱི་སར་ཡེ་ཤེས་མེད་པར་འདོད་པའི་ལོག་རྟོག་གིས་ཀུན་ནས་བསླང་བ་གང་རུང་ལས་མ་འདས་པས་རྒལ་ཞིང་བརྟག་པའི་གནས་སོ། །དེ་ལྟར་ཞར་ལ་འོངས་པའི་དོན་བརྗོད་ཟིན་པ་དེའི་འོག་ཏུ། ཟླ་བའི་ཞབས་ལ་ཕྱ་པས་བརྗོད་པའི་སུན་འབྱིན་གསུམ་པས་མི་གནོད་པའི་ཚུལ་ནི། འདི་སྐད་དུ། བདེན་གྲུབ་བཀག་ན་བདེན་སྟོང་ཁས་མི་ལེན་པ་འགལ་ལོ་ཞེས་ཟེར་བ་ནི། ཟླ་བའི་ཞབས་ལ་གནོད་བྱེད་དུ་འཇུག་ན། ཞི་འཚོ་ཡབ་སྲས་ཀྱི་བཞེད་པ་ལའང་གནོད་བྱེད་དུ་འགྱུར་ཏེ། ཇི་སྐད་དུ། དབུ་མའི་རྒྱན་ལས། སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པའི་སྒྲ། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་སྐྱེ་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་ངོར་སྐྱེ་སོགས་དང་སྐྱེ་མེད་གཉིས་ཀ་ཡོད་པ་མ་ཡིན་པར་བཤད་པའི་ཕྱིར། ཁྱེད་ཅག་རྗེས་འབྲང་དང་བཅས་པ་ལྟར་ན། སྐྱེ་སོགས་བཀག་པ་ན་སྐྱེ་མེད་བསྒྲུབ་པར་འགྱུར་བ་མ་ཡིན་ནམ། ཞེས་བསམ་དགོས་པ་ཡིན་ནོ། །ཞར་ལ་བདག་ཉིད་ཆེན་པོ་དེའི་བཞེད་པ་ནི་འདི་ལྟར་སྐྱེ་བ་འགོག་པའི་རིགས་པ་འཆད་པའི་ཚེ་རང་བཞིན་སྐྱེ་མེད་ལ་སོགས་པ་དོན་དམ་པའི་བདེན་པ་ཡིན་པ་དང༌། སྐྱེ་མེད་ཀྱི་སྤྲོས་པ་ཡང་འགོག་པའི་རིགས་པ་འཆད་པ་དེའི་ཚེ་ནི། སྔ་མ་སྤྱིར་ཀུན་རྫོབ་བདེན་པ་དང༌། བྱེ་བྲག་ཡང་དག་པའི་ཀུན་རྫོབ་ཏུ་འཆད་པ་ཡིན་ཏེ། ཇི་སྐད་དུ། རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ནི་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་གསུངས་ཤིང་དེའི་འགྲེལ་པར། དོན་དམ་པ་ནི་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང༌། མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་དགོས་སོ། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང༌། རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར། མི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པ་ནི་མ་ཡིན་ཏེ། ཤིང་རྟ་ལ་སོགས་པའི་སྒྲ་དོན་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་སློབ་དཔོན་འདིའི་བཞེད་པས་སྤྲོས་པ་ལེན་པ་དང༌། སྤྲོས་པ་འགོག་པའི་སྐབས་སོ། །དང་པོ་ནི། ཐ་སྙད་བདེན་པ་འཇོག་པའི་ཚེ་ཡིན་ལ། དེར་ནི་ཕན་ཚུན་སྤངས་པའི་འགལ་ཟླ་གཅིག་བཀག་པ་ན་ཅིག་ཤོས་ཁས་ལེན་དགོས་པ་ཡིན་ཏེ། དེའི་ཚེ་འཇིག་རྟེན་ན་གྲགས་པའི་མཚན་འཛིན་གྱི་བློ་དབང་བཙན་པར་བྱེད་དགོས་པའི་ཕྱིར། གཉིས་པ་ལ་སྐབས་གཉིས་ཏེ། སྤྲོས་པ་ཕྱོགས་རེ་འགོག་པ་དང༌། མཐའ་དག་འགོག་པའོ། །དང་པོ་ནི། མཐུན་པའི་དོན་དམ་འཇོག་པའི་སྐབས་ཡིན་ལ། དེར་ནི་སྐྱེ་མེད་སྟོང་པ་སོགས་མི་འགོག་སྟེ། སྐྱེ་བ་བཀག་མ་ཟིན་པར་སྐྱེ་མེད་བཀག་ན་སྐྱེ་བ་བསྒྲུབས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། མཐར་ཐུག་གི་དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་ཡིན་ལ། དེར་ནི་གཅིག་བཀག་པས་ཅིག་ཤོས་བསྒྲུབས་པར་མི་འགྱུར་ཏེ། དེའི་ཚེ་སྤྲོས་པའི་ཚོགས་ལྷག་མ་མ་ལུས་པ་འགོག་པའི་ཕྱིར་རོ། །དེ་ལྟར་ན། བདེན་གྲུབ་བཀག་པ་དེ་བདེན་སྟོང་ཁས་མི་ལེན་པའི་ཤེས་བྱེད་དུ་འགྲེལ་པ་ཡིན་གྱི། ལེན་པའི་ཤེས་བྱེད་དུ་འགྲོ་བ་ནི་ཟླ་བ་གྲགས་པར་མ་ཟད་ཀླུ་སྒྲུབ་སྲས་དང་སློབ་མར་བཅས་པའི་ལུགས་ལ་ཡོད་པ་མ་ཡིན་ནོ། །དེ་ནས་སུན་འབྱིན་ལྔ་པ་མི་འཇུག་པའི་ཚུལ་ནི། དངོས་པོར་སྨྲ་བའི་ལོག་རྟོག་སུན་འབྱིན་པའི་ཐལ་འགྱུར་གྱི་ཁྱབ་པ་དབུ་མ་པ་རང་ལུགས་ཀྱི་ཚད་མས་མ་གྲུབ་ཀྱང༌། འཇིག་རྟེན་ལ་གྲགས་པའི་ཚད་མས་གྲུབ་པ་དེ་ཙམ་གྱིས་ཆོག་པ་ཡིན་ཏེ། དངོས་པོར་སྨྲ་བའི་ལོག་རྟོག་གི་ཡུལ་ནི་ལོག་པའི་ཀུན་རྫོབ་ཡིན་ལ། འཇིག་རྟེན་གྱི་གྲགས་པས་གྲུབ་པའི་དོན་རྣམས་ནི་ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་འཇིག་རྟེན་ཉིད་ཀྱི་དོན་དམ་པའི་བདེན་པ་ཡིན་པས། དེའི་ཡུལ་ཅན་གྱི་སྒྲ་དང་ཤེས་པས་ཅིག་ཤོས་ཀྱི་ཡུལ་ཅན་སུན་འབྱིན་པར་ནུས་པའི་ཕྱིར། དབུ་མ་པའི་དོན་དམ་པའི་བདེན་པ་ནི་འཇིག་རྟེན་གྱི་ཚད་མས་མི་འགྲུབ་སྟེ། འཇིག་རྟེན་གྱི་ཡུལ་ལས་འདས་པའི་ཕྱིར། མདོར་ན་གྲུབ་མཐས་བརྟགས་པའི་བདེན་གྲུབ་སོགས་ནི་ལོག་པའི་ཀུན་རྫོབ་ཡིན་ལ། དེ་ནི་འཇིག་རྟེན་གྱིས་མཐོང་བ་ཉིད་ཚད་མར་བྱས་ནས་འགོག་ནུས་པ་ཡིན་ཏེ། དེ་དག་འཇིག་རྟེན་པས་ཀྱང་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཉིད་དུ་གོ་བར་ནུས་པའི་ཕྱིར། བདེན་གྲུབ་དེ་བཀག་པའི་བདེན་སྟོང་ནི་འཕགས་པ་རྣམས་ཀྱི་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་འཇིག་རྟེན་ན་གྲགས་པའི་ཚད་མ་རྣམས་ཀྱིས་གྲུབ་པའི་གོ་སྐབས་ག་ལ་ཡོད། ཅེས་བྱ་བ་འདི་ལན་ཡིན་ནོ། །འདིས་ནི་གངས་ཅན་པ་ཕྱི་མ་དག་བདེན་གྲུབ་འགོག་པའི་རིགས་པ་དང༌། བདེན་མེད་སྒྲུབ་པའི་རིགས་པ་དོན་གཅིག་ལ་འདུ་བར་འཆད་པ་ཡང་ཁེགས་པ་ཡིན་ནོ། །ཕྱ་པའི་རིགས་པ་འདི་ནི། ཕྱ་པ་རང་ཉིད་རང་རྒྱུད་ཁས་ལེན་པ་ལ་མི་ཟད་པའི་གདོན་དང་འདྲ་བ་ཡིན་ཏེ། འདི་ལྟར་འོ་ན་ཐལ་འགྱུར་ཡང་དག་ཏུ་འགྱུར་བ་ལ་འཁོར་གསུམ་ཕ་རོལ་པོས་ཁས་བླངས་པ་ཙམ་གྱིས་ཆོག་གམ་མི་ཆོག