བརྟག་གཉིས་ཀྱི་བསྡུས་དོན། བཤད་རྒྱུད་ཀྱི་རྒྱུད་པའི་རིམ་པ།

༼པ༽༄༅། །བརྟག་གཉིས་ཀྱི་བསྡུས་དོན། བཤད་རྒྱུད་ཀྱི་རྒྱུད་པའི་རིམ་པ་རྣམས་བཞུགས་སོ།།

ན་མཿགུ་རཱ་ཝེ། དགྱེས་པ་རྡོ་རྗེ་རྩ་བའི་རྒྱུད། །བརྟག་གཉིས་ལེའུ་ཉེར་གསུམ་པོ། །རེ་རེའི་དོན་མཚན་ཅེས་པ་དག །ཚིགས་སུ་བཅད་པས་འདིར་བརྗོད་བྱ། །བརྟག་པ་དག་པོ་རྩ་བའི་རྒྱུད། །གླེང་གཞི་ཞེས་པ་རྒྱུད་ཀུན་ལ། །ངེས་པ་སྟེར་བའི་དོན་ཡིན་ཏེ། །བདེ་སྟོང་ཟུང་དུ་འཇུག་པའོ། །ལེའུ་དང་པོར་སྐུ་གསུང་ཐུགས། །སྙིང་པོའི་དགྱེས་པ་རྡོ་རྗེ་དང༌། །བཞིར་བཤད་བདེ་སྟོང་དབྱེར་མེད་པ། །ཀྱེ་ཡི་རྡོ་རྗེ་ཞེས་བྱའོ། །གཞི་དུས་དགྱེས་པ་རྡོ་རྗེ་ནི། །མངོན་དུ་བྱེད་པའི་ཐབས་ཆེན་པོ། །དེ་བཞི་ཉིད་ཀྱི་ལེའུ་ཡི། །མིང་ཅན་ལྔ་པར་བཤད་པ་ཡིན། །ཐབས་དེའང་ལྷ་ཡི་རྣལ་འབྱོར་གྱི། །ཡན་ལག་ཡོངས་སུ་རྫོགས་པ་ལ། །རག་ལས་ཕྱིར་ན་སྔགས་དང་ནི། །ལྷ་དང་དབང་བསྐུར་ལེའུ་བཤད། །སྔགས་ཀྱི་ལེའུ་ཐུན་མོང་གི །གྲུབ་པ་སྒྲུབ་པའི་ཐབས་ཡིན་ཏེ། །ལྷ་ཡི་ལེའུ་ཧེ་རུ་ཀ །གསུམ་གྱི་བསྐྱེད་པའི་ཆོ་གའོ། །དབང་བསྐུར་ལེའུ་དབང་བསྐུར་ནས། །རིགས་བདག་ཡོངས་སུ་རྫོགས་པའོ། །ལེའུ་ལྔ་པར་བཤད་པ་ཡི། །དེ་བཞིན་ཉིད་འདི་སྔར་བཤད་པའི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ཀྱི། །སྟོང་པ་ཉིད་དང་རྗེས་སུ་མཐུན། །རིམ་གཉིས་རྟོགས་པ་བརྟན་བྱས་ནས། །རྣམ་གསུམ་སྤྱོད་པས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་སྒྲུབ་པའི་ཚུལ། །སྤྱོད་པའི་ལེའུར་བཤད་པ་ཡིན། །བཅུ་གཉིས་ས་ཡི་དབང་ཕྱུག་མ། །འདུ་བའི་གནས་སུ་དེ་དང་དེ། །ངོ་ཤེས་གྱུར་ནས་ཚོགས་འཁོར་ལ། །ལོངས་སྤྱོད་ལེའུ་བདུན་པར་བཤད། །ལེའུ་བརྒྱད་པར་བདག་མེད་མ། །ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི། །འཁོར་ལོ་བཤད་པས་རྒྱུད་འདི་ཡི། །སྐྱེད་རིམ་སྒྲུབ་ཚུལ་རྒྱས་པར་བཤད། །མཆོག་ཏུ་རྣམ་དག་ལེའུར་ནི། །དེ་བཞིན་ཉིད་དང་ལྷ་སོ་སོ། །རང་རིག་དག་པ་རྣམ་གསུམ་གྱིས། །རིམ་པ་གཉིས་ཀྱི་གནད་རྣམས་བསྡུས། །ལེའུ་བཅུ་པར་དཀྱིལ་འཁོར་དུ། །རིག་མ་བཅུག་ནས་སློབ་མ་ལ། །དབང་བསྐུར་བའི་ཚུལ་བཤད་ནས། །ལྷན་སྐྱེས་ཡེ་ཤེས་རྒྱས་པར་བཤད། །དེ་ནས་ལེའུ་བཅུ་གཅིག་པར། །བསྐྱེད་རིམ་བརྟན་པའི་རྣལ་འབྱོར་པས། །ལྟ་སྟངས་བཞི་པོ་བསྒྲུབ་ནས་ནི། །སེམས་ཅན་རྗེས་སུ་འཛིན་པར་བཤད། །བརྟག་པ་དང་པོ་མ་ཚང་བ། །ཁ་སྐོང་བརྟག་པ་གཉིས་པ་ཡི། །ལེའུ་དང་པོར་སྐུ་གཟུགས་ཀྱི། །རབ་གནས་རྒྱས་པར་བཤད་པ་ཡིན། །སྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །མཆོག་གི་དངོས་གྲུབ་སྒྲུབ་པ་ལ། །སྙིང་པོའི་ཀྱཻ་རྡོར་ཉིད་དགོས་ཞེས། །ལེའུ་གཉིས་པར་བཤད་པ་ཡིན། །ལེའུ་གསུམ་པར་བདེ་བ་དང༌། །སྟོང་པ་ཟུང་དུ་འཇུག་པ་ལ། །རྒྱུད་ཀུན་གྱི་ནི་གླེང་གཞི་ལ། །བླ་ན་མེད་པའི་སྡོམ་པར་བཤད། །སྤྱོད་པའི་ལེའུ་ལ་འཕྲོས་པའི། །གླུ་དང་གར་དང་ཕྱག་རྒྱ་དང༌། །ལྷ་མོ་བཅོ་ལྔའི་སྦྱང་གཞི་ཡང༌། །ལེའུ་བཞི་པས་རྒྱས་པར་བཤད། །ལེའུ་ལྔ་པར་ཧེ་རུ་ཀ །བཞི་པོའི་དཀྱིལ་འཁོར་རྒྱུ་འབྲས་ཀྱི། །རྡོ་རྗེ་འཛིན་གཉིས་བཞེངས་པའི་ཚུལ། །བསྙེན་པ་དང་བཅས་རྒྱས་པར་བཤད། །ལེའུ་དྲུག་པར་བྲིས་སྐུ་དང༌། །བདུན་པར་གླེགས་བམ་འཆང་བའི་ཚུལ། །ཚོགས་ཀྱི་འཁོར་ལོའི་ཀུན་སྤྱོད་སོགས། །མ་ལུས་རྒྱས་པར་བཤད་པ་ཡིན། །ལེའུ་བརྒྱད་པར་དབང་བསྐུར་ལས། །ཐོབ་པའི་ཕྱག་རྒྱ་ཆེན་པོ་དང༌། །སྨོན་ལམ་དང་ནི་སྐལ་དམན་དག །རིམ་གྱིས་འཇུག་ཚུལ་རྒྱས་པར་བཤད། །དགུ་པར་སྙིང་རྗེས་ཀུན་བསླང་བའི། །མངོན་སྤྱོད་ལས་དང་ཧེ་རུ་ཀ །འཁོར་བའི་གཟུགས་སུ་གནས་པ་ཡི། །རྣམ་པར་དག་པ་རྒྱས་པར་བཤད། །བཅུ་པར་བཟླས་པའི་བགྲང་ཕྲེང་དང༌། །ཕྲིན་ལས་རྣམ་བཞིའི་ཕྱོགས་ཙམ་བཤད། །བཅུ་གཅིག་པར་ནི་བུད་མེད་དང༌། །རྣལ་འབྱོར་པ་གང་ལྷ་སོ་སོ། །གང་གི་རིགས་ཡིན་བརྟག་ཚུལ་དང༌། །སྙོམས་འཇུག་དབྱེ་བ་རྒྱས་པར་བཤད། །ལེའུ་ཐ་མར་དབང་བཞི་པོ། །བསྡུས་པ་བསྐུར་བའི་ཚུལ་བཤད་ནས། །རྡོ་རྗེ་པདྨ་བྱིན་བརླབས་པས། །བདེ་སྟོང་ཟུང་དུ་འཇུག་པར་བཤད། །འདི་ཡང་ཕྱག་ཆེན་རྣལ་འབྱོར་པ། །རྟོགས་ལྡན་དབུས་སྨྱོན་ཆེན་པོ་ཡིས། །གསོལ་བ་བཏབ་པའི་ངོར་བགྱིས་ནས། །རྗེ་བཙུན་དགྱེས་པའི་བཤེས་གཉེན་གྱིས། །གཡས་རུ་གཙང་གི་ས་ཡི་ཆ། །གསེར་མདོག་ཅན་གྱི་ཆོས་ཀྱི་གྲྭར། །ཉེ་བར་སྦྱར་བའི་ཡི་གེ་པ། །བློ་བཟང་ཆོས་ཀྱི་རྒྱལ་མཚན་ནོ།།  །།རྩ་བའི་རྒྱུད་བརྟག་པ་གཉིས་པའི་བཤད་རྒྱུད་ཀྱི་རིམ་པ་ནི། རྡོ་རྗེ་འཆང༌། རྣལ་འབྱོར་དབང་ཕྱུག ཌོམྦི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། ཛ་ཡ་ཤྲཱི། སྦྱངས་དཀའ་ཟླ་བ། ཨིནྟྲ་རུ་ཙི་ར། དེ་གཉིས་ལ་འབྲོག་མིས། འཁོན་དཀོན་མཆོག་རྒྱལ་པོ། མངའ་རིས་པ་གསལ་བའི་སྙིང་པོ། སེ་སྟོན་ཀུན་རིག ཞང་ཆོས་འབར། འཁོན་དགྲ་ལྷ་འབར། དེ་གཉིས་ལ་ས་ཆེན། རྗེ་བཙུན་སྐུ་མཆེད། ས་པཎ། འཕགས་པ། དཀོན་མཆོག་དཔལ། བསོད་ནམས་དཔལ། བསོད་ནམས་རྒྱལ་མཚན། ཀུན་མཁྱེན་གངས་ཁྲོད་པ། ཐེག་ཆེན་ཀྱི་རྒྱལ་པོ། དེ་ལ་སྦྱངས་ལུང་ཆོས་སྡིངས་པ་གཞོན་ནུ་བློ་གྲོས་དང༌། སྐཾ་དགོན་པ་བློ་གྲོས་ཆོས་སྐྱོང་གཉིས་ཀྱི་གསན། དེས་བདག་ལའོ།།  །། ༄༅། །རྒྱུད་སྡེ་སྤྱིའི་རྣམ་གཞག་བཞུགས།།  ༄༅། །ན་མོ་གུ་ར་ཝེ། རྡོ་རྗེ་ཐེག་པའི་ལམ་སྲོལ་མདོར་བསྡུས་པའི་ཚུལ་གྱིས་རྣམ་པར་ཕྱེ་བ་བདུད་རྩིའི་ཐེག་པ་ཞེས་བྱ་བ་འདི་ལ་དོན་གཉིས་ཏེ། སྟོན་པ་སངས་རྒྱས་པའི་ཚུལ་དང༌། དེའི་དམ་ཆོས་ཉམས་སུ་ལེན་པའི་རིམ་པའོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་འདི། སྔོན་སློབ་པའི་གནས་སྐབས་སུ་རིང་བའི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས་ཤིང༌། ཉེ་བའི་རྒྱུ་རྒྱུད་སྡེ་དེ་དང་དེ་ནས་བཤད་པའི་དབང་བསྐུར་གྱིས་རྒྱུད་ཡོངས་སུ་སྨིན་པར་མཛད་ནས། རྒྱུད་སྡེ་དེ་དང་དེ་ནས་བཤད་པའི་རྣལ་འབྱོར་མཐར་ཐུག་ཉམས་སུ་ཞེས་པ་ལ་བརྟེན་ནས། འོག་མིན་དུ་ལོངས་སྐུ་མངོན་སུམ་དུ་མཛད་ཅིང༌། སླར་ཡང་དེ་ཉིད་ཀྱི་སྤྲུལ་པས་འཛམ་བུའི་གླིང་འདིར། རྒྱུད་སྡེ་དེ་དང་དེ་ནས་བཤད་པའི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། རྒྱུད་སྡེ་དེ་དང་དེ་གསུངས་པ་ཡིན་ཏེ། དེ་ཡང་དཔེར་ན། ཀྱེའི་རྡོ་རྗེ་བ་རྣམས་ཀྱི་ལུགས་ལ། ཤཱཀྱ་ཐུབ་པས་སྔོན་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་མནོས་ནས། དེ་དང་མཐུན་པའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་མཐར་ཐུག་ཉམས་སུ་བླངས་པ་ལ་བརྟེན་ནས། འོག་མིན་དུ་ལོངས་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་མངོན་དུ་མཛད་ཅིང༌། སླར་ཡང་འཛམ་བུའི་གླིང་འདིར། རྡོ་རྗེ་བཙུན་མོའི་ཆོས་འབྱུང་གི་དབུས་སུ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་མངོན་པར་སྤྲུལ་ནས། སྤྲུལ་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