ཐལ་འགྱུར་གྱི་འཕྲེང་བ་ངག་གི་དབང་པོའི་རྡོ་རྗེ། ཀ ༽

༼ན༽༄༅། །ཐལ་འགྱུར་གྱི་འཕྲེང་བ་ངག་གི་དབང་པོའི་རྡོ་རྗེ་ཞེས་བྱ་བ་བཞུགས་སོ།།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་ལ་རིགས་པ་དང་མི་རིགས་པའི་ཚུལ་རྣམ་པར་འབྱེད་པ་ངག་གི་དབང་པོའི་རྡོ་རྗེ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐལ་ངག་དབང་པོའི་རྡོ་རྗེ་ཁྲོས་པ་ལས། །ཚིག་གི་སྲུབ་ཤིང་འཛིན་པའི་དཔལ་ཡོན་གྱིས། །ཀུན་ནས་དྲེགས་པའི་གཞུ་རྒྱལ་དཔུང་ཚོགས་བཞི། །ཕྱེ་མར་འཐག་མཁས་ལྷག་པའི་ལྷ་དེས་སྐྱོངས། །སུན་འབྱིན་སྨྲ་བའི་ཁྱུ་མཆོག་རྒྱལ་མཚན་རྩེར། །ཞབས་བསྟེན་རྔུལ་གྱི་ཕྲེང་བས་གར་མཛད་ཅིང༌། །བློ་གསལ་དབང་པོ་སྟོང་གི་མགྲིན་པ་ལ། །རིགས་པའི་ལྕེ་བརྒྱ་རྩོལ་བའི་བླ་མ་རྣམས། །སྙིང་གི་པདྨར་གུས་པས་བསྟེན་བཞིན་དུ། །རྒྱ་ཆེན་ཤེས་བྱའི་གནས་རྣམས་མ་ལུས་པ། །རྣམ་དཔྱོད་རལ་པར་རིང་དུ་གོམས་པ་ལས། །རིགས་དང་རིགས་མིན་འབྱེད་པའི་མཐུ་གྲུབ་པས། །རང་བཟོས་སྒྲུབ་པའི་གཞན་གཞུང་འཇིག་མཁས་ཤིང༌། །དགོས་དཔྱོད་མེད་པར་ཞེན་པས་ལྷུར་ལེན་པའི། །རང་གཞུང་སྨྲ་ལ་འཛིན་པའི་སྐྱེ་བའི་ཚུལ། །སྟོན་བྱེད་རྣམ་འགྱུར་རྩེ་བརྒྱ་སྟོན་པ་འདིར། །ཕས་རྒོལ་དྲེགས་པའི་སྙིང་ལ་ཆེར་ཞུགས་ཀྱང༌། །དྲི་མེད་ལུང་གི་མིག་གིས་སྟོང་འཛིན་པའི། །ལེགས་པའི་དཔལ་ལས་གཞན་དུ་མ་གཡོས་ཕྱིར། །བློ་གསལ་དབང་པོའི་ངག་གི་རྡོ་རྗེ་ཡིན། །དེའི་རྒྱན་ཚིག་ལེའུར་བྱས་པ་དག་ཅེས་པར་བསྟན་བཅོས་འདི་ཡུམ་གསུམ་ཆར་གྱི་བརྒྱན་དུ་རྟོགས་པ་དེ་འགྲེལ་པ་འདིའི་དངོས་ཀྱི་དགོས་པ་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་དེ་མ་ཡིན་པར་ཐལ། །ཁྱོད་དང་འགྲེལ་པ་དོན་གསལ་ལ་མེད་ན་མི་འབྱུང་བའི་འབྲེལ་པ་མེད་པའི་ཕྱིར་ཏེ། དེ་མ་བརྩམས་པའི་སྔར་ཁྱོད་ཡོད་པའི་ཕྱིར་ཏེ། བྱམས་པ་དེ་ཁྱོད་ཡིན་པའི་ཕྱིར། ཡང་ན། འཕགས་པ་གྲོལ་སྡེ་དེ་ཁྱོད་ཡིན་པའི་ཕྱིར་ཏེ། མ་གྲུབ་ན། འཕགས་གྲོལ་ཆོས་ཅན། ཁྱོད་དེར་ཐལ། ཁྱོད་ཀྱིས་བསྟན་བཅོས་འདི་ཡུམ་བར་མའི་རྒྱན་དུ་རྟོགས། ཡུམ་གསུམ་ཆར་གྱི་བརྗོད་བྱ་མངོན་རྟོགས་ཀྱི་རིམ་པ་ལ་མི་འདྲའི་ཁྱད་པར་མ་གཟིགས་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཁྱད་པར་དེ་ཆོས་ཅན། ཁྱོད་ཡོད་པར་ཐལ། འཕགས་པའི་ཚད་མས་ཁྱོད་གཟིགས་པའི་ཕྱིར། དར་ཊཱིཀ་པ་གཞུང་འདིས། དཀོན་མཆོག་གསུམ་ཀ་སྐྱབས་འགྲོའི་ཡུལ་དུ་བསྟན་ཟེར། ཆོས་ཅན། ཁྱོད་ཀྱིས་དེ་མ་བསྟན་པར་ཐལ། ཁྱོད་ཀྱིས་དེ་དངོས་སུའང་མ་བསྟན་ཤུགས་ལའང་མ་བསྟན་པའི་ཕྱིར། དང་པོ་མ་གྲུབ་ན། དེས་དགེ་འདུན་ལ་སྐྱབས་འགྲོ་ཤུགས་ལ་བསྟན་པ་བུད། གཉིས་པ་མ་གྲུབ་ན། དེས་སངས་རྒྱས་ལ་སྐྱབས་འགྲོ་དངོས་སུ་བསྟན་པ་བུད། ཚིག་གོ །དོན་ལྟར་ན། གཞུང་ཤེར་ཕྱིན་ལ་ཕྱག་འཚལ་བའི་ངག་དེས་དཀོན་མཆོག་གསུམ་ཀ་སྐྱབས་འགྲོའི་ཡུལ་དུ་བསྟན་མི་ནུས་པར་ཐལ། སྤྱིར་ཕྱག་འཚལ་བའི་ངག་གིས་སྐྱབས་འགྲོའི་ངག་བསྟན་མི་ནུས། ནུས་ཀྱང་ཆོས་དཀོན་མཆོག་ལ་སྐྱབས་འགྲོ་བསྟན་པས། དཀོན་མཆོག་གསུམ་ཀ་ལ་སྐྱབས་འགྲོ་མི་གོ་བའི་ཕྱིར། དང་པོ་དེར་ཐལ། རབ་བྱུང་དང་བསྙེན་རྫོགས་ཀྱི་ཚེ། ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་ལན་གསུམ་བཙལ་ནས། དེའི་རྗེས་སུ་གསུམ་ལ་སྐྱབས་འགྲོ་ལན་གསུམ་བྱེད་དགོས་པའི་ཕྱིར། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་ཅེས་པར། རྣམ་བཤད་ལས། འདིར་བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་ནོ། །ཞེ་ན། དེ་མ་ཡིན་པར་ཐལ། ཐོགས་མེད་ཀྱིས་མདོ་དང་རྒྱན་མ་སྦྱར་བའི་ཕྱིར་ཏེ། ཤེར་འབྱུང་བློ་གྲོས་ཀྱིས་འཕགས་པ་དང་སློབ་དཔོན་དག་གིས་མངོན་པར་རྟོགས་པ་དང་སྦྱར་བ་ལ་མ་ལྟོས་པར་བཤད་པའི་ཕྱིར་ཞེས་དང༌། རྣམ་པར་རིག་པ་ཙམ་ལ་བརྟེན་པའི་ཕྱིར། ཞེས་དང༌། ཆོས་ཀྱི་བཤེས་གཉེན་གྱིས་འཕགས་པ་ཐོགས་མེད་དང༌། སློབ་དཔོན་དབྱིག་གཉེན་དག་གིས། མངོན་རྟོགས་བརྒྱད་དུ་ཕྱེ་བ་མེད་ཀྱི། དོན་གཞན་དུ་རྣམ་པར་རིག་པའི་གྲུབ་པའི་མཐར་རྒྱལ་བའི་ཡུམ་བཀྲོལ་ཏེ། ཞེས་གསུངས་པའི་ཕྱིར། དར་ཊཱིཀ་པ། ཐོགས་མེད་ཀྱི་ཡུམ་དོན་དབུ་མར་བཀྲོལ་ཏེ། རྒྱུད་བླའི་འགྲེལ་པ་བཞིན་ནོ། །ཞེས་ཟེར་བ་མི་རིགས་ཏེ། །ལུང་སྔ་མ་དང་འགལ་བའི་ཕྱིར། ཁོ་ན་རེ། ཐོགས་མེད་ཆོས་ཅན། ཡུམ་དོན་རྣམ་རིག་ཏུ་མ་བཀྲོལ་བར་ཐལ། ཁྱོད་དབུ་མ་པ་ཡིན་པའི་ཕྱིར། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། ཟེར་ན། བྱམས་པ་ཆོས་ཅན། མདོ་སྡེ་རྒྱན་རྣམ་རིག་དུ་མ་བཀྲོལ་བར་ཐལ། ཞེས་བྱའོ། །འཕགས་པའི་ཁོངས་སུ་གཏོགས་པ་ཡི་ཞེས་པར། དར་ཊཱིཀ་པ། མཐོང་ལམ་ཐོབ་པས་འཕགས་པའི་ཁོངས་སུ་གཏོགས་ཞེས་ཟེར། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྣམ་བཤད་ལས། འཕགས་པའི་ཁོངས་སུ་གཏོགས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པའི་ཕྱིར། ཅེས་གསུངས། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་འཕགས་པ་གྲོལ་སྡེ་ཆོས་ཅན། ཁྱོད་འཕགས་པ་ཡིན་ཏེ། ཁྱོད་ཀྱི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་གཞི་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། བྱ་བ་པ་དར་ཊཱིཀ་པས་གཞི་ཤེས་ཀྱི་ས་མཚམས་སུ་ཁས་གསུངས། འདོད་ན། ཤེས་བྱ་ཆོས་ཅན། ཚོགས་ལམ་ན་ལམ་ཤེས་ཡོད་པར་ཐལ། གཞི་ཤེས་ཡོད་པའི་ཕྱིར། འགའ་ཞིག་ཁོ་ན་མ་རྙེད་པ། ཞེས་པར། དབྱིག་གཉེན་གྱིས་མ་རྙེད་པའི་ལེགས་བཤད་སློབ་དཔོན་གྱིས་རྙེད་ཅེ་ན། དེ་ཆོས་ཅན། ཁྱོད་སློབ་དཔོན་གྱིས་མ་རྙེད་པར་ཐལ། ཁྱོད་དང་སློབ་དཔོན་གྱིས་མ་རྙེད་པའི་གཞི་མཐུན་གྲུབ་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། ཁྱོད་ཡིན་ན་སློབ་དཔོན་དང་དབྱིག་གཉེན་གྱིས་རྙེད་པས་མ་ཁྱབ་པའི་ཕྱིར། འཕགས་པ་བྱམས་པ་ཞེས་པའི་སྐབས་སུ། བོད་སྔ་མ་རྣམས་ན་རེ། བྱམས་པས་རྒྱན་རྩོམ་པའི་ཐོག་མར་བསྟོད་ཕྱག་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། རང་དོན་གྱི་དགོས་པ་དང༌། གཞན་དོན་གྱི་དགོས་པ་གཉིས་ཡོད་པའི་ཕྱིར། ཟེར། རྣམ་བཤད་ལས། དེ་ཆོས་ཅན། དེ་མིན་མི་འཐད་པར་ཐལ། རང་དོན་གྱི་དགོས་པ་མེད་པའི་ཕྱིར། རྟགས་གྲུབ་ཏེ། རྗེ་བཙུན་ལ་རང་དོན་དོན་དུ་གཉེར་བ་མེད་པའི་ཕྱིར། ཅེས་གསུངས། དར་ཊཱིཀ་པ་ན་རེ། རྗེ་བཙུན་བྱམས་པ་རྫོགས་པའི་སངས་རྒྱས་ཡིན་ནམ། བྱང་སེམས་ཡིན། དང་པོ་ལྟར་ན། དེ་འདིར་ཁས་ལེན་པ་མི་འཐད་དེ། དེ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པའི་ཕྱིར། གཉིས་པ་ལྟར་ན། བྱམས་པ་ཆོས་ཅན། རང་དོན་དོན་གཉེར་གྱི་བློ་ཡོད་པར་ཐལ། ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། ཆོས་སྐུ་ལ་རང་དོན་གྱི་སྐུའི་རྣམ་བཞག་བྱས་པའི་ཕྱིར། རྩ་བར་མ་གྲུབ་ན། ཐེག་ཆེན་གྱི་སེམས་བསྐྱེད་ཡོངས་སུ་རྫོགས་པ་མེད་པར་ཐལ། རང་དོན་ཆོས་སྐུ་ལ་དོན་གཉེར་མེད་པ་གང་ཞིག བྱང་སེམས་ཡིན་པའི་ཕྱིར། ཞེས་ཟེར། མི་འཐད་དེ། མཚན་ཉིད་ཐེག་པ་གཞིར་བཞག་ལ། བྱམས་པ་ཆོས་ཅན། རྫོགས་པའི་སངས་རྒྱས་སུ་ཐལ། འོག་མིན་དུ་ཆོས་སྐུ་མངོན་དུ་མཛད་ཟིན་པའི་ཕྱིར་ཏེ། དགའ་ལྡན་དུ་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བ་ཐོབ་པའི་ཕྱིར། ཁྱབ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བྱམས་པ་ཆོས་ཅན། སྔགས་ཀྱི་ལུགས་ལ་སངས་རྒྱས་ཡིན་པར་ཚད་མས་གྲུབ་པར་ཐལ། དེའི་ལུགས་ལ་སངས་རྒྱས་ཡིན་པའི་ཕྱིར། འདོད་ན་ཆོས་ཅན། མཚན་ཉིད་ཐེག་པའི་ལུགས་ལ་སངས་རྒྱས་མ་ཡིན་པར་ཚད་མས་གྲུབ་པར་ཐལ། དེའི་ལུགས་ལ་སངས་རྒྱས་མ་ཡིན་པའི་ཕྱིར། འདོད་ན་ཆོས་ཅན། འགལ་བ་ལ་མི་འཁྲུལ་པའི་ཚད་མ་ཡོད་པར་ཐལ། ཁྱོད་སངས་རྒྱས་ཡིན་པར་ཡང་ཚད་མས་གྲུབ་སངས་རྒྱས་མིན་པར་ཡང་ཚད་མས་གྲུབ་པའི་ཕྱིར། ཡང་ཕྱོགས་སྔའི་སྙིང་པོ་བསྡུས་ན། རྫོགས་པའི་སངས་རྒྱས་ཡིན་ན། རང་དོན་དོན་གཉེར་གྱི་བློ་མེད་པས་ཁྱབ་ཀྱང༌། རྗེ་བཙུན་བྱང་སེམས་ཡིན་པས་རང་དོན་དོན་གཉེར་ཡོད་ཅེས་པར་སོང་བས། ཤཱཀྱ་ཐུབ་པ་ཆོས་ཅན། རང་དོན་དོན་གཉེར་མེད་པར་ཐལ། དེའི་ཕྱིར། འདོད་ན་ཆོས་ཅན། དེར་ཐལ། ཆོས་སྐུ་དོན་གཉེར་ཡོད་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། རྫོགས་བྱང་དོན་གཉེར་གྱིས་བློ་ཡོད་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཡོད་པའི་ཕྱིར། གསུམ་ཆར་མཚན་ཉིད་དང་ས་མཚམས་སུའོ། །ཡང་བྱམས་པ་ཆོས་ཅན། རང་དོན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་པར་ཐལ། ཆོས་སྐུ་དེ་དེ་ཡིན་པའི་ཕྱིར། ཁྱབ་པ་ཁྱབ་སྒྲུབ་དང་བཅས་པ་ཁས་བླངས། རྟག་ཁས་བླངས། འདོད་ན། ཆོས་ཅན། གཞན་དོན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་པར་ཐལ། གཟུགས་སྐུ་མཐར་ཐུག་དེ་དེ་ཡིན་པའི་ཕྱིར། གསུམ་ཅར་ཁས་བླངས། ཡང་ཆོས་ཅན། རང་དོན་ཡིད་བྱེད་ཀྱི་བློ་ཡོད་པར་ཐལ། ཆོས་སྐུ་ཡིད་བྱེད་ཀྱི་བློ་ཡོད་པའི་ཕྱིར། རྟགས་ཁས་བླངས། གཞན་ཡང་ཁྱབ་སྒྲུབ་དེ་ཤེས་བྱ་སྒོག་གཏུན་མའི་རིགས་པས་སུན་དབྱུང་བར་བྱའོ། །འདིའི་རྗེས་འབྲང་ལ་ལ་ན་རེ། བྱམས་པ་ཆོས་ཅན། མཛད་པ་བཅུ་གཉིས་ཀྱི་དང་པོ་བསྟན་པར་ཐལ། དགའ་ལྡན་དུ་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་བསྟན་པའི་ཕྱིར། གལ་ཏེ་འདོད་ན། བསྟན་པ་གཅིག་ལ་སངས་རྒྱས་རྫས་གཞན་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་གཉིས་སྲིད་པར་ཐལ། དེའི་ཕྱིར་ལོ། །སྔ་མ་ལ་ཁྱབ་པ་མེད་པར་ཐལ། དགའ་ལྡན་གྱི་མཛད་པ་དེ་མཛད་པ་བཅུ་གཉིས་ཀྱི་དང་པོ་མ་ཡིན་ཏེ། བཅུ་གཉིས་པོ་འཛམ་བུ་གླིང་ཁོ་ནའི་དབང་དུ་བྱས་པའི་ཕྱིར། ཕྱི་མ་ལ་ཁྱབ་པ་མེད་པར་ཐལ། ས་བཅུ་པ་ལ་གནས་པའི་བྱང་སེམས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པའི་ཕྱིར། རྟགས་གྲུབ་ཏེ། ས་དང་པོ་ནས་རྫུ་འཕྲུལ་གྱི་མཐུས་བཅུ་གཉིས་ཀྱི་ཚུལ་སྟོན་པ་དང༌། བཅུ་པར་སྨོན་ལམ་གྱི་མཐུས་བཅུ་གཉིས་ཀྱི་ཚུལ་སྟོན་པར་མདོ་སྡེ་ལས་གསུངས་པའི་ཕྱིར་དང༌། དེ་ལ་དགོངས་ནས་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པར་བཤད་པའི་ཕྱིར། ས་དགུ་པའི་ཡོངས་སྦྱོང་དུའང་བཅུ་གཉིས་ཀྱི་ཚུལ་སྟོན་པར་བཤད་པའི་ཕྱིར། དེས་ན་བཅུ་གཉིས་ཀྱི་ཚུལ་སྟོན་པ་ལ་ཆོས་སྐུ་མངོན་དུ་མཛད་མི་དགོས་ལ། དགའ་ལྡན་དུ་དབང་བསྐུར་བ་ལ་ཆོས་སྐུ་མངོན་དུ་མཛད་དགོས་པར་བཤད་པའི་ཕྱིར། ཡང་ལ་ལ་ན་རེ། བྱམས་པ་ཆོས་ཅན། བྱང་སེམས་སུ་ཐལ། ཤེར་ཕྱིན་གྱི་མདོར་བྱང་སེམས་སུ་བཤད་པའི་ཕྱིར། ཞེ་ན། ཀུན་དགའ་བོ་ཆོས་ཅན། རྒྱུན་ཞུགས་ཡིན་པར་ཐལ། ཤེར་ཕྱིན་གྱི་མདོར་རྒྱུན་ཞུགས་སུ་བཤད་པའི་ཕྱིར། ཡང་བྱམས་པ་ཆོས་ཅན། སྔགས་ཀྱི་ལུགས་ལ་བྱང་སེམས་སུ་ཐལ། གསང་འདུས་སུ་བྱང་སེམས་སུ་བཤད་པའི་ཕྱིར་ཏེ། དེར་སེམས་དཔའ་བརྒྱད་ཀྱི་དབྱེ་བར་བཤད་པའི་ཕྱིར། ཡང་རྗེས་འབྲང་ལ་ལ་ན་རེ། མངོན་རྟོགས་རྒྱན་ཆོས་ཅན། བཀའ་ཡིན་པར་ཐལ། རྩོམ་པ་པོ་རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། འདོད་ན། བསྟན་བཅོས་མིན་པར་ཐལ་བ་དང༌། བཀའི་དགོངས་འགྲེལ་མིན་པར་ཐལ་ལོ། །ཞེས་ཟེར་ཞིང༌། ལ་ལ་ན་རེ། བསྟན་པ་གཅིག་ལ་སངས་རྒྱས་རྫས་གཞན་གཉིས་ཆོས་བསྟན་པ་འབྱུང་བར་ཐལ། ཞེས་ཟེར། རིམ་པ་ལྟར། ཤེར་ཕྱིན་གྱི་མདོ་ཆོས་ཅན། བསྟན་བཅོས་མ་ཡིན་པར་ཐལ། བཀའ་ཡིན་པའི་ཕྱིར། འདོད་ན། དེར་ཐལ། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད་ཅེས་པའི་འགྲེལ་པར་ཆོས་བཤེས་ཀྱིས་བསྟན་བཅོས་ནི་རྒྱས་འབྲིང་བསྡུས་གསུམ་མོ་ཞེས་གསུངས་པའི་ཕྱིར་དང༌། འདུལ་བ་ལུང་ལས། རྒྱལ་བ་སྟོན་པ་དེའི་བསྟན་པ་ནི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །བསྟན་དང་བསྟན་བཅོས་དངོས་ཡིན་དེའི་ཕྱིར། །ཞེས་པའི་ཕྱིར། ལུང་སྡེ་བཞི་ཆོས་ཅན། བཀའི་དགོངས་འགྲེལ་མིན་པར་ཐལ། བཀའ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་མི་ནུས་ཏེ། སོ་ཐར་གྱི་མདོའི་དགོངས་འགྲེལ་ཡིན་པའི་ཕྱིར། གཞན་ཡང་བཤད་རྒྱུད་ཐམས་ཅད་ཆོས་ཅན། དེར་ཐལ། དེའི་ཕྱིར། བསྟན་པ་གཅིག་ལ་སངས་རྒྱས་རྫས་གཞན་གཉིས་བསྟན་པ་ཅིག་ཆར་དུ་འབྱུང་བར་ཐལ། དུས་འཁོར་བསྡུས་རྒྱུད་གསུངས་པ་པོ་ཤཱཀྱ་ཐུབ་པ་ལས་གཞན་པའི་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་བསལ་ཁས་བླངས། ཉན་ཐོས་ནི་བཞེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་དང་ཡུམ་གྱི་མཚན་ཉིད་དུའོ། །དང་པོ་ལ། དར་ཊཱིཀ་པ། མཆོད་བརྗོད་དང་གླེང་གཞི་སྦྱོར་བ་མི་འཐད་དེ། འཕགས་སེང་གཉིས་ཀས་མ་སྦྱར་ཞིང༌། སློབ་དཔོན་གྱིས་གླེང་གཞིའི་བཤད་པ་སྐབས་གཞན་དུ་མཛད་པའི་ཕྱིར། ཞེས་ཟེར། འོ་ན། དངོས་པོ་དྲུག་ཏུ་བཤད་པ་དང༌། གསུམ་དུ་བཤད་པ་གཉིས་ཀྱང་ཡུམ་གྱི་མདོ་དང་སྦྱོར་བ་མི་འཐད་པར་ཐལ། འཕགས་སེང་གཉིས་ཀས་མ་སྦྱར་ཞིང༌། སློབ་དཔོན་གྱིས་མདོའི་བཤད་པ་སྐབས་གཞན་དུ་མཛད་པའི་ཕྱིར། རྒྱས་པར་ནི་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱའོ། །ཞེས་མདོ་དང་སྦྱོར་དགོས་པ་བཤད་པའི་ཕྱིར། གཞན་ཡང༌། ལུས་རྣམ་གཞག་ཀྱང་ཡུམ་གསུམ་ཆར་གྱི་མདོ་དང་སྦྱོར་བ་མི་འཐད་པར་ཐལ། འཕགས་སེང་གཉིས་མ་སྦྱར་ཞིང༌། སློབ་དཔོན་གྱིས་མདོའི་བཤད་པ་སྐབས་གཞན་དུ་མཛད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་རྣམ་པར་བཤད་པས་བཤད་པར་བསམས་ཏེ་ཞེས་བྱ་བའི་ཕྱིར། གཞན་ཡང་མཆོད་བརྗོད་ཀྱིས་མདོའི་དོན་མ་སྟོན་པའམ་སྟོན་ཀྱང་གླེང་གཞི་དང་མི་སྦྱོར་བ་གང་ཡིན། དང་པོ་ལྟར་ན་མཆོད་བརྗོད་ཀྱིས་བཤད་པའི་མངོན་རྟོགས་ཀྱི་རིམ་པའི་དོན་དེ། ཡུམ་གྱི་མདོས་མ་བཤད་པའི་མངོན་རྟོགས་ཀྱི་རིམ་པར་ཐལ། མངོན་རྟོགས་ཀྱི་རིམ་པ་གང་ཞིག ཁྱོད་འཆད་བྱེད་ཀྱི་གཞུང་གིས་ཤེར་ཕྱིན་གྱི་མདོའི་དོན་མི་སྟོན་པའི་ཕྱིར། རྟགས་ཁས་བླངས། གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། མཆོད་བརྗོད་ཀྱི་བཤད་བྱའི་ཡུམ་ཡོད་པར་ཁས་ལེན་དགོས་པས་དེ་དང་གླེང་གཞི་སྦྱོར་བ་མི་འཐད་པར་ཐལ། འཕགས་སེང་གིས་མ་སྦྱར་ཞིང༌། འཕངས་སེང་གཉིས་མདོའི་དེའི་བཤད་པ་སྐབས་གཞན་དུ་མཛད་པའི་ཕྱིར་རོ། །གསུམ་ཅར། གཞན་ཡང་རྒྱན་འདིར་ཡུམ་གྱི་གླེང་གཞིའི་དོན་སྟོན་བྱེད་གཅིག་ཡོད་དམ་མེད། ཡོད་ན། ཤེས་བྱ་ཆོས་ཅན། གླེང་གཞིའི་དོན་སྟོན་བྱེད་ཀྱི་རྒྱན་གཞུང་དེ་དང་གླེང་གཞི་སྦྱར་བ་མི་འཐད་པར་ཐལ། འཕགས་སེང་གཉིས་ཀྱིས་མ་སྦྱར་ཞིང༌། སློབ་དཔོན་གྱིས་གླེང་གཞིའི་བཤད་པ་སྐབས་གཞན་དུ་མཛད་པའི་ཕྱིར། གསུམ་ཅར། གཉིས་པ་ལྟར་ན། ཡུམ་གྱི་གླེང་གཞི་ནས་བཤད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཆོས་ཅན། ཁྱོད་རྒྱན་གྱིས་མ་བསྡུས་པར་ཐལ། རྒྱན་ན་ཁྱོད་སྟོན་བྱེད་ཀྱི་གཞུང་མེད་པའི་ཕྱིར། འདོད་ན་མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ཀྱིས་ཡུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་མཐའ་དག་མ་བསྡུས་པར་ཐལ། ཡུམ་གྱི་གླེང་གཞི་ནས་བཤད་པའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་མ་བསྡུས་པའི་ཕྱིར། རྩ་བར་མ་གྲུབ་ན་ཁས་བླངས་ཤིང་དེར་ཐལ། རྒྱན་གཞུང་གང་དང་ཡང་ཁྱོད་སྦྱོར་བ་མི་འཐད་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང་དེར་ཐལ། འཕངས་སེང་གཉིས་ཀས་མ་སྦྱར་བའི་ཕྱིར་རོ། །འདིའི་རྗེས་འབྲང་ལ་ལ་ན་རེ། གླེང་གཞི་དང་དགོས་འབྲེལ་སྦྱོར་བ་ཡིན་ནོ་ཟེར། དོན་ལ་མི་འགལ་མོད། ཁས་བླངས་འགལ་ཏེ། འཕགས་སེང་གཉིས་ཀས་མ་སྦྱར་བའི་ཕྱིར། ཅིས་ཏེ་སློབ་དཔོན་གྱིས་སྦྱོར་ཞེ་ན། དེ་ལྟར་ན་འགྲེལ་ཆེན་དུ་སྦྱར་བར་ཁས་ལེན་དགོས་ཏེ། དེས་དེ་ལས་གཞན་གང་དུའང་མ་སྦྱར་བའི་ཕྱིར། འདོད་ན་མི་འཐད་དེ། འགྲེལ་ཆེན་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་ཀྱི་ངག་འདི་མདོ་བརྒྱད་སྟོང་པ་བརྩམས་པའི་དགོས་པ་སྟོན་བྱེད་དུ་བཤད་ཀྱི། གླེང་གཞིའི་དོན་སྟོན་བྱེད་དུ་མ་བཤད་པའི་ཕྱིར། རྣམ་བཤད་ཀྱི་རྗེས་འབྲང་འགའ་ཞིག་ན་རེ། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་ལྔ་སྟོང་ཙམ་གྱིས་བསྐོར་ཏེ། ཞེས་པའི་དོན་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པས་སྟོན་པ་ཡིན་ནོ་ཞེས་ཟེར། འོ་ན་ཤེས་བྱ་ཆོས་ཅན། མདོ་དང་མཆོད་བརྗོད་ཀྱི་ཉན་ཐོས་གཉིས་པོ་དེ་དོན་གཅིག་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མི་གཅིག་པར་ཐལ། མདོས་བཤད་པའི་ཉན་ཐོས་དེ་ནི་ཕལ་ཆེར་དགྲ་བཅོམ་པ་ཡིན་ལ། མཆོད་བརྗོད་ནས་བཤད་པའི་དེ་ཡིན་ན་ཕལ་ཆེར་ཞི་བ་འཚོལ་བས་ཁྱབ་པའི་ཕྱིར། གཞན་ཡང་གླེང་གཞི་ནས་བཤད་པའི་ཉན་ཐོས་ཀྱི་དགེ་སློང་དེས་རང་སངས་རྒྱས་མཚོན་པར་ཐལ། གཉིས་པོ་དོན་གཅིག་པའི་ཕྱིར། འདོད་ན་མི་འདྲ་བར་ཐལ། བཅོམ་ལྡན་འདས་ཤེར་ཕྱིན་གསུངས་པའི་འཁོར་གྱི་དགེ་སློང་ལ་ཡང་རང་སངས་རྒྱས་མེད་པའི་ཕྱིར། ཡང་ཡུམ་གྱི་ཐུན་མོང་མིན་པའི་གླེང་གཞི་དང་གང་དང་ཡང་དག་ལྡན་པའི་ཐུབ་རྣམས་ཞེས་པ་མི་འཐད་པར་ཐལ། ཐུན་མོང་མིན་པའི་གླེང་གཞིས་ནི་ཆོ་འཕྲུལ་གསུམ་གྱི་སྒོ་ནས་ཡུམ་གྱི་མདོར་གསུམ་ཚུལ་སྟོན་པ་ཡིན་ལ། གཞུང་འདིས་ནི་བདག་རྐྱེན་རྣམ་མཁྱེན་ལ་བརྟེན་ནས་ཆོས་འཁོར་བསྐོར་ཚུལ་སྟོན་པའི་ཕྱིར། ཕྱི་མ་གྲུབ་སྟེ། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ་ཞེས་པའི་ཕྱིར། མཆོད་བརྗོད་ཀྱི་གོ་རིམ་ལ། རྣམ་བཤད་ལས་ཉན་ཐོས་ཀྱི་རིགས་ཅན་ཐེག་པ་གསུམ་ལ་རིམ་གྱིས་གཞུག་པའི་ཆེད་ཡིན་ཞེས་གསུང་ལ། དར་ཊཱིཀ་པ་ན་རེ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བསྟན་བཅོས་འདི་ཆོས་ཅན། ཐེག་ཆེན་ཐུན་མོང་མིན་པའི་བསྟན་བཅོས་མ་ཡིན་པར་ཐལ། དེའི་ཕྱིར། ཞེས་ཟེར་མགོ་མཚུངས་དང་རྒལ་ལན་གཉིས། དང་པོ་ནི། བསྟན་བཅོས་འདི་ཆོས་ཅན། ཐེག་ཆེན་ཐུན་མོང་མིན་པའི་བསྟན་བཅོས་མ་ཡིན་པར་ཐལ། ཁྱོད་ཀྱིས་རྗེས་སུ་གཟུང་རྒྱུའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ཡོད་པའི་ཕྱིར། རྟགས་ཁས་བླངས་ཤིང༌། མ་གྲུབ་ན། དེར་ཐལ། ཟབ་མོའི་སྣོད་དུ་མ་གྱུར་པའི་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་ཁྱོད་ལས་ཉན་ཐོས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་པའི་ཚུལ་གསུངས་པའི་ཕྱིར། རྟགས་དངོས། གཉིས་པ་ནི། ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ཡོད་ན་ཐེག་ཆེན་ཐུན་མོང་མིན་པའི་བསྟན་བཅོས་མིན་མི་དགོས་ཏེ། དེ་ཡོད་ན་དེ་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཁྲིད་པའི་ཐབས་སྟོན་ནས་མྱ་ངན་ལས་འདའ་བའི་ཕྱིར་ཏེ། གནས་སྐབས་ཉན་ཐོས་སུ་རིགས་ངེས་པ་འགའ་ཞིག་ཉན་ཐོས་ཀྱི་མྱང་འདས་མི་ལྟུང་བར་ཐེག་ཆེན་གྱི་བྱང་ཆུབ་ཏུ་ཁྲིད་པའི་ཐབས་སྟོན་པ་ཡང་ཡིན། ཐེག་ཆེན་ཐུན་མོང་མིན་པའི་བསྟན་བཅོས་ཀྱང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། སྤྱོད་འཇུག་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། གཞན་ཡང་ཡུམ་གྱི་མདོ་ཆོས་ཅན། ཐུན་མོང་མིན་པའི་མདོ་མིན་པར་ཐལ། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དེར་ཐལ། རབ་འབྱོར་དང་ཤཱ་རིའི་བུ་སོགས་ཡོད་པའི་ཕྱིར། དེ་དག་སྤྲུལ་པའི་ཉན་ཐོས་ཡིན་གྱི་དོན་བྱང་སེམས་ཡིན་ཞེ་ན། འོ་ན། ཤཱ་རིའི་བུ་སོགས་ཆོས་ཅན། གླེང་གཞིར་བྱང་སེམས་ཀྱི་འཁོར་ལས་ལོགས་སུ་ཁྱོད་སྨོས་པ་མི་འཐད་པར་ཐལ། ཁྱོད་བྱང་སེམས་ཡིན་པའི་ཕྱིར། གཞན་ཡང་ཁྱོད་ཀྱི་ཐལ་ངག་གི་སྙིང་པོ་དྲིལ་ན་མཆོད་བརྗོད་ངག་གི་གདུལ་བྱ་ཉན་ཐོས་ཡོད་ན་བསྟན་བཅོས་འདིའི་གདུལ་བྱ་ཉན་ཐོས་ཡོད་དགོས། དེ་ཡོད་ན་བསྟན་བཅོས་འདི་ཐེག་པ་ཐུན་མོང་པའི་བསྟན་བཅོས་ཡིན་ཞེས་ཟེར་དགོས་པས། རིམ་པ་ལྟར་ཁས་བླངས་འགལ་བར་སྟོན་པ་ནི། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱས་འདི་ནས་བཤད་པའི་ལམ་ཉམས་སུ་བླངས་པས་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱས་པ་གཅིག་ཡོད་པར་ཐལ། མཆོད་བརྗོད་ངག་གི་གདུལ་བྱ་དེ་ཡོད་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང་དེར་ཐལ། མཆོད་བརྗོད་ངག་གི་གདུལ་བྱས་མཆོད་བརྗོད་ནས་བཤད་པའི་གཞི་ཤེས་རྒྱུད་ལ་བསྐྱེད་ནས་མངོན་དུ་བྱས་པ་ཡོད་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང་དེར་ཐལ། ངག་གི་གདུལ་བྱས་དེ་ནས་བཤད་པའི་གཞི་ཤེས་རྒྱུད་ལ་བསྐྱེད་པ་སྲིད། དེ་ནས་བསྟན་པའི་གཞི་ཤེས་དེ་ཉེར་ཞི་གཉིས་སུ་ཁྲིད་བྱེད་ཡིན་པའི་ཕྱིར། རྟགས་ཊཱི་ཀར་ཁས་བླངས་སོ། །རྩ་བར་འདོད་ན་ཁས་བླངས་ཤིང༌། བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཡོད་པར་ཐལ། འདོད་པའི་ཕྱིར་རོ། །ཡང་བསྟན་བཅོས་འདི་ཐེག་པ་ཐུན་མོང་བའི་བསྟན་བཅོས་སུ་ཐལ། ཁྱོད་ཀྱི་ཆེད་དུ་བྱ་བའི་ཉན་ཐོས་ཡོད་པའི་ཕྱིར། ཁྱབ་བསལ་དངོས། མ་གྲུབ་ན། ཁས་བླངས། འདོད་ན་དེར་ཐལ། རྟོགས་སླ་བརྟུལ་པོས་རྟོགས་དཀར་བཞེད་ཅེས་པའི་སྐབས་ནས་བསྟན་པའི་བྱང་སེམས་ཚོགས་ལམ་པ་དབང་རྟུལ་ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པ་གང་ཞིག