དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད། ཀ ༽

༼ཕ༽༄༅། །དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཀྱི་ཕྲེང་བ་ཞེས་བྱ་བ། ཚངས་དང་དབང་པོའི་རལ་པ་འཐུག་པོས་གྱེན་དུ་བཏེག་པའི་ནོར་བུའི་བ་གམ་ཁ་ལ་མཆོང་འདྲའི་བསྟི་གནས་ཉམས་དགར་ཁྱོད་ཞབས་ངེས་འཁོད་ཡིད་ཀྱི་སྲུབ་ཤིང་འཕྲུལ་གྱིས་བཤིག་པར་མ་ནུས་པའི། །རྡོ་རྗེའི་སྐྱིལ་ཀྲུང་ཅན་སྐུ་གསེར་གྱི་ཆར་པས་ཀུན་ནས་ཁེབས་ཤིང་དབང་སྔོན་བརྩེགས་པའི་གཙུག་ཏོར་གྱེན་དུ་སོང་བའི་རྩེ་མོར་ཕྲག་དོག་ཁྱབ་འཇུག་ལག་རིང་བརྐྱང་བས་བསྙབ་པར་ནུས་མིན་པ། །སྙན་གྲགས་འབའ་ཞིག་བདེ་བར་སིམ་ཞིང་མི་བསྲུན་ཚིག་མདའ་འགོག་པའི་སྙན་གྱི་དོ་ཤལ་རིང་པོས་མཚར་པོར་བྱས་པའི་སྐྱེ་མཆེད་ཅན་ཁྱོད་ཆོས་ཀུན་གསལ་བའི་སྤྱན་དཀྱུས་རིང་པོས་ངེས་པར་མཛེས། །ཤེས་རབ་ཟབ་མོའི་ཕྱག་གཡོན་ཆོས་དབྱིངས་ཕང་པར་རྟག་ཏུ་གཟིམས་ཤིང་ཐུགས་རྗེའི་ཕྱག་གཡས་འཁོར་བའི་གཏིང་དུ་བརྐྱང་བས་འགྲོ་ཀུན་གོང་ནས་གོང་དུ་རྣམ་འདྲེན་སྟོན་པ་དེ་ལ་ཕྱག་བགྱིའོ། །སྒྲིབ་གཉིས་གཡུལ་གྱིས་མ་ཕམ་རྒྱལ་བའི་སྐུ། །བྱམས་པའི་ཕྱག་གིས་འགྲོ་ཀུན་འདྲེན་པའི་ཐུགས། །ཚངས་པའི་དབྱངས་ཀྱིས་དམ་ཆོས་སྟོན་པའི་གསུང༌། །ཐུབ་པའི་རྒྱལ་ཚབ་ཁྱོད་ལ་ཕྱག་བགྱིའོ། །སྲོལ་འབྱེད་གཞན་གྱི་བློ་གྲོས་ཁྱམས་ཆེན་དུ། །གཟུང་བར་མ་ནུས་ཆོས་མངོན་རྒྱ་མཚོའི་གཏེར། །ཐོགས་མེད་རྣམ་དཔྱོད་ནོར་འཛིན་སྒེག་མོ་ཡི། །ཕང་དུ་བདེ་བར་རྒྱུ་ལ་ཕྱག་འཚལ་ལོ། །ངེས་པའི་དོན་ལ་འཕགས་པའི་ཐུགས་མངའ་ཞིང༌། །དྲང་དོན་འཆད་ལ་ཐོགས་པ་མེད་པའི་གསུང༌། །རྫུ་འཕྲུལ་སྐུ་ཡིས་བྱམས་པའི་དྲུང་གཤེགས་ནས། །བདུད་རྩི་ལེན་མཛད་དེ་ལ་ཕྱག་འཚལ་ལོ། །དེ་ལས་བྱུང་བའི་ཆོས་ཀྱི་སྦྲང་རྩི་ནི། །དབྱིག་གཉེན་རྣམ་དཔྱོད་དཔག་བསམ་ལ་སིམ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པའི་འབབ་ངོགས་མཆོག །བརྒྱུད་པའི་བཤེས་གཉེན་ཀུན་ལ་ཕྱག་བགྱིའོ། །བློ་བཟང་གཞན་གྱིས་མ་འཐུངས་བཅུད་ཆེན་པོ། །ཐོགས་མེད་མཁའ་ལྡིང་དབང་པོའི་རོ་འཛིན་གྱིས། །ངོམས་པར་འཐུངས་པའི་ཆོས་མངོན་རོ་བརྒྱ་པས། །རྣམ་དཔྱོད་བདུད་རྩིར་བྱེད་པ་འདི་ཡིན་ནོ། །ཞེས་མཆོད་པར་བརྗོད་ཅིང༌། །རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདིར་གང་བཤད་པར་བྱ་བའི་ཆོས་ལ་བཀའ་དང་བསྟན་བཅོས་གཉིས་ལས། བཀའ་ནི་ངེས་དོན་མཐར་ཐུག་པ་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པ་འཁོར་ལོ་ཕྱི་མའི་མདོ་རྣམས་ཡིན་ལ། དེ་ལའང་གཉིས་ཏེ། ཡེ་ཤེས་དེ་ཉིད་དེ་བཞིན་གཤེགས་པར་བཤད་ནས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྟོན་པ་རྒྱུད་བླ་མའི་མདོ་དང༌། ཤེས་བྱ་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ནས་གཉིས་མེད་ཡེ་ཤེས་དེ་ཉིད་དོན་དམ་པ་མཆོག་ཏུ་སྟོན་པ་རྣལ་འབྱོར་སྤྱོད་པའི་མདོ་རྣམས་སོ། །དེ་ཡང༌། དང་པོ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའི་མདོ་ཡིན་ལ། གཉིས་པ་ནི་སྒྲ་ཇི་བཞིན་པའི་མདོའོ། །དེའི་ནང་ནས་འདིར་བཤད་པར་བྱ་བ་ནི། ངེས་དོན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་སྒྲ་ཇི་བཞིན་པའི་སྒོ་ནས་འཆད་པ་ཐེག་པ་ཆེན་པོའི་ཆོས་མངོན་པའི་མདོ་རྣམས་སོ། །ཉན་ཐོས་སྡེ་པས་ཆོས་མངོན་པའི་མདོར་ཁས་ལེན་པ་དེ་དང་དེ་དག་ནི་བསྟན་བཅོས་ཡིན་གྱི། བཀའ་མ་ཡིན་པས་འདིར་བཤད་པར་བྱ་བའི་མདོ་མ་ཡིན་ནོ། །འཁོར་ལོ་ཕྱི་མའི་བསྟན་བཅོས་ལ་ཡང་གཉིས་ཏེ། རྩ་བ་བྱམས་པས་མཛད་པ་དང༌། འགྲེལ་པ་ཐོགས་མེད་ཞབས་ཀྱིས་མཛད་པའོ། །དང་པོ་ནི། རྒྱུད་བླ་མའི་མདོ། དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་སྒྲ་ཇི་བཞིན་པ་མ་ཡིན་པར་འགྲེལ་པ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང༌། རྣལ་འབྱོར་སྤྱོད་པའི་མདོ་ནས་འབྱུང་བའི་ངེས་དོན་སྒྲ་ཇི་བཞིན་པའི་སྒོ་ནས་འཆད་པ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང༌། དབུས་དང་མཐའ་རྣམ་པར་འབྱེད་པ་དང༌། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་རྣམས་སོ། །དེ་དག་ལས་འདིར་བཤད་པར་བྱ་བའི་ཆོས་ནི་མདོ་སྡེའི་རྒྱན་ལ་སོགས་པ་གསུམ་མོ། །གཉིས་པ་ཐོགས་མེད་ཀྱིས་མཛད་པ་ལ་ཡང༌། གཉིས་མེད་ཀྱི་ཡེ་ཤེས་གཞན་སྟོང་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བཤད་ནས། འཁོར་ལོ་ཕྱི་མའི་ཕྱོགས་གཅིག་གི་དགོངས་པ་འགྲེལ་པ་དང༌། མཐར་ཐུག་ཐེག་པ་གསུམ་དུ་བཤད་ནས་འཁོར་ལོ་ཕྱི་མའི་ཕྱོགས་ཅིག་ཤོས་ཀྱི་དགོངས་པ་འགྲེལ་པ་གཉིས་ལས། དང་པོ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་མཛད་པ་དེ་ཡིན་ལ། གཉིས་པ་ནི། ས་སྡེ་ལྔ་དང༌། སྡོམ་རྣམ་པ་གཉིས་སོ། །དབྱིག་གཉེན་ཞབས་ཀྱིས་ཀྱང་དེ་དང་མཐུན་པར་བཤད་པའི་སྲོལ་གཉིས་ཤིག་མཛད་པ་ཡིན་ཏེ། རྒྱུད་བླ་མའི་འགྲེལ་པ་དང་མཐུན་པ་ཡུམ་གསུམ་གནོད་འཇོམས། ས་སྡེ་སོགས་བཤད་པའི་སྲོལ་མཐུན་པ་རབ་ཏུ་བྱེད་པ་སྡེ་བརྒྱད་པོ་རྣམས་སོ། །དེ་བཞིན་དུ་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུ་མཛད་པ་ཡང་བཤད་པའི་སྲོལ་སྔ་མ་དང་མཐུན་ཞིང༌། ཆོས་ཀྱི་གྲགས་པའི་ཞབས་ཀྱི་རྣམ་འགྲེལ་ནི། ལུགས་སྔ་ཕྱི་གང་དང་ཡང་མཐུན་པར་བཤད་ནུས་པ་ལས། རྔོག་ལོ་ནི་ལུགས་སྔ་མ་དང་མཐུན་པར་འཆད་ལ། ས་ལོ་ནི་ལུགས་ཕྱི་མ་དང་མཐུན་པར་བཞེད་དོ། །དེ་དག་ལས་འདིར་བཤད་པར་བྱ་བ་ནི་ལུགས་ཕྱི་མ་དེ་ཁོ་ནའོ། །དེ་ལ་འདིར་ས་སྡེ་ལྔ་ནི། རྩ་བ་ལྟ་བུར་གྱུར་པ་སའི་དངོས་གཞི། དེ་གཏན་ལ་འབེབས་བྱེད་བཤད་པ་ལྟ་བུར་གྱུར་པ་རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་སུམ་ཅུ་རྩ་བརྒྱད་ཅུང་ཟད་ལྷག་དང་བཅས་པ། རྣལ་འབྱོར་སྤྱོད་པའི་གཞུང་སྡེ་སྣོད་གསུམ་དུ་བསྡུ་ཚུལ་འཆད་པ་གཞི་བསྡུ་བ་ཞེས་བྱ་བའི་བསྟན་བཅོས་བམ་པོ་བཅུ་དགུ་ཅུང་ཟད་ལྷག་དང་བཅས། ཆོས་མངོན་པ་ལས་འབྱུང་བའི་ཆོས་ཀྱི་རྣམ་གྲངས་མང་པོ་བསྡུས་ནས་སྟོན་པ། རྣམ་གྲངས་བསྡུ་བ་ཞེས་བྱ་བའི་བསྟན་བཅོས་བམ་པོ་གཉིས་པ་ཅུང་ཟད་ལྷག་དང་བཅས་པ། ཆོས་མངོན་པ་བཤད་ཐབས་ཀྱི་ཡན་ལག་སྟོན་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་ཞེས་བྱ་བའི་བསྟན་བཅོས་བམ་པོ་གཅིག་པ་རྣམས་སོ། །དེ་དག་ལས། དང་པོ་སའི་དངོས་གཞི་ནི་དུམ་བུ་བཞིར་གནས་པ་ཡིན་ཏེ། ས་དང་པོ་བཅོ་ལྔ་ལས་མང་པོ་བ་ཞེས་བྱ་ཞིང་བམ་པོ་ཉི་ཤུ་རྩ་དྲུག་པ་དང༌། ཉན་ཐོས་ཀྱི་ས་བམ་པོ་བཅོ་བརྒྱད་པ་དང༌། བྱང་ཆུབ་སེམས་དཔའི་ས་བམ་པོ་ཉི་ཤུ་ལྷག་དང་བཅས་པ་སའི་གོ་རིམ་ཞེས་བྱ་བའི་བསྟན་བཅོས་བཞི་པོ་རྣམས་སོ། །སྡོམ་རྣམ་པ་གཉིས་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་སྡོམ་ཐེག་པ་ཆེན་པོ་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་བམ་པོ་གསུམ་ལ་ཤླཽ་ཀ་ཉིས་བརྒྱ་བདུན་ཅུས་ལྷག་པ་དང༌། ཐེག་པ་ཐུན་མོང་གི་སྡོམ་མངོན་པ་ཀུན་ལས་བཏུས་པ་བམ་པོ་ལྔ་པ་རྣམས་ལས། འདིར་བཤད་པར་བྱ་བའི་ཆོས་ནི་ཐུན་མོང་གི་སྡོམ་བམ་པོ་ལྔ་པ་འདི་ཡིན་ནོ། །ཐུན་མོང་ཡིན་མིན་གྱི་ཁྱད་པར་ཡང་ཐེག་པ་གསུམ་ཀའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྟོན་པ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པ་ཁོ་ནའི་དེ་གསུམ་གྱི་རྣམ་གཞག་སྟོན་པ་ལས་སོ་སོར་ཕྱེ་བ་ཡིན་ཏེ། བསྟན་བཅོས་གཉིས་པོའི་ལུས་རྣམ་གཞག་ལ་བལྟས་པ་ཙམ་གྱིས་ཤེས་པས་སོ། །དེ་ལྟ་མོད་ཀྱི་བསྟན་བཅོས་འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མ་བསྟན་པ་མ་ཡིན་ཏེ། ཇི་སྐད་དུ། ལང་ཀར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང༌། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་གསུངས་ལ། དོན་དེ་དང་དེ་དག་ཀྱང་མ་ཚང་བ་མེད་པར་བསྟན་བཅོས་འདི་ན་བཞུགས་པས་སོ། །རྗེ་བཙུན་ས་སྐྱ་པའི་གསུང་གིས། བསྟན་བཅོས་འདི་མདོ་སྡེ་པའི་ལུང་དུ་བཤད་པ་ཡང་དེ་དང་ཐུན་མོང་བའི་བསྟན་བཅོས་སུ་བཞེད་པ་ཡིན་གྱི། དེའི་ཐུན་མོང་མ་ཡིན་པའི་ལུང་དུ་འཆད་པ་ནི་མ་ཡིན་ཏེ། བསྟན་བཅོས་འདི་ན་གཟུང་འཛིན་གཉིས་སུ་མེད་པའི་ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་ལུང་རིགས་དང༌། དེ་གོམས་པར་བྱེད་པའི་ལམ་དང༌། དེ་གོམས་པ་ལས་བྱུང་བའི་གནས་གྱུར་གྱི་རྣམ་གཞག་གསལ་བར་གསུངས་པའི་ཕྱིར་རོ། །ཡང་ཇི་སྐད་དུ། འདི་ལས་རྣམ་པར་རིག་པ་ཙམ་གྱི་ཚུལ་འགའ་ཡང་མ་བཤད་པའི་ཕྱིར་རོ། །ཞེས་བཤད་པ་ཡང༌། གཞུང་འདིར་སྣང་བ་སེམས་སུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། ཕྱི་དོན་འགོག་བྱེད་ཀྱི་རིགས་པ་ཐེག་པ་ཆེན་པོ་བསྡུས་པ་ནས་འབྱུང་བ་དང་འདྲ་བ་ཞིག་རྒྱས་པར་མ་གསུངས་པ་ལ་དགོངས་པ་ཡིན་ཏེ། གཞན་དུ་ན། གཞུང་འདིར་ཆོས་ལ་བརྩོན་པའི་རྣལ་འབྱོར་འཆད་པ་ན། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་གཟུང༌། །དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་དེ་དམིགས་རེག་པར་བྱ། །ཞེས་གསུངས་པ་དང་འགལ་བར་དོགས་པས་སོ། །དེ་ལྟར་བཤད་པར་བྱ་བའི་ཆོས་ངོས་བཟུང་ནས། དེ་འཆད་པ་ལ་གཉིས་ཏེ། གཞུང་སྤྱིའི་འབྲེལ་རྣམ་པར་བཞག་པ་དང༌། འབྲེལ་པ་ཅན་གྱི་གཞུང་སོ་སོའི་དོན་རྣམ་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཐེག་པ་ཐུན་མོང་གི་ལམ་སྤྱིའི་རྣམ་པར་བཞག་པ་ཇི་ལྟར་བཤད་པའི་ཚུལ་དང༌། ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ནི། རང་རྒྱུད་ལ་རྟོགས་པ་ཇི་ལྟར་སྐྱེ་བའི་ཚུལ་དང༌། སྐྱེས་པ་དེ་ཉིད་གཞན་ལ་སྟོན་པའི་ཚུལ་གཉིས་ཀྱིས་འཆད་ལ། དེ་ཡང་དང་པོ་ནི་ལེའུ་དང་པོ་བཞིས་འཆད་ཅིང༌། ཕྱི་མ་ནི་འབེལ་གཏམ་རྣམ་ངེས་ཀྱིས་འཆད་དོ། །ལེའུ་དང་པོ་བཞིའི་བརྗོད་བྱའི་དོན་སྟོན་ཚུལ་ཡང་འདི་ལྟར་ཡིན་ཏེ། གཏན་ལ་དབབ་པར་བྱ་བའི་ཆོས་གང་ཡིན་པ་དང༌། གང་ལ་བརྟེན་ནས་གཏན་ལ་འབེབས་པའི་ལུང་དང༌། ཇི་ལྟར་གཏན་ལ་འབེབས་པའི་རིགས་པ་གང་ཡིན་པ་དང༌། གང་གིས་གཏན་ལ་འབེབས་པ་པོའི་གང་ཟག་སུ་ཡིན་པ་དང༌། དེས་དེ་གཏན་ལ་ཕབ་པ་ལས་བྱུང་བའི་ཕན་ཡོན་གང་ཡིན་པའོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་རྣམས་དང༌། འཕགས་པའི་བདེན་པ་བཞི་པོ་རྣམས་ཏེ། ལེའུ་དང་པོ་གཉིས་ཀྱིས་འཆད་དོ། །གཉིས་པ་ནི། ལུང་དང་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱས་པའི་རིགས་པ་གཉིས་ཡིན་པ་ལས་ལུང་ནི། གསུང་རབ་ཡན་ལག་བཅུ་གཉིས་དང༌། དེ་ཉེ་བར་བསྡུས་པ་སྡེ་སྣོད་གསུམ་ལ་བྱ་ལ། དེ་དག་སོ་སོའི་ངོས་འཛིན་དྲང་ངེས་དང་བཅས་པ་འཆད་པ་ནི། ལེའུ་གསུམ་པ་ཆོས་རྣམ་ངེས་ཀྱི་ཐོག་མར། ཆོས་རྣམ་པར་ངེས་པ་གང་ཞེ་ན། ཞེས་པ་ནས། ཆོས་མངོན་པའི་སྡེ་སྣོད་རྣམ་པར་བཞག་གོ །ཞེས་པའི་བར་གྱིས་བསྟན་ནོ། །རིགས་པ་ནི། ལུང་དེ་དང་དེ་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལས་བྱུང་བའི་ཤེས་རབ་ལ་བྱ་བ་ཡིན་ལ། དེ་ཉིད་མདོར་བསྟན་པའི་ཚུལ་གྱིས་ངོས་འཛིན་པ་ནི། ཆོས་འདི་དག་གང་གི་སྤྱོད་ཡུལ་ཡིན་ཞེ་ན། ཐོས་པ་ལས་བྱུང་བ་དང༌། ཞེས་སོགས་ཀྱིས་སྟོན་ནོ། །དེ་ཉིད་རྒྱས་པར་འཆད་པ་ལ། ཤེས་རབ་གསུམ་པོ་དེས་དམིགས་པ་གང་ལ་དམིགས་པ། ཚུལ་ཇི་ལྟར་དུ་དམིགས་པའི་དབྱེ་བ། གང་གིས་ཚོལ་བའི་རིགས་པ། གང་བཙལ་བར་བྱ་བའི་དོན། བཙལ་བའི་དོན་ཡིད་ལ་བྱེད་པའི་རིམ་པའོ། །དང་པོ་ནི། དེ་དག་གི་དམིགས་པ་གང་ཞེ་ན། མདོའི་སྡེ་ལ་སོགས་པའོ། །ཞེས་པས་བསྟན། གཉིས་པ་ནི། ཆོས་ལ་དམིགས་པའི་རབ་ཏུ་དབྱེ་བ་གང་ཞེ་ན་ཞེས་སོགས་སོ། །གསུམ་པ་ནི། ཆོས་ལ་རྣམ་པར་དཔྱོད་པ་ནི་རིགས་པ་ཅི་ཞིག་གིས་རྣམ་པར་དཔྱོད་ཅེ་ན། ཞེས་སོགས་སོ། །བཞི་པ་ནི། ཆོས་ལ་རིགས་པས་དཔྱོད་པ་ལ་བརྩོན་པའི་རབ་ཏུ་ཚོལ་བ་གང་ཞེ་ན། ཞེས་སོགས་སོ། །ལྔ་པ་ནི། ཆོས་ལ་ཏིང་ངེ་འཛིན་པར་བརྩོན་པའི་རྣལ་འབྱོར་གྱི་ས་གང་ཞེ་ན། ཞེས་སོགས་སོ། །བཞི་པ་གཏན་ལ་འབེབས་པ་པོའི་གང་ཟག་སུ་ཡིན་པ་ནི། ཐོབ་པ་རྣམ་པར་ངེས་པའི་ལེའུ་ལས། གང་ཟག་རྣམ་པར་བཞག་པ་གང་ཞེ་ན། ཞེས་སོགས་གང་ཟག་གི་རབ་ཏུ་དབྱེ་བ་དྲུག་ཅུ་པོ་རྣམས་ཀྱིས་བསྟན་ནོ། །འདི་ཡང་བསྡུ་ན། ཐེག་པ་སོ་སོར་མ་ངེས་པའི་གང་ཟག་དང༌། ངེས་པའི་གང་ཟག་གཉིས་སུ་འདུས། དང་པོ་ནི། འདོད་ཆགས་ལ་སྤྱོད་པ་སོགས་ཡིན་ལ། དེ་དག་ལས། དང་པོ་ལ། ཆོས་ཀྱི་སྣོད་ཡིན་མིན་གཉིས་ལས་མ་ཡིན་པ་རྣམས་ནི་སྐབས་འདིའི་རྟེན་གྱི་གང་ཟག་ཏུ་མི་འཇོག་ལ། གཉིས་པ་ལ་ཐེག་པའི་དབྱེ་བས་གསུམ་ཡོད་ཀྱང༌། ལམ་གྱི་དབྱེ་བས་ཚོགས་ཀྱི་ལམ་ལ་སོགས་པ་ལྔའོ། །ལྔ་པ་དེས་དེ་གཏན་ལ་ཕབ་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་སུ་ཆོས་ལ་མཁས་པ་དང་གནས་པའི་ཕན་ཡོན་དང༌། མཐར་ཐུག་མངོན་པར་རྟོགས་པ་སྐྱེས་པའི་ཕན་ཡོན་ནོ། །དང་པོ་ནི། ཆོས་རྣམ་ངེས་ཀྱི་ལེའུ་ལས། ཇི་ལྟར་ན་ཆོས་རྣམས་ལ་ཆོས་ལ་མཁས་པ་ཡིན་ཞེ་ན། ཞེས་སོགས་ཀྱིས་སྟོན་ནོ། །གཉིས་པ་ནི། ལམ་དུ་མ་ཞུགས་པའི་གང་ཟག་གིས་ཕུང་ཁམས་སོགས་ལ་མཁས་པ་དང༌། ལམ་དུ་ཞུགས་པ་རྣམས་ཀྱིས་བདེན་པ་བཞི་ལ་མཁས་ཤིང་གོམས་པར་བྱས་པ་ལས་མངོན་པར་རྟོགས་པ་བཅུ་འབྱུང་བའི་ཚུལ་སྟོན་པ་ནི། ཐོབ་པ་རྣམ་ངེས་ཀྱི་ལེའུ་ལས་མངོན་པར་རྟོགས་པ་རྣམ་པར་བཞག་པ་གང་ཞེ་ན། ཞེས་སོགས་ཀྱིས་སྟོན་ནོ། །གཉིས་པ་རང་གིས་ཤེས་ནས་གཞན་ལ་སྟོན་པའི་ཚུལ་ནི། འབེལ་གཏམ་རྣམ་ངེས་ཀྱིས་འཆད་པ་ཡིན་ལ། དེ་ཡང་དོན་རྣམ་པ་བདུན་གྱི་སྒོ་ནས་སྟོན་པ་ཡིན་ཏེ། བཤད་བྱའི་དོན་རྣམ་པར་ངེས་པ་དང༌། འཆད་བྱེད་ཀྱི་ཐབས་རྣམ་པར་ངེས་པ་དང༌། རབ་ཏུ་ཕྱེ་ནས་ཀུན་ཏུ་བསྟན་པ་རྣམ་པར་ངེས་པ་དང༌། ཡང་དག་པར་དྲི་བ་རྣམ་པར་ངེས་པ་དང༌། བསྡུ་བ་རྣམ་པར་ངེས་པ་དང༌། སྨྲ་བའི་མཆོག་རྣམ་པར་ངེས་པ་དང༌། ལྡེམ་པོར་དགོངས་པ་རྣམ་པར་ངེས་པ་རྣམས་སོ། །དེ་དག་ཀྱང༌། ཇི་སྐད་དུ། འབེལ་བའི་གཏམ་གྱི་རྣམ་པར་ངེས་པ་གང་ཞེ་ན། རྣམ་པ་བདུན་ཏེ་ཞེས་སོགས་ཀྱིས་འཆད་དོ། །འདིར་དེ་དག་གི་ངག་དོན་བསྡུས་ན་འདི་ཡིན་ཏེ། གང་སྨྲ་བ་ནི་རང་གིས་རྟོགས་པ་དང༌། མ་རྟོགས་པའི་དོན་ལ་ཐེ་ཚོམ་ཟ་བ་རྣམས་སོ། །ཇི་ལྟར་སྨྲ་བ་ནི། རང་གིས་རྟོགས་པ་གཞན་གྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དུ། དེའི་སྒྲུབ་བྱེད་འགོད་པར་བྱེད་ཅིང༌། ལོག་ཕྱོགས་ལ་སུན་འབྱིན་རྗོད་པར་བྱེད་པ་དང༌། མ་རྟོགས་པའི་དོན་རྣམས་ལ་དྲི་བ་སྔོན་དུ་བཏང་ནས། བརྩད་ཅིང་ངེས་པ་ལེན་པར་བྱེད་པའོ། །གང་གིས་སྨྲ་བ་ནི། མངོན་སུམ་དང༌། རྗེས་དཔག་དང༌། ཡིད་ཆེས་པའི་ལུང་གསུམ་གྱིས་སྨྲ་བར་བྱེད་དོ། །དེས་ཇི་ལྟར་སྨྲ་བའི་ཚུལ་ཡང༌། བསྒྲུབ་བྱ་འཇོག་པ་དང༌། སྒྲུབ་བྱེད་འགོད་པ་གཉིས་ཀྱི་སྒོ་ནས་སྨྲ་བར་བྱེད་དོ། །བསྒྲུབ་བྱ་ལ་ཡང༌། ཆོས་ཀྱི་ངོ་བོ་བསྒྲུབ་བྱར་གཞག་པ་དང༌། བྱེད་པར་བསྒྲུབ་བྱར་གཞག་པ་གཉིས་སོ། །སྒྲུབ་པར་བྱེད་པའི་ཡན་ལག་ལ་ཡང་ལྔ་སྟེ། དམ་བཅའི་དང༌། གཏན་ཚིགས་ཀྱི་དང༌། དཔེའི་དང༌། ཉེ་བར་སྦྱར་བའི་དང༌། མཇུག་སྡུད་ཀྱིའོ། །སྨྲ་བ་པོའི་གང་ཟག་ནི་གསུམ་སྟེ། སྔ་རྒོལ་དང༌། ཕྱི་རྒོལ་དང༌། དཔང་པོ་རྣམས་སོ། །དུས་ནམ་གྱི་ཚེ་སྨྲ་བ་ནི། རང་གཞན་གྱི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་ཤེས་ཤིང༌། སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་དེའི་ཚེ་ནའོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལམ་གྱི་རིམ་པ་ཇི་ལྟར་སྟོན་པ་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞི་ལམ་འབྲས་བུ་གསུམ་ལས། གཞི་ནི་ཤེས་བྱའི་གནས་ཀུན་གཞིའི་རྣམ་པར་ཤེས་པ་དང༌། ཤེས་བྱ་ངོ་བོ་ཉིད་རྣམ་པ་གསུམ་མོ། །དང་པོ་ནི། སེམས་གང་ཞེ་ན། ཞེས་སོགས་ཀྱིས་སྟོན་ནོ། །གཉིས་པ་ནི། ཇི་སྐད་དུ། མཚན་ཉིད་རྣམ་ངེས་ལས། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། རྣམ་པར་བརྟགས་པའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་དང༌། ཆོས་ཉིད་ཀྱི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །ཞེས་སོགས་ཀྱིས་བསྟན་ནོ། །གཉིས་པ་ལམ་ལ། ལྟ་བ་དང༌། སྒོམ་པ་དང༌། སྤྱོད་པ་གསུམ་ལས། དང་པོ་ལ་ལྟ་བ་ངོས་བཟུང་བ་དང༌། དེ་གཏན་ལ་འབེབས་བྱེད་ཀྱི་ལུང་དང༌། རིགས་པ་གང་ཡིན་པའོ། །དང་པོ་ལ། ལྟ་བའི་ཡུལ་ནི་གཟུང་འཛིན་གཉིས་སུ་མེད་པའི་དེ་བཞིན་ཉིད་ལ་བྱ་ཞིང༌། ཡུལ་ཅན་ལྟ་བ་ནི་དེ་རྟོགས་པའི་ཤེས་རབ་བོ། །དེ་སྐད་དུ་ཡང༌། ཆོས་རྣམ་ངེས་ལས། སྣང་བ་གང་ཞེ་ན། གཟུང་བ་དང་འཛིན་པ་མི་དམིགས་པར་ཤེས་པའོ། །འདི་ལ་དགོངས་ནས། བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་གཟུགས་བརྙན་མཐོང་བས་ན། །དོན་གྱི་འདུ་ཤེས་ལྡོག་དེ་ནས། །རང་གི་འདུ་ཤེས་ངེས་པར་བཟུང༌། །དེ་ལྟར་ནང་གི་སེམས་གནས་ནས། །གཟུང་བ་མེད་པར་རྟོགས་པར་བྱ། །དེ་ཡི་འོག་ཏུ་འཛིན་མེད་པར། །དེ་ནས་མི་དམིགས་རིག་པར་བྱ། །ཞེས་ལེགས་པར་གསུངས་སོ། །ལེགས་པར་བཀའ་སྩལ་ཏེ། ཞེས་པས་བསྟན་ནོ། གཉིས་པ་ལ། ལྟ་བ་དེ་གང་ནས་འབྱུང་བའི་ལུང་ནི། འཁོར་ལོ་བར་པ་ཤེར་ཕྱིན་གྱི་མདོ་ནས་འབྱུང་བ་ཡིན་ལ། དེའི་ཡང་སྒྲ་ཇི་བཞིན་བར་བཟུང་ན། ཆོས་ཐམས་ཅད་རང་སྟོང་དུ་བཤད་པར་འགྱུར་བས་དེ་ལྟར་བཟུང་ན་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་བར་འགྱུར་རོ། །དེའི་ཕྱིར་བཀའ་འཁོར་ལོ་བར་པའི་དགོངས་པ། འཁོར་ལོ་ཐམས་ཅད་དགོངས་ཅན་དུ་བཤད་ནས། གཞན་སྟོང་གི་ཚུལ་གསལ་བར་གཏན་ལ་ཕབ་པའི་ལུང་ལས་ཤེས་དགོས་པ་ཡིན་ནོ། །ཞེས་སྟོན་པ་ནི། ཆོས་རྣམ་ངེས་ལས། ཅིའི་ཕྱིར། ཤིན་ཏུ་རྒྱས་པ་ལ་སེམས་ཅན་ཁ་ཅིག་མོས་ཀྱང༌། ངེས་པར་འབྱུང་བར་མི་འགྱུར་ཞེ་ན། བདག་ཉིད་ལ་ལྟ་བ་མཆོག་ཏུ་འཛིན་པ་ལ་གནས་པ་དང༌། དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་པའི་ཕྱིར་རོ། །ཞེས་སོགས་དང༌། ཡང་ཇི་སྐད་དུ། ཤིན་ཏུ་རྒྱས་པ་ལ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ། །ཞེས་གསུངས་པ་དེ་ལ་དགོངས་པ་གང་ཡིན་ཞེ་ན། ཞེས་པ་ནས། ཀུན་བཏགས་པའི་ངོ་བོ་ཉིད་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་གྱི་དབང་ལ་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། ཡོངས་སུ་གྲུབ་པ་ལ་དོན་དམ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་སོགས་ཀྱིས་སྟོན་ནོ། །གཉིས་པ་རིགས་པ་ནི། ཀུན་ཏུ་ཚོལ་བ་བཞི་དང༌། ཡོངས་སུ་ཤེས་པ་རྣམ་པ་བཞིས་སྟོན་པ་ཡིན་ཏེ། མིང་དོན་གཉིས་དང༌། ངོ་བོ་དང་ཁྱད་པར་ཚོལ་བྱེད་ཀྱི་རིགས་པས་བཙལ་བ་ན་དེ་དག་མི་དམིགས་པར་ཤེས་པ་དེ་བཞི་ཚན་གཉིས་པའི་གོ་དོན་ཡིན་ལ། དེ་ཤེས་པ་ན་གཟུང་འཛིན་གཉིས་མེད་དུ་ཤེས་པའི་ཕྱིར་ཏེ། མིང་དོན་གྱི་སྒོ་ནས་བརྗོད་པར་བྱར་ཡོད་པའི་ཆོས་ནི་གཟུང་འཛིན་གཉིས་སུ་གྲངས་ངེས་ཤིང༌། དེ་བཞིན་ཉིད་ནི་རྗོད་བྱེད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །གཉིས་པ་སྒོམ་པ་ནི། རྣལ་འབྱོར་གྱི་ས་ལྔས་སྟོན་པ་ཡིན་ལ། དེ་ཡང༌། ཇི་སྐད་དུ། རྣལ་འབྱོར་གྱི་ས་གང་ཞེ་ན། གཞི་དང༌། སྐྱེད་པ་དང༌། མེ་ལོང་ལྟ་བུ་དང༌། སྣང་བ་དང༌། གནས་སོ། །ཞེས་སོགས་ཀྱིས་སྟོན་ནོ། །གསུམ་པ་སྤྱོད་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ཡང་ཇི་སྐད་དུ། ཆོས་རྣམ་ངེས་ལས། ཅིའི་ཕྱིར་ཤིན་ཏུ་རྒྱས་པ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་ཞེ་ན། དེ་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་གྲངས་བསྟན་པ་དང༌། མཚན་ཉིད་བསྟན་པ་དང༌། གོ་རིམ་བསྟན་པ་དང༌། ཞེས་པ་ནས། གཅིག་ལ་གཅིག་རྣམ་པར་ངེས་པའི་ཕྱིར་རོ། །ཞེས་པའི་བར་གྱིས་བསྟན་ནོ། །གསུམ་པ་འབྲས་བུ་ནི། གནས་གྱུར་མཐར་ཐུག་པའི་ཡེ་ཤེས་སྐུ་གསུམ་ངོ་བོ་དབྱེར་མེད་དུ་ཚང་བ་དེའོ། །དེ་སྐད་དུ་ཡང༌། ཐོབ་པ་རྣམ་ངེས་ལས། འབྲས་བུའི་ཁྱད་པར་ནི། གནས་གྱུར་བའི་ཁྱད་པར་དང༌། ཡོན་ཏན་ཕུན་སུམ་ཚོགས་པའི་ཁྱད་པར་དང༌། རྣམ་པ་ལྔའི་ཁྱད་པར་དང༌། སྐུ་གསུམ་གྱི་ཁྱད་པར་དང༌། ཞེས་པ་ནས། ཡོངས་སུ་སྐྱོབ་པའི་ཁྱད་པར་གྱིས་ཀྱང་རིག་པར་བྱ། ཞེས་གསུངས་སོ། །དེ་ལྟར་ན་བསྟན་བཅོས་འདིའི་གཞི་ལམ་འབྲས་གསུམ་དང༌། ལྟ་སྒོམ་སྤྱོད་འབྲས་གསུམ་གྱི་རྣམ་པར་བཞག་པ་ནི། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཇི་ལྟ་བ་བཞིན་ནོ། །ཚིག་ཉུང་ངུས་བསྟན་བྱའི་དོན་རྒྱ་ཆེན་པོ་བདེ་བླག་ཏུ་རྟོགས་པར་བྱེད་ནུས་པའི་སྤྱིའི་རྣམ་པར་བཞག་པ་ནི། སྔོན་གྱི་རྣམ་བཤད་མཛད་པ་པོ་རྣམས་ཀྱི་ཐུགས་ལ་བཞུགས་ཀྱང་ཡི་གེར་བཀོད་པ་མེད་པས་འདི་ཉེ་བར་སྦྱར་བ་ཡིན་ནོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། ལུས་རྣམ་པར་བཞག་པ་དང༌། ཡན་ལག་རྒྱས་པར་བཤད་པ་དང༌། བསྟན་བཅོས་འདིའི་མཚན་དོན་ནོ། །དང་པོ་ལ། སྡོམ་ནི་ཞེས་པ་ནི་མིང་གི་སྒོ་ནས་མདོར་བསྟན་པ་ཡིན་ལ། དེ་གང་ཞེ་ན། མཁས་པར་བྱ་བའི་ཡུལ་དང༌། དེ་དག་གི་སྒོ་ནས་ངེས་པར་བྱེད་པའི་རྣམ་པའོ། །དང་པོ་ནི། དུ་དང་སོགས་སོ། །གཉིས་པ་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། བསྡུས་ལ་སོགས་པ་རྣམ་པ་བཞི། །ཞེས་པའོ། །བཞི་པོ་གང་ཞེ་ན། དེ་ལ་གཉིས་ཏེ། བཞི་པོ་སྤྱིར་བསྟན་པ་དང༌། རྣམ་ངེས་ཀྱི་དབྱེ་བ་སོ་སོར་ཕྱེ་བའོ། །དང་པོ་ནི། བསྡུས་དང་སོགས་སོ། །གཉིས་པ་ནི། བདེན་དང་ཞེས་སོགས་སོ། །ཀུན་ལས་བཏུས་པའི་སྤྱི་སྡོམ་ཡིན། །ཞེས་པ་ནི་མཇུག་བསྡུ་བའོ། །གཉིས་པ་ལ་མཚན་ཉིད་ཀུན་ལས་བཏུས་པ་དང༌། རྣམ་ངེས་ལས་བཏུས་བཤད་པའོ། །གཉིས་པོའི་ཁྱད་པར་ནི། སྤྱིར་ཤེས་བྱའི་གནས་ལ་མཁས་པར་བྱ་བ་དང༌། བདེན་པའི་རྣམ་པ་ཅན་གྱི་སྒོ་ནས་ཡིད་ལ་བྱས་པས་མངོན་རྟོགས་ཀྱི་རིམ་པ་རྒྱུད་ལ་བསྐྱེད་པའི་དབང་དུ་བྱས་པའོ། །དང་པོ་ལ་གཉིས་ཏེ། རྟོགས་བྱ་ཡུལ་གྱི་སྒོ་ནས་རྒྱས་པར་ཕྱེ་བ་དང༌། རྟོགས་བྱེད་རྣམ་པའི་སྒོ་ནས་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཆོས་གསུམ་གྱི་ངོ་བོ་མདོར་བསྟན་པ་དང༌། རྣམ་པའི་རབ་དབྱེ་རྒྱས་པར་བཤད་པའོ། །དང་པོ་ལ་བརྒྱད་དེ། དུ་དང་ཞེས་པས་མཚོན་ནས་མཚན་གཞིའི་དབྱེ་བ་བཤད། ཅིའི་ཕྱིར་གྱིས་མཚོན་ནས་གྲངས་ངེས་བཤད། ཉེར་ལེན་གྱིས་མཚོན་ནས་ཟག་བཅས་ཀྱི་ཆོས་གསུམ་བཤད། གང་གིས་མཚོན་པར་བྱེད་པའི་ནང་ཚན་སོ་སོའི་མཚན་ཉིད་བཤད། དེས་མཚོན་པར་བྱ་བའི་མཚན་གཞིའི་རྣམ་གཞག་བཤད། ཆོས་གསུམ་གྱི་ནང་ཚན་སོ་སོའི་གོ་རིམ་ངེས་པར་བཤད། སྒྲ་དོན་བཤད་པའི་སྒོ་ནས་ཆོས་གསུམ་སྤྱིའི་མཚན་ཉིད་བཤད། དཔེའི་སྒོ་ནས་ཕུང་པོ་ལྔ་གཞན་སྟོང་དུ་བསྟན་པའོ། །དང་པོ་ལ། དྲི་བ་དང་ལན་ནོ། །དང་པོ་ནི། ཕུང་པོ་རྣམས་ནི་དུ་སོགས་སོ། །གཉིས་པ་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། འདིར་དངོས་བསྟན་ཕལ་ཆེ་བ་ལ་ཆོས་གསུམ་གྱི་རྣམ་པར་བཞག་པ་བྱེ་མདོ་གཉིས་དང་མཐུན་པར་བཤད་ཀྱང༌། རྣལ་འབྱོར་སྤྱོད་པའི་ཐུན་མོང་མ་ཡིན་པའི་ཆོས་གསུམ་གྱི་རྣམ་པར་བཞག་པ་དེ་ཉིད་བསྟན་བྱའི་གཙོ་བོར་འཆད་དགོས་པ་ཡིན་ཏེ། ཁམས་སོ་སོའི་མཚན་ཉིད་འཆད་པ་ན། ཇི་སྐད་དུ། དེའི་ས་བོན་བསགས་པ་དང༌། རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་མིག་གི་ཁམས་ཀྱི་མཚན་ཉིད་དོ། །ཞེས་ཀུན་གཞིའི་ས་བོན་དང༌། རྣམ་སྨིན་གྱི་ཆ་ལ་ཁམས་བཅོ་བརྒྱད་གཞག་ལ། དོན་སྨྲ་བ་དང་ཐུན་མོང་གི་ལུགས་ལ་དེ་ལྟར་འཆད་པའི་ཐབས་མེད་པའི་ཕྱིར་དང༌། ཕུང་པོ་ལྔ་པོ་སོ་སོའི་མཚན་ཉིད་འཆད་པ་ན། ཀུན་གཞིའི་ཆ་ནས་དངོས་སུ་བཤད་པ་མེད་ཀྱང༌། དེའི་ཆ་ནས་ཀྱང་འཆད་དགོས་པའི་ཤེས་བྱེད་ནི། ཆོས་གསུམ་གྱི་བསྡུ་བ་འཆད་པ་ན། གཟུགས་ཅན་གྱི་ཁམས་བཅུ་དང༌། སྐྱེ་མཆེད་བཅུ་པོ་གཟུགས་ཀྱི་ཕུང་པོའི་ནང་དུ་འདུས་པར་བཤད་པ་ལས་ཤེས་པའི་ཕྱིར་དང༌། འདིར་གཟུགས་མེད་པའི་ཁམས་ན་གཟུགས་ཅན་གྱི་ཁམས་བཅུ་ཡོད་པར་བཤད་ལ། དོན་སྨྲ་གཉིས་ཀྱི་ལུགས་ལ་དེ་ལྟར་འཆད་དུ་མི་རུང་བའི་ཕྱིར་དང༌། རྣམ་ཤེས་ཕུང་པོའི་རྣམ་གཞག་འཆད་པ་ན། ཀུན་གཞི་དང༌། ཉོན་ཡིད་བཤད་ལ། དེ་ཉིད་རྣམ་པར་ཤེས་པའི་ཁམས་སུ་ཡང་བཤད་ཅིང༌། ཡིད་ཀྱི་སྐྱེ་མཆེད་དུ་ཡང་བཤད་པའི་ཕྱིར། དེ་ལྟར་བཤད་པ་ན། ཆོས་གསུམ་པོ་རེ་རེ་ལ་ཀུན་གཞིའི་ས་བོན་གྱི་ཆར་གྱུར་པ་དང༌། རྣམ་སྨིན་གྱི་ཆར་གྱུར་པ་དང༌། གཞན་རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་མངོན་དུ་གྱུར་པའོ། །དང་པོ་ནི། ཀུན་གཞིའི་སྟེང་ན་ཆོས་གསུམ་དུ་སྣང་བའི་ས་བོན་ཡོད་པ་སྟེ། དཔེར་ན། ཀུན་གཞིའི་སྟེང་ན་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་གཟུགས་འཛིན་ནུས་སུ་བསྐྱེད་པའི་ནུས་པ་དང༌། གཟུགས་ཀྱི་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་དང༌། གསལ་རིག་གི་ངོ་བོར་སྐྱེད་པའི་ནུས་པ་གསུམ་ལ། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་སུ་འཇོག་པ་བཞིན་ནོ། །གཉིས་པ་ནི་ཁམས་གསུམ་གང་རུང་དུ་རྣམ་པར་སྨིན་པའི་ཀུན་གཞིའི་ངོ་བོར་གྱུར་པའི་ཆོས་གསུམ་སོ་སོར་ཡུལ་ཡུལ་ཅན་གཉིས་གཉིས་སུ་ཡོད་ཀྱང་ཐ་དད་དུ་མ་བྱེ་བའི་ཚུལ་གྱིས་གནས་པ་སྟེ་དཔེར་ན། མ་ཡི་མངལ་དུ་འབྲས་དུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ཉིང་མཚམས་སྦྱར་མ་ཐག་པའི་ཚེ་ན། མིང་གཟུགས་དང༌། སྐྱེ་མཆེད་དྲུག་རྣམ་སྨིན་གྱི་ངོ་བོར་གྲུབ་ཟིན་པ་ལྟ་བུའོ། །དེའི་དུས་སུ་དེ་མ་གྲུབ་ན། ཇི་སྐད་དུ། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིགས་པ། །ཞེས་དེས་དེ་ཡུལ་དུ་བྱེད་ཀྱང་མི་རིག་པར་བཤད་པ་དང་འགལ་ལོ། །འོ་ན་ཅི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་སོགས་དབང་པོ་དྲུག་སྲིད་ཀྱང༌། གཟུགས་སོགས་ཡུལ་དྲུག་ཟག་བཅས་ཀྱི་ལས་ཀྱི་བདག་འབྲས་སུ་བཤད་པས། རྣམ་སྨིན་གྱི་ངོ་བོར་མི་འབྱུང་ངོ་སྙམ་ན། བདེན་མོད་ཀྱི། དེར་མིག་གི་དབང་པོ་གྲུབ་པ་ན་གཟུགས་ཀྱི་ཁམས་ཀྱང་གྲུབ་པར་བརྗོད་པ་ཡིན་ཏེ། གདུགས་ནམ་མཁའ་ལ་ཕུབ་པའི་དབང་གིས་གྲིབ་མ་ས་ལ་འབྱུང་བ་བཞིན་ནོ། །དེ་ལ་བསམས་ནས། ཇི་སྐད་དུ། གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་གང་ཞེ་ན། མིག་གིས་གཟུགས་གང་དག་མཐོང་བར་གྱུར་པ་དང༌། མཐོང་བ་རྣམས་དང༌། དེ་ལ་མིག་གི་ཁམས་དབང་བྱེད་པ་གང་ཡིན་པ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དོ་ཞེས་རྣམ་དབྱེ་མི་འདྲ་བ་གསུམ་གསུངས་པ་ཡིན་ནོ། །དེ་ཡང་ཞིབ་མོར་བཤད་ན། ཀུན་གཞིའི་སྟེང་ན་མིག་གི་ས་བོན་ལས་ལོགས་སུ་གཟུགས་ཀྱི་ས་བོན་དང༌། རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་ལས་ལོགས་ན་བདག་འབྲས་ཀྱི་ངོ་བོར་གྱུར་པའི་གཟུགས་གྲུབ་པ་མེད་ཀྱང༌། དེ་དང་དེ་གྲུབ་པ་ན་ཅིག་ཤོས་ཀྱང་གྲུབ་བོ་ཞེས་དེ་གཉིས་གྲུབ་པ་དང་བདེ་བ་ཐ་མི་དད་པར་བརྗོད་པ་ནི། དེ་དེའི་དབང་གི་འབྲས་བུ་ཡིན་པ་ལ་ཐུག་གོ །དོན་དེ་ལ་བསམས་ནས། ནང་དབང་པོའི་ཁམས་དྲུག་ལ་མུ་བཞི་རྩི་བའི་ཚུལ་བཤད་པ་ལས་ལོགས་སུ། ཕྱི་ཡུལ་གྱི་ཁམས་དྲུག་ལ་མུ་བཞི་རྩི་བའི་ཚུལ་མ་བཤད་པ་ཡིན་ནོ། །གསུམ་པ་རྣམ་སྨིན་ལས་བྱུང་བའི་ཆོས་གསུམ་ལ་ཡང་གསུམ་སྟེ། ཀུན་བརྟགས་པའི་དང༌། རྣམ་པར་བརྟགས་པའི་དང༌། ཆོས་ཉིད་ཀྱི་ཆོས་གསུམ་མོ། །དེ་ཡང་དཔེར་ན། གཟུགས་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བའི་ཤེས་རྣམས་ནི། རྣམ་པར་བརྟགས་པའི་གཟུགས་སོ། །དེར་སྣང་བ་ལ་ཕྱི་རོལ་གྱི་དོན་དུ་སྒྲོ་འདོགས་པའི་ཤེས་བརྗོད་ཀྱི་ཡུལ་དུ་བྱས་པའི་ཆ་ནི་ཀུན་བཏགས་པའི་གཟུགས་སོ། །དེ་དེས་སྟོང་པའི་མྱོང་བ་གསལ་རིག་གི་ཆ་ནི་ཆོས་ཉིད་ཀྱི་གཟུགས་སོ། །དེ་བཞིན་དུ། གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་རང་ལྡོག་ནས་རྣམ་པར་བརྟགས་པའི་མིག་ཤེས་དང༌། དེ་ལ་ཕྱི་རོལ་གྱི་གཟུགས་འཛིན་པ་པོར་སྒྲོ་འདོགས་པའི་ཤེས་བརྗོད་ཀྱི་ཡུལ་དུ་བྱས་པའི་ཆ་ནི་ཀུན་བཏགས་པའི་མིག་ཤེས་དང༌། དེ་དེས་སྟོང་པའི་གསལ་རིག་གི་ཆ་ནི་ཆོས་ཉིད་ཀྱི་མིག་ཤེས་སོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལྟར་གསུམ་དུ་འབྱེད་དགོས་པའི་རྒྱུ་མཚན་ཡང༌། གཞུང་འདི་ཉིད་ལས་མདོར་བསྡུ་ན། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་རྣམས་ཀྱི་རབ་ཏུ་དབྱེ་བ་ནི་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་དང༌། ཞེས་སོགས་བཤད་པ་ལས་ཤེས་སོ། །འོ་ན་གསུམ་པོ་དེ་ལས་འདིར་གང་གཟུང་ཞེ་ན། རྣལ་འབྱོར་སྤྱོད་པ་པའི་རིགས་པས་བཞག་པའི་གྲུབ་པའི་མཐའ་ཁས་ལེན་པའི་སྐབས་ནི་གཉིས་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །ཅེས་པ་ལྟ་བུ་ཀུན་རྫོབ་ཀྱི་བདེན་པ་འཇོག་པའི་སྐབས་དང༌། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་ལྟ་བུ་དོན་དམ་པའི་བདེན་པ་འཇོག་པའི་སྐབས་གཉིས་ལས། དང་པོའི་སྐབས་སུ་ནི། ཀུན་ཏུ་བརྟགས་པའི་ཆོས་གསུམ་པོ་ནི་བདེན་པར་མི་འཇོག་སྟེ། ཐ་སྙད་པའི་ཚད་མས་མ་དམིགས་པའི་ཕྱིར། དེ་སྐད་དུ་ཡང༌། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ཉིད་ཀུན་ཏུ་བཏགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་གསུངས། རྣམ་བདེན་པའི་སྐབས་འདིར་གཟུགས་ཅན་མ་ཡིན་པའི་ཆོས་གསུམ་ལ་ཀུན་བརྟགས་ཇི་ལྟར་འཇོག་ཅེ་ན། གཟུང་བ་ལས་རྫས་གཞན་པའི་ཆ་ནས་སམ། གཞན་སེལ་གྱི་ཆ་ནས་སོ། །དེའི་ཕྱིར་འདིར་གཟུགས་ཀུན་བརྟགས་སུ་ཁས་ལེན་ཀྱང༌། གཟུགས་འཛིན་གྱི་ཤེས་པའི་རང་ལྡོག་ནས་དེར་ཁས་མི་ལེན་པའི་ཁྱད་པར་ཕྱེ་དགོས་སོ། །རྣམ་པར་བརྟགས་པའི་ཆོས་གསུམ་ནི་ཡོད་པར་ཁས་ལེན་ཏེ། ཐ་སྙད་པའི་ཚད་མས་དམིགས་པའི་ཕྱིར་རོ། །དེ་ལ་ཐ་སྙད་པའི་ཚད་མ་ཞེས་བྱ་བ་ནི། བག་ཆགས་བརྟན་པ་ལས་བྱུང་བའི་རྟོག་མེད་ཀྱི་ཤེས་པ་དང༌། རྗེས་སུ་དཔག་པའི་ཚད་མ་རྣམས་སོ། །དེ་སྐད་དུ་ཡང༌། ཚད་མ་རྣམ་པར་ངེས་པ་ལས། གཅིག་ནི་བག་ཆགས་བརྟན་པའི་ཕྱིར། །འཁོར་བ་ཇི་སྲིད་པར་མི་འབྲལ་བར་རྗེས་སུ་འབྲེལ་བ་ནི། ཐ་སྙད་དུ་མི་སླུ་བ་ལ་ལྟོས་ནས་ཚད་མ་ཡིན་པར་བརྗོད་ལ་ཞེས་གསུངས་སོ། །འདི་ཡང་སེམས་ཙམ་རྣམ་བདེན་པའི་སྐབས་སུ་ཡིན་གྱི། ཅིག་ཤོས་ལ་མ་ཡིན་ཏེ། དེར་ནི་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་ཀྱང༌། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱིས་བསླད་ན་འཁྲུལ་པར་འཇོག་པས་མངོན་སུམ་དུ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་མིག་ཤེས་ལ་གཟུགས་སུ་སྣང་བའི་རྣམ་པ་ལ་རྣམ་བརྟགས་ཀྱི་གཟུགས་སུ་གྱུར་པའི་ཆོས་གསུམ་དང༌། དེ་ཉིད་བདེན་པ་དང་ཡོད་པར་ཁས་ལེན་པ་འདི་ཡང་རྣམ་བདེན་པའི་སྐབས་དང༌། ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པའི་སྐབས་ཞེས་བྱ་བ་གཉིས་དོན་གཅིག་ལ་འདུ་བ་དེའི་ཚེ་ཡིན་ལ། དུས་དེར། འདི་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་ནི་མི་བྱ་སྟེ། དེ་ཡིན་ན་བདེན་པར་འགལ་བའི་ཕྱིར་རོ། །གཞན་དབང་བདེན་གྲུབ་ཏུ་ཁས་ལེན་པ་འདི་ཡང་རྣལ་འབྱོར་སྤྱོད་པའི་གནས་སྐབས་ཀྱི་རང་ལུགས་ཡིན་གྱི། མཐར་ཐུག་གི་ནི་མ་ཡིན་ཏེ། དེའི་ཚེ་དེ་སྒྱུ་མ་ལྟ་བུར་བཤད་པའི་ཕྱིར་དང༌། ཡོངས་གྲུབ་དང༌། ཀུན་བརྟགས་ལས་ལོགས་སུ་གཞན་དབང་གཞག་ཏུ་མེད་པ་ནི་རྣལ་འབྱོར་སྤྱོད་པའི་རང་ལུགས་མཐར་ཐུག་གི་དེ་ཁོ་ན་ཉིད་འཇོག་པའི་ཐབས་བླ་ན་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་དོན་དམ་པའི་བདེན་པ་འཇོག་པའི་སྐབས་སུ་ནི། རྣམ་རྫུན་པ་ཞེས་ཀྱང་བྱ། དབུ་མ་པ་ཞེས་ཀྱང་བྱ་བ་དེར་སླེབ་པ་ཡིན་ལ། དེའི་ཚེ་ནི་རྣམ་བརྟགས་ཀྱི་ཆོས་གསུམ་པོ་ཡོད་པ་དང་བདེན་པར་ཁས་མི་ལེན་ཏེ། དེར་ནི་དེ་རྣམས་ཀྱང་ཀུན་བརྟགས་ཁོ་ན་དང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་གྱི། དོན་དམ་པའི་བདེན་པར་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཚེ་ཆོས་ཉིད་ཀྱི་ཆོས་གསུམ་པོ་ཙམ་ཞིག་ཁས་ལེན་པ་ཡིན་ཀྱང༌། མཚན་ཉིད་ཀུན་ལས་བཏུས་འཆད་པའི་སྐབས་འདི་དང་འགྲིག་པ་མ་ཡིན་ཏེ། དེར་ནི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་མེད་པས། ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཁས་ལེན་པ་ཡིན་ལ། དེའི་ཚེ་ཆོས་ཉིད་ཀྱི་ཆོས་གསུམ་པོ་གཅིག་ལ་གཅིག་ཡིན་གྱིས་ཁྱབ་པར་ཁས་ལེན་པ་ཡིན་ཞིང༌། འདིར་ནི། ཆོས་གསུམ་སོ་སོའི་མཚན་ཉིད་དང་མཚན་གཞི་འགལ་བ་ཅན་ཁོ་ནར་བཤད་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཕྱིར་སྐབས་འདིར་ནི། རྣམ་བརྟགས་ཀྱི་ཆོས་གསུམ་ཁས་བླངས་ནས་བཤད་པ་ཡིན་ནོ། །འོ་ན་ཅི་རྣམ་བརྟགས་ཀྱི་གཟུགས་ཀྱིས་གཟུགས་ཀྱི་གོ་ཆོད་པར་འདོད་དམ་ཞེ་ན། དེ་ནི་གཟུགས་ཀྱི་འཁྲུལ་གཞི་ཡིན་པའི་ཕྱིར། གཟུགས་སུ་མི་བརྗོད་དེ། མཐོ་ཡོར་ལ་མིར་འཁྲུལ་བ་བཞིན་ནོ། །ཇི་སྐད་བཤད་མ་ཐག་པ་འདི་དག་ནི། མདོ་དང༌། རྗེ་བཙུན་གྱི་གཞུང་དང༌། སྐུ་མཆེད་ཀྱི་གཞུང་འགྲེལ་ན་གསལ་བར་བཞུགས་ཀྱང༌། བོད་ཀྱི་འཆད་པ་པོ་སྔ་མ་རྣམས་ཀྱིས་དཔྱིས་ཕྱིན་པར་འཆད་མ་མཁྱེན་པ་ལ་བརྟེན་ནས། གཞུང་འདི་ཕྱི་དོན་ཁས་ལེན་གྱི་སེམས་ཙམ་པའི་གཞུང་ཡིན་ནོ་ཞེས་འཆད་པ་དང༌། འགའ་ཞིག་མཚན་ཉིད་ཀུན་ལས་བཏུས་པ་མདོ་སྡེ་པའི་གཞུང་ཡིན་ནོ་ཞེས་འཆད་པ་དང༌། གཞན་དག་འདི་ཕྱི་དོན་ཁས་མི་ལེན་ཀྱང༌། གཟུགས་སྒྲ་དྲི་རོ་རེག་བྱ་ཁས་ལེན་པ་ཡིན་ནོ་ཞེས་འཆད་པ་དག་བྱུང་ངོ༌། །འདིར་སྨྲས་པ། རྣམ་དཔྱོད་གྲུ་ཆེན་འདི་མེད་ན། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་མཐོང་བ་ལྟ་ཅི་འཚལ། །ཚུ་རོལ་འཇུག་པའི་ལམ་ཡང་ཅི། །ཞེས་སྨྲས་པ་ཡིན་ནོ། །གཉིས་པ་གཞུང་གི་དོན་ནི། རྣམ་བརྟགས་ཀྱི་ཕུང་པོ་རྣམས་ནི་ཆོས་ཅན། ལྔར་ཡོད་དེ། རྣམ་བརྟགས་ཀྱི་གཟུགས་ཀྱི་ཕུང་པོ་ནས་དེའི་རྣམ་པར་ཤེས་པའི་ཕུང་པོའི་བར་རྣམས་སུ་མདོ་ལས་བཤད་པས་སོ། །རྣམ་བརྟགས་ཀྱི་ཁམས་རྣམས་ནི་ཆོས་ཅན། བཅོ་བརྒྱད་དེ། རྣམ་བརྟགས་ཀྱི་མིག་གི་ཁམས་སོགས་མདོ་ལས་གསུངས་པས་སོ། །དེའི་སྐྱེ་མཆེད་རྣམས་ནི་ཆོས་ཅན། བཅུ་གཉིས་ཏེ། ཞེས་སྦྱར་རོ། །དོན་སྨྲ་གཉིས་ཀྱིས་ཁས་བླངས་པའི་གཟུགས་ཅན་གྱི་ཆོས་གསུམ་ནི། འདིར་ཀུན་བརྟགས་སུ་ཁས་ལེན་པའི་ཕྱིར། ཡོད་པར་མི་གཞག་ལ། དེས་ཁས་བླངས་པའི་གཟུགས་ཅན་མ་ཡིན་པའི་ཆོས་གསུམ་ནི་འདིར་རྣམ་བརྟགས་སུ་ཁས་ལེན་ཞིང༌། ཆོས་ཉིད་ཀྱི་ཆོས་གསུམ་ནི། དེ་བཞིན་ཉིད་ཁོ་ན་ལ་བཞག་པའི་ཕྱིར། འདིར་མི་འཆད་པས། འདི་མན་ཆད་དུ་ཆོས་ལྔ་པོ་རེ་རེའི་ཐོག་མར་རྣམ་བརྟགས་ཀྱི་ཞེས་སྦྱོར་དགོས་ལ། དེ་ལྟར་སྦྱར་བ་དེ་ངན་རྟོག་ཁོ་ནས་ཡིན་ནམ་སྙམ་དུ་དོགས་པར་མི་བྱའོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། ཕུང་པོ་རྣམས་ནི་ཆོས་ཅན། ལྔ་ཁོ་ནར་གྲངས་ངེས་པ་ཡིན་ཏེ། བདག་དང་བདག་གི་བ་གང་རུང་དུ་འཁྲུལ་བའི་གཞི་རྣམ་པ་ལྔ་ཁོ་ནར་གྲངས་ངེས་པའི་རྒྱུ་མཚན་གྱིས་ཁྱོད་ལ་དེར་གཞག་པའི་ཕྱིར། ལྔ་པོ་གང་ཞེ་ན། བདག་གི་བའི་འཁྲུལ་གཞི་ལུས་དབང་པོ་ལྔ་དང༌། ཡོངས་སུ་བཟུང་བ་དོན་ལྔ་དང༌། ལོངས་སྤྱོད་ཚོར་བ་དང༌། ཐ་སྙད་འདུ་ཤེས་དང༌། ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པ་འདུ་བྱེད་ཀྱི་ཕུང་པོ་དང༌། བདག་གི་བར་འཁྲུལ་བའི་འཁྲུལ་གཞི་བཞི་པོ་དེ་དག་གི་གནས་བདག་ཏུ་འཁྲུལ་པའི་འཁྲུལ་གཞི་རྣམ་པར་ཤེས་པ་རྣམས་སུ་བརྗོད་པའི་ཕྱིར་རོ། །ཞེས་པ་ནི། འཁྲུལ་གཞི་ལྔ་པོ་དེ་ངོས་ཟིན་པའི་ཕྱིར་དུ་ལྔར་བཞག་ཅེས་པའོ། །གཉིས་པ་ཁམས་ཀྱི་གྲངས་ངེས་ནི། དེ་ལ་བཅོ་བརྒྱད་དུ་གྲངས་ངེས་པ་ཡིན་ཏེ། ཉེར་སྤྱོད་འཛིན་པས་ན་ཁམས་ཞེས་བྱ་ལ། དེ་འཛིན་པའི་ཚུལ་ལ་བཅོ་བརྒྱད་དུ་གྲངས་ངེས་པའི་ཕྱིར། ཇི་ལྟར་ཞེ་ན། ཉེར་སྤྱོད་རང་གི་ངོ་བོའི་སྒོ་ནས་འཛིན་པ་ལ་རྟེན་པ་རྣམ་པར་ཤེས་པར་ཁམས་དྲུག་དགོས་ཤིང༌། དེ་ལས་མང་མི་དགོས། ཉེར་སྤྱོད་དྲུག་པོ་དེ་གང་རུང་གནས་ཀྱི་སྒོ་ནས་འཛིན་པ་ལ་ལུས་དང་ཞེས་པ་རྟེན་དབང་པོའི་ཁམས་དྲུག་དགོས་ཤིང༌། དེ་ལས་མང་མི་དགོས། དེ་དག་གང་རུང་དམིགས་པའི་སྒོ་ནས་འཛིན་པ་ལ་ཡོངས་སུ་བཟུང་ཞེས་པ་དམིགས་པ་ཡུལ་གྱི་ཁམས་དྲུག་དགོས་ཤིང༌། དེ་ལས་མང་མི་དགོས་པའི་ཕྱིར། དེ་དག་གི་ཤེས་བྱེད་ཀྱང༌། ལོངས་སྤྱད་བྱའི་ཡུལ་ལ་དྲུག་ཡོད་ཅིང༌། དེ་ལས་ལྷག་པ་མེད་པས་སོ། །སྤྱིར་ཉེར་སྤྱད་ཅེས་པ་སྒྲ་དོག་པར་བྱས་ན། ཚོར་བ་དང༌། ཡངས་པར་བྱས་ན་རྣམ་པར་ཤེས་པའི་ཚོགས་དྲུག་ཀ་ལ་འཇུག་པ་ཡིན་ཏེ། ལོངས་སྤྱད་བྱ་ལ། རྣམ་སྨིན་གྱི་དང༌། ཡུལ་གྱི་ལོངས་སྤྱོད་གཉིས་ཡོད་པའི་བྱེ་བྲག་ལས་སོ། །འདས་པ་དང་ད་ལྟར་བྱུང་བ་ཞེས་པ་ནི། དུས་མཉམ་པའི་ཉེར་སྤྱོད་ཀྱི་བདག་པོའི་རྐྱེན་དང༌། དམིགས་པའི་རྐྱེན་གང་རུང་གི་སྒོ་ནས་འཛིན་པ་ལ་ཁམས་སུ་འཇོག་པ་ཡིན་ལ། ཉེར་སྤྱོད་མ་འོངས་པའི་རྐྱེན་གཉིས་པོ་གང་རུང་བྱེད་པའི་ཆ་ནས་ནི་སྐྱེ་མཆེད་དུ་འཇོག་པ་ཡིན་གྱི། ཁམས་སུ་འཇོག་པ་མ་ཡིན་ཞེས་བྱ་བའི་དོན་ནོ། །འོ་ན་འདས་པའི་ཉེར་སྤྱོད་འཛིན་པ་ཇི་ལྟར་ཡིན་ཞེ་ན། ལུས་དང་ཡོངས་སུ་བཟུང་བ་འདས་པས་འདས་པའི་ཉེར་སྤྱོད་འཛིན། དེ་ད་ལྟར་བས་ད་ལྟར་བའི་དེ་འཛིན། ཞེས་བྱ་བའི་དོན་ཡིན་གྱི། རང་དུས་སུ་འདས་ཟིན་པའི་ཉེར་སྤྱོད་འཛིན་པ་ཡིན་སྙམ་པ་ནི་རྟོགས་ལྡན་ལ་སྐྱེ་བ་མེད་དོ། །གསུམ་པ་སྐྱེ་མཆེད་ཀྱི་གྲངས་ངེས་ནི། དེ་ལ་བཅུ་གཉིས་སུ་གྲངས་ངེས་པ་ཡིན་ཏེ། ཉེར་སྤྱོད་མ་འོངས་པ་དྲུག རྟེན་བདག་པོའི་རྐྱེན་དང༌། དམིགས་པའི་རྐྱེན་གང་རུང་གི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པས་ན། སྐྱེ་མཆེད་ཅེས་བྱ་ལ། དེ་ལ་ནི། ལུས་དབང་པོ་དྲུག་དང༌། ཡོངས་སུ་བཟུང་བ་ཡུལ་དྲུག་སྟེ། དྲུག་ཚན་གཉིས་ཉིད་དུ་གྲངས་ངེས་པའི་ཕྱིར་རོ། །གཞུང་འདི་གཉིས་ཀྱི་དོན་ཕྱིན་ཅི་ལོག་ཏུ་བཤད་པ་ཤིན་ཏུ་མང་བས། འདི་ལྟར་ཤེས་དགོས་ཏེ། འདིར་བཤད་པའི་གྲངས་ནི། སྤྱི་དོན་དུ་བཤད་པའི་ཆོས་གསུམ་གྱི་ནང་ནས་རྣམ་སྨིན་ལས་བྱུང་ཟིན་པའི་ཆོས་གསུམ་པོ་དེའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། རྣམ་སྨིན་དང་ས་བོན་གྱི་ངོ་བོར་གྱུར་པའི་རྣམ་པར་ཤེས་པའི་ཁམས་དྲུག་པོ་དེས་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་མེད་པའི་ཕྱིར་དང༌། དེ་མེད་པའི་རྒྱུ་མཚན་གྱིས། དེ་དང་དེར་གྱུར་པའི་དབང་པོ་དང༌། ཡུལ་གཉིས་ལ་ཡང་རང་དང་དུས་མཉམ་པའི་ཉེར་སྤྱོད་ཀྱི་རྟེན་དང་དམིགས་པ་གང་རུང་གི་སྒོ་ནས་འཛིན་པ་དང༌། འདིར་དངོས་སུ་བསྟན་པའི་ཁམས་དང༌། སྐྱེ་མཆེད་ཀྱི་ནང་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ཏེ། ཉེར་སྤྱོད་འཛིན་པའི་ངོ་བོར་སྐྱེས་པ་ཡང་མ་ཡིན། རང་དང་དུས་མཉམ་པའི་ཉེར་སྤྱོད་ཀྱི་རྟེན་དང༌། དམིགས་པ་བྱེད་པ་ཡང་མ་ཡིན་པའི་ཕྱིར། གལ་ཏེ་ཡིན་ན། ཡིད་དབང་དང༌། ཆོས་ཁམས་གང་རུང་ལས་མ་འདས་ལ་དེ་ཡང་འདོད་མི་ནུས་པ་ནི་རྣམ་པར་ཤེས་པ་ཆོས་ཁམས་སུ་འཆད་པའི་སྐབས་མི་སྲིད་པའི་ཕྱིར་དང༌། ཡིད་ཤེས་དང་ད་ལྟར་བའི་བདག་རྐྱེན་ཡིན་པས་ཡིད་དབང་དུ་འདོད་ན་ནི། ཉོན་མོངས་པ་ཅན་གྱི་ཡིད་དུ་ཐལ་བར་འགྱུར་ཏེ། ཡིད་ཤེས་ད་ལྟར་བའི་བདག་རྐྱེན་དུ་གྱུར་པའི་ཡིད་དབང་ཉིད་ལས་གཞན་མ་བཤད་པའི་ཕྱིར་དང༌། ཀུན་གཞིའི་རྣམ་ཤེས་ནི་དེ་དང་དེའི་རྒྱུ་རྐྱེན་ཁོ་ནར་བཤད་ཀྱི། བདག་རྐྱེན་དུ་བཤད་པ་མེད་དོ། །ཡང་ཀུན་གཞིའི་རྣམ་ཤེས་ཀྱིས་ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་ཙམ་བྱེད་ཀྱང༌། སྐྱེ་མཆེད་དུ་མི་འཇོག་སྟེ། འདིར་ནི་བདག་རྐྱེན་དང༌། དམིགས་རྐྱེན་གང་རུང་གི་སྒོ་ནས་ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པའི་ཆ་ནས་སྐྱེ་མཆེད་དུ་འཇོག་པ་ཡིན་ལ། དེས་དེ་དག་མི་འབྱེད་པའི་ཕྱིར་རོ། །དེའི་ཕྱིར་འདིར། ལུས་དང༌། ཡོངས་སུ་བཟུང་བ་ཞེས་ངེས་གཟུང་གི་ཚིག་སྨོས་པ་ཡིན་ནོ། །དེ་ལས་གཞན་དུ་ན། ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཉིད་སྐྱེ་མཆེད་དྲུག་ཀ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཉེར་སྤྱོད་མ་འོངས་པ་དྲུག་པོ་ཐམས་ཅད་ཀྱི་རྒྱུའི་རྐྱེན་བྱས་པའི་སྒོ་ནས་སྐྱེ་བའི་སྒོ་འབྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་ཉིད་དབང་པོའི་ཁམས་ཀྱང་དྲུག་པོ་ཐམས་ཅད་དུ་ཐལ་བར་འགྱུར་ཏེ། རང་དང་དུས་མཉམ་པའི་ཉེར་སྤྱོད་དྲུག་པོ་ཐམས་ཅད་ཀྱི་རྒྱུའི་རྐྱེན་བྱེད་པའི་ཕྱིར་རོ། །དེ་ལྟར་ན། རྒྱུ་རྐྱེན་དང༌། དེ་མ་ཐག་རྐྱེན་གྱི་སྒོ་ནས་ཉེར་སྤྱོད་འཛིན་པ་དང༌། སྐྱེ་བའི་སྒོ་འབྱེད་པར་མ་གཞག་ལ། དེའི་ཤེས་བྱེད་ཀྱང༌། ཉེར་སྤྱོད་སོ་སོར་འཛིན་བྱེད་ཀྱི་ནུས་པ་སོ་སོར་ངེས་པ་མེད་པའི་དོན་གྱིས་སོ། །འོ་ན་ཅི་ཀུན་གཞིའི་སྟེང་ན་རྣམ་ཤེས་དྲུག་པོ་སོ་སོར་ཡུལ་འཛིན་ནུས་སུ་བསྐྱེད་པའི་ནུས་པ་དྲུག་ལ་དབང་པོ་དྲུག་ཏུ་འཆད་དགོས་པ་མ་ཡིན་ནམ་ཞེ་ན། ཕྱོགས་ཀྱི་གླང་པོའི་གཞུང་དུ་དེ་ལྟར་ཁས་ལེན་ཀྱང༌། འདིར་ནི་དེ་འཆད་པའི་སྐབས་མ་ཡིན་ཏེ། རྒྱུ་འབྲས་དུས་མཉམ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། འདིར་རྣམ་སྨིན་ལས་བྱུང་བའི་ཁམས་བཅོ་བརྒྱད་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། ས་བོན་དང་རྣམ་སྨིན་གྱི་ཆ་ཡང་འདིར་བཤད་ན་གྲངས་ངེས་ཀྱི་སྒྲུབ་བྱེད་འཁྲུལ་བའི་ཕྱིར་རོ། །མདོར་ན་ཁམས་དང་སྐྱེ་མཆེད་ནི། ལྡོག་པའི་སྒོ་ནས་འབྱེད་པས་མཚན་གཞི་མི་འགལ་ལ། ཁམས་ཀྱི་སྐབས་སུ། ཡུལ་དབང་གཉིས་པོ་རང་དང་དུས་མཉམ་པའི་འབྲས་བུ་འཛིན་བྱེད་ཡིན་གྱི། སྐྱེད་བྱེད་མ་ཡིན་པ་དང༌། སྐྱེ་མཆེད་ཀྱི་སྐབས་སུ་ཡུལ་དབང་གཉིས་པོ་ཉེར་སྤྱོད་མ་འོངས་པ་སྐྱེད་བྱེད་ཡིན་གྱི། འཛིན་བྱེད་མ་ཡིན་པར་ཁས་ལེན་དགོས་ཏེ། གཞན་དུ་ན་དེ་འཛིན་པའི་ཆ་ནས་སྐྱེ་མཆེད་དུ་ནི་གཞག་མི་ནུས་པས། ཁམས་སུ་བཞག་དགོས་ལ། དེ་ལྟ་ན་འདས་པ་དང་ད་ལྟར་གྱི་ཉེ་བར་སྤྱོད་པ་དྲུག་འཛིན། ཞེས་པའི་གཞུང་དང་འགལ་ལོ། །དེ་སྐྱེ་མཆེད་དུ་གཞག་ནུས་ན་ནི། ཡུལ་དབང་མ་འོངས་པ་གཉིས་ཀྱང་སྐྱེ་མཆེད་དུ་ཐལ་བར་འགྱུར་ལ། འདོད་མི་ནུས་པ་ནི། དེ་སྐྱེ་བའི་སྒོ་འབྱེད་པ་མ་ཡིན་ནོ། །ཡང་འདས་པ་ལ་སྐྱེ་མཆེད་མི་འཇོག་པ་ཅི་ཞེ་ན། འདས་པས་ནི་རང་གི་འབྲས་བུ་སྐྱེ་བའི་སྒོ་ཕྱེ་ཟིན་པའི་ཕྱིར། འབྱེད་པ་མ་ཡིན་ནོ། །ཡང་འོ་ན་མ་འོངས་པ་ལ་ཁམས་མི་འཇོག་པ་ཅི་ཞེ་ན། མ་འོངས་པའི་ཡུལ་དབང་རྣམ་ཤེས་གསུམ་གྱིས་ཉེར་སྤྱོད་ད་ལྟ་བ་མི་འཛིན་པའི་ཕྱིར་རོ། །འོ་ན་གཞུང་དུ། མ་འོངས་པའི་མཚན་གཞིར། ཐམས་ཅད་ཀྱི་ཕྱོགས་གཅིག་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་པ་དེ་ནི་ཆོས་གསུམ་ས་བོན་དང་བཅས་པ་ཡིན་ལ། འདིར་ནི་ཉེར་སྤྱོད་འཛིན་པ་དངོས་ཀྱི་དབང་དུ་བྱས་པ་ཡིན་ཞེས་བཤད་ཟིན་ཏོ། །དེ་ལས་གཞན་དུ་ན་འདུས་བྱས་མ་འོངས་པ་རྣམས་ཀྱི་ཉེར་སྤྱོད་ཇི་ལྟར་འཛིན་ཞེས་བསམ་དགོས་སོ། །གཞུང་འདི་གཉིས་ཀྱི་རྣམ་བཤད་མཛད་པ་པོ་གཞན་གྱིས་ལེགས་པར་བཤད་པ་གཅིག་ཀྱང་མ་མཐོང་བས་འབད་རྩོལ་གྱིས་བཏོན་པ་ཡིན་ལ། ཧ་ཅང་འབྱམས་ཀླས་པའི་སྐྱོན་མེད་དོ། །གསུམ་པ་ལ་གཉིས་ཏེ། ཉེར་ལེན་གྱི་ཕུང་པོ་འཇོག་པའི་རྒྱུ་མཚན་དང༌། རྒྱུ་མཚན་དེ་ཉིད་ཁམས་དང་སྐྱེ་མཆེད་ལ་སྦྱར་བའོ། །དང་པོ་དྲི་བ་དང༌། ལན་གཉིས་ལས་ཟག་བཅས་ཀྱི་ཕུང་པོ་རྣམས་ཆོས་ཅན། ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། ཉེ་བར་ལེན་པ་དང་ལྡན་ཚུལ་གསུམ་པོ་གང་རུང་གི་སྒོ་ནས་ལྡན་པའི་དངོས་པོ་ཡིན་པས་སོ། །ཉེ་བར་ལེན་པ་གང་ཞེ་ན། ཕུང་པོ་མ་འོངས་པ་ལ་འདུན་པའི་འདོད་ཆགས་དང༌། ད་ལྟར་བ་ལ་སྲེད་པའི་འདོད་ཆགས་གཉིས་ཁོ་ན་ཆོས་ཅན། འདིར་ཉེ་བར་ལེན་པ་ཞེས་བྱ་སྟེ། ཡང་སྲིད་ཕྱི་མ་འགྲུབ་བྱེད་ཀྱི་ལས་ཀུན་ནས་སློང་བྱེད་ཡིན་པའི་ཕྱིར། སྤྱིར་ཉེ་བར་ལེན་པ་ཞེས་བྱ་བ། ཉོན་མོངས་པའི་སྤྱི་མིང་ཡིན་ཡང༌། འདིར་འདོད་ཆགས་ཁོ་ན་ལ་འཆད་པ་ནི། ཇི་སྐད་དུ། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང༌། །མ་བརྗོད་སྲེད་པ་ཉིད་བཤད་པ། །རྒྱུ་ནི་འཕེན་པར་བྱེད་ཕྱིར་དང༌། །དེ་མ་ཐག་ཕྱིར། ཞེས་གསུངས་པ་ལྟར་རོ། །འདིར་འདུན་པ་དང་འདོད་ཆགས་ཀྱི་ཁྱད་པར་མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་ལ་སྲེད་པར་བཤད་མོད། གང་ཡང་རུང་བ་ཅིག་བཤད་པས་མི་ཆོག་པ་ཅི་ཞེ་ན། འདིའི་ལན་ནི་རྣམ་གྲངས་གཉིས་ཏེ། འདུན་པ་བཤད་པས་ནི། ཉེར་ལེན་ལས་བྱུང་བས་ཉེར་ལེན་ཞེས་བྱ་ལ། འདོད་ཆགས་བཤད་པས་ནི། ཉེར་ལེན་ལ་རག་ལས་པས་ཉེར་ལེན་དུ་བཤད་པ་ཡིན་ཏེ། དེས་བདག་གིར་བྱས་པའི་ཕྱིར་རོ། །ཡང་ན་ད་ལྟར་གྱི་ཕུང་པོ་ལ་སྲེད་པས་ནི། བསོད་ནམས་མ་ཡིན་པའི་ལས་སོག་པར་བྱེད་ལ། མ་འོངས་པའི་ཕུང་པོ་ལ་སྲེད་པས་ནི། བསོད་ནམས་དང་མི་གཡོ་བའི་ལས་སོག་པར་བྱེད་པ་ཡིན་པ་དེའི་ཕྱིར། བདེ་འགྲོ་དང༌། ངན་འགྲོའི་རྣམ་སྨིན་གྱི་ཕུང་པོ་འགྲུབ་བྱེད་ཀྱི་རྒྱུའི་གཙོ་བོ་ངོ་ཤེས་པའི་ཕྱིར་དུ་གཉིས་སྨོས་པ་ཡིན་ནོ། །ལྡན་ཚུལ་གསུམ་ནི་ཉེར་ལེན་ལས་བྱུང་བ་དང༌། དེ་ལས་ཉེར་ལེན་འབྱུང་བ་དང༌། ཉེར་ལེན་ལ་རག་ལས་པའོ། །གཉིས་པ་ནི། ཅིའི་ཕྱིར་སོགས་སོ། །བཞི་པ་ལ་གཉིས་ཏེ། ཕུང་ཁམས་སོ་སོའི་མཚན་ཉིད་དང༌། སྐྱེ་མཆེད་ཀྱི་མཚན་ཉིད་ཁམས་དང་མཚུངས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཕུང་པོའི་དང༌། ཁམས་སོ་སོའི་མཚན་ཉིད་དོ། །དང་པོ་ལ་ལྔ་ལས། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ལ་སྤྱི་དོན་ནི། མཚན་ཉིད་ཀྱི་སྒྲ་འཇུག་པ་ནི་གཉིས་ཏེ། གང་གིས་མཚོན་པར་བྱེད་པ་དང༌། གང་ལ་མཚོན་པར་བྱ་བའོ། །དང་པོ་ནི་མཚོན་བྱེད་དང༌། གཉིས་པ་ནི་མཚན་གཞིའོ། །གང་མཚོན་པར་བྱ་བ་ནི་མཚོན་བྱ་སྟེ་ཐ་སྙད་ཡིན་ལ། དེ་ལ་གཞུང་ལུགས་ནས་མཚན་ཉིད་ཀྱི་བརྡ་སྦྱར་བ་མེད་དོ། །དང་པོ་ལ་གཉིས་ཏེ། ཐུན་མོང་མ་ཡིན་པར་མཚོན་བྱེད་རང་གི་མཚན་ཉིད། ཐུན་མོང་དུ་མཚོན་པར་བྱེད་པ་སྤྱིའི་མཚན་ཉིད་དོ། །གཞུང་འདིར་གཉིས་ཀ་བཤད་པ་ཡིན་ཏེ། ཆོས་གསུམ་གྱི་མཚན་ཉིད་འཆད་པའི་སྐབས་འདིར་དང་པོ་དང༌། བདེན་པ་རྣམ་ངེས་སུ། བདེན་པ་རེ་རེ་ལ་མཚན་ཉིད་བཞི་བཞི་བཤད་པས་ནི་སྤྱིའི་མཚན་ཉིད་བཤད་པ་ཡིན་པས་སོ། །དང་པོ་ལ། མཚན་ཉིད་ཀྱི་སྐྱོན་གསུམ་དང་བྲལ་བ་དགོས་ལ། གཉིས་པ་ལ་ནི་དེ་དགོས་པ་མ་ཡིན་ནོ། །སྐྱོན་དེ་སེལ་ཚུལ་ལ་གཉིས་ཏེ། རིགས་མི་མཐུན་ལ་ལྟོས་པའི་དང༌། ལོག་རྟོག་ལ་ལྟོས་པའི་འོ། །འདིར་ནི་དང་པོའི་དབང་དུ་བྱས་ནས་འཆད་དགོས་པ་ཡིན་ནོ། །ཇི་ལྟར་མཚོན་པའི་ཚུལ་ནི། རྣམ་གཞག་གི་སྐབས་ནས་འབྱུང་བ་རྣམས་མཚན་གཞིར་བཞག་ནས། ཆོས་གསུམ་ཙམ་དང༌། ནང་ཚན་སོ་སོའི་ཐ་སྙད་བྱ་རུང་དུ་མཚོན་པ་ལ། རང་རང་སོ་སོའི་མཚན་ཉིད་ཤེས་བྱེད་དུ་བཀོད་པས་ནི་མིང་དོན་གྱི་འབྲེལ་པ་གཞི་སོ་སོའི་སྟེང་དུ་ཤེས་པར་འགྱུར་ལ། དེ་ལྟར་ཤེས་པས་ནི་བྱེད་པ་པོ་དང༌། ཟ་བ་པོའི་བདག་མེད་ཀྱང༌། ཕུང་སོགས་ཆོས་ཙམ་དུ་འཇོག་ཤེས་པ་ནི་མཚན་ཉིད་ཀུན་ལས་བཏུས་པ་རྒྱས་པར་བཤད་པའི་སྐབས་དོན་གྱི་གཙོ་བོ་ཡིན་ནོ། །གཞུང་གི་དོན་ནི། གཟུགས་སུ་ཡོད་པ་རྣམ་པ་གཉིས་པོ་གང་རུང་གི་སྒོ་ནས། གཟུགས་སུ་ཡོད་པ་དེ་ཆོས་ཅན། གཟུགས་སུ་ཡོད་པའི་མཚན་ཉིད་ཡིན་ཏེ། དེའི་ཐ་སྙད་རང་གི་མཚན་གཞིའི་སྟེང་དུ་མཚོན་པར་བྱེད་པ་ལ་མཚན་ཉིད་ཀྱི་སྐྱོན་གསུམ་དང་བྲལ་བ་ཡིན་པའི་ཕྱིར། སྤུང་བྱ་རྣམ་བརྟགས་ཀྱི་གཟུགས་རུང་དུ་མ། སྤུང་བྱེད་རྣམ་གཡེང་གི་རྟོག་པས་ཕྱོགས་གཅིག་ཏུ་སྤུངས་པ་དེ་ཆོས་ཅན། གཟུགས་ཕུང་གི་མཚན་ཉིད་ཡིན་ཏེ། དེའི་ཐ་སྙད་རང་གི་མཚན་གཞིའི་སྟེང་དུ་མཚོན་པ་ལ། མཚན་ཉིད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཕྱིར། འདི་ལ་གཉིས་ཏེ། རྟོག་པ་དེས་དངོས་ཡུལ་དུ་བྱས་པ་གཞན་སེལ་གྱི་ཆ་དང༌། དེས་འཇུག་ཡུལ་དུ་བྱས་པ་རྣམ་བརྟགས་ཀྱི་ཆ་གཉིས་ལས། དང་པོ་འདིར་མི་བཟུང་སྟེ། དངོས་པོར་མེད་པའི་ཕྱིར་རོ། །འོ་ན་དེའི་འཇུག་ཡུལ་གཟུགས་རང་མཚན་ལ་བྱ་བ་མ་ཡིན་ནམ་ཞེ་ན། དོན་སྨྲ་བའི་ལུགས་ལ་དེ་ལྟར་ཡིན་ཀྱང༌། འདིར་མ་ཡིན་ཏེ། དོན་སྣང་གི་ཤེས་པ་དོན་ལ་ཚད་མར་མི་རུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རེག་པས་གཟུགས་ཡོད་བཤད་པ་དང༌། ཡུལ་དཔྱད་པས་གཟུགས་ཡོད་བཤད་པའོ། །དང་པོ་ལ་གསུམ་སྟེ། ལུས་དངོས་དང༌། དེ་འབྲེལ་གྱི་དབང་དུ་བྱས་པ། ཕྱི་ནང་གི་དབང་དུ་བྱས་པ། སེམས་ཅན་ཡིན་མིན་གྱི་དབང་དུ་བྱས་པའོ། །གཉིས་པ་ལ་གཉིས་ཏེ། བྱ་བྱེད་ལས་གསུམ་གང་རུང་གི་སྒོ་ནས་གཟུགས་རུང་དུ་འཇོག་བྱེད་བཤད་པ་དང༌། དེས་གཞག་པའི་གཟུགས་རུང་ཤུགས་ལ་མཚོན་ནུས་པའོ། །འདིར་གཟུགས་རུང་གི་དོན་སློབ་དཔོན་དབྱིག་གཉེན་གནོད་པ་བྱ་རུང་ལ་འཆད་པ་ཡིན་ལ། གཏན་ལ་དབབ་པ་བསྡུ་བ་ལས་ནི། དེ་ལྟར་བཤད་ན་གཟུགས་ཁམས་པའི་གཟུགས་ལ་མ་ཁྱབ་པའི་སྐྱོན་ཡོད་པ་དང༌། ཡུལ་དཔྱད་པའི་གཟུགས་རུང་ལ་གནོད་པ་བྱ་རུང་གི་དོན་མ་ཚང་བར་བཞེད་དོ། །འོ་ན་ཅི་གཟུགས་རུང་གཉིས་པའི་འཆད་ཚུལ་འདིས་གཟུགས་ཀྱི་དོན་སྤྱི་བཟུང་བ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད། དེས་ནི་ཀུན་བརྟགས་ཀྱི་གཟུགས་བཤད་པ་ཡིན་ལ། འདིར་ནི་རྟོག་པ་དེ་གང་ལ་གཟུགས་སུ་ཞེན་པའི་གཞི། ཏིང་ངེ་འཛིན་དང་རྟོག་པ་རང་ག་བ་ལ་གཟུགས་སུ་སྣང་བ་དེ་ངོས་བཟུང་བ་ཡིན་ཏེ། དེའི་འཇུག་ཡུལ་དུ་གྱུར་པའི་གཟུགས་རང་མཚན་ནི་མེད། ཅིག་ཤོས་ནི་དོན་སྤྱི་ལས་མ་འདས་པའི་ཕྱིར། གཉིས་པ་ཚོར་བའི་མཚན་ཉིད་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། མྱོང་བའི་ངོ་བོར་གྱུར་པའི་རིག་པའོ། །དེ་ཡང་བྱེ་སྨྲ་ཡུལ་མྱོང་བར་འདོད་པ་དང༌། སློབ་དཔོན་འདུལ་བཟང་རེག་པ་མྱོང་བར་འདོད་པ་དང༌། མདོ་སྡེ་པ་རྣམ་སྨིན་མྱོང་བར་འདོད་པ་དང༌། སེམས་ཙམ་པ་རང་གི་ངོ་བོ་མྱོང་བར་འདོད་དོ་ཞེས་བོད་སྔ་མ་རྣམས་གསུང་མོད། འདིར་ནི་གཞུང་གི་དངོས་བསྟན་ཁས་བླང་བར་བྱ་སྟེ། འདི་ལྟར། གཉིས་པ་ནི། མྱོང་བ་དེ་གང་ཞེ་ན། བྱེད་པ་པོ་མྱོང་བའི་ངོ་བོ་གང་གིས་ལས་སུ་བྱ་བ་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པར་བྱེད་པ་སོ་སོར་མྱོང་བའི་རིག་པའོ། །རྣམ་སྨིན་ལ་གཉིས་ཏེ། དངོས་དང་དེ་ལས་བྱུང་བའོ། །དང་པོ་ནི། ཀུན་གཞིའི་འཁོར་གྱི་ཚོར་བ་བཏང་སྙོམས་ཡིན་ལ། གཉིས་པ་ནི། ལུས་སེམས་ཀྱི་ཚོར་བ་བདེ་སྡུག་རྣམས་སོ། །དེ་ལྟར་ན་འདིའི་དངོས་བསྟན་གྱི་ཚོར་བ་ནི་ཉེར་ལེན་གྱི་ཚོར་བ་ཁོ་ནའོ། །གཉིས་པ་འདུ་ཤེས་དང༌། གསུམ་པ་འདུ་བྱེད་རྣམས་ཀྱི་མཚན་ཉིད་ཀྱང་སྔ་མ་བཞིན་དུ་བྱ་བྱེད་ལས་གསུམ་གྱི་སྒོ་ནས་བཤད་པར་བྱའོ། །འདིའི་དངོས་བསྟན་གྱི་འདུ་ཤེས་ཀྱང་ཁྱད་པར་བ་ཐ་སྙད་བཞི་པོ་ཁོ་ན་འདོགས་བྱེད་ལ་བཤད་པས། འདུ་ཤེས་མཐའ་དག་མ་བསྡུས་ཤིང༌། འདུ་བྱེད་ཀྱང་སེམས་བྱུང་སེམས་པ་ཁོ་ན་ལ་བཤད་པས་མཐའ་དག་མ་བསྡུས་སོ། །འདིར་ཐ་སྙད་བཞི་པོ་འདི་ཙམ་ཞིག་སྟོན་པ་ཅི་ཞེ་ན། བླང་དོར་བྱ་བའི་ཐ་སྙད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཡང་དབང་ཤེས་ཀྱི་ཐ་སྙད་ཀྱི་གཙོ་བོ་ནི། མཐོང་ཐོས་གཉིས་ཏེ། དབང་ཤེས་ཀྱི་གཙོ་བོ་ནི་ལྷའི་མིག་དང་རྣ་བ་གཉིས་སུ་ངེས་པའི་ཕྱིར་རོ། །ཡིད་ཤེས་ཀྱི་ཐ་སྙད་ཀྱི་ཡུལ་ནི་ཕྱི་མ་གཉིས་ཏེ། དེའི་གཙོ་བོ་ནི་ཐོས་བསམ་སྒོམ་གསུམ་གྱི་ཤེས་པ་ལ་བྱ་ལ། ཐོས་བསམ་གྱིས་བྱེ་བྲག་ཕྱེད་པ་དང༌། བསྒོམ་བྱུང་གིས་རྣམ་པར་ཤེས་ནས། དོན་རྣམས་ལ་ཐ་སྙད་འདོགས་པ་ནི་ཐ་སྙད་ཀྱི་ཡུལ་ལས་མི་སླུ་བའི་ཕྱིར་རོ། །ལྔ་པ་རྣམ་ཤེས་ཀྱི་མཚན་ཉིད་ཀྱང༌། བྱ་བྱེད་ལས་གསུམ་གྱི་སྒོ་ནས་བཤད་པར་བྱ་བ་ཡིན་ལ། འདིའི་དངོས་བསྟན་ལ་ཡང་རྣམ་ཤེས་མཐའ་དག་ཡོད་པ་མ་ཡིན་ཏེ། ཀུན་གཞི་དང་ཉོན་ཡིད་ལ་འདི་ནས་བཤད་པའི་མཚན་ཉིད་མ་ཚང་བའི་ཕྱིར། དེ་ལྟར་ན། ཕུང་པོ་ལྔའི་དངོས་བསྟན་གྱི་མཚན་ཉིད་ནི་རྒྱ་ཆུང་ལ། མཚན་གཞིའི་རྣམ་པར་བཞག་པ་ནི་རྒྱ་ཆེས་པས། མཚན་ཉིད་དེས་མཚན་གཞིའི་རྣམ་གཞག་མཐའ་དག་ལ་མ་ཁྱབ་ཀྱང༌། རང་གི་མཚོན་བྱར་གང་བཟུང་བ་དེ་ལ་ཁྱབ་པར་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་ཁམས་སོ་སོའི་མཚན་ཉིད་ལ་གསུམ་སྟེ། དབང་པོའི་དང༌། ཡུལ་གྱི་དང༌། རྣམ་པར་ཤེས་པའི་ཁམས་དྲུག་གི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མིག་གི་ཁམས་ཀྱི་མཚན་ཉིད་དང༌། ལྷག་མ་དེ་དང་མཚུངས་པར་བསྟན་པའོ། །དང་པོ་ལ། མིག་མངོན་གྱུར་རྣམ་སྨིན་ལས་བྱུང་བ་དེའི་མཚན་ཉིད་དང༌། ས་བོན་དང༌། རྣམ་སྨིན་གང་རུང་གི་ངོ་བོར་གྱུར་པའི་མིག་ཁམས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་ནི། མིག་གང་གིས་སོགས་སོ། །གཉིས་པ་ནི་ས་བོན་སོགས་སོ། །རང་དང་དུས་མཉམ་པའི་ཉེར་སྤྱོད་མིག་གི་རྣམ་པར་ཤེས་པ་རྟེན་གྱི་སྒོ་ནས་འཛིན་པའི་མིག་འདས་པ་དང༌། ད་ལྟར་བ་གང་རུང་ཆོས་ཅན། མིག་ཁམས་མངོན་གྱུར་བའི་མཚན་ཉིད་ཡིན་ཏེ། ཞེས་དང༌། ཀུན་གཞིའི་སྟེང་གི་མིག་མ་འོངས་པ་སྐྱེ་བའི་ནུས་པའམ། མིག་གི་ས་བོན་ཆོས་ཅན། ས་བོན་གྱི་ཆར་གྱུར་པའི་མིག་ཁམས་ཀྱི་མཚན་ཉིད་ཡིན་ཏེ། ཞེས་དང༌། སྐྱེ་བ་སྔ་མའི་ལས་ཀྱིས་འཕངས་པ་བཞིན་ཀུན་གཞིའི་སྟེང་དུ་རྣམ་སྨིན་གྱི་ངོ་བོར་གྲུབ་ཟིན་པའི་མིག་ཆོས་ཅན། རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་ཁམས་ཀྱི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། ཞེས་སོ་སོར་འགོད་པའམ། མིག་ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། མངོན་གྱུར་དུ་ལྡན་པ་གང་རུང་གི་ངོ་བོར་གྱུར་པའི་མིག་ཆོས་ཅན། འདིར་བསྟན་མིག་ཁམས་ཀྱི་མཚན་ཉིད་ཡིན་ཏེ་ཞེས་འགོད་དོ། །དེ་གསུམ་ཀ་ཡང་རྣམ་བརྟགས་ཀྱི་མིག་ཏུ་ཁྱད་པར་མེད་ལ། སོ་སོའི་མཚན་གཞི་ནི། མིག་མངོན་གྱུར་དང༌། དེའི་ས་བོན་དང༌། མིག་འཕེན་བྱེད་ཀྱི་ལས་ཀྱི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་རྣམས་སོ། །དང་པོས་ནི་བདག་རྐྱེན་བྱས་པའི་སྒོ་ནས་ཉེར་སྤྱོད་འཛིན་ལ། ཕྱི་མ་གཉིས་ཀྱིས་ནི་རྒྱུའི་རྐྱེན་བྱས་པའི་སྒོ་ནས་སོ། །བོད་ཀྱི་རྣམ་བཤད་དག་དང༌། འགྲེལ་པ་རྒྱལ་སྲས་མར། རྣམ་པར་སྨིན་པ་ཞེས་པ་ཡང་ས་བོན་ལ་བཤད་པ་ནི་ཤིན་ཏུ་ནོངས་པ་ཡིན་ཏེ། རྣམ་སྨིན་དང་ས་བོན་མ་ཕྱེད་པའི་སྐྱོན་དང༌། གཞུང་ཟློས་པའི་སྐྱོན་དང༌། རྣམ་སྨིན་དངོས་སུ་གྱུར་པའི་མིག་སོགས་ཁས་ལེན་མ་ཤེས་པའི་ཉེས་པ་རྣམས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་མིག་གི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ། །ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། གཟུགས་ཁམས་ཀྱི་མཚན་ཉིད་དང༌། ལྷག་མ་དེ་དང་མཚུངས་པར་བསྟན་པའོ། །དང་པོ་ལ་རྣམ་བརྟགས་ཀྱི་གཟུགས་མངོན་གྱུར་གྱི་མཚན་ཉིད་དང༌། ས་བོན་དང༌། རྣམ་སྨིན་གྱི་མཚན་ཉིད་དོ། །དང་པོ་ནི་གཟུགས་གང་དག་སོགས་ལ། རང་དང་དུས་མཉམ་པའི་མིག་ཤེས་དམིགས་པའི་སྒོ་ནས་འཛིན་པའི་རྣམ་བརྟགས་ཀྱི་གཟུགས་འདས་པ་དང༌། ད་ལྟར་བ་གང་རུང་ཆོས་ཅན། གཟུགས་ཁམས་མངོན་གྱུར་བའི་མཚན་ཉིད་ཡིན་ཏེ། ཞེས་པའོ། །གཉིས་པ་ནི། དེ་ལ་མིག་གི་ཁམས་དབང་བྱེད་པ་ཉིད་གང་ཡིན་པ་དེ། ཞེས་པའོ། །དེའི་དོན་ནི་ཀུན་གཞིའི་སྟེང་དུ་མིག་གི་ས་བོན་ཡང་གྲུབ་པ་དང༌། མིག་རྣམ་སྨིན་གྱི་ངོ་བོར་གྲུབ་པ་ན། གཟུགས་ཀྱང་དེའི་བདག་འབྲས་སུ་གྲུབ་པའོ། །ཀུན་གཞིའི་ས་བོན་གྱི་སྟེང་གི་གཟུགས་སྣང་འབྱུང་རུང་གི་ནུས་པ་ཆོས་ཅན། ས་བོན་གྱི་ངོ་བོར་གྱུར་པའི་གཟུགས་ཁམས་ཀྱི་མཚན་ཉིད་ཡིན་ཏེ། ཞེས་དང༌། རྣམ་སྨིན་གྱི་ངོ་བོ་དང་གྲུབ་བདེ་གཅིག་ཏུ་གནས་པའི་རྣམ་བརྟགས་ཀྱི་གཟུགས་ཆོས་ཅན། རྣམ་སྨིན་གྱི་ཆར་གྱུར་པའི་གཟུགས་ཁམས་ཀྱི་མཚན་ཉིད་ཡིན་ཏེ། ཞེས་སྦྱར་རོ། །ཀུན་གཞིའི་རྣམ་སྨིན་གྱི་ཆ་དང་ཚོགས་པ་གཅིག་ན་གཟུགས་སུ་སྣང་བ་ཡོད་པར་ཡང་དབུས་མཐའ་དང༌། སུམ་ཅུ་པ་གཉིས་ཀ་ལས་འབྱུང་ངོ༌། །གཉིས་པ་ནི། གཟུགས་ཀྱི་ཁམས་ཀྱི་ཞེས་སོགས་སོ། །གསུམ་པ་ལ། མིག་མི་རྣམ་ཤེས་ཀྱི་མཚན་ཉིད་བཤད་པ་དང༌། ལྷག་མ་དེ་དང་མཚུངས་པར་སྦྱར་བའོ། །དང་པོ་ལ་སྔ་མ་ལྟར་གཉིས་ལས། དང་པོ་ནི། རྟེན་རང་དང་དུས་མཉམ་པའི་རྣམ་བརྟགས་ཀྱི་མིག་ལ་བརྟེན་ཅིང་དམིགས་པ་རང་དང་དུས་མཉམ་པའི་རྣམ་པར་བརྟགས་པའི་གཟུགས་ཀྱིས་དམིགས་པའི་རྐྱེན་བྱས་ནས་གཟུགས་སུ་སྣང་བའི་ཡུལ་ཅན་གྱི་རྣམ་པར་རིག་པ་གང་ཡིན་པ་དེ་ཆོས་ཅན། མིག་གི་རྣམ་ཤེས་ཀྱི་ཁམས་མངོན་གྱུར་བའི་མཚན་ཉིད་ཡིན་ཏེ། ཞེས་དང༌། ལས་ཀྱི་འཕངས་པའི་མིག་གི་རྣམ་པར་ཤེས་པ་རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཆོས་ཅན། ཞེས་དང༌། དེའི་ས་བོན་སྨིན་མ་ཟིན་པ་དེ་ཆོས་ཅན། ཞེས་སྔ་མ་བཞིན་དུ་སྦྱར་རོ། །མིག་དང་མིག་ཤེས་གཉིས་ལ་རྣམ་སྨིན་གྱི་ཆ་རུང་བས། གཞུང་དུ་རྣམ་པར་སྨིན་པའི་ཀུན་གཞིའི། ཞེས་གསུངས་ལ། གཟུགས་སོགས་ལ་ལས་ཀྱི་བདག་འབྲས་མ་གཏོགས་རྣམ་སྨིན་མི་རུང་བས། གཞུང་དུ་དབང་བྱེད་པ་ཞེས་བྱ་བའི་སྒྲས་བསྟན་ནོ། །གཉིས་པ་ནི། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་དུ་ཞེས་སོགས་སོ། །གསུམ་པ་སྐྱེ་མཆེད་ཀྱི་མཚན་ཉིད་དེ་དང་མཐུན་པར་སྦྱོར་ཚུལ་ལ་གཉིས་ཏེ། ནང་གི་སྐྱེ་མཆེད་ཀྱི་དང༌། ཕྱིའི་སྐྱེ་མཆེད་ཀྱི་མཚན་ཉིད་དོ། །དང་པོ་ནི། མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་གང་ཞེ་ན། མིག་གང་གིས་གཟུགས་རྣམས་མཐོང་བར་འགྱུར་བ་དང༌། དེའི་ས་བོན་བསགས་པ་དང༌། རྣམ་པར་སྨིན་པའི་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །ཞེས་པའི་བར་རོ། །འདི་ལ། མིག་གི་རྣམ་པར་ཤེས་པ་མ་འོངས་པའི་བདག་རྐྱེན་དུ་གྱུར་པའི་མིག་ད་ལྟར་བ་ཆོས་ཅན། མིག་གི་སྐྱེ་མཆེད་མངོན་གྱུར་བའི་མཚན་ཉིད་ཡིན་ཏེ། ཞེས་དང༌། མིག་མ་འོངས་པའི་རྒྱུ་རྐྱེན་དུ་གྱུར་པའི་མིག་གི་ས་བོན་ཆོས་ཅན། ཞེས་དང༌། ཡང་དེར་གྱུར་པའི་རྣམ་སྨིན་གྱི་ངོ་བོར་གནས་པའི་མིག་ཆོས་ཅན། ཞེས་སྦྱར་རོ། །གཉིས་པ་ལ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་དང༌། དེས་ལྷག་མ་མཚོན་པའོ། །དང་པོ་ནི། གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་གང་ཞེ་ན། གཟུགས་གང་དག་མཐོང་བར་འགྱུར་བ་དང༌། དེའི་ས་བོན་བསགས་པ་དང༌། དེ་ལ་མིག་གི་སྐྱེ་མཆེད་དབང་བྱེད་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་དོ། །དེ་བཞིན་དུ། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་དང༌། ཆོས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱང་དེ་བཞིན་ནོ། །ཞེས་སྦྱར་རོ། །འགྲེལ་པས་འདི་ལྟར་སྦྱར་བ་ལ། རྗེ་བཙུན་རེ་མདའ་པ། དེ་ལྟ་ན་ཁམས་དང༌། སྐྱེ་མཆེད་ཀྱི་མཚན་གཞི་འགལ་བར་འགྱུར་རོ་ཞེས་གསུངས་པ་དང༌། སློབ་དཔོན་བཟང་བློ་བ། ཁམས་འདས་ད་ལྟར་དང༌། སྐྱེ་མཆེད་མ་འོངས་པ་ཁོ་ན་ལ་བཤད་ན། དུས་གསུམ་གྱི་རྣམ་པའི་རབ་དབྱེ་སྟོན་པའི་གཞུང་དང་འགལ་ལོ། །ཞེས་གསུངས་པ་དེ་དག་ནི་ཅིར་ཡང་མི་རུང་སྟེ། ཕྱོགས་སྔ་མ་དེ་ལ་སུན་འབྱིན་དེ་དག་ཇི་ལྟར་འཇུག་པའི་ཚུལ་བརྟགས་ན་སྙིང་པོ་ཅི་ཡང་མི་སྣང་བའི་ཕྱིར་རོ། །དེ་ཡང་འདི་ལྟར། མིག་ད་ལྟར་བ་གཅིག་ཉིད། ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཆ་ནས་ཁམས་དང༌། མ་འོངས་པ་སྐྱེད་པའི་ཆ་ནས་སྐྱེ་མཆེད་དུ་འཇོག་ཅེས་པ་ཉིད་གཞུང་ན་གསལ་བས། འགྲེལ་པས་གཞན་དུ་མ་བཤད་པའི་ཕྱིར་དང༌། དུས་གསུམ་གྱི་རབ་དབྱེ་དང་འགལ་བའི་སྐྱོན། གཞུང་རྩ་བ་ཉིད་ལ་བརྗོད་དགོས་པར་འགྱུར་ཏེ། ཁམས་དང་སྐྱེ་མཆེད་ཀྱི་གྲངས་ངེས་མཛད་པ་ན། མ་འོངས་པ་ལ་ཁམས་དང་སྐྱེ་མཆེད་མ་བཞག་པའི་ཕྱིར་རོ། །ཁྱེད་ཅག་ཇི་ལྟར་མཐུན་མཐུན་གྱི་དོན་སྔ་མ་སོར་བཞག་ནས། མ་འོངས་པ་བསྣོན་པ་ལྟར་ན། ཁམས་ཀྱི་མཚན་ཉིད་ཀྱང་དུས་གསུམ་ཀ་དང་སྦྱོར་རིགས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེས་ན་ཁམས་དང༌། སྐྱེ་མཆེད་གཉིས་ཀྱི་འབྲས་བུ་ཉེར་སྤྱོད་ནི་དུས་གསུམ་ཀ་སྲིད་ཀྱང༌། གཉིས་པོའི་ལྡོག་ནས་མ་འོངས་པ་ལ་མི་འཆད་པའི་ཤེས་བྱེད་ནི། སྐྱེ་མཆེད་ཀྱི་སྐབས་སུ་རྒྱུ་འབྲས་སྔ་ཕྱི་བ་དགོས་པ་ལས། མ་འོངས་པ་ལ་སྔ་ཕྱི་མེད་པ་ལས་དང༌། ཁམས་ཀྱི་སྐབས་སུ། མ་འོངས་པས་ཉེར་སྤྱོད་བཟུང་བ་མེད་པའི་རྒྱུ་མཚན་གྱིས་སོ། །འོ་ན་མ་འོངས་པའི་གཟུགས་དེ་ཁམས་ཀྱང་མ་ཡིན། སྐྱེ་མཆེད་ཀྱང་མ་ཡིན་ན་དེ་ལས་གཞན་པ་ཅི་ཞེ་ན། ལན་ལ། མགོ་མཚུངས་དང༌། རྣལ་མའོ། །འོ་ན་དེས་འདས་ད་ལྟར་གང་རུང་གི་ཉེར་སྤྱོད་འཛིན་པ་ཡང་མ་ཡིན། ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་ཡང་མ་ཡིན་ན། ཅི་ཞིག་ཡིན། གཉིས་པ་ནི། མ་འོངས་པའི་གཟུགས་ཀྱིས་ད་ལྟར་ཉེར་སྤྱོད་མི་འཛིན་ཡང༌། ད་ལྟར་བའི་འགོག་སར་སླེབ་པ་ཉེར་སྤྱོད་འཛིན་པས། དེའི་རིགས་ཅན་ཡིན་པའི་ཕྱིར། དེར་བཏགས་པ་ཡིན་ཏེ། མ་འོངས་པའི་སངས་རྒྱས་བཞིན་ནོ། །ལྔ་པ་མཚན་གཞིའི་རྣམ་པར་བཞག་པ་ལ། དངོས་དང༌། ཞར་ལས་བྱུང་བའོ། །དང་པོ་ལ་རྒྱས་པར་བཤད་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ་ལས། ཕུང་པོའི་རྣམ་གཞག་ལ་ལྔ་ལས། དང་པོ་གཟུགས་ཕུང་གི་རྣམ་གཞག་ལ་བསྟན་པ་དང༌། བཤད་པའོ། །དང་པོ་ནི། གཟུགས་གང་ཡིན་པ་སོགས་སོ། །གཉིས་པ་ལ་རྒྱུ་གཟུགས་དང༌། འབྲས་གཟུགས་སོ། །དང་པོ་ལ་དབྱེ་བ་དང༌། མཚན་ཉིད་དོ། །གཉིས་པ་ལ་ཡང་དབྱེ་བ་དང༌། མཚན་ཉིད་དོ། །དེ་ལ་གསུམ་སྟེ། ཡུལ་ཅན་དབང་པོ་ལྔའི་མཚན་ཉིད། ཡུལ་དོན་ལྔའི་མཚན་ཉིད། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱི་དབྱེ་བ་བསྟན་པས་མཚན་ཉིད་ཤུགས་ལ་གོ་བའོ། །དང་པོ་ནི། རྒྱུ་འབྱུང་བའི་ཁྱད་པར། བརྟེན་པ་རྣམ་པར་ཤེས་པའི་ཁྱད་པར། རང་གི་ངོ་བོ་གཟུགས་དྭངས་པ་ཡིན་པའི་ཁྱད་པར་དང་གསུམ་གསུམ་གྱི་སྒོ་ནས་སྟོན་ནོ། །གཉིས་པ་རྣམས་ནི། རྒྱུ་འབྱུང་བའི་ཁྱད་པར་དང༌། ཡུལ་ཅན་དབང་པོའི་ཁྱད་པར་གཉིས་གཉིས་ཀྱིས་སྟོན་ཅིང༌། དེ་དག་གི་དབྱེ་བ་ལ་ལྔ་ལས། དང་པོ་གཟུགས་ཀྱི་དབྱེ་བ་ལ་མཚན་ཉིད་ཀྱི་སྒོ་ནས་སྔོན་པོ་སོགས་དང༌། ཕན་གནོད་ཀྱི་སྒོ་ནས་གྲིབ་མ་སོགས་དང༌། བྱེད་པའི་སྒོ་ནས་སྐབས་ཡོད་སོགས་དང༌། རྒྱན་གྱི་སྒོ་ནས་ནམ་མཁའ་ཁ་དོག་གཅིག་པའོ། །དེ་དག་གི་བསྡུ་བ་ནི་ཁ་དོག་ངན་པ་སོགས་སོ། །སྒྲའི་དབྱེ་བ་ལ་ཕན་གནོད་ཀྱི་སྒོ་ནས་དང༌། གྲགས་པའི་སྒོ་ནས་དང༌། ཐ་སྙད་ཀྱི་སྒོ་ནས་བཞག་པ་རྣམས་སོ། །དྲིའི་དབྱེ་བ་ལ། ཕན་གནོད་དང༌། རྟེན་གྱི་དབྱེ་བ་གཉིས་སོ། །རོའི་དབྱེ་བ་ལ། མཚན་ཉིད་ཀྱི་ཁ་བ་སོགས་དང༌། ཕན་གནོད་ཀྱི་ཡིད་འོང་སོགས་དང༌། རྟེན་གྱི་ལྷན་སྐྱེས་སོགས་སོ། །རེག་བྱའི་དབྱེ་བ་ལ། དྭངས་མ་ཡིན་མིན་གྱི་གནས་སྐབས་དང༌། འདུས་མཁྲེགས་ཡིན་མིན་གྱི་གནས་སྐབས་དང༌། ཁམས་སྙོམས་དང༌། མ་སྙོམས་པའི་གནས་སྐབས་ཀྱི་དབྱེ་བ་རྣམས་སོ། །སྐབས་འདིར། རྣམ་བརྟགས་ཀྱི་འབྱུང་བ་དང༌། འབྱུང་འགྱུར་རྣམས་ནི་ཡོད་པར་ཁས་ལེན་ལ། ཀུན་བརྟགས་ཀྱི་དེ་དང་དེ་དག་ལ་མཚན་ཉིད་ཡོངས་སུ་ཆད་པ་དོན་སྨྲ་བས་ཁས་བླངས་པ་རྣམས་ནི་ཐ་སྙད་དུ་ཡང་མེད་ལ། རྣམ་གྲངས་པའི་ཀུན་བརྟགས་སུ་གྱུར་པ་དེ་དང་དེའི་དོན་སྤྱི་རྣམས་ནི་ཐ་སྙད་དུ་ཁས་ལེན་ཀྱང༌། དངོས་པོར་མེད་པའི་ཕྱིར། ཕུང་པོའི་རྣམ་གཞག་ཏུ་འཇོག་པ་ཅུང་ཟད་དཀའ་བ་ཡིན་ནོ། །དེ་ལྟ་ན་ཡང༌། སེམས་ཙམ་པས་རང་ལུགས་ལ་ཁས་ལེན་རྒྱུའི་གཟུགས་ཕུང་ནི་དེ་གཉིས་ལས་གཞན་གང་ཡང་མེད་པས། དེ་ཙམ་ཞིག་གི་སྒོ་ནས་གཟུགས་ཅན་གྱི་ཆོས་གསུམ་པོའི་རྣམ་གཞག་ཁས་བླངས་པར་བྱ་བ་ཡིན་གྱི། རྣལ་འབྱོར་སྤྱོད་པའི་གཞུང་གི་སྐབས་མི་ཤེས་པར་རྟོག་གེ་སྐམ་པོའི་བརྡ་སྐད་ཀྱིས་བག་ཡངས་པར་བརྒྱང་ནས་སྨྲ་བ་ལ་ཡིད་བརྟན་པར་མི་བྱའོ། །དོན་དེ་དག་ཀྱང་ཇི་སྐད་དུ། འོག་ནས་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང༌། བཞི་དག་རྒྱུར་བྱས་པའོ། །ཞེས་གང་གསུངས་པ་དེ་ཅི་ལ་དགོངས་ཏེ་གསུངས་ཤེ་ན། ཞེས་སོགས་རྒྱས་པར་གསུངས་པ་དང༌། དབྱིག་གཉེན་ཞབས་ཀྱིས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་དང༌། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །རྫུས་ཏེ་སྐྱེ་བའི་སེམས་ཅན་བཞིན། །ཞེས་དང༌། རིགས་པ་མཁྱེན་པས་ཀྱང༌། ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམ་གཞག་བཅས་པ། །དེ་ཚེ་གཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་དང༌། སྔོན་པོར་སྣང་བ་མཐོང་བ་ཡིན། །ཕྱི་རོལ་ཡན་གར་དོན་ཡོད་མིན། །ཞེས་གསུངས་སོ། །དེ་ལྟར་ན་དོན་འདིར་འགྱུར་ཏེ། གཟུགས་ཅན་གྱི་ཆོས་གསུམ་གྱི་རྣམ་པར་བཞག་པ་མཛད་དོ་ཞེས་པ་བཤད་པའི་གཞི། གང་གིས་ན། ཤེས་བྱ་ནང་གིར་སྨྲ་བ་རྣམས་ཀྱིས་ཀྱང་ངོ༌། །གང་ལ་ན། བག་ཆགས་ཀྱི་དབང་གིས་གཟུགས་ཅན་དུ་སྣང་བའི་ཤེས་པ་ལའོ། །ཚུལ་ཇི་ལྟར་དུ་ན། ངོ་བོ་ཉིད་དང་ཁྱད་པར་སོགས་སུ་སྒྲོ་འདོགས་པའི་རྟོག་པས། འདི་ནི་གཟུགས་སོ། །ཞེས་སོགས་སུ་སྒྲོ་འདོགས་པའི་རྒྱུ་མཚན་ལས་སོ། །དགོས་པ་ནི། དོན་སྨྲ་བ་རྣམས་རིམ་གྱིས་དྲང་བར་བྱ་བའི་ཕྱིར་དུའོ། །གསུམ་པ་ལ་དྲི་བ་ནི། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་གང་ཞེ་ན། ཞེས་པའོ། །ལན་ལ་གཉིས་ཏེ། དོན་ཐོབ་ཀྱི་མཚན་ཉིད་དང༌། དངོས་བསྟན་གྱི་དབྱེ་བ་བཤད་པའོ། །དང་པོ་ལ། བོད་སྔ་མ་རྣམས་ཡིད་ཤེས་འབའ་ཞིག་གི་སྤྱོད་ཡུལ་དུ་གྱུར་པའི་གཟུགས། ཞེས་ཟེར་བ་ནི་མི་རིགས་ཏེ། དབང་པོ་གཟུགས་ཅན་པ་ལྔ་ལ་ཁྱབ་ཆེས་པའི་ཕྱིར་དང༌། གཟུགས་མཚན་ཉིད་པར་མི་རིགས་པའི་ཕྱིར་རོ། །དེས་ན་རང་གི་ཡུལ་ཅན་རྣམ་བརྟགས་ཀྱི་ཡིད་ཤེས་ཁོ་ནའི་དམིགས་རྐྱེན་དུ་གྱུར་པའི་རྣམ་བརྟགས་ཀྱི་གཟུགས་གང་ཞིག དབང་ཤེས་ཀྱི་དམིགས་བདག་གང་དུ་ཡང་མི་རུང་བའོ། །གཉིས་པ་ནི། མཚན་ཉིད་དེ་དང་ལྡན་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དེ་ནི་ཆོས་ཅན། རྣམ་པ་ལྔར་བལྟ་སྟེ། བསྡུས་པ་ལས་གྱུར་པ་རྣམ་བརྟགས་ཀྱི་རྡུལ་ཕྲ་རབ་དང༌། མངོན་པར་སྐབས་ཡོད་པ་ཡིད་ཀྱི་ཤེས་པ་ལ་ཐོགས་པའི་རེག་བྱ་དང་བྲལ་བར་སྣང་བའི་གཟུགས་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་རྣམ་བརྟགས་རིག་བྱེད་མ་ཡིན་པའི་གཟུགས་དང༌། ཀུན་བརྟགས་པ་མི་སྡུག་པ་དང་ཀེང་རུས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་རྣམ་བརྟགས་ཀྱི་གཟུགས་དང༌། དབང་འབྱོར་བ་ཟད་པར་གྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའམ། རྣམ་བརྟགས་ཀྱི་ས་ལ་སོགས་པར་སྣང་བ་རྣམས་སུ་ཡོད་པས་སོ། །འདིར་བསྡུས་པ་ཞེས་པ་ནི་རགས་པར་སྣང་བ་ལ་བྱ་ལ། དེ་ལས་གྱུར་པ་ནི། ཤེས་རབ་ཀྱིས་དེ་ལ་གཞིགས་པ་ན་རྡུལ་ཕྲ་རབ་ཏུ་སྣང་བའོ། །འདི་རྡུལ་ཕྲན་རང་མཚན་ལ་བཤད་ན་རེག་བྱ་ཅན་དུ་ཁས་ལེན་དགོས་པས། ཆོས་ཀྱི་སྐྱེ་མཆེད་པར་མི་རུང་ངོ༌། །ཁྱོད་ལ་ཡང་ཤེས་པར་ཁས་བླངས་པས་དེར་མི་རུང་ངོ་ཞེ་ན། ཁོ་བོ་ཅག་ནི་རྣམ་བརྟགས་ཀྱི་ཆོས་གསུམ་ཀ་ཤེས་པར་ཁས་བླངས་ཀྱང༌། རྣམ་བརྟགས་ཁོ་ནའི་དབང་དུ་བྱས་པའི་ཆོས་སུམ་ཅུ་རྩ་ལྔའི་འཇོག་མཚམས་སོ་སོར་ངེས་པའོ། །དེས་ན་རྣམ་བརྟགས་ཀྱི་རྡུལ་ཕྲན་ནོ། །འདི་དང་རྒྱུ་གཟུགས་ཀྱི་རྡུལ་ཕྲན་གྱི་ཁྱད་པར་ནི། ཡང་དག་པ་ནི་རྟོག་ལ་རྡུལ་ཕྲན་དུ་སྣང་བ་དང༌། རགས་པ་བཤིག་པའི་ཤེས་རབ་ལ་དེར་སྣང་བའི་ཁྱད་པར་ལས་སོ། །མངོན་པར་སྐབས་ཡོད་ཅེས་པ། བར་སྣང་གི་སྐྱ་བོ་སེང་སེང་པོ་ལ་འདོད་པ་མ་ཡིན་ཏེ། དེ་ནི་མིག་ཤེས་ཀྱི་ཡུལ་དུ་སྣང་བའི་ཕྱིར་རོ། །ཡང་དག་པར་བླངས་པ་ལས་བྱུང་བ་སློབ་དཔོན་བློ་བརྟན་གྱིས་གཟུགས་ཅན་དུ་བཤད་པས། དེར་ཁས་ལེན་པ་ཡིན་ནོ་ཞེས་ཟེར་བ་ཡང་མ་ཡིན་ཏེ། མདོ་སྡེ་པས་ཀྱང་སྡོམ་པ་གཟུགས་ཅན་དུ་མི་འདོད་ན། གཞུང་འདིར་ལྟ་ཅི་སྨོས་པའི་ཕྱིར། དེས་ན་འདི་ནི་གཟུགས་ཅན་མ་ཡིན་པ་ལ་དེར་སྒྲོ་འདོགས་པའི་རྣམ་བརྟགས་ཀྱི་གཟུགས་སོ། །ཀུན་བརྟགས་པ་དང༌། དབང་འབྱོར་གྱི་ཁྱད་པར་ནི། མི་སྡུག་པ་དང༌། ཀེང་རུས་ཀྱི་ཏིང་ངེ་འཛིན་ལྟ་བུ་མཉམ་པར་མ་བཞག་པའི་ས་བསྡུས་དང༌། རྣམ་ཐར་དང༌། ཟད་པར་ལྟ་བུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་ཁྱད་པར་གང་ཡིན་པ་དེ་ཉིད་དོ། །དེ་ཡང་ཞིབ་མོར་ན། སྒྲ་དོན་འཛིན་པའི་རྟོག་པ་དང༌། རྟོག་མེད་དུ་གྱུར་པའི་ཏིང་ངེ་འཛིན་གྱི་ཁྱད་པར་ལས་ཕྱེའོ། །མདོར་ན་གཟུགས་ཕུང་གི་མཚན་གཞིའི་རྣམ་པར་བཞག་པ་ནི་གསུམ་སྟེ། རྒྱུ་གཟུགས་དང༌། འབྲས་གཟུགས་དང༌། དེ་དག་གང་དུ་ཡང་མ་འདུས་པ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ། །བྱེ་སྨྲས་འདི་འབྲས་གཟུགས་སུ་ཁས་ལེན་ཀྱང་འདིར་མ་ཡིན་ཏེ། རྒྱུ་འབྱུང་བ་ལས་བྱུང་བ་ན། སྣང་བ་མ་ཡིན་པའི་ཕྱིར་རོ། །གཟུགས་སྒྲ་སོགས་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན། ལྷན་ཅིག་སྐྱེས་པའི་རྟོགས་པ་ལ་སྣང་བའི་རྣམ་བརྟགས་ཀྱི་འབྱུང་བ་དང༌། དེ་ལས་བྱུང་བའི་རྣམ་བརྟགས་ཀྱི་འབྱུང་འགྱུར་ཁས་ལེན་མོད་ཀྱང༌། རིག་བྱེད་མ་ཡིན་པའི་གཟུགས་ནི་གྲུབ་མཐའ་སྨྲ་བས་སྒྲོ་བཏགས་པ་ཁོ་ན་ཡིན་པས་མི་མཚུངས་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན། ལྔ་པོའི་ནང་ནས་བསྡུས་པ་ལས་གྱུར་པ་སོགས་དང་པོ་གསུམ་པོ་རྣམ་བརྟགས་ཀྱི་གཟུགས་སུ་འཆད་དགོས་པ་ཡིན་ཏེ། རྣམ་བརྟགས་ཀྱི་བསྡུས་པ་ནི་རྒྱུ་གཟུགས་སུ་འཆད་དགོས་པ་དེ་ལས་ཁྱད་པར་དབྱེ་ཟིན་པ་དང༌། རྣམ་བརྟགས་ཀྱི་མངོན་པར་སྐབས་ཡོད་ནི། ཡུལ་དཔྱད་པས་གཟུགས་རུང་དུ་འཆད་པ་དེ་དང༌། ཐོགས་བཅས་དང་ཐོགས་མེད་དུ་སྣང་བའི་སྒོ་ནས་ཁྱད་པར་ཕྱེ་ཟིན་པ་དང༌། རྣམ་བརྟགས་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་མི་སྲིད་པ་མ་ཡིན་པའི་ཕྱིར། གལ་ཏེ། ལྷན་སྐྱེས་ཀྱི་རྟོགས་པ་ལ་སྡོམ་པ་གཟུགས་ཅན་དུ་སྣང་བ་མི་སྲིད་ཅིང༌། ཀུན་བརྟགས་ཀྱི་རྟོག་པས་སྒྲོ་བཏགས་པ་དང་མཐུན་པའི་ཆོས་གསུམ་གྱི་རྣམ་གཞག་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་སུ་མི་མཛད་པའི་ཕྱིར་རོ། །གལ་ཏེ་མཛད་ན། བདག་དང་གཙོ་བོ་ལ་སོགས་པ་ཕྱི་རོལ་པས་སྒྲོ་བཏགས་པ་རྣས་སུ་ཡང་རྣམ་བརྟགས་དང༌། གཞན་དབང་གི་རྣམ་གཞག་མཛད་པར་ཐལ་བའི་ཕྱིར་རོ་སྙམ་ན། མ་ཡིན་ཏེ། རྟོག་པ་ཀུན་བརྟགས་རྣམས་གཞན་དབང་དུ་མ་བཤད་ན། དེ་དག་ཡང་དག་པ་མ་ཡིན་པའི་ཀུན་རྟོག་མ་ཡིན་པར་ཐལ་བའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཕྱི་མ་གཉིས་ཀྱང་རྣམ་བརྟགས་ཀྱི་དབང་དུ་བྱས་པ་ཡིན་ཏེ། ཏིང་ངེ་འཛིན་དེ་དང་དེ་ལ་དེར་སྣང་བའི་གཟུགས་རྣམ་པ་དེ་དང་དེར་འཆད་དགོས་པའི་ཕྱིར་རོ། །ལྔ་པོ་དེ་བསྡུ་ན་ཁ་ཕྱིར་བལྟས་ཀྱི་ཡིད་ཤེས་ལ་སྣང་བ་དང༌། ནང་བལྟས་ཀྱི་ཏིང་ངེ་འཛིན་ལ་སྣང་བ་དང༌། གྲུབ་མཐའ་སྨྲ་བའི་རྟོག་པ་ལ་སྣང་བ་དང་གསུམ་དུ་འདུས་སོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་འདི་ཡང༌། འཆད་པ་པོ་སྔ་མ་རྣམས་ཀྱིས་རྣལ་འབྱོར་སྤྱོད་པའི་གཞུང་དང་མཐུན་པར་འཆད་མ་ཤེས་པས་འབད་པ་ཡིན་ནོ། །གཉིས་པ་ཚོར་ཕུང་གི་རྣམ་གཞག་ལ་གཉིས་ཏེ། དབྱེ་བ་དང༌། སོ་སོའི་མཚན་ཉིད་དོ། །དང་པོ་ལ་རྩ་བའི་དབྱེ་བ་དྲུག་ཏུ་བསྡུ་བ་དང༌། གསལ་བའི་དབྱེ་བ་སུམ་ཅུ་རྩ་དྲུག་ཏུ་དབྱེ་བའོ། །གཉིས་པ་ལ་གནས་རྒྱས་པའི་སྒོ་ནས་བཅོ་བརྒྱད་དུ་དབྱེ་བ། རྟེན་བསྡུས་པའི་སྒོ་ནས་དྲུག་ཏུ་དབྱེ་བ། སྤང་གཉེན་གྱི་སྒོ་ནས་བཅུ་གཉིས་སུ་དབྱེ་བའོ། །གསུམ་པ་ལ། འཇིག་རྟེན་ལས་འདས་པའི་སྤང་གཉེན་དང༌། འཇིག་རྟེན་པའི་སྤང་གཉེན་ནོ། །མཚན་ཉིད་ལ་གཉིས་ཏེ། རྟེན་བསྡུས་པའི་དབྱེ་བ་སོ་སོའི་མཚན་ཉིད་དང༌། སྤང་གཉེན་གྱི་དབྱེ་བ་སོ་སོའི་མཚན་ཉིད་དོ། །མཚན་གཞི་འདི་དག་ཐམས་ཅད་ལ་སྔར་གྱི་མཚན་ཉིད་དེས་ཁྱབ་པ་མ་ཡིན་ཏེ། རྒྱས་བྱུང་དང་རྒྱུ་མཐུན་ལས་བྱུང་བ་གཉིས་ལ་མ་ཁྱབ་པའི་ཕྱིར། སྐབས་འདིར་སྲེད་པ་དང་མཚུངས་ལྡན་གྱི་ཚོར་བ་སྡུག་བསྔལ་བཤད་པ་ཇི་ལྟར་འཐད་དེ། ཇི་སྐད་དུ། འདོད་ཆགས་ནི་བདེ་བ་དང༌། ཡིད་བདེ་བ་དང་བཏང་སྙོམས་དང་མཚུངས་པར་ལྡན་ནོ། །ཞེས་དང༌། མཛོད་ལས། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན་ཞེ་སྡང་ཟློག་པའོ། །ཞེས་བཤད་པ་ལྟར་རོ་སྙམ་ན། ཁ་ཅིག་ན་རེ། དེ་ནི་རགས་པའི་དབང་དུ་བཤད་ཀྱི། ཞིབ་མོར་ན། ལུས་ཚོར་སྡུག་བསྔལ་མྱོང་བ་ན། །དེ་ལྟར་གྲགས་འདོད་ཀྱི་སྲེད་པ་འབྱུང་བས་སོ། །ཞེས་ཟེར་བ་དག་སྣང་ཡང༌། མཚུངས་ལྡན་གྱི་དོན་མཛོད་ནས་འབྱུང་བའི་རྣམ་པ་ལྔ་མཚུངས་ལ་འདོད་པ་ལྟར་ན། ལན་དེ་ལྟར་རུང་བ་མ་ཡིན་ཏེ། མཛོད་ཀྱི་དོན་ནི་འཛིན་སྟངས་མཚུངས་པ་ལ་བཤད་ལ། ཁྱེད་ཀྱི་ལན་ལ་དེ་མི་རུང་བའི་ཕྱིར་རོ། །རང་གི་ལན་ནི་གཞུང་འདིར་འབྱུང་བའི་མཚུངས་ལྡན་ལ་དགོངས་པ་ཡིན་ཏེ། ལུས་ལ་སྲེད་པ་དང༌། དེའི་གྲོགས་སུ་གྱུར་པའི་སྡུག་བསྔལ་གཉིས་ཀ་དམིགས་ནས། དེའི་རྣམ་པ་ཅན་དུ་མཚུངས་ཤིང༌། གྲུབ་བདེ་གཅིག་ཏུ་ལྡན་པའི་ཕྱིར་རོ། །ཡང་ཟང་ཟིང་མེད་པའི་ཚོར་བ་སྡུག་བསྔལ་ཇི་ལྟར་རུང་སྟེ། འདས་ལམ་དང༌། མཚུངས་ལྡན་དུ་དེ་འབྱུང་བ་མི་སྲིད་པའི་ཕྱིར་སྙམ་པ་ལ། དཔང་ལོ་ཙཱ་བ། ཟག་མེད་ཀྱི་དབང་པོ་གཉིས་ཀྱི་དུས་སུ་ཡིད་མི་བདེ་འབྱུང་བ་ལྟ་བུའོ། །ཞེས་གསུང་བ་དང༌། ཁ་ཅིག་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ལུས་ཚོར་སྡུག་བསྔལ་ལྟ་བུའོ། །ཞེས་འཆད་པ་གཉིས་ཀ་ཡང་མཚུངས་ལྡན་ལྔ་མཚུངས་ལ་འདོད་ན་ལན་དེ་མི་རུང་ལ། རང་ལན་ནི། འདོད་རྟེན་ཅན་གྱི་ཕྱིར་མི་འོང་གི་རྒྱུད་ཀྱི་རང་ལུས་ལ་དམིགས་པའི་ཟག་མེད་ཀྱི་ཡེ་ཤེས་དེ་དེའི་གྲོགས་སུ་བྱུང་བའི་ལུས་ཚོར་སྡུག་བསྔལ་དང༌། ལྷན་ཅིག་འབྱུང་བས་མི་མཚུངས་པར་ལྡན་པ་ཡིན་ཏེ། དམིགས་པ་དང༌། དེའི་རྣམ་པ་ཤར་བར་མཚུངས་ཤིང༌། གྲུབ་པ་དང༌། བདེ་བ་གཅིག་ཏུ་ལྡན་པའི་ཕྱིར་རོ། །ཡང་ཞེན་བརྟེན་གྱི་ཚོར་བ་སྡུག་བསྔལ་ཇི་ལྟར་རུང་ཞེ་ན། ཆགས་བཞིན་པའི་དུས་ན་ཆགས་ཡུལ་དང་བྲལ་གྱིས་དོགས་པའི་ཡིད་མི་བདེ་ཡོད་པར་ཁས་ལེན་པ་ཡིན་ལ། འདི་ཡང་ཡུལ་གྱི་དམིགས་རྣམ་མཚུངས་པ་ཡིན་གྱི། ཡུལ་ཅན་གྱི་འཛིན་སྟངས་མཚུངས་པ་ལ་བཤད་དུ་མི་རུང་ངོ༌། །ཡང་མངོན་པར་འབྱུང་བ་བརྟེན་པ་ལ་ཚོར་བ་སྡུག་བསྔལ་ཇི་ལྟར་ཡོད་ཅེ་ན། འབྱུང་རྟེན་ནི། འདོད་ཡོན་ལ་ཆགས་པ་དང་བྲལ་བཞིན་པའམ། བྲལ་ཟིན་པའི་ལམ་ལ་བྱ་ལ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་སྐབས་ན་ཡིད་མི་བདེ་འབྱུང་བས་སོ། །ཞེས་དཔང་ལོ་གསུང་བར་གྲགས་པ་ཡང་སྔ་མ་ལྟར་འཆད་དགོས་སོ། །དེ་ཡང་ཟང་ཟིང་ཡོད་མེད་གཉིས་ནི། ལུས་ཚོར་གྱི་དབང་དུ་བྱས་ལ། ཕྱི་མ་གཉིས་ནི་སེམས་ཚོར་གྱི་དབང་དུ་བྱས་པ་ཡིན་པས་དང༌། སྔ་མ་གཉིས་ནང་ལུས་ལ་སྲེད་པའི་དབང་དུ་བྱས་ལ། ཕྱི་མ་གཉིས་ཕྱི་རོལ་ཡུལ་ལ་སྲེད་པའི་དབང་དུ་བྱས་པ་ཡིན་པས། དེ་དང་མཚུངས་ལྡན་གྱི་ཚོར་བ་གཉིས་ཀྱང་སོ་སོར་ཕྱེད་དགོས་སོ། །གསུམ་པ་འདུ་ཤེས་ཕུང་པོའི་རྣམ་གཞག་ལ། གསལ་བའི་དབྱེ་བ་བཅུ་གཉིས་སུ་དབྱེ་བ་དང༌། ཕྱེ་བ་སོ་སོའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། མིང་གི་སྒོ་ནས་དྲུག་ཏུ་བསྡུ་བ། དེ་ཉིད་གནས་ཀྱི་སྒོ་ནས་རྒྱས་པར་བཤད་པ། དམིགས་པའི་སྒོ་ནས་སོ་སོར་ཕྱེ་བའོ། །གཉིས་པ་མཚན་ཉིད་ནི། དམིགས་པའི་སྒོ་ནས་ཕྱེ་བ་དྲུག་པོ་དེའི་མཚན་ཉིད་སྟོན་པ་ཡིན་ལ། དེ་ལ་དྲུག་ལས། དང་པོ་ལ་གཉིས་ཏེ། བསལ་བྱ་མཚན་མེད་བཤད་པ་དང༌། དེས་མཚོན་པའི་མཚན་བཅས་རང་གི་ངོ་བོ་བཤད་པའོ། །དང་པོ་ལ་གསུམ་སྟེ། སྒྲོ་བཏགས་མིང་གི་མཚན་མེད། འདུས་བྱས་དོན་གྱི་མཚན་མེད། འདུ་ཤེས་བསལ་བའི་མཚན་མེད་དོ། །འདིར་མཚན་མེད་ཀྱི་འདུ་ཤེས་བཤད་པ་དང༌། གོང་དུ་འདུ་ཤེས་ཀྱི་ངོ་བོ་མཚན་འཛིན་དུ་བཤད་པ་ཅི་སྙམ་པ་དང༌། མཚན་མེད་ལ་མཚན་མར་འཛིན་པ་དེའི་མཚན་མེད་ཀྱི་འདུ་ཤེས་དུ་འཇོག་ན་འདས་ལམ་གྱི་མཉམ་གཞག་ན་མཚན་འཛིན་མངོན་གྱུར་ཡོད་པར་འགྱུར་རོ་སྙམ་པ་དང༌། འདུ་ཤེས་ལ་མཚན་འཛིན་གྱིས་ཁྱབ་ན་དེ་ལ་སྒྲ་དོན་འཛིན་པའི་རྟོག་པས་ཁྱབ་པར་འགྱུར་ལ། དེ་ལྟ་ན་དབང་ཤེས་འཁོར་དུ་ཇི་ལྟར་འབྱུང་ཞེས་པའི་དོགས་པ་རྣམས་སེལ་དགོས་སོ། །དེ་ཐམས་ཅད་ཀྱི་ལན་ནི་འདི་ལྟར། དེ་ལ་དེས་ཁྱབ་པ་ནི་གཞུང་ལུགས་ཀུན་མཐུན་ལ། དེ་ལྟ་ན་ཡང༌། རྟོག་མེད་ཀྱི་ཤེས་པ་དང་དེ་མཚུངས་ལྡན་དུ་འབྱུང་བའི་ཚུལ་ནི། ལྷན་ཅིག་འབྱུང་བའི་མཚུངས་ལྡན་ལ་བཤད་ཀྱང་རུང༌། རྣམ་པ་ལྔ་མཚུངས་སུ་བཤད་ཀྱང་རུང་བ་ལས། ཕྱི་མ་ལྟར་འཆད་ན། གང་ཐོས་དབྱངས་སུ་བླངས་པའི་སྒོ་ནས་བཤད་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཙོ་བོ་སྔོར་སྣང་དབང་ཤེས་དང༌། དེའི་འཁོར་གྱི་མཚན་འཛིན་གཉིས་ཆོས་ཅན། དམིགས་རྣམ་མཚུངས་པ་ཡིན་ཏེ། དམིགས་པ་སྔོན་པོ་ལ་དམིགས་ནས། དེའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། རྟེན་མཚུངས་ཏེ། གཅིག་མཉམ་པར་མ་བཞག་པའི་ས་ལ་བརྟེན། ཅིག་ཤོས་མཉམ་གཞག་གི་ས་ལ་བརྟེན་པ་ལྟ་བུ་མ་ཡིན་པར་ཁམས་དང་ས་མཚུངས་པའི་ཕྱིར། དེ་ལས་གཞན་དུ་འཛིན་སྟངས་དང༌། བདག་རྐྱེན་མཚུངས་པར་བཤད་ན། གཙོ་བོ་རྟོག་པར་ཐལ་བ་དང༌། དེའི་འཁོར་གྱི་མཚན་འཛིན་རྟོག་མེད་དུ་ཐལ་བ་གང་རུང་ལས་མ་འདས་སོ། །དུས་མཚུངས་པ་ཡང་གཅིག་གི་དུས་ན་ཅིག་ཤོས་ཡོད་པ་ལ་བྱ་བ་ཡིན་གྱི། སྐྱེ་འཇིག་གི་དུས་མཉམ་པ་མ་ཡིན་ཏེ། གཙོ་བོ་དབང་ཤེས་ཀྱིས་གཟུང་བའི་དོན་གྱི་ངོ་བོ་ལ་དམིགས་ནས། དེ་ལ་མཚན་མར་འཛིན་པའི་འདུ་ཤེས་སྐྱེ་དགོས་པའི་ཕྱིར། གཞན་དུ་ན་སེམས་ལས་བྱུང་བའི་དོན་མ་ཚང་བར་འགྱུར་ཏེ། གཙོ་བོ་དབང་ཤེས་ལས་དེའི་འཁོར་གྱི་སེམས་བྱུང་སྐྱེ་མི་དགོས་པའི་ཕྱིར། སྤྱིར་རྒྱུ་འབྲས་ལ་སྔ་ཕྱི་བ་མི་དགོས་སུ་ཆུག་ཀྱང༌། འབྱུང་ཁུངས་ཀྱི་སྒྲ་སྦྱར་ན་སྔ་ཕྱི་བ་ངེས་པར་ཁས་ལེན་དགོས་ལ། དུས་མཚུངས་པ་ནི། རྒྱུན་ལ་ལྟོས་ནས་འཇོག་པའོ། །འདས་ལམ་མཉམ་གཞག་ན། དོན་གྱི་ངོ་བོ་ཙམ་འཛིན་པའི་རྣམ་རིག་ཀྱང་ཁས་མི་ལེན་ན། དེའི་འཁོར་དུ་བྱུང་བའི་དོན་གྱི་ཁྱད་པར་འཛིན་པའི་སེམས་བྱུང་ལྟ་ཅི་སྨོས། དེའི་ཕྱིར་མཚན་མེད་ཀྱི་འདུ་ཤེས་ཀྱང་མཉམ་གཞག་གིས་དྲངས་པའི་མཚན་འཛིན་ནོ། །བཞི་པ་འདུ་བྱེད་ཕུང་པོའི་རྣམ་གཞག་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞིའི་གཙོ་བོ་ངོས་བཟུང་བ་དང༌། མཚན་གཞི་མ་ལུས་པ་བསྟན་པའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། དེ་སྒྲུབ་པའོ། །ཕྱི་མ་ལའང་གཉིས་ཏེ། སེམས་ལས་བྱུང་བའི་སྔོན་དུ་འགྲོ་བའི་ཤེས་བྱེད་ཀྱིས་དང༌། ལྡན་མིན་འདུ་བྱེད་ཀྱི་སྔོན་དུ་འགྲོ་བའི་ཤེས་བྱེད་ཀྱིས་དེ་སྒྲུབ་པའོ། །བཤད་པ་ལ་གཉིས་ཏེ། སེམས་བྱུང་བཤད་པ་དང༌། ལྡན་མིན་འདུ་བྱེད་བཤད་པའོ། །དང་པོ་ལ་གསུམ་སྟེ། རྐང་གྲངས་ཀྱི་དབྱེ་བ་སོ་སོའི་མཚན་ཉིད། བླང་དོར་བསྟན་པས་མཇུག་བསྡུ་བའོ། །གཉིས་པ་མཚན་ཉིད་ལ་སྤྱིའི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི་བོད་སྔ་ཕྱི་རྣམས་ལ་རླུང་ལྟར་དུ་གྲགས་ཤིང༌། ཡི་གེར་བྲིས་པ་དེ་དག་ནི་རྣལ་འབྱོར་སྤྱོད་པའི་གཞུང་དང་མི་མཐུན་པ་ཤས་ཆེ་བས། འདིར་རྟོག་དཔྱོད་ཀྱི་གཞི་འགའ་ཞིག་བཤད་པར་བྱ་བ་ལ། དབྱེ་གཞི་དང༌། དབྱེ་བ་སོ་སོའི་དོན་དང༌། མཚུངས་ལྡན་གྱི་དོན་བཤད་པའོ། །དང་པོ་ནི། བོད་རྣམས་རིག་པ་ཐམས་ཅད་སེམས་སེམས་བྱུང་གཉིས་སུ་བསྡུད་པ་ནི་མ་ཤེས་པ་ཡིན་ཏེ། གཞི་ལམ་འབྲས་བུའི་ཡེ་ཤེས་གསུམ་ཀ་དེར་མི་འདུ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འདིར་རིག་པ་ཐམས་ཅད་གསུམ་དུ་བསྡུད་དེ། ཀུན་བརྟགས་པའི་དང་རྣམ་པར་བརྟགས་པའི་དང༌། ཆོས་ཉིད་ཀྱིའོ། །དང་པོ་ལ། མཚན་ཉིད་འཆད་པའི་རིག་པ་ནི། གྲངས་ཅན་གྱིས་བརྟགས་པའི་རིག་པའོ། །རྣམ་གྲངས་པའི་རིག་པ་ནི། རིག་པ་ཇི་སྙེད་པ་དེ་སྙེད་ཀྱི་དོན་སྤྱིའོ། །འདི་གཉིས་ཀ་ཡང༌། རྣམ་པར་རྟོག་པས་རིག་པར་སྒྲོ་བཏགས་པའི་ཕྱིར། ཀུན་བརྟགས་པའི་རིག་པ་ཞེས་བྱའོ། །འདི་ཡང་རྣམ་བདེན་པ་དང་ཐུན་མོང་དུ་བཤད་པ་ཡིན་ལ། མཐར་ཐུག་ནི། གཟུང་འཛིན་གཉིས་སྣང་དུ་བཤད་པའི་རིག་པ་མཐའ་དག ཀུན་བརྟགས་པའི་རིག་པར་འཆད་དེ། འཛིན་པ་ཀུན་བརྟགས་སུ་བཤད་པའི་ཕྱིར་རོ། །གཉིས་པ་རྣམ་བརྟགས་ཀྱི་རིག་པ་ནི། བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་ཀྱང་བྱ། གཞན་གྱི་དབང་ཞེས་ཀྱང་བྱ་བ་དེའོ། །གསུམ་པ་ཆོས་ཉིད་ཀྱི་རིག་པ་ནི། གཟུང་འཛིན་གྱིས་སྟོང་པའི་ཡེ་ཤེས་ཏེ། གཞི་ལམ་འབྲས་བུའི་དབྱེ་བས་གསུམ་མོ། །འདིར་སེམས་སེམས་བྱུང་གི་དབྱེ་གཞི་ནི། རྣམ་བརྟགས་ཀྱི་རིག་པ་དང༌། ཡང་དག་མིན་རྟོག་དང༌། ཡེ་ཤེས་ཀྱི་ཟླས་ཕྱེ་བའི་རྣམ་ཤེས་ཏེ། གསུམ་པོ་དེ་ཉིད་དོ། །དེ་སྐད་དུ་ཡང༌། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་ལྟར་རོ། །བློ་བརྟན་གྱིས་ཀྱང༌། ཡང་དག་མིན་རྟོག་དང༌། ཁམས་གསུམ་པའི་རྣམ་པ་ཅན་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་མིང་གི་རྣམ་གྲངས་སུ་བཤད་དོ། །གཉིས་པ་ལ། དབྱེ་གཞི་གཉིས་ཀྱི་ངོ་བོ་ངོས་བཟུང་བ་དང༌། དབྱེ་བ་སོ་སོའི་ངོ་བོ་མདོར་བསྡུས་ནས་བཤད་པའོ། །དང་པོ་ལ། བོད་རྣམས་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་གཉིས་ཀས་རིག་པ་ལ་ཁྱད་པར་མེད་ཀྱང༌། རང་སྟོབས་དང་གཞན་སྟོབས་ཀྱི་སྒོ་ནས་འབྱེད་པ་ཡིན་ནོ། །ཞེས་ཟེར་བ་ནི་མ་ཤེས་པ་ཡིན་ཏེ། གཉིས་ཀས་གཉིས་ཀ་རིག་པར་འཆད་པའི་ལུང་མེད་པའི་ཕྱིར་དང༌། སྒྲུབ་བྱེད་ཀྱི་རིགས་པ་མ་ཤེས་པ་དང༌། གནོད་བྱེད་ཡོད་པའི་ཕྱིར། དང་པོ་ནི། དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང༌། །ཞེས་པའི་འགྲེལ་པ་དང༌། འགྲེལ་བཤད་གཉིས་ཅར་གྱིས་གཙོ་བོ་སེམས་ཀྱིས་དོན་གྱི་ཁྱད་པར་མི་མཐོང་བའི་ཚུལ་ཚིག་གིས་ཟིན་པར་བཤད་པའི་ཕྱིར། གཉིས་པ་ནི། གཙོ་སེམས་ཀྱིས་དོན་གྱི་ཁྱད་པར་མཐོང་བའི་ཤེས་བྱེད་དུ། དེ་ཕྱིར་དངོས་པོ་མཐོང་བ་ཡིས། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཅེས་འདྲེན་པ་ནི་མ་ཤེས་པ་ཡིན་ཏེ། གཞུང་འདིའི་དོན་ནི། རྟོག་མེད་ཀྱི་ཤེས་པས་རྫས་ཀྱི་ངོ་བོ་མཐོང་བ་ན། དེའི་ཁྱད་པར་ལ། རྫས་དང་ལྡོག་པ་གཉིས་ལས། རྫས་ཀྱི་ཁྱད་པར་མཐའ་དག་མཐོང་བར་འཆད་པ་ཡིན་གྱི། ལྡོག་པའི་ཁྱད་པར་མཐའ་དག་མཐོང་བར་མི་འཆད་པའི་ཕྱིར་དང༌། རྫས་དང༌། སྐྱེ་མཆེད་གཉིས་ཀྱི་ཟླས་ཕྱེ་བའི་སྐྱེ་མཆེད་ཀྱི་ཁྱད་པར་རྣམས་མཐོང་བར་མི་འཆད་པའི་ཕྱིར་དང༌། སྐྱེ་མཆེད་ཀྱི་ངོ་བོ་མཐོང་བ་ན་རྫས་ཀྱི་ཁྱད་པར་མཐའ་དག་མཐོང་བར་ཡང་འཆད་མི་ནུས་ཏེ། དཔེར་ན་གཟུགས་འཛིན་མངོན་སུམ་གྱིས་གཟུགས་ཀྱི་སྐྱེ་མཆེད་མཐོང་བ་ན། དེའི་དྲི་རོ་ལ་སོགས་པའི་རྫས་ཀྱི་ཁྱད་པར་མི་མཐོང་བ་བཞིན་ནོ། །འོ་ན་གཞུང་དེར་བཤད་པའི་དངོས་པོ་དང་ཡོན་ཏན་གྱི་ཁྱད་པར་ནི་ཅི། དེ་དང་འདིར་འབྱུང་བའི་དོན་གྱི་ངོ་བོ་དང་ཁྱད་པར་གཉིས་བཤད་པ་དེའི་མི་འདྲ་བའི་ཁྱད་པར་འཆད་དགོས་སོ་ཞེ་ན། དང་པོ་ནི། ཇི་སྐད་དུ། སྒྲ་ནི་དུ་མའི་དངོས་ཉིད་དུ། །གྲགས་པའི་ངོ་བོ་ཉིད་གང་ཞིག །སྣ་ཚོགས་སུ་ནི་སྣང་བ་ཡི། །བློ་ནི་སྐྱེ་བ་མེད་པའི་ཕྱིར། །ཉན་ལ་གཉིས་མེད་སྣང༌། ཞེས་བཤད་པ་ལྟར། སྒྲ་ཉིད་དང་དེ་ཡིན་པ་གཞིར་བྱས་པའི་རྫས་ཀྱི་ཁྱད་པར་མི་རྟག་པ་ལ་སོགས་པ་རྣམས་སོ། །དེ་སྐད་དུ་ཡང༌། དོན་གྱི་རང་གི་ངོ་བོ་གཅིག །ཅེས་གསུངས་པ་ལྟར་རོ། །འདིར་བཤད་པ་ནི། གཟུགས་སྒྲ་ལ་སོགས་པའི་སྐྱེ་མཆེད་སོ་སོ་བ་རྣམས། དོན་གྱི་ངོ་བོ་དང༌། དེའི་ཁྱད་པར། བྱས་མི་རྟག་ལྟ་བུ། རྫས་ཀྱི་ཆོས་མ་ཡིན་པ། ཡིད་དུ་འོང་མི་འོང་ལྟ་བུ་བློའི་ཆོས་རྣམས་དང༌། དོན་དེ་ལ་ཤེས་བརྗོད་ཀྱིས་སྒྲོ་བཏགས་པའི་ཐ་སྙད་ཀྱི་ཁྱད་པར་རྣམས་དང༌། ཡུལ་གྱི་ངོ་བོ་དང༌། ཡུལ་ཅན་གྱི་གཙོ་སེམས་ཕྲད་པ་ལས་བྱུང་བའི་འགྱུར་བའི་ཁྱད་པར་ལྟ་བུ་དང༌། གཞན་ཡང་འོག་ནས་འཆད་པ་ལྟར་སེམས་ལས་བྱུང་བ་འདི་དག་ལ་ནི་རྟོག་པ་ཤས་ཆེ་ལ། དེའི་རྒྱུ་མཚན་གྱིས་དོན་གྱི་ཁྱད་པར་ཡང་ལྡོག་པའི་ཁྱད་པར་ལ་འཆད་དགོས་པ་ཤས་ཆེ་བའི་ཕྱིར། རྣམ་འགྲེལ་མཛད་པའི་རིགས་པ་དང་འདི་འགྲིག་པ་མ་ཡིན་ནོ། །གསུམ་པ་གནོད་བྱེད་ཡོད་པ་ནི། གཙོ་སེམས་གཅིག་གི་འཁོར་དུ་བྱུང་བའི་ཚོར་བས་གང་མཐོང་བ་དེ་ཉིད་སེམས་བྱུང་གཞན་ཐམས་ཅད་ཀྱིས་ཀྱང་མཐོང་བ་ལ་སོགས་པ། ཐམས་ཅད་ཀྱིས་ཐམས་ཅད་མཐོང་བར་ཐལ་བར་འགྱུར་ཏེ། འཁོར་གཅིག་གིས་གང་མཐོང་བ་དེ་ཐམས་ཅད་དེའི་གཙོ་བོས་མཐོང༌། དེས་གང་མཐོང་བ་དེ་ཐམས་ཅད་དེའི་འཁོར་ཐམས་ཅད་ཀྱིས་ཀྱང་མཐོང་བར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཁས་མི་ལེན་ན། གཙོ་འཁོར་གཉིས་དམིགས་རྣམ་མཚུངས་པར་བཤད་པའི་དོན་ཅི་ཞེ་ན། གཙོ་བོས་གང་དམིགས་ལ་དེའི་འཁོར་གྱིས་དམིགས་པར་བཤད་ཀྱི། ཅིག་ཤོས་ལ་དེར་མི་འཆད་དེ། གཙོ་བོས་དོན་གྱི་ཁྱད་པར་ལ་མ་དམིགས་པའི་ཕྱིར། རྣམ་པ་མཚུངས་པ་ལ་ཡང༌། རྣམ་པ་ཤར་བ་མཚུངས་པ་དང༌། འཛིན་སྟངས་ཀྱི་བྱེ་བྲག་མཚུངས་པ་གཉིས་ལས། མངོན་པ་འོག་མར་དང་པོ་བས་མི་ལེན་ཀྱང༌། གཉིས་པ་ཙམ་ཞིག་ཁས་ལེན་ལ། འདིར་ནི། སྤྱིར་གཉིས་ཀ་ཁས་ལེན་ཀྱང༌། གཙོ་བོ་ལ་རྣམ་པ་གང་ཤར་འཁོར་ལ་ཤར་ཀྱང༌། ཅིག་ཤོས་ལ་གང་ཤར་དེ་ལ་མ་ཤར་བའི་ཕྱིར། དཔེར་ན། གཙོ་བོ་གཟུགས་འཛིན་མིག་ཤེས་ལ་གཟུགས་ཙམ་གྱི་རྣམ་པ་ཤར་ཡང༌། དེའི་ཁྱད་པར་ཡིད་འོང་སོགས་ཀྱི་རྣམ་པ་མ་ཤར་བ་སྲིད་པ་བཞིན་ནོ། །དེ་འདྲ་མི་སྲིད་ན་ནི། གཟུགས་གཅིག་ལ་ལྟ་བའི་དགྲ་གཉེན་གྱི་དབང་ཤེས་གཉིས་སྣང་ཚུལ་མཚུངས་པར་འགྱུར་ལ། དེ་དག་གི་ཤེས་བྱེད་ཀྱང་གཙོ་འཁོར་འཆད་པའི་སྐབས་འདིར། ཡིད་དུ་འོང་མི་འོང་གཉིས་ཀ་ཡང་གཟུགས་གཅིག་གི་ཁྱད་པར་དུ་འཆད་དགོས་པའི་ཕྱིར། དེ་བས་ན་གཟུགས་གཅིག་རེས་འགའ་ཡིད་འོང་དུ་སྣང༌། རེས་འགའ་ཡིད་མི་འོང་དུ་སྣང་བ་དེའི་ཚེ། དེ་ལྟར་སྣང་བ་དེ་ནི་སེམས་བྱུང་ལ་ཤར་བའི་རྣམ་པ་ཡིན་གྱི། གཙོ་བོ་ལ་ནི་དོན་གྱི་ངོ་བོ་ཙམ་སྣང་བའི་ཚུལ་ལ་ཁྱད་པར་མེད་དེ། དེ་དུས་ཀྱི་རྐྱེན་གསུམ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཅིག་ཤོས་ལ་མི་མཚུངས་ཏེ། རྟོག་པའི་ངོ་བོར་སྐྱེ་སྲིད་པའི་ཕྱིར་རོ། །ཇི་སྐད་དུ། དོན་བཅས་དབང་པོའི་རུང་བ་དང༌། །ཞེས་སོགས་གསུངས་པ་དེ་ནི། གཉིས་པོ་ཤེས་པར་མཚུངས་པ་ཉིད་དང་སྒྲུབ་པའི་ལུང་ཡིན་གྱི། ནང་ཚན་མཚུངས་པར་སྒྲུབ་པའི་ལུང་མ་ཡིན་ནོ། །དོན་དབང་ཤེས་འཁོར་གྱི་སེམས་རྟོག་པ་རྣམས་ཆོས་ཅན། རྐྱེན་གསུམ་ལ་མི་ལྟོས་པར་ཐལ། རྟོག་པ་ཡིན་པའི་ཕྱིར། འདོད་ན། དེ་དག་ཡོད་དང་མེད་པ་ན། །འགའ་ལ་བདེ་ལ་སོགས་དང་བློ། །སྐྱེ་དང་མི་སྐྱེ་མཐོང་དེའི་ཕྱིར། །དེ་ལས་དེ་སྐྱེ་གཞན་ལས་མིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི། གཙོ་བོ་དབང་ཤེས་མེད་པར། འཁོར་མི་འབྱུང་ལ། དེ་ཡང་རྐྱེན་གསུམ་ལ་ངེས་པར་ལྟོས་པ་ཞེས་བྱ་བའི་དོན་ནོ། །ཇི་སྐད་དུ། དེ་ལའང་འཆི་ལྟས་ལ་སོགས་པས། ཞེས་པའི་གཞུང་གིས་ཀྱང༌། ཡིད་འོང་དང༌། ཡིད་མི་འོང་གཉིས་ཀ་དེ་དང་དེའི་རྫས་ཀྱི་ཁྱད་པར་མ་ཡིན་པར་བསྟན་པ་ཡིན་ཏེ། གཞན་དུ་ན། ཡོན་ཏན་མཐའ་དག་མཐོང་བ་ཉིད། །ཞེས་པ་དང་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཡང༌། གཙོ་འཁོར་གཉིས་རྣམ་པ་ཤར་ཚུལ་ཁྱབ་མཉམ་པའི་སྒོ་ནས་མཚུངས་པར་མི་རིགས་སོ། །རྣམ་པ་མཚུངས་ཚུལ་གཉིས་པ་འཛིན་སྟངས་ལ་བྱེད་པ་དེའི་ཚེ་ཡང༌། འཁོར་གྱི་ཆ་ནས་ཕར་ཡིན་གྱི། གཙོ་བོའི་ཆ་ནས་ཚུར་མ་ཡིན་ཏེ། དེས་དོན་གྱི་ཁྱད་པར་འཛིན་སྟངས་ཀྱི་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །གལ་ཏེ་བྱེད་ན། གཙོ་བོ་རྣམས་འཁོར་དུ་ཐལ་བར་འགྱུར་ཏེ། སིམ་པ་དང༌། གདུང་བ་ལ་སོགས་པར་མྱོང་བའི་ཕྱིར། ཚོར་བར་ཐལ་བ་དང༌། དོན་གྱི་ཁྱད་པར་ལ་མཚན་མར་འཛིན་པའི་ཕྱིར་འདུ་ཤེས་སུ་ཐལ་བ་སོགས་ཟློག་ཏུ་མེད་དོ། །དོན་འདི་དག་མ་ཤེས་པ་ལ་བརྟེན་ནས། སེམས་བྱུང་སོ་སོའི་དོན་ལྡོག་འཇོག་མ་ཤེས་པར། མཚན་ཉིད་ཀྱི་ཟུར་ཐམས་ཅད་དུ་སེམས་བྱུང་ཞེས་བསྣོན་དགོས་པ་བྱུང་བར་སྣང་ངོ༌། །རང་གི་ལུགས་ནི། གཟུགས་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་དབང་གིས་དོན་གྱི་ངོ་བོ་ཙམ་མཐོང་བའི་རིག་པ་དང༌། དེའི་དབང་གིས། དོན་གྱི་ངོ་བོ་ལ་དམིགས་ནས། ཁྱད་པར་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་རིག་པ་ནི། གཙོ་འཁོར་གཉིས་པོ་སོ་སོའི་དོན་ནོ། །གཉིས་པོའི་བྱེད་ལས་ཀྱང༌། ངོ་བོ་ལ་ངེས་པ་འདྲེན་པ་དང༌། ཁྱད་པར་ལ་འདྲེན་པའོ། །དེ་སྐད་དུ་ཡང༌། དེ་ལ་དོན་མཐོང་རྣམ་པར་ཤེས། །ཞེས་པའི་འགྲེལ་པར། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །ཞེས་དང༌། དེའི་འགྲེལ་བཤད་དུ། བློ་བརྟན་གྱིས། ཙམ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་སེལ་བའི་དོན་ཏེ། བྱེ་བྲག་མི་འཛིན་གྱི། དངོས་པོའི་རང་གི་ངོ་བོ་ཙམ་དམིགས་སོ་ཞེས་དང༌། སའི་དངོས་གཞི་ལས། སེམས་ཀྱིས་དོན་མཐའ་དག་གི་མཚན་ཉིད་ཀྱི་ངོ་བོ་རིག་ལ། དེས་མ་རིག་པ་ནི་རྣམ་པར་ཤེས་པར་བྱ་བའི་མཚན་ཉིད་དེ། དེ་ཡིད་ལ་བྱེད་པས་རིག དེ་ཉིད་ལ་སྡུག་མི་སྡུག་གཉིས་ཀ་ལས་ལོག་པའི་མཚན་ཉིད་ནི་རེག་པས་རིག དེ་ཉིད་ལ་ཕན་གནོད་གཉིས་ཀ་ལས་ལོག་པའི་མཚན་ནི་ཚོར་བས་རིག དེ་ཉིད་ལ་སྐྱེས་པ་དང་བུད་མེད་ལ་སོགས་པའི་ཐ་སྙད་ཀྱི་མཚན་མ་ནི་འདུ་ཤེས་ཀྱིས་རིག དེ་ཉིད་ལ་ཡང་ལོག་གཉིས་མིན་དུ་སྒྲུབ་པའི་མཚན་ཉིད་ནི། སེམས་པས་རིག་པར་བྱེད་དོ། །ཞེས་སོགས་གསུངས་སོ། །གཉིས་པ་དབྱེ་བ་སོ་སོའི་དོན་ལ་གཉིས་ཏེ། གཙོ་བོའི་དབྱེ་བ་དང༌། འཁོར་གྱི་དབྱེ་བའོ། །དང་པོ་ནི། བོད་ལ་ལ་དག་ན་རེ། འདིར་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་གསུམ་དོན་གཅིག་པ་ཡིན་ཏེ། རྣམ་ཤེས་ཕུང་པོའི་རྣམ་གཞག་འཆད་པ་ན། སེམས་དང༌། ཡིད་གང་ཡིན་དང༌། རྣམ་པར་ཤེས་པ་ཡང་དེ་ཡིན་ནོ། །ཞེས་གསུངས་པ་དང༌། བློ་བརྟན་གྱིས་ཀྱང་དེ་ལྟར་བཤད་དོ། །ཞེས་འདོན་པ་དེ་ནི་རུང་བ་མ་ཡིན་ཏེ། ཐེག་བསྡུས་ལས། ཁ་ཅིག་འདི་སྙམ་དུ་སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གཅིག་ཁོ་ན་སྟེ། འདིར་ཚིག་འབྲུ་ཐ་དད་དོ་སྙམ་དུ་སེམས་པ་དེ་ཡང་མི་འཐད་དེ། ཡིད་དང་རྣམ་པར་ཤེས་པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཀྱང་དོན་ཐ་དད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེ་གསུམ་དོན་གཅིག་པར་འདོད་པ་ནི། རྣམ་ཤེས་ཚོགས་དྲུག་ཁོ་ནར་འདོད་པའི་ལུགས་སོ། །དེ་ལྟར་གསུམ་གྱི་ཟླས་ཕྱེ་བའི་སེམས་ཀྱི་མཚན་ཉིད་ནི། ཟག་བཅས་དང་ཟག་མེད་ཀྱི་ཆོས་ཐམས་ཅད་ཀྱི་བག་ཆགས་བསྒོ་བའི་གཞིར་གྱུར་པའི་རིག་པའོ། །འདི་ལ་ལྡོག་པས་ཕྱེ་ན། ས་བོན་གྱི་ཆ་དང༌། རྣམ་སྨིན་གྱི་ཆ་དང༌། ཟག་པ་མེད་པའི་ཡེ་ཤེས་ཀྱི་ཆའོ། །དང་པོ་ལ། ཉོན་སྒྲིབ་ཀྱི་དང༌། ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་གཉིས་ལས། དང་པོ་ནི། དགྲ་བཅོམ་པའི་ས་ནས་ལྡོག་ལ། གཉིས་པ་ནི་སངས་རྒྱས་ཀྱི་སར་ལྡོག་གོ །གཉིས་པ་ལ་ཤེས་སྒྲིབ་ཀྱི་རྣམ་སྨིན་གྱི་ཆ་ཞེས་བྱ་བ་ནི་ཁས་མི་ལེན་པས། ཀུན་གཞིའི་རྣམ་ཤེས་ཡིན་ན། ཉོན་མོངས་པས་ཀུན་ནས་བསླང་བའི་ལས་ཀྱི་རྣམ་སྨིན་ཡིན་དགོས་པ་དེའི་ཚེ། དམན་པའི་ལྷག་མེད་ཀྱི་མྱང་འདས་སུ་ལྡོག་ལ། ཐེག་པ་ཆེན་པོར་ནི་དམན་ལམ་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་འདྲ་སྟེ། སངས་རྒྱས་ཀྱི་སར་ལྡོག་གོ །གསུམ་པ་ནི། འཁོར་འདས་ཀྱི་གནས་སྐབས་ཐམས་ཅད་དུ། ངོ་བོ་ལ་ཁྱད་པར་མེད་པར་གནས་ཤིང༌། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ཞེས་བྱ་བ་དེ་ཡིན་ཞིང༌། འདི་ལས་མ་གཏོགས་པའི་ཆོས་ཀྱི་དབྱིངས་གཞན་ངོས་བཟུང་བར་བྱ་བ་མ་ཡིན་ཏེ། ལུགས་འདིར་དོན་དམ་པའི་བདེན་པ་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཁས་ལེན་དགོས་པ་ཡིན་ལ། དེར་གྱུར་པའི་རིག་པ་ནི་ཀུན་གཞིའི་ཡེ་ཤེས་འདི་ལས་གཞན་མ་དམིགས་པའི་ཕྱིར། ཅི་སྟེ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་དོ་ཞེ་ན། དེའང་མ་ཡིན་ཏེ། ཇི་སྲིད་ཡིད་ཀྱི་རྣམ་ཤེས་སུ་ཁས་ལེན་པ་དེ་སྲིད་དུ་གཉིས་སྣང་ཅན་དུ་འཇོག་ལ། གཉིས་སྟོང་གི་གསལ་རིག་ཏུ་སོང་བ་དེའི་ཚེ་ན། ཀུན་གཞིའི་ཡེ་ཤེས་སུ་རོ་གཅིག་པའི་ཕྱིར། དཔེར་ན་རྒྱ་མཚོའི་རླབས་ཉེ་བར་ཞི་བ་ན་དེའི་ཆུར་རོ་གཅིག་པ་བཞིན་ནོ། །རྣལ་འབྱོར་སྤྱོད་པའི་རིགས་པས་ལྟ་བ་མཐའ་དག་གཏན་ལ་ཕབ་ཟིན་པའི་སྐྱེས་བུ་དེའི་ངོར་ནི། གང་ཡོད་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་འདི་ཁོ་ན་ཉིད་དུ་ངེས་ཏེ། སྤྱིར་ཤེས་བྱ་མཐའ་དག་རགས་པའི་རྣམ་གཞག་ལ་གསུམ་དུ་ཁ་ཚོན་ཆོད་ཅིང༌། དེའི་ཚེ་ཀུན་བརྟགས་ཡིན་ན་རང་གི་མཚན་ཉིད་ཀྱིས་མེད་དགོས་ཤིང་དེ་མེད་པར་སྤྱིའི་མཚན་ཉིད་ཀྱིས་ཡོད་པས་ནི་ཡོད་པའི་གོ་མི་ཆོད་པའི་ཕྱིར། དཔེར་ན། མོ་ཤམ་གྱི་བུ་འཛིན་པའི་རྟོག་པའི་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་པ་བཞིན་ནོ། །དེའི་ཚེ་གཞན་དབང་ཡང་ཡོད་པར་ཁས་མི་ལེན་ཏེ། གཟུང་འཛིན་ཀུན་བརྟགས་གཉིས་དང༌། གཉིས་མེད་ཀྱི་ཡེ་ཤེས་ལས་ལོགས་སུ་གཞན་དབང་ངོས་འཛིན་རྒྱུ་མ་བྱུང་བའི་ཕྱིར་དང༌། གཞན་དབང་སྒྱུ་མ་ལྟ་བུའི་དོན་ཡང་སྣང་ལ་རང་བཞིན་མེད་པ་ལ་བྱ་ལ། རང་བཞིན་མེད་ན་རྟོག་མེད་ཀྱི་ཤེས་པ་ལ་སྣང་ཡང་ཡོད་པར་འགལ་བའི་ཕྱིར། སྐྲ་ཤད་བཞིན་ནོ། །གཟུང་འཛིན་གཉིས་སྣང་གི་ས་བོན་ཡང་ཁས་ལེན་དགོས་པས། ཤེས་བྱ་ཐམས་ཅད་གསུམ་དུ་མ་ངེས་སོ་ཞེ་ན། ཀུན་གཞིའི་ས་བོན་ནི། ཤེས་བྱའི་གནས་སུ་བཤད་ནས། ཤེས་བྱའི་དབྱེ་བར་མ་བཤད་པ་ནི་ཐེག་བསྡུས་ན་གསལ་ལ། རིགས་པས་ཀྱང་འགྲུབ་སྟེ། ས་བོན་ནི་གང་གིས་གཞན་དབང་དུ་འཇོག་པར་བྱེད་པ་པོའི་གཞན་ཞེས་བྱ་བ་དེ་ཡིན་གྱི། དེས་དབང་དུ་བྱས་པའི་ལས་སུ་བྱ་བ་དེ་མ་ཡིན་པའི་ཕྱིར་རོ། །རྣམ་སྨིན་གྱི་ཆ་ལ་ནི། གཉིས་སུ་སྣང་བ་དབང་ལྡན་གྱི་ཚུལ་དུ་ཡོད་ཀྱང༌། མངོན་གྱུར་དུ་མེད་པས་ཡང་དག་མིན་རྟོག་གི་རྩ་བར་བཤད་ཀྱི། མིན་རྟོག་དངོས་སུ་མ་བཤད་དོ། །དེ་ལ་བསམས་ནས་དབུས་མཐར་འབྲས་དུས་ཀྱི་རྣམ་ཤེས་ལས། མིང་གཟུགས་དང་སྐྱེ་མཆེད་དྲུག་འབྱུང་བར་བཤད་ནས། ཕུང་པོ་དང་སྐྱེ་མཆེད་དངོས་སུ་མ་བཤད་པ་ཡིན་ནོ། །མདོར་ན་ཀུན་གཞིའི་ཡེ་ཤེས་དེ་ཉིད་ལེགས་པར་ངོས་མ་ཟིན་ན་རྣལ་འབྱོར་སྤྱོད་པའི་གཞུང་གི་རྩ་བ་ཐམས་ཅད་འཆུགས་པར་འགྱུར་ཏེ། ཡེ་ཤེས་དེ་ཉིད་གཞི་དུས་སུ་རང་བཞིན་དུ་གནས་པའི་རིགས་དང༌། ལམ་དུས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། འབྲས་དུས་སུ་ངོ་བོ་ཉིད་ཀྱི་སྐུ་དང༌། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་དང༌། ལམ་ཟབ་མོ་སྔགས་ཀྱི་ཐེག་པ་ལ་བརྟེན་ནས་ལྷག་པའི་ལྷ་སྒྲུབ་པའི་བསྒྲུབ་གཞི་དང༌། གཞི་ལམ་འབྲས་བུའི་རྒྱུད་ཅེས་བྱ་བ་ཐམས་ཅད་ཀྱང་དེ་ཉིད་ལ་འཇོག་པའི་ཕྱིར་རོ། །དེ་ལྟ་ན་ཡང་འབྲས་བུའི་དུས་སུ་ཆོས་ཅན་དང་ཆོས་ཉིད་ཀྱི་ཆ་གཉིས་ལྡོག་པས་འབྱེད་དགོས་པ་ཡིན་ཏེ། དེར་རང་བཞིན་རྣམ་དག་གི་དབྱིངས་དང༌། སྟོབས་སོགས་གསར་དུ་འཁྲུངས་པའི་ལམ་གྱི་ཆ་གཉིས་སུ་འབྱེད་དགོས་པའི་ཕྱིར། དེ་གཉིས་དངོས་པོ་ལ་ཐ་དད་མ་ཡིན་ཏེ། དབྱེར་མེད་པའི་ཕྱིར་རོ། །འཁོར་བའི་གནས་སྐབས་སུ་ནི་དེའི་ཆོས་ཅན་རྣམས་ནི་དྲི་མའི་ཆར་གྱུར་པ་ཡིན་པས། དེ་ཉིད་དང་གཞན་དུ་བརྗོད་པར་བྱར་མེད་པ་ཡིན་ནོ། །ལྡོག་ཆ་གསུམ་པོའི་ནང་ནས་ཡེ་ཤེས་ཀྱི་ཆ་ནི། ཀུན་གཞི་རྣམ་ཤེས་དངོས་མ་ཡིན་ཏེ། དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །གཉིས་པོ་ནི་ཀུན་གཞི་དངོས་ཡིན་ལ། ས་བོན་གྱི་རྣམ་ཤེས་མ་ཡིན་པར་འཆད་པ་ནི་རྣམ་རིག་པའི་གྲུབ་པའི་མཐའ་འདི་ལ་འགྲིག་པ་མ་ཡིན་ནོ། །རྣམ་བཤད་མཛད་པ་པོ་སྔ་མ་རྣམས་ནི། ཀུན་གཞི་སྒྲུབ་བྱེད་ཀྱི་ལུང་རིགས་འཆད་པའི་གཞུང་ལ་འབྲུ་གཉེར་བའི་ངལ་བས་རང་གི་ངོ་བོ་ངོས་འཛིན་པ་མ་ནུས་པ་དེའི་ཕྱིར། འདིར་འབད་པ་ཡིན་ནོ། །གཉིས་པ་ཡིད་ལ་མཚན་ཉིད་ནི། རང་དང་རྒྱུད་གཅིག་པའི་ཀུན་གཞི་ལ་དམིགས་ནས་བདག་གི་ངོ་བོ་ཙམ་དུ་འཛིན་པའི་རིག་པའོ། །དེའི་འཁོར་དུ་བྱུང་བའི་སེམས་བྱུང་གི་མཚན་ཉིད་ནི། དེ་ལ་དམིགས་ནས་དེའི་ཁྱད་པར་དུ་སྒྲོ་འདོགས་པའི་རིག་པའོ། །འོ་ན་བདག་ཏུ་འཛིན་པ་དང༌། ལྟ་བའི་ཁྱད་པར་ཅི་ཞེ་ན། ཤེས་རབ་ཡིན་མིན་གྱི་ཁྱད་པར་རོ། །འོ་ན་འཛིན་པ་དང༌། རྨོངས་པའི་ཁྱད་པར་ནི། བདག་མེད་པར་མ་ཤེས་པའི་ཆ་ནས་རྨོངས་པར་འཇོག་པ་ཡིན་ལ། དེ་མེད་པར་ཤེས་ཀྱང་དེར་འཛིན་སྲིད་པའོ། །མདོར་ན་བདག་ཏུ་ལྟ་བ་སོགས་བཞི་པོའི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ནི། བདག་གི་ཁྱད་པར་དུ་འཇོག་ལ། ཡིད་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་གང་ཡིན་པ་དེ་ནི་བདག་གི་ངོ་བོར་བཞག་གོ །གཞན་དག་གི་འདོད་པ་ལྟར་ན། ཡིད་ཆོས་ཅན། བདག་ཏུ་ལྟ་བ་ལ་སོགས་པར་ཐལ་ཏེ། དེ་དང་དེའི་འཛིན་སྟངས་ཀྱི་གཟུང་བྱ་འཛིན་པའི་རིག་པ་ཡིན་པའི་ཕྱིར། མཚན་ཉིད་ཀྱི་ཟུར་དུ་སེམས་བྱུང་ཞེས་འདོན་པ་ལྟར་ན་ཡང༌། དེར་ཡང་ཐལ་བར་འགྱུར་ཏེ། དོན་གྱི་ཁྱད་པར་འཛིན་པའི་རིག་པ་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་ལ་ཡང༌། འཁོར་རྣམས་གཙོ་བོར་ཐལ་བ་མ་ཡིན་ནམ་ཞེ་ན། ཙམ་ཞེས་བྱ་བའི་སྒྲས་ཁྱད་པར་སེལ་ཞེས་བཤད་པ་མ་ཡིན་ནམ། དྲན་པ་ཉེ་བར་ཞོག་ཤིག ངེས་པར་ན། དེའི་འཁོར་བཞི་པོ་འདི་དེ་ལས་བྱུང་ནས་དེ་དང་རྟག་ཏུ་འགྲོགས་པའི་ཕྱིར། དེ་ན་ཡོད་པར་ཁས་ལེན་ལ། ཀུན་ཏུ་འགྲོ་བ་ལྔ་དང་ནི་ལྡན་པར་ཁས་ལེན་ཀྱང༌། དེ་ན་ལྔ་ཅར་ཡོད་པར་ཁས་མི་ལེན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་འཁོར་བཞིན་ནོ། །དེ་གཉིས་ཀའི་ཤེས་བྱེད་ཀྱང༌། དེ་དང་དེའི་འཁོར་དུ་རེག་པ་སོགས་རང་རང་གི་བྱ་བ་མ་དམིགས་པའི་ཕྱིར་རོ། །གཞན་དུ་ན་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་གིས་དེ་དག་མི་ཁེགས་པར་ཐལ་ལོ། །འདི་ཡང་དགྲ་བཅོམ་ཐོབ་པའི་ཚེ་ན་བཟློག་པ་ཡིན་ཏེ། དེའི་ས་བོན་སྤངས་པའི་ཕྱིར་རོ། །འོན་ཀྱང་དེར་དེ་གནས་གྱུར་ཀྱང༌། གནས་གྱུར་གྱི་ཡེ་ཤེས་ཐོབ་པ་ནི་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་བག་ཆགས་མ་སྤངས་པས། མཉམ་ཉིད་ཀྱི་ཡེ་ཤེས་མངོན་དུ་མ་བྱས་པའི་ཕྱིར་རོ། །འདས་ལམ་གྱི་མཉམ་གཞག་དང༌། འགོག་པའི་སྙོམས་འཇུག་ན་ནི་དེ་མེད་པ་ཞེས་བྱ་ཡང་མི་ལྡན་པ་ཞེས་ནི་མི་བྱ་སྟེ། དབང་དང༌། ས་བོན་དུ་ལྡན་པའི་ཕྱིར་རོ། །ཉོན་ཡིད་ཀྱི་རིགས་པའི་སྒྲུབ་བྱེད། འཕགས་པ་ཐོགས་མེད་ཀྱིས་ཐེག་བསྡུས་སུ་གསུངས་པ་ནི་ཀུན་གྱིས་ཤེས་ལ། སློབ་དཔོན་བློ་བརྟན་གྱིས་ནི་འདི་སྐད་ཅེས་གསུངས་ཏེ། མ་རིག་པ་དང་བདག་ལྟ་དང༌། །ངའོ་ང་རྒྱལ་སྲེད་འདི་བཞིས། །ཀུན་ནས་ཉོན་མོངས་ཅན་གྱུར་ཡིད། །ངར་སེམས་པ་ཡི་མཚན་ཉིད་དེ། །ཕྱིན་ཅི་ལོག་གི་རྒྱུ་བྱེད་པའང༌། །ཡིད་དེ་རྟག་ཏུ་ཉོན་མོངས་ཅན། །སེམས་དགེ་ལུང་དུ་མ་བསྟན་ཚེ། །རྟག་ཏུ་ངར་འཛིན་རྒྱུ་ཡིན་ནོ། །ཞེས་གསུངས་ལ། ལེགས་པར་བཤད་པའི་ཚིག་འདིས་གཙོ་འཁོར་གྱི་རྣམ་གཞག་ལ་ངེས་པ་བསྐྱེད་པའི་ལེགས་པར་བཤད་པ་བླ་ན་མེད་པ་ཞིག་སྣང་སྟེ། འཕྲལ་དང༌། འཕྲལ་དུ་བཤད་པར་བྱའོ། །གསུམ་པ་རྣམ་ཤེས་ལ་མཚན་ཉིད་ནི། བདག་རྐྱེན་དབང་པོ་ལ་བརྟེན་ནས། དོན་གྱི་ངོ་བོ་ཙམ་ཞིག་རྣམ་པར་རིག་པའོ། །རྟེན་དབང་པོ་དྲུག་ལས་ཡིད་ཀྱི་དབང་པོ་ནི་གཉིས་ཏེ། རང་དང་དུས་མཉམ་པའི་སྒོ་ནས་རྟག་ཏུ་རྟེན་བྱེད་པ་ཉོན་མོངས་པ་ཅན་གྱི་ཡིད་དང༌། རང་དུས་སུ་རང་འགགས་པའི་ཚུལ་གྱིས་རང་སྐྱེ་བའི་གོ་སྐབས་ཕྱེ་བ། ཚོགས་དྲུག་འདས་མ་ཐག་པའོ། །སྔ་མ་ནི། དོན་དམ་པའི་ཡིད་ཅེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པས་ཡིད་མཚན་ཉིད་པ་ཡིན་ལ། ཕྱི་མ་ནི་ཀུན་རྫོབ་པའི་ཡིད་ཅེས་བྱ་བ་ཡིད་མཚན་ཉིད་པ་མ་ཡིན་ཀྱང་བཅུ་གཉིས་པ་ཡིད་ཀྱི་སྐྱེ་མཆེད་འཆད་པའི་ཚེ། ཡིད་ཀྱི་རྣམ་ཤེས་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པའི་ཆ་ནས་བཏགས་པ་དང༌། ཁམས་བཅོ་བརྒྱད་ཀྱི་གྲངས་འདྲེན་པའི་ཚེ། ཐེག་པ་ཐུན་མོང་གི་གཞུང་དུ་རྣམ་པར་ཤེས་པའི་ཁམས་དྲུག་ལས་རྫས་གཞན་དུ་མེད་ཀྱང༌། ཡིད་ཁམས་འཇོག་པའི་ཤེས་བྱེད་ཀྱི་རྒྱུ་ལས་བཏགས་པའོ། །དབང་པོ་ལྔའི་ངོས་འཛིན་ལ་ཕྱོགས་ཀྱི་གླང་པོའི་གཞུང་སོགས་ལས་འབྱུང་བ་དང༌། ལུགས་འདིར་འབྱུང་བའོ། །དང་པོ་ནི། ཀུན་གཞིའི་སྟེང་ན་ཡོད་པའི་མིག་སོགས་ཀྱི་ས་བོན་ཏེ། དམིགས་པ་བརྟག་པ་ལས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །ཞེས་དང༌། དབུ་མ་ལ་འཇུག་པར། ཕྱོགས་སྔ་མ་འཆད་པ་ན། རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོག །ཅེས་གསུངས་སོ། །གཉིས་པ་ནི། ལུགས་འདིར། རྟེན་དབང་པོ་ལས་སྒོ་ལྔའི་རྣམ་ཤེས་ངེས་པར་སྐྱེ་དགོས་པའི་བཤད་པ་མ་མཛད་པར། དུས་མཉམ་པའི་དབང་པོ་ལ་བརྟེན་པར་བཤད་དོ། །དེ་ཡང་གང་ཞེ་ན། སེམས་ཅན་དུ་སྣང་བའི་རྣམ་རིག་ཅེས་བྱ་བ་དབང་པོ་ལྔར་རང་གཞན་གྱི་རྒྱུད་ལ་སོ་སོར་སྣང་བའོ། །འདི་ནི་རྣམ་བརྟགས་ཀྱི་མིག་སོགས་དབང་པོ་ལྔ་ཞེས་བྱ་བ་དེ་ཡིན་ནོ། །ལུགས་འདིར་ཡང༌། ཀུན་གཞིའི་སྟེང་གི་ས་བོན་གྱི་ཆ་ལ་ཆོས་གསུམ་གྱི་རྣམ་གཞག་མཛད་པ་ཞིག་ཡོད་པ་དེའི་ཚེ་ནི། དམིགས་བདག་གཉིས་ཀྱི་རྣམ་གཞག་མི་མཛད་ཀྱི། རྒྱུའི་རྐྱེན་ཁོ་ནར་བཞག་གོ །དེ་ལྟར་ཚོགས་དྲུག་གི་བདག་རྐྱེན་ངོས་བཟུང་ནས། ཚོགས་དྲུག་གི་དམིགས་པའི་རྐྱེན་ལ་ཡང་གཞུང་འདིར་གཉིས་ཤིག་བཤད་དེ། ཁམས་ཀྱི་གྲངས་ངེས་འཆད་པ་ན། དུས་མཉམ་པའི་དང༌། སྐྱེ་མཆེད་ཀྱི་གྲངས་ངེས་འཆད་པ་ན། སྔ་ལོགས་སུ་བྱུང་བའི་འོ། །དེ་ཙམ་གྱིས་གཟུང་འཛིན་རྫས་གཞན་དུ་ཐལ་བར་མི་འགྱུར་ཏེ། སྔ་ལོགས་ཀྱི་དམིགས་རྐྱེན་དུ་ཕྱི་རོལ་དུ་ཁས་མི་ལེན་པའི་ཕྱིར་དང༌། དམིགས་བརྟག་ཏུ། ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་གསུངས་པ་དང་དོན་གཅིག་པས་སོ། །དེ་ལྟར་མཚན་ཉིད་བཤད་ནས། དབྱེ་བ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་གོ །འདི་དག་ཀྱང་ལྷག་མེད་ཀྱི་མྱང་འདས་སུ་ལྡོག་པ་ལ་ནི་རྩོད་པ་མེད་ལ། སངས་རྒྱས་ཀྱི་སར་ཡང་ལྡོག་པར་ཁས་ལེན་དགོས་པ་ཡིན་ཏེ། དེར་དེ་དག་གནས་གྱུར་པའི་སྟོབས་ཀྱིས། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པར་མདོ་སྡེའི་རྒྱན་ལས་གསུངས་པའི་ཕྱིར་རོ། །བོད་ཕྱི་མ་དག ལྷག་མེད་ཀྱི་དབྱིངས་ན་རིག་པ་རྒྱུན་མ་ཆད་པའི་རྒྱུ་མཚན་གྱིས། ཡིད་ཀྱི་རྣམ་ཤེས་ཡོད་པར་འདོད་པ་ནི། ཡིད་ཁམས་ལ་མུ་བཞི་རྩིས་པའི་གཞུང་དང་འགལ་ལོ། །ཅི་རྣམ་ཤེས་ཚོགས་དྲུག་པོ་འདི་ལ་མ་འཁྲུལ་བའི་ཆ་སྲིད་དམ་ཞེ་ན། རྣམ་བདེན་པའི་སྐབས་སུ་ཁ་ཕྱིར་ལྟ་ལ་ནི་འཁྲུལ་པ་ཡིན་ཀྱང༌། ནང་ལྟ་ལ་རང་རིག་པ་ཡིན་ལ། རྣམ་རྫུན་པའི་སྐབས་སུ་ནི། ནང་ལྟ་ལ་ཡང་འཁྲུལ་པར་ཁས་ལེན་ཏེ། རྣམ་བརྟགས་ཀྱི་གཟུགས་སོགས་ཐམས་ཅད་ཀུན་བརྟགས་སུ་བཞག་པའི་ཕྱིར་དང༌། གཟུང་རྣམ་དངོས་པོར་མེད་པའི་ཕྱིར་རོ། །དེས་ན་གཙོ་བོ་སེམས་ཀྱིས་དོན་གྱི་ངོ་བོ་མཐོང་བར་བཤད་པ་ཡང༌། རྣམ་བརྟགས་ཀྱི་དོན་གྱི་ངོ་བོའོ། །འོ་ན་ཀུན་གཞི་དང༌། ཉོན་ཡིད་ནི་མཐའ་གཅིག་ཏུ་ལུང་དུ་མ་བསྟན་པར་བཤད་ན། རྣམ་པར་ཤེས་པའི་ཚོགས་དྲུག་པོ་ལ་ཇི་ལྟར་ཞེ་ན། ཐམས་ཅད་ལ་གསུམ་གསུམ་སྟེ། དགེ་སོགས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་འཆད་པའི་སྐབས་ལས་ཤེས་སོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་པོ་རང་གི་ངོ་བོ་ཉིད་ཀྱི་ནི་དགེ་སོགས་གསུམ་པོ་གང་རུང་གི་ངོ་བོར་མ་སྐྱེས་ཀྱང༌། དེའི་གྲོགས་སུ་བྱུང་བའི་སེམས་བྱུང་གི་སྟོབས་ཀྱིས་དེ་དང་དེར་བྱས་པ་ཡིན་ཏེ། རྣམ་པར་ཤེས་པ་རྣམས་ཀྱིས་ནི་དོན་གྱི་ངོ་བོ་ཙམ་མཐོང་བས་དེ་ཉིད་ལ་ངེས་པ་འདྲེན་པར་བྱེད་ཀྱི། ཁྱད་པར་འཛིན་སྟངས་ཀྱི་ཡུལ་དུ་མི་བྱེད་ཅིང༌། དེ་ལ་རང་སྟོབས་ཀྱི་ངེས་པ་འདྲེན་པའང་མ་ཡིན་ལ། དགེ་སོགས་སུ་བྱེད་པ་ནི། དེའི་ཁྱད་པར་འཛིན་སྟངས་ཀྱི་ཡུལ་དུ་བྱས་པ་ལ་རག་ལས་པའི་ཕྱིར་རོ། །འོ་ན་ངོ་བོ་ཉིད་ཀྱི་ལུང་མ་བསྟན་དུ་མི་འཇོག་པ་ཅི་ཞེ་ན། ངོ་བོ་ཉིད་ཀྱི་ལུང་མ་བསྟན་ནི། གྲོགས་སྟོབས་ཀྱིས་གཞན་དུ་མི་འགྱུར་བས་སོ། །ངོ་བོ་ཉིད་ཀྱིས་དེ་དང་དེར་མ་སྐྱེས་ཀྱང༌། གྲོགས་སྟོབས་ཀྱིས་དེར་འགྱུར་བ་ནི། སྨན་སོ་སོ་དང་སྦྱར་བའི་བཏུང་བ་བཞིན་ནོ། །དེའི་ཕྱིར་གཙོ་བོ་རྣམས་འཁོར་གྱི་དབང་གིས་དེ་དང་དེར་འགྱུར་བ་ལ་དགོངས་ནས། མདོ་ལས། འདོད་ཆགས་ཀྱིས་ཉོན་མོངས་པར་བྱས་པའི་སེམས་རྣམ་པར་མི་གྲོལ། རྣམ་པར་མི་དག ཅེས་དང༌། འདིར་ཡང༌། ཉོན་མོངས་པའི་མཚན་ཉིད་འཆད་པ་ན། ཇི་སྐད་དུ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ལས་གཞན་དུ་གཙོ་འཁོར་འཛིན་སྟངས་མཚུངས་ན། གཙོ་བོ་ཡང་ཉོན་མོངས་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །སེམས་བྱུང་ཞེས་བསྣོན་ན་དེར་ཡང་ཐལ་བར་འགྱུར་ཏེ། དེའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེར་ཡང་སེམས་བྱུང་ཞེས་བསྣོན་དགོས་ན་ཐུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་ཡང་གཙོ་འཁོར་འཛིན་སྟངས་མཚུངས་པའི་ཁྱབ་པ་མེད་དོ། །གཉིས་པ་འཁོར་གྱི་དབྱེ་བ་ལ། དངོས་དང༌། དེའི་ངོ་བོ་གང་ཡིན་བཙལ་བའོ། །དང་པོ་ནི། སུམ་ཅུ་པ་ལས། ཀུན་ཏུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བ་དགེ་བ་དང༌། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་འགྱོད་སོགས་ཉེ་ཉོན་དུ་བསྡུས་ནས་སྡེ་ཚན་ལྔའི་སྒོ་ནས་སོ་སོའི་དབྱེ་བ་ལྔ་བཅུ་རྩ་གཅིག་བཤད་དོ། །གཉིས་པ་ལ་དེ་དང་དེར་འཇོག་པའི་ཤེས་བྱེད་དང༌། རྟོག་པ་དང༌། རྟོག་མེད་གང་ཡིན་བསམ་པའོ། །དང་པོ་ནི། སེམས་དང་སེམས་ལས་བྱུང་བ་ཀུན་གྱི་གྲོགས་སུ་ངེས་པར་འགྲོ་དགོས་པས་ན་ཀུན་འགྲོ་ཞེས་བྱ་སྟེ། འདི་ལྟར། སེམས་པ་མེད་ན་ཡུལ་ལ་གཡོ་བར་མི་འགྱུར་ཞིང༌། ཡིད་ལ་བྱེད་པ་མེད་ན་ཡུལ་ལ་འཇུག་པར་མི་འགྱུར་ལ། འདུ་ཤེས་མེད་ན་ཡུལ་གྱི་མཚན་མ་གང་ཡང་མི་འཛིན་ཞིང༌། རེག་པ་མེད་ན་ཡིད་དབང་རྣམ་ཤེས་གསུམ་འདུས་པར་མི་འགྱུར་ཞིང༌། ཚོར་བ་མེད་ན་མྱོང་བ་མི་འབྱུང་བའི་ཕྱིར་རོ། །ཡུལ་ངེས་པ་ཞེས་བྱ་བ་ནི། ཀུན་ཏུ་འགྲོ་བ་རྣམས་ཡུལ་གཅིག་ཁོ་ན་ལ་འཛིན་སྟངས་མི་འདྲ་བས་འཇུག་པ་ལྟ་བུ་མ་ཡིན་པར། ཡུལ་སོ་སོར་ངེས་པ་ཁོ་ན་ལ་འཛིན་སྟངས་མི་འདྲ་བས་འཇུག་པའོ། །ཉོན་མོངས་པ་གང་ཞིག