་གཟུགས་ཀྱིས། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ལ། བརྟག་པ་སུམ་ཅུ་རྩ་གཉིས་པའི་རྒྱུད་ཀྱི་རྒྱལ་པོ་གསུངས་པ་ལྟ་བུ་སྟེ། དེ་བཞིན་དུ་རྒྱུད་སྡེ་འོག་མ་གསུམ་ལའང་སྦྱར་རོ། །འདི་ནི། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་པའི་དགོངས་པ་ཡིན་ནོ། །འོ་ན་རྒྱུད་སྡེ་སོ་སོའི་དབང་བསྐུར་དང༌། ཉམས་ལེན་མི་འདྲ་བའི་ཁྱད་པར་ཅི་ཡོད་ཅེ་ན། ཡེ་ཤེས་ཐིག་ལེ་ལས། ཆུ་དང་ཅོད་པཎ་དབང་བསྐུར་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་མིང་གི་དབང༌། །སྤྱོད་པའི་རྒྱུད་ལ་འཐད་པ་ཡིན། །ཕྱིར་མི་ལྡོག་པ་སློབ་དཔོན་དབང༌། །དེ་ནི་རྣལ་འབྱོར་རྒྱུད་ལ་བཤད། །བུམ་པ་གསང་དབང་ཤེས་རབ་དབང༌། །བཞི་པ་བླ་ན་མེད་པའོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་འོག་མ་གསུམ་ལ། རིམ་གཉིས་ཀྱི་རྣལ་འབྱོར་མེད་དེ། དབང་བཞི་བསྐུར་བ་མེད་པའི་ཕྱིར། །འོ་ན་རྣལ་འབྱོར་གྱི་རྒྱུད་ལ་བུམ་དབང་རྫོགས་པ་ཡོད་པས། བསྐྱེད་རིམ་མཚན་ཉིད་པ་མེད་པ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། རྣལ་འབྱོར་རྒྱུད་དང་བླ་མེད་གཉིས་ཀྱི་བུམ་དབང་གཉིས་པོ་བུམ་དབང་གི་མིང་ཙམ་དུ་འདྲ་ཡང༌། བླ་མེད་ཀྱི་བུམ་དབང་དེ་ནི་སྦྱང་གཞི་སྦྱོང་བྱེད་ལེགས་པར་འཕྲོད་པ་ཡིན་ལ། རྣལ་འབྱོར་རྒྱུད་ལ་དེ་ལྟར་མེད་པའི་ཕྱིར་རོ། །དེས་ན་རྣལ་འབྱོར་རྒྱུད་མན་ཆད་དུ། དག་གསལ་ལྷའི་རྣལ་འབྱོར་ཙམ་གྱི་ཐ་སྙད་བྱ་བ་ཡིན་གྱི། བསྐྱེད་རིམ་གྱི་ཐ་སྙད་མེད་དོ། །དེ་ལྟར་རྒྱུད་སྡེ་བཞི་ལ་ཉམས་ལེན་གྱི་ཁྱད་པར་སོ་སོར་ཡོད་ན། སངས་རྒྱ་བ་ལ་ཉེ་རིང་གི་ཁྱད་པར་ཅི་ལྟ་བུ་ཡོད་ཅེ་ན། ཟབ་མོ་ནང་དོན་ལྟར་ན། བྱ་སྤྱོད་ཀྱི་རྣལ་འབྱོར་ཉམས་སུ་བླངས་པ་ལས་མི་ཚེ་དྲུག་ཅུ་དང༌། རྣལ་འབྱོར་རྒྱུད་ཀྱི་རྣལ་འབྱོར་ཉམས་སུ་བླངས་པས། མི་ཚེ་བཅུ་དྲུག་དང༌། བླ་མེད་ལས་ཚེ་གཅིག་ལ་སངས་རྒྱ་བར་བཤད་ལ། ས་སྐྱ་པ་ལྟར་ན། རྒྱུད་སྡེ་འོག་མ་གསུམ་གྱི་རྣལ་འབྱོར་ཉམས་སུ་བླངས་པས་མི་ཚེ་བཅུ་དྲུག་ཚུན་དུ་སངས་རྒྱ་ནུས་ལ། ཕ་རོལ་དུ་ཕྱིན་པ་དང་རྒྱུད་སྡེ་འོག་མའི་ལམ་གང་ཉམས་སུ་བླངས་ཀྱང༌། མཐར་བླ་མེད་ཀྱི་ཐེག་པས་འཚམས་སྦྱར་ནས། སངས་རྒྱ་དགོས་པ་ལ་ཁྱད་པར་མེད་དོ། །དེའི་རྒྱུ་མཚན་ཡང༌། ས་དང་པོ་ཐོབ་ནས་ཡོངས་འཛིན་ཁྱད་པར་ཅན་ལོངས་སྤྱོད་རྫོགས་པའི་སྐུ་ལས། གདམས་ངག་བླ་མེད་ཀྱི་ལམ་ཁྱད་པར་ཅན་ཉན་པ་ལ་དབང་ཐོབ་པའི་ཕྱིར། ཞེས་བཞེད། གཉིས་པ་དེའི་དམ་ཆོས་ཉམས་སུ་ལེན་པའི་ཚུལ་ལ། སྐལ་དམན་རིམ་གྱིས་བཀྲི་བའི་ལམ་རིམ་དང༌། སྐལ་ལྡན་གཅིག་ཆར་དུ་དཀྲི་བའི་ལམ་རིམ་གཉིས། དང་པོ་ནི། བརྟག་གཉིས་ལས། དེ་ནས་བདག་མེད་མས་ཞུས་པ། །སྐལ་དམན་སྐྱེ་བོ་འདུལ་དཀའ་བ། །ཇི་ལྟར་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ཏེ། །རྣལ་འབྱོར་སྤྱོད་པ་དེ་ལ་ཕྱིས། །དེ་རྗེས་དབུ་མ་བསྟན་པར་བྱ། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེའི་རྡོ་རྗེ་བསྟན། །ཞེས་འབྱུང་བ་ལྟར། ཐོག་མར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་བཤད་པའི་ལམ་གྱི་རིམ་པ་ཐམས་ཅད་ལ་རིམ་གྱིས་བསླབ་ནས་དེའི་རྗེས་སུ་རྒྱུད་སྡེ་བཞི་རིམ་གྱིས་བསླབ་དགོས་ཏེ། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པས་རྒྱུད་ལེགས་པར་མ་སྦྱངས་པར། སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བསྲུང་བར་མི་ནུས་པའི་ཕྱིར་རོ། །རྒྱུད་སྡེ་བཞི་པོ་ལ་ཡང་རིམ་པ་ཁོ་ནས་འཇུག་དགོས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་ཏེ། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་འབྱུང་བའི་ཕྱིར། འོ་ན་ཅིའི་ཕྱིར་རྒྱུད་ཅེས་བྱ། དེ་ལ་དབྱེ་བ་ཅི་ཙམ་ཡོད་ཅེ་ན། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་འབྱུང་བ་ལྟར། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་རྒྱུན་མི་ཆད་པར་འཇུག་པའི་ཕྱིར། རྒྱུད་ཅེས་བྱ་ལ། དེ་ལ་དབྱེ་ན། སློབ་དཔོན་ཀུན་དགའ་སྙིང་པོ་སོགས་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད་གསུམ་དུ་མཛད་ལ། སློབ་དཔོན་འདིས་གསང་བ་འདུས་པ་སོགས་ཀྱང༌། རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་ལ། རྣལ་འབྱོར་གྱི་རྒྱུད་ལས་གོང་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་བྱ་བ་ལོགས་ན་ཡོད་པར་མི་བཞེད་དོ། །སློབ་དཔོན་རྣལ་འབྱོར་དབང་ཕྱུག་བིརྺ་པ་རྗེས་འབྲང་དང་བཅས་པ། གུར་ནས་འབྱུང་བ་ལྟར། རྒྱུད་སྡེ་བཞིའི་གྲངས་ངེས་མཛད་ཅིང༌། མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས། བྱ་བའི་རྒྱུད། རྟོག་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་ལྟར་མཛད་དོ། །རྟོག་པའི་རྒྱུད་ཅེས་པ། བྱ་སྤྱོད་ལས་ལོགས་སུ་བྱེད་པའི་རྒྱུ་མཚན་ཡང༌། སྒྲོལ་མ་དང་མི་གཡོ་བའི་རྟོག་པ་ལ་སོགས་པ་འགའ་ཞིག་ལ། བདག་ཉིད་སངས་རྒྱས་སུ་བསྐྱེད་པར་བཤད་པས་བྱ་བའི་རྒྱུད་མིན། རྡོ་རྗེ་དྲིལ་བུ་མིང་གི་དབང་བསྐུར་བར་མ་བཤད་པའི་ཕྱིར། སྤྱོད་པའི་རྒྱུད་ཀྱང་མིན་པར་བཞེད་དོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པ་སོགས། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་གསང་བའི་རྒྱུད་དྲུག་ཏུ་བཞེད། དེ་ཡང་ཕྱི་མ་གསུམ་བླ་མེད་ཀྱི་རྒྱུད་ལ་ཕྱེ་བ་ཡིན་ཞིང༌། གསང་བ་འདུས་པ་དང༌། གཤིན་རྗེའི་གཤེད་ལ་སོགས་པ་རྣལ་འབྱོར་ཆེན་པོའི་རྒྱུད་དང༌། ཀྱེ་རྡོར་སོགས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང༌། འཁོར་ལོ་བདེ་མཆོག་ལ་རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ཐ་སྙད་མཛད་དོ། །དེ་དག་གི་ནང་ན་འདིར་རྒྱུད་སྡེ་བཞིའི་ལུགས་འཆད་པ་ལ། སྒྲ་བཤད་པ། གྲངས་ངེས། སོ་སོའི་ངོ་བོ་དང་གསུམ། དང་པོ་ནི། དཀའ་ཐུབ་དང་གཙང་སྦྲ་སོགས་ཀྱི་ཕྱི་ལུས་ཀྱི་བྱ་བ་གཙོ་བོ་སྟོན་པའི་ཕྱིར། བྱ་བའི་རྒྱུད་ཅེས་བྱ། བདག་ཉིད་སངས་རྒྱས་སུ་བསྐྱེད་པའི་སྒོ་ནས། ནང་ཏིང་ངེ་འཛིན་གྱི་སྤྱོད་པ་གཙོ་བོར་སྟོན་པའི་ཕྱིར། སྤྱོད་པའི་རྒྱུད་ཅེས་བྱ། ཡང་རང་ཉིད་སངས་རྒྱས་སུ་བསྐྱེད་པའི་ཆ་ནས། རྣལ་འབྱོར་རྒྱུད་དང་ཆ་མཐུན། ཡེ་ཤེས་པ་སྤྱན་དྲངས་པ་མེད་པའི་ཆ་ནས། བྱ་བའི་རྒྱུད་དང་མཐུན་པའི་ཕྱིར། གཉིས་ཀའི་རྒྱུད་ཅེས་བྱའོ། །བདག་མདུན་གཉིས་ཀ་ལ་ལྷའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པའི་ལྷའི་རྣལ་འབྱོར་ལྡན་པའི་ཕྱིར། རྣལ་འབྱོར་གྱི་རྒྱུད་ཅེས་བྱ། རིམ་པ་གཉིས་ཀྱི་རྣལ་འབྱོར་ཕུལ་དུ་ཕྱིན་པ་དང་ལྡན་པའི་ཕྱིར། རྣལ་འབྱོར་བླ་མེད་ཅེས་བྱ་བའོ། །གཉིས་པ་གྲངས་ངེས་ནི། སྔགས་ཀྱི་གདུལ་བྱ་རིགས་བཞིར་ངེས་པས། རྒྱུད་སྡེ་བཞིར་ངེས་སོ། །དེ་ཡང་འདོད་ཆགས་ཅན་དབང་ཕྱུག་གི་རྗེས་སུ་འབྲང་བ་རྣམས