མི་ཆོག་ན་རྩ་བའི་དམ་བཅའ་ཉམས་ལ། ཆོག་ན་རང་རྒྱུད་ལ་ཡང་དེས་ཆོག་པར་འགྱུར་རོ། །ཞེས་བརྗོད་ན་མཚུངས་པས་སོ། །སུན་འབྱིན་དྲུག་པའི་ལན་ནི། སྐྱེ་བ་དོན་ཡོད་དང་བདག་ལས་སྐྱེ་བ་གཉིས་དམ་པའི་དོན་དུ་ནི་འགལ་བ་མ་ཡིན་ཏེ། འདི་གཉིས་ཀ་ཡོད་པ་མ་ཡིན་པའི་ཕྱིར། ཡང་དག་པའི་ཀུན་རྫོབ་ཏུ་ནི་འདི་གཉིས་ཀ་འགལ་ལ། དེ་ཙམ་གྱིས་རང་རྒྱུད་གྲུབ་པར་མི་འགྱུར་ཏེ། དེ་གཉིས་འགལ་བར་ངེས་བྱེད་ཀྱི་ཚད་མ་དེ་དབུ་མ་པ་རང་ལུགས་ཀྱི་ཚད་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་འགལ་བ་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་སོ། །དུ་བས་ལ་མེ་ལྡན་དུ་སྒྲུབ་པ་ལྟ་བུ་ལ་ནི་དབུ་མ་པས་སྔར་རྒོལ་བྱས་པ་ཡིན་ཡང༌། དེའི་ཚེ་རྒོལ་ཕྱི་རྒོལ་གཉིས་ཀ་ཀུན་རྫོབ་བདེན་པའི་ཡུལ་ཅན་གྱི་ཚད་མ་མཐུན་པར་ཁས་བླངས་ནས་རྣམ་གཞག་བྱེད་པ་ཡིན་པས་རང་རྒྱུད་འཐད་པ་ཡིན་ནོ། །སུན་འབྱིན་བདུན་པ་མཐའ་བཞི་ལས་མི་སྐྱེ་བའི་རྟགས་ཀྱིས་མྱུ་གུ་རང་བཞིན་གྱིས་སྐྱེ་བ་འགོག་པའི་ཁྱབ་འབྲེལ་ངེས་བྱེད་ཀྱི་ཚད་མ་ཡོད་པའི་རྒྱུ་མཚན་གྱིས་རང་རྒྱུད་མི་འགྲུབ་སྟེ། ཁྱབ་འགྲེལ་དེ་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་དེའི་ཡུལ་ཅན་གྱི་ཚད་མ་དེ་དོན་དམ་པའི་བདེན་པ་སྒྲུབ་བྱེད་དུ་མི་རུང་བའི་ཕྱིར་རོ། །སུན་འབྱིན་བརྒྱད་པ་སངས་རྒྱས་ཀྱི་སར་སེམས་སེམས་བྱུང་མེད་པ་ལ་བརྗོད་པའི་ཉེས་པ་རྣམ་པ་གསུམ་བཤད་པ་དེ་དག་འཇུག་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སར་སེམས་དང་སེམས་བྱུང་གི་རྒྱུ་བ་འགགས་པར་ཟླ་བ་བཞེད་ཀྱང་རིགས་པ་དང་ཡེ་ཤེས་རྒྱུན་ཆད་པར་མི་བཞེད་པའི་ཕྱིར་རོ། །སྣང་བཅས་སྒྲིབ་པ་མ་ཡིན་པས་སྤང་བྱ་མ་ཡིན་ནོ་ཞེས་གསུངས་པ་ཡང་མ་ངེས་པ་ཡིན་ཏེ། ལས་དང་ཉོན་མོངས་པའི་བདག་འབྲས་སུ་གྱུར་པའི་ཕྱི་སྣོད་ཀྱི་འཇིག་རྟེན་བཞིན་ནོ། །ཡང་ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཡོད་པ་མ་ཡིན་པར་སངས་རྒྱས་ཀྱིས་གཟིགས་ན་འཇིག་རྟེན་རྒྱང་ཕན་གྱི་གཞུང་གཟུང་བར་འགྱུར་རོ་ཞེས་ཟེར་བའང་མ་ཡིན་ཏེ། སངས་རྒྱས་ཀྱི་སར་ཀུན་རྫོབ་བདེན་པ་སྐྱེད་བྱེད་ཀྱི་རྒྱུ་མ་རིག་པ་ཟད་པར་སྤངས་ཤིང༌། འཇོག་བྱེད་ཀྱི་རྒྱུ་མཐོང་བ་རྫུན་པ་ཟད་པའི་རྒྱུ་མཚན་གྱིས་རང་སྣང་ལ་ཀུན་རྫོབ་བདེན་པའི་སྣང་བ་མི་འཆར་བ་ཡིན་ལ། རྒྱང་ཕན་ལ་ནི་ཀུན་རྫོབ་ཀྱི་སྣང་བ་འཆར་བའི་རྒྱུ་ཚོགས་གཉིས་པོ་གྲངས་ཚང་བཞིན་དུ་མངོན་དུ་མ་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ལ་སྐུར་པ་བཏབ་པའི་ཕྱིར། གནས་འདི་ལ་གངས་ཅན་པ་ཕྱི་མ་དག སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་རྒྱུ་བ་འགགས་པ་ཟླ་བའི་བཞེད་པ་མ་ཡིན་པར་འདོད་པ་ནི། དེའི་གཞུང་འགྲེལ་ལ་མ་བརྟགས་པར་རིག་པ་གང་ཡིན་ལ་སེམས་སེམས་བྱུང་གང་རུང་གིས་ཁྱབ་པར་རློམ་པའི་ང་རྒྱལ་གྱིས་རྣམ་པར་བསླད་པས་ཟླ་བའི་གཞུང་ནག་པོར་བྱས་པའི་ཕྱིར། འོ་ན་དེའི་གཞུང་ལས་ཇི་ལྟར་འབྱུང་ཞེ་ན། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་འགྲེལ་པར་སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྟོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོགས་པར་འདོད་པ་ཡིན་ནོ་ཞེས་དང༌། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པར། །ཞེས་པའི་འགྲེལ་པར་དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་གཞག་གོ་ཞེས་དང༌། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང༌། །ཞེས་པའི་འགྲེལ་པར་དེ་ནི་ཞི་བའི་རང་བཞིན་ཅན་དུ་འདོགས་བྱེད་སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ། །ཞེས་གསུངས་པ་དང༌། ཚིག་གསལ་ལས། སྤྱིར་ཤེས་པ་ལ་རྣམ་ཤེས་དང་ཡེ་ཤེས་གཉིས་སུ་ཕྱེ་ནས་སེམས་སེམས་བྱུང་ལ་རྣམ་ཤེས་ཀྱིས་ཁྱབ་པར་བཤད་པ་དང༌། དོན་དམ་པའི་བདེན་པ་ལ་སེམས་ཀྱི་རྒྱུ་བ་མི་འཇུག་པར་བཤད་པ་ཡིན་ནོ། །དོན་འདི་ཉིད་ནི་ཤིང་རྟའི་སྲོལ་གཞན་ལས་ཀྱང་འབྱུང་སྟེ། ཇི་སྐད་དུ། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དང༌། དེའི་འགྲེལ་བཤད་དུ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང༌། ཁམས་གསུམ་པའི་རྣམ་པ་ཅན་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་དོན་གཅིག་མིང་གི་རྣམས་གྲངས་སུ་སློབ་དཔོན་བློ་བརྟན་གྱིས་བཤད་པ་དང༌། ཡང་དེ་ཉིད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །ཞེས་སེམས་ལ་རྣམ་ཤེས་ཀྱིས་ཁྱབ་པར་བཤད་པ་དང༌། ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་པར་འབྱེད་པ་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་གསུངས་སོ། །དེ་བཞིན་མདོ་སྡེ་རྒྱན་ལས་ཀྱང༌། གཙོ་བོ་སེམས་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་གྲངས་ངེས་པ་དང༌། དེ་ཡང་སངས་རྒྱས་ཀྱི་སར་གནས་གྱུར་ཏེ། ཡེ་ཤེས་ཁོ་ནར་འགྱུར་བར་བཤད་པ་དང༌། སུམ་ཅུ་པ་ལས་ཀྱང༌། བདག་དང་ཆོས་སུ་ཉེར་འདོགས་པ། །དེ་ནི་རྣམ་པར་ཤེས་པར་འགྱུར། །ཞེས་བདག་གཉིས་སུ་འཛིན་པའི་མ་རིག་པས་ཤིན་ཏུ་བསླད་པའི་ཤེས་པ་ཁོ་ན་ལ་རྣམ་ཤེས་སུ་བཤད་པ་ཡིན་ནོ། །དོན་དེ་ཉིད་ཀྱིས་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །ཞེས་ནི་ཟླ་བའི་ཞབས་ཀྱི་ལུགས་འདི་ཁོ་ནར་མ་ཟད་ཐེག་པ་ཆེན་པོའི་གཞུང་གི་སྐབས་གང་དུ་ཡང་ཁས་བླངས་པར་མི་བྱ་བ་ཁོ་ནའོ། །དེ་ལྟར་རྒྱས་པར་བཤད་པ་རྣམས་ཀྱིས་ནི། ཉེས་པ་མེད་པ་ལས་ཉེས་པར་བཟུང་ནས་ཟླ་བའི་ཞབས་ཀྱི་ལུགས་བླ་ན་མེད་པ་དེ། དེའི་ལུགས་མ་ཡིན་པར་བཅོས་ནས་ཟླ་བ་གྲགས་པའི་ལུགས་ཐུན་མོང་མ་ཡིན་པར་འཆད་དོ་ཞེས་ཝ་སྐྱེས་ཀྱི་ང་རོ་སེང་གེའི་སྒྲ་དབྱངས་སུ་འཆོས་པར་བྱེད་པའི་གངས་ཅན་པ་ཕྱི་མ་དག་གི་རྣམ་དཔྱོད་ཀྱི་བཞིན་རས་ཀྱི་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་ཕྱིར་དུ་སྔོན་བྱུང་གཏམ་གྱིས་གླེང་བསླངས་ནས་ཟླ་བའི་ཞབས་ཀྱིས་དབུ་མའི་གཞུང་ལུགས་ཐལ་འགྱུར་དུ་འགྲེལ་བའི་དགོངས་པ་དཔྱིས་ཕྱིན་པར་བཤད་པ་ཡིན་ནོ། །དེ་ལྟར་བཤད་ཟིན་པའི་འོག་ཏུ་ཟླ་བའི་ཞབས་ཀྱིས་མ་བཞེད་པ་འགའ་ཞིག་བཞེད་པ་ཡིན་ནོ་ཞེས་ཟེར་བ་དེ་དག་བསལ་བར་བྱ་བ་ལ་གཉིས་ལས། ཕྱོགས་སྔ་མ་བརྗོད་པ་དང༌། དེ་སུན་འབྱིན་པའི་ལུང་རིགས་བརྗོད་པའོ། །དང་པོ་ནི། ཇི་སྐད་དུ། བདེན་འཛིན་གང་ཡིན་ཐམས་ཅད་ཉོན་མོངས་པ་ཅན་གྱི་མ་རིག་པར་བཤད་པ་དང༌། ཞིག་པ་དངོས་པོར་འདོད་པ་དང༌། ཕྱི་རོལ་གྱི་དོན་ཡོད་པར་འདོད་པ་དང༌། ས་བརྒྱད་པ་ནས་ཤེས་སྒྲིབ་སྤང་བའི་མགོ་བརྩོམ་པ་དང༌། ཀུན་གཞི་དང་རང་རིག་ནི་ཐ་སྙད་དུ་ཡང་མི་འདོད་པ་ནི་ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་རང་ལུགས་ཡིན་ནོ་ཞེས་འཆད་དོ། །གཉིས་པ་ལ་འདི་དག་རྒྱས་པར་སུན་འབྱིན་པའི་ལུང་རིགས་རྒྱས་པར་ཕྱོགས་སྔ་མའི་འདོད་ཚུལ་དང་བཅས་པ་འོག་ནས་ཞིབ་ཏུ་འཆད་པར་འགྱུར་ལ། ཐོག་མར་གཟུང་བདེ་བ་འགའ་ཞིག་བརྗོད་པ་ནི་འདི་ལྟར། རེ་ཤིག་ཐོག་མར་བདེན་འཛིན་གང་ཡིན། ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ནོ་ཞེས་ཟེར་བ་འདི་ནི་ཟླ་བའི་བཞེད་པ་མ་ཡིན་ཏེ། ཟླ་བ་ཉིད་ཀྱི་ལུང་དང་འགལ་བ་དང༌། ལུང་ལ་བརྟེན་པའི་རིགས་པ་བཟློག་མི་ནུས་པའོ། །དང་པོ་ནི། ཇི་སྐད་དུ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པའི་འགྲེལ་པར་གཏི་མུག་བདེན་འཛིན་དེ་ལ་ཉོན་མོངས་པ་ཅན་ཡིན་མ་ཡིན་གཉིས་སུ་ཕྱེ་ནས་བདེན་མེད་མངོན་སུམ་དུ་མ་རྟོགས་པའི་གང་ཟག་གི་རྒྱུད་ཀྱི་ཕུང་པོ་ལ་བདེན་འཛིན་དེ་ལ་སྤྱིར་ཉོན་མོངས་པ་ཅན་གྱི་མ་རིག་པ་ཞེས་དང༌། བྱེ་བྲག་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པར་བཤད་ནས། དེ་འདྲ་དེ་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་རྣམས་ཀྱི་ངོར་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་བྱེད་དང༌། ཡང་འཕགས་རྒྱུད་ཀྱི་བདེན་འཛིན་གྱི་ཁྱད་པར་ལྷན་སྐྱེས་དབང་ལྡན་དུ་ལྡན་པ་འགའ་ཞིག་ལ་ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པར་བཤད་ནས་དེ་འདྲ་དེ་རྟེན་གྱི་གང་ཟག་འཕགས་པའི་རྗེས་ཐོབ་ཀྱི་ངོར་ཀུན་རྫོབ་ཙམ་པོ་འཇོག་བྱེད་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་ཀུན་རྫོབ་ཙམ་ཡང་འཇོག་བྱེད་ཀྱི་བློ་མེད་པར་བཤད་པ་ཡིན་ནོ། །དེ་ལྟར་སྟོན་པའི་ལུང་གང་ཞེ་ན། དོན་གྱི་མདོ་དེ་ལྟར་བཟུང་ནས་འགྲེལ་པ་ནི་ཀླགས་པ་ཉིད་ཀྱིས་གོ་བའི་ཕྱིར་མ་བྲིས་སོ། །དོན་དེ་ལ་འདི་སྐད་དུ། འགྲེལ་པར་ཤེས་སྒྲིབ་ཏུ་གྱུར་པའི་མ་རིག་བཤད་པ་དེ་ཡང་བདེན་འཛིན་མ་ཡིན་གྱི། ས་བརྒྱད་པ་ཡན་ཆད་དང་ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་མ་རིག་པའི་བག་ཆགས་ལ་དགོངས་པ་ཡིན་པ་དང༌། ཅིག་ཤོས་དེ་ཡང་ས་བདུན་པ་མན་ཆད་ཀྱི་བདེན་འཛིན་ལ་དགོངས་པ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་ཟླ་བའི་ལུང་དང་འགལ་ཏེ། སྐབས་དེའི་འགྲེལ་པའི་དོན་བསྡུ་ན། ཀུན་རྫོབ་བདེན་པ་དང༌། ཀུན་རྫོབ་ཙམ་པོ། ཀུན་རྫོབ་ཙམ་གྱི་སྣང་བ་ལོག་པ་དང༌། གསུམ་དུ་ཕྱེ་ནས་དང་པོ་སོ་སོ་སྐྱེ་བོ་དང༌། གཉིས་པ་འཕགས་པ་སྣང་བཅས་དང༌། གསུམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱར་ནས་གསལ་བར་གསུངས་པའི་ཕྱིར། དེ་ལྟར་བཤད་པ་དེ་ནི་ལུང་དང་འགལ་བ་དང་པོའོ། །ལུང་དང་འགལ་བ་གཉིས་པ་ནི་ཇི་སྐད་དུ། གལ་ཏེ་གཏི་མུག་བརྟེན་ནས་ལས་བྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོག་པས་གོར་མ་ཆག །བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་ཡི། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཞེས་དང༌། དེའི་འགྲེལ་པར། སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་སྤངས་པར་བཤད་ལ། ཁྱེད་ལྟར་ན་དེས་བདེན་འཛིན་མ་ལུས་པ་སྤངས་པར་འགྱུར་རོ། །དེ་ནས་ལུང་དང་འགལ་བ་གསུམ་པ་ནི། ཇི་སྐད་དུ། དབུ་མའི་རྩ་བ་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་མིན་དེ་ཉིད་མཐོང་ཕྱིར་རོ། །ཞེས་པའི་འགྲེལ་པར། ཚིག་གསལ་ལས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པས་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་སྤངས་པའི་ཚུལ་གསལ་བར་བཤད་པ་ཡིན་ནོ། །དོན་འདི་ཡང༌། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས་རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་དང་མཐུན་ནོ། །གཉིས་པ་རིགས་པས་གནོད་པ་ནི། བདེན་འཛིན་གང་ཡིན་ཉོན་མོངས་པའི་སྒྲིབ་པ་ཡིན་ན། ཐེག་དམན་དགྲ་བཅོམ་པས་དེའི་ས་བོན་སྤངས་པར་འགྱུར་བ་དང༌། ཐེག་དམན་དགྲ་བཅོམ་པ་ཐེག་པ་ཆེན་པོའི་ལམ་དུ་འཇུག་པའི་ཚེ་ས་བརྒྱད་པ་ནས་འཇུག་པར་ཐལ་བ་དང༌། མཐོང་སྤངས་སུ་གྱུར་བའི་ཤེས་སྒྲིབ་མི་སྲིད་པར་ཐལ་བ་དང༌། ཤེས་སྒྲིབ་ལ་ལྷན་སྐྱེས་ཀྱིས་ཁྱབ་ན། ཉོན་སྒྲིབ་ལ་དེས་མ་ཁྱབ་པའི་ཤེས་བྱེད་ཅི་ཡང་མེད་པར་ཐལ་བ་རྣམས། བཟློག་པར་མི་ནུས་སོ། །ཤེས་སྒྲིབ་སྤོང་བའི་མགོ་ས་བརྒྱད་པ་ནས་རྩོམ་པར་བཞེད་པ་ཡང་མི་འཐད་དེ། དེ་ལྟར་སྟོན་པའི་ལུང་མེད་ཕྱིར་དང༌། རིགས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི། ཇི་སྐད་དུ། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམ་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩ་བཅས་ཉེ་བར་ཞི་འགྱུར་ཞིང༌། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང༌། ཞེས་ས་བརྒྱད་པ་ནས་ཉོན་མོངས་པའི་སྒྲིབ་པ་ཟད་པར་བཤད་ཀྱང༌། དེ་གོང་དུ་ངོས་སྐལ་གྱི་ཤེས་སྒྲིབ་མི་སྤང་བའི་བཤད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར། གཉིས་པ་ནི། ས་བདུན་པར་ཤེས་སྒྲིབ་སྤོང་བའི་གཉེན་པོ་བར་ཆད་མེད་ལམ་མེད་ན། ཉན་རང་བློ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པའི་ཤེས་བྱེད་ཅི་ཡང་ཡོད་པ་མ་ཡིན་ཏེ། ཉན་རང་ལ་མེད་པའི་ཤེས་སྒྲིབ་ཀྱི་ནུས་པ་ལྷག་པོ་ཅི་ཡང་མི་སྣང་བའི་ཕྱིར། ཡང་ཉན་རང་དགྲ་བཅོམ་ཐེག་པ་ཆེན་པོར་ཞུགས་པའི་ས་བདུན་པ་མན་ཆད་དུ་བར་ཆད་མེད་པའི་ལམ་མི་སྲིད་པར་འགྱུར་ཏེ། དེར་ཉོན་སྒྲིབ་ནི་སྤངས་ཟིན་ཤེས་སྒྲིབ་སྤོང་བའི་གཉེན་པོ་ནི་མ་ཐོབ་པའི་ཕྱིར། དེ་ཡང་དེ་ལྟ་ན། རྣམ་པར་གྲོལ་བའི་ལམ་ཡང་མེད་པས་མཐོང་ལམ་བཟོད་ཤེས་དང༌། སྒོམ་ལམ་མཉམ་གཞག་མེད་པར་འགྱུར་རོ། །ལམ་དེ་གཉིས་མེད་ན་སྤྱོད་པའི་ལམ་དང༌། ཁྱད་པར་གྱི་ལམ་འཇོག་ཐབས་མེད་པས་གནས་སྐབས་དེ་ན་འཕགས་པའི་ལམ་མེད་པར་འགྱུར་རོ། །གཞན་ཡང་ས་དང་པོ་ནས་བདུན་པའི་བར་གྱི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སྒྲིབ་པ་ཆེད་དུ་གཉེར་ནས་སྤོང་བར་འགྱུར་ཏེ། བདེན་འཛིན་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་དང༌། དེར་སྒྲིབ་པ་ཞིག་ནི་ཆེད་དུ་གཉེར་ནས་སྤོང་ལ་ཤེས་སྒྲིབ་ཅུང་ཟད་ཀྱང་མི་སྤོང་བའི་ཕྱིར། དེ་ཁོ་ནར་མ་ཟད་ཉན་རང་རྣམས་ལ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་སྒོམ་པ་ཡོད་པར་འགྱུར་ཏེ། དེ་ལ་བདེན་འཛིན་གྱི་ས་བོན་མ་ལུས་པར་སྤངས་པ་ཡོད་པའི་ཕྱིར་རོ། །འདོད་ན་ནི་འཇུག་འགྲེལ་དང་འགལ་ལོ། །ཉན་རང་ལ་རྒྱས་པར་རྟོགས་པའི་བསྡུས་པར་རྟོགས་པར་གང་ཡོད་ཀྱང་རུང་སྟེ། བདེན་མེད་རྟོགས་ཚུལ་གཅིག་ལས་མེད་པ་སྙིང་པོ་དེ་ཉིད་ཆོས་ཅན་གཅིག་གི་སྟེང་དུ། ཆེད་དུ་བྱ་བ་གང་ཟག་ལ་བདག་ཏུ་འཛིན་པའི་གཉེན་པོར་སྒོམ་པ་ཡིན་གྱི། ཆེད་དུ་བྱ་བ་ཆོས་ལ་བདག་ཏུ་འཛིན་པའི་གཉེན་པོར་ཆོས་ཅན་མཐའ་དག་གི་སྟེང་དུ་སྒོམ་པ་མེད་པའི་ཕྱིར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་ཡོངས་སུ་རྫོགས་པ་སྒོམ་པ་མེད་དོ། །ཞེས་བྱ་བ་འདི་ནི་ཟླ་བའི་ཞབས་ཀྱི་དགོངས་པ་ཡིན་ནོ། །མདོར་ན་ཉན་རང་དགྲ་བཅོམ་པས་ཆོས་ཀྱི་བདག་འཛིན་མ་ལུས་པར་སྤངས་སོ་ཞེས་ཟེར་བ་དེ་དག་ནི། ཇི་སྐད་དུ། བདག་མེད་འདི་ནི་འགྲོ་བ་རྣམས་སྒྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་རྩ་འགྲེལ་གྱི་དོན་དང་འགལ་བར་གདོན་མི་ཟའོ། །དེ་ལྟར་ན་ཕུང་པོ་བདག་མེད་དུ་མ་རྟོགས་ན་གང་ཟག་གི་བདག་མེད་མི་རྟོགས་པས་ཉན་རང་ལ་དེ་དེར་རྟོགས་པ་ཡོད་ཀྱང༌། དེ་ལ་བདེན་པར་འཛིན་པ་སྤངས་པ་ནི་ཡོད་པ་མ་ཡིན་ཏེ། དེས་དེའི་གཉེན་པོ་དེ་སྒོམ་པ་མ་ཡིན་པའི་ཕྱིར། འོ་ན་ཅི་ཞིག་གི་གཉེན་པོར་བསྒོམ་ཞེ་ན་ནི། གང་ཟག་གི་བདག་ཏུ་འཛིན་པའི་གཉེན་པོར་རོ་ཞེས་བྱ་བ་འདི་ཟླ་བའི་ཞབས་ཀྱི་བཞེད་པ་ཡིན་ནོ། །གཉིས་པ་ཞིག་པ་དངོས་པོར་འདོད་པ་ཡང་དེའི་བཞེད་པ་མ་ཡིན་ཏེ། ལུང་དང་འགའ་བ་དང༌། རིགས་པ་དང་འགལ་བས་སོ། །དང་པོ་ནི། དབུ་མ་རྩ་བའི་དབུ་ཞབས་ན་ཞིག་པ་དངོས་མེད་དུ་འཆད་པའི་ལུང་ཁོ་ན་སྣང་གི དངོས་པོར་སྟོན་པའི་ལུང་གི་སྐབས་མི་སྣང་བའི་ཕྱིར། ཇི་ལྟར་ཞེ་ན། ཇི་སྐད་དུ། དངོས་པོ་གཞན་དུ་གྱུར་པ་ནི། །དངོས་པོ་མེད་པར་སྐྱེ་བོ་སྨྲ། །དངོས་པོ་དངོས་མེད་འདུས་བྱས་ཡིན། །ཞེས་པ་ལ་སོགས་པའི་སྐབས་མང་པོར། ཞིག་པ་དངོས་མེད་ཀྱི་མཚན་གཞིར་གསུངས་ཀྱི། དངོས་པོའི་མཚན་གཞིར་མ་གསུངས་པའི་ཕྱིར་དང༌། ཚིག་གསལ་གྱི་སྐབས་མང་པོར་ཞིག་པ་རྒྱུ་ལ་ལྟོས་པ་དང༌། འདུས་བྱས་ཡིན་པའི་བཤད་པ་མང་དུ་སྣང་ཡང༌། དངོས་པོ་ཡིན་པའི་བཤད་པ་ཟུར་ཙམ་ཡང་མི་སྣང་བའི་ཕྱིར། གལ་ཏེ་འདུས་བྱས་སུ་བཤད་པ་ཙམ་གྱིས་དངོས་པོར་གྲུབ་བོ་སྙམ་ན་ནི། དེ་ཡང་མ་ཡིན་ཏེ། ཇི་སྐད་དུ། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་འདུས་བྱས་ལ་དངོས་པོ་དང་དངོས་མེད་གཉིས་སུ་ཕྱེ་བའི་ཕྱིར་རོ། །འཇུག་པ་ལས། ལ་ལར་ལས་འགགས་ཡུན་རིངས་ལོན་ནས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་གསུངས་པས་ཀྱང༌། ལས་འགགས་པས་འབྲས་བུ་འབྱིན་པར་སྟོན་པ་མ་ཡིན་ཏེ། འགགས་ན་ཡུན་རིང་དུ་ལོན་པའི་ལས་ཀྱིས་འབྲས་བུ་འབྱིན་པར་བཤད་པ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། སྐྱེ་འགག་རང་བཞིན་གྱིས་མ་གྲུབ་པའི་ཤེས་བྱེད་ཀྱིས་སོ། །རིགས་པ་དང་འགལ་བ་ནི། ལས་ཞིག་པ་ཆོས་ཅན། མི་རྟག་པར་ཐལ། དངོས་པོ་ཡིན་པའི་ཕྱིར། འདོད་ན། འཇིག་པར་འགྱུར་ཏེ། མི་རྟག་པ་ལ་དེས་ཁྱབ་པ་རྟོག་གེ་དང་བསྟུན་ནས་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། དེ་ཡང་དེ་ལྟ་ན། མུ་སྟེགས་སྤྱོད་པ་པའི་རིང་ལུགས་ལ་གནས་པར་འགྱུར་བ་དང༌། ཤིང་མེས་བསྲེགས་པའི་འོག་རོལ་དུ་ཤིང་མཐོང་བར་འགྱུར་བ་དང༌། རྟག་པ་དང་མི་རྟག་པའི་གཞི་མཐུན་ཁས་བླངས་པར་འགྱུར་རོ། །གསུམ་པ་ཕྱི་རོལ་གྱི་དོན་ཡོད་པ་དབུ་མ་ཐལ་འགྱུར་བའི་རང་ལུགས་སུ་འཆད་པ་ཡང་ཆེས་ཤིན་ཏུ་ནོར་བ་ཡིན་ཏེ། ལུང་མེད་པ་དང༌། རིགས་པ་དང་འགལ་བརྒྱ་ཕྲག་དུ་མ་འབྱུང་བས་སོ། །དང་པོ་ནི། དེ་ལྟར་འདོད་པ་དེ་ཡང་ཇི་སྐད་དུ། གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །ཅེས་དང༌། མདོ་ལས་སེམས་ཙམ་ཞེས་གསུངས་གཟུགས་ནི་འདིར། །འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཞེས་སོགས་གསུངས་པའི་དོན་ལ་བསམས་པ་ཡིན་མོད། གཞུང་དེ་དག་གོང་འོག་གི་འཕྲོས་ལ་རྣམ་པར་བརྟགས་པ་ན། ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་གཉིས་ཀུན་རྫོབ་ཀྱི་ངོར་ཡོད་མཉམ་དང༌། དོན་དམ་གྱི་ངོར་མེད་མཉམ་དུ་བཤད་པར་ནི་དེའི་སྐབས་ཀྱི་གཞུང་རྩ་འགྲེལ་རྣམས་ཀླགས་པ་ཙམ་གྱིས་གོ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་རིགས་པ་དང་འགལ་བ་ནི། དེ་ལྟ་ན། ཕྱི་རོལ་དོན་སྣང་གི་མངོན་སུམ་ཚད་མ་ཡོད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། སྐྱེས་བུ་གཅིག་གི་གཟུགས་ལ་བལྟ་བའི་དགྲ་གཉེན་གྱི་མིག་ཤེས་གཉིས་ཀ་ཚད་མར་ཐལ་བ་དང༌། ཆུ་ཀླུང་གི་དངོས་པོ་གཅིག་ལ་བལྟ་བའི་ལྷ་མི་ཡི་དྭགས་གསུམ་ཀའི་མིག་ཤེས་ཚད་མར་འགྱུར་ལ། དེ་ཡང་དེ་ལྟ་ན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་རོ། །གྲུབ་མཐའ་སྨྲ་བ་བཞིའི་རིམ་པས་བསྟན་པ་ལ་འཇུག་པར་འགྱུར་བའི་གོ་རིམ་ཀྱང་བཤིག་པར་འགྱུར་ཏེ། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ཞིག་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་ལ་ཞུགས་པའི་ཚེ་སླར་ཡང་ཕྱི་རོལ་གྱི་དོན་ཡོད་པ་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ཡང་གྲུབ་མཐའ་བཞིའི་རིམ་པས་བསྟན་པ་ལ་འཇུག་པ་ན། བསྒྲུབ་བྱ་སྒྲུབ་པའི་ཚུལ་ལ་སྔ་མས་བསྒྲུབས་པ་དེ་ཉིད་ཕྱི་མས་འགོག་དགོས་པ་ཡོད་ཀྱང༌། དགག་བྱ་འགོག་པའི་ཚུལ་ལ་སྔ་མས་བཀག་པ་དེ་ཉིད་ཕྱི་མས་ཀྱང་ཐད་སོར་འཇོག་དགོས་པ་ཡིན་ཏེ། དཔེར་ན་ཉན་ཐོས་སྡེ་པས་གང་ཟག་གི་བདག་བཀག་པ་དང༌། སེམས་ཙམ་པས་གཟུང་བ་ཆོས་ཀྱི་བདག་བཀག་པ་བཞིན་ནོ། །མདོར་ན། དབུ་མ་འཇུག་པར། ཐ་སྙད་ཀྱི་བདེན་པ་འཇོག་པའི་ཚེ་ཕྱི་རོལ་གྱི་དོན་ཡོད་པ་དང༌། དོན་དམ་པའི་བདེན་པ་ལ་འཇུག་པའི་ཚེ། ཕྱི་རོལ་གྱི་དོན་མེད་པར་གསུང་པ་གཉིས་ལས། རང་ལུགས་འཇོག་པ་ཞིག་ཡོད་པ་དེའི་ཚེ་ཕྱི་མ་དབང་བཙན་པར་བྱེད་པ་ཡིན་ཏེ། མཐོང་བ་བརྫུན་པ་དང་ཡང་དག་པ་གཉིས་ལས། དབུ་མ་པ་རང་གི་ལུགས་འཇོག་པའི་ཚེ་ཕྱི་མ་དབང་བཙན་པར་བྱེད་དགོས་པའི་ཕྱིར་དང༌། ཇི་སྐད་དུ། གཟུགས་མེད་ཉིད་ན་སེམས་ཡོད་མ་འཛིན་ཞིག །སེམས་ཡོད་ཉིད་ནའང་གཟུགས་ཡོད་མ་འཛིན་ཞིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཞིང་མངོན་པའི་ཆོས་ལས་གསུངས། །ཞེས་བཤད་པ་དེ་ལ་ཡང་མངོན་པ་དང་ཤེས་ཕྱིན་གྱི་ལུགས་གཉིས་ལས་དབུ་མའི་ལུགས་འཇོག་པའི་ཚེ་ཕྱི་མ་དབང་བཙན་པར་བྱེད་དགོས་པའི་ཕྱིར་དང༌། ཇི་སྐད་དུ། འདི་ན་ཇི་ལྟར་སད་བཞིན་ཇི་སྐད་དུ། །མ་སད་ཇི་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཅར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་རྨི་ལམ་གྱི་གནས་སྐབས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་ཀ་རྨི་ལམ་གྱི་ངོ་བོ་ན་ཡོད་ཅིང༌། སད་པའི་ངོར་མེད་པ་དཔེར་བྱས་ནས། མཐོང་བ་བརྫུན་པའི་དབང་དུ་བྱས་པའི་ཡུལ་དབང་རྣམ་ཤེས་གསུམ་ཀ་ཀུན་རྫོབ་ཀྱི་དོན་ཡོད་ཀྱང༌། མཐོང་བ་ཡང་དག་པའི་ངོར་གསུམ་ཀ་མེད་མཚུངས་སུ་བཤད་པའི་ཕྱིར། འོ་ན་དབུ་མའི་རང་ལུགས་ལ། དོན་སྣང་གི་ཤེས་པ་མེད་པར་ཁས་ལེན་དགོས་པས་མངོན་སུམ་ལ་བསྙོན་པར་འགྱུར་རོ་ཞེ་ན། འོ་ན་འཇིག་རྟེན་གྱི་རང་ལུགས་ལ། སྐྲ་ཤད་འཛག་སྣང་དང༌། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱང་ཡོད་པ་མ་ཡིན་པར་བཤད་པས་འཇིག་རྟེན་པས་ཀྱང་མངོན་སུམ་ལ་བསྙོན་པར་འགྱུར་རོ། །དེའི་ལུགས་ལ་དེ་མེད་པར་བཤད་པ་ཇི་ལྟར་ཞེ་ན། ཇི་སྐད་དུ། དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཅར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། །རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། །དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །ཞེས་ཡུལ་སྐྲ་ཤད་མེད་ན་ཡུལ་ཅན་སྐྲ་ཤད་འཛག་སྣང་གི་དབང་ཤེས་མི་འབྱུང་བ་དཔེར་མཛད་ནས། ཕྱི་རོལ་གྱི་དོན་མེད་ན་དོན་སྣང་གི་ཤེས་པ་བདེན་པ་ལྟ་ཞོག ཐ་སྙད་དུ་ཡང་མི་འབྱུང་བར་བཤད་པ་ཡིན་ནོ། །དེ་ལྟར་དཔེ་དོན་གཉིས་ལས་དཔེའི་སྐབས་སུ་ནི་ཡུལ་ཤེས་གཉིས་ཀ་ལོག་པའི་ཀུན་རྫོབ་ཡིན་པས་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་འབྱུང་བས་སོ། །དོན་གྱི་སྐབས་སུ་ནི། ཡུལ་ཤེས་གཉིས་ཚད་མས་མ་གྲུབ་ཀྱང༌། ཐ་སྙད་དུ་ཡོད་མཉམ་ཡིན་ཏེ། གཉིས་ཀ་ཡང་དག་པའི་ཀུན་རྫོབ་ཏུ་འཇོག་པའི་ཕྱིར། ཇི་སྐད་དུ། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བ། །དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། །ཞེས་མི་སྡུག་པའི་ཏིང་ངེ་འཛིན་ཐ་སྙད་དུ་ཡང་བརྫུན་པ་དང༌། ཕྱི་རོལ་དོན་སྣང་གི་ཤེས་པ་ཐ་སྙད་དུ་ཡོད་པར་བཤད་པས་སོ། །ཞར་ལ་འདི་ཡང་ཤེས་དགོས་ཏེ། །ཇི་སྐད་དུ། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། །ཞེས་གསུངས་པ་དེར་ཡང༌། ཡུལ་དང་ཡུལ་ཅན་གཉིས་ཀ་ཐ་སྙད་དུ་ཡོད་པ་མ་ཡིན་པར་བཤད་དོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། དབུ་མའི་རང་ལུགས་འཇོག་པ་ན། གང་ཡུལ་དེ་ཡོད་པ་མ་ཡིན་ན་དེར་སྣང་གི་ཤེས་པ་དེ་ཡང་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་སྐྲ་ཤད་དེར་སྣང་གི་ཤེས་པ་བཞིན། ཕྱི་རོལ་གྱི་དོན་མེད་པའི་ཕྱིར། དེར་སྣང་གི་ཤེས་པ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བར་ངེས་སོ། །ཡང་ཐ་སྙད་དུ་ཡང་ཀུན་གཞི་ཞལ་གྱིས་མི་བཞེས་པ་ཟླ་བའི་བཞེད་པ་མ་ཡིན་ཏེ། ལུང་མེད་པ་དང༌། རིགས་པས་གནོད་པའི་ཕྱིར་རོ། །དང་པོ་ནི། ཇི་སྐད་དུ། འཇུག་འགྲེལ་ལས། འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས། ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་པ་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་པ་དེ་ཅི་རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན་དེ་ལྟར་ནི་མ་ཡིན་ཏེ། ཞེས་དང༌། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། སྟོང་པ་ཉིད་ཁོ་ན་ཀུན་གཞིའི་སྒྲས་བསྟན་པར་རིག་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི་གང་ཟག་ཀྱང༌། ཞེས་གསུངས་པ་དང༌། ཀུན་གཞི་ཡོད་ཅིང་ཞེས་པའི་འགྲེལ་པར། ཆེས་ཐོག་མར་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པ་ནི་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང༌། ཕྱིས་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རིག་པ་རྣམས་རང་ཉིད་ཀྱིས་དེ་དག་སྤོང་བར་འགྱུར་ལ། ཞེས་བཤད་པ་ཡིན་ནོ། །གཉིས་པ་རིགས་པས་གནོད་པ་ནི། ཐ་སྙད་དུ་ཡང་ཀུན་གཞི་མི་བཞེད་ན། སེམས་སེམས་བྱུང་དང༌། རྣམ་ཤེས་ཡེ་ཤེས་ལ་སོགས་པ་གང་དུ་ཡང་རྒྱ་ཡོངས་སུ་མ་ཆད་པའི་མྱོང་བ་གསལ་རིག་གི་ངོ་བོ་ཞིག་ཐ་སྙད་དུ་མི་བཞེད་པར་འགྱུར་རོ། །དེ་ལྟ་བས་ན། ཟླ་བས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཅན་ལས་དང་ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པ་ཞིག་ཐ་སྙད་དུ་ཡང་ཞལ་གྱིས་མི་བཞེས་ཀྱང༌། རྣམ་པར་ཤེས་པའི་ཚོགས་བདུན་པོ་གང་དུ་ཡང་རྒྱ་ཡོངས་སུ་མ་ཆད་པའི་གསལ་རིག་གི་ངོ་བོ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བཞེད་པ་ཡིན་ལ། དོན་དེ་ཉིད་བྱང་ཆུབ་སེམས་འགྲེལ་དང༌། གསང་བ་འདུས་པའི་འགྲེལ་ཆེན་སྒྲོན་མེ་གསལ་བ་ལས་ཀྱང་བཤད་དོ། །ཡང་ཐ་སྙད་དུ་རང་རིག་མི་བཞེད་པ་ཡང་སློབ་དཔོན་དེའི་བཞེད་པ་མ་ཡིན་ཏེ། དེ་ལྟར་འདོད་པ་ལ། ལུང་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། ཇི་སྐད་དུ། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །ཞེས་པའི་འགྲེལ་པར་དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་ཀྱང༌། ཤེས་པ་རང་གི་བདག་ཉིད་དང་ཡུལ་རིག་པར་བྱེད་མོད་ཀྱི་ཞེས་ཐ་སྙད་དུ་རང་རིག་བཞེད་པ་དང༌། ཡང་ཇི་སྐད་དུ། གང་ཞིག་གང་གི་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་ཐ་སྙད་དུ་མྱོང་དྲན་གཉིས་ཡུལ་གཅིག་ལ་འཇུག་པར་བཤད་པའི་ཕྱིར། འོ་ན་ཇི་སྐད་དུ། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་དང༌། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་བཤད་པ་དེ་ཅི་ཞེ་ན། དེ་ནི་གཞན་དབང་གི་ཤེས་པ་བདེན་གྲུབ་ཉམས་སུ་མྱོང་བའི་རང་རིག་འགོག་པ་ཡིན་གྱི། སྤྱིར་གཞན་དབང་ཙམ་མྱོང་བའི་རང་རིག་འགོག་པ་མ་ཡིན་ཏེ། དེ་བཀག་པ་ལ་དགོས་པ་དང་ནུས་པའི་ཁྱད་པར་གང་ཡང་མེད་པས་སོ། །གཉིས་པ་ནི། སྤྱིར་ཤེས་པ་རང་གིས་རང་རིག་པ་མི་སྲིད་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་ཡུལ་མ་ཡིན་པར་འགྱུར་བ་དང༌། རང་རིག་གི་དོན་བཞེད་ན་ནི་ཐ་སྙད་རྐྱང་པས་ཉེས་པ་ཅི་ཡང་མ་བྱས་ལ། དོན་ཡང་མི་བཞེད་ན་ནི། ཡུལ་གྱི་ཁ་མ་སྒྱུར་བའི་འཛིན་རྣམ་མི་བཞེད་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་ནི་སྟོང་ཉིད་ལ་མཉམ་པར་བཞག་པའི་སྣང་མེད་ཀྱི་ཡེ་ཤེས་མི་སྲིད་པར་འགྱུར་བ་དང༌། སེམས་ཙམ་པས་བདེན་གྲུབ་ཏུ་ཁས་བླངས་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་ཤེལ་སྒོང་ཡོངས་སུ་དག་པ་ལྟ་བུ་དེ་བདེན་མེད་དུ་རྟོགས་པའི་ཚད་མ་མི་སྲིད་པར་འགྱུར་རོ། །གཞན་ཡང༌། སོ་སོར་རང་གིས་རིག་པའི་ཡེ་ཤེས་མི་སྲིད་པར་ཐལ་བ་དང༌། ཚད་མ་དང་མངོན་སུམ་ལ་སོགས་པའི་ཤེས་པ་རྣམས་རང་གིས་རང་ཉིད་མ་གཞལ་བར་ཡང་འགྱུར་རོ། །མདོར་བསྡུ་ན། ཕྱི་རོལ་གྱི་ཡོད་པ་དང༌། ཀུན་གཞི་དང་རང་རིག་ཡོད་དམ་མེད་པར་འདོད་པ་གང་ཞིག་ཟླ་བའི་བཞེད་པ་ཡིན་ཡང་རུང་སྟེ། ངེས་དོན་ཟབ་མོའི་དོན་གཏན་ལ་འབེབས་པ་ལ་ཕན་གནོད་ཅི་ཡང་མི་སྣང་བས་དེ་དང་དེ་དག་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞེས་ཟེར་བ་དེ་དག་གིས་ནི་ཚིག་གི་སྤྲོས་པ་ཙམ་ལྷུར་བླང་བ་ཡིན་ནོ། །དེ་བཞིན་དུ་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པ་ཡང་ཟླ་བའི་ཞབས་ཀྱི་བཞེད་པ་ཡིན་མོད། དེས་ཀྱང་དབུ་མ་ཐལ་འགྱུར་བའི་རང་ལུགས་འཆད་པ་ལ་ཕན་པ་ཅི་ཡང་མི་སྣང་བ་དང༌། དེ་ཡང་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་སུ་འཆད་པ་དེས་ཀྱང༌། དབུ་མའི་དགོངས་པ་ཐལ་འགྱུར་དུ་འགྲེལ་བའི་ལུགས་ལ་ཕན་པ་ཅི་ཡང་མི་སྣང་ངོ༌། །དེ་ལྟར་ན་དཔལ་ལྡན་ཟླ་བའི་ཞབས་ཀྱིས་དབུ་མའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་མདོར་བསྡུས་པ་ནི། འདི་ལྟར་གཞིའི་སྐབས་སུ་ཀུན་རྫོབ་བདེན་པ་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་ཡིན་གྱི། དབུ་མ་པ་ལ་གྲགས་པའི་ཚད་མས་མ་གྲུབ་འཇིག་རྟེན་ལ་ཡང་གཉིས་ཏེ། ཚུ་རོལ་མཐོང་བ་སོ་སོ་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་དང༌། ཕ་རོལ་གཟིགས་པ་རྣལ་འབྱོར་པའི་འཇིག་རྟེན་ནོ། །དང་པོ་ནི། ཚུ་རོལ་མཐོང་བའི་རྒྱུད་ཀྱི་ལྷན་ཅིག་སྐྱེས་པའི་མ་རིག་པ་དང༌། དེས་རྣམ་པར་བསླད་ཅིང༌། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བློ་རྣམས་སོ། །གཉིས་པ་ནི། འཕགས་པའི་རྒྱུད་ལ་འབྱུང་བའི་མཚན་མར་འཛིན་པའི་བློ་ཇི་སྙེད་པའོ། །བློ་དེ་དང་དེའི་ཡུལ་དུ་བཞག་པ་གང་དང་གང་ཡིན་པ་དེ་ནི་འཇིག་རྟེན་དང་དེ་ལ་ལྟོས་པའི་དོན་དམ་པའི་བདེན་པ་ཡིན་ལ། འཕགས་པ་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ལུགས་དེ་གཉིས་གང་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན། ལུགས་དེ་ལ་ལྟོས་པའི་ཚད་མས་མི་འགྲུབ་པས་ཁྱབ། དཔེར་ན་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་བཞིན་ནོ། །འཕགས་པ་ལ་གྲགས་པའི་ཀུན་རྫོབ་ལ་གཉིས་ཏེ། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་དུས་ཀྱི་ཀུན་རྫོབ་དང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་དུས་ཀྱི་ཀུན་རྫོབ་བོ། །དང་པོ་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པའི་བདེན་པ་དེ་ཉིད་དོ། །གཉིས་པ་ནི་འཕགས་པ་ལ་གྲགས་པའི་དོན་དམ་པའི་བདེན་པ་ཞེས་མཚན་ཉིད་དང་མཚན་གཞིའི་སྒོ་ནས་ངོས་གཟུང་བར་ནུས་པ་དེ་ཉིད་དོ། །འཕགས་པ་རྣམས་ཀྱི་དོན་དམ་པའི་བདེན་པ་ནི་སྤྲོས་པ་དང་བྲལ་བའི་ཕྱིར་རྣམ་པར་རྟོག་པའི་ཡུལ་མ་ཡིན་ལ། དེ་མ་ཡིན་པའི་ཕྱིར། སྒྲས་བརྗོད་པར་མི་ནུས་སོ། །ཀུན་རྫོབ་གཉིས་པོ་དེ་ལས་དང་པོར་བཤད་པ་ནི། འཕགས་པ་རྣམས་ཀྱི་དོན་དམ་དུ་ལྟ་ཞོག་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ལ། ཀུན་རྫོབ་གཉིས་པར་བཤད་པ་དེ་ནི། འཕགས་པ་རྣམས་ཀྱིས་ཐ་སྙད་དུ་ཡོད་ལ། དོན་དམ་པའི་བདེན་པ་ནི་མ་ཡིན་ཏེ། སྤྲོས་པ་དང་བཅས་པའི་ཕྱིར་རོ། །དོན་འདི་ལ་རང་རྒྱུད་པ་རྣམས་མཐུན་པའི་དོན་དམ་པ་དང་ཡང་དག་པའི་ཀུན་རྫོབ་ཅེས་ཟེར་རོ། །ཟླ་བའི་ཞབས་ཀྱིས་ནི་འཕགས་པའི་ཀུན་རྫོབ་ཅེས་བཤད་དོ། །དོན་དམ་པའི་བདེན་པ་གཏན་ལ་འབེབས་པའི་སྐབས་སུ་ནི། སྤྱིར་ཀུན་རྫོབ་ཀྱི་ཆོས་གང་ཡང་ཁས་མི་ལེན། བྱེ་བྲག་ཏུ་གང་དཔྱད་གཞིར་བཟུང་ནས་དཔྱད་པའི་ཆོས་ཅན་དེ་ཡོད་ན་རིགས་པས་དཔྱད་བཟོད་དུ་སོང༌། ཆོས་ཅན་དེ་དང་དེའི་སྟེང་དུ་རང་བཞིན་འགོག་པ་ཡིན་གྱི་རང་བཞིན་མེད་པར་མི་སྒྲུབ། ཐལ་འགྱུར་དང་གཏན་ཚིགས་གང་ཡིན་ཀྱང་རྟགས་དང་ཁྱབ་པ་གཞན་ལ་གྲགས་པའི་ཚད་མས་གྲུབ་པ་ཡིན་གྱི། དབུ་མ་པ་རང་ལུགས་ཀྱི་ཚད་མས་མི་འགྲུབ། དེའི་དུས་ཀྱི་རྟགས་ཁྱབ་འགྲུབ་བྱེད་ཀྱི་ཚད་མ་དེ་ཡང་རྟགས་དང་ཁྱབ་པའི་མཚན་མ་དེ་དང་དེ་གཟུང་བའི་ཆ་ནས་ཀུན་རྫོབ་བདེན་པའི་ཡུལ་ཅན་ཡིན་པས། མཐོང་བ་བརྫུན་པ་ཁོ་ན་ཡིན་ཏེ། དེའི་ཚེ་བསྒྲུབ་བྱའི་ཆོས་མཚན་ཉིད་པ་མེད་ཀྱང༌། དེར་ཐ་སྙད་བྱས་པ་དེ་རྗེས་དཔག་གི་འཛིན་སྟངས་ཀྱི་གཟུང་བྱ་མ་ཡིན། རྟོག་པའི་གཟུང་བྱ་ཡིན་ན་དོན་དམ་པའི་བདེན་པ་མ་ཡིན་དགོས། རྗེས་དཔག་གིས་ཀྱང་རང་བཞིན་བཀག་ཙམ་དུ་གཟུང་བ་ཡིན་གྱི། རང་བཞིན་མེད་པར་ཞེན་པ་མ་ཡིན་ཏེ། ལྟ་བ་འཇོག་པའི་ཚེ་ཁས་ལེན་དང་དམ་བཅའ་གང་ཡང་མེད། དེ་མེད་ན་ལས་འབྲས་ལ་སྐུར་བ་བཏབ་པར་འགྱུར་རོ། །ཞེས་ཟེར་བ་དེ་ལྟ་བ་དང་སྤྱོད་པའི་འཇོག་མཚམས་མ་ཕྱེད་པའི་སྐྱོན་ཡིན། ལམ་གྱི་སྐབས་སུ་མཉམ་གཞག་དུ་མ་ཟད་རྗེས་ཐོབ་ཏུ་ཡང་སྟོང་པ་འཇལ་བའི་བློས་སྣང་བ་ཡུལ་དུ་མི་བྱེད། སྣང་བ་མཇལ་བའི་བློས་ཀྱང་སྟོང་པ་ཡུལ་དུ་མི་བྱེད། སྣང་བ་འཇལ་བའི་བློ་གང་ཡིན་པ་དེས་གནས་ཚུལ་ལ་མ་དཔྱད། སྟོང་པ་འཇལ་བའི་བློས་དེ་ལ་དཔྱད་པས་ཁྱབ་པ་ཡིན་ནོ། །འབྲས་བུའི་གནས་སྐབས་སུ་སངས་རྒྱས་ཀྱི་ས་ན་ཀུན་རྫོབ་ཀྱི་བདེན་པ་སྐྱེད་བྱེད་ཀྱི་རྒྱུ་མ་རིག་པ་འཇོག་བྱེད་ཀྱི་རྒྱུ་མཐོང་བ་བརྫུན་པ་ཟད་པས་ཀུན་རྫོབ་ཀྱི་བདེན་པ་ཡོད་པ་མ་ཡིན་ཞིང༌། སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་ཡེ་ཤེས། དོན་དམ་པའི་བདེན་པ་ཡིན་པས་ཁྱབ་པ་ཡིན་ནོ། །ཞེས་བྱ་བ་འདི་དག་ནི་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་རང་གི་ལུགས་སོ། །སྔོན་ཚེ་ཟླ་བའི་གཞུང་ལུགས་ལེགས་པར་བཤད་པའི་མདངས་གསལ་བ། །འཁྱོག་པོའི་ལམ་དུ་ནམ་ཡང་མ་སོང་གངས་ཅན་ཁྱོན་དུ་ཤར། །དེང་འདིར་གྱ་གྱུར་འཆད་པའི་ལྷ་མིན་ལག་པས་གང་བསྒྲིབས་པ། །རིང་ནས་མ་བཟོད་ལུང་རིགས་ཚངས་པའི་འཁྲུལ་འཁོར་འདི་འཁྲུངས་སོ། །རིག་གནས་གཞན་ལ་བལྟ་བའི་བློ་མིག་ཅན། །འགའ་ཞིག་ཟབ་མོའི་གནས་ལ་རྨོངས་མཐོང་ནས། །ཤེས་བྱ་ཀུན་ལ་བལྟ་བའི་རྣམ་དཔྱོད་ཀྱིས། །ངེས་པའི་དོན་ལ་རིང་ནས་སྐལ་བཟང་གྱུར། །ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་མཛོད། །ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། དབུ་མ་ཐལ་རང་གི་གྱེས་པའི་མཚམས་དང༌། གྲུབ་མཐའི་གནས་རྣམས་གསལ་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*