ཉེ་ཉོན་གྱི་རྩ་བར་གྱུར་པས་ན། རྩ་བའི་ཉོན་མོངས་པ་ཞེས་བྱའོ། །ཉོན་མོངས་པ་གང་ཞིག སེམས་རྒྱུད་རྩ་ཉོན་དང་ཉེ་བར་བྱེད་པས་ན། ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །ཀུན་སློང་དང༌། འཛིན་སྟངས་ཀྱི་བྱེ་བྲག་ལས། ཆོས་གསུམ་པོ་གང་དུ་ཡང་འགྱུར་དུ་རུང་བས་གཞན་འགྱུར་ཞེས་བྱ་ལ། འདིའི་ཐ་སྙད་རྩ་བ་ན་མེད་དོ། །གཉིས་པ་ནི། སྡེ་ཚན་དང་པོའི་ནང་ནས། འདུ་ཤེས་དང༌། སེམས་པ་ནི། སྒྲ་དོན་འཛིན་པའི་རྟོག་པ་ཁོ་ནར་ངེས་ཏེ། མཚན་མར་འཛིན་པའི་ཕྱིར་དང༌། སེམས་ཡུལ་ལ་གཡོ་བར་བྱེད་པའི་ཡིད་ཀྱི་ལས་སུ་བཤད་པའི་ཕྱིར་དང༌། རྒྱུ་དུས་དང༌། དེ་དུས་ཀྱི་ཀུན་སློང་དུ་བཤད་པའི་ཕྱིར་ཡིད་ལ་བྱེད་པ་ཡང་དེ་བཞིན་ནོ། །རེག་པ་དང༌། ཚོར་བ་གཉིས་ལ་ནི་དབང་ཤེས་འཁོར་གྱི་ནི་རྟོག་པ་ཁོ་ན་ཡིན་ལ་ཡིད་ཤེས་ཟག་མེད་ཀྱི་ཚོགས་པར་རྟོག་མེད་ཀྱང་འབྱུང་བས་གཉིས་ཀ་སྲིད་དོ། །ཡུལ་ངེས་པ་ལྔ་ཡང་ནི་འདུན་མོས་དྲན་པ་གསུམ་ནི། རྟོག་མེད་དུ་དོགས་པ་དཔྱོད་ལྡན་ལ་མི་སྲིད་ལ། ཏིང་ངེ་འཛིན་དང་ཤེས་རབ་ཀྱང༌། བརྟག་པར་བྱ་བའི་དངོས་པོ་ལ་རྩེ་གཅིག་པ་དང༌། རབ་ཏུ་འབྱེད་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར། དབང་ཤེས་འཁོར་དུ་བྱུང་བ་ནི། རྟོག་པ་ཁོ་ན་ཡིན་ལ། ཡིད་ཤེས་འཁོར་དུ་རྟོག་མེད་ཀྱང་མི་སྲིད་པ་མ་ཡིན་ནོ། །ཚུ་རོལ་མཐོང་བའི་རྒྱུད་ཀྱི་དད་སོགས་བཅུ་གཅིག་ཀྱང༌། རྟོག་པ་ཉིད་དུ་གཞུང་ལས་གསལ་ཞིང༌། འཕགས་པའི་རྒྱུད་ལ་རྟོག་མེད་ཀྱང་སྲིད་དོ། །རྩ་བ་དང༌། ཉེ་བའི་ཉོན་མོངས་པ་དང༌། འགྱོད་པ་དང༌། རྟོག་དཔྱོད་རྣམས་ནི་མཐའ་གཅིག་ཏུ་རྟོག་པ་ཁོ་ནར་ངེས་ལ། གཉིད་ལ་ནི་གཉིས་ཀ་སྲིད་དོ། །དེ་དག་གི་ཤེས་བྱེད་ཀྱང་རང་རང་གི་མཚན་ཉིད་སྟོན་པའི་གཞུང་ལ་བརྟགས་པས་གསལ་བ་ཡིན་ནོ། །མངོན་པ་འོག་མར་ནི་ངོ་བོ་ཉིད་ཀྱི་རྟོག་དཔྱོད་ཅེས་བྱ་བའི་ཐ་སྙད་ཡོད་ཀྱང༌། ཐེག་པ་ཆེན་པོ་ལ་མེད་དོ། །དེའི་ཕྱིར། བོད་སྔ་ཕྱི་རྣམས་གཙོ་བོ་རྟོག་མེད་ཡིན་ན་དེའི་འཁོར་གང་ཡིན་ཐམས་ཅད་ཀྱང་རྟོག་མེད་ཡིན་ནོ་ཞེས་བྱ་བ་དེ་ནི་གཞུང་ན་མེད་དོ། །གསུམ་པ་མཚུངས་ལྡན་གྱི་དོན་བཤད་པ་ལ། མཚུངས་ལྡན་གྱི་དོན་གང་ཡིན་བསམ་པ་དང༌། གང་ཞིག་གང་དང་མཚུངས་པར་ལྡན་པའི་མཚན་གཞི་བཤད་པའོ། །དང་པོ་ནི། མཛོད་ལས། རྟེན་དང་དམིགས་པ་རྣམ་བཅས་དང༌། །མཚུངས་པར་ལྡན་པ་རྣམ་པ་ལྔ། །ཞེས་རྟེན་དང༌། རྣམ་པ་འཛིན་སྟངས་ཀྱི་ཁྱད་པར་མཚུངས་པ་ལ་སོགས་པ་ལྔ་བཤད་ལ། གཞུང་འདིར་ནི། མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་གང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དམིགས་པ་གཅིག་མཐུན་པར་རྟོགས་པའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་དེ་ཡང༌། གཞན་གྱི་དངོས་པོ་དང་ཡིན་གྱི། བདག་གི་དངོས་པོའི་ནི་མ་ཡིན་ནོ། །མཐུན་པ་གཉིས་ཡིན་གྱི། མི་མཐུན་པ་གཉིས་ནི་མ་ཡིན་ནོ། །དུས་འདྲ་བ་གཉིས་ཡིན་གྱི། མི་འདྲ་བ་གཉིས་མ་ཡིན་ནོ། །མཐུན་པའི་ཁམས་དྭངས་པ་གཉིས་ཡིན་གྱི། མི་མཐུན་པའི་ཁམས་དྭངས་པ་གཉིས་ནི་མ་ཡིན་ནོ། །ཞེས་པ་ཙམ་ཞིག་གསུངས་པ་འདི་ལས་གཞན་པའི་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་བཤད་པ་མེད་དོ། །འོ་ན་གཞུང་ཚན་པ་ལྔ་པོ་དེས་ཅི་ཞིག་བཤད་ཅེ་ན། གཉིས་པོ་དམིགས་པ་མཐུན་པ་དང༌། རྫས་ཐ་དད་པ་དང༌། རྣམ་པ་མཐུན་པ་དང༌། དུས་མཚུངས་པ་དང༌། ཁམས་དང༌། ས་མཚུངས་པ་རྣམས་བཤད་དོ། །དེའི་ཕྱིར་མངོན་པ་གོང་འོག་གཉིས། མཚུངས་ལྡན་ལྔ་མཚུངས་ཀྱི་མིང་འདྲ་ཡང༌། དོན་གྱི་ངོས་འཛིན་མི་འདྲ་བ་ཡིན་ཏེ། རྣམ་པ་མཚུངས་ཚུལ་ལ་འོག་མར་ནི། རྣམ་པ་ཤེས་རབ་དང་བཅས་པའི། །དམིགས་དང་བཅས་པས་འཛིན་པར་བྱེད། །ཞེས་གསུངས་ལ། འདིར་ནི་གཙོ་འཁོར་དུ་འཇོག་པ་ལ་གཉིས་པོ་འཛིན་སྟངས་མཚུངས་དགོས་པའི་བཤད་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། དེ་ལྟར་བཤད་ན་གནོད་བྱེད་དུ་མ་ཡོད་པའི་ཕྱིར། ཇི་ལྟར་ཞེ་ན། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་པ་དང་འགལ་བའོ། །དང་པོ་ནི། སློབ་དཔོན་བློ་བརྟན་གྱིས། དབུས་མཐའི་འགྲེལ་བཤད་དུ། དེ་དག་ཀྱང༌། གནས་དང༌། དམིགས་པ་དང༌། དུས་དང༌། རྫས་མཚུངས་པ་ཡིན་གྱི། རྣམ་ཤེས་པ་དང༌། ཁྱད་པར་མེད་པར་ཐལ་བའི་ཕྱིར། རྣམ་པ་མཚུངས་པ་ནི་མ་ཡིན་ནོ། །ཞེས་དང༌། ཙམ་ཞེས་བྱ་བའི་སྒྲ་ནི། བྱེ་བྲག་སེལ་བར་བྱེད་ཀྱི། ཁྱད་པར་མི་འཛིན་ཞེས། འཛིན་སྟངས་ཀྱི་ཁྱད་པར་མཚུངས་པ་བཀག་པའི་ཕྱིར་རོ། །འོ་ན། སློབ་དཔོན་དེས་བྱེ་བཤད་དུ། གནས་དང༌། དམིགས་པ་དང༌། རྣམ་པ་དང༌། དུས་དང༌། རྫས་མཚུངས་པ་ཉིད་རྣམ་པ་ལྔས། སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར། མཚུངས་པར་ལྡན་པ་ཞེས་བྱའོ། །ཞེས་བཤད་པ་ཅི་ཞེ་ན། དེའི་ཁྱད་པར་ལ་ནི་བོད་རྣམས་ཀྱིས་བཤད་པ་མང་དུ་བྱས་མོད། བྱས་པ་ཙམ་དུ་ཟད་དེ། རྣམ་པར་རྟོག་པའི་གཏིང་མ་ཚུགས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྣམ་པ་མཚུངས་པར་བཤད་པ་ནི། ཡུལ་གྱི་རྣམ་པ་ཤར་བ་ལ་བྱ་སྟེ། གཙོ་བོ་གཟུགས་འཛིན་པའི་དབང་ཤེས་དང༌། དེའི་འཁོར་གཉིས་ཀ་ལ་གཟུགས་ཀྱི་རྣམ་པ་ཤར་བར་མཚུངས་པའི་ཕྱིར། དེ་ལྟ་ན་ཡང་རྣམ་པ་གསལ་མི་གསལ་གྱི་ཁྱད་པར་ནི་མི་སྲིད་པ་མ་ཡིན་ཏེ། མདོ་སྡེ་པའི་སྐབས་སུ་གཟུང་དོན་ལས་སྐྱེས་མ་སྐྱེས་ཀྱི་ཁྱད་པར་སྲིད་པའི་ཕྱིར་དང༌། བག་ཆགས་ཀྱི་དབང་གིས་གསལ་མི་གསལ་གྱི་ཁྱད་པར་སྲིད་པའི་ཕྱིར་རོ། །འགྲེལ་བཤད་དང་འགལ་བར་མ་ཟད། རྩ་འགྲེལ་གཉིས་ཀ་དང་འགལ་ཏེ། རྩ་བར། དོན་འཛིན་པ་རྣམ་ཤེས་དང༌། དེར་མ་ཟད་དེའི་ཁྱད་པར་ཡང་འཛིན་པ་སེམས་བྱུང་དུ་བཤད་པའི་ཕྱིར་དང༌། འགྲེལ་པར་དོན་གྱི་མཐར་ཙམ་སྒྲ་སྨོས་པའི་ཕྱིར། རིགས་པ་དང་འགལ་བ་ནི། གཙོ་བོ་དབང་ཤེས་འཁོར་གྱི་སེམས་བྱུང༌། ཀུན་འགྲོ་ལྔ་པོ་དེ་ནང་ཕན་ཚུན་དུ་འཛིན་སྟངས་མཚུངས་པར་འགྱུར་ཞིང༌། དེའི་འཁོར་གྱི་ཡུལ་ངེས་ལྔ་དང་ཡང་འཛིན་སྟངས་མཚུངས་པར་འགྱུར་ཏེ། དེ་དག་དང་མཚུངས་ལྡན་རྣམ་པ་ལྔས་མཚུངས་པ་གང་ཞིག རྣམ་པ་མཚུངས་པའི་དོན། འཛིན་སྟངས་མཚུངས་པ་ལ་བྱེད་པའི་ཕྱིར། འདོད་ན་ཀུན་འགྲོ་ཡུལ་ངེས་སུ་ཐལ་བ་དང༌། ཡུལ་ངེས་རྣམས་ཀྱང་ནང་ཕན་ཚུན་དུ་གཅིག་ལ་གཅིག་ཡིན་པར་ཐལ་བར་འགྱུར་རོ། །གསུམ་པ་ཁས་བླངས་དང་འགལ་བ་ནི། དབང་ཤེས་ཀྱི་གཙོ་འཁོར་གཉིས་ཀ་རྟོག་མེད་དུ་མཚུངས་ཤིང༌། ལྔ་མཚུངས་ཀྱི་དོན་ཡང༌། རྟེན་བདག་རྐྱེན་དང༌། དམིགས་པའི་རྐྱེན་མཚུངས་པ་ལ་འཆད་པ་དེ་ལྟ་ན། གཟུགས་འཛིན་རྣམ་ཤེས་འཁོར་དུ་བྱུང་བའི་ཆགས་སྡང་རྨོངས་གསུམ་དང༌། དེའི་འཁོར་དུ་བྱུང་བའི་ཡུལ་ངེས་ལྔ་དང༌། རྟོག་དཔྱོད་གཉིས་དང༌། སེམས་པ་རྣམས་ཆོས་ཅན། རྟེན་མིག་དང༌། དམིགས་པ་གཟུགས་ལ་བརྟེན་ནས། གཟུགས་གསལ་བར་སྣང་བའི་རིག་པ་ཡིན་པར་ཐལ། གཙོ་བོ་གཟུགས་འཛིན་མིག་ཤེས་དང༌། མཚུངས་ལྡན་ལྔས་མཚུངས་པའི་ཕྱིར། རྟགས་དང༌། ཁྱབ་པ་ཁས་བླངས། འདོད་ན་མིག་གི་རྣམ་ཤེས་སུ་ཐལ་བར་འགྱུར་ཏེ། འདོད་པའི་ཕྱིར་རོ། །ཁྱབ་པ་ཚད་མས་གྲུབ་ཅིང༌། ཁྱེད་ཀྱིས་ཀྱང་ཁས་བླངས་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད་གཞུང་དུ་དེ་ལས་གཞན་མ་བཤད་ཅིང༌། ཁྱེད་ཀྱིས་ཀྱང་དེ་ལས་གཞན་མ་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ། གཙོ་བོ་མིག་ཤེས་དེ་རང་གི་འཁོར་གྱི་འདོད་ཆགས་དང༌། མ་རིག་པ་གཉིས་སུ་ཐལ་བར་འགྱུར་ཏེ། དེ་དང༌། དེའི་མཚན་ཉིད་རྗེས་སུ་ཞུགས་པའི་ཕྱིར། དེ་མ་ཞུགས་ན་དམིགས་པ་དང་འཛིན་སྟངས་མཚུངས་པར་འགལ་ལོ། །གཞན་ཡང༌། དེའི་འཁོར་གྱི་འདུན་པ་ཡང་དྲན་པར་ཐལ། འདས་པའི་དངོས་པོ་ལ་དམིགས་ནས་དྲན་པའི་འཛིན་སྟངས་ཅན་གྱི་རིག་པ་ཡིན་པའི་ཕྱིར། དྲན་པ་ཡང་འདུན་པར་ཐལ་ཏེ། མ་འོངས་པའི་དངོས་པོ་ལ་དམིགས་ནས། འདུན་པའི་འཛིན་སྟངས་ཅན་གྱི་རིག་པ་ཡིན་པའི་ཕྱིར། དེ་བཞིན་དུ། ཉོན་ཡིད་འཁོར་གྱི་བདག་ཏུ་ལྟ་བ་དེ་བདག་ཏུ་རྨོངས་པ་དང༌། བདག་ཏུ་ང་རྒྱལ་བ་རྣམས་སུ་ཐལ་བར་འགྱུར་ཏེ། དམིགས་པ་ཀུན་གཞི་ལ་དམིགས་ནས། བདག་ཏུ་ལྟ་བ་ལ་སོགས་པའི་འཛིན་སྟངས་ཅན་གྱི་སེམས་བྱུང་ཡིན་པའི་ཕྱིར་རོ། །དེ་ལྟར་ན། ཁྱེད་ཅག་འཁོར་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་སེམས་བྱུང་ཞེས་སྦྱར་བས། གཙོ་བོ་སེམས་བཅད་པར་རློམ་མོད་ཀྱང༌། འཁོར་རྣམས་ནང་ཕན་ཚུན་གཞི་མཐུན་མི་སྲིད་པར་འདོད་པ་ཤ་སྟག་ཏུ་སྣང་བས། མཚན་ཉིད་ལྔ་བཅུ་རྩ་གཅིག་པོ་རེ་རེ་ལ་འཁོར་གསུམ་དངོས་འགལ་གྱི་ཕྲེང་བ་ལྔ་ལྔ་དང༌། བཅུ་བཅུ་དང༌། བཅུ་གཅིག་ལ་སོགས་པ་རིམ་པར་བརྒྱུས་པས་བརྒྱ་ཕྲག་དུ་མར་འགྱུར་རོ། །གཅིག་ལ་མཚོན་ན། མིག་ཤེས་འཁོར་གྱི་ཚོར་བ་ཆོས་ཅན། དེའི་འཁོར་གྱི་འདུ་ཤེས་སུ་ཐལ། མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་མཚན་མར་འཛིན་པའི་སེམས་བྱུང་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པའོ། །ཡང་གོང་འོག་གཉིས་དམིགས་པ་མཚུངས་པའི་དོན་ཡང་འདྲ་བ་མ་ཡིན་ཏེ། འོག་མར་ནི་གཟུང་འཛིན་རྫས་གཞན་དང༌། རྣམ་མེད་རྗེན་ཆེར་ཁས་ལེན་ལ། འདིར་མ་ཡིན་པའི་ཕྱིར་དང༌། མདོ་སྡེ་པའི་སྐབས་སུ། ཡུལ་ཡུལ་ཅན་དུས་མི་མཉམ་པར་ཁས་ལེན་ལ། འདིར་མ་ཡིན་པའི་ཕྱིར་རོ། །རྟེན་མཚུངས་པ་ཞེས་བྱ་བ་ཡང༌། རྟེན་བདག་རྐྱེན་མཚུངས་དགོས་པའི་བཤད་པ་མངོན་པ་འོག་མ་ནའང་མི་སྣང་ལ། གལ་ཏེ་ཡོད་དུ་ཆུག་ནའང༌། འདིར་དེ་འདྲ་མ་ཡིན་ཏེ། འདིར་གནས་མཚུངས་པ་ཞེས་བཤད་ལ། དེའི་དོན་ཡང༌། ཁམས་དང་ས་མཚུངས་པའི་གནས་ལ་གནས་སུ་བཤད་པའི་ཕྱིར་རོ། །དེས་ན་གོང་མའི་སྐབས་འདིར། གཙོ་འཁོར་གཉིས་པོ་མཚུངས་ལྡན་རྣམ་པ་ལྔས་མཚུངས་པ་ཁོ་ན་ཡིན་ཏེ། དམིགས་པ་གཅིག་ལ་དམིགས་པ་དང༌། དེའི་རྣམ་པ་ཤར་ཙམ་དུ་མཚུངས་པ་དང༌། རྫས་ཐ་དད་པ་རེ་རེ་ཁོ་ནར་མཚུངས་པ་དང༌། དུས་མཚུངས་པ་དང༌། རྟེན་ས་མཚུངས་པའི་ཕྱིར་རོ། །གཙོ་འཁོར་གཉིས་རྟེན་དབང་པོ་དྲུག་པོ་གང་རུང་ལ་བརྟེན་པར་མཚུངས་པ་ཅིག་སྲིད་ཀྱང༌། བརྟེན་ཚུལ་མཚུངས་པ་མ་ཡིན་ཏེ། མཚུངས་ན་འཁོར་ཡང་རྣམ་ཤེས་སུ་ཐལ་བས་སོ། །དོན་གྱི་ཁྱད་པར་ནི། འཁོར་རྣམས་ཀྱི་འཛིན་སྟངས་ཀྱི་ཁྱད་པར་ཡིན་གྱི། འདིའི་དམིགས་རྣམ་གང་དུ་ཡང་མི་ཡོང་བས་དེ་མི་འཆད་དོ། །འོག་མའི་ལུགས་ལ་ནི། སེམས་སེམས་བྱུང་དང༌། མཚུངས་ལྡན་གཉིས་པོ་མིང་གི་རྣམ་གྲངས་སུ་བཤད་ནས་མཚུངས་ལྡན་དུ་འགྱུར་བའི་ཚུལ་ལ། རྟེན་མཚུངས་པ་སོགས་ལྔ་ཡོད་པར་བཤད་པ་ཡིན་གྱི་སྤྱིར་མཚུངས་ལྡན་ཡིན་ན། རྣམ་པ་ལྔས་མཚུངས་ལྡན་ཡིན་དགོས་པ་དང༌། ཁྱད་པར་གཙོ་བོ་གཅིག་གི་འཁོར་དུ་བྱུང་བའི་སེམས་བྱུང་ཡིན་ན། རང་གི་གཙོ་བོ་དང༌། རྣམ་པ་ལྔས་མཚུངས་པ་ཡིན་དགོས་པས་ཁྱབ་པར་བཤད་པ་གཅིག་ཀྱང་མེད་དོ། །གལ་ཏེ་ཡོད་ན། གོང་དུ་བཤད་པའི་ཉེས་པ་རྣམས་བཟློག་མི་ནུས་པར་མ་ཟད། འདོད་པའི་དགེ་སེམས་ཀྱི་འཁོར་དུ་བྱུང་བའི་སེམས་བྱུང་ཉི་ཤུ་གཉིས་པོ་དེ། རྟེན་དང་དམིགས་རྣམ་མཚུངས་པའི་ཚུལ་ཇི་ལྟར་ཡིན་པ་བཤད་དགོས་སོ། །སྤྱིར་ཡང་ཉི་ཤུ་རྩ་གཉིས་པོ་འདོད་པའི་གཙོ་བོ་སེམས་ཀྱི་འཁོར་དུ་འབྱུང་སྲིད་པའི་བཤད་པ་ཡིན་གྱི། ཅིག་ཆར་དུ་འབྱུང་བའི་དབང་དུ་བྱས་པ་མ་ཡིན་པར་ནི་དེ་ཉིད་ལས་གསལ་མོད། དེ་ལྟར་ཡང་དབང་ཤེས་དང༌། དེའི་འཁོར་གྱི་སེམས་པ་གཉིས་ལྔ་མཚུངས་མ་ཡིན་པའི་ཚུལ་ནི། ཇི་སྐད་དུ། མི་དགེ་བརྒྱད་ཀྱི་བར་དག་དང༌། །སེམས་པ་ཅིག་ཆར་ལྷན་ཅིག་འབྱུང༌། །དགེ་བ་བཅུའི་བར་དག་དང༌། །ཞེས་པའི་སྐབས་ལས་གསལ་བར་ཤེས་སོ། །གཉིས་པ་གང་ཞིག་གང་དང་མཚུངས་པར་ལྡན་པ་ལ། བཤད་པའི་གཞི་དགོད་པ་དང༌། ལྡན་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཀུན་གཞི་དང་ཉོན་ཡིད་ཀྱི་འཁོར་དུ་འབྱུང་བ་ནི། རྟོགས་པར་སླ་ཤིང༌། འོན་ཀྱང་དེ་གཉིས་ཀྱི་འཁོར་གྱི་ཀུན་འགྲོ་ལྔ་ལ། གཞུང་ནས་བཤད་པའི་དེ་ལྔ་པོ་སོ་སོའི་མཚན་ཉིད་མ་ཚང་ཞིང༌། དབྱེ་བ་སོ་སོའི་ནང་དུ་མ་འདུས་པའི་ཚུལ་ནི་ངེས་པར་ཤེས་དགོས་ཏེ། དཔེར་ན་དེ་དང་དེའི་འཁོར་གྱི་ཚོར་བ་གཉིས་པོ་ཚོར་བའི་ཚོགས་དྲུག་གི་ནང་དུ་མ་འདུས་པ་དང༌། ལུས་ཚོར་དང༌། སེམས་ཚོར་གང་གི་ཡང་ཁོངས་སུ་མི་འདུ་བ་བཞིན་ནོ། །དེས་ན་ཀུན་གཞིའི་འཁོར་དུ་སྒྲ་དོན་འཛིན་པའི་རྟོག་པ་གང་ཡང་མངོན་གྱུར་དུ་མི་འབྱུང་བ་དང༌། དེའི་འཁོར་ན་སེམས་བྱུང་ཀུན་འགྲོ་ལྔ་ལྡན་ཡང་ཡོད་པ་མ་ཡིན་པའི་ཚུལ་ཤེས་དགོས་ཏེ། ཀུན་གཞི་མཚུངས་ལྡན་དང་བཅས་པ་ལ་སྒྲ་དོན་འཛིན་པའི་རྟོག་པ་མི་སྲིད་པའི་ཕྱིར་དང༌། དེ་འཁོར་བཅས་ཀྱིས་ཡུལ་ལ་ཉེ་བར་ལོངས་མི་སྤྱོད་པའི་ཕྱིར་དང༌། དེའི་ཚོར་བས་རྣམ་སྨིན་ལ་ལོངས་སྤྱོད་ཀྱང༌། དེས་དེ་མི་རིགས་པའི་ཕྱིར་རོ། །དེས་ན་ཀུན་གཞིའི་འཁོར་ན་ཡོད་པ་ནི། ས་བོན་དང༌། རྣམ་སྨིན་གང་རུང་གི་ངོ་བོར་གྱུར་པའི་སེམས་བྱུང་གི་ཕུང་པོ་ཡིན་ལ། ཉོན་ཡིད་ཀྱི་འཁོར་ན་ཡོད་པ་ནི་རང་རང་མཚན་ཉིད་པ་ཡིན་ཀྱང༌། གཞུང་གི་དངོས་བསྟན་གྱི་དབྱེ་བར་མ་འདུས་པ་ནི། དཔེར་ན་ཚོར་བ་དེ། ལུས་སེམས་ཀྱི་ཚོར་བ་གང་དུ་ཡང་མ་འདུས་པ་དང༌། བདག་ཏུ་ལྟ་བ་སོགས་བཞི་པོ་དངོས་བསྟན་གྱི་འཇིག་ལྟ་དང༌། འདོད་ཆགས་དང༌། ང་རྒྱལ་དུ་མ་འདུས་པ་བཞིན་ནོ། །འཇུག་ཤེས་ཀྱི་འཁོར་དུ་དུ་ཞིག་འབྱུང་བ་ནི། དབང་ཤེས་དང་ཡིད་ཤེས་གཉིས་ལས། དང་པོ་ལ་གསུམ་ལས། དེ་དགེ་བར་སྐྱེས་པའི་འཁོར་དུ་ཉེར་གསུམ་འབྱུང་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྟོག་དཔྱོད་གཉིས་དང་བཅས་པའོ། །ཉོན་མོངས་ཅན་གྱི་འཁོར་དུ་ཉི་ཤུ་རྩ་ལྔ་འབྱུང་སྲིད་དེ། ཀུན་འགྲོ་ཡུལ་ངེས་ལྔ། རྟོག་དཔྱོད་གཉིས། རྩ་ཉོན་གྱི་ནང་ནས་དུག་གསུམ། ཉེ་ཉོན་བཅུ་ཚན་འོག་མ་དང་བཅས་པ་རྣམས་འབྱུང་སྲིད་པའི་ཕྱིར། མ་སྒྲིབ་ལུང་མ་བསྟན་གྱི་འཁོར་དུ་བཅུ་གཉིས་སྲིད་དེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། རྟོག་དཔྱོད་གཉིས། འབྱུང་སྲིད་པའི་ཕྱིར། ལ་ལ་ན་རེ། དབང་ཤེས་འཁོར་དུ། ཏིང་ངེ་འཛིན་དང༌། ཤིན་ཏུ་སྦྱངས་པ་གཉིས་མི་འབྱུང་སྟེ། དེ་གཉིས་ཏིང་ངེ་འཛིན་གྱིས་བསྒྲུབས་པས་ཁ་ནང་དུ་བལྟས་པ་ཡིན་ལ། དབང་ཤེས་ནི་ཁ་ཕྱི་རོལ་དུ་བལྟས་པས་ངོ་བོ་ཉིད་ཀྱིས་གཡེང་བ་ཡིན་པའི་ཕྱིར། ཞེས་གསུང་ཡང༌། མངོན་པ་གོང་མ་ན་དེར་དེ་མི་འབྱུང་བའི་གསལ་ཁ་མེད་ཅིང༌། འོག་མ་ལས་དེར་དེ་འབྱུང་བར་བཤད་དོ། །དེ་དག་ལས་གཞན་ལྟ་བ་རྣམས་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། ཉེ་ཉོན་བཅུ་ཚན་གོང་མ་རྣམས་ནི་དེའི་འཁོར་དུ་མི་འབྱུང་སྟེ། ཡིད་ཁོ་ནའི་ས་པ་ཡིན་པའི་ཕྱིར། ཞེས་པའམ། ཡང་དེ་དག་གི་དབང་ཤེས་ལྔའི་ཡུལ་ལ་མ་དམིགས་པའི་ཕྱིར། མཐོང་བས་སྤངས་པར་བྱ་བ་མཐའ་དག་མི་འབྱུང་སྟེ། དེ་དག་ནི་བདེན་པ་ལ་ལོག་པར་ཞུགས་པ་ཡིན་གྱི། ཡུལ་ལ་ལོག་པར་ཞུགས་པ་མ་ཡིན་པའི་ཕྱིར། གཉིས་པ་ཡིད་ཀྱི་ཤེས་པ་ལ་ཡང་གསུམ་ལས། དགེ་བའི་འཁོར་དུ་ཉི་ཤུ་རྩ་ལྔ་འབྱུང་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག གཞན་འགྱུར་བཞིའོ། །མི་དགེ་བའི་འཁོར་དུ་བཞི་བཅུ་ཐམ་པ་འབྱུང་སྲིད་དེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞིའོ། །མ་སྒྲིབ་ལུང་མ་བསྟན་གྱི་འཁོར་དུ་བཅུ་བཞི་འབྱུང་སྟེ། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། གཞན་འགྱུར་བཞིའོ། །གཉིས་པ་ནི། འོ་ན་དབང་ཤེས་འཁོར་གྱི་སེམས་བྱུང་དེ་དག་རྟོག་པ་ཡིན་ན། དབང་ཤེས་འཁོར་དུ་ཇི་ལྟར་འབྱུང་ཞེ་ན། ལུང་དང༌། རིགས་པ་ལས་སོ། །དང་པོ་ནི། སའི་དངོས་གཞིར། དེ་ལ་ཉོན་མོངས་ཅན་དང༌། དགེ་བའི་ཆོས་གཉིས་ནི། རྒྱུ་གཉིས་པོ་རྣམ་པར་རྟོག་པ་དང༌། སྔོན་གྱི་འཕེན་པ་ལས་འབྱུང་བར་འགྱུར་ཏེ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་རྒྱུ་གཉིས་ཀས་འབྱུང་ངོ༌། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ནི་སྔོན་གྱི་འཕེན་པ་ཁོ་ནས་འབྱུང་ངོ༌། །ཉོན་མོངས་པ་ཅན་དང༌། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པའི་འཕེན་པས་དེ་མ་ཐག་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ། ཉོན་མོངས་པ་ཅན་དང༌། དགེ་བའི་ཆོས་འབྱུང་བར་འགྱུར་གྱི། རྣམ་པར་རྟོག་པས་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི། ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་འཇུག་པ་ཞེས་བྱའོ། །ཞེས་གསུངས་སོ། །དེའི་དོན་ནི། མདོར་བསྡུས་ན། སྒོ་ལྔའི་དབང་ཤེས་དགེ་བ་དང༌། ཉོན་མོངས་ཅན་རྣམས་ནི། རང་སྟོབས་ཀྱིས་དེ་དང་དེར་སྐྱེས་པ་མ་ཡིན་ཏེ། གྲོགས་ཀྱི་དབང་གིས་དེ་དང་དེར་བྱས་པའི་ཕྱིར། གྲོགས་དེ་ཡང་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ས་པའོ། །ཞེས་པ་ཅིག་བྱུང་ལ། དེ་ལྟར་གྲུབ་པ་ན། དེའི་འཁོར་གྱི་དགེ་བ་དང་ཉོན་མོངས་གཉིས་ཀ་ཡིད་ཀྱི་ས་པར་གྲུབ་བོ། །དེ་ཉིད་རྒྱས་པར་བཤད་ན། གཟུགས་འཛིན་མིག་ཤེས་ལྟ་བུ་ཅིག་སྐྱེ་བའི་ཚེ། ཀུན་འགྲོ་ལྔའི་ནང་ནས། སེམས་པས་གཟུགས་ལ་གཡོ་བར་བྱེད་ཅིང༌། ཡིད་ལ་བྱེད་པ་སྔ་མས་གཙོ་བོ་གཟུགས་ལ་འཇུག་པར་བྱེད་དོ། །གཙོ་བོ་དེ་དང་དུས་མཉམ་པའི་དེ་ཉིད་ཀྱིས་ཀྱང་སྔ་མ་ལྟར་བྱས་པས། ཇི་སྲིད་དེ་གཉིས་ཀྱི་བྱེད་པ་མ་རྫོགས་པ་དེ་སྲིད་དུ་གཙོ་བོ་མིག་གི་རྣམ་པར་ཤེས་པ་རྒྱུན་མ་ཆད་པར་འབྱུང་ངོ༌། །དེ་འབྱུང་བ་དེ་སྲིད་དུ་དེའི་འཁོར་གྱི་ཀུན་འགྲོ་ལྔ་ཡང་ཆུ་ལས་རླབས་དང༌། མར་མེ་ལས་འོད་བཞིན་དུ་བར་མ་ཆད་པར་སྐྱེ་ཡང༌། སྔ་མས་ཕྱི་མའི་ཉེར་ལེན་བྱས་པའི་ཚུལ་གྱིས་ནི་མ་ཡིན་ཏེ། སེམས་བྱུང་རྣམས་ལ་རྒྱུན་མེད་པའི་ཕྱིར་རོ། །དེ་ཡང་འདི་ལྟར། གཙོ་བོས་གཟུགས་ཀྱི་ངོ་བོ་ཙམ་མཐོང་མ་ཐག་ཏུ་ཡུལ་དབང་ཡིད་བྱེད་གསུམ་འདུས་པའི་འགྱུར་བ་བསྐྱེད་དོ། །འགྱུར་བ་དེ་རེག་པས་བཅད་པས་ཚོར་བ་སྐྱེ་ཞིང༌། དེའི་དབང་གིས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གསུམ་ཅི་རིགས་པ་སྐྱེ་བར་འགྱུར་བའམ། ཡང་ན་དད་པ་ལ་སོགས་པ་སྐྱེ་བར་འགྱུར་རོ། །དེ་དང་དེའི་དབང་གིས་དབང་པོའི་རྣམ་པར་ཤེས་པ་དེ་དག་ཉོན་མོངས་ཅན་ནམ། དགེ་བར་འགྱུར་ཞིང༌། དེ་དག་གང་ཡང་མ་སྐྱེ་ན། ལུང་དུ་མ་བསྟན་པར་འགྱུར་རོ། །མདོར་ན་དབང་པོའི་ཤེས་པ་རྣམས་ཀྱི་དེ་དུས་ཀྱི་ཀུན་སློང་ནི། རང་རང་གི་འཁོར་དུ་བྱུང་བའི་ཆགས་སོགས་དང༌། དད་སོགས་རྣམས་ཀྱིས་བྱེད་ལ། དེ་ཡང་འཁོར་སྔ་མ་སྔ་མས་གཙོ་བོ་ཕྱི་མ་ཕྱི་མའི་རྒྱུའི་ཀུན་སློང་བྱེད་ཅིང༌། དུས་མཉམ་པ་རྣམས་ཀྱིས། དུས་ཀྱི་ཀུན་སློང་བྱེད་པའོ། །གཉིས་པ་རིགས་པའི་སྒྲུབ་བྱེད་ལ་གཉིས་ཏེ། དེའི་འཁོར་དུ་དེ་དག་འབྱུང་བའི་རྒྱུ་མཚན་དང༌། གཙོ་འཁོར་གཉིས་མཚུངས་ལྡན་ཡིན་པའི་ཤེས་བྱེད་དོ། །དང་པོ་ནི། དབང་ཤེས་དགེ་བའི་འཁོར་དུ་འབྱུང་བར་བཤད་པ་དེ་དང་དེ་དག་ཆོས་ཅན། དེའི་འཁོར་དུ་འབྱུང་བའི་རྒྱུ་མཚན་ཡོད་དེ། དམིགས་པ་རྣམ་བརྟགས་ཀྱི་གཟུགས་སོགས་ཡུལ་ལྔ་ལ་དངོས་སུ་དམིགས་ནས། དེ་དང་དེའི་ཁྱད་པར་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་ཕྱིར། ང་རྒྱལ་ལ་སོགས་པ་མི་འབྱུང་བར་བཤད་པ་རྣམས་ལ་ནི་སྒྲུབ་བྱེད་དེ་ཞུགས་པ་མ་ཡིན་ནོ། །གཙོ་བོ་གཅིག་གི་འཁོར་རྣམས་འཛིན་སྟངས་མཚུངས་པ་མི་དགོས་པའོ། །འོ་ན་དེའི་འཁོར་དུ་ཆགས་སྡང་གཉིས་ཅིག་ཅར་དུ་འབྱུང་སྲིད་པར་ཐལ། དེ་གཉིས་ཀས་ཀྱང་དེའི་ཡུལ་ལ་དམིགས་ནས་དེའི་ཁྱད་པར་ངེས་པའི་ཕྱིར། ཞེ་ན། མི་མཚུངས་ཏེ། དེ་གཉིས་ནི་འཛིན་སྟངས་དངོས་སུ་འགལ་བས་ཡུལ་གཅིག་ལ་དམིགས་ནས་ཅིག་ཆར་དུ་སྐྱེ་བ་མི་སྲིད་ལ། གཞན་རྣམས་ལ་ནི་འཛིན་སྟངས་མཚུངས་པ་མི་དགོས་ཀྱང༌། དངོས་སུ་འགལ་བ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གནས་སྐབས་གང་ལ་ཆགས་ཅན་འདོད། །དེ་འདྲ་ཞེ་སྡང་ཅན་མི་འགྱུར། །དེ་གཉིས་ངོ་བོ་མི་མཚུངས་ཕྱིར། །ཞེས་གསུངས་སོ། །གཉིས་པ་ནི། བཤད་མ་ཐག་པའི་གཙོ་འཁོར་དེ་དག་ཆོས་ཅན། མཚུངས་པར་ལྡན་པ་ཡིན་ཏེ། མཐུན་པར་རྟོགས་པའི་མཚུངས་ལྡན་རྣམ་པ་ལྔས་མཚུངས་པའི་ཕྱིར། དེ་ཡིན་ཏེ། དམིགས་པ་གཅིག་གི་རྣམ་པ་ཤར་བར་མཚུངས་ཤིང༌། གནས་གཅིག་ལ་དུས་གཅིག་ཏུ་རྫས་མཚུངས་པར་ལྡན་པའི་ཕྱིར། མཚུངས་པ་ནི་རྫས་རེ་རེ་བ་དང༌། དམིགས་པ་གཅིག་ཏུ་དང༌། རྣམ་པ་ཤར་ཙམ་དུ་དང༌། རྟེན་གཅིག་ལ་བརྟེན་པར་མཚུངས་པ་རྣམས་ཡིན་ལ། ལྡན་པ་ནི་གྲུབ་པ་དང་བདེ་བ་ཐ་མི་དད་པར་ཡོད་པའོ། །གཙོ་འཁོར་གཉིས་རྟེན་དང་དམིགས་པ་མཚུངས་ཀྱང༌། ཡུལ་གྱི་རྣམ་པ་གསལ་མི་གསལ་དུ་འབྱུང་བ་ནི་བག་ཆགས་ཀྱི་སྟོབས་ཀྱིས་སོ། །ལུང་མང་པོ་ཡིས་རྒྱུད་འཁྲུགས་ནས། །ལུང་མ་བསྟན་པའི་རྣམ་བཤད་ཀྱིས། །ལུང་སྟོན་མ་ནུས་ཟབ་པའི་གནས། །ལུང་བཞིན་བརྟགས་ནས་བཤད་པ་ཡིན། །བག་མེད་མི་རྣམས་གཞན་ཟེར་གྱི། །བག་ཆགས་བདེན་ལ་ཞེན་གྱུར་ནས། །བག་ཡོད་ཆོས་འདིར་མི་སློབ་ན། །བག་ལ་ཉལ་བ་དྲུང་འབྱིན་པའི། །ད་དུང་ལུང་རིགས་མང་པོ་རྣམས། །ད་གཟོད་གཞུང་མང་བརྟགས་ནས་འཆད། །