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད། ཞེ་སྡང་ཅན་ཁྱབ་འཇུག་གི་རྗེས་སུ་འབྲང་བ་རྣམས་ལ། བྱ་བའི་རྒྱུད། གཏི་མུག་ཅན་ཚངས་པའི་རྗེས་སུ་འབྲང་བ་རྣམས་ལ། སྤྱོད་པའི་རྒྱུད། དུག་གསུམ་ཆ་མཉམ་པ་རྣམས་ལ། རྣལ་འབྱོར་གྱི་རྒྱུད་གསུངས་སོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་བཞེད་དོ། །གསུམ་པ་རྒྱུད་སོ་སོའི་ངོ་བོ་ལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་དང་མཐུན་པར་བཤད་ན། བྱ་བའི་རྒྱུད་ནི། ཆུ་དང༌། དར་དཔྱངས་ཀྱི་དབང་བསྐུར་མཛད་པ་ཙམ་གྱིས་རྒྱུད་སྨིན་པར་བྱས་ནས། མདུན་གྱི་རས་བྲིས་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་མེད་པར་ཐུགས་ཁར་ས་བོན་བཀོད་དེ། རང་ཉིད་ཐ་མལ་དུ་འདུག་པས་རྗེ་དཔོན་ལྟ་བུའི་སྒོ་ནས་དངོས་གྲུབ་ལེན་པའི་ཐབས་གཙོ་བོར་སྟོན་པའོ། །དཔེར་ན་དོན་ཡོད་ཞགས་པའི་རྟོག་པ་ལས་བསྙུང་གནས་ཀྱི་ཆོ་ག་གསུངས་པ་ལྟ་བུའོ། །འོ་ན་སྒྲུབ་ཐབས་རྒྱ་མཚོ་དང༌། བརྒྱ་རྩ་དང༌། ཕྱེད་དང་ཉིས་བརྒྱ་པ། བྱ་རྒྱུད་དང་མཐུན་པར་བཀྲལ་བ་དང༌། བྱ་རྒྱུད་ཀྱི་ལྷ་རྣམས་ལ། བདག་བསྐྱེད་དང༌། ཡེ་ཤེས་པ་སྤྱན་དྲངས་བ་དང༌། དབང་བསྐུར་བ་དང༌། རིགས་བདག་གིས་རྒྱས་འདེབས་པ་སོགས་བཤད་པ་མིན་ནམ་ཞེ་ན། ཡིན་མོད་ཀྱི་སྤྱི་ཙམ་ནས་བྱ་རྒྱུད་དུ་བཞག་པའི་སྤྱན་རས་གཟིགས་ཀྱི་རྒྱུད་ལྟ་བུ་གཅིག་ལའང༌། རྡོ་རྗེ་འཆང་ལ་གནང་བ་ཐོབ་པའི་སློབ་དཔོན་དགོངས་འགྲེལ་མཁན་པོ་རྣམས་ཀྱིས་བྱ་རྒྱུད་རང་རྐང་དུ་བཀྲལ་བ་དང༌། སྤྱོད་རྒྱུད་དང་མཐུན་པར་བཀྲལ་བ་དང༌། རྣལ་འབྱོར་རྒྱུད་དང་མཐུན་པར་བཀྲལ་བ་དང༌། རྣལ་འབྱོར་བླ་མེད་དང་མཐུན་པར་བཀྲལ་བ་སྟེ། བཞི་ཀ་ཡོད་པའི་ཕྱིར་མི་འགལ་ལོ། །དེ་སྐད་དུ་ས་སྐྱ་པཎྜི་ཏས། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །བདག་བསྐྱེད་སྒྲུབ་ཐབས་གསུངས་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲང་ནས། །དེ་ཡི་ལུགས་བཞིན་མཛད་པ་ཡིན། །ཞེས་པ་ལྟར་རོ། །དེ་བཞིན་དུ་བཞི་ཀ་ལ་ཤེས་པར་བྱ་ཞིང༌། དེ་ལྟ་ནའང་རང་བཟོར་མི་འགྱུར་ཏེ། དེ་ལྟར་མཛད་པའི་སློབ་དཔོན་དེ་དག་གིས་རྡོ་རྗེ་འཆང་ལ་གནང་བ་ཐོབ་པའི་ཕྱིར་རོ། །གཉིས་པ་སྤྱོད་པའི་རྒྱུད་ནི། རྡོ་རྗེ་དང་དྲིལ་བུ་མིང་གི་དབང་བསྐུར་བ་ཙམ་གྱིས་རྒྱུད་སྨིན་པར་བྱས་ནས། བདག་མདུན་གཉིས་ཀ་སངས་རྒྱས་སུ་བསྐྱེད་དེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པ་མེད་པར། བདག་མདུན་གཉིས་ཀའི་ཐུགས་གར་ས་བོན་ཙམ་བཀོད་དེ་གྲོགས་པོ་ལྟ་བུའི་སྒོ་ནས་དངོས་གྲུབ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པ་སྟེ། དཔེར་ན་རྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་ལྟ་བུའོ། །གསུམ་པ་རྣལ་འབྱོར་རྒྱུད་ནི། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་མན་ཆད་ཀྱིས་རྒྱུད་ཡོངས་སུ་སྨིན་པར་བྱས་ནས། བདག་མདུན་གཉིས་ཀ་སངས་རྒྱས་སུ་བསྐྱེད་པ་ལ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། རང་བཞིན་གྱི་གནས་སུ་མ་གཤེགས་པ་དེ་སྲིད་དུ་ལྷའི་ང་རྒྱལ་དང་མ་བྲལ་བར་བྱ་ཞིང༌། མཇུག་ཏུ་ངེས་པར་གཤེགས་པའི་ཆོ་ག་གཙོ་བོར་སྟོན་པ་སྟེ། དཔེར་ན་དེ་ཉིད་བསྡུས་པའི་རྒྱུད་ལྟ་བུའོ། །འོ་ན། སྤྱོད་རྒྱུད་དུ་གསུངས་པའི་ཆུ། ཅོད་པཎ། དར་དཔྱངས། རྡོ་རྗེ། དྲིལ་བུ་མིང་གི་དབང་དང༌། རྣལ་འབྱོར་རྒྱུད་ཀྱི་ཆུ་ལ་སོགས་པའི་དབང་ལྔ་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། སྤྱོད་པའི་རྒྱུད་དུ་ནི། རིགས་ལྔ་སོ་སོའི་སྒོ་ནས་དབང་བསྐུར་བ་མེད་ལ། རྣལ་འབྱོར་རྒྱུད་དུ་ནི་རིགས་ལྔའི་སྒོ་ནས་རིག་པའི་དབང་ལྔ་བསྐུར་བ་ཡིན་ཏེ། དེ་སྐད་དུ་ཡང༌། ས་སྐྱ་པཎྜི་ཏས། སྤྱོད་པའི་རྒྱུད་ལ་རིགས་ལྔ་ཡི། །དོན་གྲུབ་ན་ཡང་ཐ་སྙད་མེད། །རྣལ་འབྱོར་རྒྱུད་དུ་གསུངས་པ་ཡི། །རིགས་ལྔ་སྐུ་མདོག་ཐ་དད་ཅིང༌། །ཕྱག་མཚན་ཡང་ནི་ཐ་དད་ཡིན། །ཞེས་གསུངས་པ་ལྟར་རོ། །བཞི་པ་རྣལ་འབྱོར་ཆེན་པོའི་རྒྱུད་ནི། དབང་བཞིས་རྒྱུད་སྨིན་པར་བྱས་ནས། ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། ཡེ་ཤེས་ཀྱི་འཁོར་ལོ་བརྟན་པར་བཞུགས་ནས། རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་མཆོག་བསྒྲུབ་པའི་ཐབས་སྟོན་པ་སྟེ། འདི་ལ་དབྱེ་ན་རྣལ་འབྱོར་ཕའི་རྒྱུད། རྣལ་འབྱོར་མའི་རྒྱུད། གཉིས་སུ་མེད་པའི་རྒྱུད་དེ་གསུམ་དུ་མཛད་དོ། །དེ་ཡང་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་ཅིང༌། ཤེས་རབ་རྫོགས་པའི་རིམ་པ་ཞར་ལ་སྟོན་པ་ནི། རྣལ་འབྱོར་ཕའི་རྒྱུད་དེ། འདི་ལ་ཡང༌། འདོད་ཆགས་ཅན་རྗེས་སུ་བཟུང་བའི་ཕྱིར་དཔལ་གསང་བ་འདུས་པ། ཞེ་སྡང་ཅན་རྗེས་སུ་བཟུང་བའི་ཕྱིར་གཤིན་རྗེ་གཤེད། གཏི་མུག་ཅན་རྗེས་སུ་བཟུང་བའི་ཕྱིར་སྒྱུ་འཕྲུལ་དྲྭ་བ་སྟེ་ཕ་རྒྱུད་གསུམ་དུ་གྲགས་སོ། །ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་ཅིང༌། ཐབས་བསྐྱེད་པའི་རིམ་པ་ཞར་ལ་སྟོན་པ་ནི། རྣལ་འབྱོར་མའི་རྒྱུད་དོ། །འདི་ལའང་མངལ་སྐྱེས་སྦྱོང་བ་བདེ་མཆོག་ནག་པོ་པ་ལྟ་བུ། སྒོང་སྐྱེས་སྦྱོང་བ་བདེ་མཆོག་ལཱུ་ཧི་པ་ལྟ་བུ། རྫུས་སྐྱེས་སྦྱོང་བ་བདེ་མཆོག་དྲིལ་བུ་བ་བུའོ། །བསྐྱེད་རྫོགས་ཆ་མཉམ་པར་སྟོན་པ་ནི། གཉིས་སུ་མེད་པའི་རྒྱུད་དེ། དཔལ་ཀྱེ་རྡོར་ལྟ་བུའོ། །དེ་སྐད་དུའང་བརྟག་གཉིས་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱི་ཉོན། །ཞེས་བཤད་དོ། །འདིར་ཕ་རྒྱུད་མ་རྒྱུད་གཉིས་ལས་གཞན་པའི་གཉིས་སུ་མེད་པའི་རྒྱུད་ཅེས་པ་མི་བཞེད་ལ། མ་རྒྱུད་ལ་ཐུགས་རྩིས་ཤིན་ཏུ་མཛད་པ་རྣམས་ནི། ཕ་རྒྱུད་ཙམ་ལས་ཟབ་པའི་གཉིས་སུ་མེད་པའི་རྒྱུད་ཅེས་བྱ་བ་དུས་འཁོར་དང༌། ཀྱེ་རྡོར་སོགས་ལ་བཞེད་པར་སྣང་ངོ༌། །དེ་ལྟར་རྒྱུད་སྡེ་བཞིའི་ནང་ནས། ཤིན་ཏུ་ཟབ་པ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཡིན་ཏེ། རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྟེན་ནས། ཚེ་འདིར་སངས་རྒྱ་བའི་ཐབས་སྟོན་པའི་ཕྱིར་རོ། །འོ་ན་གསང་སྔགས་བླ་མེད་ཀྱི་ཐེག་པ་འདི་འཛམ་བུའི་གླིང་འདིར་ནམ་གྱི་ཚེ་དར་བ་ཡིན་ཞེ་ན། དཔལ་གསང་བ་འདུས་པ་སོགས་འགའ་ཞིག་ནི། ཨིནྟྲ་བྷུ་ཏི་དང༌། ཀླུ་སྒྲུབ་ལ་སོགས་པ་ལ་རིམ་པར་བརྒྱུད་དེ་བར་མ་ཆད་དུ་གནས་པ་ཡིན་ལ། དུས་ཀྱི་འཁོར་ལོ་ལྟ་བུ་ནི། སྟོན་པ་མྱ་ངན་འདས་ནས་ལོ་སྟོང་ལྷག་ཙམ་ན་འཕགས་པའི་ཡུལ་དུ་དར་བ་ཡིན་ཞིང༌། ཀྱེ་རྡོར་སོགས་ནི། ཨུ་རྒྱན་གྱི་ཡུལ་ནས་འཕགས་པའི་ཡུལ་དུ་སྔ་ཕྱིར་བྱུང་བ་ཡིན་ནོ། །འོ་ན་དུས་ཀྱི་འཁོར་ལོ་སོགས་བཅོམ་ལྡན་འདས་ཀྱིས་གནས་གང་དུ་གསུངས་པ་ཡིན་ཞེ་ན། དུས་འཁོར་ནི་དང་པོར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་རྒྱལ་པོ་ཟླ་བ་བཟང་པོ་ལ་རྩ་བའི་རྒྱུད་གསུངས་ཤིང༌། དེ་ནས་རྒྱལ་པོ་ཟླ་བ་བཟང་པོས་ཤམྦྷ་ལའི་གནས་སུ་དར་བར་མཛད་པ་ཡིན་ནོ། །ཀྱེ་རྡོར་ནི་དང་པོར་འཕགས་ཡུལ་དུ། རྡོ་རྗེ་བཙུན་མོའི་ཆོས་འབྱུང་མངོན་པར་སྤྲུལ་ནས། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ། རྩ་བའི་རྒྱུད་གསུངས་ཤིང༌། དེ་ནས་རྡོ་རྗེ་སྙིང་པོས་ཨུ་རྒྱན་གྱི་ཡུལ་དུ་དར་བར་མཛད་པ་ཡིན་ནོ། །དེ་ལ་དགོངས་ནས་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །སྔགས་ཀྱི་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་སོ། །མདོར་ན་བཅོམ་ལྡན་འདས་ཀྱི་རྒྱུད་སྡེ་ཇི་ལྟར་གསུངས་པ་ཐམས་ཅད་གསང་བདག་ཕྱག་ན་རྡོ་རྗེས་ཕྱོགས་གཅིག་ཏུ་བསྡུས་ནས། ཤམྦྷ་ལ་དང༌། ཨུ་རྒྱན་དང༌། ཛྭ་ལན་དྷ་ར་དང༌། ལྕང་ལོ་ཅན་ལ་སོགས་པར་གནས་པར་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་དང༌། དུས་འཁོར་ཞབས་དང༌། པདྨ་འབྱུང་གནས་དང༌། ཏི་ལོ་པ་ལ་སོགས་པ་སྐལ་པ་དང་ལྡན་པ་རྣམས་ལ་དུས་དུས་སུ་གསུངས་པ་ཡིན་ནོ། །དེ་ལྟར་ན་ཚེ་འདི་ལ་སངས་རྒྱ་བར་འདོད་པས། ཐོག་མར་དབང་བཞིས་རྒྱུད་ཡོངས་སུ་སྨིན་པར་བྱས་ནས། དེའི་རྗེས་སུ་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་སློབ་དགོས་ཏེ། སྡོམ་གསུམ་རབ་དབྱེར། རྡོ་རྗེ་ཐེག་པའི་ལམ་ཞུགས་ཏེ། །མྱུར་དུ་སངས་རྒྱས་ཐོབ་འདོད་ན། །སྨིན་གྲོལ་གཉིས་ལ་འབད་པར་བྱ། །སྨིན་པར་བྱེད་པའི་དབང་བསྐུར་ཡང༌། །བླ་མ་བརྒྱུད་པ་མ་ཉམས་ཤིང༌། །ཕྱི་ནང་རྟེན་འབྲེལ་སྒྲིག་མཁྱེན་ཅིང༌། །སྐུ་བཞིའི་ས་བོན་ཐེབས་ནུས་པའི། །བླ་མ་བཙལ་ལ་དབང་བཞི་བླང༌། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཡང་འདི་ལྟར། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་མ་ཐོབ་པར་བསྐྱེད་པའི་རིམ་པ་བསྒོམ་དུ་མི་རུང༌། བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་མ་ཐོབ་པར། གཏུམ་མོའི་ལམ་བསྒོམ་དུ་མི་རུང༌། ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་མ་ཐོབ་པར། ཁ་སྦྱོར་བདེ་སྟོང་གི་ལམ་བསྒོམ་དུ་མི་རུང༌། དབང་གསུམ་པ་ལས་སྐྱེས་པའི་བདེ་སྟོང་གི་དཀྱིལ་འཁོར་དུ། ཡེ་ཤེས་ཀྱི་དབང་བསྐུར་བ་མ་ཐོབ་པར། ཕྱག་རྒྱ་ཆེན་པོའི་ལམ་བསྒོམ་དུ་མི་རུང་བ་ཡིན་ནོ། །དེ་སྐད་དུ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མི་འབྱུང༌། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པ་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་འབྱུང་བའི་ཕྱིར་རོ། །དེས་ན་དབང་བཞི་ཡོངས་སུ་མ་རྫོགས་པར། གསང་སྔགས་ཀྱི་སྡོམ་པ་ཡོངས་སུ་རྫོགས་པར་ཡང་མི་འགྱུར་ཏེ། བརྟག་པ་གཉིས་པའི་ལྔ་པ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་པ་དང་དུས་ཀྱི་འཁོར་ལོར་ཡང༌། བྱིས་པའི་དབང་ལས། སྔགས་ཀྱི་དགེ་བསྙེན་དང༌། བུམ་པའི་དབང་ཐོབ་ནས། སྔགས་ཀྱི་དགེ་ཚུལ་དང༌། གསང་དབང་ཐོབ་ནས་སྔགས་ཀྱི་དགེ་སློང་དང༌། དབང་གསུམ་པ་དང༌། བཞི་པ་ཐོབ་ནས། སྔགས་ཀྱི་གནས་བརྟན་དུ་འགྱུར་བའི་ཚུལ་གསལ་བར་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སྡོམ་པ་གསུམ་ལྡན་དུ་འགྱུར་བ་ལ། ཐ་ན་བུམ་པའི་དབང་བསྐུར་ཙམ་ངེས་པར་ཐོབ་དགོས་པས། བྱ་སྤྱོད་ཀྱི་དབང་དང༌། རྡོ་རྗེ་ཕག་མོའི་བྱིན་བརླབས་དང༌། ཀྱེ་རྡོ་རྗེའི་ལུས་དཀྱིལ་དབང་དང༌། བདེ་མཆོག་དྲིལ་བུ་པའི་དབང་ཙམ་ལ་སྔགས་སྡོམ་སྔར་མེད་གསར་དུ་བསྐྱེད་པར་ནུས་པ་མ་ཡིན་ནོ། །དིང་སང་གསང་སྔགས་འཛིན་པར་རློམ་པ་འགའ་ཞིག