དེའང་ཡིན་ཉན་ཐོས་ཀྱི་རིགས་ཅན་ཡང་ཡིན་པའི་གཞི་མཐུན་ཡིན་པའི་ཕྱིར། སྔ་མ་ཊཱི་ཀར་དངོས་འགལ། ཕྱི་མ་དེར་ཐལ། དེ་ཡང་ཡིན། རྫོགས་བྱང་ལས་ཕྱིར་ལྡོག་པར་ངེས་པ་ཡང་ཡིན་པའི་བཞི་མཐུན་ཡིན་པའི་ཕྱིར། ཡང་དར་ཊཱིཀ་པ་རང་ལུགས་འཇོག་པ་ན། སྐྱེས་བུ་ཆེན་པོའི་བསམ་པ་རྒྱུད་ལ་བསྐྱེད་པ་ལ་སྐྱེས་བུ་འབྲིང་གི་བསམ་པ་བསྐྱེད་པ་སྔོན་དུ་འགྲོ་དགོས་པས་ཐོག་མར་གཞི་ཤེས་ལ་བསྟོད་ཅེས་ཟེར། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་སྐྱེས་བུ་འབྲིང་གི་རིགས་ཅན་ཡོད་པར་ཐལ། དེའི་ཕྱིར། གསུམ་ཅར་ཁས་བླངས། འདོད་ན། བསྟན་བཅོས་འདི་ཐེག་པ་ཐུན་མོང་གི་བསྟན་བཅོས་སུ་ཐལ། དེའི་ཕྱིར། གསུམ་ཅར། ཁོ་ན་རེ། སྐྱེས་བུ་འབྲིང་ཡིན་ན། ཉན་ཐོས་ཀྱི་རིགས་ཅན་ཡིན་མི་དགོས་པའི་ཕྱིར། ཅེ་ན། ཡང་འགལ་ཏེ། ཤེས་བྱ་ཆོས་ཅན། དེ་ཡིན་དགོས་པར་ཐལ། སྐྱེས་བུ་འབྲིང་གི་རྟོགས་རིགས་ཡིན་ན། ཉན་ཐོས་ཀྱི་རྟོགས་རིགས་ཡིན་དགོས་པའི་ཕྱིར། རྟགས་ཁས་བླངས་ཤིང༌། དེར་ཐལ། གཞི་ཤེས་ཡིན་ན་དེ་ཡིན་དགོས་པའི་ཕྱིར། རྟགས་ཊཱི་ཀར་དངོས་འགལ། གཉིས་པ་མཚན་ཉིད་ལ་རྣམ་བཤད་ཀྱི་རྗེས་འབྲངས་ལ་ལ་ན་རེ། རང་སྲས་འཕགས་པའི་བཞེད་དོན་སྒྲུབ་ནུས་ཀྱི་མཁྱེན་པ་དེ། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གྱི་མཚན་ཉིད། ཞེས་ཟེར་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་སྲས་ཉན་ཐོས་མཐོང་ལམ་པའི་བཞེད་དོན་གྲུབ་ནུས་ཀྱི་མཁྱེན་པ་ཡིན་པའི་ཕྱིར་ཏེ། དེ་ཉེར་ཞི་གཉིས་སུ་འཁྲིད་ནུས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། གཞི་ལམ་རྣམ་གསུམ་གང་རུང་བདེན་པའི་སྐྱེ་མེད་དུ་ཤེས་པར་ཐལ། དེའི་ཕྱིར། ཁྱབ་པ་ཊཱི་ཀར་ཁས་བླངས་ཏེ། ཚིགས་སུ་བཅད་པའི་དོན་གྱིས་མཚན་ཉིད་ཀྱི་ཡུམ་གཞི་དང་ལམ་དང་རྣམ་པ་སྐྱེ་བ་མེད་པ་ཡོངས་སུ་ཤེས་པའི་ཞེས་སོགས་གསུངས་པའི་ཕྱིར། བསལ་བའང་ཁས་བླངས་ཏེ། ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པའི་ཕྱིར། ཡང་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། རང་སྲས་ཉན་རང་འཕགས་པའི་བཞེད་དོན་བསྒྲུབ་ནུས་སུ་ཐལ། མཆོད་བརྗོད་ཡུལ་དུ་གྱུར་པའི་གཞི་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཊཱི་ཀར་ཁས་བླངས། རྩ་བར་འདོད་ན། ཉེར་ཞི་གཉིས་སུ་འཁྲིད་བྱེད་དུ་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་རང་རྒྱུད་པའི་ལམ་དུ་ཐལ། དེའི་ཕྱིར། གསུམ་ཆར། སེམས་ཀྱི་སྤྱི་དོན་དུ་ཁས་བླངས། དར་ཊཱིཀ་པ་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གྱི་རང་ལྡོག་ཡིན་ན། བདག་མེད་རྟོགས་པས་ཁྱབ་ལ། མཁྱེན་གསུམ་གང་རུང་ཡིན་ན་བདག་མེད་རྟོགས་པས་མ་ཁྱབ་ཞེས་ཟེར། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན་ཁྱོད་ཀྱིས་དེ་མ་རྟོགས་པར་ཐལ། ཁྱོད་དང་དེ་མ་རྟོགས་པའི་གཞི་མཐུན་གྲུབ་པའི་ཕྱིར། རྟགས་བསལ་ཁས་བླངས། ཡང་ཁ་ཅིག་ན་རེ། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ཡིན་ན་འཕགས་པའི་མངོན་རྟོགས་ཡིན་པས་ཁྱབ་ཟེར་ན། རྣམ་རྫོགས་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་དེར་ཐལ། མངོན་རྟོགས་བརྒྱད་ཀ་དེའི་ཕྱིར། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། ཞེས་བྱ་བའི་ཕྱིར། ཡང་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ཡིན་ན། མཁྱེན་པ་ཡིན་དགོས་ཟེར་ན། འབྲས་བུ་ཆོས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ངོ་བོ་ཉིད་སྐུ་དེ་ཁྱོད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་ཡིན་ཏེ། མཆོད་བརྗོད་ངག་གི་གདུལ་བྱ་གུས་པ་བསྐྱེད་པའི་ཡུམ་ཡིན་ཕྱིར་ཏེ། དེ་དང་དེ་ལ་བརྟེན་པའི་གསུང་རབ་ལ་ཞེས་བྱ་བའི་ཕྱིར་ཞེས་ཟེར་རོ། །སངས་རྒྱས་འཕགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གང་ཟག་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། བཅོམ་ལྡན་འདས་ཡིན་པའི་ཕྱིར། འདིས་ནི་འདིའི་ཆེ་བའི་ཞེས་སོགས་ཀྱི་སྐབས་སུ། གཞུང་འདིར་མཆོད་བརྗོད་ཀྱི་བསྡུས་དོན་བསྟན་ཞེས་ཟེར། ཤེས་བྱ་ཆོས་ཅན། མཆོད་བརྗོད་ཀྱི་དགོས་དོན་གྱི་གོང་དུ་བསྡུས་དོན་འཆད་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། བསྡུས་དོན་གྱི་གོང་དུ་དགོས་དོན་བསྟན་པར་རིགས་པའི་ཕྱིར་ཏེ། རྣམ་བཤད་རིགས་པ་ལས། ཐོག་མར་དགོས་པ་བརྗོད་པར་བྱ་ཞེས་བྱ་བའི་ཕྱིར། གཅིག་དང་དུ་མའི། ཞེས་སོགས་ཀྱི་སྐབས་སུ། གཞི་ལམ་རྣམ་གསུམ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་ཏུ་ཡང་མ་གྲུབ། བདེན་པའི་དུ་མར་ཡང་མ་གྲུབ། ཞེས་ཟེར་ན། བདེན་པའི་གཅིག་དང་དུ་བྲལ་དེ་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། དེ་ལྟར་སྒྲུབ་པའི་མཐུན་དཔེ་མེད་པའི་ཕྱིར་ཏེ། གཞི་ལམ་རྣམ་གསུམ་ལས་མ་གཏོགས་པའི་ཤེས་བྱ་མེད་པའི་ཕྱིར། ཡང་མྱུ་གུ་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་བྲལ་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ཞེས་ཟེར་ན། འོ་ན་གཟུགས་བརྙན་དེ་མྱུ་གུ་བདེན་མེད་དུ་བསྒྲུབ་པའི་མཐུན་དཔེ་ཡང་དག་དུ་ཐལ། སྦྱོར་བ་དེ་འཐད་ལྡན་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། གཟུགས་བརྙན་བདེན་མེད་དུ་རྟོགས་པའི་གང་ཟག་ཀྱང་ཡིན། བདེན་མེད་མ་རྟོགས་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མེད་པར་ཐལ། གཟུགས་བརྙན་བདེན་མེད་དུ་རྟོགས་ན་བདེན་མེད་རྟོགས་དགོས་པའི་ཕྱིར། མ་གྲུབ་ན་གཟུགས་བརྙན་ཆོས་ཅན། ཁྱོད་བདེན་མེད་དུ་རྟོགས་ན། བདེན་མེད་རྟོགས་དགོས་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། བདེན་པའི་གཅིག་དུ་བྲལ་རྟོགས་པ་ཡང་ཡིན། བདེན་མེད་མ་རྟོགས་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། བདེན་པའི་གཅིག་དང་དུ་བྲལ་དེ་མྱུ་གུ་བདེན་མེད་དུ་སྒྲུབ་པའི་རྟགས་ཡིན་པའི་ཕྱིར། འདོད་ན། མེད་པར་ཐལ། བདེན་པའི་གཅིག་དང་དུ་བྲལ་རྟོགས་ན་བདེན་མེད་ཀྱི་དོན་རྟོགས་དགོས་པའི་ཕྱིར། གཏན་ཚིགས་འདིའི་བསྒྲུབ་བྱའི་ཆོས་ཀྱི་དོན་ལ་རྣམ་བཤད་ལས་བདེན་པ་བཀག་ཙམ་དེ་བསྒྲུབ་བྱའི་ཆོས་ཡིན་ཞེས་གསུང༌། མྱུ་གུ་བདེན་པ་བཀག་ཙམ་གྱི་མེད་དགག་དེ་མྱུ་གུ་བདེན་མེད་རྟོགས་པའི་རིགས་ཤེས་རྗེས་དཔག་གི་ཡུལ་དུ་ཐལ། མྱུ་གུ་བདེན་མེད་དེ་གཏན་ཚིགས་འདིའི་དངོས་ཀྱི་སྒྲུབ་བྱ་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། མྱུ་གུ་བདེན་པར་མེད་པའི་མེད་དགག་དེ་མྱུ་གུ་བདེན་མེད་དུ་རྟོགས་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཀྱི་དངོས་ཡུལ་དུ་ཐལ། འདོད་པའི་ཕྱིར། འདོད་ན་མིན་པར་ཐལ། བདེན་པ་བཀག་ཙམ་གི་མེད་དགག་ཉིད་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་དམིགས་པ་ཡིན་པ་དང༌། བདེན་སྟོང་གི་སྣང་བ་སྒྱུ་མ་ལྟ་བུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་དམིགས་པར་འདོད་པ་གཉིས་ཀྱི་ནང་ནས་ཕྱི་མ་ཁོ་ན་རིགས་པའི་ཕྱིར། རྟགས་རང་རང་ངོ་བོས་སྟོང་པའི་ཕྱིར་ཞེས་པའི་ཐད་ཀྱི་རྣམ་བཤད་དུ་ཁས་བླངས་སོ། །འདིར་དགག་བྱའི་ཚད་ལ། དར་ཊཱིཀ་པ་ན་རེ། སློབ་དཔོན་འདིའི་བཞེད་པ་ལ། རྟོག་པས་སྒྲོ་འདོགས་པ་ཙམ་མིན་པར་ཡུལ་རང་གི་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་སྒོ་ནས་གྲུབ་པ་དེ། བདེན་ཚད་ཡིན་ནོ་ཞེས་ཟེར། ཁྱོད་ལ་ཁས་བླངས་ནང་འགལ་ཡོད་དེ། སློབ་དཔོན་ཆོས་ཅན། བདེན་གྲུབ་ཞལ་གྱིས་བཞེས་པར་ཐལ། རྟོག་པས་སྒྲོ་འདོགས་པ་ཙམ་མ་ཡིན་པ་ཡུལ་རང་གི་མཐུན་མོང་མིན་པའི་སྡོད་ལུགས་ཀྱི་སྒོ་ནས་གྲུབ་པ་ཞལ་གྱིས་བཞེས་པའི་ཕྱིར། ཁྱབ་བསལ་ཁས་བླངས་ཤིང༌། དེར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པའི་ཕྱིར། ཁྱབ་པ་གྲུབ་མཐའ་ལ་ཁས་བླངས། རྟགས་ཁས་བླངས་ཤིང༌། རྟགས་དེར་ཐལ། རང་མཚན་ཁས་ལེན་པའི་ཕྱིར། ཁྱབ་པ་གྲུབ་མཐའ་ལ་ཁས་བླངས། དེར་ཐལ། དབུ་མ་རང་རྒྱུད་པ་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེའི་ཕྱིར། བཅོམ་ལྡན་འདས་མ་ལ། ཞེས་སོགས་ཀྱི་སྐབས་སུ། བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ཏེ། དེའི་ཐོག་མའི་བྱེད་རྒྱུ་ཡིན་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། བྱེད་རྒྱུ་ཡིན་ན་རྒྱུའི་གཙོ་བོ་ཡིན་དགོས་པར་ཐལ། སྦྱོར་བ་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ་ཁྱོད་དངོས་པོའི་བྱེད་རྒྱུ་ཡིན་པའི་ཕྱིར་ཏེ། དངོས་པོ་ལས་ཐ་དད་དངོས་པོ་སྐྱེ་བ་ལ་གེགས་མ་བྱས་པའི་ཕྱིར། ཁྱབ་ཏེ་མཛོད་ལས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བྱ་བའི་ཕྱིར། དེ་འདིར་ཁས་མི་ལེན་ནོ་ཞེ་ན། འོ་ན་བུ་བྱེད་རྒྱུ་ཁས་མི་ལེན་པར་མཚུངས་སོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི། ཞེས་སོགས་ཀྱི་སྐབས་སུ། རྗེ་བཙུན་བྱམས་པ་ཆོས་ཅན། མཁྱེན་གསུམ་ལ་བསྟོད་པས་མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་འགྱུར་ཏེ། དེར་མངོན་རྟོགས་བརྒྱད་ཀ་བསྡུས་པའི་ཕྱིར། ཟེར་ན། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་སོགས་ཆོས་ཅན། མངོན་པར་རྟོགས་པ་བརྒྱད་ཀ་ལ་བསྟོད་པར་ཐལ། མཁྱེན་གསུམ་ལ་བསྟོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མིན་པར་ཐལ། དེ་ལ་དངོས་སུའང་མ་བསྟོད། ཤུགས་ལའང་མ་བསྟོད་པའི་ཕྱིར། དང་པོ་མ་གྲུབ་ན། སྦྱོར་བཞི་ལ་དངོས་སུ་བསྟོད་པར་ཐལ། བརྒྱད་ཀ་ལ་དངོས་སུ་བསྟོད་པའི་ཕྱིར། ཕྱི་མ་མ་གྲུབ་ན། མཁྱེན་གསུམ་ལ་ཤུགས་ལ་བསྟོད་པར་ཐལ། བརྒྱད་ཀ་ལ་ཤུགས་ལ་བསྟོད་པའི་ཕྱིར། གཞན་ཡང་མཁྱེན་གསུམ་གྱི་ཡོན་ཏན་ཞེས་བརྗོད་པའི་སྒྲ་ཆོས། མངོན་རྟོགས་བརྒྱད་ཀའི་ཡོན་ཏན་བརྗོད་པར་ཐལ། མཁྱེན་གསུམ་གྱི་ཡོན་ཏན་བརྗོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མཁྱེན་གསུམ་གྱི་ཡོན་ཏན་ཆོས་ཅན། ཁྱོད་ཞེས་བརྗོད་པའི་སྒྲས། སྦྱོར་བཞིའི་ཡོན་ཏན་མ་བརྗོད་པར་ཐལ། ཁྱོད་ཞེས་བརྗོད་པའི་སྒྲ་དེ་སེལ་འཇུག་ཡིན་པའི་ཕྱིར་ཏེ། རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར། གཞན་ཡང་མངོན་པར་རྟོགས་པ་བརྒྱད་པོ་གང་རུང་མཁྱེན་གསུམ་གྱིས་བསྡུས་པར་ཐལ། བརྒྱད་ཀ་དེས་བསྡུས་པའི་ཕྱིར། འདོད་ན། དེ་གང་རུང་ཆོས་ཅན། དེས་མ་བསྡུས་པར་ཐལ། དེ་དང་མ་འབྲེལ་བའི་ཕྱིར། དེར་ཐལ་དེ་ཁེགས་ན་ཁྱོད་ཁེགས་མི་དགོས་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཚོགས་སྦྱོར་ན་བརྒྱད་པོ་གང་རུང་ཁེགས་པར་ཐལ། དེ་ན་གསུམ་པོ་ཁེགས་པའི་ཕྱིར། གསུམ་གྱིས་བརྒྱད་བསྡུས་ཚུལ་དྲིས་པས། རྣམ་བཤད་ལས། འཕགས་པའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བྱས་པ་དེ་མཁྱེན་གསུམ་ཙམ་གྱིས་བསྡུས་ཞེས་གསུང༌། འོ་ན་ཤེས་བྱ་ཆོས་ཅན། བསྡུས་བྱའི་གཞི་ཤེས་དེ་ཉན་རང་གཞི་ཤེས་ལ་བྱེད་རིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་མི་རིགས་ཏེ། དེ་དངོས་པོ་བརྒྱད་ཀྱི་ཟླས་ཕྱེ་བའི་གཞི་ཤེས་དེ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཡིན་ན། གཞིའི་གནས་ཚུལ་ལ་ཞེན་སྤྱོད་བཀག་ནས་སྒོམ་པའི་རྣལ་འབྱོར་ཡིན་དགོས་པའི་ཕྱིར། གཞན་ཡང་གཞི་ཤེས་ཙམ་དེ་འདིའི་བསྡུ་བྱེད་ཀྱི་གཞི་ཤེས་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན་གཞི་ཤེས་ཙམ་དེ་ཆོས་ཅན། བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་གཞི་ཤེས་སུ་ཐལ། འདོད་པའི་ཕྱིར། འདོད་ན། བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་གཞི་ཤེས་དང༌། བསྟན་བཅོས་ཀྱི་བརྗོད་བྱར་གྱུར་པའི་གཞི་ཤེས་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པར་ཐལ་ལོ། །ལམ་ཤེས་ལའང་སྦྱར་རོ། །དར་ཊཱིཀ་པ། གསུམ་གྱི་བརྒྱད་བསྡུས་ཏེ། བརྒྱད་པ་གང་རུང་ཡིན་ན། མཁྱེན་གསུམ་གང་རུང་གཅིག་གི་སྒོམ་བྱའི་རྣམ་པ་ཡིན་པས་ཁྱབ་པའི་ཕྱིར། ཟེར། ཤེས་བྱ་ཆོས་ཅན། གཞི་གྲུབ་ན། མཁྱེན་གསུམ་གྱིས་བསྡུས་པས་ཁྱབ་པར་ཐལ། གཞི་གྲུབ་ན། དེའི་སྒོམ་བྱ་ཡིན་པས་ཁྱབ་པའི་ཕྱིར། དེ་དེའི་སྒོམ་བྱའི་དོན་རྣམ་ཡིན་པས་ཁྱབ་པའི་ཕྱིར། སྐྱོན་མེད་དེ། འདི་ཤེས་རྣམ་གྱི་རྒྱུ་དབང་དུ་བྱས་སོ་ཞེ་ན། ངོ་བོ་ཉིད་སྐུ་ཆོས་ཅན། མཁྱེན་གསུམ་གང་རུང་གི་སྒོམ་བྱ་ཤེས་རྣམ་དུ་ཐལ། བརྒྱད་པོ་གང་རུང་ཡིན་པའི་ཕྱིར་ཏེ། ཆོས་སྐུ་ཡིན་པའི་ཕྱིར། ཉན་ཐོས་དང་དེའི་ཕྱོགས་སུ་ཞེས་སོགས་ཀྱི་སྐབས་སུ། བྱམས་པ་ཆོས་ཅན། གཞི་ཤེས་ལ་བསྟོད་དེ། དེའི་ཡོན་ཏན་བརྗོད་པའི་ཕྱིར། ཞེ་ན། གཞི་ཤེས་ལ་ཡོན་ཏན་ཡོད་པ་མིན་ཞེས་བརྗོད་པའི་སྒྲ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གཞི་ཤེས་ལ་ཡོན་ཏན་ཚིག་ཟིན་ལ་བརྗོད་ནས་དེ་ཡོད་པ་མིན་པའི་ཕྱིར་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་ལ་སྨད་པའི་ཕྱིར། ཐེག་ཆེན་གྱི་ལྷག་བཅས་ཡིན་ན། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང༌། དེའི་རྣམ་སྨིན་གྱི་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པས་ཁྱབ་ཟེར་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་པར་ཐལ། དམན་པའི་ལྷག་བཅས་མྱང་འདས་ལ་གནས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། མ་ཡིན་པར་ཐལ། ཉོན་མོངས་པའི་བག་ཆགས་མ་སྤངས་པའི་ཕྱིར་ཏེ། ཤེས་སྒྲིབ་མ་སྤངས་པའི་ཕྱིར། སྔ་མ་ལ་ཁྱབ་པ་ཡོད་དེ། ཉོན་མོངས་པའི་བག་ཆགས་དེ། དེའི་ཀུན་འབྱུང་ཡིན་པའི་ཕྱིར་ཏེ། དེ་ཀུན་འབྱུང་བདེན་པ་ཡིན་པའི་ཕྱིར། གཞན་ཡང༌། དར་ཊཱིཀ་པའི་ཕྱོགས་ལ། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་མེད་པར་ཐལ། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དེ་ཉོན་མོངས་མཚན་ཉིད་པར་ཁས་བླངས་པའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་མཐོང་ལམ་པ་དེའི་རྒྱུད་ལ། དེ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་མཐོང་ལམ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ལམ་ཤེས་ཀྱི་རང་བཞིན་ཡོད་པའི་ཕྱིར། ཁྱོད་ཀྱི་རྒྱུད་ལ་རྒྱུ་ལམ་ཤེས་ཡོད་པའི་ཕྱིར། གཞན་ཡང༌། དམན་པའི་ལྷག་བཅས་མྱང་འདས་ཆོས་ཅན། ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་སྤངས་པར་ཐལ། རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་པའི་ཕྱིར། རྟགས་གསལ་ཁས་བླངས་ཤིང་ཁྱབ་སྟེ། སྤངས་བྱ་དེའི་རྒྱུ་སྤངས་ན་སྤང་བྱ་དེ་སྤངས་དགོས་པའི་ཕྱིར་ཏེ། སྤང་བྱ་དེའི་ས་བོན་སྤངས་ན་སྤང་བྱ་མ་ལུས་པར་སྤངས་དགོས་པའི་ཕྱིར། ཐེག་དམན་གྱི་ལྷག་མེད་མྱང་འདས་ཡིན་ན་སྡུག་བསྔལ་གྱི་ཕུང་པོ་སྤངས་པས་ཁྱབ་ཟེར་ན། ལྷག་མེད་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་སྤངས་པར་ཐལ། སྡུག་བསྔལ་གྱིས་ཕུང་པོ་ལྔ་མ་སྤངས་པའི་ཕྱིར་ཏེ། ཟག་བཅས་ཀྱི་མིང་གཞིའི་ཕུང་པོ་མ་སྤངས་པའི་ཕྱིར། ཟག་བཅས་ཀྱི་རིག་པ་རྒྱུན་མ་ཆད་པའི་ཕྱིར། འདིར་ལྷག་མེད་མྱང་འདས་ཀྱི་ངོ་བོ་སོ་སོར་རྟག་འགོག་ལ་བྱེད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། རང་རྒྱུད་ཀྱི་སོ་སོར་རྟག་འགོག་རྟོགས་པར་ཐལ། རང་རྒྱུད་ཀྱི་མྱང་འདས་རྟོགས་པའི་ཕྱིར་ཏེ། དགྲ་བཅོམ་པ་ཡིན་པའི་ཕྱིར། འདོད་ན། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། རྣམ་པ་ཐམས་ཅད་སྐྱེ་བ་མེད་པ། ཞེས་སོགས་ཀྱི་སྐབས་ཆོས་འཁོར་གྱི་མཚན་ཉིད་དྲིས་པས། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཟེར་ན། ཚིག་ལྟར་ན། ཆོས་འཁོར་ཆོས་ཅན། དེ་ཁྱོད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཆོས་འཁོར་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཀྱི་ཟུར་དུ་གང་ཞིག་སྨོས་པ་ལ་དགོས་པ་མེད་པར་ཐལ་ལོ། །རྣམ་མཁྱེན་ཆོས་ཅན་མི་མཐུན་ཕྱོགས་འཇོམས་ནུས་སུ་ཐལ། ཆོས་འཁོར་ཡིན་པའི་ཕྱིར་ཏེ། སྟོན་པས་གསུངས་པའི་དམ་ཆོས་ཡིན་པའི་ཕྱིར་ཏེ། མངོན་རྟོགས་བརྒྱད་པོ་གང་རུང་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་ཅན་གྱི་མི་མཐུན་ཕྱོགས་འཇོམས་ནུས་སུ་ཐལ། མི་མཐུན་ཕྱོགས་འཇོམས་ནུས་གང་ཞིག རྒྱུད་ཀྱིས་མ་བསྡུས་པའི་མི་མཐུན་ཕྱོགས་འཇོམས་ནུས་མ་ཡིན་པའི་ཕྱིར། འདོད་ན། སེམས་ཅན་འབད་མེད་དུ་གྲོལ་བར་ཐལ་ལོ། །ཡང་དེ་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བ་དེ། དེའི་མཚན་ཉིད་ཡིན་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གདུལ་བྱའི་རྒྱུད་ལ་འཕོ་བར་ཐལ། འདོད་པའི་ཕྱིར། འདོད་ན། གཞན་གྱི་རྟོགས་པ་གཞན་ལ་འཕོ་བར་ཐལ་ལོ། །རྩ་རྟགས་སྔ་མ་ལྟར་སྒྲུབ་བོ། །ཡང་ཆོས་འཁོར་ཡིན་ན་མི་མཐུན་ཕྱོགས་སྣ་རེ་འཇོམས་ནུས་པས་ཁྱབ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཆོས་ཕུང་གི་ཆ་ཤས་སུ་གྱུར་པའི་སངས་རྒྱས་ཀྱི་གསུངས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཆོས་ཕུང་ཡིན་པར་ཐལ། མི་མཐུན་ཕྱོགས་སྣ་རེ་འཇོམས་ནུས་ཀྱི་གསུང་རབ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེའི་ཚད་དུ་མ་ལོངས་པའི་ཕྱིར། འདིར་ཆོས་འཁོར་རིམ་ཅན་དུའམ། གཅིག་ཅར་བསྐོར་དྲིས་པས། སྔ་མའོ་ཞེ་ན། ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་ཀྱིས་ཆོས་འཁོར་གཅིག་ཅར་དུ་བསྐོར་བར་ཐལ། ཁྱོད་ཀྱིས་གླིང་གཞི་ཐེར་འབུམ་དུ་གཅིག་ཅར་དུ་བསྐོར་བའི་ཕྱིར་ཏེ། ཁྱོད་ཀྱིས་དེར་དེ་བསྐོར་བའི་མཛད་པ་གཅིག་ཅར་བསྟན་པའི་ཕྱིར་ཏེ། དེར་མཛད་པ་བཅུ་གཉིས་ཀྱི་ཚུལ་གཅིག་ཅར་དུ་བསྟན་པའི་ཕྱིར། ཚིག་གོ །གཞན་ཡང༌། ཤེས་བྱ་ཆོས་ཅན། ཆོས་འཁོར་གསུམ་པོ་སྟོན་པས་རིམ་ཅན་དུ་བསྐོར་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བདེན་བཞིའི་ཆོས་འཁོར་ཡིན་ན། མཚན་ཉིད་མེད་པའི་ཆོས་འཁོར་ལས་དང་པོར་བསྟན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕགས་པའི་བདེན་པ་བཞི་དག་གིས་ཞེས་པའི་སྐབས་ནས་བསྟན་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་གཅིག་ཅར་སྐོར་ཞེ་ན། ཤེར་ཕྱིན་གྱི་མདོ་རྣམས་གཅིག་ཅར་དུ་གསུངས་པར་ཐལ། དེའི་ཕྱིར། འདོད་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་གསུངས་པའི་རྗེས་སུ་སྡུད་པ་གསུངས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་འཁོར་བཞི་པོ་དེ་དག་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར། ཡང་ཚིགས་སུ་བཅད་པ་འདི་དག་དཀའ་སྩལ་ཏོ། །ཞེས་བྱ་བའི་ཕྱིར། གཞན་ཡང༌། རབ་འབྱོར་གྱི་ལེའུ་དང་མཐའ་གཉིས་རྣམ་བཞག་ལེའུ་ཡང་གཅིག་ཆར་དུ་གསུངས་པར་ཐལ། སོགས་མཐའ་ཡས་སོ། །འདིར་དྲང་ངེས་ཀྱི་ཁྱད་པར་དྲིས་པས། དོན་དམ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད་ཡིན་ཟེར་ན། མདོ་སྡེ་དགོངས་འགྲེལ་ཆོས་ཅན། དང་པོའི་མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁྱོད་ཀྱིས་དོན་དམ་བདེན་པ་བརྗོད་བྱར་སྟོན་པ་གང་ཞིག