ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ། ཀ ༽

༼ད༽༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་རྣམ་པར་བཙལ་ཞིང༌། དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ། བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་རྣམ་པར་བཙལ་ཞིང་དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ་བཞེད་ཚུལ་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་ཞེས་བྱ་བ། བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །རྣམ་སངས་རྒྱས་པའི་དཔལ་ཡོན་གྱིས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །གསལ་བར་སྟོན་མཛད་ཤཱཀྱའི་ཏོག །ཐུབ་དབང་ཉིད་ཀྱིས་མངོན་པར་བཤམས་པའི་ཁྲི་ལ་ཏིང་འཛིན་གང་དུ་ཏིང་འཛིན་སྒོ་རྣམས་མ་ལུས་རབ་འདུས་ཏིང་འཛིན་རྒྱལ་པོའི་རོལ་པས་འགྱིང་ཞིང་བ་སྤུའི་ཁུང་བུ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་རྣམ་པར་སྤྲོ། །སེང་གེ་རྣམ་པར་རོལ་བའི་ང་རོས་ས་ཆེན་རྣམ་པ་དྲུག་ཏུ་གཡོ་མཛད་ཞིང་འདི་མི་ཁོམ་བརྒྱད་པོ་མ་ལུས་དལ་འབྱོར་ཁང་པར་རབ་དེང་སྟོང་གསུམ་ཞིང་དང་མཉམ་པའི་ལྷ་རྫས་གསར་པའི་མཆོད་སྤྲིན་རྒྱ་མཚོའི་གཞལ་མེད་ཁང་པར་རོལ། །ཁྱོད་སྐུ་སྲས་དང་སློབ་མར་བཅས་པའི་དགེ་ལེགས་འོད་ཀྱི་དྲྭ་བས་རབ་འབྱམས་རྒྱ་མཚོའི་ཁམས་ཀུན་སྣང་བར་ལེགས་བྱས་ཕྱོགས་བཅུའི་རྒྱལ་བ་ཡིས་ཀྱང་ཁྱོད་ཀྱི་གཟི་བརྗིད་དཔལ་ལ་འགྲན་པར་མ་བཟོད་འདབ་སྟོང་པདྨོའི་སྐྱེས་ཆེན་དབུལ་བར་མཛད། །གཙང་མའི་གནས་བཅས་འོད་དང་སྐུ་མདོག་གཟི་བརྗིད་དཔལ་གྱིས་མཛེས་ཤིང་ལྷམ་མེར་གྱུར་པའི་འབྱོར་པ་འདི་ནི་ཤེས་རབ་ཕ་རོལ་ཕྱིན་མའི་མཐུ་ལས་མི་མཇེད་ཞིང་གི་ལྷ་མིའི་གྲངས་དང་མཉམ་པར་སྤྲུལ་མཁས་ཀུན་མཁྱེན་འགྲོ་བའི་གཙུག་ན་རྒྱལ། །ཀུན་མཁྱེན་ཉིད་གསུང་དྲེགས་པའི་ཁུར། །སྐྱོང་མཁས་སྦྱོར་བཞིའི་གདོང་པ་ལས། །ལེགས་འཁྲུངས་སྐུ་གསུམ་འཕྲིན་ལས་ཀྱི། །འོད་དཀར་གཡོ་བའི་དགེ་ལེགས་དང༌། །མངོན་རྟོགས་ལང་ཚོའི་དཔལ་འབར་བས། །རྒྱལ་དབང་མངལ་གྱི་ཁུར་འཛིན་ཅིང༌། །རྒྱལ་བའི་སྲས་པོ་མ་ལུས་པའི། །བཞེད་དོན་བསྒྲུབ་མཁས་རྒྱལ་ཡུམ་རྒྱལ། །སྟོང་ཉིད་ཚོན་གྱིས་ཆེར་སྤུད་པའི། །དངོས་བརྒྱད་མཛེས་མའི་ལུས་བཟང་དེ། །སྐལ་བཟང་སྙིང་གི་མེ་ལོང་ལ། །གསལ་མཛད་མི་ཕམ་ཆོས་རྗེ་རྒྱལ། །རྗེ་བཙུན་ཞལ་གྱི་བདུད་རྩིའི་རྒྱུན། །ཐོགས་མེད་གསན་པའི་སྙིམ་པས་བླངས། །དབྱིག་གཉེན་རྣམ་དཔྱོད་བུམ་པར་འཁྱིལ། །གྲོལ་སྡེའི་ལྕེ་རྩེས་རྣམ་པར་མྱངས། །འཕགས་པའི་ལེགས་བཤད་རྒྱུན་གསུམ་པ། །སེང་བཟང་རལ་པའི་ནགས་ན་འཛིན། །འཕགས་ཡུལ་དམ་ཆོས་གང་གའི་སྲོལ། །བློ་ལྡན་བཟང་པོའི་མགྲིན་པར་བསྡུས། །ཡུམ་དོན་སྐལ་ལྡན་ཤིང་རྟའི་རྒྱུན། །སངས་རྒྱས་བསྟན་པའི་དཔལ་གྱིས་རྙེད། །ལེགས་པར་བཤད་པའི་ཆ་ཤས་གཏེར། །རོང་སྟོན་བསྟན་པའི་རྒྱ་མཚོར་སྣང༌། །དེ་ཕྱིར་བརྒྱུད་པའི་བླ་མ་ནི། །ཇི་སྙེད་ཡོད་པ་དེ་དག་དང༌། །དད་ལྡན་གུས་པའི་སྤྱི་གཙུག་གིས། །བློ་གྲོས་ཟླ་ཕྲེང་དཀར་པོ་ལ། །ལེགས་བཤད་ཐིག་འཕྲེང་འགོད་མཁས་པའི། །རྩ་བའི་བླ་མ་རྒྱལ་གྱུར་ཅིག །མངོན་པར་རྟོགས་པའི་རྒྱན་བཟང་པོས། །མཁས་མང་མགྲིན་པར་བརྒྱན་ཟིན་མོད། །མཁས་པའི་ལེགས་བཤད་མ་ལུས་པ། །ཀུན་ཀྱང་འགལ་བ་མེད་པར་ནི། །དོན་གསལ་འགྲེལ་པའི་རྒྱན་ཡིན་ཞེས། །བཞེད་ཚུལ་རྒྱ་མཚོའི་རླབས་འཕྲེང་ཀུན། །ལེགས་བཤད་རྒྱ་མཚོར་རོ་གཅིག་པར། །སྟོན་མཁས་རྒྱ་མཚོའི་རླབས་འཕྲེང་སྤེལ། །གཞུང་ལུགས་རྒྱ་མཚོའི་རླབས་འཕྲེང་འཕྱུར་བ་ནི། །ཀུན་ཁྱབ་བློ་གྲོས་དབང་པོས་གུས་བླངས་ཏེ། །གྲགས་པའི་འབྲུག་སྟོང་སྒྲོག་ལ་སེམས་གཞོལ་བས། །མང་དུ་ཐོས་པའི་ལེགས་བཤད་སྒྲ་དབྱངས་འདི། །བླ་མ་རྣམས་དང་བསྟན་འཛིན་སྐྱེས་བུ་ལ། །མཆོད་པར་འབུལ་ལོ་དེ་ལས་དགེ་བ་གང༌། །ཐོབ་པ་དེ་ཡང་ཕྱོགས་རེའི་མིག་ཅན་དག །མངོན་པའི་ང་རྒྱལ་སྤེལ་བ་བསལ་ཕྱིར་ཡིན།།  །།དེ་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། ཆོས་མོས་ཆོས་ཚོལ་ཆོས་བཤད་ཀྱི་རིམ་པས། །ཐེག་པ་ཆེན་པོ་ལ་འཇུག་དགོས་པར་གསུང་ཞིང༌། བཤད་པའི་ཕན་ཡོན་ཡང་དེ་ཉིད་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་པ་ལྟར་རོ། །དེ་ལ་འདིར་བཤད་བྱ་མདོའི་ཁུངས་བཙལ་བ་དང༌། འཆད་བྱེད་བསྟན་བཅོས་ཀྱིས་མདོའི་དོན་ཇི་ལྟར་བཀྲོལ་བའི་ཚུལ་དང༌། སྐབས་སུ་བབ་པ་བསྟན་བཅོས་དངོས་བཤད་པ་ལ་འཇུག་པའོ། །དང་པོ་ལ་འདིར་བཤད་བྱའི་མདོ་ནི། དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཤིན་ཏུ་ཟབ་པ་ཤེར་ཕྱིན་གྱི་སྡེ་སྣོད་ཡིན་ལ། ལེགས་པའི་ཡོན་ཏན་དོན་དུ་གཉེར་བ་མཐའ་དག་གིས་འདི་ལ་ཉན་བཤད་ཀྱི་སྒོ་ནས་འཇུག་པར་རིགས་ཏེ། རྒྱལ་བའི་ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་དང༌། བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར། དེ་བཤད་པའི་ཡོན་ཏན་ནི། ཡུམ་རྒྱས་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་དུ་གྱུར་ལ། དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་འདི་ཅི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉི་མ་གཅིག་སྟོན་ན་དེ་ཆེས་བསོད་ནམས་མང་དུ་སྐྱེའོ་ཞེས་དང༌། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་ཐམས་ཅད་དང༌། རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱི་གནོན་པའོ། །ཞེས་གསུངས་པ་ལྟར་རོ། །འདི་ཉིད་རྒྱལ་བ་མཆོད་པའི་ཐབས་བླ་ན་མེད་པའང་ཡིན་ཏེ། དཔལ་མཆོག་དང་པོའི་ཤེར་ཕྱིན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདྲི་བ་དང༌། ཀློག་པ་དང༌། ཉན་པ་དང༌། ཁ་ཏོན་བྱེད་པ་དང༌། ལེན་པ་དང༌། འཆང་བ་དང༌། སེམས་པ་དང༌། སྒོམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ཤེས་ཕྱིན་གྱི་སྡེ་སྣོད་འདི་བཀའ་འཁོར་ལོ་གསུམ་ལས་གང་དུ་གཏོགས། གླེགས་བམ་གྱི་གྲངས་དང༌། གཞུང་གི་ཚད་ནི་ཇི་ལྟ་བུ་བྱེ་བྲག་ཏུ་བསྟན་བཅོས་འདིའི་བཤད་བྱའི་མདོའི་གཙོ་བོ་དེ་གང་ལ་བྱ་ཞེ་ན། མདོ་འདི་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོར་གཏོགས་པ་ཡིན་ཏེ། ཡུམ་རྒྱས་པ་ལས། དེའི་ཚེ་ལྷ་རྣམས་ཀྱིས། ནམ་མཁའ་ལ་ལྷུང་ལྷུང་འདེག་འདེག་གི་སྒྲ་ཕྱུང་སྟེ། ཀྱེ་མ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བ་ཡང་མཐོང་ངོ༌། །ཞེས་སྒྲ་སྒྲགས་པར་གསུངས་པའི་ཕྱིར། འདི་ལ་མཁན་ཆེན་ཐམས་ཅད་མཁྱེན་པས། མཚན་ཉིད་མེད་པའི་ཆོས་འཁོར་ཐམས་ཅད་ཆོས་འཁོར་གཉིས་པ་ཁོ་ནར་ངེས་པ་ནི་མ་ཡིན་ཏེ། ཆོས་འཁོར་གསུམ་ག་ལའང་གསུམ་ག་ཡོད་པའི་ཕྱིར། ཡུམ་རྒྱས་པ་ལས། ཤེར་ཕྱིན་ཆོས་འཁོར་གཉིས་པར་བཤད་པ་ནི། གནས་བྱ་རྒོད་ཕུང་པོའི་རི་ལ་བསྐོར་བ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །དགོངས་འགྲེལ་ལས། དོན་དམ་རྣམ་ངེས་ཀྱི་ཆོས་འཁོར་ངེས་དོན་དུ་བཤད་པའང༌། མཚན་ཉིད་མེད་པའི་ཆོས་འཁོར་ལ་དགོངས་པ་ཡིན་ཞིང༌། དེས་ན་དུས་གཉིས་པར་བསྐོར་བ་ཙམ་གྱིས་འཁོར་ལོ་བར་པར་མི་འགྲུབ་ཅིང༌། འཁོར་ལོ་བར་པ་ཡིན་པ་ལ་དུས་གཉིས་པར་བསྐོར་དགོས་པ་ཡང་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །གླེགས་བམ་གྱི་གྲངས་ལས། དགེ་བའི་བཤེས་གཉེན་ཤ་ར་བ་པ་ཆེན་པོའི་དཀར་ཆག་ཏུ། ཤིན་ཏུ་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་གནས་ན་བཞུགས་པ་དང༌། འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་བཞུགས་པ་དང༌། སྟོང་ཕྲག་བརྒྱ་པ་ཀླུའི་གནས་ན་བཞུགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མིའི་ཡུལ་དུ་སྤྱན་དྲངས་པ་ལས་ལྷག་མ་ཅུང་ཞིག་ལུས་སོ། །ཞེས་བྲིས་ཤིང་འདི་ལ་བརྟེན་ནས་ཨར་གྱིས། རྒྱས་འབྲིང་བསྡུས་པ་དགུའི་རྣམ་གཞག་ཀྱང་མཛད་ལ། ཙནྟྲ་གོ་མིའི་སློབ་སྤྲིང་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་སྟེང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་པ་ཙམ་མ་གཏོགས་པ་ཡིད་ཆེས་པའི་ཁུངས་ཡོད་པར་མི་མངོན་ནོ། །ཤེར་ཕྱིན་གྱི་གླེགས་བམ་ཇི་སྙེད་པ་བོད་དུ་འགྱུར་བ་ལས། ཡུམ་རྒྱས་པ་བམ་པོ་སུམ་བརྒྱ་པ་ལ། ཁམ་པ་གོ་ཆའི་ཐུགས་འགྱུར་དུ་གྲགས་པ་དང༌། ཉང་ཨིནྟ་ཨ་རོ་དང༌། སྦས་མཉྫུ་ཤྲཱི་གཉིས་ཀྱི་བཅའ་འབུམ་དུ་གྲགས་པ་དང༌། བཻ་རོ་ཙ་ནའི་ལྕགས་ཐུར་ཅན་དུ་གྲགས་པ་དང༌། ཀ་ཅོག་གི་བླ་འགྱུར་རྒྱས་པར་གྲགས་པ་དང༌། ལྕེ་ཁྱི་འབྲུག་དང༌། ཞང་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་དྲུག་ཙམ་ཡོད་པར་གྲགས་ཤིང༌། ལོ་ཆེན་གྱིས་ཀྱང་མ་མྱ་ད་དྲག་དབྱི་བ་ལ་སོགས་པའི་ཞུས་དག་ཆེ་ལོང་ཙམ་མཛད་དོ། །བུ་སྟོན་ཐམས་ཅད་མཁྱེན་པ་ན་རེ། ཡུམ་རྒྱས་པ་བསྒྱུར་འཕྲོ་ལ་ལུས་སོ་ཞེས་གསུང༌། སྟོང་ཕྲག་ཉི་ཤུ་ལྔ་པ་བམ་པོ་བརྒྱད་ཅུ་གྱ་གསུམ། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ། ཤེས་རབ་ཁྲི་པ་བམ་པོ་སུམ་ཅུ་རྩ་གསུམ། བརྒྱད་སྟོང་པ་བམ་པོ་ཉེར་བཞི། བསྡུད་པ་བམ་པོ་གཅིག་པ་སྟེ། དྲུག་པོ་འདི་ལ་བསམ་ཡས་ཀྱི་དཀར་ཆག་ཏུ་ཡུམ་དྲུག་ཞེས་བྲིས་སོ། །རབ་རྩལ་རྣམ་གནོན་གྱིས་ཞུས་པ་ཤླཽ་ཀ་སྟོང་དང་བརྒྱ་དྲུག་ཅུ་པ། བམ་པོ་བདུན་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། ཚུལ་བརྒྱ་ལྔ་བཅུ་པ་དང༌། རྡོ་རྗེ་གཅོད་པ་དང༌། ལྔ་བཅུ་པ་དང༌། ཀཽ་ཤི་ཀ་ཤླཽ་ཀ་སུམ་ཅུ་རྩ་གཅིག་པ་དང༌། སྒོ་ཉི་ཤུ་རྩ་ལྔ་པ་ཤླཽ་ཀ་ཉེར་ལྔ་པ་དང༌། ཤེས་རབ་སྙིང་པོ་ཤླཽ་ཀ་ཉི་ཤུ་རྩ་ལྔ་པ་དང༌། ཡི་གེ་ཉུང་དུ་ཤླཽ་ཀ་སུམ་ཅུ་པ་དང༌། ཡི་གེ་གཅིག་མ་དང༌། དེ་དག་གི་སྟེང་དུ་དཀོན་མཆོག་བརྩེགས་པའི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེར་ཕྱིན་བདུན་བརྒྱ་པ་བསྣན་ནས། དེ་དག་ལ་སྲས་བཅུ་གཅིག་གི་ཐ་སྙད་མཛད་དོ། །འདི་ལ་བརྟེན་ནས་སློབ་དཔོན་སྔ་མ་རྣམས་ཀྱིས། སྲས་ཡུམ་བཅུ་བདུན་ཞེས་པའི་ཐ་སྙད་མཛད་ཅིང༌། མངོན་པར་རྟོགས་པ་བརྒྱད་དུ་ཕྱེ་ནས་སྟོན་པ་ལ་ཡུམ་དང་མ་ཕྱེ་བར་སྟོན་པ་ལ་སྲས་སུ་འཇོག་ཟེར་རོ། །བཅོམ་ལྡན་རལ་གྲི་ན་རེ། ཡུམ་སྲས་སུ་ཕྱེ་བའི་ཐ་སྙད་དང་གྲངས་ངེས་གཉིས་ཀ་བོར་བ་ཡིན་ཏེ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ་དང༌། ཤེར་ཕྱིན་ཉི་མའི་སྙིང་པོ་དང༌། ཟླ་བའི་སྙིང་པོ་དང༌། སྙིང་པོའི་གཟུངས་དང༌། ལག་ན་རྡོ་རྗེ་དང༌། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་ཏེ། དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར་དང༌། སྲས་ཀྱི་ཐ་སྙད་གང་ནས་ཀྱང་བཤད་པ་མེད་པའི་ཕྱིར། ཞེས་གསུངས་ཏེ་ལེགས་པའོ། །ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་འབུམ་ཊཱིཀ་ལས་ཀྱང༌། ཉི་ཁྲི་ལེ་བརྒྱད་མ་དང༌། སྒོ་མཐའ་ཡས་པ་ཤེར་ཕྱིན་གྱི་མདོའི་རྐང་གྲངས་སུ་མཛད་ལ། སྔ་མ་རྣམས་ཀྱིས་ཉི་ཁྲི་ལེ་བརྒྱད་མ་བསྟན་བཅོས་སུ་མཛད་ཅིང༌། བུ་སྟོན་རིན་པོ་ཆེས་སྒོ་མཐའ་ཡས་པ་བཀའ་ཐ་མར་བཞེད་དེ། དྲི་བ་གསུམ་པའི་ལན་ནི། བསྟན་བཅོས་འདིས་མདོ་དེ་དག་ཐམས་ཅད་ཀྱི་དོན་འཆད་མོད། འོན་ཀྱང་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། དེ་ལ་བསྡུས་སོགས་རབ་དབྱེ་བས། །ཁྱད་པར་ཡོད་པ་ཁོ་ན་ཟད། །ཅེས་པའི་འགྲེལ་བཤད་དུ། སྙིང་པོའི་དོན་སྟོན་པའི་ཤེར་ཕྱིན་དང༌། མངོན་པར་རྟོགས་པའི་དོན་སྟོན་པའི་ཤེར་ཕྱིན་གཉིས་སུ་མཛད་ནས། དང་པོ་ནི། དོན་དམ་སྟོང་པ་ཉིད་འབའ་ཞིག་སྟོན་པ་སྟེ། ཤེས་རབ་སྙིང་པོ་ལ་སོགས་པ། གཉིས་པ་ནི་མངོན་པར་རྟོགས་པ་བརྒྱད་སྟོན་པ་སྟེ། རྒྱས་འབྲིང་བསྡུས་པ་གསུམ་མོ། །ཞེས་བཤད་པ་ལྟར་བཤད་བྱའི་གཙོ་བོ་ནི། ཡུམ་གསུམ་པོ་ཁོ་ན་ལ་བྱ་བར་རིགས་ཏེ། རྣམ་བཤད་མཛད་པ་སྔ་མ་རྣམས་ཀྱིས་ཀྱང་ཡུམ་གསུམ་པོ་གང་རུང་ཁོ་ན་དང་སྦྱར་བའི་ཕྱིར་དང༌། སློབ་དཔོན་གྱིས་ཀྱང༌། གསུམ་པོ་ཁོ་ན་ཁུངས་སུ་མཛད་ཅིང༌། ལ་ལ་ལས་དོན་གཞན་ལས་ཚིག གཞན་ལས་ཞེས་གསུངས་པ་ཡིན་པའི་ཕྱིར་དང༌། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །ཞེས་པའི་འགྲེལ་བཤད་དུ། ཤེར་འབྱུང་བློ་གྲོས་ཀྱིས། རྒྱས་འབྲིང་བསྡུས་པ་གསུམ་པོ་ཀུན་གྱིས་ཞེས་བཤད་པའི་ཕྱིར། འདིར་ཤེས་རབ་ཁྲི་པ་དང༌། ཁྲི་བརྒྱད་སྟོང་པ་ནི། ཡུམ་བར་མའི་དབྱེ་བར་མཁས་པ་རྣམས་ཞལ་འཆམ་ཞིང༌། བསྡུད་པ་ནི། ཉི་ཁྲི་ལྔ་སྟོང་པའི་ཤླཽ་ཀ་ཁ་སྐོང་བའི་ལེ་ལག་ཏུ་མཁས་པ་རྣམ་བཞེད། ཁྲི་བརྒྱད་སྟོང་པ་ལེའུ་བརྒྱད་ཅུ་རྩ་བདུན་ཡོད་པའི་རྩ་བཞི་པ་ནི་བསྡུད་པ་ཉིད་ཡིན་པས། གསུམ་པོ་དེ་ཡུམ་རྒྱས་འབྲིང་བསྡུས་པ་གསུམ་ལས་ལོགས་སུ་མི་བསམ་མོ། །འདི་ལ་འབུམ་ཕྲག་གསུམ་པ་ན་རེ། ཡུམ་ལྔ་པོ་དེ་དག་བཅོམ་ལྡན་འདས་ཀྱིས་ཅིག་ཆར་དུ་གསུངས་པ་ཡིན་ཏེ། གླེང་གཞི་མཐུན་ཞུ་བ་པོ་ཐམས་ཅད་གཅིག གངྒཱའི་ལྷ་མོ་སོགས་བྱང་ཆུབ་ཏུ་ལུང་བསྟན་པ་རྣམས་མཚུངས་པའི་ཕྱིར། ཞེས་གསུངས་སོ། །བུ་སྟོན་ན་རེ། འདི་ལ་ཁྱབ་པ་ཡོད་དེ། སངས་རྒྱས་གཅིག་གིས་གང་ཟག་གཅིག་ལན་དུ་མར་བྱང་ཆུབ་ཏུ་ལུང་བསྟན་པ་མི་མཛད་པའི་ཕྱིར། འོ་ན་ཀླུ་གྲུབ་ལུང་བསྟན་དུ་མ་བྱུང་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། ལུང་སྟོན་ཚུལ་མི་འདྲ་བའི་ཕྱིར། ཞེས་གསུངས་སོ། །འོ་ན་གླེང་གཞིར། འཁོར་དགེ་སློང་ལྔ་སྟོང་དུ་གསུངས་པ་དང༌། སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་ཞེས་འཁོར་གྱི་གྲངས་མི་མཐུན་པར་བཤད་པ་དང་འགལ་ལོ་ཞེ་ན། ཆག་ལོ་ཙྪ་བ་ན་རེ། སྔ་མ་ནི་དགེ་སློང་དུ་བགྲངས་པ་དང༌། ཕྱི་མ་དགེ་འདུན་དུ་བགྲངས་པའི་ཁྱད་པར་ཡིན་པས་མི་འགལ་ལོ་ཞེས་གསུངས། དབུས་པ་བློ་གསལ་ན་རེ། ལྔ་སྟོང་ནི་དང་པོའི་འཁོར་ཡིན་ལ། བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ནི་ལམ་དུ་རྙེད་པའི་འཁོར་ཞེས་གསུང་ངོ༌། །དུས་ཅིག་ཅར་དུ་གསུངས་ཀྱང་རྒྱས་འབྲིང་བསྡུས་གསུམ་གྱི་ཁྱད་པར་འབྱུང་བ་ནི། གསུང་གཅིག་ཉིད་དུ་གསུངས་མོད་ཀྱང༌། །དུ་མ་ཉིད་དུ་སོ་སོར་གོ །དེ་ནི་བདག་གི་ཆེད་དུའོ། །ཞེས་འབྱུང་བ་ལྟར། གདུལ་བྱ་རྣམས་ཀྱི་དབང་པོའི་ཁྱད་པར་ལས་རྒྱས་བསྡུས་སུ་སྣང་བ་ཡིན་ལ། སྣང་བ་ལྟར་སྡུད་པ་པོས་སྡུད་མི་ནུས་པའང་མ་ཡིན་ཏེ། བརྒྱད་སྟོང་འགྲེལ་ཆེན་ལས། སྡུད་པ་པོས་མདོ་སྡེ་མ་ཚང་བ་མེད་པ་དང༌། དུས་ཕྱི་མ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་ཡོངས་སུ་རྫོགས་པར་སྣང་བ་དང་ལྡན་པའི་ཤེས་རབ་སྔར་བསྐྱེད་པ་ཉིད་ཡིན་པའི་ཕྱིར། ཞེས་པ་དང༌། ངེས་པའི་དོན་དུ་ན་མདོ་སྡེ་འདི་སྡུད་པ་པོ་ནི་གསང་བའི་བདག་པོ་ཉིད་ཡིན། ཞེས་གསུངས་པའི་ཕྱིར་དང༌། ཡང་ཇི་ལྟར་ན། ཅིག་ཅར་བསྟན་པ་འདི་ལ་ཆ་ཤས་སུ་ཕྱེ་བ་ཡིན་ཞེ་ན། བསྟན་པ་འདི་ནི་ཀུན་རྫོབ་དུ་ཡི་གེ་དང་ཚིག་ཏུ་སྣང་བའི་ཤེས་པའི་བདག་ཉིད་ཅན་ཉིད་ཡིན་ལ། དེ་ནི་སྟོབས་ཇི་ལྟ་བ་བཞིན་དུ་ལན་གཅིག་གིས་རིམ་གྱིས་སྐྱེ་བ་ཡིན་པས་ཉེས་པ་མེད་དོ་ཞེས་སྟོན་པས་ཅིག་ཅར་དུ་གསུངས་པ་སྡུད་པ་པོས་རིམ་གྱིས་སྡུད་པ་དང༌། ཉན་པ་པོ་ལ་ཤེས་རབ་ཀྱི་སྟོབས་དང་འཚམ་པར་རྒྱས་བསྡུས་ཀྱི་སྣང་བ་སྣ་ཚོགས་འབྱུང་བར་བཤད་པའི་ཕྱིར། གཉིས་པ་འཆད་བྱེད་བསྟན་བཅོས་ཀྱི་མདོའི་དོན་ཇི་ལྟར་བཀྲོལ་བའི་ཚུལ་ལ། སྤྱིར་བཤད་པ་དང༌། བྱེ་བྲག་བསྟན་བཅོས་འདི་ཇི་ལྟར་བཀྲོལ་བའི་ཚུལ་གཉིས་ལས། དང་པོ་ལ། བོད་སྔ་རབས་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེ་ནི། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་སྟོན་པ་དབུ་མ་རིགས་པའི་ཚོགས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་སྟོན་པ་མངོན་པར་རྟོགས་པའི་རྒྱན། སྒོ་གསུམ་རྣམ་གྲངས་བཅུ་གཅིག་གི་སྒོ་ནས་ཡུམ་གྱི་དོན་སྟོན་པ་གནོད་འཇོམས། ཡང་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བརྒྱད་སྟོང་པའི་དོན་བསྡུས་ནས་སྟོན་པ་བརྒྱད་སྟོང་དོན་བསྡུས་ཏེ། ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཡིན་ཟེར་རོ། །ཆོས་རྗེ་ཐམས་ཅད་མཁྱེན་པས་ནི། བཞི་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། སྔ་མ་གཉིས་ལས་སྲོལ་འབྱེད་གཞན་མིན་པའི་ཕྱིར་ཞེས་གསུང༌། གསུང་འདི་ལ་བརྟེན་ནས་གུང་ཊཱིཀ་ཏུ། འགྲེལ་བྱེད་གཞན་གཉིས་ཀྱང་དེ་གཉིས་ཀྱི་རྗེས་སུ་འབྲང་བའི་ཕྱིར། ཞེས་བྲིས་པ་ནི་རྩིང་པོ་སྟེ། སྔ་མ་གཉིས་ཀྱིས་དབུ་མར་བཀྲོལ་ལ། ཕྱི་མ་གཉིས་ཀྱིས་སེམས་ཙམ་དུ་བཀྲོལ་བའི་ཕྱིར་རོ། །འདི་ལ་བུ་སྟོན་རིན་པོ་ཆེ་ན་རེ། སྟོང་ཕྲག་བརྒྱ་པའི་བཤད་པ་བམ་པོ་བདུན་ཅུ་རྩ་བརྒྱད་པ་འདི། འཕང་ཐང་ཀ་མེད་དཀར་ཆག་ཏུ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད། འཆིང་ཕུའི་དཀར་ཆག་དང༌། ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་དཀར་ཆག་དང་གཉིས་སུ། རྒྱ་གར་མར་བཤད་པས་དཔའ་སྡེས་མཛད་པ་ཡིན་ནོ། །ཡུམ་གསུམ་གའི་གནོད་འཇོམས་སུ་གྲགས་པ་བམ་པོ་ཉི་ཤུ་རྩ་བདུན་པ་འདི་ལ་དཔའ་བོས་བྱས་པར་བྲིས་མོད། འདི་ནི་དབྱིག་གཉེན་གྱིས་མཛད་པའི་གཞུང་འགྲེལ་ཡིན་ཏེ། ཐུབ་དགོངས་སུ། གཞུང་འགྲེལ་གྱི་ལུང་དྲངས་པ་རྣམས་ཇི་ལྟ་བ་བཞིན་འདིར་སྣང་བའི་ཕྱིར་དང༌། འདིའི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་བརྩོམ་པར་དམ་བཅའ་མཛད་པའི་ཕྱིར། འདི་ལ་ཡུམ་གསུམ་གནོད་འཇོམས་སུ་གྲགས་ཀྱང༌། རྒྱས་འབྲིང་གཉིས་དང༌། ཁྲི་བརྒྱད་སྟོང་པའི་བཤད་པ་ཡིན་ནོ་ཞེས་གསུང༌། ལེགས་བཤད་གསེར་ཕྲེང་ལས། གཞུང་འགྲེལ་འདི་ནི་དབྱིག་གཉེན་གྱིས་མཛད་པ་དེ་མ་ཡིན་ཏེ། འདིར་སོ་སོ་སྐྱེ་བོ་རྣམ་གྲོལ་སྡེའི་ལུང་དྲངས་པ་དུ་མ་སྣང་བའི་ཕྱིར་དང༌། འདིས་དབུ་མར་བཀྲོལ་བའི་ཕྱིར། ཞེས་གསུང༌། ཡང་ཁ་ཆེ་དྷརྨཱ་ཤྲཱིས་མཛད་པའི་འབུམ་གྱི་ཊཱིཀ་དང༌། སྨྲྀ་ཏིས་མཛད་པའི་ཡུམ་གསུམ་མཐུན་པར་དོན་བརྒྱད་ཀྱིས་སྟོན་པ་ནི་སེང་གེ་བཟང་པོའི་རྗེས་སུ་འབྲང་བས་ལོགས་སུ་བགྲང་མི་དགོས་སོ། །གཉིས་པ་བསྟན་བཅོས་འདི་ཇི་ལྟར་བཀྲོལ་བའི་ཚུལ་ལ། རྩ་བས་མདོ་ཇི་ལྟར་བཀྲོལ་བའི་ཚུལ་དང༌། འགྲེལ་པས་རྩ་བའི་དོན་ཇི་ལྟར་བཤད་པའི་ཚུལ་གཉིས། དང་པོ་ལ། འོ་ན་བསྟན་བཅོས་འདིས་རྒྱས་འབྲིང་བསྡུས་པ་གསུམ་གྱི་དོན་མཐའ་དག་བསྡུས་སམ་མ་བསྡུས། བསྟན་བཅོས་འདི་རྩོམ་པ་པོས་དུས་ནམ་གྱི་ཚེ་བརྩམས། དེ་ལའང་བཤད་པའི་སྲོལ་ནི་ཇི་ཙམ་ཡོད་ཅེ་ན། དང་པོའི་ལན་ལ། ཨ་བྷྱ་ཀ་རའི་ཐུབ་པ་དགོངས་རྒྱན་དུ། མདོའི་དོན་ཐམས་ཅད་ནི་དེའི་རྒྱན་གྱི་ཚིག་ལེའུར་བྱས་པས་བསྡུས་པ་མེད་དོ། །ཞེས་གསུང༌། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས། ཚིག་གསལ་ལས། རྒྱན་གྱི་ཚིག་ལེའུར་བྱས་པས་ཅིའི་ཕྱིར་གླེང་གཞི་དང༌། རྗེ་བཙུན་རང་ཉིད་ཀྱིས་ཞུས་པ་སོགས་མ་བསྡུས་ཞེ་ན། མདོའི་དོན་རྟོགས་དཀའ་བ་ཙམ་ཞིག་བསྡུས་པར་ཟད་ཀྱི། རྟོགས་སླ་བ་དེ་དག་ནི་དགོས་པ་དང་མི་ལྡན་པས་འབད་པའི་གནས་མིན་ནོ། །ཞེས་བཤད། འདི་ལ་བརྟེན་ནས་བཅོམ་ལྡན་རལ་གྲིས། བསྟན་བཅོས་འདིས་ཡུམ་གྱི་མངོན་པར་རྟོགས་པའི་རིམ་པ་ཁོ་ན་བསྡུས་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། གླེང་གཞི་དང༌། སྐབས་སྐབས་སུ་གང་ཟག་ལུང་བསྟན་པ་དང༌། རྟག་ཏུ་ངུ་དང༌། ཆོས་འཕགས་དང༌། རྗེས་སུ་གཏད་པའི་ལེའུ་དང༌། སྔོན་བྱུང་བརྗོད་པ་རྣམས་མ་བསྡུས་པའི་ཕྱིར། དེས་ན་སྐབས་སུ་བབ་པའི་མདོ་དང༌། ཞར་ལས་བྱུང་བའི་མདོ་གཉིས་སུ་ཡོད་པ་ལས། སྐབས་སུ་བབ་པའི་མདོའི་དོན་ཁོ་ན་བསྟན་བཅོས་འདིར་སྟོན་པ་ཡིན་ནོ། །ཞེས་གསུང༌། བུ་སྟོན་རིན་པོ་ཆེའང་དེ་དང་མཐུན་ནོ། །འདི་ཅུང་ཟད་བརྟག་པར་བྱ་སྟེ། ཨ་བྷྱའི་ལུང་དེ་ནི། ཀུན་གྱི་རྒྱན་དུ་འགྱུར་བར་ནི། རྣམ་པར་དབྱེ་ཞེས་པ་ལ་ཟུར་ཟ་བ་ཙམ་ཡིན་ཞིང༌། ཆོས་ཀྱི་བཤེས་གཉེན་གྱིས་བཞེད་པའང་དེ་ཁོ་ན་ལྟར་ངེས་པ་མིན་ཏེ། དྲངས་མ་ཐག་པའི་ལུང་གི་རྗེས་ཐོགས་སུ། དེ་ལྟ་ན་ཡང་རང་གི་བློ་དྲི་མ་མེད་པས་རྗེས་སུ་དཔག་གོ་ཞེས་གསུངས་པས། རང་གི་ཤེས་རབ་ཀྱིས་རྣམ་པར་བརྟགས་ནས་མདོ་དང་སྦྱར་དགོས་པར་གསུངས་པའི་ཕྱིར་དང༌། ཆོས་ཀྱི་བཤེས་གཉེན་གྱིས། བྱམས་པས་ཞུས་པའི་ལེའུ་རྒྱན་གྱིས་མ་བསྡུས་པར་འདོད་ནའང་མི་རིགས་ཏེ། འཕགས་པས་འཕྲིན་ལས་དང་སྦྱར་བའི་ཕྱིར་རོ། །གླེང་གཞི་རྒྱན་གྱིས་མ་བསྡུས་པར་འདོད་པ་ནི་ཤིན་ཏུ་ཡང་མི་རིགས་ཏེ། ཉི་ཁྲི་སྣང་བ་ལས། གང་གི་ཕྱིར་སྟོང་ཕྲག་ཉི་ཤུ་ལྔ་པོ་འདི་རྣམས་ཀྱིས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ནས་བརྩམས་ཏེ། ཡོངས་སུ་རྫོགས་པའི་བར་གྱི་དངོས་པོ་རྣམས་གཅིག་ཏུ་བསྡུས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཆོས་ཀྱི་སྐུ་མཛད་པ་དང་བཅས་པའི་མཐར་ཐུག་པ་དངོས་པོ་བརྒྱད་དུ་འགྱུར་རོ། །ཞེས་གསལ་བར་གསུངས་པའི་ཕྱིར་དང༌། སློབ་དཔོན་གྱིས་འགྲེལ་ཆེན་དུ། གླེང་གཞིའི་བཤད་པ་རྒྱས་པར་མཛད་ཅིང༌། ཉི་ཁྲི་སྣང་བའི་ཡང་མཇུག་ཏུ། གླེང་གཞིའི་བཤད་པ་བསྡུས་པ་ཙམ་ཞིག་མཛད་པའི་ཕྱིར། མ་ངེས་པ་མིན་ཏེ། མདོ་དང་རྒྱན་སྦྱར་བའི་སྐབས་ཡིན་ཞིང༌། འགྲེལ་ཆེན་དུ། རྟག་ཏུ་ངུ་དང༌། ཆོས་འཕགས་དང༌། རྗེས་སུ་གཏད་པའི་ལེའུ་གསུམ་པོ་ཁོ་ན་ལ་རྒྱན་དང་མི་སྦྱོར་བའི་རྒྱུ་མཚན་བཤད་པའི་ཕྱིར། དེས་ན་བསྟན་བཅོས་འདིས་ཡུམ་གྱི་མདོ་དོན་མཐའ་དག་བསྡུས་པ་ཡིན་ཏེ། མ་བསྡུས་པར་འདོད་པའི་གླེང་གཞི་ལ་སོགས་པ་རྣམས་ལའང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡོད། དེ་ཡོད་ན་བསྟན་བཅོས་འདིས་ལེགས་པར་བསྡུས་དགོས་པའི་ཕྱིར། དགོས་ཏེ། འགྲེལ་ཆེན་ལས། མཁས་དང་མཁས་པ་མིན་པ་རྣམས། །ལྷག་ཆད་ཡོད་པར་དོགས་གྱུར་ན། །གཞུང་འདིའི་ཚད་ཀྱི་ངེས་པ་ནི། །ཡུམ་འདི་ཡི་ནི་ཚད་ཉིད་ཡིན། །ཞེས་དང༌། འགྲེལ་ཆུང་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དོན་མ་ལུས་པ་ཞེས་དང༌། མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང༌། །དོན་བསྡུས་དེ་ཙམ་ཤེས་པར་བྱ། །དེ་ལྟ་མི་ན་ཐམས་ཅད་ཀྱི། །རིམ་པ་ལེགས་པར་བསྡུས་མ་ཡིན། །ཞེས་གསུངས་པའི་ཕྱིར། ཅི་སྟེ་གླེང་གཞི་དང༌། རྟག་ཏུ་ངུའི་ལེའུ་སོགས་ཀྱིས་མངོན་རྟོགས་ཀྱི་རིམ་པ་མ་བསྟན་ནོ་སྙམ་ན། དེ་དག་གིས་སྐྱེས་བུ་ལ་མཁོ་བའི་དོན་ཅུང་ཟད་ཀྱང་མ་བསྟན་པར་འགྱུར་ཏེ། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་མ་བསྟན་པའི་ཕྱིར་རོ། །དྲི་བ་གཉིས་པའི་ལན་ལ། བརྗོད་བྱེད་ཚིག་གི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་དང༌། བརྗོད་བྱ་དོན་གྱི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་གཉིས། དང་པོ་ནི། གླེང་གཞི་ནས་བརྩམས་ཏེ་བྱམས་པས་ཞུས་པའི་བར་གྱི་ཚིག་གི་རིམ་པ་མཐའ་དག་བསྟན་བཅོས་འདིས་ལེགས་པར་བསྡུས་པ་ཡིན་ཏེ། གླེང་གཞིའི་ཚིག་གི་རིམ་པ་ནི་རིན་ཆེན་སྒྲོན་མ་ནས་འབྱུང་བ་ལྟར། མཆོད་བརྗོད་ཀྱིས་ལེགས་པར་བསྡུས་པ་ཡིན་ལ། རབ་འབྱོར་གྱི་ལེའུ་ནས་བརྩམས་ཏེ། བྱམས་པས་ཞུས་པའི་བར་གྱི་ཚིག་གི་རིམ་པ་མཐའ་དག་ནི་སེམས་བསྐྱེད་ནས་འཕྲིན་ལས་ཀྱི་བར་གྱིས་ལེགས་པར་བསྡུས་པའི་ཕྱིར། རྟག་ཏུ་ངུ་དང༌། ཆོས་འཕགས་དང༌། རྗེས་སུ་གཏད་པའི་ལེའུ་གསུམ་གྱི་ཚིག་གི་རིམ་པ་ནི། ལེའུའི་རིམ་པ་དང་མཐུན་པར་བསྟན་བཅོས་འདིས་མ་བསྡུས་ཏེ། རྟོགས་པར་སླ་བ་ཉིད་ཡིན་པའི་ཕྱིར། དེ་ལ་དགོངས་ནས་འགྲེལ་ཆེན་ལས། ལེའུ་གསུམ་པོ་དེ་རྒྱན་གྱིས་མ་བསྡུས་པའི་རྒྱུ་མཚན་དུ་རྟོགས་པར་སླ་བའི་ཕྱིར། ཞེས་གསུངས། དེའི་རྒྱུ་མཚན་ཡང༌། རྟག་ཏུ་ངུའི་ལེའུ་ནི། དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉམ་པ་ཡི་སྣོད་ཡིན་ནོ། །ཞེས་སོགས་དང་དོན་གཅིག ཆོས་འཕགས་ནི། འགྲེལ་ཆེན་དུ། དེ་བཞིན་གཤེགས་པ་བྱོན་བཞུད་བཀག་པའི་སྒོ་ནས་མཐོང་ལམ་སྐྱེས་པའི་ཕྱིར། ཞེས་མཚམས་སྦྱར་བ་ལྟར། འདི་ལ་བསལ་བྱ་ཅི་ཡང་མེད། །ཞེས་སོགས་དང་དོན་གཅིག རྗེས་སུ་གཏད་པའི་ལེའུ་ནི་སྔར་བྱང་ཆུབ་ལས་གཞན་སྟོན་པ་དང༌། ཞེས་པའི་མདོ་དང་ཁྱད་པར་མེད་པའི་ཕྱིར་སྙམ་དུ་དགོངས་སོ་ཞེས་གསུངས་པ་ཡིན་ནོ། །ལེའུ་གསུམ་པོ་དེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི། རྒྱན་གྱིས་མ་བསྡུས་པ་ནི། སློབ་དཔོན་གྱི་བཞེད་པ་མ་ཡིན་ཏེ། གལ་ཏེ་ཡིན་ན་སློབ་དཔོན་གྱི་ལེའུ་གསུམ་པོ་དེ་ལ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་མཛད་པར་ཐལ་བའི་ཕྱིར་དང༌། རང་ཚིག་འགལ་བར་ཡང་འགྱུར་བའི་ཕྱིར་ཏེ། འགྲེལ་ཆེན་གྱི་རྟག་ཏུ་ངུའི་མཚམས་སྦྱར་དུ། ཇི་སྐད་དུ་བཤད་པའི་མངོན་པར་རྟོགས་པར་བརྒྱད་ཀྱི་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར། མངོན་གྱི་སྦྱོར་བའི་གཏམ་གྱི་སྒོ་ནས་ལས་དང་པོ་པའི་གནས་སྐབས་ནས་བརྩམས་ཏེ་ཚོལ་བའི་རིམ་པ་བསྟན་པ་ནི། ཞེས་པ་དང༌། ཆོས་འཕགས་ཀྱི་ལེའུའི་འགྲེལ་ཆེན་ལས། དེ་བས་ན་དེའི་གཞུང་ཉིད་བྲི་བར་སྟེ། དེ་ལ་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནས། མཐར་གྱིས་པའི་མངོན་པར་རྟོགས་པའི་བར་གྱི་མངོན་པར་རྟོགས་པ་རྣམ་པ་དྲུག་གི་རིམ་པ་ལ། དེ་རེ་རེ་ཞིང་སྦྱོར་བ་དང་མཐོང་བ་དང་སྒོམ་པའི་ལམ་གྱི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཅོ་བརྒྱད་དུ་གསུངས་པ་ཡིན་ནོ། །དེའི་འོག་ཏུ་སྐད་ཅིག་མ་གཅིག་ལ་མངོན་པར་རྟོགས་པ་རྣམ་པ་བཞིའི་དོན་བསྟན་པའི་ཕྱིར། སའི་ཁམས་མུ་མེད་པས་ཞེས་བྱ་བ་ལ་སོགས་པའི་ཚིག་བཞི་སྨོས་པ་ཡིན་ནོ། །དེའི་འོག་ཏུ་སྐུ་གསུམ་པོ་སྟོང་པ་ཉིད་དུ་རོ་གཅིག་ཏུ་ཤེས་པར་བྱ་བའི་ཕྱིར་ནམ་མཁའི་ཁམས་མུ་མེད་པས་ཞེས་བྱ་བའི་ཚིག་གཅིག་སྨོས་པ་ཡིན་ནོ། །དེའི་འོག་ཏུ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་རང་བཞིན་ངོ་བོ་ཉིད་བཞག་པར་བྱ་བའི་ཕྱིར་རྣམ་པར་ཤེས་པའི་ཁམས་མུ་མེད་པས་ཞེས་བྱ་བ་ལ་སོགས་པའི་ཚིག་གསུམ་སྨོས་པ་ཡིན་ནོ། །དེའི་འོག་ཏུ་ཡང་ཚོགས་དང་མོས་པས་སྤྱོད་པ་དང༌། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པའི་ས་རྣམས་ལ་ཆོས་ཀྱི་སྐུ་ལ་གདུལ་བྱའི་སྐྱེ་བོ་སྐལ་བ་ཇི་ལྟ་བ་བཞིན་དུ་རབ་ཏུ་འཇོག་པར་བྱེད་པའི་ལས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པས་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་སྨོས་པར་ཤེས་པར་བྱ་སྟེ་འདི་ནི་སྤྱིའི་དོན་ཡིན་ནོ། །ཚིག་གི་དོན་རྣམས་ནི་རྣམ་པར་གསལ་བ་ཉིད་ཡིན་པས་ཡང་རྣམ་པར་མ་བྱེའོ། །ཞེས་གསུངས་པའི་ཕྱིར། དེ་སྐད་གསུངས་པའི་མངོན་པར་རྟོགས་པའི་རིམ་པ་ཉིད་ཚུལ་ལུགས་བར་པས་སྟོན་པ་ལྷུར་ལེན་པ་ཉིད་ཀྱི་ལེའུ་གསུམ་སྟེ། དེ་ཡང་གོ་སླ་བའི་ཕྱིར་རྒྱན་གྱི་ཚིག་ལེའུར་བྱས་པས་མ་བསྡུས་ཞེས་གསུངས་པའི་ཕྱིར། གཉིས་པ་བརྗོད་བྱ་དོན་གྱི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་ལ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་དང༌། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཇི་ལྟར་བསྡུས་པའི་ཚུལ་གཉིས། དང་པོ་ནི། མདོ་ལས་མངོན་རྟོགས་ཀྱི་རིམ་པ་བསྟན་པའི་ཚུལ་ལའང་གཉིས་ཏེ། སེམས་བསྐྱེད་པ་ལ་སོགས་པ་དོན་བདུན་ཅུའི་ཡན་ལག་གིས་ཟིན་པར་བསྟན་པ་དང༌། ཡན་ལག་གིས་མ་ཟིན་པ་སྤྱིར་བསྟན་པ་དང་གཉིས་ལས། དང་པོ་ནི། རབ་འབྱོར་གྱི་ལེའུ་ནས་བསླབ་པའི་འབྲས་བུའི་ལེའུའི་བར་རྣམས་ཡིན་ལ། གཉིས་པ་ནི། རྟག་ཏུ་ངུའི་ལེའུ་ལ་སོགས་པ་ལྷག་མ་རྣམས་ཡིན་ནོ། །དེ་བཞིན་དུ་བསྟན་བཅོས་ལས་ཀྱང་བསྟན་ཚུལ་རྣམ་པ་གཉིས་ཡོད་ལ། བསྟན་ཚུལ་དང་པོ་ནི། སེམས་བསྐྱེད་ནས་འཕྲིན་ལས་ཀྱི་བར་རྣམས་ཡིན་ལ། བསྟན་ཚུལ་གཉིས་པ་ནི། ལུས་མདོར་བསྟན་དང༌། མངོན་པར་རྟོགས་པ་དྲུག་དང་གསུམ་དུ་བསྡུས་པ་རྣམས་ཀྱིས་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སྟོན་ཚུལ་གཉིས་ཡོད་པར་ཡང་འགྲེལ་ཆེན་གྱི་ལུང་དྲངས་མ་ཐག་པ་དང༌། འཕྲིན་ལས་ཀྱི་འཇུག་ཐོགས་སུ། འགྲེལ་ཆེན་ལས། དེ་བས་ན་ཁ་ཅིག་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་གསུངས་པ་ཕལ་ཆེར་གཞན་དུ་བྱས་ནས། རབ་འབྱོར་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཅི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ངེས་པར་འབྱུང་བར་འགྱུར་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག་ཅེས་བྱ་བ་ནས་བརྩམས་ཏེ། ཡུམ་འདིའི་སྤྱི་དང་ཡན་ལག་གི་དོན་ལེགས་པར་མ་འབྲེལ་བར་བརྗོད་པས་བཤད་པ་བྱས་པ་གང་ཡིན་པ་དེ་ནི་དམ་པ་རྣམས་ཁོ་ནས་མཁྱེན་པར་མཛད་པར་རིགས་པ་ཡིན་པས་འདིར་བདག་གིས་སུན་དབྱུང་བའི་ཉེ་བར་དགོས་པ་མ་གསུངས་སོ། །ཞེས་མངོན་རྟོགས་ཀྱི་རིམ་པ་སྤྱི་དོན་དང་ཡན་ལག་གི་དོན་གཉིས་ཀྱིས་འཆད་དགོས་པར་གསུངས་པའི་ཕྱིར་རོ། །དེ་ཡང་མཁྱེན་པ་གསུམ་གྱི་གནས་སྐབས་སུ་ནི། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་མཚོན་བྱེད་ཀྱི་སྒོ་ནས་བསྟན་ལ། སྐབས་ལྷག་མ་ལྔར་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་རང་གི་ངོ་བོའི་སྒོ་ནས་བསྟན་པ་ཡིན་ཏེ། དེ་སྐད་དུ་ཡང༌། མཚན་ཉིད་དེའི་སྦྱོར་བ་དང༌། །ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྐབས་ལྷག་མ་ལྔར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ། ཞེས་པའི་ས་བཅད་བྱེད་པ་ནི་རྣམ་བཤད་ཀྱི་དགོངས་པ་མིན་ནོ། །གཉིས་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཇི་ལྟར་བསྟན་པའི་ཚུལ་ནི། བདག་གི་བློ་ལ་འདི་ལྟར་སྣང་སྟེ། བཤད་བྱ་དངོས་པོ་བརྒྱད་བསྟན་པས་ནི། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཁོ་ན་བསྟན་ལ། འཆད་བྱེད་དོན་བདུན་ཅུས་ནི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བསྟན་པ་ཡིན་ཏེ། དོན་བདུན་ཅུ་པོ་དེ་ནི་མདོའི་དངོས་བསྟན་ཡིན་པའི་ཕྱིར་དང༌། གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་སོགས་མན་ཆད་ཀྱིས་ནི་སྟོང་ཉིད་ཀྱི་རིམ་པ་སྟོན་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །སྟོང་ཉིད་ཀྱི་རིམ་པ་བསྟན་པའི་ཚུལ་ལའང་གཉིས་ཏེ། དོན་བདུན་ཅུའི་རྐང་གྲངས་དང་འབྲེལ་བར་བསྟན་པ་དང༌། མ་འབྲེལ་བར་སྤྱིར་བསྟན་པ་དང་གཉིས་ཡོད་ལ། དང་པོ་ནི། རྟོགས་པ་སླ་ལ། གཉིས་པ་ནི། ཡུམ་གྱི་མདོར་ཆོས་འཕགས་ཀྱི་ལེའུ་ལྟ་བུ་དང༌། བསྟན་བཅོས་སུ། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པ་ལྟ་བུའོ། །དེ་ལྟར་གཉིས་ཀ་བསྟན་ཀྱང༌། བསྟན་བྱའི་གཙོ་བོ་ནི་མངོན་པར་རྟོགས་པའི་རིམ་པ་ཉིད་ཡིན་ཏེ། ཤེར་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་བསྟན་བཅོས་འདིར་མངོན་པར་རྟོགས་པའི་རིམ་པ་ཡིད་ལ་བྱེད་པའི་ཚུལ་བསྟན་མོད། སྙིང་པོའི་དོན་ཡིད་ལ་བྱེད་པ་ཇི་ལྟར་དུ་སྟོན་ཞེ་ན། ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པ་དང༌། སློབ་དཔོན་གྱིས། རྣལ་འབྱོར་ས་བཞིའི་རིམ་པ་ཡིད་ལ་བྱེད་པར་བཤད་པ་ཡིན་ལ། འདི་ཉིད་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་དགོངས་པ་ཡིན་ནོ། །དེས་ན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟོན་པ་བྱམས་པའི་གཞུང་ཁོ་ན་ལ་རག་ལས་ཀྱང༌། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་སྟོན་པ་ཀླུ་སྒྲུབ་ཀྱི་གཞུང་དོན་ལ་རག་ལས་པ་ཡིན་ནོ། །སྙམ་དུ་རྟོགས་སོ། །ཡུམ་གྱི་མདོ་དོན་མེད་པ་ལྟ་བུར་སྣང་བ་བསྟན་བཅོས་སུ་བཤད་པ་རྣམས་ནི། དུས་ཀྱི་དབང་གི་མདོའི་ཡི་གེ་ཉམས་པར་ཤེས་པར་བྱ་སྟེ། རྗེ་བཙུན་མདོའི་དོན་ལ་མངོན་དུ་གྱུར་པ་ཡིན་པའི་ཕྱིར། ཞེས་ཆོས་ཀྱི་བཤེས་གཉེན་བཞེད་དོ། །དྲི་བ་གསུམ་པ་ལ། སློབ་དཔོན་གྱི་བཞེད་པ་ནི། འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །མི་ཕམ་མགོན་ལ་གསན་ནས་ནི། །ཞེས་གསུངས་པས། ཐོགས་མེད་ཀྱིས་བྱམས་པ་བསྒྲུབས་ཏེ་ཞལ་མངོན་སུམ་དུ་མཐོང་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུངས་པས་བསྲེགས་ཏེ་སྐོམ་ཚད་དབབ། །ཞེས་སྨྲས་པའི་ལན་དུ། ལྷའི་རྒྱལ་པོས་ཆར་ཕབ་ཀྱང༌། །ཞེས་སོགས་གསུངས་པར་གྲགས་ཏེ། དེའི་དུས་སུ་དགའ་ལྡན་གྱི་གནས་སུ་བྱོན་ཏེ། མི་ལོ་ལྔ་བཅུ་རྩ་གསུམ་དུ་བཞུགས་པའམ། ས་སྡེའི་སྣ་འཆན་ལྟར་ན། ཟླ་བ་དྲུག་བཞུགས་ཅེས་འབྱུང་བས། ཐེག་ཆེན་གྱི་མཚན་ཉིད་དུ་མ་དང༌། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་དང༌། ཡུམ་གྱི་མདོ་རྣམས་གསན་ཅིང༌། དགོངས་འགྲེལ་གྱི་བསྟན་བཅོས་རྩོམ་པར་ཞུས་པས། བྱམས་པའི་ཆོས་ལྔ་བརྩམས་ཞིང༌། འཛམ་བུའི་གླིང་དུ་གདན་དྲངས་ནས་དར་བར་མཛད་པ་ཡིན་ནོ། །ཞེས་བཞེད་དོ། །མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། དེ་ཡང་འདི་ལྟར་ཐོས་ཏེ། འཕགས་པ་ཐོགས་མེད་ཀྱིས་གསུང་རབས་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང༌། རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང༌། བཟློས་ཏེ་གསུང་བ་མང་བ་དང༌། བཟློས་ཏེ་གསུང་བ་མ་ཡིན་པའི་ཕྱོགས་ལའང༌། ཚིགས་སོ་སོར་རྣམ་པར་བཅད་པ་མ་གཟིགས་པ་དང༌། ཟབ་པ་ཉིད་ཀྱི་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན། སྤོབས་པར་མ་སྤྱོད་ནས་ཡིད་མི་བདེ་བ་རྗེས་སུ་ཐོབ་པར་གྱུར་ཏོ། །དེས་ན་དེའི་དོན་དུ། བཅོམ་ལྡན་འདས་བྱམས་པ་མཉེས་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་མདོའི་དོན་བཤད་པར་མངོན་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ། །དེ་གསན་ནས་ཡང་འཕགས་པ་ཐོགས་མེད་ཀྱིས་སློབ་དཔོན་དབྱིག་གཉེན་ལ་སོགས་པ་ལ་བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དེའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས། ལོ་དགུ་བརྒྱ་ལྷག་ཙམ་ན་བསྟན་བཅོས་འདི་འབྱུང་བ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང༌། མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་རྒྱ་ནག་གི་མཁན་པོས་མཛད་པར་དྲངས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱའི་དགེ་སློང་ནི། །ཞེས་འབྱུང་བའི་ཕྱིར། ད་ལྟའི་འཇམ་དཔལ་རྩ་རྒྱུད་ན་ལོ་གྲངས་ཀྱི་ངེས་པ་དེ་མེད་ཅེས་བུ་སྟོན་གསུང༌། སློབ་དཔོན་བློ་བརྟན་གྱི་དགོངས་པའང་སློབ་དཔོན་གྱི་བཞེད་པ་དང་མཐུན་ཏེ། སའི་བསྟོད་འགྲེལ་ལས། འཇིག་རྟེན་ཀུན་ལ་ཕན་ཕྱིར་ཐོགས་མེད་ཅེས་བྱ་བ། །ཆོས་རྒྱུན་ཏིང་འཛིན་སྟོབས་ཀྱིས་དྲངས་པའི་བདུད་རྩིའི་རྒྱུན། །འཕགས་པ་མི་ཕམ་ཞབས་ཀྱི་བུམ་པ་ནས་བླུག་པ། །གསན་པའི་སྙིམ་པས་གསོལ་བ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར། མཁས་པ་ཆེན་པོ་ཤཱནྟི་པ་ནི། འོད་སྲུང་ལ་སོགས་པས་བཀའ་བསྡུ་དང་པོ་བྱས་པའི་དེ་མ་ཐག་ཏུ། བྱམས་པ་ལ་སོགས་པས་ས་ཕྱོགས་དེ་ཉིད་དུ་ཐེག་པ་ཆེན་པོའི་བཀའ་བསྡུ་མཛད་ཅིང༌། མངོན་པར་རྟོགས་པའི་རྒྱན་ལ་སོགས་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མཛད་པ་ཡིན་ནོ། །འོན་ཀྱང་འཕགས་པ་ཐོགས་མེད་ལ་སོགས་པས་གསལ་བར་བྱས་པ་ནི་མ་ཡིན་ནོ། །ཞེས་གསུང༌། ཨ་བྷྱ་ཀ་རས་ཀྱང༌། དེ་དང་མཐུན་པར་གནད་ཀྱི་ཟླ་འོད་ལས། བཀའ་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པ་དཀའ་པས། ཐུགས་རྗེས་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱི་བྱམས་པ་བསྒྲུབས་ནས། དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། མངོན་དུ་བྱས་པ་ལ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ། །ཞེས་གསུང་ངོ༌། །ལུགས་དེ་དག་གང་ལྟར་ནའང༌། མངོན་པར་རྟོགས་པའི་རྒྱན་གསལ་བར་མཛད་པ་ནི། འཕགས་པ་ཐོགས་མེད་ཁོ་ན་ལ་རག་ལས་སོ། །དྲི་བ་བཞི་པའི་ལན་ལ། གྲུབ་མཐའ་གང་དུ་བཀྲོལ་བའི་ཚུལ་དང༌། མདོ་གང་གི་དགོངས་འགྲེལ་དུ་བཀྲོལ་བའི་ཚུལ་དང༌། གང་ཟག་གང་གི་ལམ་དུ་བཀྲོལ་བ་དང་གསུམ་མོ། །དང་པོ་ནི། བསྟན་བཅོས་འདི་སེམས་ཙམ་དུ་བཀྲོལ་བའི་ཤིང་རྟའི་སྲོལ་འབྱེད་དང༌། དབུ་མར་བཀྲོལ་བའི་ཤིང་རྟའི་སྲོལ་འབྱེད་རྣམ་པ་གཉིས་ལས། དང་པོ་ནི། འཕགས་པ་ཐོགས་མེད་ས་གསུམ་པ་མཉེས་ཀྱང༌། དབྱིག་གཉེན་འདུལ་བའི་དོན་དུ་དེ་ཉིད་རྣམ་ངེས་སེམས་ཙམ་དུ་བཀྲོལ་ཞེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་སོགས་སློབ་དཔོན་སྔ་མ་རྣམས་འཆད་པ་དང༌། ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །ཞེས་འབྱུང་བ་ལྟར། དབྱིག་གཉེན་གྱིས་ཀྱང་རྒྱན་གྱི་དགོངས་པ་སེམས་ཙམ་དུ་བཀྲོལ་ལ། མཁས་པ་ཤཱནྟི་པ་ཡང་དེའི་རྗེས་སུ་འབྲང་ངོ༌། །མཁས་པ་ཆེན་པོ་ཤེར་འབྱུང་བློ་གྲོས་ནི། སྐུ་མཆེད་གཉིས་ཀྱི་མདོ་དང་རྒྱན་མ་སྦྱར་བར་བཞེད་དེ། འགྲེལ་བཤད་ལས། འཕགས་པ་དང་སློབ་དཔོན་དག་གིས་ནི། མངོན་པར་རྟོགས་པ་དང་སྦྱར་བ་ལ་མ་ལྟོས་པར་བཤད་པའི་ཕྱིར་དང༌། ཤེས་བྱ་ནང་གི་སྨྲ་བའི་ཚུལ་ལ་བརྟེན་པའི་ཕྱིར་ཞེས་གསུངས་སོ། །ཆོས་རྗེ་ཐམས་ཅད་མཁྱེན་པས་ནི། སྐུ་མཆེད་གཉིས་ཀྱིས་མདོ་དང་རྒྱན་མ་སྦྱར་བར་གྲགས་མོད། སྦྱར་བར་འདོད་པ་ཉིད་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། འགྲེལ་ཆུང་འདིར། སྔོན་གྱི་སློབ་དཔོན་རྣམས་ཀྱིས་མདོ་དང་བསྟན་བཅོས་སྦྱར་བའི་འགྲེལ་པ་མཛད་ཚུལ་སྨོས་ནས་དེ་དག་གི་རྗེས་སུ་འབྲང་སྟེ། རང་ཉིད་ཀྱང་མདོ་དང་བསྟན་བཅོས་སྦྱར་བའི་འགྲེལ་པ་བྱེད་པར་དོན་གྱིས་འཕངས་པའི་ཕྱིར་རོ། །མདོའི་འགྲེལ་པ་མཛད་ཚུལ་གང་ཡིན་སྨོས་པ་མ་ཡིན་ཏེ། བརྒྱད་སྟོང་དོན་བསྡུས་སོགས་མ་སྨོས་པའི་ཕྱིར་དང༌། ཞེས་གསུངས་སོ། །བཅོམ་ལྡན་རལ་གྲི་ནི། དབྱིག་གཉེན་གྱིས་གཞུང་འགྲེལ་རྒྱན་དང་མ་སྦྱར་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། གཞུང་འགྲེལ་སྦྱར་བ་ནི་བ་རི་ལོ་ཙྪ་བས་བྱས་ཞེས་གསུང་ངོ༌། །སྲོལ་འབྱེད་གཉིས་པ་ནི། དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་པ་ལྟར། འཕགས་པ་རྣམ་པར་གྲོལ་བའི་སྡེ་ཡིན་ལ། བཙུན་པ་རྣམ་པར་གྲོལ་པའི་སྡེ་དང༌། སེང་གེ་བཟང་པོ་ལ་སོགས་པ་མཁས་པ་ཕལ་ཆེ་བ་རྣམས་དེའི་རྗེས་སུ་འབྲང་ངོ༌། །འདིར་ལེགས་བཤད་གསེར་འཕྲེང་མཛད་པ་པོས། རྒྱན་གྱི་དགོངས་པ་ཐལ་འགྱུར་དུ་གནས་པར་བཞེད་པ་དང༌། ཐལ་རང་གཉིས་ལ་གྲུབ་མཐའ་མཐོ་དམན་ཁྱད་ཤིན་ཏུ་མང་པོར་བཞེད་པ་དེ་དག་ནི། ནང་འགལ་བར་རྟོགས་སླ་སྟེ། རྒྱན་འདིར། མཚན་ཉིད་ཀྱི་སྐབས་སུ་རང་རྒྱུད་ཀྱི་སྦྱོར་བ་དང༌། ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པས་མ་ཁྱབ་པའི་ཚུལ་གསལ་བར་གསུངས་པའི་ཕྱིར། གཉིས་པ་མདོ་ཉི་ཚེ་བའི་དགོངས་འགྲེལ་དུ་བཀྲོལ་བའི་ཚུལ་དང༌། ཡུམ་གསུམ་ཅར་གྱི་དགོངས་འགྲེལ་དུ་བཀྲོལ་བའི་སྲོལ་འབྱེད་དང་གཉིས་ལས། དང་པོ་ནི། འགའ་ཞིག་ཁོ་ནས་མ་རྙེད་པའི། །ཞེས་པ་ལྟར་ཡིན་ལ། གཉིས་པ་ནི། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །ཞེས་གསུངས་པ་ལྟར། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཡིན་ལ། མཁས་པ་ཕལ་མོ་ཆེ་ནི་འདིའི་རྗེས་སུ་འབྲང་ཞིང༌། འཇིགས་མེད་འབྱུང་གནས་སྦས་པ་དང༌། རིན་ཆེན་འབྱུང་གནས་ཞི་བ་གཉིས་ཀྱང༌། ཚིག་གིས་སུན་འབྱིན་ཀྱང་དོན་ལ་རྒྱན་ཡུམ་གསུམ་ཀ་དང་སྦྱར་བ་སློབ་དཔོན་གྱི་རྗེས་སུ་འབྲང་བར་སྣང་ངོ༌། །འདིར་ཁ་ཅིག སློབ་དཔོན་དབྱིག་གཉེན་གྱིས་རྒྱན་དང་ཡུམ་གསུམ་ཀ་སྦྱར་ཀྱང༌། སེམས་ཙམ་དུ་བཀྲོལ་བས་ནོངས་སོ་ཞེས་གསུང་ཀྱང༌། རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་པ་དང་སྦྱར་གྱི། འཕགས་པ་བརྒྱད་སྟོང་པ་དང་མ་སྦྱར་བའི་ཕྱིར་མི་འཐད་དོ། །གསུམ་པ་ནི། རྒྱ་གར་དུ་ལམ་རྐྱང་ཁུག་གྱི་སྲོལ་གཉིས་འབྱུང་བར་གྲགས་ཏེ། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་བསྡུས་དོན་སྒྲོན་མ་ལས། ཁ་ཅིག་སྐབས་བརྒྱད་དག་གི་ནི། གང་ཟག་བརྒྱད་ཀྱི་ཆ་རྐྱེན་ཞེས། །ཁ་ཅིག་ཐམས་ཅད་མཁྱེན་པ་དང༌། །བྱང་ཆུབ་སེམས་དཔའང་ཉན་ཐོས་ཀྱིས། །གསུམ་གྱི་ལམ་དུ་བསྟན་ཏོ་ཞེས། །སེང་གེ་བཟང་པོའི་གཞུང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་དུ་ནི། །གཉིས་ཀ་ཚང་བར་འདོད་པ་ཡིན། །དེ་ལྟ་མིན་ན་མ་རྫོགས་ཟེར། །བླ་མ་གསེར་གླིང་བཞེད་པ་ཡིས། །འགའ་ཞིག་ཡུལ་ལ་འཇུག་པ་ན། །གཞི་མ་དག་པའི་དུས་དག་ཏུ། །གང་ཟག་བརྒྱད་ཀྱི་ལམ་དུ་འདོད། །མ་དག་དག་པར་བྱེད་དུས་སུ། །གང་ཟག་གསུམ་གྱི་ལམ་དུ་འདོད། །དག་པ་ལམ་དུ་བྱེད་དུས་སུ། །གང་ཟག་གཅིག་གི་ལམ་ཡིན་གསུང༌། །ཞེས་གསུངས་པ་ལ་བརྟེན་པར་སྣང་ངོ༌། །འོ་ན་ལམ་རྐྱང་ཁུག་གི་ཁྱད་པར་དེ་གང་ཡིན་ཞེ་ན། རང་གི་འདོད་པ་ཇོ་བོའི་གཞུང་དང་སྦྱར་ནས་བཤད་པ་དང༌། མཁས་པ་སྔ་མའི་བཞེད་པ་བཀོད་པའོ། །དང་པོ་ནི། མཁྱེན་པ་གསུམ་པོ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན། སྦྱོར་བས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་འབྱུང་བའི་ཚུལ་སྟོན་པ་དེ་ལ། མངོན་པར་རྟོགས་པ་རྐྱང་པ་བའི་བཤད་པ་ཞེས་བྱ་སྟེ། གང་ཟག་གཅིག་སངས་རྒྱས་པའི་རིམ་པ་ཚང་ལ་མ་ནོར་བ་གཅིག་ཁོ་ན་བསྟན་པ་ལྟ་བུར་སྣང་བའི་ཕྱིར་དང༌། དེ་སྐད་དུ་ཡང་བསྡུས་དོན་སྒྲོན་མ་ལས། གྲངས་ངེས་དག་ནི་བསྟན་པ་ན། །ཐོས་བསམ་ཡུལ་དུ་མཁྱེན་པ་གསུམ། །སྒོམ་པའི་དུས་སུ་སྦྱོར་བ་བཞི། །འབྲས་བུ་མཐར་ཐུག་ཆོས་ཀྱི་སྐུ། །ཞེས་བཤད་པ་ལྟར་རོ། །ཡང་ཐོབ་བྱའི་འབྲས་བུ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་དུ་རྣམ་མཁྱེན་བསྟན། དེའི་རྒྱུ་ལ་ནན་གྱིས་འཇུག་པར་བྱ་བའི་ཕྱིར་དུ་ལམ་ཤེས་བསྟན། རྒྱུ་དང་རྒྱུ་མིན་གྱི་རབ་དབྱེ་ཤེས་པའི་དོན་དུ་གཞི་ཤེས་བསྟན། དེ་ལྟར་མངོན་པར་རྟོགས་པའི་རིམ་པ་གཅིག་དང་སྦྱོར་བཞི་ཉམས་སུ་བླངས་པ་ལ་བརྟེན་ནས། འབྲས་བུ་ཆོས་སྐུ་འབྱུང་བའི་མངོན་རྟོགས་ཀྱི་རིམ་པ་གཅིག་སྟེ། ཚུལ་གཉིས་སྟོན་པ་དེ་ལ་མངོན་པར་རྟོགས་པ་ཁུགས་པའི་བཤད་པ་ཞེས་བྱ་སྟེ། སངས་རྒྱ་བའི་ལམ་གྱི་རིམ་པ་ཚང་ལ་མ་ནོར་བའི་ལམ་གཉིས་ཁོ་ནར་བསྟན་པ་ལྟ་བུར་སྣང་བའི་ཕྱིར། དེ་སྐད་དུ་ཡང༌། དེ་ཉིད་ལས། ཐོས་བསམ་དུས་སུ་འབྲས་བུ་དང༌། །རྒྱུ་དང་མི་མཐུན་ཕྱོགས་དག་ཏུ། །གཏན་ལ་ཕབ་པས་རྫོགས་པ་ཡིན། །སྒོམ་པའི་དུས་སུ་སྦྱོར་བ་དང༌། །གནས་སྐབས་འབྲས་བུ་སྟོན་བྱེད་དང༌། །རྒྱུ་ཡི་མཐར་ཐུག་དག་གིས་རྫོགས། །དེ་ལྟར་འདི་ནི་གྲངས་ངེས་སོ། །ཞེས་བཤད་པ་ལྟར་རོ། །ལུགས་དེ་གཉིས་ཀའང་རྒྱན་གྱི་དགོངས་པར་སློབ་དཔོན་གྱི་བཞེད་དེ། འགྲེལ་ཆེན་གྱི་ཆོས་སྐུའི་མཚམས་སྦྱར་དུ་རྐྱང་པའི་ལུགས་དེ་གསལ་བར་བཤད་ཅིང༌། ལུས་རྣམ་གཞག་གི་བསྡུས་དོན་དང༌། འགྲེལ་ཆུང་འདིར་ཁུགས་པའི་ལུགས་དེ་གསལ་བར་གསུངས་པའི་ཕྱིར། རྐྱང་ཁུག་གི་བཤད་པ་དེ་ཡང༌། དངོས་པོ་བརྒྱད་པོའི་སྤྱི་ལྡོག་ནས་ཡིན་གྱི། མཚོན་བྱེད་ཀྱི་ཆོས་སོ་སོའི་དབང་དུ་བྱས་ན་དེ་ཁོ་ན་ལྟར་མ་ངེས་ཏེ། སེམས་བསྐྱེད་དང་གདམས་ངག་ལྟ་བུ་རེ་རེས་ཀྱང་ལམ་ཚང་ལ་མ་ནོར་བ་རེ་རེ་སྟོན་པའི་ཕྱིར། དེ་སྐད་དུ་ཡང་སེམས་བསྐྱེད་ཀྱི་སྐབས་སུ། སེམས་བསྐྱེད་པ་ཡི་རབ་ཏུ་དབྱེ་བ་ནི་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ནོ། །ཞེས་དང༌། གདམས་ངག་གི་སྐབས་སུ་འདི་ཙམ་ཁོ་ན་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས་གདམས་ངག་ནི་རྣམ་པ་བཅུའོ་ཞེས་དང༌། རིགས་ཀྱི་སྐབས་སུ་འདིས་ཀྱང་སྐྱེས་བུའི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་འབྱུང་བ་ལྟར་རོ། །གཉིས་པ་ལ། མར་མེ་མཛད་ཀྱི་བཞེད་པ་ནི་གོང་དུ་བསྟན་པ་ལྟར་ཡིན་ལ། ཁ་ཅིག་ན་རེ། མཁྱེན་གསུམ་གྱི་འདས་པའི་ལམ་འབྲས་བུ་དང་བཅས་པ་བསྟན། སྦྱོར་བཞི་ཆོས་སྐུ་དང་བཅས་པས་མ་འོངས་པ་དང་ད་ལྟར་བའི་ལམ་འབྲས་བུ་དང་བཅས་པ་བསྟན་པ་དེ་ལ་ཁུགས་པའི་བཤད་པ་ཅེས་བྱ་ལ། མཁྱེན་གསུམ་དང་སྦྱོར་བ་བཞི་སྦྲེལ་ནས་ཉམས་སུ་ལེན་པ་ལ་བརྟེན་ནས། འབྲས་བུ་ཆོས་སྐུ་འབྱུང་བ་ལ་ལམ་རྐྱང་པའི་ལུགས་ཞེས་བྱ་ཟེར། ཁ་ཅིག་གིས་མངོན་པར་རྟོགས་པ་བརྒྱད་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་སྦྱར་བ་ནི་རྐྱང་པའི་ལུགས་ཡིན་ལ། མཁྱེན་པ་གསུམ་ཐོས་བསམ་གྱི་ཡུལ་དུ་བྱས་ནས་སྦྱོར་བས་ཉམས་སུ་བླངས་པ་ལ་བརྟེན་ནས་འབྲས་བུ་ཆོས་སྐུ་འབྱུང་བ་ནི་ཁུག་པ་བའི་ལུགས་ཡིན་ནོ་ཞེས་ཟེར་རོ། །བསྡུད་འགྲེལ་ལས། མངོན་པར་རྟོགས་པ་བརྒྱད་པོ་དེ་ར་ཟམ་པ་ལ་སྦྲེལ་བ་ལྟར། རྣམ་མཁྱེན་མོས་སྤྱོད་ཀྱི་ས་དང༌། ལམ་ཤེས་ས་དང་པོ་ནས་དྲུག་པའི་བར་དང༌། གཞི་ཤེས་ས་བདུན་པ་དང༌། རྣམ་རྫོགས་སྦྱོར་བ་ས་བརྒྱད་པ་དང༌། རྩེ་སྦྱོར་ས་དགུ་པ་དང༌། བཅུ་པའི་དཀྱིལ་བསྟོད་དང༌། སྐད་ཅིག་མའི་སྦྱོར་བ་ས་བཅུ་རྒྱུན་མཐའ་དང༌། འབྲས་བུ་ཆོས་སྐུ་སངས་རྒྱས་ཀྱི་ས་ཁོ་ནར་ཉམས་སུ་ལེན་པའི་རིམ་པ་གཅིག་བཤད་ལ། དེ་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་མངོན་པར་རྟོགས་པ་རྐྱང་པའི་བཤད་པ་བཞེད་དོ། །བསྡུད་འགྲེལ་དུ་འདི་རང་ལུགས་སུ་མཛད་ཅིང༌། ཁ་ཅིག་ན་རེ། འདི་རང་ལུགས་སུ་མཛད་པར། བསྡུད་འགྲེལ་སློབ་དཔོན་གྱིས་མཛད་པ་མིན་ནོ། །ཞེས་ཟེར། དར་ཊཱིཀ་མཛད་པ་ན་རེ། བསྡུད་འགྲེལ་དུ་དེ་རང་ལུགས་སུ་བཞག་པ་ལྟ་བུར་སྣང་ཡང༌། འགྲེལ་ཆུང་འདིར། རྣམ་པ་དང་ལམ་དང་གཞི་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས་ཞེས་སོགས་ཀྱི་ལུགས་དེ་ལ་དགག་པ་དམིགས་ཕུག་སྟེ་མཛད་པ་ཡིན་ནོ་ཞེས་གསུང༌། དེ་གཉིས་ཀ་མི་འཐད་དེ་འགྲེལ་བཤད་བྱེད་པ་གསུམ་གྱིས་ཀྱང༌། རྐྱང་པའི་ལུགས་དེ་སློབ་དཔོན་གྱི་བཞེད་པར་བཀྲལ་ཞིང༌། ཨ་བྷྱ་ཀ་རས་ཀྱང༌། ཆེན་པོ་དག་ཀྱང་སོ་སོ་སྐྱེ་བོ་ཉིད་ཀྱི་བག་མེད་པ་ལ་འཁྲུལ་པ་སྲིད་དོ། །ཞེས་བསྡུད་འགྲེལ་ལས་བཤད་པ་དེ་སློབ་དཔོན་གྱིས་རང་ལུགས་སུ་བྱས་ནས་དེ་ལ་དགག་པ་མཛད་པའི་ཕྱིར། བསྡུད་འགྲེལ་ལ་འགྲེལ་ཆུང་གིས་དགག་པ་མཛད་ཟེར་བའང་རྟོག་པས་བཏགས་པ་འབའ་ཞིག་ཏུ་སྣང་བའི་ཕྱིར། དེས་ན་བསྡུད་འགྲེལ་གྱི་དགོངས་པ་ནི། མངོན་པར་རྟོགས་པ་བརྒྱད་པོ་དེ་ལམ་ལྔ་ལ་སྦྱར་བ་ཙམ་མ་གཏོགས་འགྲེལ་ཆེན་དུ་ཆོས་སྐུའི་མཚམས་སྦྱར་དུ་བཤད་པའི་ལམ་རྐྱང་པ་པའི་ལུགས་དེ་དང་ཁྱད་པར་མེད་དེ། ས་བདུན་པ་མན་ཆད་དུ། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ། དག་པ་ས་གསུམ་དུ་སྦྱོར་བ་བཞིའི་རིམ་པས་ཉམས་སུ་བླངས་པ་ལ་བརྟེན་ནས། སངས་རྒྱས་ཀྱི་སར་ཆོས་སྐུ་འབྱུང་བར་བསྟན་པའི་ཕྱིར། དེ་ཡང་རྣམ་མཁྱེན་ནི་སོ་སོ་སྐྱེ་བོའི་སར་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་ཏེ། སོ་སོ་སྐྱེ་བོ་རྣམས་ནི་འབྲས་བུ་ལ་སྤྲོ་བ་མ་མཐོང་ན། ཐེག་པ་ཆེན་པོའི་ལམ་ལས་བཟློག་པར་འགྱུར་བའི་ཕྱིར་རོ། །ལམ་ཤེས་ནི་ས་གཉིས་པ་ནས་དྲུག་པའི་བར་དུ་ཐོས་བསམ་གྱིས་གཏན་ལ་འབེབས་པར་བྱེད་དེ། དེའི་བར་དུ་ལམ་ཤེས་བྱེད་ལས་བག་ལ་ཉལ་གྱི་ཉོན་མོངས་པའི་རྒྱུ་ལ་བརྟེན་ནས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར། གཞི་ཤེས་ས་བདུན་པར་བཞག་སྟེ། དེར་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་སྤོང་ཞིང༌། སྙིང་རྗེས་ཞི་བ་མྱང་འདས་ཀྱི་ས་ལའང་མི་གནས་པའི་ཐབས་མཁས་ཀྱིས་ཕར་ཕྱིན་ཐོབ་པའི་ཕྱིར། དག་པ་ས་གསུམ་ལ་ནི་ཉམས་ལེན་གཙོ་བོར་གྱུར་བ་ཞེས་བྱ་སྟེ། ཆོས་ཉིད་ལ་དུས་རྟག་ཏུ་མཉམ་པར་གཞག་པའི་ནུས་པ་ཐོབ་པའི་ཕྱིར། དོན་དེ་ལ་དགོངས་ནས་འཕགས་སེང་གཉིས་ཀྱིས། ས་བདུན་པ་མན་ཆད་ལ་སློབ་པའི་དགེ་འདུན་དུ་མཛད་དེ། ཐོས་བསམ་གྱི་སློབ་པའི་ཕྱིར་སྙམ་དུ་དགོངས་སོ། །དེ་ཙམ་གྱིས་དངོས་པོ་བརྒྱད་ཀྱི་ས་མཚམས་དེ་ཁོ་ན་ལྟར་ངེས་པར་བཞེད་པ་ནི་མ་ཡིན་ཏེ། དཔེར་ན་ས་བཅུ་དང་ཕ་རོལ་དུ་ཕྱིན་པ་བཅུ་སྦྱར་བ་བཞིན་ནོ། །དེ་ལྟར་ན་གཙོ་བོར་ཡོད་པའི་ས་མཚམས་སུ་འགྱུར་རོ་ཞེ་ན། མཚོན་བྱེད་ཀྱི་ཆོས་ལ་སྦྱར་ན་ཤིན་ཏུའང་འགྲིག་ཅིང༌། འདི་ཉིད་ཨར་གྱི་དགོངས་པའང་ཡིན་ནོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། སྐབས་གཉིས་པ་སོགས་ནས་བསྟན་པའི་དམན་པའི་ལམ་རིམ་གྱིས་བསྐྱེད་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་ཏེ། ཞི་བའི་དབྱིངས་སུ་སྙོམས་པར་བཞུགས་ཤིང༌། དེ་ལས་ལངས་ནས་སྐབས་དང་པོར་བསྟན་པའི་སེམས་བསྐྱེད་དང༌། བཞི་པར་བསྟན་པའི་ཐར་པ་ཆ་མཐུན་རྒྱུད་ལ་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་བྱེད་པ་ཡིན་ཅེས་གསུང༌། བོད་ཁ་ཅིག་ན་རེ། འདི་མངོན་པར་རྟོགས་པ་ཁུག་པའི་ལུགས་ཡིན་ལ། ཐེག་པ་ཆེན་པོའི་རིགས་ཅན་འབའ་ཞིག་གིས་ལམ་གྱི་རིམ་པ་སྟོན་པར་འདོད་པ་དེ་ལ་མངོན་པར་རྟོགས་པ་རྐྱང་པའི་ལུགས་ཞེས་བྱའོ། །ཞེས་ཟེར་རོ། །ལུགས་དེ་གསུམ་ཀའང་འགལ་བ་མེད་པར་བསྡུས་དོན་སྒྲོན་མར། གསེར་གླིང་པའི་བཞེད་པ་བཤད་པ་ལས་ཤེས་སོ། །ཛྙཱ་ན་ཤྲཱི་ན་རེ། རྟེན་གྱི་གང་ཟག་གསུམ་གྱི་དབང་དུ་བྱས་ཏེ། ཉན་རང་དང༌། བྱང་སེམས་གཞོན་ནུའི་ས་པ་སྤྱན་རས་གཟིགས་ལྟ་བུར་གཏན་སངས་མི་རྒྱ་བ་དང༌། འདོད་ཆེན་གྱི་རིགས་ཅན་བྱམས་པ་ལྟ་བུ་སངས་རྒྱ་བའི་གང་ཟག་གི་ལམ་དང་སྦྱོར་བ་དང་འབྲས་བུའི་དབང་དུ་བྱས་ནས་དངོས་པོ་བརྒྱད་དུ་བཞག་གོ་གསུང༌། དར་ཊཱིཀ་མཛད་པས་ཆོས་ཀྱི་བཤེས་གཉེན་འགོག་པ་ན། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་ན་ཐེག་པ་ཐུན་མོང་གི་བསྟན་བཅོས་སུ་འགྱུར་བས། ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཆེན་པོ་ཁོ་ནའོ་ཞེས་གསུངས་པ་དང༌། རྒྱན་འདིར་ཉན་རང་གི་ལམ་གྱི་རྣམ་གཞག་གསུངས་པ་རྣམས་ཉན་རང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་ཡིན་ལ། རྗེས་སུ་བཟུང་རྒྱུའི་ཐེག་དམན་ལ་ཟབ་མོའི་སྣོད་དུ་གྱུར་མ་གྱུར་གཉིས་ཡོད་ཅིང༌། ཕྱི་མ་ཆེས་མང་བས་དེའི་ལམ་གྱི་རྣམ་གཞག་མང་དུ་གསུངས་སོ་ཞེས་འཆད་པ་ནི་ནང་འགལ་བའོ། །གཉིས་པ་འགྲེལ་པས་རྩ་བའི་དོན་ཇི་ལྟར་བཀྲལ་བའི་ཚུལ་ལ། འགྲེལ་པ་དོན་གསལ་གྱི་རྩ་བའི་དོན་ཇི་ལྟར་བཤད་པ་དང༌། འགྲེལ་པ་འདིའི་དོན་འགྲེལ་པ་གཞན་གྱི་ཇི་ལྟར་བཤད་པའོ། །དང་པོ་ལ། སློབ་དཔོན་འདིས་བཤད་སྲོལ་སྔ་མ་དེ་དག་ལས་གང་གི་རྗེས་སུ་འབྲང༌། འགྲེལ་པ་འདི་ལ་སྔ་མ་གཞན་ལ་མེད་པའི་ལེགས་པར་བཤད་པ་ནི་ཅི་ཞིག་ཡོད། འགྲེལ་པ་རྩོམ་པའི་རྒྱུའི་ཁྱད་པར་ཇི་ཞིག་དང་ལྡན་ཞེ་ན། དྲི་བ་དང་པོའི་ལན་ནི། དེ་ལྟར་མཁས་པས་སྣང་བྱས་ཤིང༌། །ཞེས་དང༌། འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡི་དོན་མཐོང་སྒོ་ནས་ནི། །ཞེས་འབྱུང་བ་ལྟར། འཕགས་པ་རྣམ་པར་གྲོལ་བའི་སྡེས་ཡུམ་དོན་དབུ་མར་བཀྲོལ་ཞིང༌། བསྟན་བཅོས་འདི་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་སུ་སྦྱར་ནས། ཉི་ཤུ་ལྔ་པ་ཡང་རབ་འབྱོར་གྱི་ལེའུ་ལ་སོགས་པ་བརྒྱད་དུ་མཛད་དེ། ཡི་གེ་ཉམས་པ་རྣམས་ཀྱང་ཤིན་ཏུ་དག་པར་བྱས་ཏེ། ཉི་ཁྲི་སྣང་བ་མཛད་ལ། སློབ་དཔོན་ཡང་འདི་ཁོ་ནའི་རྗེས་སུ་འབྲང་ངོ༌། །དེ་ཡང་འཕགས་པས་ཉི་ཁྲིའི་ལེའུ་བརྒྱད་དུ་མཛད་པ་དེ་ཉིད་ཀྱི་གཞུང་འཛུགས་པའི་ཕྱིར། སློབ་དཔོན་གྱིས་ཉི་ཁྲི་ལྔ་སྟོང་པ་མངོན་པར་རྟོགས་པའི་རྒྱན་གྱི་རྗེས་སུ་འབྲང་ནས་དག་པར་གཏུགས་པ་ཞེས་བྱ་བ། ཉི་ཁྲི་ལེ་བརྒྱད་མར་གྲགས་པ་འདི་མཛད། ཅི་སྟེ་སློབ་དཔོན་གྱིས་འདི་མཛད་པ་ལ་དགོས་པ་ལྷག་པོ་མེད་དེ། བཙུན་པས་ཀྱང་ཉི་ཁྲི་རྣམ་འགྲེལ་འཕགས་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་བཤད་པར་ཁས་བླངས་པའི་ཕྱིར་ཞེ་ན། མ་ཡིན་ཏེ། བསྟན་བཅོས་མཐའ་དག་མ་རྙེད་པར། །ཞེས་པ་ལྟར། བཙུན་པས་ནི། འཕགས་པས་ཉི་ཁྲི་ལེའུ་བརྒྱད་དུ་མཛད་པའི་དོན་མ་རྟོགས་པར་ལེ་མངས་ན་ཇི་ལྟར་ཡོད་པ་དང་རྒྱན་སྦྱར་བས། དགོས་འགྲེལ་དང༌། སེམས་བསྐྱེད་དང་པོ་གཉིས་དང༌། རྒྱུན་ཞུགས་འབྲས་གནས་ཙམ་པོ་དང༌། འཕར་བ་གསུམ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་དང༌། གཟུགས་ཀྱི་ཆགས་བཅོམ་དང༌། དགྲ་བཅོམ་ཞུགས་པ་དང༌། རྣམ་བྱང་གཟུང་རྟོག་དང༌། རྫས་འཛིན་རྟོག་པ་རྣམས་ཀྱི་མདོ་མ་རྙེད་ཅིང༌། དེ་དག་སྟོན་པའི་བསྟན་བཅོས་ཚིག་ཀྱང་ལྷག་པར་བསམས་པའི་ཕྱིར་ཞེས་ཆུ་མིག་པ་ཆེན་པོ་གསུང་བ་ལྟར་རོ། །ཡང་ཕྱོགས་ཀྱི་གླང་པོས། བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་སྟེ། །དོན་ནི་ཇི་སྐད་བརྗོད་དེ་ཉིད། །ཅེས་གསུངས་པ་ཁུངས་སུ་མཛད་ནས། བརྒྱད་སྟོང་པས་ཀྱང་མངོན་པར་རྟོགས་པའི་རྒྱན་གྱི་དོན་ཚང་བར་སྟོན་པ་ལ་དགོངས་ནས། བརྒྱད་སྟོང་པའི་འགྲེལ་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་མཛད་ཅིང༌། བསྟན་བཅོས་ན་ཡོད་ཅིང་བརྒྱད་སྟོང་པ་ན་མེད་པ་རྣམས་ཀྱང༌། ཉི་ཁྲི་ལས་ཁ་སྐོང་བར་མཛད་ཅིང༌། དཔེར་ན་གླེང་གཞིའི་ཆོ་འཕྲུལ་གསུམ་བསྟན་ཚུལ་དང༌། སེམས་བསྐྱེད་ཉེར་གཉིས་ཀྱི་མདོ་ཁ་བསྐོང་བ་ལྟ་བུའོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས་གང་གི་ཕྱིར་མདོ་སྡེ་རིན་པོ་ཆེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པོའི་དོན་ཉེ་བར་བསྡུས་པ་ལ་འཇུག་པ་ཡིན་ནོ་ཞེས་གསུང༌། དེ་བཞིན་དུ་བསྡུད་འགྲེལ་རྟོགས་པར་སླ་བའང་མཛད་དོ། །འོན་ཀྱང་དེའི་ཚེ་ན་ཡུམ་རྒྱས་པ་ལ་ནི་བརྗོད་བྱའི་དོན་ལྷག་པོ་ཡོད་པར་མ་དགོངས་སོ། །དེའི་རྗེས་སུ། དེ་ལྟས་ཤིན་ཏུ་རྙེད་དཀའ་བ། །ཟབ་མོ་ལམ་ནི་ཇི་ཞིག་ལྟར། །སངས་རྒྱས་དབང་གིས་རྙེད་པ་ནི། །ཞེས་འབྱུང་བ་ལྟར། སངས་རྒྱས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་ཏེ། ཡུམ་གསུམ་ཀ་དང་རྒྱན་སྦྱར་བའི་འགྲེལ་པ་དོན་གསལ་དེ་ཉིད་མཛད་དོ། །དྲི་བ་གཉིས་པའི་ལན་ནི། འགྲེལ་པ་འདིར་ཐོགས་མེད་སྐུ་མཆེད་ཀྱིས་མ་རྙེད་པའི་ལེགས་པར་བཤད་པ་ཡོད་དེ། ཡུམ་དོན་དབུ་མར་རྟོགས་ཤིང༌། དེ་དག་གི་འགྲེལ་པར། ཡུམ་གྱི་མདོའི་དོན་ཡི་གེ་ཉམས་པ་རྣམས་ཀྱང་རྗེས་སུ་རྙེད་པའི་ཕྱིར། དེ་ཙམ་ཞིག་འཕགས་པས་ཀྱང་རྙེད་དོ་ཞེ་ན། འཕགས་པས་ཀྱང་མ་བཤད་པའི་ལེགས་བཤད་ཀྱང་ཡོད་དེ། འདིར་ཡུམ་གསུམ་ཀ་དང་སྦྱར་བའི་ཕྱིར་དང༌། ཉི་ཁྲི་སྣང་བར། ཇི་ལྟར་རྙེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཚིག་གིས་ཕྲིན་ལས་ཉི་ཤུ་རྩ་བདུན་བཤད་ཅེས་རྟག་ཏུ་ངུ་སོགས་མ་རྙེད་པ་ལྟ་བུར་ཡང་རྣམ་པར་སྣང་བའི་ཕྱིར་རོ། །དེ་སྐད་དུ་ཡང༌། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ། ཞེས་པ་དང༌། དེའི་འགྲེལ་པར་ཤེར་འབྱུང་བློ་གྲོས་ཀྱིས། ཡུམ་གསུམ་པོ་ཀུན་གྱི་རྒྱན་དུ་ཞེས་པ་དང༌། གསེར་གླིང་པས། སྡེ་སྣོད་གསུམ་པོ་ཀུན་གྱི་ཞེས་པ་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས། བསྡུད་པ་དང༌། ཡུམ་བཞི་པོ་ཀུན་གྱི་རྒྱན་ཞེས་བཤད་དོ། །འོ་ན་འདིར་ཡུམ་གསུམ་པོ་ཀུན་གྱི་མདོ་ཚིག་དང་དངོས་སུ་མི་སྦྱོར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། གོ་བར་སླ་ཕྱིར་ཞེས་པ་ལྟར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། འཕགས་པས་ཉི་ཁྲི་དང་རྒྱས་པར་སྦྱར་ཞིང༌། རང་གིས་ཀྱང་བརྒྱད་སྟོང་པ་དང་རྒྱས་པར་སྦྱར་བའི་ཕྱིར། དེ་ཙམ་གྱིས་ཡུམ་རྒྱས་པ་དང་སྦྱོར་མི་ནུས་པའང་མིན་ཏེ། ཡུམ་རྒྱས་པ་ལས་ནི། དོན་རེ་རེ་ཡང་མིང་གི་རྣམ་གྲངས་ཀྱི་སྒོ་ནས་བསྟན་པ་ཙམ་ཡིན་གྱི། བསྡུས་འབྲིང་གཉིས་སུ་མ་འདུས་པའི་དོན་ལྷག་པོ་མི་སྟོན་པའི་ཕྱིར། ཅི་སྟེ་སྟོན་ན། ཡུམ་རྒྱས་པའི་མངོན་རྟོགས་ཀྱི་རིམ་པ་ཀུན་བསྟན་བཅོས་འདིའམ། བརྒྱད་སྟོང་པས་མ་བསྡུས་པར་འགྱུར་རོ། །ཞེས་དུས་ཕྱིས་རྟོགས་པ་ཡིན་ནོ། །ཞེས་སྟོན་པའི་དབང་དུ་བྱས་ནས། གཞན་ལས་རྣམ་གྲངས་མིང་གིས་ཏེ། །མཁས་པ་རྣམས་ཀྱིས་ཡུམ་ཀུན་ལའང༌། །ཞེས་པ་ནས། ཁྱད་པར་ཡོད་པ་ཁོ་ནར་ཟད། །ཅེས་པའི་བར་གསུངས་སོ། །འོ་ན་འགྲེལ་པ་འདིར། ཀུན་གྱི་རྒྱན་དུ་གྱུར་བར་ནི། །རྣམ་པར་དབྱེ། ཞེས་དམ་བཅའ་ཙམ་ལས་བསྟན་བཅོས་འདི། ཡུམ་གསུམ་ཅར་གྱི་རྒྱན་དུ་རྟོགས་པ་ཡིན་ནམ་ཞེ་ན། དེར་མ་ཟད་མཆོད་བརྗོད་དང༌། དགོས་འབྲེལ་དང༌། སེམས་བསྐྱེད་ཀྱི་སྐབས་སུ་ཡུམ་གསུམ་ཅར་ཁུངས་སུ་མཛད་པ་དང༌། ལ་ལ་ལས་དོན་ཞེས་པར་ཡུམ་གསུམ་ཆར་དང་སྦྱར་དགོས་པའི་རིགས་པ་ཡང་གསུངས་པའི་ཕྱིར། ཞེས་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་གསུང་ངོ༌། །དེས་ན་ཚིག་ཚེགས་ཆུང་ཞིང༌། དོན་རྒྱ་ཆེན་པོ་རྟོགས་པ་གསལ་བ་ནི། འགྲེལ་པ་འདིའི་ཁྱད་པར་གྱི་ཆོས་སོ། །དྲི་བ་གསུམ་པའི་ལན་ནི། འབུམ་ཕྲག་གསུམ་པ་འདི་ལྟར་བཞེད་དེ། སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པའི་མན་ངག་དང༌། རང་གི་ཤེས་རབ་ཕུན་སུམ་ཚོགས་པ་དང༌། སངས་རྒྱས་ཀྱི་བྱིན་རླབས་དང་གསུམ་ལ་བརྟེན་ནས། ཡུམ་དོན་རྙེད་པ་ན། ཡུམ་དོན་དབྱེ་བར་རིགས་པས་ཁྱབ། དཔེར་ན་འཕགས་པ་གྲོལ་སྡེ་བཞིན། སློབ་དཔོན་རང་གིས་ཀྱང་རྒྱུ་གསུམ་ལ་བརྟེན་ནས་ཡུམ་དོན་རྙེད་དོ། །ཞེས་པ་ནི། དེ་ལྟས་ཤིན་ཏུ་རྙེད་དཀའ་བ། །ཞེས་སོགས་ཀྱིས་བསྟན་ཏོ། །དེ་ཡང་རྒྱུ་དང་པོ་གཉིས་ཀྱིས། རང་བཟོ་དང༌། ཟློས་སྐྱོན་སྤངས་ནས་འགྲེལ་པ་བརྩམས་ནུས་པ་བསྟན། རྒྱུ་གསུམ་པས་ནི་འགྲེལ་པ་རྩོམ་པའི་སྣང་བ་ཐོབ་སྟེ། འགྲེལ་པ་རྩོམ་དགོས་པར་བསྟན་པ་ཡིན་ནོ། །འོ་ན་སློབ་དཔོན་འདི་རྒྱུ་དེ་དག་དང་ཇི་ལྟར་ལྡན་ཞེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་ནས། རྨི་ལམ་དུ་རྗེ་བཙུན་བྱམས་པས་རྗེས་སུ་གཟུང་ཞེས་འཆད། དེ་ཡང་འདི་ལྟར་ཐོས་ཏེ། སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་ཡུམ་གྱི་དོན་ལ་མཁས་པ་དེས། མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ཏེ་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སརྤ་ནིར་སོང་ཞིག་ཅེས་ལུང་བསྟན་ཏོ། །དེ་དེར་སོང་སྟེ་ཞག་གསུམ་སྨྱུང་གནས་བྱས་ཏེ་རྨི་ལམ་བརྟགས་པས། ཐོ་རངས་རྨི་ལམ་ན་ཨཽ་ཏྱནྟ་བུ་རིའི་བི་ཧ་རའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན་ལྷའི་བུ་སྟོང་སྤྲིན་གྱི་གསེབ་ནས་ཕྱུང་སྟེ། མཆོད་རྫས་སྣ་ཚོགས་ཀྱི་མཆོད་པ་བྱེད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུངས་པ་ལ་མཆོད་པ་བྱེད་ཟེར། རིང་དུ་ལྟས་པས། རྗེ་བཙུན་ཞལ་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་འདི་ལ་དིང་སང་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འཇུག་པར་བགྱི། ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་བརྟགས་ལ་འཐད་པ་བསྡུས་ཏེ། ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམ་ཞིག ཅེས་སྣང་བ་ཐོབ་བོ། །ཞེས་པ་ནི་ཡིད་ཆེས་པའི་གཏམ་རྒྱུད་དོ། །མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱི་འགྲེལ་བཤད་ལས་ནི། སློབ་དཔོན་སེང་གེ་བཟང་པོ་སྐྱེས་བུའི་དོན་ལ་མངོན་དུ་ཕྱོགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན། པོ་ཏི་དུ་མ་དག་ན་འདོན་པ་དུ་མ་དག་དང༌། འཆད་པ་པོ་རྣམས་ཀྱི་བཤད་པ་ཡང་ཕན་ཚུན་འགལ་བར་མཐོང་ནས་སྐྱོ་བ་སྐྱེས་ཏེ་མཐའ་གཅིག་ཏུ་གནས་པ་ན་ཐེག་པ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པས། དེ་སྐྱོ་བ་བསལ་བའི་ཕྱིར་མངོན་པར་རྟོགས་པ་དང་བཅས་པའི་བཅོམ་ལྡན་འདས་མའང་བཤད་དོ་ཞེས་ཟེར་བ་རྗེས་སུ་ཐོབ་པ་ཡིན་ནོ། །ཞེས་བཤད་པས། བྱམས་པ་དང་ཞལ་དངོས་སུ་མཇལ་བར་བཤད་དོ། །དོན་འདི་ལ་ཨ་བྷྱ་ཀ་ར་འདི་ལྟར་རྒོལ་ཏེ། འཕགས་པས་མ་རྙེད་པའི་ལེགས་བཤད་སོ་སོ་སྐྱེ་བོས་རྙེད་པ་ནི་ཉེས་པའི་འབྱུང་ཁུངས་ཏེ། སོ་སོ་སྐྱེ་བོ་ནི་མ་ཁྱབ་པའི་བློ་གྲོས་ཅན་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ཡང་དེ་ཁོ་ན་ལྟར་མ་ངེས་ཏེ། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་སྔ་ནས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ཤིང༌། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་རབ་ཏུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་འདི་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་དང༌། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །ཞེས་འབྱུང་བ་ལྟར་རོ། །ལུང་སྔ་མ་ཆོས་བཤེས་ཀྱིས་འདྲེན་པ་ན། ཀླུ་གྲུབ་ཀྱི་ཞལ་སྔ་ནས་ཞེས་བྲིས་སྣང་ངོ༌། །དེས་ན་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར་ཐེག་ཆེན་འཕགས་པ་དོན་གྱི་ཆ་ལ་མ་འཁྲུལ་དུ་ཆུག་ཀྱང༌། ཡུམ་གསུམ་ཆར་གྱི་རྒྱན་དུ་མ་ཤེས་པ་ལྟ་བུ་ཚིག་གི་ཆ་ལ་འཁྲུལ་པ་སྲིད་དོ། །ཞེས་པ་ཆོས་ཀྱི་བཤེས་གཉེན་གྱི་དགོངས་པའང་ཡིན་ནོ། །གཉིས་པ་འགྲེལ་པ་འདི་འགྲེལ་པ་གཞན་གྱིས་ཇི་ལྟར་བཤད་པ་ལ། སློབ་དཔོན་དབུ་མ་པ་ཆོས་ཀྱི་བཤེས་གཉེན་ཞེས་བྱ་བ་གྲུབ་པའི་མཐའ་རབ་འབྱམས་ཐུགས་སུ་ཆུད་པ། སློབ་དཔོན་འདིའི་ལུང་ལ། རྒྱལ་བའི་བཀའ་ལྟ་བུའི་འདུ་ཤེས་བསྐྱེད་པ་དེས། འགྲེལ་པ་དོན་གསལ་འདིའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ཞེས་བྱ་བ་མཛད། ནུབ་ཀྱི་སྒོ་གླེགས་པ་མཁས་པ་ཆེན་པོ་ཤེས་རབ་འབྱུང་གནས་བློ་གྲོས་ཞེས་བྱ་བ་སྙན་པའི་བ་དན་སྲིད་རྩེའི་བར་དུ་བསྒྲེང་བ་ལ་མཁས་པ་དེས། འགྲེལ་པ་དོན་གསལ་འདིའི་དཀའ་གནད་ཀྱི་འགྲེལ་བཤད་བསྡུས་པ་ཞིག་མཛད། མཁས་པ་ཆེན་པོ་གསེར་གླིང་པས། དོན་གསལ་གྱི་འགྲེལ་བཤད་རྟོགས་དཀའི་སྣང་བ་ཞེས་པ། ཚིགས་གསལ་བ་དོན་རྒྱ་ཆེ་བ་ཞིག་མཛད། འདིའི་མཇུག་ན་སྔོན་ཆགས་པ་མེད་པའི་སློབ་དཔོན་རིགས་ཀྱི་སྦྱིན་པ། དཔལ་ཆོས་ཀྱི་གྲགས་པ་ཞེས་འབྱུང་བས། ཇོ་བོའི་བླ་མ་གསེར་གླིང་པ་དང་གཅིག་པར་སེམས་སོ། །ཁ་ཆེ་གཞོན་ནུ་དཔལ་གྱིས། རྒྱན་འགྲེལ་པ་དང་བཅས་པའི་བསྡུས་དོན་དུ་མཚན་གསོལ་བ་ཤིན་ཏུ་བསྡུས་པ་ཞིག་མཛད་དེ། འདི་དག་ནི་འགྲེལ་པ་འདིའི་ཚིག་གི་འགྲེལ་བཤད་དོ། །སློབ་དཔོན་ཉིད་ཀྱི་དངོས་ཀྱི་སློབ་མ་དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྡུད་པའི་བཤད་སྦྱར་མཛད་པ་དང༌། འཇིགས་མེད་འབྱུང་གནས་ཀྱིས་ཐུབ་པའི་དགོངས་རྒྱན་དང༌། རཏྣ་ཀིརྟིས། གྲགས་པའི་ཆ་དང༌། བུདྡྷ་ཤྲཱིའི་ཤེས་རབ་སྒྲོན་མའི་འཕྲེང་བ་དང༌། དཔལ་མར་མེ་མཛད་ཡེ་ཤེས་ཀྱི་བསྡུས་དོན་སྒྲོན་མ་རྣམས་ནི་དོན་གྱི་འགྲེལ་བཤད་དོ། །ཁྱད་པར་བུདྡྷ་ཤྲཱིས་ནི། ང་རྒྱལ་གྱི་སྙན་ངག་མང་པོ་སྨྲས་ཀྱང༌། འོག་ནས་འཆད་པའི་ཁྱད་པར་རེ་རེ་ཙམ་མ་གཏོགས། འགྲེལ་པ་འདིའི་མཛད་བྱང་སྤོས་པ་ལྟ་བུར་འདུག་གོ །འདིར་རིན་ཆེན་སྒྲོན་མ་བོད་ཀྱིས་བྱས་པར་བཅོམ་ལྡན་རལ་གྲིས་བཞེད་ཀྱང༌། མཐར་གྱིས་པ་དངོས་པོ་དྲུག་ཏུ་བཤད་པ་ཙམ་མ་གཏོགས་ཉེས་པར་བཤད་པའི་ཆ་ཡོད་པ་མ་མཐོང་ངོ༌། །ཐུབ་དབང་ཐུགས་ཀྱི་རྒྱ་མཚོ་ལས། །རྗེ་བཙུན་མཁྱེན་པའི་མཁའ་ལ་འཕོས། །བཤད་སྲོལ་རྟ་བརྒྱའི་རྩེ་མོ་ནས། །འཕྲིན་ལས་འོད་སྟོང་འགྱེད་མཁས་པ། །བདག་བློ་འདབ་བརྒྱའི་འཕྲེང་བ་དང༌། །བློ་གསལ་བུང་པ་ཐམས་ཅད་ཀྱིས། །ལེགས་བཤད་སྦྲང་རྩིའི་དོག་པ་ནི། །སྤེལ་ལ་མངོན་པར་བརྩོན་པ་ཐོབ། །ཅེས་བྱའོ། །གསུམ་པ་བསྟན་བཅོས་དངོས་བཤད་པའི་རིམ་པ་ལ་འཇུག་པ་ལ། བསྟན་བཅོས་ལ་འཇུག་པའི་ཡན་ལག ཡན་ལག་ཅན་གྱི་བསྟན་བཅོས། བསྟན་བཅོས་ཇི་ལྟར་བསྒྱུར་བའི་ཚུལ་དང་གསུམ་མོ། །དང་པོ་ལ། བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་གང༌། གདུལ་བྱ་དེས་བསྟན་བཅོས་ལ་འཇུག་པའི་རིམ་པ་ནི་ཇི་ལྟ་བུ། བསྟན་བཅོས་འདིའི་མཚན་དུ་གསོལ་བ་ནི་ཅི། འདི་ལ་གཞུང་གི་ཚད་ནི་ཇི་ཙམ་ཡོད། འདི་སྡེ་སྣོད་གསུམ་པོ་གང་གི་དགོངས་འགྲེལ་ཡིན་ཞེ་ན། དྲི་བ་དང་པོའི་ལན་ལ། མདོ་ལས། ཡུམ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར། །ཞེས་དྲིས་པའི་ལན་དུ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ། བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལེགས་པར་འགྱུར་རོ་ཞེས་དང༌། བསྡུད་པ་ལས་ཀྱང༌། རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང༌། །དགྲ་བཅོམ་དྲི་མ་བསལ་དང་སོམ་ཉི་སྤང་བ་དང༌། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །ཞེས་དང༌། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྙམ་དུ་སེམས་ཏེ། ཡུམ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཀྱང་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པའོ། །དགེ་བའི་རྩ་བ་བསྐྱེད་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན་ནོ། །ཞེས་པའི་དོན། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་གསུངས་པ་ལྟར། ཆེད་དུ་བྱ་བའི་གཙོ་བོ་ནི། ཐེག་པ་ཆེན་པོར་རིགས་ངེས་པའི་བྱང་སེམས་རྣམས་དང༌། དམན་པའི་བྱང་ཆུབ་ཏུ་རིགས་མ་ངེས་པའི་ཉན་ཐོས་རྣམས་ཡིན་ཏེ། སྒྲུབ་བྱ་རིམ་པ་བཞིན་ལམ་གྱི་འཇུག་སྒོ་ཐེག་པ་ཆེན་པོའི་སེམས་བསྐྱེད་དུ་བསྟན་པ་ནས། ངེས་འབྱུང་བསྒྲུབ་པའི་བར་གྱིས་མཐར་ཕྱིན་པར་བཤད་པའི་ཕྱིར་དང༌། གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར་ཤེས་པ་མེད་པས་ཤེས་རབ་དམན་པ་རིམ་གྱིས་དྲངས་པའི་ལམ་གྱི་རིམ་པ་ཡང་གཙོ་བོར་གསུངས་པའི་ཕྱིར། དམན་པར་རིགས་ངེས་པ་རྣམས་ཀྱང་འདིའི་གདུལ་བྱར་མི་འགྱུར་བ་ནི་མིན་ཏེ། མདོ་ལས། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱིས་མཚམས་བཅད་པའི་ཕྱིར། འོན་ཀྱང་གལ་ཏེ་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་དག་ལ་ཡང་རྗེས་སུ་ཡིད་རང་བ་བྱའོ། །ཞེས་གསུངས་ཤིང༌། དེའི་དོན་བསྟན་བཅོས་སུ། མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པའི་ཕྱིར་དང༌། མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་སོགས་དང༌། ཆོས་བཤེས་ཀྱིས་སྡོང་པོ་བཀོད་པ་དང༌། དྲན་པ་ཉེར་གཞག་སོགས་ནི་ཐེག་པ་ཆེ་ཆུང་གི་ལམ་གྱི་ཆེ་བ་སྟོན་པས་གཞུང་ཕྱོགས་གཅིག་པ་ཡིན་ལ། ཤེར་ཕྱིན་འདིར་ཐེག་པ་གསུམ་ཀའི་ལམ་སྟོན་པས་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་གསུངས་པའི་ཕྱིར་རོ། །དར་ཊཱིཀ་མཛད་པས་བསྟན་བཅོས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཉན་ཐོས་ཡོད་ན་ཐེག་པ་ཐུན་མོང་གི་བསྟན་བཅོས་སུ་འགྱུར་རོ་ཞེས་གསུང་བ་ནི། བསྟན་བཅོས་འདིའི་གདུལ་བྱ་ཉན་ཐོས་ཡོད་ན། འདིའི་གྲུབ་མཐའི་རྣམ་གཞག་རྣམས་ཀྱང་ཉན་ཐོས་སྡེ་གཉིས་དང་མི་འགལ་བར་འཇོག་དགོས་ཞེས་པར་སོང་བས་གྲུབ་མཐའ་སྨྲ་བའི་ཉན་ཐོས་དང༌། ལམ་དུ་ཞུགས་པའི་ཉན་ཐོས་རྣམས་ཀྱི་རྣམ་དབྱེ་མ་ཕྱེད་པས་ཤིན་ཏུ་འཁྲུལ་ལོ། །ཡང་དར་ཊཱིཀ་པ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་དུ་རིགས་ངེས་པ་ཁོ་ནར་འདོད་པ་དང༌། བླ་མ་རིན་པོ་ཆེའི་བཞེད་པ་དང་བསྟུན་ནས། སངས་རྒྱས་སོགས་དམིགས་དད་པ་དང༌། །ཞེས་སོགས་ཀྱི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང་བར་འཆད་པ་ནི། བསྟན་བཅོས་འཁྱོག་བཤད་ཇི་ཙམ་བྱས་ཀྱང་ནང་འགལ་བར་གདོན་མི་ཟ་སྟེ། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་མ་གཟིགས་པར་སྣང་བའི་ཕྱིར། དེ་ཡང་མདོ་ན་འདི་ལྟར་སྣང་སྟེ། རྟུལ་པོས་རྟོགས་དཀར་བཞེད། ཅེས་པའི་མདོ་ན། རྟོགས་བླ་ཞེས་པའི་མདོ་ལ་འཕྲོས་ནས། ཤཱ་རིའི་བུས་རབ་འབྱོར་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པ་བྱེད་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་སླ་སྟེ། དཀའ་བ་མེད་ན་ནི་བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་རོ། །ཞེས་བཤད། དེའི་དོན་ཉི་ཁྲི་སྣང་བར་ཕྱིར་ལྡོག་པར་བསྟན་པས། དེ་མངོན་པར་རྫོགས་པར་འཚང་རྒྱ་བ་དཀའ་བ་ཡིན་པ་དང༌། གཟུགས་ལ་སོགས་པ་དང༌། དེ་ལས་གཞན་དང༌། དེའི་དེ་བཞིན་ཉིད་དང༌། དེ་ལས་གཞན་པ་དང༌། ཞེས་བྱ་བ་རྣམ་པ་བཞིར་ལྡོག་པའི་ཆོས་ཀྱི་མཚན་མ་ཉེ་བར་ཆོས་རྣམས་མ་སྐྱེས་པའི་རྣམ་པ་བཤད་པ་དེ་ལྟ་ན། གང་ཡང་ཕྱིར་ལྡོག་པ་མེད་ཀྱི། འོན་ཀྱང་ཀུན་རྫོབ་དུ་ནི་ལྡོག་གོ་ཞེས་འདོད་དོ། །ཀུན་རྫོབ་ཏུ་མེད་པ་ཡིན་ནོ་ཞེ་ན་ནི། དེ་ལ་མངོན་སུམ་ལ་སོགས་པ་དང༌། འགལ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཇི་ལྟ་བུ་ཡིན་ཞེ་ན། རང་གིས་ཁས་བླངས་པ་དང་ཡང་འགལ་ལོ་ཞེས་སྟོན་པ་ནི། གང་ཡང་ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་གཤེགས་པས་བསྟན་པའི་བྱང་ཆུབ་སེམས་དཔའི་གང་ཟག་གསུམ་པོ་འདི་དག་རྣམ་པར་གཞག་པར་ཡང་མི་འགྱུར་ཏེ། རབ་འབྱོར་གྱིས་ཇི་ལྟར་བསྟན་པ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་གཅིག་ཁོ་ནར་འབྱུང་ཞེས་བྱ་བ་ལ་སོགས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྒྱན་གྱི་གདུལ་བྱ་བྱང་སེམས་ལའང་རིགས་ངེས་མ་ངེས་གཉིས་ཡོད་ལ། རྒྱན་གྱི་གདུལ་བྱ་མ་ངེས་པའི་རིགས་ཅན་གྱི་བྱང་སེམས་དབང་པོ་རྣོན་པོ་སྦྱོར་ལམ་ནས་ཕྱིར་མི་ལྡོག་པ་དང༌། དབང་འབྲིང་མཐོང་ལམ། དབང་རྟུལ་སྒོམ་ལམ་ནས་ཕྱིར་མི་ལྡོག་པའི་ཚུལ་འཆད་པ་ལ་ཕྱིར་མི་ལྡོག་གི་གཞུང་རྣམས་གསུངས་པ་ཡིན་ནོ། །འདི་ནི་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རོང་སྟོན་ཆེན་པོའི་བཞེད་པ་འཐད་ལྡན་དུ་སྒྲུབ་པ་ཡིན་ནོ། །བཅོམ་ལྡན་རལ་གྲི་འདི་ལྟར་བཞེད་དེ། རྒྱལ་བའི་ཡུམ་ཉན་པའི་གདུལ་བྱ་གཅིག་ནི། དང་པོ་ནས་ཐ་མའི་བར་འཁོད་དེ་རབ་འབྱོར་བཞིན་ནོ། །མགོ་སྨོས་པས་གོ་བའམ། ཡུམ་རྫོགས་པར་ཉན་པའི་སྐལ་བ་མེད་པ་འགའ་ཞིག་ནི་སྐབས་དེ་དང་དེ་ཐོས་ནས་འཁོར་གྱི་དཀྱིལ་འཁོར་གཞན་དུ་སོང་བ་སྟེ། དཔེར་ན་བསམ་གྱིས་མི་ཁྱབ་པའི་ལེའུར་ཁྱད་མཚན་བཤད་པ་ན། འདོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་སོང་ངོ་ཞེས་བཤད་པ་ལྟ་བུ་ཡང་གཅིག་གིས་གཞུང་དང་པོ་ནས་མ་ཐོས་ཀྱང༌། སྐབས་དེ་དང་དེ་རྫོགས་ནས་འཁོར་དུ་འདུས་པ་སྟེ། དཔེར་ན་ལམ་ཤེས་འཆད་པ་ན། རྒྱལ་ཆེན་རིགས་བཞི་ནས་གནས་གཙང་མའི་བར་འདུས་པ་བཞིན་ནོ། །ཞེས་གསུངས་སོ། །མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་འདི་ལྟར་བཞེད་དེ། གདུལ་བྱ་དབང་པོ་རྣོན་པོ་ལ་ནི་སེམས་བསྐྱེད་ཉི་ཤུ་རྩ་གཉིས་བཤད་དོ། །བྱང་སེམས་དབང་འབྲིང་ལ་གདམས་ངག་ནས་ངེས་འབྱུང་སྒྲུབ་པའི་བར་གསུངས་སོ། །དབང་འབྲིང་འདོད་པ་ནང་གཟུགས་ན་སྤྱོད་པ་རྣམས་ལ་ལམ་ཤེས་དང་གཞི་ཤེས་སྟོན། དབང་པོ་ཐ་མ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཞིང་གཞན་ནས་འདུས་པ་རྣམས་ལ་རྣམ་ཀུན་ནས་ཆོས་སྐུའི་བར་གསུངས་པ་ཡིན་པས་ཟློས་པའི་སྐྱོན་མེད་ཅེས་བཞེད། སློབ་དཔོན་སེང་གེ་བཟང་པོའི་བཞེད་པ་ནི། འདི་ལྟར་མངོན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལྟ་བུ། བྱང་ཆུབ་ཀྱི་སེམས་ཡང་དག་པར་བླངས་པ་དང་ལྡན་པ། བསྐལ་པ་གྲངས་མེད་ཀྱི་གྲངས་ལ་མ་གཏོགས་པའི་བསྐལ་པ་མང་པོར་སངས་རྒྱས་མང་པོ་ལ་བསྙེན་བཀུར་ཞིང༌། དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པ། ད་ལྟ་ཚོགས་ལམ་ལ་གནས་པའི་སློབ་མ་མཚན་ཉིད་དང་ལྡན་པ་དེས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ལྟ་བུ། སྟོང་པ་ཉིད་མངོན་པར་རྟོགས་པའི་རིམ་པ་སྟོན་པ་ལ་མཁས་པའི་སློབ་དཔོན་གྱི་དྲུང་དུ། ངེས་འབྱེད་ཡན་ལག་གི་དབང་དུ་བྱས་པའི་གདམས་ངག་ཚོལ་བ་ལ་བརྩོན་པ་ནས་བཟུང་སྟེ། བསྐལ་པ་གྲངས་མེད་པ་སུམ་ཅུ་སོ་གསུམ་འདས་པ་ན་མངོན་རྟོགས་ཀྱི་རིམ་པ་རྣམས་རྒྱུད་ལ་སྐྱེས་ཤིང་ས་བཅུའི་དབང་ཕྱུག་ཉིད་དུ་འགྱུར་ཏེ། དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ད་ལྟ་ས་བཅུ་པ་ལ་གནས་པ་བཞིན་ནོ། །ཞེས་བཞེད་དོ། །འགྲེལ་ཆེན་དུ། ལས་དང་པོ་པའི་སྐབས་ནས་བརྩམས་ཏེ་ཚོལ་བའི་རིམ་པ་བསྟན་པ་ནི། ཞེས་མཚམས་སྦྱར་ནས། དེའི་ཚེ་ན་ཚོགས་ཀྱི་ས་ལ་གནས་པ། ད་ལྟ་ནི་ས་བཅུའི་དབང་ཕྱུག་ཉིད་དོ། །ཞེས་བཤད་ཅིང་ཆོས་འཕགས་ཀྱི་ལེའུའི་འགྲེལ་ཆེན་དུ། ཁ་ཅིག་ན་རེ། དེ་བཞིན་ཉིད་དང༌། མི་སྐྱེ་བ་དང༌། ཡང་དག་པའི་མཐའ་དང༌། སྟོང་པ་ཉིད་དང༌། ཇི་ལྟ་བ་བཞིན་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། ནམ་མཁའི་ངོ་བོ་ཉིད་དུ་བསྟན་པའང་རིམ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་སྒྱུ་མ་དང་འདྲ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་རབ་ཏུ་དབྱེ་བས་ཕྱེ་བ་ཉིད་དུ་སྟོན་