དཀྱིལ་འཁོར་གྱི་ནང་དུ་མ་ཞུགས་པའི་སྔ་རོལ་དུ། རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཞེས་སོགས་རིགས་ལྔའི་སྡོམ་པ་ལན་གསུམ་བཟུང་མ་ཐག་ཏུ་སྔགས་སྡོམ་རྫོགས་པར་སྐྱེ་ཞེས་ཟེར་བ་ལྟར་ན། དབང་བསྐུར་མ་ཐོབ་པའི་སྔགས་ཀྱི་སྡོམ་ལྡན་ཡོད་པར་འགྱུར་ལ། དེ་ཡོད་ན། དེ་འདྲའི་སྔགས་པ་དེས། རང་གི་རྡོ་རྗེ་སློབ་དཔོན་ལ་བརྙེས་པ་དང༌། རྡོ་རྗེ་སྤུན་ལ་ཁྲོས་པ་དང༌། ཤ་ལྔ་དང༌། བདུད་རྩི་ལྔ་དང༌། ལས་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་སོགས། དམ་ཚིག་གི་རྫས་རྙེད་བཞིན་དུ་མ་བསྟེན་ན། རྩ་བའི་ལྟུང་བ་འབྱུང་བར་འགྱུར་ཏེ། དེ་འདྲ་དེ་གསང་སྔགས་ཀྱི་སྡོམ་པ་ཡོངས་སུ་རྫོགས་པ་དང་ལྡན་པ་ཡིན་པའི་ཕྱིར། །འདོད་པར་མི་ནུས་ཏེ། དབང་བསྐུར་མ་ཐོབ་པར། རྡོ་རྗེ་སློབ་དཔོན་དང༌། རྡོ་རྗེ་སྤུན་གྱི་ཐ་སྙད་མེད་ན། དེ་ལ་བརྙེས་པ་དང༌། ཁྲོས་པས། རྩ་བའི་ལྟུང་བར་ཇི་ལྟར་འགྱུར་སྨྲོས་ཤིག །དེ་བས་ན་ཁྱོད་ཅག སེམས་འགྲེལ་བསྐོར་གསུམ་གྱི་རྗེས་སུ་འབྲངས་ནས། དབང་བཞི་རྫོགས་པར་མ་ཐོབ་པར་རྡོ་རྗེ་སློབ་དཔོན་དུ་མི་འགྱུར་བར་འདོད་པ་དང༌། དབང་བསྐུར་མ་ཐོབ་པའི་སྔ་རོལ་དུ། རྡོ་རྗེ་སློབ་དཔོན་ལ་སྔགས་སྡོམ་ཐོབ་པར་འདོད་པ་ནི། སྨྱོན་པའི་འཇུག་པ་སྟོན་པར་མཛད་དོ། །གཉིས་པ་སྐལ་ལྡན་ཅིག་ཅར་དུ་དཀྲི་བའི་རིམ་པ་ནི། ཌོཾ་བྷི་ཧེ་རུ་ཀ་ལྟ་བུ་སྐྱེ་བ་མང་པོར་ཚོགས་གཉིས་ཀྱི་སྤྱོད་པ་གོམས་པའི་མཐུས། ཚེ་འདིར་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང༌། རྒྱུད་སྡེ་འོག་མ་ལ་མ་སྦྱངས་ཀྱང༌། རྣལ་འབྱོར་བླ་མེད་ཀྱི་ལམ་ཉམས་སུ་ལེན་པ་ཡིན་ཏེ། བརྟག་གཉིས་ལས། གདོལ་པ་སྨྱིག་མ་མཁན་ལ་སོགས། །གསོད་པ་དོན་དུ་སེམས་པ་པོ། དེ་རྣམས་ཀྱེ་རྡོར་ང་ཤེས་ན། །གྲོལ་འགྱུར་འདི་ལ་ཐེ་ཙོམ་མེད། །ཅེས་འབྱུང་བ་ལྟར་རོ། །འདི་ཙམ་ཁོ་ན་ཤེས་པས་ཀྱང༌། ཆོ་གའི་སྒྲིག་འཚམས་ལྷུར་ལེན་པའི། །སྔགས་འཛིན་སྟོང་གི་ཅོད་པཎ་ལ། །རྐང་པའི་རྡུལ་ཕྲེང་འགོད་པར་ནུས། །ཁྱབ་བདག་ཉིན་མོའི་མགོན་གྱིས་རྒྱང་སྲིངས་ཀྱང༌། །ངག་དོན་པདྨོའི་བཅུད་ལ་ཆེར་ཆགས་པའི། །རང་བཟོའི་སྔགས་པ་དུས་ཀྱི་ཐུན་མཚམས་སུ། །ལོག་རྟོག་འདབ་བརྒྱའི་སྦུབས་སུ་བཅིངས་མཐོང་ནས། །འབུམ་ཕྲག་རྒྱུད་སྡེའི་དཀྱིལ་འཁོར་འཁོར་ལོའི་དབུས། །རང་རང་འཁོར་ལོ་བསྒྱུར་བའི་སྐུར་སྟོན་པའི། །ཁྱབ་བདག་རྡོ་རྗེ་སེམས་དཔའི་བཀའ་དྲིན་གྱིས། །སྔགས་གཞུང་རྒྱ་མཚོའི་ལམ་གྱི་སྲོལ་ཤེས་པ། །ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ། །ལེ་ལོའི་རྒྱ་མཚོར་བྱིང་ཡང་བསྐུལ་བྱེད་ཀྱི། །བློ་དང་མཚམས་པའི་རྒྱུད་སྡེའི་གསང་ཚིག་འགའ། །སྨྲས་པའི་དགེ་བས་རིམ་གཉིས་མཐར་ཕྱིན་ཤོག །ཅེས་རྒྱུད་སྡེའི་རྣམ་པར་ཕྱེ་བ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི། མདོ་ཁམས་སྨད་པ། རྒྱལ་མཚན་སེང་གེ་ཞེས་བྱ་བས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། འཛིན་བྱེད་ཀྱི་ལོ། དབོའི་ཟླ་བ་ཉ་ཡོངས་སུ་གང་བའི་སྔ་དྲོའི་ཆ་ལ། དཔལ་མཚུར་ཕུའི་ཡང་དབེན། གནས་སྣང་རྒྱལ་བའི་རི་ཁྲོད་དུ་སྦྱར་བ་འདིས་ཀྱང༌། དཔལ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྲིད་རྩེའི་བར་དུ་སྒྲེང་བ་ལ་མཁས་པར་གྱུར་ཅིག།  །།མངྒ་ལཾ།།  །།བྷ་ཝ་ན་ཏུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*