དེ་སྟོན་ན་ཁྱོད་ཀྱིས་སྟོན་པའི་དོན་དམ་བདེན་པ་དེ་ཁྱོད་ཀྱི་བརྗོད་བྱའི་གཙོ་བོ་ཡིན་དགོས་པའི་ཕྱིར། གཞན་ཡང༌། ཡུམ་གྱི་མདོ་ཆོས་ཅན། དྲང་དོན་གྱི་མདོར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་ཤུགས་བསྟན་གྱི་བརྗོད་བྱའི་གཙོ་བོར་སྟོན་པའི་མདོ་ཡིན་པའི་ཕྱིར་ཏེ། མངོན་རྟོགས་བརྒྱད་ཤུགས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར། དངོས་ཀྱི་བརྗོད་བྱའི་ཞེས་སྣོན་ན། སྦྱིན་པའི་ཕར་ཕྱིན་ཡོངས་སུ་རྫོགས་པར་བྱའོ། །ཞེས་སོགས་ཀྱི་ཡུམ་གྱི་མདོ་ཆོས་ཅན། མཚན་ཉིད་དེར་ཐལ། ངེས་དོན་གྱིས་མདོ་ཡིན་པའི་ཕྱིར་ཏེ། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཡིན་པའི་ཕྱིར། ཚིག་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྦྱིན་པའི་ཕར་ཕྱིན་དེ་དོན་དམ་བདེན་པར་ཐལ། དེ་འདྲའི་མདོ་དེ་དོན་དམ་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པའི་ཕྱིར། གཞན་ཡང༌། དར་ཊཱིཀ་པའི་ཕྱོགས་ལ་གཟུགས་མི་རྟག་པར་ཡིད་ལ་བྱའོ། །ཞེས་སོགས་ཉན་ཐོས་ཀྱི་ལམ་ཤེས་ཀྱི་མདོ་ཚིག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། མངོན་རྟོགས་བརྒྱད་ཀྱི་རིམ་པ་ཤུགས་ལ་སྟོན་པའི་ཤེར་ཕྱིན་གྱི་མདོ་ཚིག་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཙམ་དངོས་སུ་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར། ཁས་ཤིང༌། དེར་ཐལ། མི་རྟག་སོགས་བཅུ་དྲུག་དངོས་ཀྱི་དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེ་འདྲའི་མདོ་དང་གཅིག་ཡིན་པའི་ཕྱིར། རྗེས་འབྲང་ལ་ལ་ན་རེ། ཡུམ་གྱི་མདོ་ལ་དྲང་དོན་དང་ངེས་དོན་གྱི་མདོའི་ཆ་ནས་འབྱེད་ཞེས་ཟེར་བ་ནི། ཊཱི་ཀར་ཡུམ་གྱི། མདོ་རིལ་པོ་འཁོར་ལོ་བར་པའི་མཚན་ཉིད་དང༌། དེ་ངེས་དོན་དུ་བཤད་པ་དང་འགལ་ཞིང༌། གཞན་ཡང༌། གཟུགས་སྟོང་པའོ་ཞེས་པའི་མདོ་ལ་དྲང་ངེས་འབྱེད་པར་ཐལ། གཟུགས་ཞེས་པའི་ངག་དེ་དྲང་དོན་དང༌། སྟོང་པའོ་ཞེས་པའི་ངག་དེ་ངེས་དོན་ཡིན་པའི་ཕྱིར། ཞེས་བརྗོད་ན་མཚུངས་སོ། །གཞན་ཡང་དོན་དམ་བདེན་པ་ངེས་དོན་དུ་ཐལ། ངེས་དོན་གྱིས་མདོའི་མཚན་ཉིད་དེ་རིགས་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཆོས་ཅན། དོན་དམ་པར་ཐལ། ངེས་དོན་ཡིན་པའི་ཕྱིར། འདོད་ན་མ་ཡིན་པར་ཐལ། ཁྱོད་ཀྱི་དགག་བྱ་ཤེས་བྱ་ལ་སྲིད་པའི་ཕྱིར། སངས་རྒྱས་ཉན་ཐོས་ཞེས་སོགས་ཀྱི་སྐབས་སུ། རྣམ་བཤད་ལས། གཙོ་བོ་སངས་རྒྱས་ལ་འཁོར་ཉན་ཐོས་པས་བསྐོར་ཞེས་གསུང༌། གཙོ་བོ་སངས་རྒྱས་ལ་འཁོར་རང་སངས་རྒྱས་འབྱུང་བར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། རྩ་ཤེས་ལས། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང༌། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་སྐྱེ། །ཞེས་གསུངས་པའི་ཕྱིར། ཡང་མཁྱེན་གསུམ་ཆོས་ཅན། འཕགས་བཞིའི་ཡུམ་ཡིན་ཏེ། ཟེར་ན། མ་ཡིན་པར་ཐལ། ཉན་ཐོས་འཕགས་པའི་ཡུམ་མ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་དེ་ཉན་ཐོས་འཕགས་པའི་ཡུམ་ཡིན་པར་ཐལ། མཁྱེན་གསུམ་དེ་དེའི་ཡུམ་ཡིན་པའི་ཕྱིར། དེ་ནི་མ་ཡིན་ཏེ་ཞེས་པར། མངོན་རྟོགས་རྒྱན་ཆོས་ཅན། གཞི་ལམ་རྣམ་གསུམ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་པ་མ་ཡིན་ཏེ། གསུམ་ཆར་བརྗོད་བྱར་བསྡུས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། ཡོད་ན་མངོན་རྟོགས་རྒྱན་གྱིས་བརྗོད་བྱར་བསྡུས་དགོས་པར་ཐལ། རྒྱན་གྱི་གཞི་ལམ་རྣམ་པའི་ཕྱོགས་གསུམ་བརྗོད་བྱར་བསྡུས་པའི་ཕྱིར། འདོད་ན། གཞི་ཁོ་ན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དོན་དེ་ཡོད་པར་ཐལ། ཆོས་མངོན་པ་ལས། ཁྱོད་བརྗོད་བྱར་བསྡུས་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྒྱན་གྱིས་གཞི་ཁོ་ན་བརྗོད་བྱར་བསྡུས་ན་མངོན་པ་དང་ཟློས་སྐྱོན་ཡོད་པའི་ཕྱིར། གཞན་ཡང་གཞི་ལམ་རྣམ་པའི་ཕྱོགས་གསུམ་ཅར་ཆོས་ཅན། རྒྱན་ལ་བསྟན་ནས་ཁྱོད་བདེ་བླག་ཏུ་རྟོགས་པ་རྒྱན་གྱི་དངོས་ཀྱི་དགོས་པར་ཐལ། ཁྱོད་རྒྱན་གྱི་བརྗོད་བྱ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྒྱན་ལ་བརྟེན་ནས་ཆོས་ཐམས་ཅད་བདེ་བླག་ཏུ་རྟོགས་པ་རྒྱན་གྱི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་རྟོགས་བརྒྱད་བདེ་བླག་ཏུ་རྟོགས་པ་དེ་ཁོ་ན་དགོས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། དར་ཊཱིཀ་པ། རྒྱན་གྱིས་འཕགས་པ་མཐའ་དག་གི་མངོན་རྟོགས་གཏན་ལ་འབེབས་ཟེར། ནང་འགལ་ཏེ། ཤེས་བྱ་ཆོས་ཅན། རྒྱན་གྱི་བརྗོད་བྱ་ཡང་ཡིན་ཉན་རང་གི་མངོན་རྟོགས་ཀྱང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཡང་ཡིན་ཉན་ཐོས་ཀྱི་ལམ་ལ་འཇུག་པའི་རིམ་པ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། ཁས་བླངས། འདོད་ན། རྒྱན་འདི་ཐེག་པ་ཐུན་མོང་བའི་བསྟན་བཅོས་སུ་ཐལ། དེའི་ཕྱིར། གསུམ་ཆར་རབ་འབྱོར་ཐམས་ཅད་ནི་ཞེས་སོགས་ཀྱི་སྐབས་སུ། གཞི་ཤེས་ཀྱི་ཉན་རང་འཕགས་པའི་མངོན་རྟོགས་བསྡུས་ཟེར་ན། ཉན་རང་འཕགས་པའི་མངོན་རྟོགས་ཡིན་ན་གཞི་ཤེས་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར་འདོད་ན། དར་ཊཱིཀ་པའི་ཕྱོགས་ལ། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བདེན་སྟོང་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་མ་ཡིན་པར། རྣམ་བཤད་པའི་ཕྱོགས་ལ་ཉན་ཐོས་མཐོང་ལམ་ཆོས་ཅན། དེར་ཐལ། ཉན་རང་འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པར་ཐལ། འདོད་ན། ཁྱོད་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་མེད་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་རྟོག་པའི་སྤྱི་དོན་དུ་ཁས་བླངས། འདོད་ན། དེར་ཐལ། ཁྱོད་ཀྱི་རྒྱུད་དུ་སྒོམ་སྤངས་སུ་གྱུར་པའི་གང་ཟག་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པར་ཐལ། རབ་འབྱོར་བྱང་ཆུབ་སེམས་དཔའ་སོགས་ཀྱིས་སྐབས་སུ། ཉན་རང་གི་སྤང་རྟོགས་ཀྱི་རིགས་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་ལམ་གང་དུ་རྫོགས་དྲིས་པས། དར་ཊཱིཀ་པ། སངས་རྒྱས་ཀྱི་ས་ཁོ་ནར་རྫོགས་ཀྱི་སྔ་རོལ་དུ་མ་ཡིན་ཏེ། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པས་ཉོན་སྒྲིབ་ཀྱི་ས་བོན་སྤངས་པ་དང༌། དེའི་རྣམ་གྲོལ་ལམ་སངས་རྒྱས་མ་ཐོབ་པར་འབྱུང་བའི་ཕྱིར་ཟེར། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་ཆོས་ཅན། རྫོགས་སྨིན་སྦྱངས་གསུམ་མ་བྱས་ཀྱི་བར་དུ་ཉན་རང་གྱི་སྤངས་རྟོགས་མི་རྫོགས་པར་ཐལ། རྫོགས་པའི་སངས་རྒྱས་མ་ཐོབ་པར་ཉན་རང་གྱི་སྤངས་རྟོགས་མི་རྫོགས་པའི་ཕྱིར། རྟགས་ཁས། འདོད་ན། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་ཞེས་པའི་གཞུང་དེ་ཆོས་ཅན། སྐབས་འདིའི་དམིགས་བསལ་གྱི་གཞུང་ཡིན་པར་ཐལ། རྫོགས་སྨིན་སྦྱངས་གསུམ་མ་བྱས་ཀྱི་བར་དུ་ཉན་རང་གི་སྤངས་རྟོགས་རྫོགས་པར་རང་རྒྱུད་ལ་མི་སྐྱེད་པར་སྟོན་པའི་གཞུང་ཡིན་པའི་ཕྱིར། རྟགས། འདོད་ན། མ་ཡིན་པར་ཐལ། སྐབས་འདིའི་སྤྱིར་བསྟན་གྱི་གཞུང་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་མཐོང་ལམ་པ་དེས་ཉོན་སྒྲིབ་ཀྱི་གཉེན་པོ་བསྒོམ་དགོས་པར་ཐལ། དེས་དེ་ཉོན་སྒྲིབ་མ་སྤངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཉོན་སྒྲིབ་ཙམ་སྤངས་པའི་ཐར་པ་དོན་དུ་གཉེར་བར་ཐལ་ལོ། །གཞན་ཡང་ཉན་ཐོས་དགྲ་བཅོམ་པ་ཡིན་ན། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་དགོས་པར་ཐལ། དེ་ཡིན་ན་ཉོན་སྒྲིབ་ཀྱི་ས་བོན་ཟད་པར་སྤངས་དགོས་པའི་ཕྱིར། རྟགས་བསལ་གྲུབ་མཐའ་ལ་ཁས་བླངས། རྣམ་བཤད་ལས། ཉན་རང་གི་སྤངས་རྟོགས་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དུ་རྫོགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་སེམས་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པའོ། །ཞེས་པའི་འགྲེལ་པར་བཟོད་པའི་ངོ་བོ་སྡུག་བསྔལ་ལ་ཆོས་བཟོད་དུ་གསུངས་པའི་ཕྱིར། ཞེས་གསུངས། ཁ་ཅིག་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན། ཉོན་སྒྲིབ་སྤངས་པར་ཐལ། ཉན་ཐོས་དགྲ་བཅོམ་པའི་སྤངས་པ་རྫོགས་པའི་ཕྱིར། འདོད་ན། ཉོན་སྒྲིབ་ཀྱི་ས་བོན་སྤངས་པར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱི་སྔོན་དུ་བར་ཆད་མེད་ལམ་སོང་བར་ཐལ། འདོད་པའི་ཕྱིར། ཉོན་སྒྲིབ་སྤངས་ན་ཉོན་སྒྲིབ་ཀྱི་ས་བོན་སྤངས་དགོས་ཏེ། མཐོང་སྤངས་སྤངས་ན་མཐོང་སྤངས་ཀྱི་ས་བོན་སྤངས་དགོས་པའི་ཕྱིར། ཞེས་པའི་སྐྱོན་ཡོད་པས་རྣམ་བཤད་ཀྱི་དགོངས་པ་ལ། སྡུག་བསྔལ་ཆོས་ཤེས་ནས་སྤངས་པ་རྫོགས་པ་ཡིན་གྱི། ཆོས་བཟོད་ནས་རྫོགས་པར་ཁས་བླངས་ན་མི་རུང་བའི་ཕྱིར་ཞེས་ཟེར། འདི་མི་འཐད་པ་ལ་གཉིས་ཏེ། གཞན་འགོག་ཚུལ་མི་འཐད་པར་བསྟན་པ་དང༌། རང་ལུགས་འཇོག་པ་མི་འཐད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣམ་བཤད་ཀྱི་དགོངས་པ་ལ། ཉོན་སྒྲིབ་སྤངས་ན་ཉོན་སྒྲིབ་ཀྱི་ས་བོན་སྤངས་དགོས་པ་དང༌། མཐོང་སྤངས་སྤངས་ན་མཐོང་སྤངས་ཀྱི་ས་བོན་སྤངས་དགོས་པ་གཉིས་མི་མཚུངས་པར་ཐལ། མཐོང་སྤངས་ཀྱི་ས་བོན་དེ་དེ་གང་ཞིག ཉོན་སྒྲིབ་ཀྱི་ས་བོན་དེ་དེ་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཉོན་སྒྲིབ་ཀྱི་ས་བོན་ཆོས་ཅན། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དམིགས་རྣམ་མི་འཛིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་ཉོན་སྒྲིབ་ཀྱི་ས་བོན་འཛིན་སྟངས་དངོས་སུ་འགལ་བར་ཐལ། དེས་དམིགས་རྣམ་འཛིན་པའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན་ས་ཐོབ་ནས་ཉོན་སྒྲིབ་ཡོད་པར་ཐལ། དེའི་ས་བོན་ཡོད་པའི་ཕྱིར། རྟགས་ཁས་བླངས་ཤིང༌། ཚད་མས་ཀྱང་གྲུབ་ལ། འདོད་ན། རྣམ་བཤད་ལས། ས་ཐོབ་ནས་ཉོན་མོངས་པ་མཚན་ཉིད་པ་མེད་ལ་ཞེས་པ་དང་འགལ། གཞན་ཡང་ཁོང་ཁྲོའི་ས་བོན་ཁོང་ཁྲོར་ཐལ་བ་དང་མི་དགེ་བའི་ས་བོན་མི་དགེ་བར་ཐལ། ཉོན་སྒྲིབ་ཀྱི་ས་བོན་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། ཁམས་གོང་ན། ཁོང་ཁྲོ་དང་མི་དགེ་ཡོད་པར་ཐལ་ལོ། །ཤེས་བྱ་ཆོས་ཅན། སྡུག་བསྔལ་ལ་ཆོས་བཟོད་དེ་ཉོན་སྒྲིབ་སྤོངས་བར་བྱེད་པའི་བར་ཆད་མེད་ལམ་དུ་ཐལ། སྡུག་བསྔལ་ལ་ཆོས་ཤེས་དེ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། རྟགས་འདོད་ན། མ་ཡིན་པར་ཐལ། བསྒོམ་སྤངས་སུ་གྱུར་པའི་ས་བོན་སྤོང་བར་བྱེད་པའི་བར་ཆད་མེད་ལམ་མ་ཡིན་པའི་ཕྱིར་ཏེ། མཐོང་ལམ་ཡིན་པའི་ཕྱིར། ཉེས་པ་དེ་ཁྱོད་ལའང་མཚུངས་སོ་ཞེ་ན། མི་མཚུངས་ཏེ་ཁོ་བོས་དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་ལམ་དུ་ཉོན་སྒྲིབ་ཙམ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་མེད་པའི་ཕྱིར། དེས་ན་རྣམ་བཤད་ཀྱི་དགོངས་པ་དགྲ་བཅོམ་པས་ཉོན་སྒྲིབ་ཀྱི་ས་བོན་སྤངས་པར་འདོད་པའི་ཕྱོགས་ལ་གཞན་གྱིས་བརྗོད་པའི་དེ་གནས་སོ། །འདིའི་སྤྲོས་པ་ལྷག་མ་འོག་ནས་འཆད་དོ། །སྨོན་ལམ་རྫོགས་པའི་ཚད་ལ་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག ཅེས་པའི་སྨོན་ལམ་གྲུབ་པ་ལ་བྱེད་ཟེར་ན། རྣམ་མཁྱེན་སྐད་ཅིག་མ་དང་པོ་ལ་གནས་པའི་སངས་རྒྱས་ཆོས་ཅན། སྨོན་ལམ་རྫོགས་པར་ཐལ། གཞན་དོན་དུ་སངས་རྒྱས་ཐོབ་ཟིན་པའི་ཕྱིར། འདོད་ན། སེམས་ཅན་སྨིན་པར་བྱས་ཟིན་པར་ཐལ། འདོད་པའི་ཕྱིར། ཁྱབ་ཏེ། རྫོགས་སྨིན་སྦྱངས་གསུམ་བྱས་པ་དུས་མཉམ་པའི་ཕྱིར། འདོད་ན། གཞན་དོན་དུ་ཆོས་འཁོར་བསྐོར་ཟིན་པར་ཐལ། འདོད་པའི་ཕྱིར། འདིར་རྫོགས་སྨིན་སྦྱངས་གསུམ་བྱས་པ་དང༌། ཡང་དག་མཐའ་མངོན་དུ་བྱས་པ་དུས་མཉམ་ཟེར་ན། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། རྫོགས་སྨིན་སྦྱངས་གསུམ་བྱས་པར་ཐལ། ཡང་དག་མཐའ་མངོན་དུ་བྱས་པའི་ཕྱིར། ཆོས་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པའི་ཕྱིར་ཏེ། ཁྱོད་ཆོས་ཉིད་ལ་མཉམ་པར་གཞག་བཞིན་པ་གང་ཞིག མཉམ་གཞག་དེ་ལས་མ་ལངས་པར་རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་མངོན་དུ་བྱེད། དེ་མངོན་དུ་བྱས་ནས་ཆོས་ཉིད་ལ་ལྡང་བ་མི་སྲིད་པའི་ཕྱིར། ཕྱི་མ་དེར་ཐལ། མཉམ་པར་མ་གཞག་པ་མི་མངའ་བ་དེ་སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་ཡིན་པའི་ཕྱིར། གཞན་ཡང་རྣམ་མཁྱེན་སྐད་ཅིག་དང་པོ་ཆོས་ཅན། གསུམ་པོ་བྱས་པར་ཐལ། ཡང་དག་མཐའ་མངོན་དུ་བྱས་པའི་ཕྱིར། འདོད་ན། སེམས་ཅན་སྨིན་པར་བྱས་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་ཅན་གཞན་ལ་བདག་རྐྱེན་རྣམ་མཁྱེན་ལ་བརྟེན་ནས་ཆོས་འཁོར་བསྐོར་བར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ཀྱི་སྔོན་དུ་རྣམ་མཁྱེན་གྱི་རྟོགས་པ་མ་སོང་བའི་ཕྱིར། འདིར་རྣམ་བཤད་ལས་ཞིང་སྦྱངས་པའང་སངས་རྒྱས་རང་སྣང་ལ་ཡིན་གྱི། གཞན་སྣང་ལ་མིན་ཏེ། ཞེས་གསུངས་པ་ལ། དར་ཊཱིཀ་པ་ན་རེ། མ་དག་པའི་ཞིང་ཆོས་ཅན། སངས་རྒྱས་ཀྱི་དངོས་སུ་མ་གཟིགས་པར་ཐལ། སངས་རྒྱས་རང་སྣང་ལ་ཁྱོད་ཀྱི་སྣང་བ་མ་ཤར་བའི་ཕྱིར། ཞེས་ཟེར། ཤེས་བྱ་ཐམས་ཅད་མེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཤེས་བྱ་ཐམས་ཅད་ཆོས་ཅན། ཁྱོད་མེད་པར་ཐལ། སངས་རྒྱས་རང་སྣང་ལ་ཁྱོད་མེད་པའི་སྣང་བ་ཤར་བའི་ཕྱིར། ཚིག་གོ །དོན་ལ་ནི། ཤིན་ཏུ་ལྐོག་གྱུར་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་དག་མཐའི་ངོས་འཛིན་དང་དེ་མངོན་དུ་བྱས་པའི་ཚད་ལ། རྣམ་བཤད་ལས། ཆོས་ཉིད་དེ་བཞིན་ཉིད་ཙམ་ལ་བྱ་ཞེ་ན། བྱང་སེམས་མཐོང་ལམ་པ་ཆོས་ཅན། ཡང་དག་མཐའ་མངོན་དུ་བྱས་པར་ཐལ། དེ་བཞིན་ཉིད་མངོན་དུ་བྱས་པའི་ཕྱིར་ཏེ། དེ་བཞིན་ཉིད་མངོན་དུ་རྟོགས་པའི་ཕྱིར། དེ་ལ་ཁྱབ་པ་ཡོད་དེ། ངོ་བོ་ཉིད་སྐུ་མངོན་སུམ་དུ་རྟོགས་ན་དེ་མངོན་དུ་བྱ་དགོས་པའི་ཕྱིར། རྣམ་བཤད་ཀྱི་དགོངས་པ་ལ་ཁ་ཅིག དེ་བཞིན་ཉིད་ལ་དུས་རྟག་ཏུ་མཉམ་པར་གཞག་པ་དེ་ཡང་དག་མཐའ་མངོན་དུ་བྱས་པའི་ཚད་ཞེ་ན། རྫོགས་པའི་སངས་རྒྱས་ཀྱི་རྗེས་ཐོབ་ཡེ་ཤེས་དེ་ཆོས་ཅན། དེར་ཐལ། དེ་མངོན་དུ་བྱས་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་ཉིད་མངོན་སུམ་དུ་མཁྱེན་པར་ཐལ། འདོད་པའི་ཕྱིར། འདོད་ན། སློབ་དཔོན་གྱི་ལུགས་ལ་སངས་རྒྱས་སའི་མཉམ་རྗེས་ཀྱི་བློ་སོ་སོ་དེ་གཉིས་སོ་སོར་མཁྱེན་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་བཤད་དང་འགལ། དར་ཊཱིཀ་པ་ན་རེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེར་བར་ཞི་བའི་ཉེར་ཞིའི་དབྱིངས་དེ་སྐབས་འདིར་སྟན་གྱིས་ཡང་དག་མཐའ་ཡིན་ཞེས་ཟེར་ཞིང་ལམ་གསུམ་པོ་དེ་དག་གི་ཡང་དག་པའི་མཐའ་ཞེས་སྟོན་ནས། འདི་ཐེག་པ་གསུམ་ཀའི་ཡང་དག་མཐའ་ཐུན་མོང་པར་བཞེད་དོ། །ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱིས་གསུམ་པོ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་གསུངས་པ་ལ་དོན་མེད་པར་ཐལ། དེ་མ་བྱས་པར་ཡང་དག་མཐའ་མངོན་དུ་བྱས་པ་ཡོད་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། ཉན་ཐོས་དགྲ་བཅོམ་པས་དེ་མངོན་དུ་བྱས་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་དེ་མངོན་དུ་བྱས་པའི་ཕྱིར། དེར་ཐལ། མྱང་འདས་མངོན་དུ་བྱས་པའི་ཕྱིར། ཚིག་གོ །དོན་ལ་ནི་དེ་འདྲའི་དབྱིངས་དེ་ཆོས་ཅན། ཁྱོད་མངོན་དུ་བྱས་པ་དེ་བྱང་སེམས་འཕགས་པས་དོན་དུ་གཉེར་བྱ་ཡིན་པར་ཐལ། ཁྱོད་སྐབས་འདིའི་ཡང་དག་མཐའ་ཡིན་པའི་ཕྱིར། འདོད་ན། བྱང་སེམས་འཕགས་པ་ཆོས་ཅན། དེ་མ་ཡིན་པར་ཐལ། མྱང་འདས་ཙམ་མངོན་དུ་བྱས་པ་དེ་ཁྱོད་ཀྱི་མངོན་དུ་བྱ་རུང་མིན་པའི་ཕྱིར་ཏེ། ཐར་པ་ཙམ་ཁྱོད་དོན་དུ་གཉེར་བྱ་མིན་པའི་ཕྱིར། སྦྱོར་བ་ལ། ལམ་ཤེས་ཆོས་ཅན། ཁྱོད་ཀྱི་བྱང་སེམས་འཕགས་པའི་མངོན་རྟོགས་མཐའ་དག་བསྡུས་ཏེ། ཁྱོད་ཀྱིས་དེ་བསྡུས་པར་ཡུམ་བར་མ་ལས་དོན་མཐུན་དུ་གསུངས་པའི་ཕྱིར། ཟེར་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཞེས་སོགས་མདོའི་ཚིག་འདི་ཆོས་ཅན། སྦྱོར་བ་དེ་ཁྱོད་ཀྱི་སྦྱོར་བ་ཡང་དག་མིན་པར་ཐལ། ལམ་ཤེས་ཀྱིས་བྱང་སེམས་འཕགས་པའི་མངོན་རྟོགས་མཐའ་དག་བསྡུས་པར་ཡུམ་བར་པ་ལས་དོན་མཐུན་དུ་བསྡུས་པ་དེ་ཁྱོད་ཀྱི་བསྟན་བྱའི་དོན་མིན་པའི་ཕྱིར་ཏེ། ཁྱོད་ཀྱིས་དེ་མ་བསྟན་པའི་ཕྱིར། གཞན་ཡང༌། བྱང་སེམས་འཕགས་པའི་མངོན་རྟོགས་ཡིན་ན། ལམ་ཤེས་ཡིན་དགོས་པར་ཐལ། ལམ་ཤེས་ཀྱིས་བྱང་སེམས་འཕགས་པའི་མངོན་རྟོགས་མཐའ་དག་བསྡུས་པའི་ཕྱིར། འདོད་ན། བྱང་སེམས་བསྒོམ་ལམ་པའི་རྒྱུད་ཀྱི་ཡང་དག་པའི་རྟོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ལམ་རྟོག་བྲལ་མ་འཁྲུལ་བའི་ཚུལ་གྱིས་རིག་པའི་བློ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་དུ་ཐལ། འདོད་པའི་ཕྱིར། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡིན་པར་ཐལ། མཉམ་གཞག་ཏུ་རྟོགས་པའི་ལྟ་བ་ལ་དམིགས་ནས་འདིའོ་སྙམ་དུ་འཛིན་པའི་བློ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཐལ། ཡང་ཁ་ཅིག་བྱང་འཕགས་ཀྱི་མངོན་རྟོགས་ཆོས་ཅན། ལམ་ཤེས་ཀྱིས་བསྡུས་ཏེ། ལམ་ཤེས་ལས་ཐ་དད་ལམ་ཤེས་ཡིན་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། ལམ་ཤེས་ཡིན་ན་ལམ་ཤེས་ཀྱིས་བསྡུས་པས་ཁྱབ་པར་ཐལ། ལམ་ཤེས་ཀྱིས་མ་བསྡུས་པའང་ལམ་ཤེས་ཀྱི་བསྡུས་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། དེ་ལས་ཐ་དད་ཡིན་པའི་ཕྱིར། རྩ་བར་འདོད་ན། ལམ་ཤེས་ཆོས་ཅན། ཁྱོད་ཀྱི་མ་བསྡུས་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རབ་འབྱོར་རྣམ་པ་གང་དག་ཞེས་སོགས་ལ། རྣམ་མཁྱེན་གྱི་མཚན་ཉིད་རྣམ་བཤད་ལས། བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་མཁྱེན་པའི་ཡེ་ཤེས་ཞེས་གསུངས་པ་ལ། ཁ་ཅིག་ཐེག་ཆེན་འཕགས་པའི་མཁྱེན་པ་ཆོས་ཅན། རྣམ་མཁྱེན་དུ་ཐལ། དེའི་ཕྱིར། མ་གྲུབ་ན་བདེན་གཉིས་ཀྱིས་རྣམ་པ་མ་ལུས་པ་ཆོས་ཅན། ཐེག་ཆེན་འཕགས་པའི་མཁྱེན་པ་དེ་ཁྱོད་ཀྱི་ཐུགས་སུ་ཆུད་པའི་ཡེ་ཤེས་སུ་ཐལ། ཁྱོད་དེའི་གཞལ་བྱ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར། ཞེས་ཟེར། འོ་ན་ཐེག་ཆེན་འཕགས་པའི་མཁྱེན་པ་ཆོས་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཐལ། ཡེ་ཤེས་གང་ཞིག ཐམས་ཅད་མཁྱེན་པའི་ཕྱིར། ཕྱི་མ་ཁས་བླངས། འདོད་ན་རྣམ་མཁྱེན་དུ་ཐལ་ལོ། །ཉེས་པ་དེ་མི་འཇུག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་མེད་པར་ཐལ། རྣམ་མཁྱེན་ཡིན་པའི་ཕྱིར། འདོད་ན། བདེན་གཉིས་གཅིག་ཆར་དུ་མཁྱེན་པར་ཐལ། འདོད་པའི་ཕྱིར། སྐབས་འདིར་ཆོས་ཅན། སློབ་དཔོན་ཡེ་ཤེས་སྙིང་པོས་བཞེད་པའི་ཤེས་བྱ་མཁྱེན་ཚུལ་དེ་ཁས་ལེན་རིགས་པར་ཐལ། འདོད་པའི་ཕྱིར། འདོད་ན་རྣམ་བཤད་དང་འགལ། དར་ཊཱིཀ་པ་ན་རེ་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་དེ་རྣམ་མཁྱེན་གྱི་མཚན་ཉིད། ཟེར་ན། དོན་ལ་འདི་རྣམ་བཤད་ཀྱིའང་རང་ལུགས་ཡིན་མོད་ཁྱོད་ལ་ཁས་བླངས་འགལ་ཏེ། ཤེས་བྱ་ཆོས་ཅན། རྣམ་མཁྱེན་ཡིན་ན། སྐབས་དང་པོར་བསྟན་པའི་རྣམ་པ་མ་ལུས་པ་མངོན་སུམ་དུ་རྟོག་དགོས་པར་ཐལ། རྣམ་མཁྱེན་ཡིན་ན། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མ་ལུས་པ་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། འདོད་ན། ལམ་ཤེས་ཡིན་ན། སྐབས་གཉིས་པར་བསྟན་པའི་ལམ་གསུམ་གང་རུང་དངོས་སུ་རྟོགས་དགོས་པར་ཐལ། འདོད་ན། ཁས་བླངས་ཤིང༌། སྟོང་ཉིད་ལ་མཉམ་པར་གཞག་བཞིན་པའི་བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁས་བླངས། འདོད་ན། མ་ཡིན་པར་ཐལ། སྟོད་ཉིད་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཁྱབ་པ་གྲུབ་མཐའ་ལ་ཁས་བླངས། དེ་ལ་ཐམས་ཅད་ཤེས་པ་སོགས་ལ་གཞི་ཤེས་ཀྱི་མཚན་ཉིད་དྲིས་པས། དར་ཊཱིཀ་པ་ན་རེ། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཡེ་ཤེས་གང་ཞིག ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ། ཟེར་ན། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རང་རྒྱལ་གྱི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། གཞི་ཤེས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པ་མ་ཡིན་པར་ཐལ། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་རྟོགས་རིགས་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། རང་རྒྱལ་འཕགས་པའི་བཞེད་དོན་བསྒྲུབས་ནུས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། རྣམ་བཤད་ལས། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཞེས་གསུང༌། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྟོང་ཉིད་ལ་ཐོས་བསམ་གཙོ་བོར་གྱུར་པའི་རྟོགས་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་ཚོགས་ལམ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། དེ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་ཞེས་སོགས་ལ། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། མངོན་པར་རྟོགས་པ་མཐའ་དག་བསྡུས་ཏེ། ཟེར་ན། དེ་ཆོས་ཅན། ཁྱོད་ཀྱིས་ཉན་རང་འཕགས་པའི་མངོན་རྟོགས་བརྗོད་བྱར་བསྡུས་པར་ཐལ། དེའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡང་ཡིན། ཉན་རང་འཕགས་པའི་ཉམས་སུ་མྱོང་བའང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞན་གྱི་མྱོང་བ་མ་ཡིན་ཏེ། ཞེས་པའི་རྩ་འགྲེལ་དང་འགལ་ལོ། །དོན་ལ་ཐེ་ཚོམ་སྐྱེས་པ་ཉིད་ཀྱིས་འཇུག་པའི་ཡན་ལག་ཞེས་པར། རྒྱན་རྩོམ་པའི་ཐོག་མར་རྒྱན་གྱི་དགོས་སོགས་ཆོས་བཞི་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རྒྱན་གྱི་གདུལ་བྱ་རྒྱན་ལ་འཇུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་ཟེར། རྒྱན་གྱི་གདུལ་རྒྱན་ལ་འཇུག་པ་ཆོས་ཅན། རྒྱན་གྱི་དགོས་འབྲེལ་ངག་གི་དགོས་པ་མ་ཡིན་པར་ཐལ། དེ་དང་མེད་ན་མི་འབྱུང་བའི་འབྲེལ་མ་གྲུབ་པའི་ཕྱིར་ཏེ། རྒྱན་གྱི་མཆོད་བརྗོད་ཀྱི་ངག་ལ་བརྟེན་ནས་ཀྱང་ཁྱོད་འབྱུང་བ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེར་ཐལ། དེ་ལ་རབ་ཏུ་དྭང་བས་ཀྱང་ཞེས་གསུངས་ཤིང༌། ཡང་རྒྱན་ལ་དགོས་སོགས་ཆོས་བཞི་ཡོད་དམ་སྙམ་པའི་ཐེ་ཚོམ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། ཞེ་ན། ཐེ་ཚོམ་དེ་ཆོས་ཅན། ཁྱོད་དགོས་འབྲེལ་ངག་གི་དགོས་པ་མ་ཡིན་པར་ཐལ། དེ་མེད་པར་ཡང་ཁྱོད་བསྐྱེད་པའི་ཕྱིར་ཏེ། དགོས་འབྲེལ་གྱི་ངག་མ་བཀོད་ནའང་ཁྱོད་སྐྱེ་བ་ཤས་ཆེ་བའི་ཕྱིར། ཆོས་ཅན་དེའི་ཕྱིར། གཞན་ཡང་ཤེས་བྱ་ཆོས་ཅན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པའི་གཞུང་དེས་མངོན་རྟོགས་རྒྱན་གྱི་དགོས་སོགས་ཆོས་བཞི་བསྟན་པར་ཐལ། གཞུང་དེའི་སྦྱོར་བ་དེ་འཐད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཁྱོད་ཀྱི་ཡུམ་གྱི་མདོའི་དགོས་སོགས་ཆོས་བཞི་བསྟན་པའི་ཕྱིར་ཏེ། གཞུང་འདིས་རྒྱན་གྱི་མདོ་བཤད་ཐབས་ལྔའི་སྒོ་ནས་འཆད་པའི་དགོས་དོན་བཤད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་སོགས་ལ། མངོན་རྟོགས་རྒྱན་ཆོས་ཅན། ཁྱོད་ལ་བརྗོད་བྱ་མེད་པ་མ་ཡིན་ཏེ། མངོན་པར་རྟོགས་པ་བརྒྱད་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། ཞེ་ན། རྒྱན་ཆོས་ཅན། དེ་ཁྱོད་ཀྱི་དངོས་ཀྱི་བརྗོད་བྱར་ཐལ། དེ་ཁྱོད་ཀྱི་དགོས་སོགས་ཆོས་བཞིའི་ནང་ཚན་དུ་གྱུར་པའི་བརྗོད་བྱ་ཡིན་པའི་ཕྱིར། འདོད་ན། དྲང་དོན་གྱི་བསྟན་བཅོས་སུ་ཐལ། ཀུན་རྫོབ་བདེན་པ་དངོས་བསྟན་གྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་བསྟན་བཅོས་ཡིན་པའི་ཕྱིར། རྟགས། གཞན་ཡང༌། རྒྱན་ཆོས་ཅན། ཁྱོད་ཀྱིས་བརྒྱད་པོ་དངོས་སུ་བསྟན་པར་ཐལ། བརྒྱད་པོ་ཁྱོད་ཀྱི་དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྐབས་དང་པོའི་གཞུང་གིས་རྣམ་མཁྱེན་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྐབས་དང་པོར་ཡུལ་ཆོས་བཅུ་པོ་དངོས་སུ་བསྟན་ནས་ཡུམ་རྣམ་མཁྱེན་ཤུགས་ལ་བསྟན་པའི་ཕྱིར། གཞན་གྱིས་མྱོང་བ་མ་ཡིན་ཏེ་ཞེས་པར། རྒྱན་ལ་བརྟེན་ནས་མངོན་རྟོགས་བརྒྱད་མངོན་སུམ་དུ་བྱས་པ་དེ་རྒྱན་གྱིས་ཉིང་དགོས་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་རྒྱན་གྱི་ཉིང་དགོས་མིན་པར་ཐལ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་ཁྱོད་དོན་དུ་མི་གཉེར་བའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་དེས་དོན་དུ་མི་གཉེར་བར་ཐལ། རྒྱན་ལ་བརྟེན་ནས་ཆོས་སྐུ་མངོན་དུ་བྱས་པ་དོན་དུ་མི་གཉེར་བའི་ཕྱིར་ཏེ། རྒྱན་ལ་བརྟེན་ནས་ཡང་དག་མཐའ་དོན་དུ་མི་གཉེར་བའི་ཕྱིར་ཏེ། ཁྱོད་བག་ལ་ཉལ་གྱི་ཉོན་མོངས་པའི་རྒྱུ་ལ་བརྟེན་ནས། འཁོར་བ་མ་སྟོང་བར་དུ་འཁོར་བར་སྐྱེ་བ་ལེན་པ་དོན་དུ་གཉེར་བ་ཡིན་པའི་ཕྱིར་ཏེ། བྱང་སེམས་ཀྱི་རིགས་ཅན་མིན་པའི་ཕྱིར། བདེ་བླག་ཏུ་ནི་རྟོགས་པ་ཞེས་པར། རྒྱན་ལ་བརྟེན་ནས་བརྒྱད་པོ་བདེ་བླག་ཏུ་རྟོགས་པ་དེ་རྒྱན་གྱི་དངོས་ཀྱི་དགོས་པ་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། རྒྱན་ལ་བརྟེན་ནས་བརྒྱད་པོ་བདེ་བླག་ཏུ་རྟོགས་ནུས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྒྲ་མི་རྟག་སྟོན་པའི་བསྟན་བཅོས་ལ་བརྟེན་ནས་སྒྲ་མི་རྟག་པར་དངོས་སུ་རྟོགས་ནུས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཕྱོགས་ཚིག་སྒྲུབ་ངག་གི་ཡན་ལག་ཡིན་པ་ཡོད་པར་ཐལ། སྒྲ་མི་རྟག་པར་སྟོན་པའི་བསྟན་བཅོས་ལ་བརྟེན་ནས་སྒྲ་མི་རྟག་པར་རྟོགས་ནུས་པའི་ཕྱིར། ཡང་རྒྱན་ལ་བརྟེན་ནས། ཞེས་པ་མ་འཆད་ན། བརྒྱད་པོ་བདེ་བླག་ཏུ་རྟོགས་པ་ཆོས་ཅན། ཁྱོད་རྒྱན་གྱི་དགོས་པ་མ་ཡིན་པར་ཐལ། ཁྱོད་རྒྱན་གྱི་འབྲས་བུ་མིན་པའི་ཕྱིར་ཏེ། རྒྱན་གྱི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། རྒྱན་ཆོས་ཅན་རང་གི་བསྟན་བྱའི་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་སོང་དུ་ཐལ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། བསལ་བ་ཁས། བཅོམ་ལྡན་འདས་ཆོས་འཕྲུལ་རྣམ་པ་གསུམ་གྱིས་ཞེས་པར། དར་ཊཱིཀ་པ། ཡུམ་གསུམ་གྱི་བརྗོད་བྱ་གང་ཡིན་པ་དེ་རྒྱན་གྱི་བརྗོད་བྱ་ཡིན་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་ཡིན་པར་ཐལ། ཡུམ་གསུམ་གྱི་བརྗོད་བྱ་ཡིན་ལ་རྒྱན་གྱི་བརྗོད་བྱ་མིན་པ་ཡོད་པའི་ཕྱིར། མ་གྲུབ་ན། ཁས་བླངས། དེར་ཐལ། ཡུམ་གྱི་གླེང་གཞིའི་བརྗོད་བྱ་དེ་རྒྱན་གྱིས་མ་བསྟན་པའི་ཕྱིར། རྟགས་འདིར་ཆོ་འཕྲུལ་གསུམ་ལ། རྫུ་འཕྲུལ་གྱི་ཆོ་འཕྲུལ། རྗེས་སུ་བསྟན་པའི་ཆོ་འཕྲུལ། ཆོས་ཀུན་བརྗོད་པའི་ཆོ་འཕྲུལ་གསུམ་ལ་བྱེད་ཟེར་བ་མི་འཐད་དེ། འདིའི་ཆོ་འཕྲུལ་གསུམ་པོ་དེ་ཤེར་ཕྱིན་གསུངས་པའི་ཆོ་འཕྲུལ་གསུམ་ལ་བྱ་རིགས་པ་གང་ཞིག དེ་སྔ་མ་གསུམ་པོ་ལ་བྱ་མི་རིགས་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། སྟོན་པས་འདི་ལས་བཤད་པ་གང་ཞེས་པའི་གདམས་ངག་དེ་ཤེར་ཕྱིན་གྱི་མདོའི་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ཤེར་ཕྱིན་གསུངས་པའི་ཆོ་འཕྲུལ་གསུམ་ནི། ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་གྱི་ཆོ་འཕྲུལ། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་གསུམ་ལ་བྱེད་རིགས་པའི་ཕྱིར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པའི་སྐབས་སུ། མཚན་ཉིད་དང༌། སྦྱོར་བ་དྲིས་པས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་དེ་ཤེར་ཕྱིན་གྱི་མཚན་ཉིད་ཡིན་ཟེར་ན། སྟོང་ཉིད་མངོན་སུམ་རྟོགས་པའི་གཙོ་བོ་རྣམས་རིག་ཆོས་ཅན། མཚན་ཉིད་དེར་ཐལ། ཤེར་ཕྱིན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ལམ་ཤེར་ཕྱིན་ཡིན་པའི་ཕྱིར། རྩ་བར་འདོད་ན། ཤེས་རབ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སེམས་བྱུང་དུ་ཐལ་ལོ། །ཤེར་ཕྱིན་ལ་འབྲས་བུ་ཤེར་གྱིས་ཁྱབ་པ་དང༌། མཚན་ཉིད་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་སྲིད་ཞི་གཉིས་ཀྱི་ཕ་མཐར་སོན་པ་ཟེར་ན། སྟོང་ཉིད་མངོན་སུམ་དུ་རྟོག་པའི་གཙོ་བོ་རྣམ་རིག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཞེས་སྔ་མ་ལྟར་འཕེན་ཅིང༌། གཞན་ཡང༌། སྟོང་ཉིད་མངོན་སུམ་དུ་རྟོག་པའི་བྱང་སེམས་མཐོང་ལམ་པའི་ཤེས་རབ་ཆོས་ཅན། ཤེར་ཕྱིན་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། འབྲས་བུ་ཤེར་ཕྱིན་དུ་ཐལ་ལོ། །རྩ་བར་མ་གྲུབ་ན། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློར་ཐལ། ཤེས་རབ་ཡིན་པའི་ཕྱིར། སྲིད་ཞི་གང་རུང་གི་མཐའ་ལ་མི་གནས་པའི་ཤེར་ཕྱིན་ཡིན་པའི་ཕྱིར་ཏེ། ཚུར་རོལ་ཕ་རོལ་མཐའ་ལ་མིན་ཞེས་པའི་སྐབས་ནས་བསྟན་པའི་ཤེར་ཕྱིན་ཡིན་པའི་ཕྱིར། དར་ཊཱིཀ་པ། ཁྱད་ཆོས་བཞིས་ཁྱད་པར་དུ་བྱས་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་ཤེར་ཕྱིན་གྱི་མཚན་ཉིད་ཡིན་ཟེར་ན་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། ཤེར་ཕྱིན་ཡིན་པའི་ཕྱིར། འདོད་ན། གཟུང་འཛིན་གཉིས་ཀྱི་སྣང་བ་མི་མངའ་བའི་ཡེ་ཤེས་སུ་ཐལ། འདོད་པའི་ཕྱིར། འདོད་ན། གཟུང་འཛིན་གཉིས་ཆོས་ཅན། ཁྱོད་མེད་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ལ་ཁྱོད་ཀྱི་སྣང་བ་མི་མངའ་བའི་ཕྱིར། རྟགས། ཞེས་པ་ནི་ཚིག་གོ །གཞན་ཡང་མཚན་ཉིད་དེ་མི་འཐད་པར་ཐལ། དེ་ཤེར་ཕྱིན་གྱི་མཚན་གཞི་ཡིན་གྱི་མཚན་ཉིད་དུ་མ་བསྟན་པའི་ཕྱིར། དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། ཞེས་པའི་གཞུང་དེས་དེ་ཤེར་ཕྱིན་གྱི་མཚན་ཉིད་དུ་མ་བསྟན་པ་གང་ཞིག གཞན་སྟོན་བྱེད་མེད་པའི་ཕྱིར། དང་པོ་མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་མིང་ཚིག་གི་ཚོགས་ཀྱི་གཞུང་དང༌། མཐོང་བ་ལ་སོགས་པའི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནི་བཏགས་པའོ། །ཞེས་པའི་གཞུང་དེས་ཤེར་ཕྱིན་བཏགས་པ་བའི་མཚན་ཉིད་བསྟན་པར་ཐལ། གཞུང་སྔ་མས་ཤེར་ཕྱིན་མཚན་ཉིད་པའི་མཚན་ཉིད་བསྟན་པའི་ཕྱིར། དེས་ན་གཞུང་ཕྱི་མ་གཉིས་ཀྱིས་ཤེར་ཕྱིན་དངོས་བཏགས་ཀྱི་མཚན་གཞི་ཙམ་བསྟན་པ་ཡིན་ནོ། །སྦྱོར་བ་ལ། རྣམ་བཤད་ལྟར་ན། བྱམས་པ་ཆོས་ཅན། ཤེར་ཕྱིན་ཡང་དག་པར་བཤད་པ་ཡིན་ཏེ། དངོས་བརྒྱད་ཀྱི་སྒོ་ནས་མདོ་ཇི་ལྟ་བ་བཞིན་བཤད་པའི་ཕྱིར། ཞེས་ཟེར། རྗེ་བཙུན་བྱམས་པ་ཆོས་ཅན། རྟོགས་དེ་མ་ཡིན་པར་ཐལ། ཡུམ་གྱི་མདོས་བཤད་ཚུལ་དང་ཁྱོད་ཀྱི་བཤད་ཚུལ་མི་འདྲ་བའི་ཕྱིར་ཏེ། མདོས་དངོས་པོ་བརྒྱད་ཀྱི་སྒོ་ནས་མ་བཤད་པའི་ཕྱིར་ཏེ། མདོས་མངོན་རྟོགས་བརྒྱད་ཀྱི་སྒོ་ནས་མ་བཤད་པའི་ཕྱིར་ཏེ། ཤེར་ཕྱིན་དང་མངོན་རྟོགས་བརྒྱད་སྦྱར་ནས་བཤད་པ་དེ་རྒྱན་གྱི་ཁྱད་ཆོས་ཡིན་པའི་ཕྱིར། བསྡུས་པའི་དོན་གྱི་ཞེས་ཟེར་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཡན་ལག་རྒྱས་བཤད་ཀྱི་གོང་འདིར་ལུས་རྣམ་བཞག་ལ་འགྲེལ་པ་རྒྱས་པ་མ་མཛད་དེ། ཟེར་ན། སེང་གེ་བཟང་པོ་ཆོས་ཅན། ཁྱོད་ཀྱིས་དེ་མཛད་པར་ཐལ། ཁྱོད་ཀྱི་དེ་འགྲེལ་ཆེན་དུ་མཛད་པའི་ཕྱིར་ཏེ། ཁྱོད་ཀྱི་དེར་བརྒྱད་སྟོང་པའི་ལེའུ་སོ་གཉིས་ཀྱིས་དངོས་བརྒྱད་དོན་བདུན་བཅུ་དང་བཅས་པ་ཇི་ལྟར་སྟོན་པའི་ཚུལ་ཡན་ལག་རྒྱས་བཤད་ཀྱི་གོང་དུ་མཛད་པའི་ཕྱིར་རོ། །ཇི་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ཞེས་ཟེར་ན། རྣམ་མཁྱེན་ཆོས་ཅན། སྐབས་བརྒྱད་ཀྱི་དང་པོར་སྟོན་པའི་རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན་པའི་རྒྱུ་མཚན་གྱིས་དེའི་དང་པོར་བསྟན་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། ཐོག་མར་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་སྐབས་དང་པོར་རྣམ་མཁྱེན་བསྟན་པར་ཐལ། རྣམ་མཁྱེན་དེ་ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན་པའི་རྒྱུ་མཚན་གྱིས་དེར་བསྟན་པའི་ཕྱིར། འདོད་ན། སྐབས་དང་པོར་རྣམ་མཁྱེན་འབྲས་བུའི་ལྡོག་པ་ནས་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། བརྒྱད་པར་ཆོས་སྐུ་བསྟན་པ་དང་དང་པོར་རྣམ་མཁྱེན་བསྟན་པ་གཉིས་ཟློས་པར་ཐལ། འདོད་པའི་ཕྱིར། རྣམ་བཤད་ཀྱི་ཕྱོགས་ལ་གསུམ་ཆར་ཡང་ཤེས་བྱ་ཆོས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་བྱའི་འབྲས་བུ་མཐར་ཐུག་ཡིན་པའི་རྒྱུ་མཚན་གྱིས་འབྲས་བུ་ཆོས་སྐུ་དེ་སྐབས་བརྒྱད་ཀྱི་མཐའ་མར་བསྟན་པར་ཐལ། དེ་མཐའ་མར་སྟོན་པའི་རྒྱུ་མཚན་ཡང་དག་གཅིག་ཡོད་པའི་ཕྱིར། རྟགས་ཚད་མ། འདོད་ན། སྒྲིག་ཅིང༌། ཤེས་བྱ་ཆོས་ཅན། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡང་དག་གཅིག་ཡོད་པར་ཐལ། བྱང་སེམས་ཀྱི་ཐོབ་བྱའི་འབྲས་བུའི་མཐར་ཐུག་ཡིན་པ་དེ་སྐབས་བརྒྱད་ཀྱི་དང་པོ་བསྟན་པའི་རྒྱུ་མཚན་གང་གི ཆོས་སྐུ་དེ་མཐའ་མར་སྟོན་པའི་རྒྱུ་མཚན་ཡིན་པའི་ཕྱིར། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར་ཞེས་སོགས་ལ། སྤྱི་དོན་ལ་དོགས་པ་དཔྱད་པ་དང༌། གཞུང་དོན་ལ་དོགས་པ་དཔྱད་པ་གཉིས། དང་པོ་ནི། རྣམ་བཤད་ལས། འདུ་ཤེས་མེད་པ་ལ་སེམས་བསྐྱེད་དངོས་སུ་མི་སྐྱེ་སྟེ། ཡིད་ཤེས་མེད་པའི་ཕྱིར་ཞེས་གསུང༌། འདུ་ཤེས་མེད་པའི་སེམས་ཅན་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཤེས་པ་མེད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཡིད་ཤེས་མེད་པ་གང་ཞིག དབང་ཤེས་མེད་པའི་ཕྱིར། འདོད་ན། ཡོད་པར་ཐལ། སེམས་ཅན་ཡིན་པའི་ཕྱིར། ཡང་རྣམ་བཤད་ལས། རྐྱེན་གྱིས་ཡོངས་སུ་སད་པའི་རིགས་ཀྱི་ནུས་པ་དེ་སེམས་བསྐྱེད་ཀྱི་ཉེར་ལེན་ཡིན་ནོ་ཞེས་གསུང༌། དེ་ཆོས་ཅན། མ་ཡིན་པར་ཐལ། ཤེས་པ་མ་ཡིན་པའི་ཕྱིར་ཏེ། མི་ལྡན་པའི་འདུ་བྱེད་ཡིན་པའི་ཕྱིར། མ་གྲུབ་ན་དེ་དེར་ཐལ། དེ་ཡོད་པའི་ཕྱིར། གཞན་ཡང་རིགས་ཆོས་ཅན། ཁྱོད་མི་རྟག་པར་ཐལ། ཁྱོད་ཀྱི་ནུས་པ་ཡོད་པའི་ཕྱིར། ཡང་རྣམ་བཤད་ལས། རྫོགས་བྱང་དོན་གཉེར་གྱི་འདོད་པ་དང་གཙོ་བོ་རྣམ་རིག་ལ་སེམས་བསྐྱེད་ཀྱི་སྒྲ་དོན་མི་འདོར་བར་གསུངས་པ་ལ། སྐྱོན་བརྗོད་པ་ལ་ལ་ན་རེ། རྫོགས་བྱང་དོན་གཉེར་གྱི་འདོད་པ་ཆོས་ཅན། སེམས་བྱུང་མ་ཡིན་པར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། འཁོར་གསུམ། རྟགས་ཁས་བླངས་ཏེ། སེམས་བསྐྱེད་ཀྱི་སྒྲ་དོན་མི་འདོར་བའི་ཕྱིར། ཟེར་ན། མགོ་མཚུངས་ནི། གཞུང་ཤེར་ཕྱིན་ཆོས་ཅན། ཤེར་ཕྱིན་གྱི་སྒྲས་བརྗོད་རིགས་མིན་པར་ཐལ། ཁྱོད་ལ་ཤེར་ཕྱིན་གྱི་སྒྲ་དོན་འདོར་བའི་ཕྱིར། བསལ་བ་དངོས། མ་གྲུབ་ན། ཤེར་ཕྱིན་དུ་ཐལ། ཤེར་ཕྱིན་གྱི་སྒྲ་དོན་མི་འདོད་པའི་ཕྱིར། འཁོར་གསུམ་ཁས་བླངས་སོ། །རྣལ་མའི་ལན་ནི། མཚོ་ལས་སྐྱེས་པའི་རྣལ་འབྱོར་པ་ཆོས་ཅན། མཚོ་སྐྱེས་སུ་ཐལ། ཁྱོད་ལ་མཚོ་སྐྱེས་ཀྱི་སྒྲ་བཤད་དུ་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས། དེར་ཐལ། ཁྱོད་མཚོ་ལས་སྐྱེས་པའི་ཕྱིར། འདོད་ན། པདྨར་ཐལ། མཚོ་སྐྱེས་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། འགལ་འདུ་མུ་གསུམ་པའི་སྒྲ་མི་སྲིད་པར་ཐལ། སྒྲ་བཤད་པ་ཡོད་ཅིང་འཇུག་པ་མི་སྲིད་པའི་ཕྱིར། རྟགས་ཁས་བླངས་སོ། །ཡང༌། རྣམ་བཤད་ལས། སྨོན་འཇུག་གི་ཁྱད་པར། གཞན་དོན་དུ་འབྲས་བུ་བྱང་ཆུབ་ལ་དམིགས་པ་སྨོན་པ་སེམས་བསྐྱེད་དང༌། བྱང་ཆུབ་ལམ་གྱི་ཆེད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དམིགས་པ་འཇུག་པ་སེམས་བསྐྱེད་དོ། །ཞེས་སྨྲ་བ་མི་འཐད་དེ། འཇུག་སེམས་ལ་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་དོན་མི་གནས་སོ་ཞེས་གསུངས། བྱང་ཆུབ་ལམ་གྱི་ཆེད་དུ་ཕྱིན་དྲུག་ལ་དམིགས་ན་འབྲས་བུ་བྱང་ཆུབ་ལམ་ལ་མ་དམིགས་དགོས་པར་ཐལ། འཇུག་སེམས་དེས་དེ་ལ་དམིགས་ན། འཇུག་སེམས་ལ་ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའི་དོན་མ་ཚང་དགོས་པའི་ཕྱིར། རྟགས་དངོས་འགལ། འདོད་ན། དེ་མ་ཡིན་པར་ཐལ། བྱང་ཆུབ་ལམ་གྱི་ཆེད་དུ་ཕྱིན་དྲུག་ལ་དམིགས་ན་བྱང་ཆུབ་ལམ་ལ་དམིགས་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། བྱང་ཆུབ་དེ་ཆེད་དུ་བྱ་བའི་དམིགས་པ་ཡིན་དགོས་པའི་ཕྱིར། གཞན་ཡང༌། གཞན་དོན་དུ་རྫོགས་བྱང་ལ་དམིགས་ན་གཞན་དོན་ལ་མ་དམིགས་དགོས་པར་ཐལ། བྱང་ཆུབ་ཀྱི་ཆེད་དུ་ཕྱིན་དྲུག་ལ་དམིགས་ན་བྱང་ཆུབ་ལ་མ་དམིགས་དགོས་པའི་ཕྱིར། འདོད་ན། གཞན་དོན་ལ་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བའི་དམིགས་པ་དང༌། རྫོགས་བྱང་ལ་སེམས་བསྐྱེད་ཀྱི་དངོས་ཀྱི་དམིགས་པར་བཤད་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཡང་རྣམ་བཤད་ལས། སྨོན་སེམས་སྦྱོར་ལམ་ཡན་ཆད་དུ་འགྲོ་བ་མི་སྲིད་དེ། སྦྱོར་ལམ་ཡན་ཆད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཡིན་ན་བསླབ་པའི་གྲོགས་ཀྱིས་ཟིན་པས་ཁྱབ་པའི་ཕྱིར། ཞེས་གསུངས། ཤེས་བྱ་ཆོས་ཅན། སྦྱོར་ལམ་ཡན་ཆད་དུ་སྨོན་སེམས་འགྲོ་བར་ཐལ། དེ་ཡན་ཆད་དུ་སྨོན་སེམས་ཀྱི་རྫས་རྒྱུན་གོང་འཕེལ་དུ་འགྲོ་བའི་ཕྱིར། མ་གྲུབ་ན། རྣམ་བཤད་དང་འགལ། ཡང་རྣམ་བཤད་ལས། བྱང་ཆུབ་ཐོབ་པར་སྨོན་པའི་ཆ་ནས་སྨོན་སེམས་དང༌། བསླབ་པ་དང་ལྷན་ཅིག་ཏུ་འཇུག་པའི་ཆ་ནས་འཇུག་སེམས་ཡིན་ནོ་ཞེས་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བར་འདོད་པའང་མི་འཐད་དེ། སྨོན་འཇུག་གཉིས་པོ་དེ་འགལ་བ་ཁོ་ན་ཡིན་པའི་ཕྱིར། ཞེས་གསུངས། འོ་ན་འགལ་ན་ངོ་བོ་གཅིག་མཁྱེན་དགོས་པར་ཐལ། སྔ་མ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། བདེན་པ་གཉིས་ཆོས་ཅན། དེར་ཐལ། འགལ་བ་ཡིན་པའི་ཕྱིར། ཡང་རྣམ་བཤད་ལས། བདག་རྐྱེན་དགེ་བའི་བཤེས་གཉེན་དང་རྒྱུ་ཚོགས་གཉིས་རྫོགས་པ་ལས་སྐྱེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་དུ་གསུངས་པ་དེ་ལྟར་ཁས་ལེན་ན། དོན་དམ་སེམས་བསྐྱེད་ཡིན་ན་སྒྲིབ་པ་སྤངས་པས་ཁྱབ་པར་ཐལ། དོན་དམ་སེམས་བསྐྱེད་ཡིན་ན་ཚོགས་གཉིས་རྫོགས་པས་ཁྱབ་པའི་ཕྱིར། ཡང་རྣམ་བཤད་ལས། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པའི་རྟེན་དུ་སོ་ཐར་དགོས་པར་བཤད་ན་སླར་ཡང་བྱང་སེམས་ཀྱི་སྡོམ་པའི་རྟེན་དུ་སོ་སོ་ཐར་པ་རིགས་བདུན་གང་རུང་དགོས་པར་འདོད་པ་ནི་མི་འཐད་དེ། ཚེའི་འདུ་བྱེད་བཏང་བའི་འོག་རོལ་ཏུ་བྱང་སེམས་ཀྱི་སྡོམ་པ་བཟློག་པར་ཐལ། སོ་སོ་ཐར་པའི་སྡོམ་པ་བཟློག་པའི་ཕྱིར། ཞེས་གསུངས། འོ་ན་ཤེས་བྱ་ཆོས་ཅན། ཚེའི་འདུ་བྱེད་བཏང་བའི་འོག་རོལ་ཏུ་སེམས་ཙམ་ལུགས་ཀྱི་བྱང་སེམས་ཀྱི་སྡོམ་པ་བཟློག་པར་ཐལ། ཚེའི་འདུ་བྱེད་བཏང་བའི་འོག་རོལ་ཏུ་སོ་སོ་ཐར་པའི་སྡོམ་པ་བཟློག་པའི་ཕྱིར། འཁོར་གསུམ་སྒྲིག་མཚམས་དང་བཅས་པ་ཁས་བླངས་སོ། །ཡང་རྣམ་བཤད་ལས། བྱང་སེམས་ཀྱི་བསླབ་པ་དང་འཇུག་སེམས་གཏོང་ཐོབ་གཅིག་གསུང༌། འོ་ན་སངས་རྒྱས་ཀྱི་ས་ན་འཇུག་སེམས་མེད་པར་ཐལ། བྱང་སེམས་ཀྱི་བསླབ་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང་རྟགས་ཀྱང་ཁས་བླངས་ཏེ། དེ་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་སྡོམ་པ་ཡིན་པའི་ཕྱིར། དེའི་ཡང་ཁྱབ་པ་ཁས་བླངས་ཏེ། ཇི་སྲིད་འཚོའི་བར་གྱི་སྡོམ་པ་ཡིན་ན། ཤི་བའི་འོག་རོལ་ཏུ་གཏོང་བས་ཁྱབ་པར་ཁས་བླངས་པའི་ཕྱིར། ཡང་རྣམ་བཤད་ལས། སོ་སོ་ཐར་པ་རིགས་བདུན་གང་རུང་གི་མི་མཐུན་ཕྱོགས་རང་བཞིན་ཁ་ན་མ་ཐོ་བ་ལས་མ་ལོག་པར་བྱང་སེམས་ཀྱི་སྡོམ་པ་ལེན་པའི་སྐལ་བ་ཅན་དུ་མི་འགྲུབ་ཞེས་བཤད། འོ་ན་བྱང་སེམས་ཀྱི་སྡོམ་པའི་རྟེན་ཡིན་ན། དེ་ལས་ལོག་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་འདོད་གཟུགས་ཀྱི་སེམས་ཅན་ཐམས་ཅད་ཆོས་ཅན། དེར་ལ། དེའི་ཕྱིར། རྟགས་ཁྱབ་རྣམ་བཤད་ཉིད་ལས་ཁས་བླངས། འདོད་ན། ཚད་མས་འགལ། ཡང༌། རྣམ་བཤད་ལས། སྨོན་སེམས་ནི་སྡོམ་པས་མ་ཟིན་པའི་དགེ་བ་ཙམ་ཡིན་པས་བསོད་ནམས་རྒྱུན་ཆགས་སུ་མི་འབྱུང་ཞེས་གསུང༌། ཤེས་བྱ་ཆོས་ཅན། སྨོན་སེམས་ཡིན་ན་སྡོམ་པས་མ་ཟིན་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སོ་ཐར་སྡོམ་ལྡན་གྱི་རྒྱུད་ཀྱི་སྨོན་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་རྣམ་བཤད་ལས། སྨོན་སེམས་ཆོ་གས་མི་ལེན་པའི་སྒྲུབ་བྱེད་དུ་བྱང་ཆུབ་ཐོབ་འདོད་ཀྱི་བློ་ཡོད་ན་དེ་ཉིད་ཀྱིས་གྲུབ་ཟིན་པས་ཆོ་ག་མི་དགོས་ལ། མེད་ན་ཆོ་གས་བླངས་ཀྱང་མི་སྐྱེ་བའི་ཕྱིར་ཞེས་གསུང༌། རྫོགས་བྱང་ཐོབ་འདོད་ཀྱི་བློ་ཆོས་ཅན། ཆོ་གས་བླངས་ཀྱང་མི་སྐྱེ་བ་དེ་མིན་པར་ཐལ། ཆོ་ག་ལ་བརྟེན་ནས་ཁྱོད་སྐྱེ་བ་ཡོད་པའི་ཕྱིར། མ་གྲུབ་ན། ཆོ་ག་ལ་བརྟེན་ནས་འཇུག་སེམས་སྐྱེ་བ་བུད། ཡང་འཇུག་སེམས་སྐྱེ་བའི་རྟེན་དུ་སྨོན་སེམས་ངེས་པར་དགོས་པར་ཁས་ལེན་དགོས་སོ། །ལུང་དོན་རིགས་པས་དཔྱོད་པའི་མཐུ་མེད་ཀྱང༌། །རྨོངས་པས་མཁས་པར་བཅོས་པའི་མངོན་རློམ་གྱིས། །རྣམ་བཤད་གོམས་པས་འདོད་པའི་རྗེས་འཇུག་འགའ། །འདི་ལན་བསྐལ་བརྒྱར་བསམས་ཀྱང་ཤེས་མི་ནུས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་གཞུང་གི་དོན་ལ་དོགས་པ་དཔྱད་པ་ལ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་དྲིས་པས། གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཟེར་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་དང་མཚུངས་ལྡན་ལྔ་མཚུངས་མ་ཡིན་པའི་ཕྱིར། དེར་ཐལ། དེ་དང་རྟེན་མི་མཚུངས་པའི་ཕྱིར། དེར་ཐལ། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་ན་ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡིན་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། བྱང་སེམས་མཐོང་ལམ་པའི་བཤག་གོ །ཡང༌། མཚན་ཉིད་ཀྱི་ཟུར་དུ་རང་གི་གྲོགས་ཞེས་ཟེར་ན། གཙོ་བོ་རྣམ་རིག་ཆོས་ཅན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དུ་ཐལ། རང་གི་གྲོགས་གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་འཁོར་དུ་བྱུང་བའི་འདོད་པ་དེ་ཡོད་པའི་ཕྱིར། མ་གྲུབ་ན། འདོད་པ་དེ་ཆོས་ཅན། གཙོ་བོ་རྣམ་རིག་གི་འཁོར་དུ་བྱུང་བའི་ཁྱོད་ཡོད་པར་ཐལ། ཁྱོད་དང་མཚུངས་པར་ལྡན་པའི་གཙོ་བོ་རྣམ་རིག་ཡོད་པའི་ཕྱིར་ཏེ། ཁྱོད་སེམས་བྱུང་ཡིན་པའི་ཕྱིར། སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ་ཞེས་པར་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་དེ། ཁྱོད་མ་དབྱེ་ན་སྨོན་འཇུག་གཉིས་སུ་ཡོད་པའི་ཕྱིར། ཟེར་ན། དེ་ཆོས་ཅན། སྨོན་འཇུག་གང་རུང་ཡིན་ན་ཁྱོད་ཡིན་དགོས་པར་ཐལ། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་པའི་ཕྱིར། འདོད་ན། འཇུག་སྡོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར་ཏེ། སྡོམ་པ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། འཇུག་སྡོམ་ཡིན་པའི་ཕྱིར། གཉིས་པོའི་མཚན་ཉིད་དྲིས་པས། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དེ་སྨོན་པ་སེམས་བསྐྱེད་དང༌། གྲོགས་ཀྱི་ཟིན་པ་དེ་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཟེར་ན། ཚིག་ལྟར་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྨོན་འཇུག་གཉིས་པོ་དེ་དངོས་སུ་འགལ་བར་ཐལ། མཚན་ཉིད་གཉིས་པོ་དངོས་འགལ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པར་ཐལ། ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་མ་ཡིན་པའི་ཕྱིར། ཁྱབ་པ་དངོས་འགལ། རྩ་བར་མ་གྲུབ་ན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་ཟིན་པ་དེ་ཆོས་ཅན། ཁྱོད་ཀྱིས་ཟིན་པ་དང་ཁྱོད་ཀྱིས་མ་ཟིན་པ་གཉིས་པོ་དངོས་འགལ་ཡིན་པར་ཐལ། དེ་གཉིས་ཀ་གཞི་གྲུབ་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཆོས་ཅན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དེ་ཁྱོད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། མ་ཡིན་པའི་ཕྱིར། རྟགས་མགོ་གཉིས་ལས། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དུ་ཐལ། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་པ་ན། རི་རྭ་ཆོས་ཅན། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དུ་ཐལ། བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པའི་ཕྱིར། རྟགས་ཕྱོགས་གཅིག་ཏུ་སྡོམ་པ་ཡིན་ནོ། །ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཡིན་པར་ཐལ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པ་དེ། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་མ་ཟིན་པའི་གཞི་མཐུན་དེ་དེའི་མཚན་ཉིད་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་ཟིན་པ་དེ་ཆོས་ཅན། ཁྱོད་ཀྱིས་གཞི་མཐུན། རྟག་པ་ཡིན་པར་ཐལ། ཁྱོད་ཀྱི་གཞི་མཐུན་ཡོད་པའི་ཕྱིར། ཡང་ཁ་ཅིག་ན་རེ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ཡིན་ཁྱོད་ཡིན་པའམ་ཁྱོད་ཀྱི་ནང་ཚན་དུ་གྱུར་པའི་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་མེད་པ་ཡང་ཡིན་པའི་གཞི་མཐུན་པ་དེ་ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པའི་མཚན་ཉིད། ཡང༌། ཁྱོད་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ཡིན་ཁྱོད་ཡིན་པའམ། ཁྱོད་དེའི་ནང་ཚན་དུ་གྱུར་པའི་སྨོན་པ་སེམས་བསྐྱེད་མེད་པའང་ཡིན་པའི་གཞི་མཐུན་པ་དེ་ཁྱོད་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡིན་པའི་མཚན་ཉིད་ཡིན་ཟེར་ན། མཚན་ཉིད་དེ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་མ་ཡིན་པར་ཐལ། དེ་ཡོད་ན་ཁྱོད་ཡོད་མི་དགོས་པའི་ཕྱིར། མ་གྲུབ་ན། རི་བོང་གི་རྭས་བཤག་གོ །ཅི་སྟེ་འདོད་དོ་ཞེ་ན། ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པ་དེ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་མེད་པར་ཐལ། གཞི་གྲུབ་ན་ཁྱོད་ཀྱི་མཚན་ཉིད་མ་ཡིན་དགོས་པའི་ཕྱིར། བསལ་བ་ཁས་བླངས། རྟགས་རེ་ཞིག་མཚུངས་པའི་ཚུལ་གྱིས་འབུད་དོ། །དེ་ལ་ཁོ་ན་རེ། སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་སྔ་མ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཟེར་ན། འདོད་དོ་ཞེས་བྱ་ཞིང༌། མཚན་ཉིད་དེ་ཆོས་ཅན། ཁྱོད་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པར་ཐལ། ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ། ཡང་ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པ་ཆོས་ཅན། ཁྱོད་མཚོན་བྱ་མིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡིན་པ་མི་སྲིད་པའི་ཕྱིར། བསལ་བ་ཁས་བླངས་ཤིང༌། མ་གྲུབ་ན། ཁྱོད་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡིན་པ་ཆོས་ཅན། ཁྱོད་མཚོན་བྱ་མ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡིན་པ་མི་སྲིད་པའི་ཕྱིར། བསལ་བ་ཁས་བླངས། མ་གྲུབ་ན། ཁྱོད་ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་ཡིན་པའི་མཚན་ཉིད་ཡིན་པ་ཡོད་ན། ཁྱོད་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡིན་པའི་མཚན་ཉིད་ཡིན་པ་ཡོད་པ་བུད། ཅེས་བྱའོ། །དར་ཊཱིཀ་པ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པ་དེ། ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད། མེད་པ་དེ་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ཞེས་ཟེར་རོ། །ཁས་བླངས་ནང་འགལ་བ་དགག་པར་བྱ་སྟེ། འཇུག་སྡོམ་མ་བླངས་པའི་གོང་གི་སྨོན་པ་སེམས་བསྐྱེད་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཕྱི་མ་དེར་ཐལ། རྫོགས་བྱང་དོན་གཉེར་གྱི་དྲན་འདུན་དུ་རེ་བ་ཡོད་པའི་ཕྱིར། དེར་ཐལ། རྫོགས་བྱང་དོན་གཉེར་གྱི་འདོད་པ་ཡོད་པའི་ཕྱིར་ཏེ། དེ་དོན་གཉེར་གྱི་འདུན་པ་ཡོད་པའི་ཕྱིར། དེ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས། གཞན་ཡང་འཇུག་སྡོམ་བླངས་ཕྱིན་ཆད་ཀྱི་སྨོན་པ་སེམས་བསྐྱེད་ཆོས་ཅན་ནོ། །མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྔ་མ་ཆོས་ཅན་དང་བཅས་པ་ཊཱི་ཀར་ཁས་བླངས་ཤིང༌། ཕྱི་མ་དེ་ལ། སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་པའི་ཕྱིར། ཁྱབ་པ་ཊཱི་ཀར་ཁས་བླངས་ཤིང༌། རྟགས་དེར་ཐལ། འཇུག་སྡོམ་གྱིས་ཟིན་པའི་ཕྱིར། ཁྱབ་པ་ཊཱི་ཀར་ཁས་བླངས། ཡང་དར་ཊཱིཀ་པས། སྨོན་འཇུག་གི་མཚན་ཉིད་ལ། སེམས་བསྐྱེད་སྤྱིའི་མཚན་ཉིད་ཞུགས་པ་ལ་ཁྱད་པར་མེད་ལ། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་དང་མ་ཟིན་པའོ་ཞེས་བཤད་ནས། སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་པ་ལའང༌། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བས་ཟིན་མ་ཟིན་གཉིས་སུ་བྱས་ནས། སྔ་མ་ལ་སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་དོན་དང༌། ཕྱི་མ་ལ་མ་ཟིན་པའི་དོན་དུ་བྱེད་པ་ནི་ནང་འགལ་བའི་འཕྲེང་བ་སྟེ། འདི་ལྟར། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་ཅིང༌། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་རེ་བ་མེད་པའི་ཐེག་ཆེན་གྱི་སེམས་བསྐྱེད་དེ་ཆོས་ཅན། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པར་ཐལ། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པ་ཡིན་པའི་ཕྱིར། འཁོར་གསུམ་དངོས་འགལ་ལོ། །གཞན་ཡང་འཇུག་སྡོམ་གཟུང་རྗེས་ཀྱི་སྨོན་པ་སེམས་བསྐྱེད་ཆོས་ཅན། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བ་དངོས་སུ་ཡོད་པར་ཐལ། སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པའི་ཕྱིར། གསུམ་ཆར་དངོས་འགལ་ལོ། །འདི་ལྟ་བུའི་འགལ་བ་འབྱུང་བའི་རྒྱུ་མཚན་ནི། སྒོམ་རིམ་ལས། གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བླངས་པ་ནས་བཟུང་སྟེ། ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ། །ཞེས་པའི་དོན་འཆད་པ་ན། སྨོན་སེམས་ལ་སྡོམ་པས་མ་ཟིན་པས་ཁྱབ་པར་ཁས་བླངས་ཤིང༌། སླར་ཡང་ས་ཐོབ་ནས། སྨོན་སེམས་ཡོད་པའི་བསྒྲུབ་བྱེད་དུ་འཇུག་སྡོམ་བླངས་ཕྱིན་ཆད་སྤྱོད་པ་ལ་བསླབ་པའི་ཚུལ་གཉིས་ཡོད་དེ། སེམས་བསྐྱེད་ཀྱི་ཀུན་ནས་བླངས་པ་ཙམ་ལ་ཁྱད་པར་མེད་ཀྱང༌། རྣམ་མཁྱེན་དོན་གཉེར་གྱི་དྲན་འདུན་དུ་རེ་བས་དངོས་སུ་ཟིན་མ་ཟིན་གཉིས་སུ་བཤད་པ་ཡིན་ནོ། །ཡང་དར་ཊཱིཀ་པས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པ་འཕགས་པའི་རྒྱུད་ལ། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་མེད་པར་འདོད་པ་ན་མི་འཐད་དེ། འདི་ལ་རིགས་པ་དང་འགལ་བ་དང༌། ཁས་བླངས་དང་འགལ་བ་གཉིས། དང་པོ་ནི། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་འཇུག་སྡོམ་ཡོད་པའི་ཕྱིར། དེར་ཐལ། དེ་ཐོབ་རྒྱུས་ཐོབ་ཅིང་གཏོང་རྒྱུས་མ་བཏང་བའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་འཕགས་པ་ཡིན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་གྱི་ཀུན་རྫོབ་སེམས་བསྐྱེད་སློབ་ལམ་ན་མི་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཤེར་ཕྱིན་དང་མཚུངས་ལྡན་གྱི་སེམས་བསྐྱེད་སློབ་ལམ་ན་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་འོག་ཏུ་བཅུ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུའི་བསྡུས་ཏེ་ཞེས་པ་དང་འགལ། གཉིས་ཁས་བླངས་འགལ་བས་དགག་པ་ལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་རྫོགས་བྱང་དོན་གཉེར་གྱི་འདོད་པ་ཡོད་པའི་ཕྱིར། དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་རང་དོན་ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་བྱང་སེམས་ཡིན་པའི་ཕྱིར། བྱང་སེམས་པ་ལ་རང་དོན་དོན་གཉེར་ཡོད་པའི་སྐབས་སུ། འཁོར་གསུམ་ཁས་བླངས། གཞན་ཡང༌། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། རང་དོན་ཞི་བ་རྐྱང་པ་ཙམ་གྱིས་ཆོག་པས་འཛིན་པར་ཐལ། རང་དོན་མཐར་ཐུག་པ་ཆོས་སྐུ་ལ་དོན་གཉེར་མེད་པའི་བྱང་སེམས་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་དེའི་སྐབས་སུ་ཁས་བླངས་སོ། །ཤེས་བྱ་ཆོས་ཅན། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་རྒྱུད་ལ་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཡོད་པར་ཐལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཡོད་པར་ཐལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཕྱིར། ཁྱབ་ཚད་གྲུབ། རྟགས་ཁས་བླངས་ཤིང༌། དེའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཐལ། ལམ་ཤེས་ཡིན་པའི་ཕྱིར། གསུམ་ཆར། གཞན་ཡང༌། ཤེས་བྱ་ཆོས་ཅན། སྔ་མ་དེར་ཐལ། རྒྱུན་མཐའ་ན་ཆོས་ཀྱི་དགའ་སྟོན་དང་ལྡན་པའི་སེམས་བསྐྱེད་ཡོད་པའི་ཕྱིར། རྟགས་སྦྱོར་བ་དང་དངོས་དང་འཇུག་གི་ཞེས་པར་ཁས་བླངས། ཁྱབ་པ་ཡོད་དེ། ཉེར་གཉིས་པོ་ཐམས་ཅད་ཀུན་རྫོབ་སེམས་བསྐྱེད་ཀྱི་དབྱེ་བ་ཡིན་པའི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་ནི། ཞེས་པའི་སྐབས་སུ། ཕྱོགས་སྔ་ཇི་ལྟར་བསུ་དྲིས་པས། རྫོགས་བྱང་དོན་གཉེར་གྱི་འདོད་པ་ཆོས་ཅན། སེམས་བསྐྱེད་མིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར། རྟགས་ཁྱབ་ཕྱོགས་སྔའི་ཚུལ་གྲུབ་དང་བསལ་བ་རྒྱན་མཛད་པ་པོས་ཁས་བླངས་སོ་ཞེ་ན། རྒྱན་མཛད་པ་པོ་ཆོས་ཅན། ཁྱོད་རྫོགས་བྱང་དོན་གཉེར་གྱི་འདོད་པ་སེམས་བསྐྱེད་དུ་ཁས་མ་བླངས་པར་ཐལ། ཁྱོད་ཀྱི་ལུགས་ལ་དེ་སེམས་བསྐྱེད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེའི་ལུགས་ལ་དེ་ཆོས་ཅན། སེམས་བསྐྱེད་མིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར། གསུམ་ཆར། ཁས་བླངས་ཏེ་བདེན་མོད་ཀྱི་ཞེས་པར། སེམས་བྱུང་ཡིན་ན་སེམས་བསྐྱེད་མིན་པའི་ཁྱབ་པ་དང༌། འདོད་པ་སེམས་བསྐྱེད་དུ་ཁས་བླངས་པའི་ཕྱིར། ཡང༌། ཕྱོགས་སྔ་དེའི་བསལ་བ་རྒྱན་མཛད་པས་ཁས་བླངས་ན། ཁས་ལེན་མེད་པའི་ཕྱོགས་སྔ་བསུ་བ་མི་འཐད་དོ། །འོན་ཀྱང༌། འདིར་དགེ་བའི་ཆོས་ལ། ཞེས་སོགས་ལ། ཐེག་ཆེན་གྱི་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་གཞན་དོན་དོན་གཉེར་གྱི་འདོད་པའི་མིང་གི་འདོགས་སུ་རུང་སྟེ། དེའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། ཟེར་ན། དེ་ཆོས་ཅན། དེ་ཁྱོད་ཀྱི་མིང་ཡིན་པར་ཐལ། ཁྱོད་ལ་དེའི་མིང་གིས་གདགས་པའི་ཕྱིར། དེ་འདོད་ན་མ་ཡིན་པར་ཐལ། ཁྱོད་དེའི་མིང་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། སེམས་བསྐྱེད་པ་ནི་ཞེས་པས་མིང་དེ་བསྟན། གཞན་དོན་འདོད་ཅེས་པ་དང༌། བྱང་ཆུབ་འདོད་ཅེས་པས་དོན་དེ་བསྟན་པ་ཡིན་པའི་ཕྱིར། དེར་ཐལ། སྔ་མས་མཚོན་བྱ་དང༌། གཞུང་ཕྱི་མས་མཚན་ཉིད་བསྟན་པའི་ཕྱིར། འདིར་འདོགས་པའི་རྒྱུ་མཚན་དྲིས་པས། གཞན་དོན་དོན་གཉེར་གྱི་འདོད་པ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། ཞེ་ན། དེ་ཆོས་ཅན། ཁྱོད་དེའི་རྒྱུ་མིན་པར་ཐལ། ཁྱོད་དེ་དང་དུས་མཉམ་ཡིན་པའི་ཕྱིར། དེར་ཐལ། དེ་དང་མཚུངས་ལྡན་ཡིན་པའི་ཕྱིར། མ་གྲུབ་ན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། ཁྱོད་དེ་དང་མཚུངས་ལྡན་དུ་ཐལ། ཁྱོད་ཤེས་པ་གང་ཞིག གཞན་དོན་དེ་ཁྱོད་ཀྱི་དངོས་ཀྱི་དམིགས་པ་ཡིན་པའི་ཕྱིར། རྣམ་པ་གཅིག་ཏུ་ན། ཞེས་སོགས་ལ། ཐེག་ཆེན་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་རྫོགས་བྱང་དོན་གཉེར་གྱི་མིང་གིས་འདོགས་སུ་རུང་སྟེ། དེའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་ཕྱིར། ཟེར་ན་སྔ་མ་ལྟར་འཕེན་ནོ། །འདིར་འདོགས་པའི་རྒྱུ་མཚན་ལ། དེ་གཉིས་མཚུངས་ལྡན་ཡིན་ཟེར་ན། རྫོགས་བྱང་དོན་གཉེར་གྱི་འདོད་པ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་དང་མཚུངས་ལྡན་མིན་པར་ཐལ། རྟེན་མི་མཚུངས་པའི་ཕྱིར། དེར་ཐལ། ཁྱོད་རྒྱུད་ལྡན་དང་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་རྒྱུད་ལ་མི་ལྡན་པའི་གཞི་མཐུན་ཡོད་པའི་ཕྱིར། ཀུན་རྫོབ་སེམས་བསྐྱེད་རྒྱུད་ལྡན་དང་ཁྱོད་རྒྱུད་ལ་མི་ལྡན་པའི་གཞི་མཐུན་ཡོད་པའི་ཕྱིར། སྔ་མ་དེར་ཐལ། རང་ཉིད་གཅིག་པུ་རྫོགས་བྱང་དོན་དུ་གཉེར་བ་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། སངས་རྒྱས་འཕགས་པར་དེ་དེ་འདྲའི་གཞི་མཐུན་ཡིན་པའི་ཕྱིར། དེ་དང་དེ་ནི་མདོ་བཞིན་དུ། ཞེས་པའི་སྐབས་སུ། རྗེ་བཙུན་བྱམས་པས་སེམས་བསྐྱེད་ཀྱི་དམིགས་ཡུལ་ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་མདོར་བསྟན་དང༌། རྒྱས་བཤད་ཀྱི་སྒོ་ནས་བཤད་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་ཡིན་པར་ཐལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་གཞུང་འདི་བྱང་ཆུབ་དང་གཞན་དོན་གྱི་མདོར་བསྟན་ཁོ་ནའི་དོན་སྟོན་བྱེད་དང༌། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་གཞན་དོན་དང་བྱང་ཆུབ་རྒྱས་བཤད་ཀྱི་མདོའི་དོན་སྟོན་བྱེད་དུ་སོ་སོར་འབྱེད་པ་མི་རིགས་པའི་ཕྱིར། དེར་ཐལ། དེ་ཡང་ས་གསེར་ཟླ་བ་མེ་ཞེས་སོགས་ཀྱིས་མདོར་བསྟན་རྒྱས་བཤད་གཉིས་ཀའི་མདོའི་དོན་རྫོགས་པར་སྟོན་པའི་ཕྱིར། དེར་ཐལ། ཤཱ་རིའི་བུ་འདི་ལ་ཞེས་སོགས་བྱང་ཆུབ་མདོར་བསྟན་གྱི་མདོ་དེ། ས་ལྟ་བུའི་སེམས་བསྐྱེད་ཀྱི་མདོ་ཡིན་པ་གང་ཞིག མདོ་ལྷག་མ་རྣམས་གསེར་ལྟ་བུའི་སེམས་བསྐྱེད་སོགས་ལྷག་མ་རྣམས་ཀྱི་མདོ་ཡིན་པའི་ཕྱིར། དེར་ཐལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པ་ལ། དབྱེ་བ་ཉི་ཤུ་རྩ་གཉིས་ཀྱི་མདོ་ལས་ལོགས་སུ་བཤད་བྱའི་མདོ་མེད་པའི་ཕྱིར། འདི་ལའང་རྣམ་བཤད་ཀྱི་རྗེས་འབྲང་རྣམས་ཀྱིས་ལན་ཅིག་དགོས་སོ། །འདིར་དར་ཊཱིཀ་པ་ན་རེ། རྫོགས་བྱང་ཐེག་ཆེན་སེམས་བསྐྱེད་ཀྱི་དངོས་ཀྱི་དམིགས་པ་ཡིན་ཟེར་ན། ཆོས་ཅན་ཁྱོད་དེའི་དངོས་ཀྱི་དམིགས་པ་མ་ཡིན་པར་ཐལ། ངོ་བོ་ཉིད་སྐུ་དེ་ཁྱོད་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཀུན་རྫོབ་སེམས་བསྐྱེད་ཀྱི་དངོས་ཀྱི་དམིགས་པ་ལ་ཀུན་རྫོབ་བདེན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་ཀྱང༌། ཞེས་སོགས་ཀྱི་སྐབས་སུ། ཡུམ་གསུམ་ཆར་ལས་སེམས་བསྐྱེད་ཀྱི་དམིགས་ཡུལ་བསྟན་ཟེར་ན། ཤེས་བྱ་ཆོས་ཅན། དེ་མ་བསྟན་པར་ཐལ། བརྒྱད་སྟོང་པ་ནས་དེ་མ་བསྟན་པའི་ཕྱིར། དེར་ཐལ། བརྒྱད་སྟོང་པ་ན་སེམས་བསྐྱེད་ཉེར་གཉིས་དང༌། གདམས་ངག་དང་པོ་བརྒྱད་ཀྱི་མདོ་མེད་པའི་ཕྱིར་ཏེ། དེར་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། སློབ་དཔོན་གྱིས་བརྒྱད་སྟོང་འགྲེལ་ཆེན་དུ། སེམས་བསྐྱེད་ཉེར་གཉིས་དང༌། གདམས་ངག་དང་པོ་བརྒྱད་ཀྱི་མདོ་ཉི་ཤུ་ལྔ་པ་ནས་ཁ་བསྐང་ནས་བཤད་ཅིང༌། དེ་ལྟར་བཤད་པས་ཆོག་པའི་རྒྱུ་མཚན་དུ། གང་གི་ཕྱིར་མདོ་སྡེ་རིན་པོ་ཆེ་འདི་ནི་སྟོང་ཕྲག་ཉི་ཤུ་ལྔ་པའི་དོན་བསྡུ་བ་ལ་འཇུག་པའི་ཕྱིར། ཞེས་བཤད་པའོ། །དེ་ལ་རྣམ་བཤད་ལས། བརྒྱད་སྟོང་པར། རབ་འབྱོར་བྱང་སེམས་ཆེན་པོ་རྣམས་ཀྱི་ཤེར་ཕྱིན་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག་ཅེས་པས་སེམས་བསྐྱེད་བསྟན་པར་གསུངས་སོ། །དེ་ཆོས་ཅན། ཁྱོད་སེམས་བསྐྱེད་ཀྱི་བཤད་བྱའི་མདོ་མིན་པར་ཐལ། ཁྱོད་མཐོང་ལམ་ལ་འདོམས་པའི་གདམས་ངག་གི་མདོ་ཡིན་པའི་ཕྱིར། མ་གྲུབ་ན། སྟོང་ཕྲག་ཉི་ཤུ་ལྔ་པར་ཡང་མདོ་དེ་མཐོང་ལམ་ལ་འདོམས་པའི་བཤད་བྱ་ཡིན་ཞེས་བརྗོད་ན་ཅིས་འགོག དེ་ལ་ཉེས་པ་མེད་དོ་ཞེ་ན། ལེའུ་བརྒྱད་མ་དང་འགལ། གཙུག་ལག་གི་གཞུང་སྐབས་ཀྱི་ཞེས་སོགས་སུ། རྣམ་བཤད་ལས། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། གདམས་ངག་ནས་འཕྲིན་ལས་ཀྱི་བར་ལ་ཡུམ་གསུམ་ཀ་དང་སྦྱར་བའི་འགྲེལ་པ་མ་མཛད་དེ། དེ་ལྟར་མཛད་ན་ཚིག་མང་པོའི་ཉེས་པ་འབྱུང་བར་དོགས་པའི་ཕྱིར། ཞེས་གསུངས། དེ་ཆོས་ཅན། ཁྱོད་ཀྱིས་དེ་མཛད་པར་ཐལ། ཁྱོད་ཀྱིས་གདམས་ངག་ནས་འཕྲིན་ལས་ཀྱི་བར་ཡུམ་གསུམ་ཀ་དང་སྦྱར་བའི་ཕྱིར། དེར་ཐལ། གདམས་ངག་ནས་འཕྲིན་ལས་ཀྱི་བར་ལ་ཡུམ་གསུམ་ཀ་དང་སྦྱར་བའི་འགྲེལ་པ་དོན་གསལ་མཛད་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། གདམས་ངག་ནས་འཕྲིན་ལས་ཀྱི་བར་རྒྱན་གྱི་གཞུང་ཚིག་རྣམས་ཡུམ་གསུམ་ཆར་གྱི་རྒྱན་དུ་སྦྱར་བ་དང༌། གདམས་ངག་ནས་འཕྲིན་ལས་ཀྱི་བར་ལ་འགྲེལ་པ་དོན་གསལ་མཛད་པའི་དགོས་པ་ཡིན་པའི་ཕྱིར་ཏེ། ཀུན་གྱི་རྒྱན་དུ་གྱུར་པ་ནི། །ཞེས་གསུངས་པའི་ཕྱིར། དར་ཊཱིཀ་པ། སེང་གེ་བཟང་པོ་ཆོས་ཅན། སེམས་བསྐྱེད་ལ་ཡུམ་གསུམ་ཆར་གྱི་ལུང་ཁུངས་སྨོས་ནས། ལུང་རྒྱས་པར་མི་འདྲེན་པ་ལ་རྒྱུ་མཚན་ཡོད་དེ། ཞེས་ཟེར། སེང་གེ་བཟང་པོ་ཆོས་ཅན། དེ་འདྲའི་རྒྱུ་མཚན་འགོད་མི་དགོས་པར་ཐལ། སེམས་བསྐྱེད་ལ་བརྒྱད་སྟོང་པ་ནས་མདོ་འདྲེན་རྒྱུ་མེད་པ་གང་ཞིག སེམས་བསྐྱེད་ཀྱི་རྒྱས་འབྲིང་གཉིས་ཀྱི་མདོ་དྲངས་མ་ཐག་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས་སོགས་ཀྱི་མདོ་དེ་སེམས་བསྐྱེད་སྟོན་པའི་རྒྱས་འབྲིང་གཉིས་ཀྱི་མདོ་ཡིན་པའི་ཕྱིར། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་ལ། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་དེ་ཆོས་ཅན། ཉི་ཤུ་རྩ་གཉིས་སུ་ཡོད་དེ། ཟེར་ན། དེ་ལ་དེ་མེད་པར་ཐལ། ཆོས་སྐུ་དང་ལྡན་པའི་སེམས་བསྐྱེད་དེ་ཇི་སྐད་བཤད་པའི་སེམས་བསྐྱེད་མ་ཡིན་པའི་ཕྱིར། དེར་ཐལ། རྫོགས་བྱང་དོན་གཉེར་གྱི་འདོད་པ་དང་མཚུངས་ལྡན་མ་ཡིན་པའི་ཕྱིར། གཞན་དོན་རྫོགས་བྱང་མངོན་དུ་བྱས་ཟིན་པའི་ཕྱིར། དེ་ལ་དང་པོ་གསུམ་ནི་ཆུང་ངུ་དང་འབྲིང་དང་ཞེས་སོགས་ལ། སེམས་བསྐྱེད་དང་པོ་གསུམ་ཆོས་ཅན། ལས་དང་པོ་པའི་སས་བསྡུས་ཏེ། ཚོགས་ཆུང་ངུ་འབྲིང་ཆེན་པོ་གསུམ་གྱིས་བསྡུས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། སེམས་བསྐྱེད་དང་པོ་གསུམ་གང་རུང་ཡིན་ན་ཚོགས་ལམ་གྱིས་བསྡུས་པས་ཁྱབ་པར་ཐལ། གསུམ་པོ་དེ་དེས་བསྡུས་པའི་ཕྱིར། འདོད་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་རྒྱུད་ལ་དེ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དེ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་གཞན་དོན་དུ་རྫོགས་བྱང་ཐོབ་འདོད་ཀྱི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་ཡོད་པའི་ཕྱིར། དེའི་འོག་ཏུ་སེམས་བསྐྱེད་ཐ་མ་གསུམ་ནི། ཞེས་པར། སེམས་བསྐྱེད་ཐ་མ་གསུམ་ཆོས་ཅན། སངས་རྒྱས་ཀྱིས་སས་བསྡུས་ཏེ། སྦྱོར་བ་རྡོ་རྗེ་ལྟ་བུའི་ཏིང་འཛིན། དངོས་ཀྱི་མཉམ་གཞག འཇུག་རྗེས་ཐོབ་གསུམ་གྱིས་བསྡུས་པའི་ཕྱིར། ཟེར་ན། སྤྲིན་ལྟ་བུའི་སེམས་བསྐྱེད་ཆོས་ཅན། ཁྱོད་སངས་རྒྱས་ཀྱི་སས་བསྡུས་པ་མིན་པར་ཐལ། སློབ་ལམ་ན་ཁྱོད་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེར་ཐལ། སློབ་ལམ་ན་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའི་སེམས་བསྐྱེད་ཡོད་པའི་ཕྱིར། དེར་ཐལ། ས་དང་པོ་ནས་རྫུ་འཕྲུལ་ལ་བརྟེན་ནས་མཛད་པ་བཅུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པར་མདོ་སྡེ་ལས་བཤད་པའི་ཕྱིར། ཡང་རྣམ་བཤད་ལས། མདོའི་དངོས་བསྟན་དང་མཐུན་པར་བྱེད་ན། འདིའི་སངས་རྒྱས་ཀྱི་ས་དེ་ས་བཅུ་པ་ལ་བྱེད་དགོས་སོ་ཞེས་གསུངས། འོ་ན་འདིར་བསྟན་གྱི་སྤྲིན་ལྟ་བུའི་སེམས་བསྐྱེད་ས་བཅུ་པ་ན་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་ན་མེད་པར་ཐལ། ཁྱོད་རང་དོན་ཆོས་སྐུ་མངོན་དུ་མཛད་ཟིན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དེར་ཐལ། དགའ་ལྡན་དུ་རྒྱལ་ཚབ་དུ་མངོན་པར་དབང་བསྐུར་བ་ཐོབ་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུད་བླར། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །ཞེས་གསུངས་པའི་ཕྱིར། རྟགས་གྲུབ་སྟེ། སློབ་དཔོན་གྱིས་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་ཞེས་སོགས་གསུངས་པ་དེ་སྐབས་འདིར་དངོས་སུ་བསྟན་པའི་སྤྲིན་ལྟ་བུའི་སེམས་བསྐྱེད་འཆད་བྱེད་ཡིན་པའི་ཕྱིར། འདི་ལའང་རྣམ་བཤད་ཀྱི་རྗེས་འབྲང་རྣམས་ཀྱིས་སྐྱོན་སྤོང་དགོས་སོ། །དབྱེ་བ་ཞར་ལ་བརྗོད་ནས། ཞེས་སོགས་ལ། ཐེག་ཆེན་གྱི་གདམས་ངག་ཆོས་ཅན། ཁྱོད་ལ་དབྱེ་ན་གཉིས་སུ་ཡོད་དེ། གདམས་པའི་གདམས་ངག་དང༌། རྗེས་བསྟན་གྱི་གདམས་ངག་གཉིས་ཡོད་པའི་ཕྱིར། ཞེ་ན། ཤེས་བྱ་ཆོས་ཅན། དེ་གཉིས་གང་རུང་ཡིན་ན་དེ་ཡིན་དགོས་པར་ཐལ། དེ་ལ་དབྱེ་ན་དེ་གཉིས་སུ་ཡོད་པའི་ཕྱིར། འདོད་ན་ཐེག་ཆེན་གྱི་གདམས་པའི་གདམས་ངག་ཆོས་ཅན། དེར་ཐལ། དེའི་ཕྱིར། གདམས་ངག་གཉིས་པོའི་ཁྱད་པར་ལ། ཁ་ཅིག་ན་རེ། རྣམ་བཤད་ཀྱི་དགོངས་པ་ལ། སྔར་མེད་ཀྱི་ཡོན་ཏན་ཐོབ་པའི་ཕྱིར་དུ་འདོམས་པ་དེ་གདམས་པའི་གདམས་ངག་དང༌། སྔར་ཡོད་ཀྱི་ཡོན་ཏན་མི་ཉམས་པའི་ཕྱིར་དུ་གདམས་པ་དེ་རྗེས་བསྟན་གྱི་གདམས་ངག་ཡིན་ཟེར་བ་མི་རིགས་ཏེ། སྔར་ཡོད་ཀྱི་ཡོན་ཏན་མི་ཉམས་པའི་ཕྱིར་དུ་འདོམས་པ་གདམས་པའི་གདམས་ངག་དང༌། གཅིག་ཤོས་རྗེས་བསྟན་གྱི་གདམས་ངག་གི་དོན་དུ་གསུམ་སྟིང་བ་ལས་བཤད་པའི་ཕྱིར། འདིར་ཐེག་ཆེན་གྱི་གདམས་ངག་གི་མཚན་ཉིད་ལ། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པའི་ངག་ཟེར་ན། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཤེས་བརྗོད་པའི་སྒྲ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་འདྲའི་ཐབས་ཆོས་ཅན། ཁྱོད་ཅེས་པའི་སྒྲ་དེ་ཁྱོད་སྟོན་པའི་ངག་ཡིན་པར་ཐལ། དེ་ཁྱོད་ཀྱི་དངོས་མིང་ཡིན་ཏེ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། རང་འབྲས་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་འབྱིན་ནུས་ཀྱི་གདམས་ངག་དུ་ཐལ། འདོད་པའི་ཕྱིར། གཞན་ཡང༌། ཐེག་ཆེན་གྱི་གདམས་ངག་ཆོས་ཅན། ཐེག་ཆེན་གྱི་གདམས་ངག་དུ་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་བྱང་ཆུབ་སྟོན་པ་གང་ཞིག ཐེག་ཆེན་གྱི་བྱང་ཆུབ་དེ་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་ཡིན་པའི་ཕྱིར། དེ་ཡིན་པར་ཐལ། ཉན་རང་གི་ཐེག་པ་དེ་ཐབས་ཀྱི་ཐེག་པ་ཡིན་པའི་ཕྱིར། དེ་དེར་ཐལ། ལང་གཤེགས་ལས། སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང༌། །ཞེས་པའི་ལུང་དོན་གྲུབ་པའི་ཕྱིར། འདིར་གདམས་ངག་ཡིན་པས་ཁྱབ་ཟེར་ན། མངོན་རྟོག་རྒྱན་ནོ། །དེར་ཐལ། དེའི་ཕྱིར། འདོད་ན། སྒྲ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉེས་ཀྱི་གཟུང་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཚུར་མཐོང་གི་ཡིད་ཀྱིས་རྣམ་ཤེས་ལ་དངོས་སུ་མི་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་དོན་བརྟན་པ་ལ་བཞག་ནས། ཞེས་པ་དང་འགལ་ཞིང༌། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་མངོན་རྟོག་རྒྱན་མི་བཞུགས་པར་ཐལ། མངོན་པར་རྟོག་པའི་རྒྱན་དེ་ཁྱོད་ཀྱི་ཡིད་ཤེས་ལ་དངོས་སུ་མི་སྣང་བའི་ཕྱིར། གཞན་ལའང་རྒྱ་ཆེར་སྦྱོར། གཞན་ཡང༌། མན་ངག་ཡིན་ན་ངག་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། རྒྱན་ལ་བརྟེན་ནས་མདོ་དོན་བདེ་བླག་ཏུ་རྟོག་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཤེས་བྱ་ཆོས་ཅན། དེ་མན་ངག་ཡིན་པར་ཐལ། མངོན་པར་རྟོག་པའི་རྒྱན་དེ་མན་ངག་གི་བསྟན་བཅོས་ཡིན་པའི་ཕྱིར། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་སོགས་ལ། དཀོན་མཆོག་གསུམ་པོ་སོ་སོའི་མཚན་ཉིད་དྲིས་པས། འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་གཉིས་མཐར་ཕྱིན་ཏེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཡིན་ཟེར་ན། ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཞན་དོན་མཐར་ཕྱིན་མ་ཡིན་པའི་ཕྱིར་ཏེ། གཞན་དོན་གྱི་སྐུ་མ་ཡིན་པའི་ཕྱིར་ཏེ། རང་དོན་གྱི་སྐུ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། གཞན་དོན་མཐར་ཕྱིན་མ་ཡིན་པར་ཐལ། སེམས་ཅན་གཞན་གྱི་དོན་མི་བྱེད་པའི་ཕྱིར་ཏེ། སེམས་ཅན་གཞན་ལ་མི་སྣང་བའི་ཕྱིར། འདིར་གཟུགས་སྐུ་གཉིས་པོ་སངས་རྒྱས་དཀོན་མཆོག་མཚན་ཉིད་པ་ཡིན་མིན་དྲིས་པ་ལ། འགག་ཞིག་ན་རེ། གཟུགས་སྐུ་གཉིས་པོ་སངས་རྒྱས་དཀོན་མཆོག་མཚན་ཉིད་པ་མིན་ཏེ། སངས་རྒྱས་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། རྟག་གྲུབ་སྟེ། རྒྱུད་བླ་མར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་འཆར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུའི་གཟུགས་བརྙན་འཆར། །ཞེས་གསུངས་སོ། །འདི་གཉིས་ས་སྐྱ་པཎྜི་ཏའི་བཞེད་པའང་ཡིན་ཏེ། གལ་ཏེ་རྫོགས་པའི་སངས་རྒྱས་ལ། ལས་ངན་སྨིན་པ་བདེན་ནའང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ལ་ཡང༌། སྨིན་པར་རིགས་ཀྱི་དེ་སྤྲུལ་པའི། ཤཱཀྱ་སེང་གེ་ལ་སོགས་པ། སྨིན་པར་འདོད་པ་མུན་སྤྲུལ་ཡིན། །དཔེར་ན་སྒྱུ་མའི་མཁན་པོ་ལ། །ལས་ངན་འབྱུང་ཞིང་དེས་སྤྲུལ་པའི། །སྒྱུ་མ་ལ་ནི་མི་འབྱུང་བཞིན། །ཞེས་པ་འདིས་ཀྱང༌། མཆོག་གི་སྤྲུལ་པའི་སངས་རྒྱས་དཀོན་མཆོག་མིན་པར་བསྟན་པ་ཡིན་ནོ། །ཞེས་ཟེར། རྒྱུད་བླའི་གཞུང་དེ་ཆོས་ཅན། ཁྱོད་ཀྱིས་གཟུགས་སྐུ་གཉིས་པོ་སངས་རྒྱས་དཀོན་མཆོག་མིན་པར་མ་བསྟན་པ་མ་ཡིན་པར་ཐལ། ཁྱོད་ཀྱིས་མཆོག་གི་སྤྲུལ་པའི་སྐུ་དེ་ལོངས་སྐུའི་གཟུགས་བརྙན་ཙམ་ཡིན་པར་བསྟན་ཡིན་པའི་ཕྱིར། དེ་ཙམ་གྱིས་སངས་རྒྱས་དཀོན་མཆོག་མིན་པར་མི་གྲུབ་སྟེ། ལོངས་སྐུ་དངོས་མིན་ན། སངས་རྒྱས་མིན་དགོས་པའི་ཕྱིར། གཞན་ཡང༌། སྡོམ་གསུམ་རབ་དབྱེའི་གཞུང་དེས་ཀྱང་མཆོག་གི་སྤྲུལ་སྐུ་དེ་སངས་རྒྱས་མཚན་ཉིད་པ་མིན་པར་བསྟན་པ་མིན་ཏེ། གཞུང་དེས་སྤྲུལ་སྐུ་དེ་ལོངས་སྐུ་དངོས་མ་ཡིན་པར་བསྟན་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། སྒྱུ་མ་དེ་སྒྱུ་མའི་མཁན་པོ་དངོས་མིན་པ་དང༌། ལོངས་སྐུའི་སྤྲུལ་སྐུ་དེ་ལོངས་སྐུ་དངོས་མིན་པ་གཉིས། དཔེ་དོན་སྦྱར་ནས་བསྟན་པའི་ཕྱིར། ཡང་གཟུགས་སྐུ་གཉིས་སངས་རྒྱས་དཀོན་མཆོག་ཡིན་ནོ་ཞེས་ཟེར་ན། ཤེས་བྱ་ཆོས་ཅན། སངས་རྒྱས་ཀྱི་གཞན་དོན་ཀུན་རྫོབ་པའི་སྐུ་ཡིན་ན། སངས་རྒྱས་དཀོན་མཆོག་ཡིན་པས་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་ཉན་ཐོས་ཀྱི་དགེ་འདུན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་མ་ཡིན་པར་ཐལ། དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། ཡང་རྣམ་བཤད་ཀྱི་རྗེས་འབྲང་རྣམས་ལ་འདི་སྐད་ཀྱང་བརྗོད་པར་བྱ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཆོས་ཅན། མཐར་ཐུག་གི་སྐྱབས་གནས་ཡིན་པར་ཐལ། སངས་རྒྱས་དཀོན་མཆོག་ཡིན་པར་ཐལ། འདོད་ན། མིན་པར་ཐལ། བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། ཁས་བླངས་མོད། དེར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་ཤིང༌། ཁྱབ་པར་ཐལ། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར། གསུམ་པོར། གཞན་ཡང༌། སངས་རྒྱས་ཀྱི་གཟུགས་སྐུ་གཉིས་ཆོས་ཅན། འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པར་ཐལ། སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས། འདོད་ན། འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་དང་གསུམ་གང་རུང་དང་ལྡན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྫོགས་པའི་སངས་རྒྱས་ཀྱི་རང་དོན་དོན་དམ་པའི་སྐུ་ཡིན་པར་ཐལ། འདུས་མ་བྱས་པ་ལ་སོགས་པ་ཡོན་ཏན་དང་པོ་གསུམ་གང་རུང་དང་ལྡན་པའི་སྐུ་ཡིན་པའི་ཕྱིར། ཁྱབ་པ་ཚད་འབུད། ཆོས་དཀོན་མཆོག་གི་མཚན་ཉིད། བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་རྣམ་བྱང་གི་བདེན་པ་ཟེར་ན། ཐེག་ཆེན་གྱི་ལམ་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། ཆོས་དཀོན་མཆོག་ཡིན་པའི་ཕྱིར། འདོད་ན་བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་དང་པོ་གསུམ་དང་ལྡན་པའི་རྣམ་བྱང་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དགེ་འདུན་དུ་ཐལ། འདོད་པའི་ཕྱིར། ཁྱབ་པ་ཚད་གྲུབ་ཡང༌། ཐེག་ཆེན་གྱི་འགོག་བདེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཡོན་ཏན་ཕྱི་མ་གསུམ་དང་ལྡན་པའི་རྣམ་སྦྱང་བདེན་པར་ཐལ། འདོད་པའི་ཕྱིར། འདོད་ན། ལམ་ཆེན་དུ་ཐལ། འདོད་པའི་ཕྱིར། དེས་ན། ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་ཞེས་སྦྱར་དགོས་སོ། །འདིར་བསྟན་ན་དགེ་འདུན་དཀོན་མཆོག་གི་མཚན་ཉིད། རིགས་གྲོལ་གྱི་ཡོན་ཏན་བརྒྱད་པོ་གང་རུང་དང་ལྡན་པའི་རྒྱལ་སྲས་འཕགས་པ་ཟེར་ན། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཆོས་ཅན། མཚན་ཉིད་དེར་ཐལ། འདིར་བསྟན་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། སྦྱོར་ལམ་གཏན་གཅིག་པའི་རྟོག་པ་ལ་གནས་པའི་ཉན་ཐོས་དེ་འདིར་བསྟན་ན་མཚོན་བྱེད་དཔེའི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། ཡང༌། སྔ་མ་དེ་ཆོས་ཅན། དེར་ཐལ། སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པའི་ཕྱིར། ཞེས་ཁ་ཅིག་ཟེར། འདིར་བསྟན་ན་དགེ་འདུན་ཡིན་ན། དགེ་འདུན་དཀོན་མཆོག་ཡིན་པས་མ་ཁྱབ་པར་ཐལ། འདིར་བསྟན་ན་སངས་རྒྱས་ཡིན་ན། སངས་རྒྱས་དཀོན་མཆོག་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། རྫོགས་པའི་སངས་རྒྱས་ཀྱི་སྐྱེ་བའི་སྤྲུལ་སྐུ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་རྐང་གཉིས་རྣམས་ཀྱི་མཆོག་ཏུ་ཐལ། ཁྱོད་སངས་རྒྱས་དཀོན་མཆོག་ཡིན་པའི་ཕྱིར་ཏེ། ཁྱོད་སྤྲུལ་སྐུ་ཡིན་པའི་ཕྱིར། གཞན་ཡང༌། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། སངས་རྒྱས་དཀོན་མཆོག་ཏུ་ཐལ། སངས་རྒྱས་ཡིན་པའི་ཕྱིར། འདོད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཐལ། འདོད་ན། རྩ་བར་མ་གྲུབ་ན། སངས་རྒྱས་སུ་ཐལ། གཞན་དོན་བྱེད་ཚུལ་རྫོགས་པའི་སངས་རྒྱས་དང་མཉམ་པའི་སངས་རྒྱས་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་དེར་ཐལ། གསུམ་པའི་ལས། ས་བཅུ་པ་ལ་ནི་དེ་ས་ཉིད་དུ་བརྗོད་ཅེས་གསུངས་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། འདིར་བསྟན་དགེ་འདུན་དཀོན་མཆོག་ཡོན་ཏན་བརྒྱད་ལྡན་དུ་འཆད་པ་མི་རིགས་པར་ཐལ། དེ་ཡོན་ཏན་བརྒྱད་ལྡན་ཡིན་ན། ཇི་ལྟ་ཇི་སྙེད་ནང་གི་ནི་ཞེས་པའི་གཞུང་དེས་ཡོན་ཏན་བརྒྱད་ལྡན་དུ་སྟོན་དགོས་པ་ལས། དེས་མ་བསྟན་པའི་ཕྱིར། དེར་ཐལ། དེའི་གཞུང་དེས་དགེ་འདུན་དཀོན་མཆོག་ཡོན་ཏན་ལྡན་གཞི་ལས་ལྷག་པར་ལྡན་པའི་ཕྱིར། ཡང༌། སྐབས་འདིའི་དཀོན་མཆོག་གསུམ་གྱི་རྣམ་གཞག་དེ་ཐེག་ཆེན་ཐུན་མོང་མིན་པའི་སྐྱབས་གསུམ་གྱི་རྣམ་དག་ཡིན་ཏེ། རྒྱུད་བླ་ལས་ཇི་ལྟར་བཤད་པའི་སྐྱབས་གསུམ་གྱི་རྣམ་པར་དག་པ་དེ་འདིར་ཁས་ལེན་དགོས་པའི་ཕྱིར། ཞེས་ཟེར་ཏེ། ཤེས་བྱ་ཆོས་ཅན། རྒྱུད་བླར་དངོས་སུ་བསྟན་པའི་དགེ་འདུན་དཀོན་མཆོག་ཡིན་ན། ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱི་དགེ་འདུན་དཀོན་མཆོག་མིན་པས་ཁྱབ་པར་ཐལ། རྒྱུད་བླར་གསུངས་པའི་སྐྱབས་གསུམ་གྱི་རྣམ་པར་དག་པ་དེ་ཐེག་ཆེན་ཐུན་མོང་མིན་པའི་རང་ལུགས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། བྱང་སེམས་འཕགས་པ་མིན་པའི་ཕྱིར། རྩ་བར་རྟགས་དེར་ཐལ། ཐེག་པ་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར་ཏེ། དེའི་སྐབས་ནས་བསྟན་པའི་ཡོད་པའི་ཕྱིར། དེ་བཞིན་དུ་ཆོས་ལ་ཡང་སྦྱར་ནས་རང་རྒྱལ་དགྲ་བཅོམ་པའི་རྒྱུད་ཀྱི་རྟེན་འབྲེལ་ཟབ་མོའི་ཆོས་རྟོགས་པ་ཆོས་ཅན། ཐེག་ཆེན་ཐུན་མོང་མིན་པའི་ཆོས་དཀོན་མཆོག་ཏུ་ཐལ། རྒྱུད་བླར་དངོས་སུ་གཏན་པའི་ཆོས་དཀོན་མཆོག་ཡིན་པའི་ཕྱིར། སྔ་མ་ལྟར་བསྒྲུབ། གཞན་ཡང༌། སྐབས་འདིར་བསྟན་པའི་སངས་རྒྱས་དཀོན་མཆོག་ཡིན་ན། ཆོས་དཀོན་མཆོག་མ་ཡིན་དགོས་པར་ཐལ། སྐབས་འདིར་རྒྱུད་བླར་བསྟན་པའི་རྣམ་གཞག་དེ་ཁས་ལེན་པ་གང་ཞིག རྒྱུད་བླར་དེ་གཉིས་འགལ་བར་བཤད་པའི་ཕྱིར། ཕྱི་མ་དེར་ཐལ། རྒྱུད་བླར། སངས་རྒྱས་དཀོན་མཆོག་ལ་མཐར་ཐུག་གི་སྐྱབས་གནས་ཡིན་པས་ཁྱབ་པ་དང༌། ཆོས་དཀོན་མཆོག་མཐར་ཐུག་གི་སྐྱབས་གནས་མ་ཡིན་པའི་ཕྱིར། རྩ་བར་འདོད་ན། རྣམ་མཁྱེན་དེར་ཐལ། དེའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། མཁྱེན་པ་གསུམ་པོ་དེ་སྐབས་འདིར་ཆོས་དཀོན་མཆོག་ཡིན་པའི་ཕྱིར། དེར་ཐལ། ཆོས་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པའི་ཞེས་པའི་གཞུང་དེ་རང་གཞུང་རྣམ་དག་ཡིན་པའི་ཕྱིར། ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས། ཞེས་པར། བདེན་གཉིས་མཚན་ཉིད་དྲིས་པས། མཐར་ཐུག་དཔྱོད་པའི་ཤེས་རབ་ཀྱིས་རྙེད་པའི་རྙེད་དོན་གང་ཞིག མཐར་ཐུག་དཔྱོད་པའི་རིག་ཤེས་དེ་ཁྱོད་ལ་ལྟོས་ཏེ། མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ་དེ། ཁྱོད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། ཐ་སྙད་པའི་ཚད་མས་རྙེད་པའི་རྙེད་དོན་གང་ཞིག ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ལྟོས་དེ་ཐ་སྙད་པར་སོང་བ་དེ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། ཟེར་ན། ཚིགས་ལྟར་ན། ཁྱོད་རང་གི་བདེན་པའི་མཚན་ཉིད་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཁྱོད་རང་གི་ཀུན་རྫོབ་བདེན་པའི་མཚན་ཉིད་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་ཡོད་ན་དེ་ཡོད་པ་བུད་ཅེས་བྱའོ། །དེ་ལ་ཁོས་སྐྱོན་གང་འཕངས་ཀྱང༌། དེ་ཆོས་ཅན་དུ་བཟུང་ན། ཁྱོད་དོན་དམ་བདེན་པ་ཡིན་པ་ཡོད་པར་ཐལ། ཤེས་པ་དང་ཁྱོད་ཀུན་རྫོབ་བདེན་པ་ཡོད་པར་ཐལ། ཞེས་བརྗོད་པ་ལ་འཁོར་གསུམ་བྱའོ། །གཞན་ཡང༌། ཁྱོད་ཆོས་ཅན། མཚན་ཉིད་གཉིས་པོ་ཁས་བླངས་ནས་དེ་འགལ་བར་ཐལ། ཁྱོད་དེ་དོན་དམ་བདེན་པ་ཡིན་པ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པ་གཉིས་པོ་འགལ་བའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་འབུད། འདོད་ན། ཁྱོད་ཆོས་ཅན། དེ་མི་འགལ་བར་ཐལ། ཁས་བླངས་ནས་ཁྱོད་ཀུན་རྫོབ་བདེན་པའི་མཚན་ཉིད་ཡིན་པའང་ཡོད། ཁྱོད་དོན་དམ་བདེན་པའི་མཚན་ཉིད་དེ་ཡིན་པའང་ཡོད་པའི་ཕྱིར། མ་གྲུབ་ན། མཚན་ཉིད་སོ་སོའི་སྟེངས་དུ་འབུད་དོ། །དོན་ལྟར་ན། གང་ཟག་གི་བདག་མེད་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། སྔ་མ་དེར་ཐལ། མཚན་ཉིད་མངོན་དུ་རྟོགས་པའི་རྣམ་མཁྱེན་གྱི་རྙེད་དོན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། གང་ཟག་གི་བདག་མེད་མངོན་དུ་རྟོགས་པའི་རྣམ་བདེན་དེ་ཁྱོད་ལ་རྣམ་མཁྱེན་སུ་སོང་བའི་ཕྱིར། རྩ་བར་འདོད་ན། མ་ཡིན་པར་ཐལ། ཁྱོད་མངོན་སུམ་རྟོགས་པའི་ཉན་ཐོས་ཡོད་པའི་ཕྱིར། གཟུང་བ་ཆོས་ཀྱི་བདག་མེད་ལའང་སྦྱོར། གཞན་ཡང༌། བདེན་སྟོང་ཆོས་ཅན། དོན་དམ་བདེན་པའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་བཙལ་བའི་རྙེད་དོན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མིན་པར་ཐལ། དེས་བཙལ་བའི་མ་རྙེད་དོན་ཡིན་པའི་ཕྱིར། དེར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། གཞན་ཡང༌། ཁྱེད་རང་ལྟར་ན། རྟག་དོན་བཙལ་བས་རྙེད་དོན་ཡོད་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་བཙལ་བས་རྙེད་པ་ཡོད་པའི་ཕྱིར། འདོད་ན། བདེན་གྲུབ་ཡོད་པར་ཐལ་ལོ། །གཞན་ཡང༌། ཁྱེད་རང་ལྟར་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་བཙལ་བའི་དེ་མ་རྙེད་པ་དེ་མིན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་བཙལ་བས་རྙེད་དོན་ཡོད་པའི་ཕྱིར། འདོད་ན། ཁས་བླངས་ཤིང༌། དེར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་བདེན་གྲུབ་བཙལ་བའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། ཐོག་མར་བདེན་གྲུབ་མ་བཙལ་བར་བདེན་མེད་མི་སྙེད་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བྱ་བའི་ཕྱིར། གཞན་ཡང༌། ཁྱོད་མཚན་ཉིད་ཀྱི་ཟུར་དང་པོ་གཉིས་ལ་རྣམ་དཔྱད་ཡོད་དམ་མེད། ཡོད་ན་ཁོ་བོས་ཟུར་དང་པོ་གཉིས་གཙང་ནས་བདེན་གཉིས་ཀྱི་མིང་དུ་ཁས་བླངས་ན་ཉེས་པ་ཅི་ཡོད། ཁོ་ན་རེ། མྱུ་གུ་ཆོས་ཅན། དོན་དམ་བདེན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་དེ་ཁྱོད་ལ་དེར་སོང་བའི་ཕྱིར། དེར་ཐལ། མྱུ་གུ་བདེན་སྟོང་དུ་རྟོགས་པའི་རིག་ཤེས་དེ་ཁྱོད་ལ་ལྟོས་དེ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་ཕྱིར། དེར་ཐལ། དེས་ཁྱོད་ཀྱིས་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཕྱིར་དང༌། བུམ་པ་བདེན་སྟོང་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་དེར་ཐལ། བུམ་པ་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་རྗེས་ཐོབ་ཡེ་ཤེས་དེ་ཁྱོད་ལ་ལྟོས་པའི་ཚད་མར་སོང་བའི་ཕྱིར། ཞེས་པའི་སྐྱོན་ཡོད་དོ་ཞེ་ན། མྱུ་གུ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། གཞན་རྣམས་དངོས་འགལ་དང་པོ་མ་གྲུབ་ན་དེར་ཐལ། མྱུ་གུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་རིགས་ཤེས་ཀྱི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང༌། དེར་ཐལ། དེ་ཁྱོད་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཤིང༌། དེར་ཐལ། དེ་ཁྱོད་ལ་ཚད་གང་གི རྗེས་དཔག་མ་ཡིན་པའི་ཕྱིར། དང་པོ་དངོས་འགལ། ཕྱི་མ་དེར་ཐལ། ཁྱོད་རྟགས་ཡང་དག་གི་སྒྲུབ་བྱ་མ་ཡིན་པའི་ཕྱིར། གཞན་ཡང་བུམ་པ་བདེན་སྟོང་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། གཞན་རྣམས་དངོས་འགལ། དང་པོ་མ་གྲུབ་ན། དེར་ཐལ། བུམ་པ་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་རྗེས་ཐོབ་ཡེ་ཤེས་ཀྱིས། རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། དེའི་དངོས་ཀྱི་གཞལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། དེ་ཁྱོད་ལ་མངོན་སུམ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། དེ་ཁྱོད་ལ་ཚད་མར་སོང་བ་གང་ཞིག རྗེས་དཔག་ཚད་མར་མ་སོང་བའི་ཕྱིར། རྟགས་དང་པོ་དངོས་འགལ། ཕྱི་མ་སླའོ། །གཞན་ཡང་བུམ་པ་བདེན་སྟོང་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། སྔ་མ་མ་གྲུབ་ན། དེར་ཐལ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བུམ་པ་བདེན་སྟོང་ཆོས་ཅན། མཐར་ཐུག་དཔྱོད་པའི་རིགས་ཤེས་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་ན། ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་ཚད་མར་མ་སོང་དགོས་པར་ཐལ། སྔ་མ་དེ་ཁྱོད་ལ་དེར་སོང་བ་གང་ཞིག ཕྱི་མ་དེ་ཁྱོད་ལ་དེར་མ་སོང་བའི་ཕྱིར། རྟགས་ཁས་བླངས་འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། འཁོར་གསུམ་དངོས་འགལ། གཞན་ཡང༌། མྱུ་གུ་ཆོས་ཅན། མཐར་ཐུག་དཔྱོད་པའི་རིགས་ཤེས་དེ་ཁྱོད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་ན། ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་མ་སོང་དགོས་པར་ཐལ། སྔ་མ་ཁྱོད་ལ་དེར་སོང་བ་གང་ཞིག ཕྱི་མ་ཁྱོད་ལ་དེར་མ་སོང་བའི་ཕྱིར། ཁྱབ་པ་ཚད་གྲུབ། རྟགས་སྔ་མ་དངོས་འགལ། འདོད་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ་དངོས་འགལ། རྩ་རྟགས་ཕྱི་མ་གྲུབ་ན། མྱུ་གུ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། གཞན་རྣམས་དངོས་འགལ། སྔ་མ་མ་གྲུབ་ན། དེར་ཐལ། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་གྱིས་རྙེད་པའི་རྙེད་དོན་ཡིན་པའི་ཕྱིར། གཞན་ཡང༌། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ཡུལ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་མ་གྲུབ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཆོས་ཅན། ཁྱོད་ཀྱི་ཡུལ་དེ་ཁྱོད་ཀྱི་རྙེད་དོན་ཡིན་པར་ཐལ། ཁྱོད་ཀྱི་རྙེད་དོན་ཡོད་པའི་ཕྱིར། ཕྱི་མ་མ་གྲུབ་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཆོས་ཅན། ཁྱོད་རང་གི་ཡུལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བར་ཐལ། ཁྱོད་རིགས་ཤེས་སུ་སོང་བའི་ཡུལ་གཅིག་ཡོད་པའི་ཕྱིར། རྩ་བར་འདོད་ན། མཐར་ཐུག་དཔྱོད་པའི་རིགས་ཤེས་ཆོས་ཅན། ཁྱོད་ཀྱི་ཡུལ་དོན་དམ་བདེན་པ་ཡིན་པར་ཐལ། ཁྱོད་ཤེས་པ་ཡིན་པའི་ཕྱིར། ཐ་སྙད་པའི་ཚད་མའི་ཉེར་ལེན་དུ་གྱུར་པའི་ཚད་མའི་ཡུལ་ཆོས་ཅན། ཐ་སྙད་པའི་ཚད་མ་དེ་ཁྱོད་ལ་ཐ་སྙད་པའི་ཚད་མར་སོང་བར་ཐལ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། ཐ་སྙད་པའི་ཚད་མ་ཆོས་ཅན། ཁྱོད་རང་གི་ཉེར་ལེན་དུ་གྱུར་པའི་ཚད་མའི་ཡུལ་ཚད་མར་སོང་བར་ཐལ། ཁྱོད་དེ་ལ་དཔྱད་ཤེས་སུ་སོང་བའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང་དེ་ཆོས་ཅན། ཁྱོད་དེ་ལ་དེར་སོང་བར་ཐལ། ཁྱོད་དེ་ལ་ལྟོས་དེ་རང་གི་ཉེར་ལེན་ཚད་མ་སྔ་མས་གཟུང་འཛིན་པའི་བློར་སོང་བའི་ཕྱིར། རྟགས་ཀྱང་ཁས་བླངས་སོ། །དར་ཊཱིཀ་པ། དོན་བདེན་པའི་མཚན་ཉིད། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་དེས། གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གང་ཞིག བསྒྲུབ་པའི་རྣམ་པར་རྟོག་བྱ་མིན་པའོ། །ཀུན་རྫོབ་བདེན་པའི་མཚན་ཉིད། རང་ཉིད་དངོས་སུ་རྟོགས་པའི་ཚད་མ་དེས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོག་པར་བྱ་བ། ཞེས་ཟེར་རོ། །འདི་མ་རིག་པས་དགག་པ་དང༌། ཁས་བླངས་འགལ་བ་ཡང་དགག་པ་གཉིས། དང་པོ་ནི། ཤེས་བྱ་ཐམས་ཅད་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། སྔ་མ་མ་གྲུབ་ན། ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན་སྒྲུབ་པར་ཐལ། བསྒྲུབ་པའི་རྣམ་པར་རྟོག་བྱ་ཡིན་པའི་ཕྱིར། འདོད་ན། དགག་པ་མེད་པར་ཐལ། ཤེས་བྱ་ཐམས་ཅད་བསྒྲུབ་པ་ཡིན་པའི་ཕྱིར། ཀུན་རྫོབ་བདེན་པ་ཡིན་པ་འདོད་ན། དོན་དམ་བདེན་པ་མེད་པར་ཐལ་བ་དང༌། དེ་ཆོས་ཅན། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་དེས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོག་པར་བྱ་བ་ཡིན་ལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁྱབ་རྟགས་དངོས་འགལ། འདོད་ན། ཤེས་བྱ་ཐམས་ཅད་དངོས་སུ་རྟོགས་པ་མངོན་སུམ་ཚད་མ་ཆོས་ཅན། ཁྱོད་གཉིས་སྣང་ཅན་གྱི་ཤེས་པ་མིན་པར་ཐལ། ཁྱོད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར། བསལ་བ་ཁས་བླངས། ཁྱབ་པ་གྲུབ་མཐའ་ལ་ཁས་བླངས། མ་གྲུབ་ན། དེར་ཐལ། ཁྱོད་མངོན་སུམ་ཚད་མའི་ལྡོག་པའམ། ཚད་མའི་ལྡོག་པ་གང་རུང་མིན་པ་གང་ཞིག ཁྱོད་ཤེས་བྱ་ཐམས་ཅད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་ཡིན་པའི་ཕྱིར། དེ་བཞིན་དུ་བདེན་པ་གཉིས་ཀ་ཆོས་ཅན། དོན་དམ་བདེན་པར་ཐལ། ཞེས་སོགས་བརྗོད་པར་བྱའོ། །གཞན་ཡང༌། བུམ་མེད་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། བུམ་མེད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་ཆོས་ཅན། ཁྱོད་ཀྱིས་བུམ་མེད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་ཐལ། ཁྱོད་ཀྱིས་དེ་དངོས་སུ་རྟོགས་པ་གང་ཞིག དེ་གཉིས་སྣང་དང་བཅས་པའི་སྒོ་ནས་མ་རྟོགས་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ལ་དེའི་རྣམ་པ་ཤར་བར་ཐལ། དེའི་ཕྱིར། འདོད་ན། ཆོས་ཅན། ཁྱོད་ལ་དེའི་དོན་སྤྱི་ཤར་བར་ཐལ། དེ་རྟོགས་པ་གང་ཞིག ཁྱོད་ལ་དེའི་རྣམ་པ་ཤར་བའི་ཕྱིར། འདོད་ན། ཁྱོད་དེ་ལ་མངོན་སུམ་མིན་པར་ཐལ། དེའི་ཕྱིར་རོ། །གཉིས་པ་ནི། དོན་དམ་བདེན་པའི་མཚན་ཉིད་ཀྱི་ཟུར་དུ་བསྒྲུབ་པའི་རྣམ་པར་རྟོགས་བྱ་མིན་པ་ཞེས་སྨོས་པ་ལ་རྣམ་བཅད་ཡོད་དམ་མེད། མེད་ན་ཅིའི་ཕྱིར་སྨོས། ཡོད་ན་ཁོ་བོས་ཕྱི་མ་བཅད་ནས་སྔ་མ་ཁོ་ན་དམ་ཚིགས་སུ་བཞག་ན་ཅིས་འགོག