ད་ལན་མངས་པས་འཇིགས་པའི་ཕྱིར། །ད་རེས་ཐམས་ཅད་བཤད་མི་དགོས། །འདི་ན་འགྲན་འདོད་འགའ་ཡིས་ནི། །འདི་ལས་འགལ་བ་བྱེད་འདོད་ན། །འདི་དང་མཉམ་པ་གཞན་སྦྱོར་ལ། །འདི་ལྟར་ཡིན་ཞེས་སྨྲ་བར་བྱོས། །ང་མཁས་འདོད་པའི་སྨོན་ལམ་གྱིས། །ང་དང་འགྲན་པར་ག་ལ་ནུས། །ང་རྒྱལ་མེད་པར་འདི་ཟུང་ན། །ང་ཡིས་ཤེས་པ་དེ་ཤེས་འགྱུར། །ཞེས་བྱ་བ་ནི་ངལ་བསོ་བའི་ཚིགས་སུ་བཅད་པའོ། །གཉིས་པ་གཞུང་གི་དོན་ལ་དྲུག་སྟེ། ཀུན་ཏུ་འགྲོ་བ་ལྔ་ཡི་དང༌། ཡུལ་ངེས་པ་ལྔ་ཡི་དང༌། དགེ་བ་བཅུ་གཅིག་གི་དང༌། རྩ་བའི་ཉོན་མོངས་པ་དྲུག་གི་དང༌། ཉེ་བའི་ཉོན་མོངས་པ་ཉི་ཤུའི་དང༌། གཞན་དུ་འགྱུར་བ་བཞིའི་མཚན་ཉིད་དོ། །དང་པོ་ལ་གསུམ་སྟེ། སེམས་པའི་དང༌། རེག་པའི་དང༌། ཡིད་ལ་བྱེད་པའི་མཚན་ཉིད་དོ། །དང་པོ་ལ་མཚན་ཉིད་དང༌། བྱེད་ལས་སོ། །ཕྱི་མ་གཉིས་ལའང་དེ་ལྟར་གཉིས་གཉིས་སོ། །གཉིས་པ་ལ་ལྔ་སྟེ། འདུན་པ་ནས་ཤེས་རབ་ཀྱི་བར་རོ། །དང་པོ་ལ་མཚན་ཉིད་དང༌། བྱེད་ལས་སོ། །དང་པོ་ལ། དམིགས་པ་དང༌། རྣམ་པའི་ཁྱད་པར་རོ། །ལྷག་མ་རྣམས་ལའང་དེ་ལྟར་སྦྱར་རོ། །གསུམ་པ་དགེ་བ་ལ་བཅུ་གཅིག་པོ་དྲུག་ཏུ་བསྡུ་བར་བྱ་སྟེ། ཡིད་ཆེས་པའི་དུས་སུ་འབྱུང་བ་དད་པ་དང༌། སྡིག་པ་ལས་ལྡོག་པའི་དུས་སུ་འབྱུང་བ་ངོ་ཚ་ཁྲེལ་ཡོད་དང༌། དགེ་བ་ལ་འཇུག་པའི་དུས་སུ་འབྱུང་བ་བརྩོན་འགྲུས་དང༌། མ་ཆགས་པ་སོགས་བཞི་དང༌། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་གྱི་དུས་སུ་འབྱུང་བ་ཤིན་ཏུ་སྦྱངས་པ་དང༌། འདས་ལམ་གྱིས་ཆགས་བྲལ་བྱས་པའི་དུས་སུ་འབྱུང་བ་བག་ཡོད་བཏང་སྙོམས་གཉིས་དང༌། སེམས་ཅན་ལ་ཕན་འདོགས་པའི་དུས་སུ་འབྱུང་བ་རྣམ་པར་མི་འཚེ་བའོ། །དང་པོ་ལ། མཚན་ཉིད་དང་བྱེད་ལས་སོ། །དང་པོ་ལ་དམིགས་པ་དང༌། རྣམ་པའོ། །གཉིས་པ་ལ་ངོ་ཚ་ཤེས་པ་དང༌། ཁྲེལ་ཡོད་པའོ། །དང་པོ་ལ། བདག་རྐྱེན། དམིགས་པ་དང༌། རྣམ་པ་གསུམ་གྱི་མཚན་ཉིད་དང༌། བྱེད་ལས་སོ། །གཉིས་པ་ལ་ཡང་དེ་བཞིན་ནོ། །གསུམ་པ་ལ་བཞི་ལས། མ་ཆགས་པ་སོགས་དང་པོ་གཉིས་རེ་རེ་ལ་དམིགས་པ་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། བྱེད་ལས་སོ། །གཏི་མུག་མེད་པ་དང༌། བརྩོན་འགྲུས་གཉིས་ལ། དབྱེ་བའི་སྒོ་ནས་མཚན་ཉིད་དང༌། བྱེད་ལས་གཉིས་གཉིས་སོ། །ཤེས་རབ་ཀྱི་དབྱེ་བ་སྐྱེས་ཐོབ་དང༌། སྦྱོར་བྱུང་གཉིས་དང༌། བརྩོན་འགྲུས་ཀྱི་དབྱེ་བ། མ་ཐོབ་པ་ཐོབ་པ་དང༌། ཐོབ་པ་མཐར་ཕྱིན་པ་གཉིས་སོ། །བཞི་པ་ལ་མཚན་ཉིད་དང༌། བྱེད་ལས་སོ། །དང་པོ་ལ། མཚན་ཉིད་ཀྱི་ཤེས་བྱེད་དང༌། མཚན་ཉིད་དངོས་སོ། །ལྔ་པ་ལ་གཉིས་ལས། བག་ཡོད་ལ་མཚན་ཉིད་དང་བྱེད་ལས་སོ། །དང་པོ་ལ་ངོ་བོ་གང་ཡིན་པ། འཇུག་བྱའི་དམིགས་པ་གང་ཡིན་པ། ལྡོག་བྱའི་རྣམ་པ་གང་ཡིན་པའོ། །ལས་ལ་གཉིས་ཏེ། བསྒྲུབ་བྱ་དང༌། དེའི་སྒྲུབ་བྱེད་དོ། །དེ་ལའང་མ་ཐོབ་པ་ཐོབ་པའི་དང༌། ཐོབ་པ་མ་ཉམས་པའི་སྒྲུབ་བྱེད་དོ། །བཏང་སྙོམས་ལ་མཚན་ཉིད་དང༌། ལས་སོ། །དང་པོ་ལ། ངོ་བོ་དང༌། རྣམ་པ་དང༌། རྣམ་པ་དེའི་ཐོག་ཐ་བར་གསུམ་གྱི་དབྱེ་བའོ། །དྲུག་པ་ལ། ངོ་བོ་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། བྱེད་ལས་སོ། །རྩ་བའི་ཉོན་མོངས་པ་ལ་དྲུག་ལས། འདོད་ཆགས་ལ། རྟེན་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། བྱེད་ལས་སོ། །ཁོང་ཁྲོ་ལ་གཉིས་ཏེ། དམིགས་པ་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། མི་འདོད་པ་དང༌། དེའི་རྒྱུ་ལ་སྦྱོར་བའི་སྒོ་ནས་བྱེད་ལས་སོ། །ང་རྒྱལ་ལ་བདག་རྐྱེན་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། དངོས་དང༌། བརྒྱུད་པའི་སྒོ་ནས་བྱེད་ལས་སོ། །མ་རིག་པ་ལ་གཉིས་ཏེ། རྟེན་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང༌། ཁྱད་པར་དང༌། སྤྱིའི་སྒོ་ནས་བྱེད་ལས་སོ། །ཐེ་ཚོམ་ལ་དམིགས་པ་དང༌། རྣམ་པའི་སྒོ་ནས་མཚན་ཉིད་དང་བྱེད་ལས་སོ། །ལྟ་བ་ལ་གསུམ་སྟེ། སོ་སོའི་མཚན་ཉིད་གྲངས་ངེས་པའི་རྒྱུ་མཚན། འཇིག་ལྟ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ལྔ་ལས། འཇིག་ལྟ་ལ་མཚན་ཉིད་དང༌། བྱེད་ལས་སོ། །དང་པོ་ལ། དམིགས་པ་དང༌། རྣམ་པའོ། །དེ་ལའང་རྣམ་པ་དངོས་དང༌། ལྡོག་པའི་དབྱེ་བའོ། །དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་སྦྱར་རོ། །ལྔ་པ་ལོག་ལྟ་ལ་མཚན་ཉིད་དང༌། བྱེད་ལས་སོ། །དང་པོ་ལ་དམིགས་པ་དང༌། རྣམ་པ་དངོས་དང༌། དེའི་ལྡོག་པའི་དབྱེ་བ་གསུམ་མོ། །རྣམ་པ་དངོས་ལའང༌། འཁོར་བའི་ཆོས་ལ་དང༌། རྣམ་བྱང་གི་ཆོས་ལ་སྐུར་པ་འདེབས་པའོ། །བྱེད་ལས་ལ། བླང་དོར་སྐྱེས་པ་ལ་ལོག་པར་སྒྲུབ་པ་དང༌། དེ་མ་སྐྱེས་པ་ལ་ལོག་པར་སྒྲུབ་པའོ། །གཉིས་པ་གྲངས་ངེས་ལ་གསུམ་སྟེ། དྲི་བ་དང༌། ལན་དང༌། རྩོད་པ་སྤང་བའོ། །ལན་ལ། བཞི་སྒྲོ་འདོགས་ཀྱི་ལྟ་བར་བསྟན། གཅིག་གཙོ་ཆེར་སྐུར་འདེབས་སུ་བསྟན་པའོ། །དང་པོ་ལ། དམ་བཅའ་དང༌། དེའི་ཤེས་བྱེད་ཡུལ་དང་ཡུལ་ཅན་གཉིས་ཀྱི་སྒོ་ནས་བཤད་པའོ། །རྩོད་པ་སྤང་བ་ལ་གཉིས་ཏེ། ལྟ་བ་དྲུག་ཅུ་རྩ་གཉིས་ལྔར་བསྡུ་བའི་དྲིས་ལན་དང༌། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལྔར་བསྡུས་བའི་རྩོད་ལན་ནོ། །འདིར་ལྟ་བ་དྲུག་ཅུ་རྩ་གཉིས་ནི། སྔོན་གྱི་མཐར་རྟོག་པ་བཅོ་བརྒྱད། ཕྱི་མའི་མཐར་རྟོག་པ་བཞི་བཅུ་རྩ་བཞིའོ། །དང་པོ་ནི། རྟག་དང་ཁ་ཅིག་རྒྱུ་མེད་དང༌། །མཐའ་ལྡན་དེ་བཞིན་ལྷ་མི་སྤོང༌། །ཞེས་པ་སྟེ། རྟག་པར་སྨྲ་བ་དང༌། ཁ་ཅིག་རྟག་པར་སྨྲ་བ་དང༌། མཐའ་ཡོད་མེད་དུ་སྨྲ་བ་དང༌། ལྷ་མི་སྤོང་བ་རྣམས་ལ་བཞི་བཞི། རྒྱུ་མེད་དུ་སྨྲ་བའི་ལྟ་བ་གཉིས་རྣམས་སོ། །དེ་དག་ནི། སྐྱེ་བ་སྔ་མ་དྲན་པ་ལས་བྱུང་བའི་ལྟ་བ་ཡིན་པའི་ཕྱིར། སྔོན་གྱི་མཐའ་ལ་བརྟེན་པ་ཞེས་བྱའོ། །གཉིས་པ་ནི། འདུ་ཤེས་ཡོད་སྨྲའི་བཅུ་དྲུག་དང༌། །མེ་དང་གཉིས་མིན་བརྒྱད་བརྒྱད་དང༌། །ཆད་པར་སྨྲ་བ་རྣམས་ཀྱི་བདུན། །ཚེ་འདིར་གྲོལ་བར་སྨྲ་བའི་ལྔ། །ཞེས་པའོ། །ལུང་དུ་མ་བསྟན་པ་བཅུ་བཞི་ནི། ཇི་སྐད་དུ། གང་འདས་ཕན་ཆད་མཐའ་སོགས་དང༌། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང༌། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་པ་བཅུ་གཉིས་ཀྱི་སྟེང་དུ། ལུས་སྲོག་གཅིག་དང༌། ཐ་དད་དུ་ལྟ་བ་བསྣན་པའོ། །འདིར་བདག་ཡོད་མེད་ལུང་མི་སྟོན་པའི་གོ་བ་ཡང༌། སངས་རྒྱས་པའི་ལུང་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པའི་དབང་དུ་བྱས་པ་ཡིན་གྱི། དེ་དེས་དག་པའི་ཚེ་ནི། དེ་མེད་པར་ལུང་སྟོན་བྱེད་ཀྱི་ལུང་དང༌། རིགས་པ་གཉིས་འཆད་པ་ཡིན་ནོ། །གསུམ་པ་འཇིག་ལྟ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། དམིགས་པ་ལ་བདག་དང་བདག་གི་བ་དགག་པ། རྣམ་པས་བདག་དང་བདག་གིར་འཛིན་པ། དམིགས་པ་ལ་དེ་མེད་ཀྱང༌། རྣམ་པས་དེར་འཛིན་པའི་རྒྱུ་མཚན་ནོ། །དང་པོ་ལ་བསྟན་པ་དང༌། བཤད་པའོ། །དེ་ལ་ལྔ་སྟེ། ཕུང་པོ་ཉིད་བདག་མ་ཡིན་པའི་དང༌། ཕུང་པོ་ལ་བདག་མི་བརྟེན་པའི་དང༌། ཕུང་པོ་བདག་གི་དབང་བསྒྱུར་བྱ་མ་ཡིན་པའི་དང༌། ཕུང་པོ་ལས་གཞན་མེད་པའི་དང༌། ཕུང་པོ་མེད་པའི་བདག་མེད་པའི་འཐད་པའོ། །གཉིས་པ་རྣམ་པས་དེར་འཛིན་པ་ལ་གཉིས་ཏེ། ཉི་ཤུ་པོ་གང་དུ་བསྡུ་བ་དང༌། དེའི་ལན་ནོ། །དེ་ལ་གཉིས་ཏེ། བསྟན་པ་དང༌། བཅོ་ལྔ་པོ་བདག་གི་ལྟ་བ་ཡིན་པའི་ཤེས་བྱེད་དོ། །གསུམ་པ་ལ་དྲི་བ་དང་ལན་ནོ། །ལན་ནི། འཇིག་ལྟ་ཆོས་ཅན། མ་དཔྱད་པའི་གཞི་ཅན་ཞེས་བྱ་སྟེ། དཔྱད་ན་དེར་འཛིན་རྒྱུ་མ་དམིགས་པའི་ཕྱིར། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །གོང་དུ་བཤད་པའི་ཉེས་པ་ལྔའི་གོ་དོན་བསྡུ་ན། བདག་ཕུང་གཉིས་གཅིག་གམ། ཐ་དད་དམ། གཉིས་མིན་གྱི་ཕུང་གསུམ་ཡིན། དང་པོ་མི་རིགས་ཏེ། གཉིས་པོ་མཚན་ཉིད་མི་མཐུན་པའི་ཕྱིར། གཉིས་པ་ལྟར་ན། འབྲེལ་ལམ་འགལ། དང་པོ་ལྟར་ན། ཕུང་པོ་ལ་བདག་འབྲེལ་ལམ། བདག་ལ་ཕུང་པོ་འབྲེལ། དང་པོ་ལྟར་ན་མི་རིགས་ཏེ། བདག་མི་རྟག་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལྟར་མི་རིགས་ཏེ། ཕུང་པོ་བདག་གི་རང་དབང་ཅན་དུ་ཐལ་བའི་ཕྱིར་རོ། །འགལ་ན་བསྒྲིམ་མི་དགོས་པར་བདག་ཐར་བར་འགྱུར་རོ། །གསུམ་པ་ལྟར་ན། བདག་ལུས་མེད་པ་སྟེ་དངོས་པོ་མེད་པར་ཐལ་བར་འགྱུར་རོ། །ལྔ་པ་ཉེ་ཉོན་ལ་གསུམ་སྟེ། ཉོན་མོངས་པའི་སེམས་སོ་སོ་དང་མཚུངས་པར་ལྡན་པ་བཅུ་མི་དགེ་བའི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པ་གཉིས། ཉོན་མོངས་པའི་སེམས་ཐམས་ཅད་དང་མཚུངས་པར་ལྡན་པ་བརྒྱད་རྣམས་སོ། །དང་པོ་ལ་དྲུག་སྟེ། ལྷན་ཅིག་འགྲོགས་པའི་གནས་ཁྲོ་བ་དང་འཁོན་འཛིན། ཕན་ཚུན་གླེང་པའི་གནས་འཆབ་པ་དང་འཚིག་པ། རྙེད་པ་དང་བཀུར་སྟི་ལ་ཆགས་པའི་གནས་ཕྲག་དོག་དང་སེར་སྣ། འཚོ་བ་ཉམས་པའི་གནས་སྒྱུ་དང་གཡོ། མི་འདུད་པའི་གནས་རྒྱགས་པ། མི་བཟོད་པའི་གནས་རྣམ་འཚེའོ། །དེ་རེ་རེ་ཡང༌། མཚན་ཉིད་དང༌། བྱེད་ལས་གཉིས་གཉིས་ཀྱི་སྒོ་ནས་འཆད་ལ། མཚན་ཉིད་ཀྱང་གོང་མ་དག་ཞིབ་མོར་བཤད་པའི་རིགས་པས། དམིགས་རྣམ་གཉིས་དང༌། བདག་རྐྱེན་དང༌། ངོ་བོ་ཅི་རིགས་པའི་སྒོ་ནས་ཤེས་པར་བྱ་ཞིང༌། དེས་རྫས་བཏགས་ཀྱི་ཁྱད་པར་ཡང་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ལ། རང་རྒྱུ་མཚན་དུ་བྱས་པའི་དང༌། གཞན་རྒྱུ་མཚན་དུ་བྱས་པའི་མི་དགེ་བ་གཉིས་སོ། །འདིས་ཉོན་མོངས་ཐམས་ཅད་ཀྱི་གྲོགས་བྱེད་པར་བཤད་པ་ནི། འདོད་པའི་ཁམས་ལ་དགོངས་པ་ཡིན་ཏེ། གོང་མ་དག་ན་དེ་མེད་པའི་ཕྱིར་རོ། །གསུམ་པ་ལ། ཞི་གནས་ཀྱི་མཚན་མ་ཉམས་པའི་གནས་རྨུགས་པ། རབ་ཏུ་འཛིན་པའི་མཚན་མ་ཉམས་པའི་གནས་རྒོད་པ་དང༌། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་གནས་དྲུག་པོ་རྣམས་སོ། །དྲུག་པོ་གང་ཞེ་ན། དྭང་བའི་དབང་པོ་ཉམས་པ་མ་དད་པ་དང༌། བརྩོན་འགྲུས་ཀྱི་དབང་པོ་ཉམས་པ་ལེ་ལོ་དང༌། དབང་པོ་ལྔའི་མི་མཐུན་ཕྱོགས་ཀྱི་འབྲས་བུ་བག་མེད་དང༌། དྲན་པའི་དབང་པོ་ཉམས་པའི་གནས་རྗེད་ངེས་དང༌། ཤེས་རབ་ཀྱི་དབང་པོ་ཉམས་པའི་གནས་ཤེས་བཞིན་མ་ཡིན་པ་དང༌། ཏིང་ངེ་འཛིན་གྱི་དབང་པོ་ཉམས་པའི་གནས་རྣམ་གཡེང་ངོ༌། །རྣམ་གཡེང་ལ་གསུམ་སྟེ། མཚན་ཉིད་དང༌། དབྱེ་བ་དང༌། བྱེད་ལས་སོ། །དབྱེ་བ་ལ་གཉིས་ཏེ། སེམས་མི་གནས་པའི་གཡེང་བ་དང༌། གནས་ཀྱང་སྐྱོན་ཆགས་པའི་གཡེང་བའོ། །དང་པོ་ལ་གསུམ་སྟེ། སྦྱོར་བའི་དུས་སུ་ཅུང་ཟད་ཀྱང་མི་གནས་པ་ངོ་བོ་ཉིད་ཀྱི་གཡེང་བ་དང༌། དངོས་གཞིའི་དུས་སུ་ཅུང་ཟད་གནས་ཀྱང་ཡུན་རིང་དུ་མི་གནས་པ་དང༌། མི་གནས་ཀྱང་གནས་པ་ལྟར་སྟོན་པ་མཚན་མའི་གཡེང་བའོ། །བར་པ་ལ་ཕྱི་རོལ་དུ་གཡེང་བ་དང༌། ནང་གི་གཡེང་བ་གཉིས་སོ། །གཉིས་པ་སྐྱོན་ཆགས་པ་ལ་གཉིས་ཏེ། ཡིད་ལ་བྱེད་པའི་སྐྱོན་གནས་ངན་ལེན་གྱི་གཡེང་བ་དང༌། དམིགས་པ་གཞན་ལ་དམིགས་པའི་སྐྱོན་ཡིད་ལ་བྱེད་པའི་གཡེང་བའོ། །འདིར་རྣམ་ཤེས་ཚོགས་ལྔ་རྣམ་གཡེང་དུ་བཤད་པ་ནི། དེ་དང་ལྷན་ཅིག་པའི་ཉེ་ཉོན་ལ་དགོངས་པ་ཡིན་གྱི། ལྔ་པོ་རང་ལྡོག་ནས་དེར་རུང་བ་མ་ཡིན་ཏེ། གཙོ་བོ་སེམས་ཡིན་པས་ཉེ་བའི་ཉོན་མོངས་པར་མི་རིགས་པའི་ཕྱིར། དབང་ཤེས་དགེ་བ་དང༌། ལུང་མ་བསྟན་གྱི་འཁོར་ནི་ངོ་བོ་ཉིད་ཀྱི་གཡེང་བ་ཡིན་ཡང་ཉེ་ཉོན་དུ་མི་རིགས་པས་རྣམ་གཡེང་ལ་དེས་མ་ཁྱབ་པར་ཁས་བླང་ངོ༌། །ཞར་ལ་གཏི་མུག་མེད་པ་དང༌། ཤེས་རབ་ཀྱི་ཁྱད་པར་ཡང་ཤེས་དགོས་ཏེ། དང་པོ་ལ་ཉོན་མོངས་ཅན་མི་སྲིད་ཅིང༌། འདིར་ཤེས་བཞིན་མ་ཡིན་པ་ནི་ཤེས་རབ་ཏུ་བཤད་པས་སོ། །དྲུག་པ་བསླབ་པ་གསུམ་གྱི་དྲི་མའི་གཞི་གཞན་འགྱུར་གྱི་མཚན་ཉིད་ལ། སེམས་ཀྱི་བསླབ་པའི་དྲི་མ་གཉིད། ཚུལ་ཁྲིམས་ཀྱི་བསླབ་པའི་དྲི་མ་འགྱོད་པ། ཤེས་རབ་ཀྱི་བསླབ་པའི་དྲི་མ་རྟོག་དཔྱོད་དོ། །དེ་རེ་རེ་ཡང་མཚན་ཉིད་དང༌། བྱེད་ལས་གཉིས་གཉིས་ཀྱིས་བཤད་དོ། །འདིར་གཉིད་སེམས་བྱུང་གི་དབྱེ་བར་བཤད་པ་ནི། སེམས་ཡོད་ཀྱི་གཉིད་ལ་དགོངས་པ་ཡིན་གྱི། སེམས་མེད་ཀྱི་གཉིད་ནི་དེར་མི་རུང་སྟེ། དེ་ན་ཡིད་ཀྱི་ཤེས་པ་མེད་ཅིང༌། ཀུན་གཞི་དང༌། ཉོན་ཡིད་ཀྱི་འཁོར་དུ་གཉིད་མི་འབྱུང་བའི་ཕྱིར། འདིར་རྟོག་པ་ནི་ཚོལ་བའི་རྣམ་པ་ཅན་ཡིད་ལ། དཔྱོད་པ་ནི་སོ་སོར་རྟོག་པའི་རྣམ་པ་ཅན་ཡིན་ཞིང༌། དེ་གཉིས་ཀ་ཡང་ཡིད་ཀྱི་བརྗོད་པར་བཤད་པའི་ཕྱིར་ཡིད་ཀྱི་ས་པའོ། །དེའི་ཕྱིར་སྒྲ་དོན་འཛིན་པའི་རྟོག་པར་ངེས་ཤིང༌། དབང་ཤེས་འཁོར་དུ་འདི་གཉིས་འབྱུང་བའི་ཚེ། གཅིག་གིས་ནི་དོན་གྱི་ངོ་བོ་ཚོལ་ལ། ཅིག་ཤོས་ཀྱིས་ནི་ཁྱད་པར་ངེས་པར་བྱེད་དོ། །དེའི་ཕྱིར་དབང་ཤེས་འཁོར་གྱི་དེ་གཉིས་ནི། སྒྲ་དོན་འཛིན་པའི་རྟོག་པ་ཁོ་ནར་འགྱུར་ལ། ཡིད་ཤེས་ཟག་མེད་ཀྱི་ཚོགས་པ་ནི། དེ་གཉིས་རྟོག་མེད་ཡིན་པ་ཡང་སྲིད་དེ། ཟག་མེད་ཀྱི་བསམ་གཏན་དང་པོའི་དངོས་གཞི་བཞིན་ནོ། །འོ་ན་མཛོད་དུ། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །ཅེས་དབང་ཤེས་འཁོར་དུ་སྒྲ་དོན་འཛིན་པའི་རྟོག་པ་མི་འབྱུང་བར་བཤད་པ་མ་ཡིན་ནམ་ཞེ་ན། གཞུང་དེ་ནས་བཤད་པའི་རྟོག་པ་གཉིས་པོ་དེ་ནི། ཡིད་ཀྱི་ཤེས་པ་ཁོ་ནའི་ས་པར་གྱུར་པའི་དེ་དང་དེ་ལ་འཆད་པ་ཡིན་པས་སོ། །དེ་དག་ཀྱང་དམིགས་པ་གཟུགས་ཅན་ལ་དམིགས་པ་མ་ཡིན་གྱི། ཆོས་ཀྱི་ཁམས་ཁོ་ན་ལ་དམིགས་པ་ཡིན་ནོ། །གསུམ་པ་ནི། ཡང་ཆོས་དགེ་བ་རྣམས་ཀྱི་ལས་ནི། ཞེས་སོགས་སོ། །གཉིས་པ་མི་ལྡན་པའི་འདུ་བྱེད་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །གཉིས་པ་ལ་བརྒྱད་དེ། འཕེལ་འགྲིབ་ཀྱི་གནས་སྐབས་ཐོབ་པ། སེམས་སེམས་བྱུང་བཀག་པའི་གནས་སྐབས་སྙོམས་འཇུག་གསུམ། ཚེ་གནས་པའི་གནས་སྐབས་སྲོག་གི་དབང་པོ། ལུས་གནས་པའི་གནས་སྐབས་རིགས་མཐུན། འདུས་བྱས་ཀྱི་གནས་སྐབས་མཚན་ཉིད་བཞི། ཐ་སྙད་ཀྱི་གནས་སྐབས་མིང་ཚིག་ཡི་གེའི་ཚོགས་གསུམ། འཕགས་ཆོས་མ་ཐོབ་པའི་གནས་སྐབས་སོ་སོ་སྐྱེ་བོ། རྒྱུ་འབྲས་ཀྱི་གནས་སྐབས་ཆ་མཐུན་དགུ་རྣམས་སོ། །དང་པོ་ཐོབ་པ་ནི། གནས་དང༌། ངོ་བོ་དང༌། གདགས་པ་རྣམ་པར་བཞག་པ་གསུམ་གྱིས་འཆད་ལ། གཞན་རྣམས་ཀྱང་ཅི་རིགས་པར་དེ་གསུམ་གྱི་སྒོ་ནས་འཆད་དོ། །གཉིས་པ་ལ་གསུམ་སྟེ། འདུ་ཤེས་མེད་པའི་དང༌། འགོག་པའི་སྙོམས་པར་འཇུག་པ་དང༌། འདུ་ཤེས་མེད་པ་པ་རྣམས་སོ། །དང་པོ་ལ། སའི་ཁྱད་པར་དང༌། ཡིད་ལ་བྱེད་པའི་ཁྱད་པར་དང༌། གནས་ཀྱི་དང༌། དགག་བྱའི་དང༌། ངོ་བོའི་ཁྱད་པར་དང་ལྔའོ། །ངག་དོན་ནི་སའི་ཁྱད་པར་དགེ་རྒྱས་ཀྱི་འདོད་ཆགས་དང་བྲལ་ལ། སྟེང་མའི་འདོད་ཆགས་དང་མ་བྲལ་བ་བསམ་གཏན་བཞི་པའི་སས་བསྡུས་པ་དང༌། ཡིད་ལ་བྱེད་པའི་ཁྱད་པར་འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བ་སྟེ། ཐར་པ་དོན་དུ་གཉེར་བའི་ཡིད་ལ་བྱེད་པས་གནས་ཀྱི་ཁྱད་པར་དགག་བྱ་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་རྣམས། དགག་གཞི་ལུས་ཀྱི་སྟེང་དུ་འགོག་བྱེད་སྙོམས་པར་འཇུག་པའི་སེམས་ཀྱིས་བཀག་པའི་གནས་ལ་གནས་པའི་འགོག་པ་རང་གི་ངོ་བོ་ལྡན་པ་མ་ཡིན་པའི་འདུ་བྱེད་དུ་གྱུར་པ་དེ་ཆོས་ཅན། རྫས་སུ་ཡོད་པ་མ་ཡིན་ཏེ། རང་གི་གདགས་གཞི་སེམས་མེད་ཀྱི་དངོས་པོའི་གནས་སྐབས་ལ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་གདགས་པའི་ཕྱིར་རོ། །ལྡན་མིན་འདུ་བྱེད་ཉེར་གསུམ་པོ་ཐམས་ཅད་གང་ལ་འདོགས་པའི་གཞི་ནི་དོན་ཡིན་ལ། དེ་ལ་ཐ་སྙད་བཏགས་པ་ནི་མིང་ངོ༌། །བྱེ་བྲག་ཏུ་སྨྲ་བས་ནི། དོན་ལ་དེར་འཇོག་ཅིང༌། དེ་ཡང་རྫས་སུ་ཡོད་པའོ། །འདིར་ནི་མིང་དོན་གཉིས་ཀ་ལ་དེར་འཇོག་ཅིང༌། གཉིས་ཀ་དེར་མེད་པའོ། །ཐ་སྙད་བཏགས་ཡོད་དུ་འདོད་པར་གཉིས་ཀ་མཐུན་ཀྱང༌། དེ་འདོགས་པའི་གཞིར་གྱུར་པའི་གནས་སྐབས་དེ་དང་དེར་རྫས་བཏགས་སུ་འདོད་པ་ནི་གོང་འོག་གི་ཁྱད་པར་ཡིན་ནོ། །སྙོམས་འཇུག་འདིའི་རང་གི་ངོ་བོ་ནི་དགེ་བ་ཡིན་ཏེ། རྒྱུའི་ཀུན་སློང་དགེ་བས་བསླང་བའི་ཕྱིར་རོ། །འདི་ལ་འཇུག་པ་པོ་ནི། སོ་སོ་སྐྱེ་བོ་ཁོ་ན་སྟེ། འཕགས་པ་རྣམས་ཀྱིས་ནི་འདི་གཡང་ས་ལྟ་བུར་གཟིགས་པའི་ཕྱིར་རོ། །ཁམས་ནི་འདོད་པའི་ཁམས་སུ་འདི་ལ་འཇུག་ཅིང༌། དེའི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་སུ་མྱོང་བ་ཡིན་ནོ། །འདི་རྣམ་སྨིན་གྱི་རྒྱུ་ཡིན་པའི་ཚུལ་ཡང་རང་ལྡོག་ནས་འགྲུབ་བྱེད་ཀྱི་རྒྱུ་ཡིན་གྱི། འཕེན་བྱེད་མ་ཡིན་ཏེ། སེམས་པའི་ལས་ཀྱིས་འཕེན་དགོས་པའི་ཕྱིར། ཇི་སྐད་དུ། སེམས་མེད་སྙོམས་པར་འཇུག་པ་དག འཕེན་བྱེད་མ་ཡིན། ཞེས་གསུངས་པ་དང་མཐུན་ནོ། །དེས་ན་འཕེན་བྱེད་ནི། ཡིད་ལ་ནི་བྱེད་པ་གང་གིས་སྙོམས་པར་འཇུག་པའི་སེམས་དེའོ། །དེའི་ཕྱིར་བསམ་གཏན་བཞི་པའི་ཉེར་བསྡོགས་ཀྱིས་འཕངས་པ་མ་ཡིན་ནོ། །དེ་ཡང་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་ཁོ་ནར་བཤད་པའི་ཕྱིར། འདི་ཐོབ་ནས་ཚེ་དེ་ལ་འཕགས་ལམ་འཐོབ་པ་མི་སྲིད་དོ། །གཉིས་པ་འགོག་སྙོམས་ལ་དྲི་བ་དང༌། ལན་ནོ། །ལན་ལ། ས་དང༌། ཡིད་ལ་བྱེད་པའི་ཁྱད་པར་དང༌། གནས་དང༌། ངོ་བོའི་ཁྱད་པར་དང༌། གདགས་པ་རྣམ་པར་བཞག་པ་དང་ལྔས་སྟོན་ནོ། །འདི་ལ་ངག་དོན་དང༌། སྤྱི་དོན་གཉིས་ལས། དང་པོ་ནི། སའི་ཁྱད་པར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་སྟེ། སྲིད་རྩེའི་དངོས་གཞི་དང༌། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་སྟེ། ཟག་པ་མེད་པའི་ཤེས་རབ་གཉིས་མངོན་དུ་བྱས་ནས། ཡིད་ལ་བྱེད་པའི་ཁྱད་པར་ཚོར་འདུ་རགས་པས་སྐྱོ་བ་སྐྱེས་ནས་དེ་གཉིས་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས། གནས་ཀྱི་ཁྱད་པར་དགག་བྱ་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་འཇུག་ཤེས་འཁོར་བཅས་དང༌། བརྟན་པ་དེ་དག་ལས་ཁ་ཅིག་ཉོན་ཡིད་འཁོར་དང་བཅས་པ་བཀག་པའི་གནས་སྐབས་ཀྱི་ངོ་བོའི་ཁྱད་པར་འགོག་པའི་སྙོམས་པར་འཇུག་པ་དེ་ཆོས་ཅན། རྫས་སུ་ཡོད་པ་མ་ཡིན་ཏེ། རང་གང་ལ་འདོགས་པའི་གཞིའམ། གནས་ཀྱི་སྐབས་ལ་འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་པའི་ཕྱིར་རོ། །སྤྱི་དོན་ནི། གཞན་ལ་གྲགས་པ་རྣམས་ནི་གོ་སླ་བའི་ཕྱིར་འདིར་མི་འཆད་ལ། དིང་སང་གི་འཆད་པ་པོ་རྣམས་ཀྱིས་ཤེས་པར་དཀའ་བའི་དོན་ཚན་གཉིས་ཤིག་འཆད་པ་ལ། འདི་ལ་སྙོམས་པར་ཞུགས་བཞིན་པའི་འཕགས་རྒྱུད་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མེད་པར་འདོད་པའི་ལོག་པར་རྟོག་པ་སེལ་དགོས་པ་དང༌། འདི་ལ་སྙོམས་པར་འཇུག་པ་ལ་གཟུགས་ལ་ཆགས་བྲལ་བྱས་པ་ཞིག་དགོས་པར་འདོད་པའི་ལོག་པར་རྟོག་པ་བསལ་བའོ། །དང་པོ་ནི། ཕལ་ཆེ་བ་དག་ན་རེ། གནས་སྐབས་དེ་ན་དེ་ཡོད་པ་མ་ཡིན་ཏེ། དེ་ན་ཡིད་ཀྱི་རྣམ་པར་ཤེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་ན་ཡོད་པའི་ཤེས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ནའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལ་ཡུན་རིང་དུ་སྙོམས་པར་མི་འཇུག་སྟེ། ཞུགས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་སོགས་པ་རྒྱུན་ཆད་པར་འགྱུར་བས་སོ། །ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། སྒྲུབ་བྱེད་ཀྱི་ལུང་མེད་པ་དང༌། གནོད་བྱེད་ཀྱི་རིགས་པ་ཡོད་པའི་ཕྱིར་རོ། །དང་པོ་ནི། གནས་སྐབས་དེ་ན་ཡེ་ཤེས་མེད་པར་འདོད་པའི་ཐོགས་མེད་སྐུ་མཆེད་ཀྱི་ལུང་མེད་དོ། །དེར་མ་ཟད་དེ་ན་ཡོད་པར་གཞུང་འདི་ཉིད་ལས་གསལ་བ་ཡིན་ཏེ། ཇི་སྐད་དུ། ཡོན་ཏན་འདི་དག་ནི་རྣམ་པ་གཉིས་ཏེ། རང་གི་བྱ་བས་ཉེ་བར་གནས་པ་དང༌། གནས་པ་ལས་གྱུར་པའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པའི་རང་བཞིན་དུ་ལྟའོ། །གནས་པ་ལས་གྱུར་པ་གང་ཡིན་པ་དེ་དག་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ལྟའོ། །ཞེས་བཤད་པས་སོ། །གཉིས་པ་ནི། འདིར་དེ་མི་འབྱུང་བ་དེ་འགོག་བྱེད་ཀྱི་ལམ་གྱིས་བཀག་པས་སམ། མ་བཀག་ཀྱང་རང་ཤུགས་ཀྱིས་མི་འབྱུང་བ་ཡིན། གཉིས་པ་ལྟར་ན་ནི། གནས་སྐབས་གཞན་དུ་ཡང་མི་འབྱུང་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དང་པོ་ལྟར་ན་ནི། དགག་བྱ་ཡིན་པས་སམ། མ་ཡིན་ཀྱང་ཅི་ཞིག་ལྟར་བཀག་པ་ཡིན། གཉིས་པ་མི་འཐད་དེ། དགོས་པ་མེད་པའི་ཕྱིར་རོ། །དང་པོ་ལྟར་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་འགོག་སྙོམས་ཀྱི་དགག་ཡིན་ཞེས་བྱ་བ་འདི་གང་ལས་རྙེད་པ་ཡིན། དེས་སྐྱོ་བ་སྐྱེས་ནས་དེ་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་གཏོང་དགོས་པ་ཡིན་ནམ། གཞན་ཡང་ཤེས་བྱེད་ཀྱི་ལུང་དང༌། རིགས་པ་གང་གིས་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས། འགོག་པའི་སྙོམས་འཇུག་གི་དགག་བྱ་མཐའ་དག་འགོག་ནུས་པར་འགྱུར་ཏེ། ཁོ་རང་ཉིད་དེའི་དགག་བྱར་གྱུར་པའི་ཕྱིར་རོ། །གཞན་ཡང་ལུགས་འདིས་སངས་རྒྱས་ཀྱི་སར་འགོག་པའི་སྙོམས་འཇུག་འཇོག་མི་ཤེས་པར་འགྱུར་ཏེ། དེའི་གནས་སྐབས་ན་རིག་པ་གང་ཡོད་ཀུན་གཞིའི་རྣམ་ཤེས་ལས་མ་འདས་པའི་ཕྱིར་དང༌། དེ་ན་དེ་མེད་པའི་ཕྱིར་དང༌། དེའི་གནས་སྐབས་ན་ཡེ་ཤེས་རྒྱུན་ཆད་དུ་སོང་བ་ཡང་ལུགས་འདི་ལ་མི་སྲིད་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ཤེས་བྱེད་དུ་འདོད་པ་ཡང་ཤིན་ཏུ་ནོར་བ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པ་ཉིད་དུ་འདོད་ན། མདོའི་ལུང་དང་འགལ་བ་ཐོགས་མེད་ཀྱི་རིགས་པ་དང་འགལ་བ་གཉིས་འཇུག་གོ །དང་པོ་ནི། འོ་ན་དེ་ཡེ་ཤེས་མ་ཡིན་པར་འགྱུར་ཏེ། རྣམ་པར་ཤེས་པའི་ཚོགས་ལས་མ་འདས་པའི་ཕྱིར། མ་ཁྱབ་ན་མདོ་ལས། ཡེ་ཤེས་ལ་རྟོན་གྱི། རྣམ་ཤེས་ལ་མི་རྟོན་པ་དེ། རྟོན་པ་བཞིའི་ནང་གི་རྩེ་མོར་གསུངས་པ་དང་འགལ་ལོ། །གཉིས་པ་ནི། འོ་ན་བདག་རྐྱེན་ཡིད་དང༌། དམིགས་པ་ཆོས་ལ་དམིགས་ནས་ཆོས་སུ་སྣང་བའི་རིག་པར་འགྱུར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་རོ། །འདོད་ན། ཉོན་མོངས་པ་ཅན་གྱི་ཡིད་དང༌། ཚོགས་དྲུག་འདས་མ་ཐག་པ་གཉིས་ལས་གང་ཞིག་ཡིན་ཞེས་བརྟག་པར་རིགས་ཏེ། དེ་གཉིས་ལས་གཞན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་ཡིད་ཀྱི་དབང་པོའི་རྣམ་གཞག་ཐོགས་མེད་སྐུ་མཆེད་ཀྱིས་མ་མཛད་པའི་ཕྱིར་རོ། །འོ་ན་ཅི་སྙོམས་འཇུག་འདི་ཡེ་ཤེས་སུ་ཁས་ལེན་ནོ་ཞེ་ན། གནས་སྐབས་དེ་ན་དེ་ཡོད་པར་ཁས་བླངས་པ་ཙམ་གྱིས་དེར་མི་འགྱུར་ཏེ། འོ་ན་ཁྱེད་ཀྱང་སྙོམས་འཇུག་ཀུན་གཞིའི་རྣམ་ཤེས་སུ་ཁས་ལེན་པར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། འདིར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ་ཞེས་པ་ནི་མཚན་ཉིད་སྟོན་བྱེད་ཡིན་གྱི། མཚན་གཞི་སྟོན་བྱེད་ཀྱི་གཞུང་མ་ཡིན་པའི་ཕྱིར་ན་འགོག་སྙོམས་ཡིན་ན་དེ་ལ་ཆགས་པ་དང་བྲལ་བས་ཁྱབ་བོ་སྙམ་དུ་སེམས་པ་དེ་ཡང་རིགས་པ་མ་ཡིན་ཏེ། མིའི་རྟེན་ལ་སྙོམས་འཇུག་འདི་བསྒྲུབས་ནས་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་པ་མི་སྲིད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་དེ་ལས་མ་ཉམས་བཞིན་དུ་དེར་སྐྱེ་བ་ཡིན་ན་ནི། འཕགས་པ་ཕྱིར་མི་འོང་རྣམས་འདོད་པའི་ཁམས་སུ་སྐྱེ་བ་ལེན་པར་འགྱུར་རོ། །གལ་ཏེ་འཕགས་པ་རྣམས་ལམ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་པར་འདོད་ན་ནི། དེ་ལྟར་འདོད་པ་དེ་ལ། ཐེག་པ་ཆེན་པོའི་སྐབས་འདིར་སྒྲུབ་བྱེད་ཀྱི་ལུང་མེད་ཅིང༌། གནོད་བྱེད་ཀྱི་རིགས་པ་འཇུག་གོ །དང་པོ་ནི། དེ་ལྟར་སྟོན་པའི་ཐོགས་མེད་སྐུ་མཆེད་གཉིས་ཀྱི་ལུང་མེད་དོ། །གཉིས་པ་ནི། འོ་ན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་ཆགས་བྲལ་བྱས་པའི་ཕྱིར་མི་འོང་འདོད་པའི་ཁམས་སུ་སྐྱེ་སྲིད་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཡང་ཐལ་བ་དེ་འཇུག་པ་མ་ཡིན་ནམ་ཞེ་ན། དེར་ནི། སྲེད་དང་ཟག་མེད་ཐོབ་འཛིན་ཕྱིར། །འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་བྱ་བའི་ལན་ཡོད་ལ། དེས་ན། སྤྱིར་ལམ་ཟག་བཅས་ཀྱི་སྤངས་པ་ལས་ཉམས་པ་ཡོད་ཀྱང༌། འཕགས་པའི་ལམ་ཐོབ་ནས་དེ་ལས་མི་ཉམས་པར་འཛིན་པ་ཡིན་ཏེ། ཆགས་བྲལ་སྔོན་དུ་སོང་བའི་མཐོང་ལམ་པ་བཞིན་ནོ། །དེ་བས་ན་འགྲེལ་བ་ལས་འབྱུང་བ་ལྟར། ཕྱིར་མི་འོང་འགའ་ཞིག་གཟུགས་མེད་ཁམས་ཀྱི་སྐྱེ་བ་དོན་དུ་མི་གཉེར་ཞིང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་དོན་དུ་གཉེར་བས། སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ། སྲིད་རྩེའི་སེམས་མངོན་དུ་བྱས་པ་ཞིག་གཟུགས་ཀྱི་ཁམས་སུ་སྐྱེ་བ་ལེན་སྲིད་པའོ། །དེའི་ཚེ་ན། སྲིད་རྩེའི་སེམས་ནི་བཏང་བ་ཡིན་ཏེ། འཕགས་པས་ས་འཕོས་པའི་ཕྱིར་རོ། །སླར་ཡང་དེ་མངོན་དུ་བྱེད་དགོས་པའོ། །སྤོང་ལམ་བསལ་བའི་དོན་ཅི་ཞིག་ཅེ་ན། ས་གོང་འོག་ལ་ཞི་རགས་སུ་མི་ལྟ་བར། ས་གོང་མའི་དམིགས་རྣམ་ཡིད་ལ་བྱེད་པའོ། །དེའི་དོན་ཡང་ལྷག་མཐོང་གི་ཉེར་བསྡོགས་ལ་མ་བརྟེན་པར། ཞི་གནས་རྐྱང་པའི་ཉེར་བསྡོགས་ཀྱིས་དངོས་གཞི་བསྒྲུབ་པའོ། །འདི་ཡང་གཟུགས་མེད་ལ་ཡིན་གྱི། བསམ་གཏན་རྣམས་ལ་མི་སྲིད་དོ། །ཡན་ལག་སྔ་མ་རྣམས་མ་སྤངས་པར། ཕྱི་མའི་དངོས་གཞི་མི་ཐོབ་པའི་ཕྱིར་རོ། །དོན་འདི་ཡང༌། མངོན་པ་གོང་མ་ཁོ་ནར་མ་ཡིན་གྱི། འོག་མ་ལས་ཀྱང་བཤད་དེ། ཇི་སྐད་དུ། རྣམ་ཤེས་མཐའ་ཡས་མཁའ་མཐའ་ཡས། །ཅི་ཡང་མེད་ཅེས་བྱ་དེ་ལྟར། །སྦྱོར་ཕྱིར་ཞེས་གསུངས་སོ། །དེ་ལྟ་ན་ཡང་ལུགས་དེར་ནི། ཞི་རགས་ཀྱི་རྣམ་པ་ཅན་ཞིག་ཀྱང་འགྲེལ་པར་ཁ་བསྐང་སྟེ་བཤད་དོ། །གང་གང་དོན་ལ་འཇུག་པའི་རྣམ་དཔྱོད་ཀྱིས། །ཡང་ཡང་དཔྱད་པའི་གྲུབ་པའི་མཐའ་བརྟགས་པས། །ལ་ལའི་གཞུང་གི་བཞིན་མདངས་ཉམས་སྲིད་ཀྱང༌། །མཁས་མཁས་འདོད་པའི་བློ་ལ་ལྗེན་ཞིང་གཤིན། །ཞེས་ངལ་བསོ་བའི་ཚིགས་སུ་བཅད་པའོ། །གསུམ་པ་འདུ་ཤེས་མེད་པ་ལ་སའི་ཁྱད་པར་དང༌། གནས་ཀྱི་དང༌། ངོ་བོའི་ཁྱད་པར་དང༌། བཏགས་པ་བསྟན་པ་དང་བཞིས་འཆད་དོ། །འདིར་གནས་ཞེས་པ་ནི། གསུམ་པོ་གང་ལ་གནས་པའི་གཞི་ལ་ཟེར་ལ། དེ་ཡང་རང་རང་གི་དགག་བྱ་བཀག་པའི་མེད་དགག་གི་ཆ་མ་ཡིན་པར། དེ་བཀག་པས་ཁྱད་པར་དུ་བྱས་པའི་དངོས་པོ་ཞིག་གོ །འདིའི་ངོ་བོ་ནི། ལུང་དུ་མ་བསྟན་པ་སྟེ་རྣམ་སྨིན་གྱི་ངོ་བོར་སྐྱེས་པས་སོ། །མཛོད་དུ་ནི། འདུ་ཤེས་མེད་པའི་སེམས་ཅན་དེའི་རྒྱུད་ལ་ཡང་དེའི་སྙོམས་འཇུག་ཡོད་པར་འཆད་ཅིང༌། སྐྱེ་སྲིད་དང་འཆི་སྲིད་ལ་གནས་པའི་ཚེ་འདུ་ཤེས་འབྱུང་བར་འཆད་དོ། །དེ་ཡང་སྔོན་གྱི་འཕེན་པའི་ཤུགས་ཀྱིས་འཕངས་པ་ཡིན་གྱི། རྟེན་དེ་ལ་ངེས་པར་འབྱུང་འདོད་ཀྱི་བསམ་པ་སྐྱེ་བ་ནི་མ་ཡིན་ཏེ། དེར་སྐྱེ་བ་མེད་པའི་ཕྱིར་རོ། །ཁ་ཅིག་ན་རེ། འདི་འཆི་ཁར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ཏེ་དེའི་རྐྱེན་གྱིས་དམྱལ་བར་སྐྱེ་བ་ཡིན་ནོ། །ཞེས་ཟེར་བ་དེ་ནི་བསམ་གཏན་བཞི་པ་ཐོབ་པའི་དགེ་སློང་མངོན་པའི་ང་རྒྱལ་ཅན་ཞེས་བཤད་པ་དེས་འཁྲུལ་བའི་གཞི་བྱས་པ་ཡིན་མོད། ཚད་ལྡན་གྱི་ལུང་མེད་ཅིང༌། འཕགས་པ་ལམ་ཆུང་བ་སྐྱེ་བ་སྔ་མ་འདུ་ཤེས་མེད་པའི་ལྷར་སྐྱེས་པར་བཤད་པ་དང་འགལ་ལོ། །ལྷག་མ་རྣམས་ནི་གནས་དང༌། ངོ་བོ་དང༌། བཏགས་པར་བསྟན་པ་དང་གསུམ་གསུམ་གྱི་སྒོ་ནས་བཤད་པར་བྱ་ཞིང༌། བརྒྱད་པ་ཆ་མཐུན་ལ་སོ་སོར་ངེས་པ་དང༌། འབྱོར་འབྲེལ་པ་ལ་སོགས་པ་དགུ་ཡོད་པའང་དེ་བཞིན་དུ་གསུམ་གསུམ་གྱི་སྒོ་ནས་བཤད་པར་བྱའོ། །དེའི་ནང་ནས་རྟོགས་དཀའ་བ་ཚོགས་གསུམ་ལ། ངག་དོན་དང༌། སྤྱི་དོན་གཉིས་ལས། དང་པོ་ལ། གནས་ཀྱི་ཁྱད་པར། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ལ། ངོ་བོའི་ཁྱད་པར་མིང་གི་ཚོགས། འཇོག་ལུགས་ཀྱི་ཁྱད་པར་བརྟགས་ནས་བསྟན་པ་ཡིན་ནོ་ཞེས་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། མིང་བཏགས་པ་ཙམ་དུ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ། །ལྷག་མ་གཉིས་ལའང་དེ་བཞིན་དུ་སྦྱར་ནས། ཁྱད་པར་ནི་ཡི་གེ་ལ་མཚན་ཉིད་དང༌། སྒྲ་དོན་ནོ། །དེ་ལ་གསུམ་སྟེ། བྱེད་ལས་ཀྱི་སྒོ་ནས་བཤད་པའི་དང༌། དགོས་ཆེད་ཀྱི་སྒོ་ནས་དང༌། རང་བཞིན་གྱི་སྒོ་ནས་བཤད་པའི་སྒྲ་དོན་ནོ། །གཉིས་པ་ལ། ལྡན་མིན་སྤྱིའི་འཇོག་མཚམས་དང༌། དེས་ཚོགས་གསུམ་མཚོན་ནུས་པའོ། །དང་པོ་ནི། ཅི་ཤེས་བྱ་ནང་གིར་སྨྲ་བའི་ལུགས་འདི་ལ་རྣམ་པར་རིག་པ་ཙམ་ལས་མ་གཏོགས་པའི་དངོས་པོ་མེད་ན། མཚུངས་པར་ལྡན་པ་མ་ཡིན་པའི་འདུ་བྱེད་ཇི་ལྟར་གཞག་ཅེ་ན། བཤད་པ། རྣམ་པར་རིག་པ་ཙམ་ལ་གཉིས་ཏེ། གཟུང་འཛིན་གཉིས་ཀྱི་དང༌། གཉིས་མེད་ཀྱིའོ། །དང་པོ་ཀུན་རྫོབ་ཀྱི་བདེན་པ་དང༌། གཉིས་པ་དོན་དམ་པའི་བདེན་པར་བཞག་གོ །དང་པོ་ལ་གསུམ་སྟེ། བག་ཆགས་ཀྱི་དབང་གིས་གཟུགས་ཅན་དུ་སྣང་བ་དང༌། རིག་པར་སྣང་བ་དང༌། གཉིས་མིན་གྱི་དངོས་པོར་སྣང་བའོ། །དང་པོ་ལ་ནི། གཟུགས་ཅན་གྱི་ཆོས་གསུམ་དང༌། གཉིས་པ་ལ་ནི་མཚུངས་ལྡན་གྱི་ཆོས་གསུམ་དང༌། གསུམ་པ་ལ་ནི། ལྡན་མིན་གྱི་ཆོས་གསུམ་རྣམ་པར་བཞག་གོ །ཅི་རྣམ་པར་རིག་པ་ཉིད་མཚུངས་ལྡན་མ་ཡིན་ནམ། དེ་ལ་ལྡན་མིན་ཇི་ལྟར་གཞག་ཅེ་ན། མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། འོ་ན་ལུགས་འདིར་རྣམ་པར་རིག་པ་ཙམ་ལ་གཟུགས་ཅན་གྱི་ཆོས་གསུམ་ཇི་ལྟར་གཞག རྣམ་པར་བརྟགས་པའི་གཟུགས་ཅན་ནོ། །ཞེ་ན། འོ་ན་འདིར་ཡང་རྣམ་པར་བརྟགས་པའི་ལྡན་མིན་འདུ་བྱེད་དོ། །གཉིས་པ་ནི། ཀུན་བརྟགས་པའི་ལྡན་མིན་འདུ་བྱེད་གཞི་གང་ལ་འདོགས་པའི་གཞི་ནི། བཤད་མ་ཐག་པའི་རྣམ་རིག་དེ་ཁོ་ནར་ངེས་པའི་ཕྱིར། དེ་ལ་ནི་རྣམ་པར་བརྟགས་པའི་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་བྱའོ། །འོ་ན་རྣམ་བརྟགས་ཀྱི་དེ་ལ། སྤྱིར་མི་ལྡན་པའི་འདུ་བྱེད་ཀྱིས་ཁྱབ་པ་ཡོད་དམ་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་རང་ལུགས་ཀྱི་དངོས་པོ་ལ་ཤེས་པས་ཁྱབ་པའི་ཕྱིར་ཏེ། ཀུན་བརྟགས་པའི་དངོས་པོས་ནི་དེའི་གོ་མི་ཆོད་ལ། གཞན་དབང་དང༌། ཡོངས་གྲུབ་ཀྱི་དངོས་པོ་ནི་རིག་པ་ཁོ་ནར་ངེས་པའི་ཕྱིར། དཔེར་ན་རྣམ་བརྟགས་དང་ཆོས་ཉིད་ཀྱི་གཟུགས་ལ་རིག་པས་ཁྱབ་པ་བཞིན་ནོ། །གཉིས་པ་དེས་ཚོགས་གསུམ་མཚོན་ནུས་པ་ནི། སྤྱིར་གསུམ་སྟེ། ཀུན་བརྟགས་ཀྱི་དང༌། རྣམ་བརྟགས་ཀྱི་དང༌། ཆོས་ཉིད་ཀྱི་ཚོགས་གསུམ་མོ། །བར་པ་ནི། ཚོགས་གསུམ་པོ་དང་དེར་སྣང་བའི་རྣམ་རིག་གོ །དང་པོ་ནི། སྣང་བ་དེ་ལ་དེ་དང་དེར་སྒྲོ་བཏགས་པའི་སྒྲ་སྤྱི་དེའོ། །གསུམ་པ་དེས་སྟོང་བའི་དེ་ཁོ་ན་ཉིད་དོ། །ཐོག་མཐའ་གཉིས་འདིའི་ཕུང་པོར་མ་གཞག་སྟེ། དང་པོ་དངོས་པོར་མེད་པའི་ཕྱིར་དང༌། གཉིས་པ་འདུས་མ་བྱས་པའི་ཕྱིར་རོ། །དེ་བས་ན། རྣམ་པར་བརྟགས་པའི་ཚོགས་གསུམ་པོ་ཁོ་ནའོ། །འོ་ན་དེ་གཟུགས་སེམས་གཉིས་གང་རུང་དུ་མ་འདུས་པའི་དངོས་པོར་གནས་སམ་སྙམ་པ་ལ། དེ་ལ་དེར་བཏགས་པ་ཡིན་གྱི། མིང་དུ་སྣང་བའི་རྣམ་རིག་ལས་མ་གཏོགས་པའི་མིང་གྲུབ་པ་མེད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ། ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དགས་ལ། མིང་གི་ཚོགས་ཞེས་གདགས་སོ་ཞེས་བཏགས་པ་རྣམ་པར་བཞག་པའི་སྒོ་ནས་བཤད་པ་ཡིན་ནོ། །དེ་ལྟར་ན་ཆོས་རྣམས་ཀྱི་ངོ་བོ་བརྗོད་པ་དང༌། ཁྱད་པར་བརྗོད་པ་དང༌། དེའི་གནས་སུ་གྱུར་པའི་བརྗོད་པ་གསུམ་ལས་ཚོགས་གསུམ་དུ་བཞག་ལ། དེའི་ཚེ་བརྗོད་པ་གསུམ་ཀ་ཡང་སྒྲའི་བརྗོད་པ་ནི་མ་ཡིན་གྱི། ཡིད་ཀྱི་བརྗོད་པ་ཁོ་ན་སྟེ། སྒྲའི་བརྗོད་པ་ཡིན་ན། རྣམ་པར་བརྟགས་པའི་སྒྲའི་ཁམས་དང༌། སྐྱེ་མཆེད་ལ་སོགས་པར་གཞག་དགོས་པས་སོ། །དེ་ཁོ་ནར་མ་ཟད་རྣམ་པར་བརྟགས་པའི་ཆོས་གསུམ་གྱི་གསལ་བའི་དབྱེ་བ་ཐམས་ཅད་ལ། དོན་དམ་མིང་གཉིས་གཉིས་ཡོད་པ་ལས། དོན་གྱི་ཆ་རྣམས་གཟུགས་ཀྱི་ཁམས་ལ་སོགས་པ་དེ་དང་དེར་བཞག་པ་ཡིན་ལ། མིང་ངམ་ཐ་སྙད་ཀྱི་ཆ་རྣམས་ནི། སྤྱིར་ལྡན་མིན་དང༌། བྱེ་བྲག་ཚོགས་གསུམ་པོའི་ནང་དུ་འཆད་དགོས་པ་ཡིན་ཏེ། ཡིད་ཀྱི་བརྗོད་པ་ཡིན་པའི་ཕྱིར་དང༌། ངོ་བོ་ཉིད་དང༌། ཁྱད་པར་གྱི་ཚིག་བླ་དགས་གང་རུང་ལས་མ་འདས་པའི་ཕྱིར། ཡིད་ཀྱི་བརྗོད་པ་ཞེས་བྱ་བ་རིག་པར་འཇོག་པའི་ཤེས་བྱེད་ཀྱང༌། མདོ་སྡེའི་རྒྱན་ལས། དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་གསུངས་སོ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་འདིར། མིང་དང༌། དེ་བཞིན་ཉིད་དང༌། རྒྱུ་མཚན་དང༌། རྣམ་པར་རྟོག་པ་དང༌། ཡང་དག་པའི་ཡེ་ཤེས་ཞེས་བྱ་བ། ཆོས་རྣམ་པ་ལྔའི་སྒོ་ནས་ཤེས་བྱའི་གནས་ལུགས་གཏན་ལ་འབེབས་དགོས་པ་ཡིན་པ་ལས། མིང་དང༌། རྒྱུ་མཚན་གྱི་བཤད་པ་ནི་དེ་ལྟ་བུའོ། །མིང་ཚིག་གཉིས་ཀྱི་བྱེ་བྲག་གིས་ངོ་བོ་ཉིད་དང༌། ཁྱད་པར་དུ་སྒྲོ་འདོགས་པའི་རྟོག་པ་འབྱུང་བའི་ཚུལ་དང་མིང་དང་དོན་གཉིས་པོ་རེ་རེ་ལ་ངོ་བོ་དང་ཁྱད་པར་གཉིས་གཉིས་སུ་ཕྱེ་བས། ཚོལ་བ་བཞིར་འགྱུར་བའི་ཚུལ་ལ་སོགས་པ་ཞིབ་ཏུ་ཤེས་པར་བྱ་དགོས་སོ། །རྣམ་འགྲེལ་མཛད་པའི་གཞུང་གིས་ནི། མིང་ཚིག་གཉིས་ཀུན་བརྟགས་ཡིན་པ་དང༌། དབྱངས་ཀྱི་ཡི་གེ་སྒྲ་ཡིན་པར་བཤད་པ། ཀུན་བརྟགས་ཀྱི་དོན་ཡང༌། རྟོག་པས་སྒྲོ་བཏགས་པའི་ཀུན་བརྟགས་ནི་མ་ཡིན་གྱི། ཡི་གེ་མང་པོ་ཚོགས་པའི་གནས་སྐབས་ལ་བཏགས་པའོ། །འདི་ཡང་རིགས་པ་སྨྲ་བའི་མདོ་སྡེ་པའི་ལུགས་རྣམ་པར་བཞག་པ་ཡིན་ལ། ཆོས་མངོན་པའི་མདོ་སྡེ་པ་དག་གིས་ནི། ཆོས་ཕུང་བརྒྱད་ཁྲི་པོ་སྒྲའི་སྐྱེ་མཆེད་དུ་འདོད་པར་བཤད་པས། མིང་ཚིག་ཡི་གེ་གསུམ་ཀ་སྒྲར་འདོད་པ་ལས་འོས་མེད་དོ། །རྣམ་འགྲེལ་མཛད་པའི་ལུགས་དེ་ཡང་གསུང་རབ་ལ་ཐོས་པ་བྱེད་པ་དེའི་ཚེ། ཉན་ཤེས་ལ་སྣང་བ་ནི་ཡི་གེ་ཁོ་ན་ཡིན་ཏེ། བུམ་པ་ཞེས་བརྗོད་པའི་ཚེ། ཉན་ཤེས་ཀྱིས་ཐོས་པ་ནི། ཨུ་དང་ཨ་ཡིན་པ་བཞིན་ནོ། །དེའི་ཕྱིར། ལུགས་དེར་རྣམ་རིག་པའི་ཐད་དུ་རྣམ་བརྟགས་ཀྱི་ཡི་གེ རྣམ་བརྟགས་ཀྱི་སྒྲའི་སྐྱེ་མཆེད་དུ་ཁས་བླངས་པར་བྱའོ། །ལྔ་པ་རྣམ་ཤེས་ཕུང་པོའི་རྣམ་གཞག་ལ། གྲངས་གསུམ་གྱི་སྒོ་ནས་མིང་མདོར་བསྟན་པ་དང༌། ཚོགས་བརྒྱད་ཀྱི་སྒོ་ནས་དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ལ། དྲི་བ་དང༌། ལན་ནོ། །ལན་ནི་ཅི་རྣམ་ཤེས་ཕུང་པོའི་རྣམ་པར་བཞག་པ་རྣམ་པར་ཤེས་པའི་ཚོགས་དྲུག་ཁོ་ནར་ངེས་སམ། གཞན་ཡོད། གཞན་ཡོད་ན་ནི། གོང་དུ་རྣམ་ཤེས་ཕུང་པོའི་མཚན་ཉིད་གཞག་པ་དེས་མ་ཁྱབ་པར་འགྱུར་ཏེ། གོང་དུ་ན་འཇུག་པའི་རྣམ་ཤེས་ཀྱི་མཚན་ཉིད་ལས་གཞན་མ་བཤད་པའི་ཕྱིར་ཞེ་ན། སེམས་དང་ཡིད་གང་ཡིན་པའང་ཆོས་ཅན། རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་བཞག་པ་འཆད་པ་ན་དེས་མ་བསྡུས་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་གང་རུང་ཡིན་པའི་ཕྱིར་རོ། །གཞུང་འདིས་གསུམ་པོ་དོན་གཅིག་པར་སྟོན་པ་མ་ཡིན་ཏེ། རྒྱས་བཤད་དུ་གསུམ་པོའི་མཚན་ཉིད་བཤད་པ་དང་འགལ་བའི་ཕྱིར་དང༌། རིགས་པས་ཀྱང་ཚོགས་དྲུག་པོ་སེམས་དང་ཡིད་མ་ཡིན་ཏེ། བསགས་པའི་དོན་གྱིས་ན་སེམས་དང༌། ངར་སེམས་པས་ན་ཡིད་ཅེས་བྱ་བར་འཇོག་དགོས་པའི་ཕྱིར། འོ་ན་གཞུང་དུའང་གི་སྒྲས་རྣམ་པར་ཤེས་པ་དེ། དེ་གཉིས་སུ་སྟོན་པ་མ་ཡིན་ནམ་ཞེ་ན། དེ་ནི་ཤིན་ཏུ་མ་ཡིན་ཏེ། དེ་ལྟར་འཆད་པ་དེ་ནི་ཀུན་གཞི་དང༌། ཉོན་ཡིད་ཁས་མི་ལེན་པ་ཁོ་ནའི་ལུགས་ཡིན་པའི་ཕྱིར་དང༌། ཐེག་བསྡུས་ལས་རྒྱས་པར་བཤད་པ་དང་འགལ་བའི་ཕྱིར། དེས་ན་གཞུང་འདི་ལྟར་འདོན་ཏེ། སེམས་དང་ཡིད་གང་ཡིན་པའང་རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་བཞག་པ་དེ་ཡིན་ནོ། །ཞེས་སྦྱར་རོ། །གཉིས་པ་ལ་གསུམ་སྟེ། སེམས་མཚན་ཉིད་པ་ཀུན་གཞི་ཁོ་ནར་བཤད་པ་དང༌། ཡིད་དངོས་བཏགས་མ་ཕྱེ་བ་གཉིས་བཤད་པ་དང༌། རྣམ་ཤེས་མཚན་ཉིད་པ་ཚོགས་དྲུག་ཁོ་ནར་བསྟན་པའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དང༌། རྣམ་གྲངས་དང༌། སྒྲ་དོན་ནོ། །དང་པོ་ནི། ཟག་པ་དང་བཅས་པའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཡོངས་སུ་བསྒོས་པ་ཞེས་བྱ་བའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་ཟག་བཅས་ཀྱི་ས་བོན་ཐམས་ཅད་པའི་རྣམ་པར་ཤེས་པ་དེ་ཆོས་ཅན། སེམས་ཀྱི་མཚན་ཉིད་ཡིན་ཏེ། དེའི་དོན་ལྡོག་ཡིན་པའི་ཕྱིར། དེ་ཡང་བག་ཆགས་ཡོངས་སུ་བསྒོས་པ་ཞེས་པ། ལོག་རྟོག་སེལ་བའི་དབང་དུ་བྱས་པ་ཡིན་ཏེ། བག་ཆགས་གཞག་པ་ལ་མི་ལྟོས་པར་ས་བོན་ཐམས་ཅད་ཚང་བ་ཡིན་ནམ་སྙམ་པའི་དོགས་པ་བསལ་བའི་ཕྱིར། ས་བོན་ཐམས་ཅད་པ་ཞེས་པས་རིགས་མི་མཐུན་བསལ་བ་ཡིན་ཏེ། ཤེས་པ་གཞན་ལ་འདི་མི་སྲིད་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པའོ་ཞེས་པས་ནི་མཚན་ཉིད་དེ་དང་ལྡན་པའི་མཚན་གཞི་ངོས་བཟུང་བའོ། །མདོར་ན་ཀུན་གཞིའི་རྣམ་པར་ཤེས་པ་མཚན་གཞི་སེམས་ཀྱི་ཐ་སྙད་བྱ་རུང་དུ་མཚོན། ཟག་བཅས་ཀྱི་ས་བོན་ཐམས་ཅད་བསགས་པའི་རིག་པ་མཚན་ཉིད་དོ། །གཉིས་པ་ནི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་དང༌། ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་བ་དེ་ཡང་ཆོས་ཅན། སེམས་ཡིན་ཏེ། གོང་གི་མཚན་ཉིད་ཚང་བའི་ཕྱིར། གསུམ་པ་སྒྲ་དོན་ནི། དེ་དག་གི་བག་ཆགས་བསགས་པའི་ཕྱིར་རོ། །ཞེས་པས་བསྟན། དེ་ལྟར་ན། ཀུན་གཞིའི་རྣམ་པར་ཤེས་པ་སོགས་གསུམ་ནི། མཚན་གཞི་དང༌། མིང་གི་རྣམ་གྲངས་ཡིན་ལ། སེམས་ནི་མཚོན་བྱ་དང༌། བག་ཆགས་བསགས་པ་ནི་དེའི་སྒྲ་དོན་ནོ། །འོ་ན་མཚན་གཞི་གསུམ་པོའི་དོན་གང་ཞེ་ན། ཕུང་པོ་དང་སོགས་ཀྱིས་ཀུན་གཞིའི་དོན་བསྟན་ནས། གཉིས་པོའི་དོན་ཁ་བསྐང་བར་བྱ་བའོ། །ཇི་ལྟར་ཞེ་ན། ཟག་པ་དང་བཅས་པའི་ལས་སྔ་མའི་རྣམ་སྨིན་དངོས་ཡིན་པ་དང༌། ཟག་པ་དང་བཅས་པའི་ལུས་ཕྱི་མ་ལེན་པར་བྱེད་པའི་ཕྱིར་རོ། །དེ་ཡང་འདི་ལྟར། འདིར་རྣམ་སྨིན་གྱི་རྒྱུ་དངོས་ནི། ཀུན་གཞིའི་སྟེང་གི་བག་ཆགས་ཉིད་ཡིན་ལ། དེ་འཇོག་བྱེད་ནི་དགེ་མི་དགེ་གང་རུང་དུ་ངེས་སོ། །རྣམ་སྨིན་དངོས་ནི་ཀུན་གཞི་ཡིན་ལ། དེ་ལས་བྱུང་བ་ནི་བདེ་སྡུག་བཏང་སྙོམས་གསུམ་མོ། །མངོན་པ་འོག་མར། རྣམ་སྨིན་གྱི་རྒྱུ་འབྲས་སུ་བཤད་པ་དེ་དག་ནི་རྒྱུའི་སྒྲུབ་བྱེད་དང༌། འབྲས་བུ་ལས་བྱུང་བ་ཡིན་གྱིས་རྒྱུ་འབྲས་དངོས་མ་ཡིན་ནོ། །ཇི་ལྟར་མ་ཡིན་ཞེ་ན། དེ་དག་ནི་རྣམ་སྨིན་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དེའི་ཚེ་འགགས་ནས་ཡུན་རིང་པོ་ལོན་པའི་ཕྱིར་དང༌། རྣམ་སྨིན་འབྱིན་པ་ལ་ནི་དེའི་རྒྱུའི་རྒྱུན་མ་ཆད་པར་གནས་དགོས་པ་ཡིན་ཏེ། ས་བོན་ལས་མྱུ་གུ་བཞིན་ནོ། །དེས་ན་བག་ཆགས་འཇོག་བྱེད་དེ་དག་ནི་འཕེན་བྱེད་ཀྱི་རྒྱུ་ཡིན་གྱི། སྐྱེད་བྱེད་མ་ཡིན་ལ། ས་བོན་རྣམས་ནི་སྐྱེད་བྱེད་ཀྱི་རྒྱུ་ཡིན་གྱི། འཕེན་པར་བྱེད་པའི་རྒྱུ་མ་ཡིན་ནོ། །རྒྱུ་འདི་གཉིས་ཀྱི་ཐ་སྙད་གང་ལས་བྱུང་ཞེ་ན། ཇི་སྐད་དུ་ཐེག་བསྡུས་ལས། ཕྱི་དང་ནང་གི་ས་བོན་ཏེ། །སྐྱེ་བ་དང་ནི་འཕེན་པར་འདོད། །མ་བཏབ་ཤི་བ་འཕེན་པའི་ཕྱིར། །མདའ་ནི་བར་དུ་མི་ལྟུང་བཞིན། །ཞེས་འབྱུང་ངོ༌། །རྣམ་སྨིན་དངོས་ཀྱང་ཀུན་གཞི་ལས་གཞན་དུ་མི་འཐད་དེ། རྣམ་སྨིན་ནི་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་དུ་རྒྱུན་མ་ཆད་པར་གནས་དགོས་ལ། ཤེས་པ་གཞན་ལ་དེ་མེད་པའི་ཕྱིར་དང༌། གལ་ཏེ་དབང་པོ་གཟུགས་ཅན་པ་ཉིད་རྣམ་པར་སྨིན་པའོ་སྙམ་ན་དེ་ཡང་མ་ཡིན་ཏེ། དེ་ལ་བདག་ཏུ་འཛིན་མི་སྲིད་པའི་ཕྱིར་རོ། །འོ་ན་ཀུན་གཞིའི་རྣམ་པར་ཤེས་པ་དང༌། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གཉིས་མིང་གི་རྣམ་གྲངས་ཡིན་ན། དེ་གཉིས་པོ་ཁྱབ་མཉམ་པ་ཡིན་ནམ་ཞེ་ན། རྣམ་པར་སྨིན་པའི་རྣམ་ཤེས་ཡིན་ལ། ཀུན་གཞིའི་རྣམ་ཤེས་མ་ཡིན་པ་ཡོད་དེ། ལྷག་བཅས་མྱང་འདས་ཀྱི་སྐབས་དང༌། ས་བརྒྱད་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་གྱི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཀུན་གཞི་མ་ཡིན་ཏེ། ཉོན་མོངས་པའི་ས་བོན་མ་ལུས་པར་སྤངས་པའི་ཕྱིར། ཡང་འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ལེན་པའི་རྣམ་ཤེས་སུ་འགྱུར་ཏེ། དེས་ཀྱང་ལུས་ལེན་པར་བྱེད་པའི་ཕྱིར་རོ། །སྙམ་ན། དེ་ཡང་མ་ཡིན་ཏེ། ཐེག་བསྡུས་ལས། རྣམ་པར་ཤེས་པ་ཡང་མའི་མངལ་དུ་ནུར་ནུར་པོ་ཉིད་དུ་བརྒྱལ་ལོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཉིད་བརྒྱལ་ན་ནི། བརྒྱལ་བ་དེ་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་འཇུག་པར་འགྱུར་ཏེ། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ལྷན་ཅིག་ཏུ་མའི་མངལ་དུ་འཇུག་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་མི་རིགས་ཏེ། དུས་རྟག་ཏུ་ཉོན་མོངས་པ་ཅན་གྱི་གནས་ཡིན་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ལ་མི་དམིགས་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་པའི་ངག་དོན་བསྡུས་ན། བར་དོའི་སྲིད་པ་མངལ་དུ་འཇུག་པའི་ཚེ། དེ་མ་ཤི་བར་འཇུག་པ་ནི་མ་ཡིན་ལ། ཤི་ནས་འཇུག་ན་ཡིད་ཀྱི་རྣམ་པར་ཤེས་པ་མ་འགགས་པ་ལ་ནི་ཤི་བ་ཞེས་བྱ་བ་མི་སྲིད་ལ། ཤི་ནས་འཇུག་ན་ལུས་ལེན་པ་པོ་དེ་མེད་པའི་ཕྱིར་རོ། །ཡང་དེར་ཞུགས་མ་ཐག་གི་ཤེས་པ་དེ་ཆོས་ཅན། ཡིད་ཀྱི་དབང་པོ་མ་ཡིན་ཏེ། ཡིད་ཀྱི་དབང་པོ་ལ་མ་བརྟེན་པས་དེའི་དམིགས་པ་ལ་མ་དམིགས་པའི་ཕྱིར། ཞེས་བྱ་བའི་དོན་ནོ། །གཉིས་པ་ཡིད་ལ་གཉིས་ཏེ། མཚན་ཉིད་པ་དོན་དམ་པའི་དང༌། བཏགས་པ་བ། ཀུན་རྫོབ་པའི་འོ། །དང་པོ་ལ་བཞི་སྟེ། ངེས་ཚིག་དང༌། དམིགས་པ་དང༌། གྲོགས་དང༌། འཇུག་པའི་ཚུལ་ལོ། །དེ་ལ་གཉིས་ཏེ། དམིགས་བསལ་དང༌། སྤྱིར་བཏང་ངོ༌། །དང་པོ་ལ་གཉིས་ཏེ། རེ་ཤིག་ལྡོག་པའི་དུས་དང༌། གཏན་ལྡོག་པའི་དུས་སོ། །གཉིས་པ་ནི། གང་ཡང་ཞེས་སོགས་ཏེ། རྣམ་ཤེས་དྲུག་པོ་ད་ལྟར་བ་ཡིད་དུ་མི་འཇོག་ལ། འདས་མ་ཐག་པ་དེར་འཇོག་པའི་གྲུབ་དོན་ནི། རང་དུས་སུ་དེར་མི་འཇོག་པར། རང་གི་དངོས་འབྲས་སྐྱེས་པའི་ཚེ་དེར་འཇོག་པའོ། །དེ་ལྟ་ཡིན་པ་དེའི་ཚེ། ཡིད་ཀྱི་སྐྱེ་མཆེད་ཀྱི་འཇོག་ལུགས་ནི། རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པའོ། །གསུམ་པ་རྣམ་ཤེས་ལ། དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་མཚན་ཉིད་དོ། །དེ་རེ་རེ་ཡང༌། གནས་དང༌། དམིགས་པ་དང༌།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*