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དག་ནི། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཞེས་མདོར་བསྟན་ནས། ཆོས་འཕགས་ཀྱི་ལེའུ་ལ་སྟོང་ཉིད་ཀྱི་རིམ་པ་སྟོན་པ་དང༌། མངོན་རྟོགས་ཀྱི་རིམ་པ་སྟོན་པ་གཉིས་སུ་ཕྱེ་ནས། མངོན་པར་རྟོགས་པ་རེ་རེ་ཞིང་སྦྱར་ནས་གསུངས་པའི་ཕྱིར་རོ། །དྲི་བ་གཉིས་པའི་ལན་ལ། རྗོད་བྱེད་ཚིག་གི་རིམ་པ་ལ་ཇི་ལྟར་འཇུག་པའི་ཚུལ་དང༌། བརྗོད་བྱ་དོན་གྱི་རིམ་པ་ལ་ཇི་ལྟར་འཇུག་པའི་ཚུལ་ལོ། །དང་པོ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་ཁོ་ནའི་རྟེན་ལ་ཐོས་བསམ་རིམ་པར་བྱ་དགོས་ཏེ། ཚུལ་ཁྲིམས་སྲུང་བའི་ཕན་ཡོན་ལ། ཆོས་མ་ཐོས་པ་རྣམས་ཐོས་པར་འགྱུར་བ་དང༌། ཐོས་པ་རྣམས་མི་བརྗེད་པར་འབྱུང་བར་འགྱུར་བའི་ཕྱིར་དང༌། སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པའི་ཕྱིར། དེ་ལ་ཡང་བསྟན་བཅོས་འདིར་རིམ་པ་གཉིས་གསུང་སྟེ། མཆོད་བརྗོད་ལ་བརྟེན་ནས་ཤེར་ཕྱིན་གྱི་གསུང་རབ་ཙམ་ལ་ཐོས་བསམ་བྱེད་པའི་ཚུལ་དང༌། དགོས་འགྲེལ་ལ་བརྟེན་ནས་མངོན་པར་རྟོགས་པའི་རྒྱན་ལ་ཐོས་བསམ་བྱེད་པའི་ཚུལ་གཉིས་ཡོད་པར་ནི་དེ་ལ་རབ་ཏུ་དྭང་བས་ཀྱང་དེའི་ཡོན་ཏན་མངོན་པར་འདོད་པའི་གང་ཟག་གཉིས་ཀ་ཡང་ཞེས་པ་དང༌། རང་གི་བསྟན་བཅོས་ཀྱི་བརྗོད་པར་བྱ་བ་དང༌། དགོས་པ་དང༌། ཞེས་གསུངས་པས་གསལ་བར་བསྟན་པའི་ཕྱིར་རོ། །འོ་ན་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ལ། ཐོས་བསམ་གྱི་བགྲོད་པ་ཉེ་རིང་གི་ཁྱད་པར་ཇི་ལྟར་ཡོད་ཅེ་ན། ཐོས་བསམ་ལ་འཇུག་པ་ནི་དབང་རྟུལ་མྱུར་ལ། བགྲོད་པ་ནི་དབང་རྣོན་མྱུར་ཏེ། དད་པའི་རྗེས་སུ་འབྲང་བ་རྣམས་ནི་དེ་ལ་ཐེ་ཚོམ་མེད་པར་མྱུར་དུ་རབ་ཏུ་དྭང་བ་སྐྱེའོ། །ཞེས་པ་དང༌། རྟོགས་བླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་འབྱུང་བ་ལྟར་རོ། །ལེགས་བཤད་གསེར་ཕྲེང་མཛད་པ་པོ་མཆོད་བརྗོད་ཀྱི་འགྲེལ་པར་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་འབྱུང་བ་ལ་དཔགས་ནས། རྟོགས་བླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་འཛིན་པར་བཞེད་པ་ནི་འཁྲུལ་ཏེ། མཆོད་བརྗོད་ཀྱི་སྐབས་ཀྱི་གདུལ་བྱ་དབང་བརྟུལ་ནི། རྐྱེན་གྱིས་ལྡོག་མི་ནུས་པ་གཅིག་ཡིན་ལ། གཅིག་ཤོས་ནི་དམན་པར་ལྡོག་སྲིད་པས་དོན་མི་གཅིག་པའི་ཕྱིར་རོ། །དེ་ཡང་ཐོས་བསམ་གྱི་རིམ་པ་དང་པོ་ནི་འདི་ལྟར་ཡིན་ཏེ། ཤེར་ཕྱིན་གྱི་གདུལ་བྱས་མཆོད་བརྗོད་ཀྱི་ངག་ལ་རྟེན་ནས། ཡུམ་གྱི་ཡོན་ཏན་མཐོང་བས། ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུའམ། རྩ་བ་ཤེས་རབ་ལྟ་བུ་ཐོས་བསམ་གྱིས་རིམ་པས་གཏན་ལ་འབེབས་པའི་ཚེ་ནི་མཁྱེན་གསུམ་ཐོས་བསམ་གྱི་གཏན་ལ་འབེབས་པ་ཞེས་པའི་མིང་འདོགས་ཏེ། སྐྱེ་མེད་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཕྱིར། ཕབ་པའི་དོན་དེ་དབང་ཐོབ་ཕྱིར་དུ་བསྒོམ་པ་སོགས་ཀྱི་རིམ་པས་ཉམས་སུ་ལེན་པའི་ཚེ། མཁྱེན་གསུམ་སྦྱོར་བ་བཞི་ཉམས་སུ་ལེན་པ་ཞེས་བྱ་སྟེ། སྐྱེ་མེད་གསུམ་ཇི་ལྟར་རྟོགས་པའི་རིམ་པ་རྒྱུད་ལ་སྐྱེས་པའི་སྐབས་ཡིན་པའི་ཕྱིར་དང༌། དེ་ལྟར་ཤེས་པ་ནི་བསྟན་བཅོས་འདི་ཤེར་ཕྱིན་གྱི་མན་ངག་ཏུ་བསྟན་པའི་དགོས་པར་འགྱུར་གྱི། སྐབས་དང་པོ་གསུམ་དུ་ཐོས་བསམ་བྱས་ནས། སྐབས་བར་པ་བཞིར་ཉམས་སུ་ལེན་པ་ཞེས་བྱ་སྟེ། སྐྱེ་མེད་གསུམ་ཇི་ལྟར་རྟོགས་པའི་རིམ་པ་རྒྱུད་ལ་སྐྱེས་པའི་སྐབས་ཡིན་པའི་ཕྱིར་དང༌། དེ་ལྟར་ཤེས་པ་ནི་བསྟན་བཅོས་འདི་ཤེར་ཕྱིན་གྱི་མན་ངག་ཏུ་བསྟན་པའི་དགོས་པར་འགྱུར་གྱི། སྐབས་དང་པོ་གསུམ་དུ་ཐོས་བསམ་བྱས་ནས། སྐབས་བར་པ་བཞིར་ཉམས་སུ་ལེན་ཞེས་སྨྲ་བ་ནི་རི་བོང་གི་བཅལ་ལོ། །དེས་ན་གང་སྐྱེ་མེད་དུ་ཐོས་བསམ་གྱིས་གཏན་ལ་འབེབས་པའི་སྐབས་དེ་ལ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་འབེབས་པ་ཞེས་བྱ་སྟེ། ཡུལ་གཞི་ལམ་རྣམ་གསུམ་གྱི་ཡུལ་ཅན་ལམ་གྱི་རང་བཞིན་མཁྱེན་པ་བསྟན་པའི་ཕྱིར། ཐོས་བསམ་གྱི་རིམ་པ་གཉིས་པ་ནི་འདི་ལྟ་སྟེ། རྒྱན་གྱི་གདུལ་བྱས་དགོས་འབྲེལ་གྱི་ངག་ལ་བརྟེན་ནས་རྒྱན་ལ་ཐོས་བསམ་གྱིས་ཞུགས་ཏེ། བསྟན་བཅོས་འདིས་དངོས་པོ་བརྒྱད་དོན་བདུན་ཅུ་དང་བཅས་པ་ཇི་ལྟར་སྟོན་པའི་ཚུལ་དང༌། དེ་ཡང་ཡུམ་གྱི་མདོའི་དོན་དང་མི་འགལ་བར་སྦྱོར་ཤེས་པའི་ཚེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕེབས་པ་ཞེས་བྱ་སྟེ། མཁྱེན་གསུམ་ཉམས་སུ་ལེན་པའི་རིམ་པ་ལ་སྒྲོ་འདོགས་ཆོད་དེ། ངེས་པ་བརྟན་པོ་ཐོབ་པའི་ཕྱིར། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། སྐད་ཅིག་མའི་སྦྱོར་བའི་བར་རྒྱུད་ཐོག་ཏུ་ཁེལ་བ་ན། སྦྱོར་བས་ཉམས་སུ་ལེན་པ་ཞེས་བྱ་སྟེ། མངོན་པར་རྟོགས་པའི་རིམ་པ་རྒྱུད་ལ་སྐྱེ་བའི་གནས་སྐབས་ཡིན་པའི་ཕྱིར་རོ། །སངས་རྒྱས་པ་ན་འབྲས་བུ་ཆོས་སྐུ་མངོན་དུ་གྱུར་པ་ཞེས་བྱའོ། །དེ་ལྟར་ཤེས་ན་ཡུལ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་ཞེས་པའི་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །འོ་ན་ཐོས་བསམ་གྱི་ཚུལ་གཉིས་པོ་དེ་ལ་འབྲས་བུ་ཆོས་སྐུ་ལ་ཉེ་རིང་གི་ཁྱད་པར་ཇི་ལྟར་ཡོད་ཅེ་ན། ཕྱི་མ་ཆེས་མྱུར་ཏེ་མན་ངག་ལ་བརྟེན་པའི་ཕྱིར། དེ་སྐད་དུ་ཡང༌། བདེ་བླག་དུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་གསུངས་སོ། །མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པས། མངོན་པར་རྟོགས་པ་ལྷག་མ་གཏན་ལ་མ་ཕབ་པར་འགྱུར་རོ་སྙམ་པ་ནི་རང་ཉིད་ལ་ཆ་མེད་དོ། །ཞེས་གསར་དུ་བཏབ་ནས་སྒྲོག་པ་སྟེ། དེ་བས་ན་མངོན་པར་རྟོགས་པའི་རྒྱུ་ནི་གཞི་དང༌། གཉེན་པོ་དང༌། རྣམ་པ་ཐམས་ཅད་བསྡུས་པས་མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན། ཞེས་སོགས། མཁྱེན་གསུམ་གྱི་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་པའི་ཚུལ་ལ་ཤིན་ཏུ་རྨོངས་པའི་ཕྱིར། ཀཱ་མ་ལ་ཤཱི་ལའི་སྒོམ་རིམ་དང༌། རིན་པོ་ཆེ་པའི་ལམ་རིམ་ལས། རྟ་རྒྱུག་པ་ལ་དཀྱུ་ས་བསྟན་ནས་རྒྱུག་ས་གཞན་དུ་བྱེད་ན་འབྲེལ་མེད་ཅེས་གསུངས་པའི་ཚིག་ཙམ་ཞིག་མཐོང་ནས། དར་ཊཱིཀ་མཛད་པས། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྦྱོར་བཞིས་ཉམས་སུ་ལེན་ན་ཐ་ཆད་ཅེས་འཆད་པ་ནི། དགག་པ་དང་པོ་བྱེད་པ་ན་རང་འཚང་གསལ་བར་བསྟན་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་པོ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར། ཞེས་སོགས་རྒྱ་ཆེར་གསུངས་པ་རྣམས་དང་འགལ་བའི་ཕྱིར། དགག་པ་གཉིས་པ་མཛད་པ་ན། ཕྱོགས་སྔའི་ནམ་མ་ལངས་ཏེ། ཐོས་བསམ་དང་ཉམས་ལེན་གྱི་གཞུང་མཚམས་སོ་སོར་གཅོད་པར་སུས་ཀྱང་མ་སྨྲས་པའི་ཕྱིར་རོ། །དེ་ལྟར་ན་བསྟན་བཅོས་འདི་ཤེར་ཕྱིན་གྱི་མན་ངག་ཡིན་མོད། དེ་ལྟ་ན་ཡང་མན་ངག་གི་ཐོག་མར་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་ཏེ། མདོ་སྡེ་རྒྱན་ལས། གལ་ཏེ་མ་ཐོས་པར་ཡང་སྒོམ་འཇུག་འགྱུར་ན་བསྟན་པ་དོན་མེད་འགྱུར། །ཅེས་པ་ལྟར་རོ། །གཉིས་པ་བརྗོད་བྱ་དོན་གྱི་རིམ་པ་ལ་ཇི་ལྟར་འཇུག་པ་ནི། དེ་ལྟར་ཐོས་བསམ་གྱིས་གཏན་ལ་ཕབ་པ་ལ་བརྟེན་ནས། དོན་དེ་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་བློ་འབྱུང་སྟེ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །ཞེས་གསུངས་པ་ལྟར་རོ། །འདི་ལ་གཉིས་ཏེ། སྙིང་པོའི་དོན་སྒོམ་པའི་ཚུལ་དང༌། མངོན་པར་རྟོགས་པའི་དོན་བསྒོམ་པའི་ཚུལ་ལོ། །དང་པོ་ནི། འཕགས་སེང་གི་བཞེད་པས། བདེན་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་འཇོག་པའི་ཚུལ་ཏེ། དེ་ཡང་ཚིག་གསལ་ལས་འབྱུང་བ་ལྟར། དེ་ལ་སྐྱེ་བ་དང༌། འཇིག་པས་སྟོང་པའི་ཕྱིར། ཞེས་སོགས་ཀྱིས་སྟོན་ནོ། །འདི་ལ་སྙིང་པོའི་རྒྱན་བྱེད་པ་ན་རེ། སྒྱུ་མ་ལྟ་བུའི་བདག་ཉིད་དུ་སྣང་བའི་བློ་ཞེས་པས། མཉམ་གཞག་སྣང་བཅས་སྟོན་པ་ཡིན་ཏེ། བློ་དེ་ཉིད་སྒྱུ་མ་ལྟ་བུར་སྟོན་པའི་ཕྱིར། དེ་འདྲ་བ་འགྲེལ་ཆེན་ན་ཤིན་ཏུ་མང་ངོ་ཞེས་གསུང༌། འདི་ནི་གཏན་མ་ཡིན་ཏེ། སྣང་བ་ཞེས་པའི་ཚིག་ལ་ནུས་པ་མ་ཐོན་པའི་ཕྱིར་དང༌། དེ་མ་ཐག་ཏུ་གཟུགས་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་ཏུ་ཡང་དག་པར་ཡོད་པའི་ངོ་བོ་འདི་ཉིད་ལ་བརྟག་པར་བྱ་སྟེ། ཞེས་འབྱུང་བའི་ཕྱིར། གཉིས་པ་མངོན་པར་རྟོགས་པའི་དོན་བསྒོམ་པའི་ཚུལ་ནི། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས། བྱང་ཆུབ་སེམས་དཔས་ས་ཕྱོགས་གཙང་མར་སྐྱིལ་ཀྲུང་བཅས་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལ་དམིགས་པ་སྔོན་དུ་འགྲོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཆོས་ཐམས་ཅད་བདག་མེད་པར་སྟོན་པར་བྱེད་པ་ལ། མིང་ལ་དངོས་པོའི་སེམས་ཀྱིས་ཡང་དག་པར་དམིགས་ལ། རྗེས་སུ་སྤྱོད་པའི་སེམས་ཀྱིས་དེ་ཉིད་ཀྱི་ཚིག་གི་རབ་ཏུ་དབྱེ་བ་ལེའུ་ལ་སོགས་པའི་བྱེ་བྲག་གིས་བརྟག་པར་བྱའོ། །དེ་ནས་བགྲངས་པས་མངོན་པར་རྟོགས་པ་བརྒྱད་ཀྱི་གནས་སྐབས་ཀྱི་དབྱེ་བས་གྲངས་བཟུང་བའི་ཕྱིར་དང༌། གཞལ་བས་མངོན་པར་རྟོགས་པ་རེ་རེ་ཞིང་རང་གི་ངོ་བོ་ངེས་པར་བྱ་བའི་ཕྱིར་དང༌། རྟོག་པས་སྒྲོ་འདོགས་པ་དང༌། སྐུར་པ་འདེབས་པ་མེད་པའི་ཕྱིར་དང༌། ངེས་པར་རྟོག་པ་མངོན་སུམ་དང༌། རྗེས་སུ་དཔག་པའི་ཚད་མས་འཐད་པར་བྱས་པ་ཉིད་ཀྱི་ཕྱིར་ཏེ། དེ་ལྟར་རྣམ་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་དང༌། སོ་སོ་བ་དང༌། བསྡུས་པ་གོ་རིམ་བཞིན་དུ་དོན་མེད་པ་དང༌། དོན་དང་བཅས་པ་ཡིན་ནོ། །ཞེས་བྱ་བས་ཡི་གེ་ལ་སྟེ། རྣམ་པ་འདི་དག་གིས་རྣམ་པར་དཔྱད་པའི་མཚན་མ་དེ་ངེས་པར་འཛིན་པའི་སེམས་ཀྱིས་བཟུང་ལ། དེ་ཇི་ལྟར་བརྟགས་པའི་དོན་ཉིད་མིང་ལ་དམིགས་པར་བྱེད་པའི་དངོས་པོའི་སེམས་ཉིད་དུ་སྒོམ་པའི་སེམས་ཀྱིས་བཅུག་ལ། དོན་གང་ལ་རབ་ཏུ་སྦྱོར་བར་འགྱུར་བ་སྟེ། འདུན་པ་དང་ལྷན་ཅིག་པ་རེ་བའི་སེམས་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་ན་དང་པོར་ཐོས་པ་དང༌། བསམ་པ་དང་སྒོམ་པའི་རང་བཞིན་ཅན་གྱི་ཤེས་པ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་ཕྱིར་ཕ་རོལ་ཏེ། རབ་ཀྱི་མཐར་འགྲོ་བ་ཡིན་པས་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུང༌། འདིས་ནི་མདོ་སྡེ་རྒྱན་ལས་རྩ་བའི་སེམས། རྗེས་སུ་སྤྱོད་པའི་སེམས། རྣམ་པར་སྤྱོད་པའི་སེམས། ངེས་པར་འཛིན་པའི་སེམས། སྡོམ་པའི་སེམས། སྨོན་པའི་སེམས་ཞེས་དྲུག་ཏུ་གསུངས་པ་དེ་བསྟན་པར་མངོན་ཏེ། རྒྱན་ལས། དེ་ནས་དང་པོར་སྡོམ་བརྩོན་དེ། །མདོའི་སྡེ་ལ་སོགས་པའི་ཆོས། །མིང་གཉིས་དོན་ནི་རྣམ་འབྱེད་པའི། །མདོ་སོགས་མིང་ལ་སེམས་འཇོག་གོ །དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ་དཔྱད་བྱེད་ཅིང༌། །སོ་སོའི་ནང་ལ་ཚུལ་བཞིན་དུ། །དེའི་དོན་ཡང་རྣམ་པར་སྤྱོད། །དེ་དོན་དག་ནི་ངེས་བཟུང་ནས། །ཆོས་ལ་ཀུན་ནས་སྡོམ་པར་བྱེད། །དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨོན་པར་བྱེད། །ཅེས་གསུངས་པ་དེ་ཚིག་ལྷུག་དུ་གསིལ་བ་ལྟ་བུར་སྣང་བའི་ཕྱིར། དེ་ལྟར་ན་སེམས་དྲུག་པོ་འདིས། ཞི་གནས་དང༌། ལྷག་མཐོང་དང༌། ཟུང་དུ་འབྲེལ་བའི་ལམ་གསུམ་ཀ་བསྡུས་ཏེ། རྒྱན་ལས་ཆོས་ཀྱི་མིང་ནི་སྡོམ་པའང་དེ། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་དེ་ནི། །སྡོམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །དྲི་བ་གསུམ་པའི་ལན་ལ། མཚན་སྨོས་པའི་དགོས་པ་དང༌། མཚན་དོན་བཤད་པ་གཉིས། བསྟན་བཅོས་འདིའི་མཚན་ལ། རྒྱ་གར་གྱི་སྐད་དུ། ཨ་བྷི་སོགས་ཡིན་ལ། བོད་སྐད་དུ་ཤེས་རབ་ཀྱི་སོགས་སོ། །མཚན་ལན་གཉིས་སྨོས་པས་ཅི་བྱ་ཞེ་ན། རྒྱ་གར་ནས་བརྒྱུད་པར་ཤེས་ཏེ། ཁུངས་བཙུན་པའི་ཕྱིར། རྒྱ་གར་དུ་ནང་རིག་པའི་བསྟན་བཅོས་རྩོམ་པ་ནི། རྗེ་བཙུན་གྱིས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་འབྱུང་བ་ལྟར་ཡིན་ལ། ལོ་ཙྪ་བ་རྣམས་ཀྱིས་ཀྱང་དེ་ལྟ་བུ་ཁོ་ན་བསྒྱུར་བར་བཀས་བཅད་པའི་ཕྱིར་རོ། །དེ་ལྟར་གོང་དུ་བསྟན་པའི་རིམ་པ་འདི་དག་ནི། རྒྱལ་སྲས་ལམ་བཟངས་སུ། གསུང་རབས་རྣམ་པར་དག་པ་ངོས་འཛིན་པའི་ཚེ། བཅོམ་ལྡན་འདས་ཀྱིས་གསུངས་པ། བསྡུ་བ་པོས་བསྡུས་པ། ཤིང་རྟའི་སྲོལ་འབྱེད་དག་གིས་བཀྲལ་བ། ལོ་ཙྪ་བ་རྣམས་ཀྱིས་བསྒྱུར་བ་ཅིག་དགོས་པ་ཡིན་ནོ། །ཞེས་བཤད་པ་ལྟར། བསྟན་བཅོས་འདིའི་ཡིད་ཆེས་པའི་འབྲེལ་བཤད་པ་ཡིན་ནོ། །གཉིས་པ་མཚན་བཤད་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྒྲ་བཤད་པ་དང༌། ངོ་བོ་ངོས་བཟུང་བ་གཉིས་ཀྱིས་སྟོན་ཏོ། །དང་པོ་ནི། པྲ་ཛྙཱ་པཱ་ར་མི་ཏ་ཞེས་པ་སྟེ། པྲ་ནི་རབ་དང༌། དང་པོ་དང༌། སོ་སོ་ལ་སོགས་པའི་དོན་སུམ་ཅུ་རྩ་གཉིས་ལ་འཇུག་ཀྱང༌། འདིར་གསུམ་པོ་དེ་ཙམ་གྱི་དབང་དུ་བྱེད་ལ། ཛྙཱ་ནི་ཁོང་དུ་ཆུད་པའི་དོན་ཏེ། མིག་གིས་གཟུགས་ཤེས་པ་ལྟ་བུ་སྣང་ཙམ་ལ་བྱེད་པ་ནི་མིན་ནོ། །ཁོང་དུ་ཆུད་པའི་ཁྱད་པར་ཡང༌། སོ་སོར་ཁོང་དུ་ཆུད། རབ་ཏུ་ཁོང་དུ་ཆུད། དང་པོར་ཁོང་དུ་ཆུད་པས་ན་ཤེས་རབ་བོ། །མདོ་སྡེ་རྒྱན་ལྟར་ན། པ་ར་མཱརྠ་ཞེས་སྦྱར་ནས་དོན་དམ་པ་དང༌། ཛྙཱ་ཏ་ཤེས་པ་སྟེ་དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་འབྱུང་ངོ༌། །ཆོས་ཤེས་ཀྱི་ཚིག་གསལ་ལས་ནི། གཞན་སྒྲ་ཤེས་དང་སོ་སོར་ནི། །རང་རིག་རབ་ཏུ་ཤེས་ཕྱིར་དང༌། །རབ་ཞི་ཐོབ་ཞེས་རབ་ཕུལ་བྱུང༌། །ཡོན་ཏན་ཐོབ་ཤེས་ཕྱིར་ཤེས་རབ། །ཞེས་བཤད་དེ། དེ་ནི། ག་ཏེ་ག་ཏེ་པ་ར་ག་ཏེ། པ་ར་སཾ་ག་ཏེ་བོ་དྡྷི་ཡེ། ཞེས་པའི་སྒྲ་ལས་དྲངས་པར་སྣང་ངོ༌། །པ་ར་མི་ཏ་ནི། ཕ་རོལ་ཏུ་ཕྱིན་པ་སྟེ། པ་རཾ་ཞེས་པ་མཆོག་དང༌། ཕ་རོལ་དང༌། དམ་པ་དང༌། མུ་དང༌། གཙོ་བོ་དང༌། མཐའ་དང༌། ཡུལ་ལ་སོགས་པ་དོན་བརྒྱད་ལ་འཇུག་ལ། ཨ་ཏི་ནི་འགྲོ་བའི་དོན་ནོ། །ཨུད་ཏ་ནི་ཕྱིན་པའི་དོན་ཏོ། །དེས་ན་པ་ར་མི་ཏ་ནི་མཆོག་ལ་སོགས་པར་འགྲོ་བས་ཕ་རོལ་ཏུ་ཕྱིན་པ་སྟེ། འགྲེལ་ཆེན་ལས། རབ་ཀྱི་མཐར་འགྲོ་བ་ཡིན་པས་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ལྟར་རོ། །པ་ར་ག་ཏེ་ཞེས་པ་ནི་མཆོག་ལ་སོགས་པར་སོང་བས་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །ཞེས་བཤད་པ་དེ་ཡིན་ནོ། །པཱ་ར་ཨུཏ་ཏ་ནི་ཕྱིན་པ་སྟེ། འགྲེལ་ཆེན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་བཤད་པ་ལྟར་རོ། །གཉིས་པ་ངོས་བཟུང་བ་ལ། སྤྱིར་ངོས་བཟུང་བ་དང༌། སྐབས་སུ་བབ་པ་ངོས་བཟུང་བ་གཉིས། དང་པོ་ལ། མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ལ་བྲིས་ཏེ། ཞེས་གཞུང་ལས་བཤད། བསྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་ལམ་བཤད་པ་དང༌། རྗེ་བཙུན་གྱིས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་མངོན་པར་རྟོགས་པ་ལ་བཤད། སྒྲ་གཅན་འཛིན་བཟང་པོས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་ཆོས་དབྱིངས་ལ་བཤད། ཡང་ཟླ་བ་སྙིང་པོས་ཞུས་པའི་མདོ་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི་གཉིས་ཏེ། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའོ། །རིགས་ཀྱི་བུ། ཟག་པའི་ཤེས་རབ་ནི། མོས་པས་སྤྱོད་པའི་གནས་སྐབས་ན། གཟུང་བར་རྟོག་པ་དང༌། འཛིན་པར་རྟོག་པ་སྟེ། དེ་སྤོང་བར་བྱེད་པ་ནི་ཟག་པ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ་དེ་ལ་ཟག་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མཐོང་བའི་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཞེས་སྦྱོར་མཐོང་མཉམ་གཞག་གཉིས་ལ་བཤད། འབུམ་ཊཱིཀ་དུ། མྱ་ངན་འདས་མདོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། ཤེས་པའི་རྗེས་སུ་འབྲངས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ལ་བཤད། ཤཱནྟི་པ་རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་གྱུར་པའི་ས་བཅུའི་མཉམ་གཞག་ཡེ་ཤེས་ལ་འདོད། ཕྱོགས་ཀྱི་གླང་པོ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་བཞེད། བརྒྱད་སྟོང་འགྲེལ་ཆེན་ཡང་དེའི་རྗེས་སུ་འབྲང༌། ཆོས་ཀྱི་བཤེས་གཉེན། རང་བཞིན་ཤེར་ཕྱིན་དང་བཞིར་བཞེད་དེ། ཚིག་གསལ་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་ཆོས་རྣམས་ལས་དེ་ཉིད་དང༌། གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་ནི། རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེའི་ཕྱིར་རང་བཞིན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཙོ་བོའི་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟེ། ཞེས་བཤད། འཕགས་པ་གྲོལ་སྡེ། འཕགས་པ་བཞི་ཀའི་མཉམ་གཞག་ལ་ཤེར་ཕྱིན་དུ་འཆད་དེ་ཞེས། སློབ་དཔོན་སྔ་མ་རྣམས་གསུང་ངོ༌། །གཉིས་པ་སྐབས་སུ་བབ་པ་ནི། འདིའི་ཤེར་ཕྱིན་ནི་ཡུམ་གྱི་མདོ་ལ་གཙོ་བོར་བྱེད་དགོས་ཏེ། མདོ་དོན་དྲན་པ་ལ་བཞག་ནས། །ཞེས་གསུངས་པའི་ཕྱིར། དེ་ཡང་འཕགས་པ་གྲོལ་སྡེ་ནི་ཉི་ཁྲི་ལ་བཞེད་དེ། ཉི་ཁྲི་སྣང་བར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བཤད་པའི་ཕྱིར། འགྲེལ་ཆེན་ལྟར་ན། བརྒྱད་སྟོང་པ་ལ་བཞེད་ཅིང༌། འདི་ནི་ཡུམ་གསུམ་ཆར་ལ་བྱ་སྟེ། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ། ཞེས་གསུངས་པའི་ཕྱིར་རོ། །ཨུ་པ་དེ་ཤ་ནི་ཉེ་བར་སྟོན་པ་སྟེ། བདེ་བླག་ཏུ་རྟོགས་པ་ཞེས་པའི་དོན་ནོ། །དོན་འགྱུར་དུ་བྱས་ན་མན་ངག་སྟེ། རྣམ་བཤད་ལས། ཚིག་ཉུང་ངུས་དོན་རྒྱ་ཆེན་པོ་སྟོན་པ་དང༌། སྦས་པའི་དོན་གསལ་བར་བྱེད་པ་གཉིས་ལས། འདིར་ནི་གཉིས་ཀ་སྟེ། ཚིག་ཉུང་ངུས་སྟོང་ཕྲག་བརྒྱ་པའི་དོན་སྟོན་པ་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་ཕྱིར་ཞེས་གསུངས། དེ་ཡང་འཆད་བྱེད་དོན་བདུན་ཅུའི་དབང་དུ་བྱས་ན། དང་པོ་ལྟར་ཡིན་ལ། བཤད་བྱ་དངོས་བརྒྱད་ཀྱི་དབང་དུ་བྱས་ན་གཉིས་པ་ལྟར་ཡིན་ནོ། །བརྒྱ་ཕིགས་འགེལ་བའི་དཔེ་ལྟ་བུའམ། གཏེར་གྱི་ཁ་བྱང་ལྟ་བུའོ། །ཞེས་གསུང་ངོ༌། །ཤཱསྟྲ་ནི་བསྟན་བཅོས་ཏེ། ཤ་ས་ན་ཞེས་པ་གདུལ་བྱའི་སེམས་རྒྱུད་བསླབ་པ་གསུམ་ལྡན་དུ་འཆོས་པ་སྟེ། བསྟན་པའོ། །དེ་སྐད་དུ་ཡང་སོ་ཐར་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་གསུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་ཡིན། །ཞེས་པ་ལྟར་རོ། །ཏྲ་ར་ཎ་ནི་སྒྲོལ་བའམ་སྐྱོབ་པ་སྟེ། ངེས་ཚིག་གི་དབང་དུ་བྱས་ནས་བཀའ་ཡང་བསྟན་བཅོས་ཡིན་ཏེ། འདུལ་བ་ལུང་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་དག །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །ཞེས་དང༌། དེ་ལྟ་བས་ན་སངས་རྒྱས་ཀྱི་གསུང་ཁོ་ན་དོན་དམ་པར་བསྟན་བཅོས་ཡིན་པས། ཞེས་དང༌། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །ཅེས་པའི་འགྲེལ་བཤད་དུ། ཆོས་ཀྱི་བཤེས་གཉེན་གྱིས། བསྟན་བཅོས་ནི་རྒྱས་འབྲིང་བསྡུས་གསུམ་ཉིད་དེ། ཞེས་བཤད་པ་ལྟར་རོ། །འདིར་ནི་དངོས་དོན་བཅུ་བརྗོད་བྱར་སྟོན་པའི་རྗེ་བཙུན་གྱི་གསུང་རབས་ཉིད་དོ། །ཨ་བྷི་ས་མ་ཡ་ནི། མངོན་པར་རྟོགས་པ་སྟེ། ཨ་བྷི་ནི་དོན་བཅུ་གཉིས་ལ་འཇུག་ཀྱང༌། འདིར་མངོན་པ་དེ་ཡང༌། ཨ་བྷི་མུ་ཁྱཱ་ཞེས་སྦྱར་ན་མངོན་དུ་གྱུར་པ། ཨ་བྷི་ཀྵ་ན་ཞེས་སྦྱར་ན་ཡང་ཡང༌། ཨ་བྷི་བྷུ་ཞེས་སྦྱར་ན། ཟིལ་གནོན། ས་མ་ཡ་ནི། ས་མ་དོན་བཅུ་གཉིས་ལ་འཇུག་ཀྱང༌། འདིར་ཡང་དག་པ། ཨ་ཡ་ནི་རྟོགས་པ་སྟེ། མངོན་པར་ཡང་དག་པར་རྟོགས་པའོ། །འོ་ན་མངོན་པར་རྟོགས་པ་དེ་གང་ལ་བྱ་ཞེ་ན། བསྡུས་དོན་སྒྲོན་མ་ལས། མངོན་རྟོགས་རྣམ་པ་གསུམ་ཡིན་ཏེ། །མཁྱེན་པ་གསུམ་ལ་ཆོས་སྐུ་ལ། །མངོན་སུམ་རྟོགས་པས་མངོན་རྟོགས་ཏེ། །སྦྱོར་བ་བཞི་ནི་མངོན་ཕྱོགས་ཡིན། །འཕགས་པ་ཐོགས་མེད་དེ་ལྟར་བཞེད། །རྣམ་པར་གྲོལ་བའི་གཞུང་གིས་ནི། །མངོན་རྟོགས་རྣམ་པ་བཞི་ཡིན་ཏེ། །སྦྱོར་བ་བཞི་པོ་ཁོ་ན་སྟེ། །མཁྱེན་པ་གསུམ་དང་ཆོས་སྐུ་ནི། །ཡུལ་དང་འབྲས་བུ་དག་ཏུ་འདོད། །གསེར་གླིང་ཤཱནྟི་རྣམ་གཉིས་ཀྱི། །མངོན་རྟོགས་བདག་ཉིད་བདུན་ཡང་སྟེ། །ཤེས་རབ་ཕ་རོལ་ཕྱིན་བདག་འདོད། །འབྲས་བུ་ཆོས་སྐུ་མཛད་པ་ཡིན། །བརྒྱད་ཀ་མངོན་རྟོགས་སེང་བཟངས་དང༌། །ཤདྡྷ་ཤྲཱི་ཛྙཱ་ནའང་བཞེད། །ཅེས་པ་ལྟར་རོ། །ཨ་ལང་ཀ་ར་ནི། དགའ་བར་བྱེད་པ་ཡིན་ལ། དོན་འགྱུར་དུ་རྒྱན་ཏེ། ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་བསྐྱེད། །ཅེས་པ་ལྟར་རོ། །ཡང་ན་ཀླན་ཀ་ངན་པའི་དྲི་མ་སེལ་བའི་ཕྱིར་རྒྱན་ཏེ། ཀ་མ་ལ་ཤཱི་ལས། ཀླན་ཀ་ངན་པའི་དྲི་མ་སེལ་བས་འདི་དབུ་མའི་རྒྱན་ནོ། །ཞེས་བཤད་པ་ལྟར་རོ། །ན་མ་ནི་ཞེས་བྱ་བ་སྟེ། མིང་དང༌། གསལ་འོས་དང༌། འབྱུང་བ། ཁྲོ་བ། ཁས་ལེན་པ། དམད་པ་ལ་ནི་ན་མའོ། །ཞེས་དོན་དྲུག་ལ་བཤད་ཀྱང༌། འདིར་མིང་ངོ༌། །བྲི་ཏྟི་ནི། འགྲེལ་པ་སྟེ། ཆོས་ཤེས་དོན་ཙམ་གྱི་འགྲེལ་པར་འདོད་ན། གསེར་གླིང་པ་རྒྱ་ཆེ་འགྲེལ་པར་འཆད་དོ། །ཤེར་ཕྱིན་གྱི་མན་ངག་དང་མངོན་པར་རྟོགས་པའི་རྒྱན་མི་ཟློས་སམ་སྙམ་ན། བུ་སྟོན་ཐམས་ཅད་མཁྱེན་པ། སྔ་མ་དོན་ཡིན་ཕྱི་མ་མིང་ཡིན་པས་མི་ཟློས་སོ་ཞེས་བཞེད། མཁན་ཆེན་རིན་པོ་ཆེས། སྔ་མ་བྱེད་ལས་དང༌། ཕྱི་མ་དཔེའི་སྒོ་ནས་བསྟན་པས་མི་ཟློས་སོ་ཞེས་གསུང་ངོ༌། །དེ་ལྟར་བསྟན་བཅོས་ཀྱི་མཚན་ལ་འཕྲོས་ནས། འོ་ན་མན་ངག་གི་བསྟན་བཅོས་སུ་ཇི་ལྟར་འགྱུར་སྙམ་པ་ལ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་གསུངས་པས་མངོན་པར་རྟོགས་པའི་རྒྱན་དུ་ཇི་ལྟར་འགྱུར་སྙམ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སོགས་སོ། །འགྲེལ་པ་ཇི་ལྟར་ཡིན་སྙམ་ན། ཤེས་རབ་ཕ་རོལ་ཕྱིན་པ་ལ། །དེའི་རྒྱན་ཚིག་ལེའུར་བྱས་པ་དག །ཅེས་གསུངས་སོ། །དྲི་བ་བཞི་པའི་ལན་ནི། བམ་པོ་དང་པོ་ཞེས་པ་སྟེ། སྐ་བ་དཔལ་བརྩེགས་ཀྱིས། མངོན་རྟོགས་རྒྱན་རྩ་བ་བམ་པོ་གཉིས་སུ་བྱས་ཤིང༌། ལོ་ཙྪ་བ་ཆེན་པོས་བམ་པོ་ལྔར་མཛད། བམ་པོ་ཞེས་པ་ནི་ཐ་སྙད་རྙིང་པ་སྟེ། དབུས་པ་བློ་གསལ་གྱིས་བརྡ་གསར་རྙིང་ཤན་འབྱེད་པའི་མེ་ལོང་ལས། མཉམ་པོའི་དོན་དུ་བཤད་དོ། །བསྟན་བཅོས་ལས། ལྷད་མི་འཇུག་པའི་ཕྱིར་ལོ་ཙྪ་བས་བྱས་པ་ཡིན་གྱི། རྒྱ་དཔེ་ལ་བམ་པོའི་ཐ་སྙད་མེད་དོ། །སྤྱིར་བམ་པོའི་ཚད་ལ་ངེས་པ་མི་འདུག་སྟེ། ཤླཽ་ཀ་ལྔ་བརྒྱ་ལ་བམ་པོར་བྱས་པ་སྤྱོད་འཇུག་ལྟ་བུ་དང༌། ཤེར་སྙིང་བམ་པོ་གཅིག་ཏུ་བྱས་པ་དང༌། ཤླཽ་ཀ་སྟོང་གི་གསུམ་ཆ་ལ་བམ་པོར་བྱས་པ་དང༌། ཤླཽ་ཀ་སུམ་བརྒྱ་ལ་བྱས་པ་ལས། འདིར་ཕྱི་མ་ལ་བྱ་དགོས་ཏེ། འདིའི་རྒྱ་དཔེའི་ཚད་ལ་ཤླཽ་ཀ་སྟོང་ལྔ་བརྒྱར་བཤད་པའི་ཕྱིར་རོ། །ཤླཽ་ཀ་ཞེས་པ་ནི་བོད་སྐད་ལ་ཚིགས་སུ་བཅད་པ་སྟེ། རྐང་པ་བཞིར་ལོངས་པའོ། །རྐང་པའི་ཚད་ལའང་ངེས་པ་མེད་དེ། མེ་ཏོག་ཕྲེང་འཛིན་ལ་ཚེག་བར་ཉེར་གཅིག་དང༌། རྟག་རྣམ་པར་རྩེན་པ་ལ་ཚེག་བར་བཅུ་བདུན་དང༌། རྗེས་སུ་བསྔགས་པ་ལ་བདུན་པ་དང༌། འཕགས་པའི་དབྱངས་ལ་དགུ་པར་སྣང་བའི་ཕྱིར་རོ། །ཚིག་ལྷུག་པ་ལ་ནི་ཚེག་བར་སུམ་ཅུ་རྩ་གཉིས་ལ་ཤླཽ་ཀ་རེ་རེ་བྱེད་པར་གྲགས་སོ། །བམ་པོ་བྱེད་པའི་རྒྱུ་མཚན་ནི། རྒྱ་གར་གྱི་ཤླཽ་ཀའི་ཚད་དེས། བོད་ཀྱི་ཚིག་བཅད་མ་ཚང་བ་དང་ལྷག་པ་ཅི་རིགས་སུ་འགྱུར་བས་ཤླཽ་ཀའི་ཚད་དང་དེ་སྨོས་མ་ནུས་པས། ཚད་དེ་མཉམ་པོར་བགོས་ནས་བམ་པོར་བྱས་པའོ། །དྲི་བ་ལྔ་པའི་ལན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་པས་སྟོན་ཏེ། མདོ་སྡེའི་སྡེ་སྣོད་དུ་གཏོགས་པར་ཤེས་པའི་དོན་དུ་རྒྱལ་པོ་བཀས་བཅད་ཀྱི་ཕྱག་ཏུ་བྱས་པའོ། །དེ་ཡང་སྐ་ཅོག་གི་འགྱུར་ལ་ཡིན་གྱི་གཞན་ལ་ནི་ངེས་པ་མེད་དོ། །ཞེས་སྣར་ཐང་གི་དཀར་ཆག་ལས་གསུངས་ཤིང༌། བུ་སྟོན་རིན་པོ་ཆེས། ཕྱོགས་གར་གཏོགས་ངོ་ཤེས་པའི་ཕྱག་གི་ཐ་སྙད་བཀས་བཅད་ན་མེད་ཅེས་གསུངས་སོ། །སྡེ་སྣོད་དུ་གཏོགས་པ་ཤེས་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ། དེ་ལྟར་ཤེས་པས་བཀའ་བསྡུ་བ་པོས་བསྡུས་པར་ཤེས་ཤིང༌། དེ་ལས་གསུང་རབས་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །བརྒྱད་སྟོང་དོན་བསྡུས་ལས། དད་ལྡན་འཇུག་པའི་ཡན་ལག་ཏུ། །སྟོན་པ་དབང་པོ་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །ཞེས་འབྱུང་བ་ལྟར་རོ། །ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སཾ་སྐྲྀ་ཏ་ལས། པིཊ་ཀ་ཞེས་འབྱུང་ལ། པིཎ་ཀ་ཞེས་ཡི་གེ་བསྣན་ན། གོང་བུའམ། བསྡུས་པ། སོ་སྟ། ཀམ་ཞེས་སྦྱར་ན། གླེགས་བམ། ཡང་ན། པིཏ་ཀ་ནི་ཡུལ་མ་ག་དྷའི་བྲེ་བོ་ཆེའི་མིང་ཡིན་ལ། བྲེ་བོ་ཆེའི་ནང་དུ་བྲེའུ་ཆུང་མང་པོ་བསྡུས་པ་ལྟར། འདིའི་ནང་དུ་བརྗོད་བྱ་སྡེ་ཚན་མང་པོ་བསྡུས་པའི་ཕྱིར་དེ་སྐད་ཅེས་བྱའོ། །གཉིས་པ་ཡན་ལག་ཅན་གྱི་བསྟན་བཅོས་ལ། མངོན་པར་རྟོགས་པའི་རྒྱན་བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བ་དང་གསུམ། དང་པོ་ལ་མཆོད་པར་བརྗོད་པའི་དོན། སློབ་དཔོན་སྔ་མས་ཇི་ལྟར་ཕྱེ་བའི་ཚུལ། རང་ཉིད་འགྲེལ་པ་རྩོམ་པའི་རྒྱུ་དང་གསུམ། དང་པོ་ནི། གོང་དུ་འགྲེལ་པ་ཞེས་པ་ལ་འཕྲོས་ནས། འོ་ན་ཁྱོད་ཀྱི་འགྲེལ་པ་འདིའི་བཤད་བྱ་མདོ་སྡེ་གང་ལ་བྱ། དེའི་འཆད་བྱེད་བསྟན་བཅོས་དེ་གང༌། བསྟན་བཅོས་དེའི་དོན་འགྲེལ་པ་འདིས་ཇི་ལྟར་འགྲེལ། བསྟན་བཅོས་ཀྱི་བརྗོད་བྱའི་དོན་དེ་གུས་པའི་ཡུལ་དུ་རུང་ངམ། མི་རུང་ཞེ་ན། རིམ་པ་ལྟར། ཤེས་རབ་ཕ་རོལ་ཕྱིན་པ་ཞེས་དང༌། དེ་རྒྱན་ཚིག་ལེར་བྱས་པ་ཞེས་དང༌། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཞེས་དང༌། ལ་གུས་ཕྱག་འཚལ་ཞེས་པས་ལན་འདེབས་པར་བྱེད་དོ། །ཆོས་ཀྱི་བཤེས་གཉེན་དང༌། ཤེར་འབྱུང་བློ་གྲོས་ལྟར་ན། འདིས་འགྲེལ་པ་འདིའི་དགོས་སོགས་ཆོས་བཞི་བསྟན་པར་བཞེད། འདིར་དག་ཅེས་པ། རྣམ་དབྱེ་གཉིས་པ་བྱིན་པས་ཉུང་ཚིག་ཡིན་ལ་ཀུན་ཞེས་པ་རྣམ་དབྱེ་གསུམ་པ་བྱིན་པས་མང་ཚིག་ཡིན་པ་ལས། ཀུན་དེ་གང་ལ་བྱ་ཞེ་ན། གསེར་གླིང་པ་སྡེ་སྣོད་གསུམ་ལ་བཞེད། ཆོས་བཤེས་ཡུམ་གསུམ་ལ་བཞེད། ཡེ་ཤེས་ཞབས་དང༌། རལ་གྲི་ཡུམ་བཞི་ལ་བཞེད། གཉིས་པ་ལ། འབུམ་ཕྲག་གསུམ་པ་འདི་ལྟར་འཆད་དེ། ཕྱོགས་ཆོས་བསྒྲུབ་པ། གཏན་ཚིགས་འགོད་པ། དམ་བཅའ་ལ་སྦྱར་བའོ། །དང་པོ་ནི། ཀུན་གྱི་རྒྱན་དུ་འགྱུར་བར་ནི་ཞེས་སྨྲ་ན། ཀུན་གྱི་རྒྱན་ཡིན་པར་གང་ལས་རྟོགས་ཞེ་ན། བླ་མ་སྔ་མའི་མན་ངག་དང༌། རང་གི་ཤེས་རབ་དང༌། ཡི་དམ་ལྷའི་བྱིན་རླབས་ཏེ། རྒྱུ་གསུམ་ལས་རྟོགས་ཞེས་སྟོན་པ་ནི། འགྲོ་ལ་ནས། ཡ་མཚན་ནོ་ཞེས་པའི་བར་རོ། །ཡུམ་དོན་རྙེད་པ་ན། དབྱེ་རིགས་པས་ཁྱབ། དཔེར་ན་འཕགས་གྲོལ་བཞིན། ཞེས་སྤྱི་ཁྱབ་བསྒྲུབ་པ་ནི། དེ་ལྟས་ཤིན་ཏུ་རྙེད་དཀའ་བ་ནས། རིགས་ཀྱི་བར་རོ། །དེའི་ཤུགས་ཀྱིས་གཏན་ཚིགས་བཀོད་ནས། དམ་བཅའ་ལ་སྦྱར་བ་ནི། རྣམ་པ་ཀུན་ཏུ་བདག་གི་ནི། །ཞེས་སོགས་ལོ་ཙྪ་བ་ཆེན་པོ་ལྟར་ན་རྣམ་པར་དབྱེ་ཞེས་སྨྲ་ན། ཡུམ་དོན་རྟོགས་ནས་སམ་མ་རྟོགས་པར་དབྱེ། དང་པོ་ལྟར་ན། མངོན་སུམ་དུ་རྟོགས་ནས་སམ། བླ་མའི་མན་ངག་ལ་བརྟེན་ནས་དབྱེ། དང་པོ་ལྟར་ན་མི་རིགས་ཏེ། ཁྱོད་ལ་སོ་སོ་རང་གིས་རིག་པའི་ཡེ་ཤེས་མེད་པའི་ཕྱིར་ཞེ་ན། དེའི་ལན་དུ་སྟོན་ཏོ། །ཆོས་ཀྱི་བཤེས་གཉེན་དང༌། རྣམ་བཤད་ལྟར་ན་དབྱེ། ཞེས་པ་ལ་འཕྲོས་ནས། སྔོན་གྱི་སློབ་དཔོན་དག་གིས་ཕྱེ་བ་ཡོད་དམ་མེད། ཡོད་ན་ཟློས་པར་འགྱུར་ལ། མེད་ན་རང་བཟོའི་ཉེས་པ་ཡོད་དོ། །ཞེ་ན་དེའི་ལན་དུ། འགྲོ་ལ་ནས་རྣམ་བཤད་བྱས་ཡན་ཆད་གསུངས་སོ། །འདིར་འཕགས་པ་ཐོགས་མེད་བཏང་སྙོམས་སུ་བཞག་ཅིང༌། དབྱིག་གཉེན་དང༌། བཙུན་པ་ལ་ཟུར་ཟ། འཕགས་པ་གྲོལ་སྡེ་ལ་མངོན་པར་བསྟོད་པས། འཇམ་ཆོས་རྩུབ་ཆོས་བཏང་སྙོམས་སུ་བཞག་པའི་བཤད་པ་བྱས་པ་ལེགས་སམ་སྙམ་ན། སྔ་མ་དག་ན་རེ། འབུམ་ཕྲག་གསུམ་པ་དང༌། ལོ་ཆེན། ཆོས་ཀྱི་བཤེས་གཉེན་གྱི་བཤད་སྲོལ་གསུམ་པོ་ལ་འཇམ་རྩུབ་བཏང་སྙོམས་ཀྱི་བཤད་པ་ཞེས་མིང་འདོགས་པར་སྣང་ངོ༌། །ཡང་གསེར་གླིང་པ་འདི་ལྟར་བཞེད་དེ། རྣམ་པར་དབྱེ་ཞེས་པ་མི་འཐད་དེ། འདི་མཁས་པ་འཇུག་པའི་ལམ་མིན་པའི་ཕྱིར་ཞེ་ན། མིན་ཏེ། དུས་གསུམ་གྱི་མཁས་པ་རྣམས་ཀྱིས་དབྱེ་བར་རིགས་པའི་ཕྱིར་ཞེས་སྟོན་པའི་དབང་དུ་བྱས་ན། འཕགས་པ་ཐོགས་མེད་ཅེས་པ་ནས། སྤྲོ་བ་སྐྱེས་པའི་བར་རོ། །བདག་གི་བློ་ལ་འདི་ལྟར་ཤར་ཏེ། འགྲེལ་པ་འདིའི་དགོས་དོན་འཆད་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་པའོ། །བསྡུས་དོན་འཆད་པ་ནི། འགྲོ་ལ་ཆགས་པ་ནས། སྤྲོ་བ་སྐྱེས་པའི་བར་རོ། །ཚིག་དོན་ནི། འཕགས་པ་བྱམས་སོགས་དཀྱུས་མ་རྣམས་སོ། །བརྒལ་ནི། ལ་ལ་ལས་དོན་སོགས་སོ། །མཚམས་སྦྱར་ནི། རྟོགས་པ་སླའོ། །ཆོས་ཀྱི་བཤེས་གཉེན་ན་རེ། ཀུན་ཆགས་མཛད་ཅེས་འདོན