རྟོགས་ཡེས་ཆོས་སྐུ་ཆོས་ཅན། དོན་དམ་བདེན་པར་ཐལ། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་ཡོད་དོ་ཞེ་ན། འོ་ན་དེ་ཆོས་ཅན། རང་ཉིད་དངོས་སུ་རྟོགས་པའི་མངོན་སུམ་ཚད་མ་དེས་གཉིས་སྣང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་མིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འཁོར་གསུམ། ཅི་སྟེ། ཁྱབ་པ་དངོས་འགལ་མི་འགྲོ་སྟེ། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་ན། གཉིས་སྣང་དང་བཅས་པའི་སྒོ་ནས། རྟོགས་པར་བྱ་བའི་རིགས་སུ་གནས་པ་ཡོད་དོ་ཞེ་ན། རིགས་སུ་གནས་ཤེས་མ་སྦྱར་ན་སྐྱོན་ཅི་འགྲོ་རྟོག་ཡེས་ཆོས་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཞེས་པའི་སྐྱོན་ཡོད་དོ་ཞེ་ན། རྟོགས་ཡེས་ཆོས་སྐུ་མ་ཡིན་པ་ལས། ལོག་པའི་རྟོགས་ཡེས་ཆོས་སྐུ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། གཞན་རྣམས་ཁས་བླངས། ཕྱི་མ་ཁས་བླངས་ཤིང་དེར་ཐལ། དགག་པ་ཡིན་པའི་ཕྱིར། ཁས་བླངས་ཤིང༌། དེར་ཐལ། མིན་དགག་ཡིན་པའི་ཕྱིར་ཏེ། ཁྱབ་པ་གྲུབ་མཐའོ། །ཀུན་རྫོབ་བདེན་པའི་མཚན་ཉིད་དེ་ཆོས་ཅན། ཀུན་རྫོབ་བདེན་པ་ཡོད་ན་ཁྱོད་ཡོད་དགོས་པར་ཐལ། ཁྱོད་དེའི་མཚན་ཉིད་ཡིན་ཕྱིར། འདོད་ན། གང་ཟག་གི་བདག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཞི་གྲུབ་པར་ཐལ། རང་དངོས་སུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བའི་རིགས་སུ་རྟོགས་བྱ་བའི་རིགས་སུ་གནས་པ་ཡོད་པའི་ཕྱིར། རྟགས་དངོས། གཞན་ཡང༌། དོན་དམ་བདེན་པའི་མཚན་ཉིད་དེ་ཁས་བླངས་ནས་ཆོས་ཅན། ཁྱོད་དེའི་མཚན་ཉིད་མིན་པར་ཐལ། མེད་ན་ཁྱོད་ཡིན་དགོས་པའི་ཕྱིར། རྟགས་འབུད། དེའི་རྗེས་འབྲང་ཁ་ཅིག མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་གང་ཞིག མི་སླུ་བ་དེ་དོན་དམ་བདེན་པའི་མཚན་ཉིད། ཐ་སྙད་པའི་ཚད་མའི་རྙེད་དོན་གང་ཞིག བསླུ་བ་དེ་ཀུན་རྫོབ་དོན་བདེན་པའི་མཚན་ཉིད། ཅེས་ཟེར་རོ། །ལས་རྒྱུ་འབྲས་ཆོས་ཅན། བསླུ་བར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། དཀོན་མཆོག་གསུམ་ཆོས་ཅན། བསླུ་བར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཞན་ཡང༌། དོན་དམ་བདེན་པའི་མདོའི་དཀྱིལ་ཟུར་དུ་གང་ཞིག་མ་སྨོས་ན་སྐྱོན་ཅི་འགྲོ། ཅི་ཡང་མི་འགྲོ་ན་སྨོས་པས་ཅི་ཞིག་བྱ། འགྲོ་ན་གང་འགྲོ་བ་དེ་ཆོས་ཅན། བསླུ་བར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཡང་ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་དུ། གང་ཞིག་མ་སྨྲོས་ན་སྐྱོན་ཅི་འགྲོ། སྐྱོན་གཞི་གྲུབ་པ་གཅིག་འགྲོ་ན་ནི། དེ་ཆོས་ཅན། མི་བསླུ་བར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། ཁྱབ་བསལ་དངོས་འགལ། མ་གྲུབ་ན་དེར་ཐལ། གཞི་གྲུབ་པ་གང་ཞིག ཀུན་རྫོབ་བདེན་པ་མིན་པའི་ཕྱིར། རི་བོང་རྭ་ལྟ་བུ་གཞི་མ་གྲུབ་པ་གཅིག་ཆོས་ཅན། ཀུན་རྫོབ་བདེན་པར་ཐལ། བསླུ་བའི་ཕྱིར། མ་གྲུབ་ན་ཡོད་པར་ཐལ། མི་བསླུ་བའི་ཕྱིར། ཞེས་པའི་སྐྱོན་ཡོད་དོ་ཞེ་ན། ཐ་སྙད་པའི་ཚད་མས་རྙེད་དོན་གང་ཞིག བསླུ་བ་དེ་ཆོས་ཅན་རི་བོང་རྭ་དེ་ཀུན་རྫོབ་བདེན་པ་ཡིན་པ། རི་བོང་རྭ་དེ་ཁྱོད་ཡིན་པའི་ཕྱིར། ཁྱབ་བསལ་ཁས་བླངས་མ་གྲུབ་ན་དེ་གང་ཞིག མི་བསླུ་བ་དེ་ཆོས་ཅན། ཁྱོད་ཡིན་ན་ཡོད་མི་དགོས་པར་ཐལ། རི་བོང་རྭ་དེ་ཁྱོད་ཡིན་པའི་ཕྱིར། རྟག་དངོས་འགལ་གཞན་ཡང༌། མི་བསླུ་བ་ཆོས་ཅན། རི་བོང་རྭ་དེ་ཁྱོད་ཡིན་པར་ཐལ། ཁྱོད་མེད་དགག་ཡིན་པའི་ཕྱིར་ཞེས་ཀྱང་བྱའོ། །ཕྱྭ་པ་ཆོས་ཀྱི་སེང་གེ་དོན་དམ་བདེན་པ་དང་ཆོས་ཉིད་སོགས་ཆོས་ཅན། དོན་དམ་བདེན་པ་མ་ཡིན་པར་ཐལ། ཁྱོད་ཀྱི་དགག་པ་ཤེས་བྱ་ལ་སྲིད་པའི་ཕྱིར། ཞེས་མ་བསྒྲུབ་བྱེད་བཀོད་ནས། དེ་དག་ཀུན་རྫོབ་བདེན་པར་འདོད་པ་དང༌། དོན་དམ་རྟོག་པའི་བློས་ཀུན་རྫོབ་མ་རྟོགས་པར་འདོད་པ་སོགས་ནི་ནང་འགལ་བར་རྟོགས་པའོ། །སླར་ཡང་དར་ཊཱིཀ་སྨྲ་བ་ལ་འདི་ལྟར་བརྗོད་པར་བྱ་ཏེ། དོན་དམ་བདེན་པ་ཆོས་ཅན། སྒྲུབ་པའི་རྣམ་པ་རྟོགས་བྱ་ཡིན་པར་ཐལ། དོན་དམ་བདེན་པ་ཡིན་པའི་ཕྱིར། འདོད་ན། དེར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། གྲུབ་ན་དེར་ཐལ། དགག་སྒྲུབ་གང་རུང་གང་ཞིག་དགག་པ་མིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། མེད་དགག་གམ་མིན་དགག་གང་ཡིན། དང་པོ་ལྟར་ན། རང་མིང་གི་ཆོས་གཞན་འཕེན་པར་ཐལ། མིན་དགག་ཡིན་པའི་ཕྱིར། ཁྱབ་པ་ཚད་མ་དང་གྲུབ་མཐའ་གཉིས་ཀའོ། །འདོད་ན། ཆོས་གཞན་གང་འཕེན་སྟོན་དགོས་སོ། །རྩ་བར་མ་གྲུབ་ན། ཀུན་རྫོབ་བདེན་པར་ཐལ། གང་རུང་གང་ཞིག་དོན་དམ་བདེན་པ་མིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ངེས་ཡུལ་དུ་བྱེད་པའི་བསློབ་པའི་མཁྱེན་པ་ཡིན་ན། ཀུན་རྫོབ་དངོས་ཡུལ་དུ་བྱེད་པའི་སློབ་པའི་མཁྱེན་པ་ཡིན་དགོས་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འཁོར་གསུམ་ཁས་མ་བླངས་སམ་གཞན་ཡང༌། བདེན་གཉིས་ལ་གཞུང་བཞིན་ཡོད་དམ་མེད། ཡོད་ན་གཞུང་བཞིན་དེ་ཆོས་ཅན། དོན་དམ་བདེན་པ་མིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གཞུང་བཞིན་མེད་ན། ཤེས་བྱ་ཆོས་ཅན། བདེན་གཉིས་འགལ་བར་ཐལ། དེ་གཉིས་ལ་གཞུང་བཞིན་མེད་པའི་ཕྱིར། དེ་འདོད་ན། ཤེས་བྱ་ཆོས་ཅན། བདེན་གཉིས་འགལ་བར་སྨྲ་བ་དེ་ལོག་རྟོག་མ་ཡིན་པར་ཐལ། དེ་གཉིས་འགལ་བའི་ཕྱིར། འདོད་ན། བདེན་གཉིས་འགལ་བར་འཛིན་པ་ལོག་རྟོག་ཡིན་པར་བསལ་ཆ་ལོག་སྒྲུབ་ཊཱི་ཀར་བཤད་པ་དང་འགལ། རྣམ་དག་ལ། སྣང་ཚུལ་ལ་འཇུག་པའི་བློས་རྙེད་པའི་རྙེད་དོན་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། གནས་ལ་འཇུག་པའི་བློས་རྙེད་པའི་རྙེད་དོན་དེ་དོན་དམ་བདེན་པའི་མཚན་ཉིད་ཡིན་པ་ལྟ་བུར་བཤད་པས། དེ་ལྟར་ཁས་ལེན་པ་ཡོད་ན། བུམ་པ་བདེན་སྟོང་ཆོས་ཅན་ཀུན་རྫོབ་བདེན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། ཁྱོད་མངོན་སུམ་དུ་རྟོགས་པའི་ཚུར་མཐོང༌། སྲིད་པར་ཐལ། ཁྱོད་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་མིན་པ་གང་ཞིག ཁྱོད་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་རེ་ཞིག་ཚད་འབུད་བྱའོ། །གཞན་ཡང༌། དོན་དམ་བདེན་པ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། ཁྱོད་བདེ་ཆེན་སྟོང་དོན་དམ་བདེན་པར་ཐལ། ཁྱོད་ཡོད་པའི་ཕྱིར། རྩ་བར་མ་གྲུབ་ན་དེར་ཐལ། བུམ་པ་མངོན་སུམ་དུ་རྟོག་པའི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་སྐྱེ་རྙེད་དོན་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེར་ཐལ། དེ་ལྟའི་རྗེས་ཐོབ་ཡེ་ཤེས་དེས་བུམ་པ་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཕྱིར། གཞན་ཡང༌། བུམ་པ་ཆོས་ཅན། དོན་དམ་བདེན་པར་ཐལ། མཚན་མེད་དེའི་ཕྱིར། དེར་ཐལ། བུམ་པ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྙེད་དོན་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་དང་གཅིག་གང་ཞིག་མཉམ་གཞག་སྣང་བཅས་ཡིན་པར་འགལ་ལོ། །རྣམ་བཅད་ལས་སྣང་བ་ལྟར་དོན་བྱེད་ནུས་པ་དེ་ཡང་དག་ཀུན་རྫོབ་བདེན་པ་དང༌། སྣང་བ་ལྟར་དོན་བྱེད་མི་ནུས་པ་དེ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དུ་བཞག་པ་ལྟར་སྣང་བས། དེ་ལྟར་ཁས་མི་ལེན་ན། རི་བོང་དང་དོན་དམ་བདེན་པ་སོགས་ཆོས་ཅན། ལོག་པའི་ཀུན་རྫོབ་དུ་ཐལ། སྣང་བ་ལྟར་དོན་བྱེད་མི་ནུས་པའི་ཕྱིར། མ་གྲུབ་ན། ཡང་དག་ཀུན་རྫོབ་ཏུ་ཐལ། མཚན་ཉིད་དེའི་ཕྱིར། ཀུན་རྫབ་བདེན་པ་ཞེས་པའི་ཁྱད་པར་སྒོམ་ན། ཡང་དག་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས་ཀ་ཆོས་ཅན། ལོག་པའི་ཀུན་རྫོབ་དུ་ཐལ་ཞེས་སོགས་འཕེན་ནོ། །འདིར་ཁ་ཅིག་ན་རེ། ཐལ་འགྱུར་བ་དང་ལུགས་ལ་ཡང་དག་ཀུན་རྫོབ་ཁས་མི་ལེན་ཏེ། ཡང་དག་པར་གྲུབ་པའི་ཆོས་ཁས་མི་ལེན་པའི་ཕྱིར་ཏེ། བདེན་གྲུབ་ཁས་མི་ལེན་པའི་ཕྱིར། རང་རྒྱུད་པའི་ལུགས་ལ། ཡང་དག་ཀུན་རྫོབ་བདེན་པ་ཁས་ལེན་པ་སང་སྣང་བ་ལྟར་དོན་བྱེད་ནུས་པ་ཁས་ལེན། དེ་ཁས་ལེན་པས། རང་མཚན་ཁས་ལེན། དེའི་ཕྱིར་ཐལ་འགྱུར་བས་གཞལ་བའི་ངོས་ན་རང་རྒྱུད་པས་ཀྱང་བདེན་གྲུབ་ཁས་ལེན་པར་སོང་ལ། རང་རྒྱུད་པ་དང་ལུགས་ལ། བདེན་གྲུབ་ཁས་མི་ལེན་ཟེར་རོ། །འོ་ན་ཤེས་བྱ་ཆོས་ཅན། རང་རྒྱུད་པས་ཀྱང་དང་ལུགས་ལ། ཡང་དག་ཀུན་རྫོབ་ཁས་མི་ལེན་པར་ཐལ། ཡང་དག་པར་གྲུབ་པའི་ཆོས་ཁས་མི་ལེན་པའི་ཕྱིར། དེར་ཐལ་བདེན་གྲུབ་ཁས་མི་ལེན་པའི་ཕྱིར། གསུམ་དང༌། རང་རྒྱུད་ས་བོན། བདེན་གྲུབ་ཁས་ལེན་པར་ཐལ། ཐལ་འགྱུར་བས་གཞལ་བྱའི་ངོས་ནས་ཁྱོད་ནི་བདེན་གྲུབ་ཁས་ལེན་པའི་ཕྱིར། རྟག་དང་པོ་འགལ། ཁྱབ་པ་ཚད་མ། འདི་ལྟར་རང་རྒྱུད་པས་བདེན་གྲུབ་ཁས་ལེན་པ་དེ་ཆོས་ཅན། ཚད་མས་གྲུབ་པར་ཐལ། ཐལ་འགྱུར་བའི་ཚད་མས་ཁྱོད་གྲུབ་པའི་ཕྱིར། རྟག་དང་པོ་འགལ། ཁྱབ་པ་མེད་ན་ཐལ་འགྱུར་བའི་ཚད་མ་ཆོས་ཅན། ཁྱོད་ནི་བསྒྲུབ་པའི་དོན་ལ་ཚད་མས་གནོད་པར་ཐལ། ཁྱོད་ནི་སྒྲུབ་ཀྱང་ཚད་མས་གནོད་པའི་ཕྱིར། དེའི་ཕྱིར་གནས་ཚོད་ལ་རང་རྒྱུད་པས་བདེན་གྲུབ་ཁས་བླངས་པར་སོང་བས་དབུའམ་རང་རྒྱུད་པ་ཆོས་ཅན། ཁྱོད་ནི་རྒྱུད་ལ་དབུ་མའི་ལྟ་བ་སྐྱེས་པར་ཐལ། ཁྱོད་ཀྱིས་བདེན་གྲུབ་ཁས་བླངས་པའི་ཕྱིར། འདོད་ན། ཁྱོད་དབུ་མ་པ་མིན་པར་ཐལ། འདོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དབུ་མ་རང་རྒྱུད་པའི་སྒྲུབ་མཐའ་དང༌། སེམས་ཙམ་པའི་སྒྲུབ་མཐའ་གཉིས་ལ་ཐེག་ཆེན་གྱི་ལམ་ཐོབ་ཚུལ་ལ་ཁྱད་པར་མེད་པར་ཐལ། གཉིས་ཀས་ཀྱང་ཐེག་ཆེན་གྱི་སྦྱོར་ལམ་ཙམ་རེ་ཐོབ་པ་ལ་ཁྱད་པར་མེད། གཉིས་ཀས་ཀྱང་ཐེག་ཆེན་གྱི་མཐོང་ལམ་ཙམ་རེ་ཐོབ་པ་ལ་ཁྱད་པར་མེད་པའི་ཕྱིར། གཞན་ཡང༌། ཐལ་འགྱུར་བ་ཆོས་ཅན། ཁྱོད་ཀྱིས་རང་རྒྱུད་པའི་སྒྲུབ་པའི་མཐའ་ལམ་རྟོགས་པར་ཐལ་རང་རྒྱུད་པའི་ལུགས་ལ་བདེན་གྲུབ་ཁས་མི་ལེན་པ་གང་ཞིག ཁྱོད་ཀྱིས་རང་རྒྱུད་པས་བདེན་གྲུབ་ཁས་ལེན་པར་མཐོང་བའི་ཕྱིར། རྟགས་བསལ་དངོས་འགལ་ལོ། །གཞན་སྡེའི་གཞུང་གི་དེ་ཉིད་མ་མཐོང་ཀྱང༌། ཞེས་པས་ཞུགས་པའི་འཁོར་ཚོགས་འདྲིད་པའི་ཕྱིར། གཞན་ལ་སྨོད་པའི་དྲག་སྔགས་ཟླ་བྱེད་པ། །དེས་ཀྱང་རང་ཕྱོགས་འཛིན་པར་མངོན་རློམ་ཚེ། །རང་གཞུང་བསྒྲུབ་ལ་ལུང་གི་མིག་ཡངས་ཤིང༌། །གཞན་གཞུང་འགོག་པ་རིགས་པའི་རྣམ་འགྱུར་ཅན། །རང་གཞན་གྲུབ་མཐའི་དེ་ཉིད་སྟོན་མཁས་པའི། །བློ་གསལ་དབང་པོ་རིགས་པའི་སྒྲ་ཆེན་སྒྲོག །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཇི་སྐད་བཤད་པའི་མཐོང་བའི་ལམ་གྱི། །ཞེས་སོགས་སུ། ཐེག་ཆེན་གྱི་མཐོང་ལམ་ལས་རྟོག་པའི་རིགས་རྒྱུན་མཐའ་དད་པའི་ཐེག་ཆེན་སྒོམ་ལམ་བྱར་མེད་དེ། གཉིས་པོ་རང་བཞིན་རྣམ་དག་གི་ཆོས་དབྱིངས་རྟོགས་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དེ་ལ་ཁྱད་པར་ཡོད་པར་ཐལ། རྒྱུན་མཐར་རྣམ་པར་སྨིན་པ་མིན་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་བ་ན། དེ་དང་རིག་མཐུན་པ་ཐམས་ཅད་མངོན་དུ་བྱེད་ནུས་མཐོང་ལམ་དུ་དེ་མི་ནུས་པའི་ཕྱིར། ཕྱི་མ་གྲུབ་ན། དེ་ན་སྐད་ཅིག་སྦྱོར་བ་ཡོད་པར་ཐལ་ལོ། །ཞེས་ཏེ་ཁྱབ་པ་མེད་དེ། དེ་གློ་བུར་རྣམ་དག་གི་དབང་དུ་བྱའོ་ཞེ་ན། དེ་བས་འདི་ཆེས་ངོ་མཚར་ཆེ། ཤེས་བྱ་ཆོས་ཅན། ཆོས་གཅིག་གི་གློ་བུར་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ན་ཆོས་ཐམས་ཅད་ཀྱི་མཐོང་བར་ཐལ། རྣམ་པར་སྨིན་པ་མིན་ནུས་པའི་སྐད་ཅིག་སྦྱོར་གྱི་ཆོས་ཉིད་རྟོགས་ཚུལ་འདི་གློ་བུར་རྣམ་དག་གི་དབང་དུ་བྱས་པ་གང་ཞིག གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ་ཞེས་པའི་གཞུང་འདི། སྐད་ཅིག་སྦྱོར་དང་པོའི་ཆོས་ཉིད་རྟོག་ཚུལ་གྱི་སྒྲུབ་བྱེད་དུ་གསུངས་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། ས་དང་པོ་དང༌། གཉིས་པ་ལ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ཁྱད་པར་ཡོད་པར་ཐལ། ས་དང་པོར་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ཀྱི་དེ་བཞིན་མ་མཐོང༌། གཉིས་པར་དེ་མཐོང་བའི་ཕྱིར། དངོས་པོ་མ་གྲུབ་ན། ས་དང་པོར་ཡོན་ཏན་སྟོང་ཕྲག་བཅུ་གཉིས་ཆོས་ཅན། ཁྱོད་ཀྱི་ཆོས་ཉིད་མ་མཐོང་བར་ཐལ། ཁྱོད་མེད་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། བསྒོམ་ལམ། ལས་རྟོགས་རིགས་ཐ་དད་པའི་རྣམ་མཁྱེན་གཞག་དུ་མེད་པར་ཐལ། གཉིས་པོ་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་པའི་ཕྱིར། གསུམ་པར་སྒྲིག་གོ །གཞན་ཡང༌། རྣམ་དག་ལས་འདི་སྐད་བྱ་སྟེ། ས་བཅུ་ལ་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས་ཚུལ་ཁྱད་པར་ཡོད་པར་ཐལ། མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་ཡོད་པའི་ཕྱིར། ཁས་བླངས་ཤིང་དེར་ཐལ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དུ་སྡུག་བསྔལ་བདེན་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས། བདེན་པ་ལྷག་མའི་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་རྟོག་པའི་ཕྱིར། གཞན་ཡང༌། སྐད་ཅིག་བཅུ་དྲུག་པོ་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་ཡོད་པར་ཐལ། ཆོས་བཟོད་དུ་བདེན་པ་བཞི་ཆར་གྱི་ཆོས་ཉིད་ལ་ངེས་པ་འདྲེན་ནུས་ཀྱི་ཚུལ་དུ་མ་མཐོང༌། ལམ་ལ་རྗེས་ཤེས་ཀྱིས་བདེན་པ་བཞི་ཆར་གྱི་ངེས་པ་འདྲེན་ནུས་ཀྱི་ཚུལ་དུ་མཐོང་བའི་ཕྱིར། རྣམ་དག་ལས་གཞལ་གྱིས་བཞེས་སོ། །དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པར་མཚོན་བྱེད་དཔེའི་དགེ་འདུན་གྱི་རྣམ་དག་གཟུང་བར་ཙམ་བཀོད་པ། མཚོན་བྱ་དོན་གྱི་དགེ་འདུན་དོགས་པ་སྤྱད་པ་དང༌། གཉིས་དང་པོ་ལ། འབྲས་བུ་ལ་སྤྱད་པ་དང༌། འབྲས་གནས་ལ་དཔྱད་པའོ། །དང་པོ་ལ། དགེ་སྦྱོང་གི་ཚུལ་ཡིན་ན། ཟག་མེད་བར་ཆད་མེད་ལམ་ཡིན་པས་ཁྱབ་ན། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་དངོས་སུ་ཐོབ་བྱེད་ཀྱི་ལམ་ཟག་བཅས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། རང་འབྲས་དགེ་སྦྱོང་ཚུལ་གྱི་འབྲས་བུ་དངོས་སུ་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་ཡིན་པའི་ཕྱིར། རྟག་གྲུབ་པར་ཐལ། དེ་འདྲ་དེ་ཡོད་པའི་ཕྱིར། དེར་ཐལ། འབྲས་བུ་བར་པ་གཉིས་དངོས་སུ་ཐོབ་བྱེད་ཀྱི་ལམ་ཟག་བཅས་ཡོད་པའི་ཕྱིར། འདི་ནི་སུས་ཀྱང་དཔྱད་པ་མིན་དང་གཞན་ཡང༌། ཤེས་བྱ་ཆོས་ཅན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། ཟག་མེད་བར་ཆད་མེད་ལམ་གྱི་ཐོབ་འབྲས་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཕྱིར་འོང་ཆགས་བྲལ་སྔོན་སོང་གི་འབྲས་བུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། འཇིག་རྟེན་པའི་ལམ་གྱི་ཐོབ་འབྲས་ཡིན་པའི་ཕྱིར། དེ་དེར་ཐལ། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། ཞེས་བྱ་བའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པའི་བྲལ་བ་ཡིན་པས་ཁྱབ་ཟེར་ན། ལམ་ཟག་བཅས་ཀྱི་ཐོབ་པའི་འབྲས་བུ་བར་པ་གཉིས་སྔ་མ་ལྟར་འཕེན་ཞིང༌། དེའི་བྲལ་འབྲས་ཡིན་པས་ཁྱབ་ཟེར་ན། ཟག་མེད་བར་ཆད་མེད་ལམ་གྱི་བྲལ་བ་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཡིན་པར་ཐལ། ཟག་མེད་བར་ཆད་མེད་ལམ་གྱི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། དེའི་འབྲས་བུ་འདུས་བྱས་ཡིན་པའི་ཕྱིར། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐམས་ཅད་བཞིར་འདུས་ཟེར་ན། ཤེས་བྱ་ཆོས་ཅན། དེ་ཡིན་ན་བཞི་པོ་གང་རུང་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མཐོང་ལམ་སྡུག་བསྔལ་ཆོས་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། བཅུ་དྲུག་པའི་རྟོག་པ་མ་ཐོབ་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱ་བཅུ་རྩ་དགུ་པོ་གང་རུང་ཡིན་པའི་ཕྱིར། འདི་ལ་ཕལ་ཆེར་དཔྱད་པ་ཞུགས་སོ། །འབྲས་གནས་ཡིན་ན་རྒྱུ་ལྔ་སྲིད་པའི་འབྲས་གནས་ཡིན་དགོས་ཟེར་ན། སྔ་མ་དེ་ཉིད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་པ་བརྒྱད་ཚན་ཚང་བར་ཐོབ་པར་ཐལ། འདོད་པའི་ཕྱིར། ཁྱབ་ཏེ། ཤེས་པ་བརྒྱད་ཚན་ཐོབ་པ་དང་ནི། ཞེས་བྱ་བའི་ཕྱིར། ཁ་ཅིག་ན་རེ། འབྲས་གནས་ཡིན་ན། རང་ཉིད་ཞུགས་པ་སྔོན་སོང་ཡིན་པས་ཁྱབ་ཅེས་ཟེར་རོ། །གཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཅིག་ཅར་རྒྱུན་ཞུགས་པ་སྔོན་སོང་ཡིན་པར་ཐལ། འདོད་པ་གང་ཞིག་ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྤང་བྱ་གཅིག་ཅར་བ་དང་རྒྱུན་ཞུགས་པའི་གཞི་མཐུན་སྲིད་པར་ཐལ། དེ་དེ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་གཞུང་བཞིན་ཆོས་ཅན། རྒྱུན་ཞུགས་པ་མིན་པར་ཐལ། བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཕྱིར། བསལ་པ་ཁས་བླངས། ཁྱབ་པ་ཚད་མ། མ་གྲུབ་ན། ཁས་བླངས་མོད། དེར་ཐལ། གཅིག་ཅར་བ་ཡིན་པའི་ཕྱིར། རྟག་བསལ་ཁས་བླངས། ཁྱབ་པ་ཚད་མ། ཁ་ཅིག་ན་རེ། མངོན་པ་འོག་མ་བའི་རྒྱུ་ལྔ་སྲིད་པའི་འབྲས་གནས་ཡིན་ན། རྒྱུན་ཞུགས་སོགས་བཞི་པོ་གང་རུང་ལ་གནས་པ་ཡིན་དགོས་ཟེར་རོ། །གཉིས་མགོ་མ་དང༌། རྫས་སྤྱི་མ་ཆོས་སུ་སྨྲ་བ་དག་ལྟར་ན་ནི་དེ་དག་འཕེན་ཅིང༌། རྣམ་པར་སྤྱོད་པའི་ཤེས་རབ་དང་ལྡན་ཞིང༌། ལེགས་ཉེས་འབྱེད་པའི་མཐུ་གྲུབ་པ་དག་ལྟར་ན། འདི་ལྟར། སྟོན་པ་སངས་རྒྱས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཉན་ཐོས་སུ་ཐལ། རྩ་བར་མ་གྲུབ་ན། དེར་ཐལ། འབྲས་གནས་གང་ཞིག རྒྱུ་ལྔ་པོ་ཚང་བའི་ཕྱིར། དེར་ཐལ། སྟོན་པ་སངས་རྒྱས་ཡིན་པའི་ཕྱིར། གཞན་ཡང༌། རང་རྒྱལ་དགྲ་བཅོམ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྔ་མ་ལྟར་བསྒྲུབ་བོ། རྒྱས་པར་ནི་གཞན་དུ་བྲིས་པ་ལས་ཤེས་པར་བྱའོ། །གཉིས་པ་ལ། འདིར་དངོས་སུ་བསྟན་པའི་དགེ་འདུན་ཉི་ཤུ་པོ་ཐེག་ཆེན་གྱི་དགེ་འདུན་ཡིན་ནམ། ཐེག་དམན་གྱི་དགེ་འདུན་ཡིན་དྲིས་པ་ལ། དང་པོ་ལྟར་ན། དེ་ཆོས་ཅན། ཁྱོད་གང་རུང་ཡིན་ན། ཐེག་ཆེན་འཕགས་པ་ཡིས་ཁྱབ་པར་ཐལ། ཁྱོད་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། འདོད་ན། བསེ་རུ་ལྟ་བུའི་རང་རྒྱལ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ཐེག་པས་འབྲིང་གི་སྐྱེས་བུ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེ་དེར་ཐལ། སྐབས་འདིར་དངོས་སུ་བསྟན་པའི་དགེ་འདུན་ཉི་ཤུ་ཡོད་པའི་ཕྱིར་དང༌། སྐབས་འདིར་མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུ་པོ་དེ་ཤུགས་ལ་བསྟན་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་དགེ་འདུན་ཉི་ཤུ་ལ་མཚོན་བྱེད་དང༌། དེའི་མིང་ཅན་གྱི་བྱང་སེམས་ཉི་ཤུ་ལ་མཚོན་བྱའི་ཐ་སྙད་བྱས་པ་འཐད་པའི་ཕྱིར། རྩ་བའི་རྟག་གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། སྐབས་འདིར་ཐེག་ཆེན་གྱི་དགེ་འདུན་ཉི་ཤུ་དངོས་སུ་བསྟན་པ་མ་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེར་ཐལ། སྐབས་འདིར་ཐེག་ཆེན་གྱི་དགེ་འདུན་ཉི་ཤུ་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུའི་མིང་གི་བརྟགས་ནས་བསྟན་པའི་ཕྱིར། གཞན་ཡང༌། ཤེས་བྱ་ཆོས་ཅན། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ཞེས་པའི་སྐབས་ནས་བསྟན་པའི་དགེ་འདུན་དཀོན་མཆོག་དེ་ཉན་ཐོས་ཀྱི་དགེ་འདུན་དཀོན་མཆོག་ཏུ་ཐལ། རྩ་བའི་དམ་བཅའ་གང་ཞིག གཞུང་སྔ་ཕྱི་གཉིས་པོ་མདོར་ན་དང་རྒྱས་བཤད་ཡིན་པའི་ཕྱིར། གཞན་ཡང༌། མདོ་ལས་དངོས་སུ་བསྟན་པའི་དགེ་འདུན་ཉི་ཤུ་པོ་དེ་ཉན་ཐོས་ཀྱི་དགེ་འདུན་དུ་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་མི་རྣམས་ཀྱི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆོས་ཅན་རྣམས་མ་གཏོགས་པ་ཞེས་སོགས་ཀྱི་མདོ་ལས་དངོས་སུ་བསྟན་པའི་དགེ་འདུན་དཀོན་མཆོག་ཆོས་ཅན། ཉན་ཐོས་ཀྱི་དགེ་འདུན་མིན་པར་ཐལ། བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར། འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱི། སོགས་ལ། རྣམ་བཅད་པ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་འདོད་པའི་སྒོམ་སྤངས་མ་སྤངས་པ་ཆོས་ཅན། རྒྱུན་ཞུགས་པའི་མིང་གིས་འདོགས་སུ་རུང་སྟེ། མཐོང་སྤངས་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པའི་ཕྱིར་དུ་བཙོན་པའི་ཕྱིར། ཞེས་བྱ། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཤེས་ལ་གནས་པ་དེ་རྟག་དེ་ཡིན་པར་ཐལ། རྩ་བའི་ཆོས་ཅན་དེ་རྟག་དེ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་མ་ཡིན་པར་ཐལ། ཁྱོད་ཀྱིས་མཐོང་སྤངས་སྤངས་ཟིན་པའི་ཕྱིར་ཏེ། ཁྱོད་ཐེག་དམན་མཐོང་ལམ་ཆོས་ཤེས་ལ་གནས་པའི་ཕྱིར། དར་ཊཱིཀ་པ་ལྟར་ན་ཐེག་ཆེན་གྱི་མཐོང་ལམ་བརྗོད་པ་བར་ཆད་མེད་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་ཞུགས་པའི་མིང་གིས་འདོགས་སུ་རུང་སྟེ་ཟེར། ཤེས་བྱ་ཆོས་ཅན། རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་བྱང་སེམས་ཡིན་ན་ཐེག་ཆེན་གྱི་བར་ཆད་མེད་ལམ་ལ་གནས་པའི་བྱང་སེམས་ཡིན་པས་ཁྱབ་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། རྟག་ཅི་བཀོད་ཀྱང་ཞེས་འདོད་ལ་འདོད་པས། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་ཤེས་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་རྒྱུན་ཞུགས་འབྲས་གནས་ཀྱི་མིང་བཞིན་དུ་ཐལ། དེ་མིན་པ་གང་ཞིག མཐོང་ལམ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར། འདོད་ན་མིན་པར་ཐལ། བཅུ་དྲུག་པའི་རྟོག་པ་མ་ཐོབ་པའི་ཕྱིར། དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་བྱེ་བྲག་གིས། ཞེས་སོགས་ལ། རྒྱུན་ཞུགས་པ་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་དེ། ཁྱོད་ལ་དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས་ཡོད་པའི་ཕྱིར། ཞེ་ན། དེ་ཆོས་ཅན། དེ་གང་རུང་ཡིན་ན་ཁྱོད་ཡིན་དགོས་པས་ཁྱབ་པར་ཐལ། ཁྱོད་ལ་དེ་གཉིས་སུ་དབྱེར་ཡོད་པའི་ཕྱིར། འདོད་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དབང་རྣོན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། ཆོས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར། ཡང་རྒྱུན་ཞུགས་ཞུགས་པའི་མིང་ཅན་གྱི་བྱང་སེམས་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་དེ། ཁྱོད་ལ་དད་པའི་རྗེས་འབྲང་གི་མིང་ཅན་དང༌། ཆོས་ཀྱི་རྗེ་འབྲང་གི་མིང་ཅན་གཉིས་ཡོད་པའི་ཕྱིར། ཟེར་ན། དེ་ཆོས་ཅན། དེ་གང་རུང་ཡིན་ན་ཁྱོད་ཡིན་དགོས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཉན་ཐོས་རྒྱུན་ཞུགས་ཞུགས་པ་དབང་རྣོན་ཆོས་ཅན། དེའི་འོག་ཏུ་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་པར། རྣམ་བཅད་པ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ལ་གནས་ཤིང་སྔར་སྒོམ་སྤངས་མ་སྤངས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཀྱི་མིང་གིས་འདོགས་རུང་སྟེ། མཐོང་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། ཞེས་བྱ། རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་སྐབས་འདིར་རྒྱུན་ཞུགས་འབྲས་གནས་ཀྱི་མིང་གིས་བཏགས་ནས་བསྟན་པའི་དགེ་འདུན་དཀོན་མཆོག་ཏུ་ཐལ། འདོད་པ་གང་ཞིག་དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། གཞན་ཡང༌། ཕྱིར་མི་འོང༌། དགྲ་བཅོམ་འབྲས་གནས་རྣམས་ཆོས་ཅན་དུ་བཟུང་ནས་རྩ་ཁྱབ་ལ་བཏང་ངོ༌། །མ་གྲུབ་ན། དེར་ཐལ། མཐོང་སྤངས་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ལ་མ་ཉམས་པའི་གང་ཟག་ཡིན་པའི་ཕྱིར། དར་ཊཱིཀ་པ། མཐོང་ལམ་རྣམ་གྲོལ་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་དུ་ཞུགས་པ་མིན་པའི་ཕྱིར་ཏེ། མཐོང་སྤངས་ཀུན་སྦྱོར་གསུམ་ཟད་པར་སྤངས་པའི་སེམས་དཔའ་ཡིན་པའི་ཕྱིར། ཟེར་ན། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཡིན་པར་ཐལ། འདོད་པར་ལན་གཅིག་ཕྱིར་འོང་ཡིན་ཏེ། སྐྱེ་བ་ཕྱི་མ་འདོད་ཁམས་ཀྱི་རྟེན་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཕྱིར། ཐམས་ཅད་གྲུབ་མཐའ་ལ་ཁས་བླངས་སོ། །གཞན་ཡང༌། མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་ཡིན་པར་ཐལ། རྒྱུན་དུ་ཞུགས་པ་ཡིན་པའི་ཕྱིར། རྟགས་དང་པོས། བསལ་བ་གྲུབ་མཐའ་ལ་ཁས་བླངས་ཤིང༌། ཡིན་པར་ཐལ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར། དེའི་འོག་ཏུ་དེ་ཉིད་ཅེས་སོགས་ལ། རྣམ་བཅད་ལྟར་ན། རྒྱུན་ཞུགས་འབྲས་གནས་ཀྱི་མིང་ངན་ཆོས་ཅན། གཉིས་ཡོད་དེ། ལྷའི་དང༌། མིའི་རིགས་ནས་རིགས་སྐྱེའི་མིང་ངན་གཉིས་ཡོད་པའི་ཕྱིར། ཞེས་བྱ། ཚིག་ལྟར་ན། དེ་ཆོས་ཅན། དེ་གཉིས་གང་རུང་ཡིན་ན། དེ་ཁྱོད་ཡིན་དགོས་པར་ཐལ། ཁྱོད་ལ་དེ་གཉིས་ཡོད་པའི་ཕྱིར། འདོད་ན། གཟུགས་ཁམས་ཀྱི་ལྷ་ནས་གཟུགས་ཁམས་ཀྱི་ལྷར་སྐྱེ་བ་ལེན་པའི་བྱང་སེམས་འདོད་པ་ལ་འདོད་ཆགས་དང་བྲལ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཕྱིར་མི་འོང་གི་མིང་ངན་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། དེར་ཐལ། གཟུགས་ཀྱི་ལྷའི་རིགས་སུ་སྐྱེ་བའི་མིང་ངན་ཡིན་པའི་ཕྱིར། ཡང་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཆོས་ཅན། ཁྱོད་ལ་གཉིས་ཡོད་དེ། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་སོགས་གཉིས་ཡོད་པའི་ཕྱིར། ཟེར་ན། དེ་ཆོས་ཅན། དེ་གཉིས་གང་རུང་ཡིན་ན་ཁྱོད་ཡིན་དགོས་པར་ཐལ། ཁྱོད་ལ་དེ་གཉིས་སུ་ཡོད་པའི་ཕྱིར། འདོད་ན། ཚེ་འདི་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་ནས་གཟུགས་ཁམས་སུ་སྐྱེ་བ་གཉིས་ལེན་པར་གྱུར་པའི་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། འདོད་ཁམས་སུ་སྐྱེ་བ་མི་ལེན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱུན་ཞུགས་གང་ཞིག ལྷའི་རིགས་ནས་རིགས་སྐྱེ་ཡིན་པའི་ཕྱིར། སྔར་ལྟར་བསྒྲུབ་བོ། །དོན་ལྟར་ན། རྣམ་བཅད་བཤད་པ། མཐོང་སྤངས་གསུམ་ལམ། བཞི་སྤངས་ཤིང་ལྷར་སྐྱེ་བ་རིགས་མཐུན་གཉིས་བླངས་ནས་སངས་རྒྱས་ཚུལ་སྟོན་པ་དེ། ལྷའི་རིགས་ནས་རིགས་སྐྱེའི་མིང་ཅན་དང༌། སྤངས་པ་དེ་ཉིད་མིའི་སྐྱེ་བ་རིགས་མཐུན་གཉིས་སམ་གསུམ་བླངས་ནས་སངས་རྒྱ་ཚུལ་སྟོན་པ་དེ། མིའི་རིགས་ནས་རིགས་སྐྱེའི་མིང་ཅན་ཡིན་གསུང༌། ཤེས་བྱ་ཆོས་ཅན། རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མིང་ཅན་ཡིན་ན། མཐོང་སྤངས་ལྔ་པ་ལ་མ་སྤངས་དགོས་པར་ཐལ། དེའི་སྤང་པའི་ཁྱད་པར་མཐོང་སྤངས་གསུམ་ལམ་བཞི་སྤངས་པ་ཞེས་པའི་ངོས་འཛིན་སྨོས་པ་འཐད་པའི་ཕྱིར། འདོད་ན། མི་དགོས་པར་ཐལ། དེ་ཡིན་ན་མཐོང་སྤངས་སྤངས་དགོས་པའི་ཕྱིར་ཏེ། རྒྱུན་ཞུགས་ཀྱི་མིང་ཅན་ཡིན་ན། དེ་སྤངས་དགོས་པའི་ཕྱིར། གཞན་ཡང༌། དམ་བཅའ་དེ་མི་འཐད་པར་ཐལ། རིགས་ནས་རིགས་སྐྱེའི་ཁྱད་པར་དེ་སྒོམ་སྤངས་ཁོ་ནའི་དབང་དུ་བྱས་པའི་ཕྱིར། གཞན་ཡང༌། བྱང་སེམས་མཐོང་སྤངས་འཁོར་བར་སྐྱེ་བ་གསུམ་ལས་ལྷག་པ་མི་ལེན་པར་སངས་རྒྱ་ཚུལ་སྟོན་པ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མེད་པར་ཐལ། དེ་ཡིན་ན་བསྐལ་པ་གྲངས་མེད་གཉིས་ཀྱི་བར་དུ་འཁོར་བར་སྐྱེ་བ་མ་བླངས་པར་སངས་རྒྱས་པའི་ཚུལ་སྟོན་མི་ནུས་པས་ཁྱབ་པའི་ཕྱིར། རྟགས་འབུད་དོ། །དེའི་འོག་ཏུ་ལན་གཅིག་ཕྱིར་འོང་བ་ཡིན་ནོ། །སོགས་ལ། སྒོམ་སྤངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། ལན་གཅིག་ཕྱིར་འོང་གི་མིང་གི་འོད་གསལ་རུང་སྟེ། འདོགས་པའི་ཆོས་སུ་མ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ཡོད་དེ། ཉན་ཐོས་ཕྱིར་འོང་དང་སྤངས་རྟོགས་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་འགའ་ཞིག་འདྲ་བའི་ཕྱིར། ཞེ་ན། དེ་ཆོས་ཅན། ཁྱོད་ལན་གཅིག་ཕྱིར་འོང་དང་སྤངས་པའི་ཁྱད་པར་ཙམ་མི་འདྲ་བར་ཐལ། ཁྱོད་ཀྱིས་ཐེག་དམན་ལམ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་མ་ལུས་པར་སྤངས། ཉན་ཐོས་ཀྱི་ཕྱིར་འོང་དེས་ཉན་ཐོས་ལམ་གྱི་སྤང་བྱར་གྱུར་པའི་ཉོན་མོངས་མ་ལུས་པར་མ་སྤངས་པའི་ཕྱིར། སྔ་མ་དེར་ཐལ། ཁྱོད་བྱང་སེམས་འཕགས་པ་ཡིན་པའི་ཕྱིར། ཡང༌། དེ་ཆོས་ཅན། ཁྱོད་དང་སྐྱེ་བ་ལེན་ཚུལ་གྱི་ཆ་ཙམ་མི་འདྲ་བར་ཐལ། དེ་ཡིན་ན་འདོད་པར་སྐྱེ་བ་ལན་གཅིག་ལས་ལྷག་པ་མི་ལེན་པས་ཁྱབ། ཁྱོད་ཀྱིས་བསམ་བཞིན་དུ་འདོད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་ལེན་པའི་ཕྱིར། དེ་ཉིད་གཞན་དང་གཅིག་པ་ཡིན་ནོ། །སོགས་ལ། རྣམ་བཅད་པ། སྒོམ་སྤངས་བདུན་ནམ་བརྒྱད་སྤངས་ཤིང་འདོད་པར་སྐྱེ་བ་ལན་གཅིག་བླངས་པའི་བྱང་སེམས་ཆོས་ཅན། ཚེ་གཅིག་བར་ཆད་གཅིག་པའི་མིང་གིས་འདོགས་སུ་རུང་སྟེ། འདོད་པར་ལན་གཅིག་འོངས་ནས་སྡུག་བསྔལ་མཐར་ཕྱིན་པའི་ཚུལ་སྟོན་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། དེ་འདྲའི་བྱང་སེམས་དེས་འདོད་པའི་སྒོམ་སྤངས་དགུ་པ་སྤངས་པའི་དབང་གིས་འདོད་པར་སྐྱེ་བ་ལན་གཅིག་ལེན་པ་ཡིན་པར་ཐལ། དེས་འདོད་པར་སྐྱེ་བ་ལན་གཅིག་ལེན་པ་གང་ཞིག ཚེ་བར་གཅིག་བར་ཆད་གཅིག་པའི་བྱང་སེམས་དེའི་སྤང་བྱའི་ཁྱད་པར་དུ་སྒོམ་སྤངས་བདུན་ནམ་བརྒྱད་སྤངས་ཞེས་པ་དེའི་ངོས་བཟུང་སྨོས་པ་མཐད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདི་གཞན་ལའང་སྦྱར་རོ། །དེའི་འོག་ཏུ་ཕྱིར་མི་འོང་བ་ཡིན་ནོ། །སོགས་ལ། ཕྱིར་མི་ལྡོག་པའི་བྱང་སེམས་སྒོམ་སྤངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་ཆོས་ཅན། ཕྱིར་མི་འོང་གི་མིང་གི་འདོགས་སུ་རུང་སྟེ། གསུམ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ཡོད་དེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། ཟེར་ན་སྒོམ་སྤངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཆོས་ཅན། རྩ་བ་དེར་ཐལ། དེའི་མིང་གི་འདོགས་པའི་ཆོས་སུ་ཚང་བའི་ཕྱིར། འདོགས་པའི་རྒྱུ་མཚན་ཡོད་དེ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཡིན་ན། དེའི་མིང་གི་འདོགས་སུ་རུང་བས་ཁྱབ་པར་ཐལ། ཁྱོད་དེ་དང་གཅིག་གང་ཞིག འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཡིན་ན། དེའི་མིང་ཅན་གྱི་བྱང་སེམས་ཡིན་དགོས་པར་ཐལ། འདོད་པ་གང་ཞིག ཁྱོད་དེ་དང་གཅིག་ཡིན་པའི་ཕྱིར། འདོད་ན། བསམ་གཏན་གྱི་དངོས་གཞི་ཐོབ་པའི་བྱང་སེམས་མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་པའི་སྒོམ་སྤངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་བྱང་སེམས་ཡིན་ཏེ། བྱང་སེམས་གང་ཞིག འདོད་པ་ལ་ཆགས་པ་དང་བྲལ་བའི་ཕྱིར་ཏེ། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཕྱིར། འདོད་ན། ཡིན་པར་ཐལ། རྒྱུན་ཞུགས་ཞུགས་པའི་མིན་ཅན་ཡིན་པའི་ཕྱིར་ཏེ། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ཡིན་པའི་ཕྱིར། ཁ་ཅིག་ན་རེ། རྒྱུན་ཞུགས་ཀྱི་མིང་ཅན་དང༌། ཕྱིར་འོང་གི་མིང་ཅན་གཉིས་མི་འགལ་ཏེ། དེ་གཉིས་ཀྱི་མིང་འདོགས་སུ་མི་འགལ་བའི་ཕྱིར། དེར་ཐལ། གཞུང་བཞིན་གྲུབ། དེ་གཉིས་ཀའི་སྒྲས་བརྗོད་རིགས་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན། སྐབས་འདིར་བསྟན་གྱི་མཚོན་བྱ་དོན་གྱི་དགེ་འདུན་དེ་ལ་ཉི་ཤུར་དབྱེར་མི་རིགས་པར་ཐལ། མཚོན་བྱ་དོན་གྱི་དགེ་འདུན་ཡིན་ན། རང་སངས་རྒྱས་གཅིག་པུའི་མིང་ཅན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཤིང༌། དེར་ཐལ། དེ་གཅིག་པུའི་སྒྲས་བརྗོད་རིགས་ཡིན་པས་ཁྱབ་པའི་ཕྱིར། བར་མ་དོ་དང་སྐྱེ་གནས་དང༌། །སོགས་ལ། རྣམ་བཅད་པ་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་གྱི་བག་ལ་ཉལ་སྤངས། མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་བག་ལ་ཉལ་མ་སྤངས་པས་བར་དོར་ལམ་མངོན་དུ་བྱས་ནས་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་ཆོས་ཅན། བར་དོར་འདའ་བའི་མིང་གིས་འདོགས་སུ་རུང་སྟེ། ཞེས་བྱས་པ་དང༌། དར་ཊཱིཀ་པ་ན་རེ་ཤེས་བྱ་ཆོས་ཅན། དེ་འདྲ་བྱང་སེམས་དེ་མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་དབང་གིས་བར་དོར་སྐྱེ་བ་ལེན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། བྱང་འཕགས་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་ལོ། །ཞེས་ཟེར་རོ། །ཤེས་བྱ་ཆོས་ཅན། མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་བག་ལ་ཉལ་ཡིན་ན། འགྲུབ་པའི་ཀུན་སྦྱོར་ཡིན་དགོས་པར་ཐལ། མཐར་ཐུག་སྔ་མ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ཉོན་མོངས་པ་ཡིན་དགོས་པར་ཐལ། འདིར་སྐྱོན་དེ་མི་འཇུག་ཀྱང་གཟུགས་ཀྱི་བར་དོའི་རྟེན་ལ་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་ཡོད་པར་ཐལ། བར་དོར་ལམ་མངོན་དུ་བྱས་ནས་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་གཅིག་ཡོད་པའི་ཕྱིར། འདོད་ན། དེ་མེད་པར་ཐལ། བྱང་སེམས་འཕགས་པ་བར་དོར་སངས་རྒྱ་བའི་རྟེན་ཡིན་ན་བར་དོའི་རྟེན་མ་ཡིན་དགོས་པར་ཐལ། འདི་ནི་གོང་མ་རྣམས་སུ་འདོད་པའི་རྟེན་ལ་སངས་རྒྱ་ཚུལ་སྟོན་པ་ལ་སྦྱར་རོ། །འོག་མིན་གྱི། སོགས་ལ། འོག་མིན་མཐར་ཐུག་འགྲོའི་མིང་ཅན་གྱི་སོགས་ལ། འོག་མིན་མཐར་ཐུག་འགྲོའི་བྱང་སེམས་མིང་ཅན་གྱི་བྱང་སེམས་ཆོས་ཅན། གསུམ་དུ་ཡོད་དེ། འཕར་བའི་མིང་ཅན་སོགས་གསུམ་ཡོད་པའི་ཕྱིར། ཟེར་ན། འཕར་བའི་མིང་ཅན་གྱི་བྱང་སེམས་ཆོས་ཅན། ཁྱོད་འོག་མིན་འགྲོའི་མིང་ཅན་ཡིན་པའི་ཕྱིར། ཁྱོད་དེའི་དབྱེ་བའི་ཡ་གྱལ་གཅིག་ཡིན་པའི་ཕྱིར། འདོད་ན། འོག་མིན་གྱི་རྟེན་ལ་སངས་རྒྱ་བའི་ཚུལ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་དེ་མིན་པར་ཐལ། འོག་མིན་གྱི་རྟེན་ལ་བྱང་སེམས་འཕགས་པ་སངས་རྒྱ་བའི་ཚུལ་སྟོན་པ་མི་སྲིད་པའི་ཕྱིར། དེར་ཐལ། གཙང་མའི་གནས་ནི་སྤངས་པའི་ཕྱིར། ཞེས་བྱ་བའི་ཕྱིར། འཕར་བ་གསུམ་གྱི་མཚན་གཞི་དྲིས་པས། བསམ་གཏན་གོང་མ་གསུམ་ལས་ཉམས་པའི་ཚུལ་བསྟན་ནས། ཕྱི་མ་ཚངས་རིགས་སུ་སྐྱེས་ཏེ། བར་གྱི་གནས་གཞན་རྣམས་དོར་ནས་འོག་མིན་གྱི་རྟེན་ལ་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་དེ། འཕར་བའི་མིང་ཅན་དང༌། དེ་བཞིན་དུ་ཚངས་རིགས་ནས་གནས་གཙང་མའི་འོག་མ་གསུམ་པོ་གང་རུང་དུ་སྐྱེས་ནས་འོག་མིན་དུ་སངས་རྒྱ་བའི་ཚུལ་སྟོན་པ་དེ་དང༌། ཕྱི་མ་ཚངས་རིགས་ནས་འོག་མིན་གྱི་བར་གྱི་གནས་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པ་དེ། ཕྱེད་དུ་འཕར་བ་དང༌། གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་ཅན་ནོ། །ཞེ་ན། སྔ་མ་དེ་ཆོས་ཅན། ཁྱོད་འཕར་བའི་མིང་ཅན་མ་ཡིན་པར་ཐལ། བསམ་གཏན་སྤྲེལ་སྒོམ་གྱི་དབང་གིས་གནས་གཙང་དུ་སྐྱེ་བ་མི་ལེན་པའི་ཕྱིར། དེར་ཐལ། རྒྱུ་སྙོམས་འཇུག་གིས་བསམ་གཏན་གྱི་དབང་གིས་འབྲས་བུ་སྐྱེ་བའི་བསམ་གཏན་དུ་སྐྱེ་བའི་ཡན་ལག་ཡོངས་སུ་ཟད་པའི་ཕྱིར། བྱང་སེམས་འཕགས་པ་ཡིན་པའི་ཕྱིར། བར་པ་དེ་ཆོས་ཅན། ཆེད་དུ་འཕར་བའི་མིང་ཅན་མ་ཡིན་པར་ཐལ། གཟུགས་ཁམས་སུ་སྐྱེ་བ་གཉིས་ལས་ལྷག་པ་མི་ལེན་པ་མ་ཡིན་པའི་ཕྱིར། དེར་ཐལ། གཟུགས་ཁམས་བསམ་བཞིན་སྐྱེ་བ་ཚད་མེད་པ་ལེན་པའི་ཕྱིར་དེའི་འོག་ཏུ་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི། སོགས་ལ། སྲིད་རྩེའི་མཐར་ཐུག་འགྲོའི་མིང་ཅན་གྱི་བྱང་སེམས་ཆོས་ཅན། ཁྱོད་ལ་དེ་དབྱེ་ན་གཉིས་སུ་ཡོད་དེ། མཐོང་ཆོས་ཞི་བའི་དང༌། ལུས་མངོན་བྱེད་ཀྱི་མིང་ཅན་གཉིས་ཡོད་པའི་ཕྱིར། ཟེར་ན། མཐོང་ཆོས་ཞི་བའི་མིང་ཅན་གྱི་སེམས་ཆོས་ཅན། སྲིད་རྩེའི་མཐར་ཐུག་འགྲོའི་མིང་ཅན་མིན་པར་ཐལ། རྩ་བའི་སྲིད་རྩེར་སྐྱེ་བ་མི་ལེན་པའི་ཕྱིར། ཤེས་བྱ་ཆོས་ཅན། མཐོང་ཆོས་ཞི་བའི་ཉན་ཐོས་དེ་སྲིད་རྩེའི་མཐར་ཐུག་འགྲོའི་ཉན་ཐོས་ཡིན་པར་ཐལ། དེའི་མིང་ཅན་དེའི་མིང་ཅན་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་མིན་པར་ཐལ། ཚེ་འདི་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ལུས་མངོན་བྱེད་ཀྱི་མིང་ཅན་གྱི་བྱང་སེམས་ཆོས་ཅན། སྲིད་རྩེར་འགྲོའི་མིང་ཅན་ཡིན་པར་ཐལ། སྲིད་རྩེའི་སྙོམས་འཇུག་གི་རོ་མྱང་མཚུངས་ལྡན་ལ་ཆགས་པ་དང་བྲལ་བའི་ཕྱིར་ཏེ། རྣམ་པར་བརྒྱད་ཀྱི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། དེའི་འོག་ཏུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་ནོ། །སོགས་ལ། རྒྱུན་མཐའ་ལ་གནས་པའི་བྱང་སེམས་ཆོས་ཅན། དགྲ་བཅོམ་ཞུགས་པའི་མིང་གིས་འདོགས་སུ་རུང་སྟེ། གསུམ་ཚང་བའི་ཕྱིར། ཟེར་ན། དེ་ཆོས་ཅན། ཁྱོད་དགྲ་བཅོམ་ཞུགས་པ་དངོས་མིན་པར་ཐལ། ཁྱོད་དེ་ཡིན་པ་ལ་གནོད་བྱེད་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། དེ་དེ་ཡིན་པར་ཐལ། སངས་རྒྱས་འཕགས་པ་དེ་དགྲ་བཅོམ་འབྲས་གནས་དངོས་ཡིན་པའི་ཕྱིར། དེའི་འོག་ཏུ་རང་སངས་རྒྱས་ཏེ། སོགས་ལ། འཕགས་པ་འཇམ་དཔལ་ཆོས་ཅན། རང་སངས་རྒྱས་ཀྱིས་མིང་གིས་འདོགས་སུ་རུང་སྟེ། ཉན་ཐོས་དང་སངས་རྒྱས་མེད་པའི་ཞིང་ཁམས་སུ་རང་བྱང་ཆུབ་པའི་ཚུལ་སྟོན་པའི་བྱང་སེམས་ཡིན་པའི་ཕྱིར། ཟེར་ན། དེ་ཆོས་ཅན། རྟགས་དེ་མིན་པར་ཐལ། རྟགས་དེ་འདྲ་མི་སྲིད་པའི་ཕྱིར། དེར་ཐལ། སངས་རྒྱས་མེད་པའི་ཞིང་ཁམས་མི་སྲིད་པའི་ཕྱིར། དམིགས་པ་དང་ནི་རྣམ་པ་དང༌། །སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་ལས་ཁྱད་པར་འཕགས་ཏེ། ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན། བྱང་སེམས་ཀྱི་སྦྱོར་ལམ་ཡིན་ན། ཐེག་དམན་གྱི་སྦྱོར་ལམ་ལ་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པས་ཁྱབ་པར་ཐལ། དེ་དེ་ལས་ཁྱད་ཆོས་ལྔའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཕྱིར། འདོད་ན། བྱང་སེམས་ཀྱི་སྦྱོར་ལམ་ཡིན་ན་ཆོས་ཀྱི་བདེན་མེད་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་གནས་པ་སེམས་ཙམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སེམས་ཙམ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲ་ཡོད་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་འདྲ་ཡོད་པར་ཐལ། དབུ་མའི་ལྟ་བ་མ་རྟོགས་སེམས་ཙམ་པའི་ལྟ་བ་བསྐྱང་པ་ལ་བརྟེན་ནས་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་ཐོབ་ནུས་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་དེ་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་མཆེད་པ་ཙམ་ཡིན་གྱི། འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་མཆེད་པ་མ་ཡིན་པའི་ཕྱིར་མདོ་སྡེ་བརྒྱན་ལས་བཤད་པའི་ཕྱིར་ཏེ། དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤངས་འགྱུར། །འདི་ལྟར་འདི་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤངས། །ཞེས་བྱ་བའི་ཕྱིར། འདིར་ཐེག་ཆེན་གྱི་སྦྱོར་ལམ་གྱི་མཚན་ཉིད་དྲིས་པས། སྟོང་ཉིད་ལ་དོན་སྤྱིའི་ཚུལ་གྱི་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས། ཟེར་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཚོགས་ཆེན་ཡུན་རིང་རྫོགས་པའི་སྦྱོར་བ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྐྱེ་མེད་གསུམ་གང་རུང་ལ་དོན་སྤྱིའི་ཚུལ་གྱིས་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་པ་ཡིན་པའི་ཕྱིར་ཏེ། སོ་སྐྱེ་མངོན་རྟོགས་གང་ཞིག རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར། ཡང༌། རང་རྒྱུད་ཐེག་ཆེན་གྱི་ཚོགས་ལམ་རྫོགས་རྗེས་སུ་བྱུང་ཞིང་རང་འབྲས་ཐེག་ཆེན་གྱི་མཐོང་ལམ་མ་བྱས་ཏེ་གོང་གི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས། ཟེར་ན། ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྔ་མ་དེར་ཐལ། རང་རྒྱུད་ཐེག་ཆེན་ཚོགས་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་ཚོགས་ལམ་ཡོད་པའི་ཕྱིར། ཐེག་ཆེན་སོ་སྐྱེས་ལ་སོ་སྐྱེས་ཁྱབ་པ་ལྟར་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་སྦྱོར་ལམ་པའི་མཁྱེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སོ་སྐྱེའི་མངོན་རྟོགས་སུ་ཐལ། ཐེག་ཆེན་སོ་སྐྱེའི་མངོན་རྟོགས་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། འཕགས་པའི་མངོན་རྟོགས་ཡིན་པའི་ཕྱིར། གཞན་ཡང༌། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྟོང་ཉིད་ལ་དོན་སྤྱིའི་ཡུལ་དུ་བྱེད་པ་མ་ཡིན་པའི་ཕྱིར་ཏེ། རང་ཡུལ་ལ་དོན་སྤྱིའི་ཡུལ་དུ་བྱེད་པའི་བློ་མ་ཡིན་པའི་ཕྱིར། དེར་ཐལ། རྟོག་པ་མ་ཡིན་པའི་ཕྱིར་ཏེ། མངོན་སུམ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངེས་པར་འབྱེད་པའི་སོགས་ལ། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། བདེན་པ་བཞི་ལ་ཁྱད་པར་གྱི་ཆོས་ཇི་ལྟར་སྲིད་པ་བཞིན་དུ་དམིགས་ཏེ། ཟེར་ན། དེ་ཆོས་ཅན། ཁྱོད་ཀྱིས་བདེན་བཞིའི་སྟེང་གི་ཁྱད་ཆོས་ཐམས་ཅད་ལ་དམིགས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁྱོད་ཀྱིས་དེ་ལ་དངོས་སུ་དམིགས་པར་ཐལ། དམིགས་པ་གང་ཞིག ཤུགས་ལ་དམིགས་པའི་ཕྱིར། འདོད་ན། ཁྱོད་ཀྱིས་སྟོང་ཉིད་ལ་དངོས་སུ་དམིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་དམིགས་པར་ཐལ། དེ་ལ་དོན་སྤྱིའི་ཚུལ་གྱིས་ཡུལ་དུ་བྱེད་པའི་ཕྱིར། རྩ་བའི་ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་དངོས་སུ་དམིགས་པའི་བདེན་བཞིའི་ཁྱད་ཆོས་མེད་པར་ཐལ། གཞན་ཡང༌། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། བདེན་པ་བཞི་ལ་ཁྱད་པར་གྱི་ཆོས་ཇི་ལྟར་སྲིད་པ་གཞན་དུ་དམིགས་པ་ཡིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེས་དེ་ལ་དམིགས་པ་མིན་པའི་ཕྱིར། མ་གྲུབ་ན། བྱང་སེམས་སྦྱོར་ལམ་པ་ཆོས་ཅན། ཁྱོད་ཀྱི་དེ་ལ་མ་དམིགས་པར་ཐལ། ཁྱོད་ཀྱི་རྒྱུད་ལ་བདེན་བཞིའི་ཁྱད་ཆོས་འགའ་ཞིག་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྒྱུད་ལ་བདེན་འཛིན་ཡོད་པའི་ཕྱིར། མདོར་བསྡུས་དེ་རྣམ་པར་བཀྲོལ་བ་སོགས་ལ། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་ལམ་དེས་བདེན་པ་བཞི་རྣམ་པ་གཞན་གྱི་དམིགས་ཚུལ་རྒྱས་པར་མ་བརྗོད་དེ། དེས་དེ་ལ་དམིགས་ཚུལ་མདོར་བསྡུས་པ་ཙམ་ཞིག་བརྗོད་པའི་མཁས་མཆོག་ཡིན་པའི་ཕྱིར། ཟེར་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཁྱོད་བསྒྲུབ་བྱའི་ཆོས་དེ་ཡིན་པར་ཐལ། ཁྱོད་ཀྱི་དེས་དེ་ལ་དམིགས་ཚུལ་རྒྱས་པར་བརྗོད་པའི་ཕྱིར། དེར་ཐལ། ཁྱོད་ཉིད་དེས་བདེན་པ་བཞི་ལ་ཁྱད་ཆོས་ཇི་ལྟར་སྲིད་པ་བཞིན་གྱི་རྣམ་པའི་སྒོ་ནས་དམིགས་པར་བསྟན་པ་གང་ཞིག དེ་ལས་གཞན་པའི་རྣམ་པ་བརྗོད་རྒྱུ་མེད་པའི་ཕྱིར། གང་གི་ཕྱིར་འདི་ནི། སོགས་ལ། ཤེས་བྱ་ཆོས་ཅན། དྲི་མེད་བཅུ་དྲུག་རྣམ་གཞན་མེད། །ཅེས་པའི་ལུང་ལ་བརྟེན་ནས། སྐབས་འདིར་བསྟན་པའི་རྣམ་པ་མི་འདྲ་བ་དུ་མ་འགོག་མི་ནུས་ཏེ། ཐེག་དམན་གྱི་ལུང་ལ་བརྟེན་ནས། ཐེག་ཆེན་གྱི་ལུང་སུན་འབྱིན་མི་ནུས་པའི་ཕྱིར། ཟེར་ན། ཤེས་བྱ་ཆོས་ཅན།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*