་པ་ནི་ནོར་པ་སྟེ། དགག་པའི་ཨ་ཐུང་མཚམས་སྦྱོར་ལ་ཤེས་པས་དང་པོ། རིང་པོར་སྟོན་པའི་ཕྱིར། དཔེར་ན། འགྲོ་ལ་ཆགས་པས་ཆགས་མེད་མཛད། །ཅེས་འདོན་དགོས་སོ། །ཞེས་གསུང༌། རལ་གྲི་ན་རེ། འདི་ཉིད་རིགས་ཏེ། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་ལྟར་རོ། །ཞེས་གསུངས་སོ། །གསུམ་པ་ལ། རང་གི་རྟོགས་པ་གཞན་ལས་ཁྱད་ཞུགས་པ་བསྒྲུབ། དབྱེ་བར་རིགས་པའི་རྒྱུ་མཚན། ཁེངས་སྐྱུངས་ཏེ་རྩོམ་པར་དམ་བཅའ་བ་དང་གསུམ། རིམ་པ་ལྟར། དེ་ལྟར་དང༌། དེ་ལྟས་དང༌། རྣམ་པ་ཀུན་ཏུ་ཞེས་པས་སྟོན་པར་བྱེད་དོ། །ཡང་གསེར་ཕྲེང་མཛད་པ་པོ་ཚིགས་བཅད་དང་པོ་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་དང༌། ཚིགས་བཅད་བར་པ་བཞིས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་དང༌། ལྷག་མ་རྣམས་ཀྱིས་འགྲེལ་པ་རྩོམ་པའི་རྒྱུ་བསྟན་པར་བཞེད། བཤད་པ་ཉིད་ཉེ་བར་དགོད་པ་ལ། སྤྱིར་ཡུམ་གྱི་གདུལ་བྱ་ཡུམ་ཙམ་ལ་གུས་པ་བསྐྱེད་པའི་རྒྱུ་ནི་གང༌། བྱེ་བྲག་ཏུ་ཡུམ་དེ་བརྗོད་བྱར་སྟོན་པའི་བསྟན་བཅོས་འདི་ལ་ཐོས་བསམ་གྱི་འཇུག་པའི་ཐབས་ནི། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ཇི་ལྟ་བུ་ཞེ་ན། དེའི་ལན་ལ། གུས་པའི་ཡན་ལག་མཆོད་བརྗོད། བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་དང་གསུམ་གྱིས་སྟོན་ཏོ། །འདིར་མཆོད་བརྗོད་དང་དགོས་འབྲེལ་ནི་རྩོད་ལན་གྱི་འབྲེལ་ཏེ། དངོས་སུ་མཆོད་པར་བརྗོད་ནས་ཤུགས་ལ་རྩོམ་པར་དམ་བཅས་པ་ལ། རྩོམ་པ་མི་འཐད་དེ། དགོས་སོགས་བཞི་དང་མི་ལྡན་པའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་སྟོན་པའི་ཕྱིར། དགོས་འབྲེལ་དང་བསྟན་བཅོས་འདི་འཇུག་ཐབས་དང་འཇུག་ཡུལ་དུ་འབྲེལ་ཏེ། དགོས་སོགས་དེ་དང་ལྡན་པའི་བསྟན་བཅོས་དེ་གང་ཡིན་ཞེ་ན། དེའི་ལན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་སོགས་སྟོན་དགོས་པའི་ཕྱིར། འོ་ན་བསྟན་བཅོས་འདིས་མདོའི་དོན་བཤད་ཐབས་ཡན་ལག་དུའི་སྒོ་ནས་བཤད། འགྲེལ་པས་རྩ་བའི་དོན་བཤད་ཐབས་ཡན་ལག་དུའི་སྒོ་ནས་འཆད་ཅེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། མདོའི་དོན་བཤད་ཐབས་ཡན་ལག་རྣམ་པ་ལྔའི་སྒོ་ནས་འཆད་པ་ནི་རྗེ་བཙུན་ཉིད་ཀྱི་ཞལ་ནས་བརྒྱུད་པའི་མན་ངག་ཡིན་ཏེ། རྣམ་བཤད་རིགས་པ་ལས། གང་ཞིག་བདག་པས་བློ་དམན་ཞིང༌། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པས་སོ། །ཞེས་གསུང་ངོ༌། །འོ་ན་གཞུང་གང་གིས་བསྟན་ཞེ་ན། བརྒྱད་སྟོང་འགྲེལ་ཆེན་ལས། དགོས་འབྲེལ་གྱི་དགོས་དོན། ལུས་རྣམ་གཞག་གི་བསྡུས་དོན་དང༌། ཡན་ལག་རྒྱས་བཤད་ཀྱི་ཚིག་དོན་སྟོན་པར་གསུངས་ལ། གོ་རིམ་དེ་ལྟར་སྟོན་དགོས་པའང་ཡིན་ཏེ། རྣམ་བཤད་རིགས་པ་ལས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དགོས་པའི་དོན་ནི་བསྡུས་དོན་ལས། །དེ་གྲུབ་དེ་ནི་ཚིག་དོན་ལས། །གོ་རིམ་རིགས་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་གསུངས་པའི་ཕྱིར། གོ་རིམ་མི་འགལ་བ་ནི་མཚམས་སྦྱར་ཡིན་ལ། རིགས་པ་དང་མི་འགལ་བ་དང༌། སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ནོ། །དེ་གཉིས་པོ་གཞུང་གི་ཆ་ཤས་གང་གིས་སྟོན་ཞེ་ན། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། མཚམས་སྦྱོར་དོན་གྱིས་ཐོབ་པ་དང༌། སློབ་དཔོན་གྱིས་དངོས་སུ་བཀོད་པ་དག་ལས། སྐབས་དང་པོ་ལ་མཚམས་སྦྱར་སོ་དྲུག གཉིས་པ་ལ་ཉི་ཤུ། གསུམ་པ་ལ་བཅུ་བཞི། བཞི་པ་ལ་སོ་ལྔ། ལྔ་པ་ལ་ཉེར་བདུན། དྲུག་པ་ལ་གཅིག བདུན་པ་ལ་ལྔ། བརྒྱད་པ་ལ་བཅུ། བར་མ་ལ་བཞི། བསྡུས་པ་ལ་གཅིག་སྟེ། བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པར་བཞེད། བརྒལ་ལན་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་ཀྱིས་སྟོན་ནོ། །འགྲེལ་པས་ཀྱང་རྩ་བའི་དོན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ལ། དེ་ལ་ཡང༌། སྤྱིའི་བཤད་ཐབས་ཡན་ལག་ལྔ་ནི། གོང་དུ་བཤད་པ་ལྟར་ཡིན་ལ། སོ་སོའི་བཤད་ཐབས་ནི། མཆོད་བརྗོད་ལ་བཤད་པ་ལྟར་རང་རང་གི་སྐབས་སུ་འབྱུང་བ་རྣམས་སོ། །དང་པོ་མཆོད་བརྗོད་ལ། བཤད་བྱའི་མདོ་དགོད། མདོའི་དངོས་བསྟན་ལ་ཚིག་གི་འབྲུ་བཞག ཤུགས་བསྟན་བསྟན་བཅོས་སུ་ཇི་ལྟར་བསྡུས་པའི་ཚུལ། བསྡུས་དོན་འགྲེལ་པས་གང་དུ་བཀྲལ་བ་དང་རྣམ་པ་བཞི། དང་པོ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ལྔ་སྟོང་ཙམ་གྱིས་བསྐོར་ཏེ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པར་ཀུན་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟ་སྟེ། སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །དགེ་སློང་མ་གྲགས་འཛིན་མ་དང༌། སྐྱེ་དགུའི་བདག་མོ་ཆེན་མོ་ལ་སོགས་པ་ལྔ་བརྒྱ་ཙམ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ཤིན་ཏུ་མང་པོ་ཆོས་མཐོང་བ་དག་དང་ཡང་ཐབས་གཅིག་གོ །བྱང་ཆུབ་སེམས་དཔའ་ཆེན་པོ་བཟང་སྐྱོང་དང༌། རིན་ཆེན་འབྱུང་གནས་དང༌། དེད་དཔོན་དམ་བཅའ་དང༌། སྐྱེས་བུས་བྱིན་དང༌། ཆུས་བྱིན་དང༌། དབང་པོས་བྱིན་དང༌། བློ་གྲོས་དམ་བཅའ་དང༌། བྱམས་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དང་ཡང་ཐབས་གཅིག་གོ །ཞེས་པ་ནི་ཐུན་མོང་གི་གླེང་གཞིའོ། །ཐུན་མོང་མ་ཡིན་པའི་གླེང་གཞི་ནི། དེ་ནས་དེའི་ཚེ། བཅོམ་ལྡན་འདས་ཉིད་ཀྱིས། གདན་སེང་གེའི་ཁྲི་བཤམས་ནས་སྐུ་དྲང་པོར་སྲངས་དགོངས་པ་མངོན་དུ་གཞག་ནས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་སོ། །ཞེས་པ་ནས་བཟུང་སྟེ། གང་ན་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པ། ལྷའི་བུ་བློ་གྲོས་རབ་གནས་དང༌། གཞན་ཡང་གཟི་བརྗིད་ཆེན་པོ་དག་འཁོད་པའི་འཇིག་རྟེན་གྱི་ཁམས་པདྨོ་ཅན་བཞིན་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས། དགེ་སྦྱོང་དང་བྲམ་ཟེ་དང་སྐྱེ་དགུའི་བདག་པོ་དང་བཅས་པའི་འཇིག་རྟེན་འདུས་ཤིང༌། བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ། །ཞེས་པའི་བར་གསུངས་སོ། །གཉིས་པ་ལ། ཐུན་མོང་གི་གླེང་གཞི་བཤད་པ་དང༌། ཡུམ་གྱི་གླེང་གཞི་བཤད་པའོ། །དང་པོ་ནི། དུས་དང༌། སྟོན་པ་དང༌། གནས་དང༌། འཁོར་ཏེ། ཕུན་སུམ་ཚོགས་པ་བཞིའི་སྒོ་ནས་ཤེས་པར་བྱ་སྟེ། བརྒྱད་སྟོང་དོན་བསྡུ་ལས། སྟོན་པ་དབང་པོ་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །དད་ལྡན་འཇུག་པའི་ཡན་ལག་རྒྱུ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་སྒྲུབ་ཕྱིར་ཡིན། ཞེས་གསུངས་པ་ལྟར་རོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་དུས་ཕུན་སུམ་ཚོགས་པ་སྟོན་སྟེ། དེ་ཡང་བརྒྱད་སྟོང་འགྲེལ་ཆེན་ལས། འདི་ལྟར་འབྱུང་སྟེ། འདི་སྐད་ཐོས་ཞེས་པས་ཚིག་ཙམ་ཐོས་ཀྱི་དོན་ཁོང་དུ་མ་ཆུད་ཅེས་པའོ། །བདག་གིས་ཐོས་ཞེས་པས། བརྒྱུད་པ་གཞན་མེད་ཅེས་པའོ། །དུས་གཅིག་ལ་ཐོས་ཞེས་པས་ཐོས་པ་མང་བར་སྟོན། ཆོས་ལ་སྦྱར་ན། ཡུམ་འདི་རྙེད་དཀའ་བར་སྟོན། དུས་གཅིག་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས། ཞེས་པས། གཞན་གྱི་ཚེ་གཞན་ན་བཞུགས་པར་སྟོན། སྟོན་པ་ཕུན་སུམ་ཚོགས་པ་ནི་བཅོམ་ལྡན་འདས་སོ། །གནས་ནི་རྒྱལ་པོའི་ཞེས་སོགས་སོ། །ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་བསྡུ་བའི་ཕྱིར། གནས་གཉིས་སྨོས་སོ། །གསུམ་པ་འཁོར་ཕུན་སུམ་ཚོགས་པ་ལ། ཐེག་དམན་དང༌། ཐེག་ཆེན་གྱི་འཁོར་རོ། །དང་པོ་ལ་གྲངས་ནི། རྒྱས་འབྲིང་གཉིས་ལ་ལྔ་སྟོང་དང༌། བསྡུས་པ་ལ་སྟོང་ཉིས་བརྒྱ་ལྔ་བཅུ་སྟེ། ཁྱད་པར་ནི་སྔར་བཤད་པ་ལྟར་རོ། །ཡོན་ཏན་ནི། དགྲ་བཅོམ་པ་ལ་སོགས་པའོ། །ཐེག་ཆེན་གྱི་འཁོར་ནི། བྱང་ཆུབ་སེམས་དཔའ་བཟང་སྐྱོང་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དང་ཡང་ཐབས་གཅིག་ཏུ་བཞུགས་སོ། །ཞེས་པས་བསྟན་ནོ། །གཉིས་པ་ཐུན་མོང་མིན་པ་ཤེར་ཕྱིན་གྱི་གླེང་གཞི་ལ་ཉི་ཁྲི་གཞུང་འགྲེལ་ལས་འདི་ལྟར་འབྱུང་སྟེ། གདན་ལ། བཤམས་པ། བཞུགས་པ། བཞུགས་ནས་ཆོ་འཕྲུལ་མཛད་པ། མཛད་ནས་ཆོས་གསུང་བའི་དུས་གཟིགས་པའོ། །དང་པོ་ལ། གདན་བཤམས་པ། བཞུགས་པ། དང་པོ་ནི། ཆོས་ནི་ཐུན་མོང་མིན་པའི་མཆོད་འོས་ཆེན་པོར་བསྟན་པ་དང༌། ཕྱི་རབས་ཀྱི་སྐྱེ་བོའི་ཞུམ་པ་བསལ་བ་དང༌། འཁོར་གདུལ་བའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་སེང་གེའི་ཁྲི་བཤམས་སོ། །གཉིས་པ་ནི། ཆོས་འདི་མཉམ་པར་གཞག་པ་ཁོ་ནས་རྟོགས་སོ་ཞེས་བསྟན་པའི་ཕྱིར། སྐུ་དྲང་པོར་སྲང་དགོངས་པ་མངོན་དུ་བཞག སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་སོ། །གཉིས་པ་ཆོ་འཕྲུལ་མཛད་པ་ལ་གསུམ་སྟེ། ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་གྱི་ཆོ་འཕྲུལ། ཆོས་གནང་བའི་ཆོ་འཕྲུལ་ལོ། །དང་པོ་ལ། ཏིང་ངེ་འཛིན་གྱི་རྒྱལ་པོའི་ཆོས་འཕྲུལ། སེང་གེ་རྣམ་པར་རོལ་པའི་ཆོ་འཕྲུལ་ལོ། །དང་པོ་ལ། རྒྱུ་མཉམ་པར་གཞག་པ་དང༌། འབྲས་བུ་འོད་ཟེར་བཀྱེ་བ་གཉིས། དང་པོ་ནི། དེར་བཞུགས་ན་ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་ཁོང་དུ་ཆུད་པ། འདུ་བ་དང་རྗེས་སུ་འབྲང་བར་འགྱུར་བའི་ཕྱིར། ཏིང་ངེ་འཛིན་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །དེ་ནས་དགོངས་ཤིང་ཡང་དག་པར་མཁྱེན་ནས། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ལྷའི་སྤྱན་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་རྣམ་པར་གཟིགས་སོ། །ཞེས་པའོ། །འབྲས་བུ་འོད་ཟེར་བཀྱེ་བ་ལ། ཡན་ལག་དང༌། ཉིང་ལག་ལས་འོད་ཟེར་བཀྱེ་བ། བ་སྤུའི་བུ་ག་ནས་བཀྱེ་བ། རང་བཞིན་གྱི་འོད་ཟེར་བཀྱེ་བ། ལྗགས་ལས་འོད་ཟེར་བཀྱེ་བ་རྣམས་ནི་རིམ་པ་བཞིན། དེ་ལྟར་གཟིགས་ནས་སྐུ་ཐམས་ཅད་ནས་འོད་ཟེར་རབ་ཏུ་བཀྱེ་སྟེ། དེའི་ཞབས་ཀྱི་མཐིལ་གཉིས་འཁོར་ལོའི་རྩིབས་དང་ལྡན་པ་ལས་ཀྱང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་བྱུང་ངོ༌། །ཞེས་སོགས་དང༌། དེ་ནས་བཅོམ་ལྡན་འདས་ཀྱི་བ་སྤུའི་སྒོ་ལས་འོད་ཟེར་རབ་ཏུ་བཀྱེ་བར་མཛད་དེ་ཞེས་སོགས་དང༌། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་གང་ཡིན་པ་སོགས་དང༌། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་བཀྲམ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད། ལྗགས་ཀྱི་དབང་པོ་དེས་ཁྱབ་པར་མཛད་ནས་ལྗགས་ཀྱི་དབང་པོ་དེ་ལས་འོད་རབ་ཏུ་བཀྱེ་སྟེ། འོད་ཟེར་དེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐོན་ཏེ། འོད་ཟེར་གྱི་རྩེ་མོ་དེ་ལས་ཀྱང་རིན་པོ་ཆེའི་རང་བཞིན་གྱི་པདྨ་གསེར་གྱི་མདོག་ཏུ་སྣང་བ། འདབ་མ་སྟོང་དང་ལྡན་པ་ཤ་སྟག་གནས་པར་གྱུར་ཏེ། པདྨ་དེ་དག་ལ་ཡང་དེ་བཞིན་གཤེགས་པའི་སྐུ་ཆོས་སྟོན་པར་མཛད་ཅིང་གནས་པ་རྣམས་བཞུགས་ཏེ་ཞེས་སོགས་སོ། །འོད་ཟེར་དེས་བྱེད་ལས་གཉིས་བྱེད་དེ། འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་དང༌། གདུལ་བྱའི་སེམས་ཅན་རྣམས་ཕྱིར་མི་ལྡོག་པར་བྱེད་པའོ། །གཉིས་པ་སེང་གེ་རྣམ་པར་རོལ་པའི་ཆོ་འཕྲུལ་ལ་རྒྱུ་མཉམ་པར་གཞག་པ་དང༌། འབྲས་བུ་ཞིང་སྦྱང་བ་གཉིས། དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་བཞིན་དུ་སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་བ་ཞེས་བྱ་བ་ལ་མཉམ་པར་གཞག་སྟེ། ཞེས་སོ། །འབྲས་བུ་ཞིང་སྦྱང་བ་ལ། སྣོད་ཀྱི་ཞིང་སྦྱང་བ་དང༌། བཅུད་ཀྱི་ཞིང་སྦྱང་བ་གཉིས། དང་པོ་ནི། དེ་ལྟ་བུའི་གཟུགས་ཀྱི་རྫུ་འཕྲུལ་ཀྱི་མངོན་པར་འདུ་མཛད་དོ། །ཇི་འདྲ་གཟུགས་ཀྱི་རྫུ་འཕྲུལ་མངོན་པར་འདུ་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས། ཞེས་སོགས་སོ། །གཉིས་པ་བཅུད་ཀྱི་ཞིང་སྦྱང་བ་ལ། མཐོ་རིས་ལ་འགོད། མཐོ་རིས་ཉེས་མེད་ལ། སྤྱོད་པ་དག་པ་ལ། བསམ་པ་ཁྱད་པར་ཅན། བདེ་ལྡན་ལ། ཤེས་ལྡན་ལ་འགོད་པ་དང་དྲུག་ནི། དེ་ནས་དེའི་ཚེ། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། མི་ཁོམ་པ་ཐམས་ཅད་ཟད་པར་གྱུར་ཏོ། །ཞེས་པ་ནས། ཆེད་དུ་རྗོད་པས་ཆེད་དུ་བརྗོད་པར་གྱུར་ཏོའི་བར་རོ། །གཉིས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ། སྤྲུལ་པའི་ཆོ་འཕྲུལ་དང༌། བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ལོ། །དང་པོ་ལ་སྤྲུལ་སྐུ་གཞན་ཟིལ་གྱིས་མནན་པ། རང་བཞིན་གྱི་སྐུས་ཞུམ་པ་བསལ་བ། དེ་ལྷ་དང་མི་རྣམས་ཀྱིས་མཆོད་པ་གསུམ་ནི། རིམ་པ་བཞིན་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་པས། གཙང་མའི་གནས་དང་བཅས་པ་འདི་ཟིལ་གྱིས་མནན་ཏེ། འོད་དང༌། སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་མཛེས་ཤིང་ལྷམ་མེ་ལྷང་ངེ་ལྷན་ནེའོ། །ཞེས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་སྐུ་ཅི་འདྲ་བ་དེ་བཞིན་དུ་བསྟན་ཏེ། ཞེས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། ལྷ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་ལྷ་རྫས་ཀྱི་གཞན་མང་པོ་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས་བཅོམ་ལྡན་འདས་ལ་གཏོར་རོ། །ཞེས་སོགས་སོ། །གཉིས་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ལ། བྱིན་གྱིས་བརླབས་པ་དང༌། སྐུ་ཉམས་སུ་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱི་དབུའི་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་ཁང་པ་བརྩེགས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཙམ་དུ་རེད་དེ་གནས་པར་གྱུར་ཏོ། །གཉིས་པས་སྐུ་ཉམས་སུ་བསྟན་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མི་ཐམས་ཅད་དང༌། ལྷ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལྟ་བས་ཆོག་མི་ཤེས་པ་དེ་མཐོང་བས་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་བདག་ཅག་གི་མདུན་ན་བཞུགས་ཤིང་ཆོས་སྟོན་ནོ་སྙམ་མོ། །ཞེས་པའོ། །གསུམ་པ་ཆོས་གནང་བའི་ཆོ་འཕྲུལ་ལ། འཇིག་རྟེན་གྱི་ཁམས་བསྟན་པ་དང༌། འཁོར་བསྡུ་བ། ཕྱི་མ་ལའང་ལྟས་ཀྱི་རྒྱུ་ཞུས་པ། ལན་བཏབ་པ། ཞུས་པ། གནང་བ། སྐྱེས་བསྐུར་བ། གསུང་སྒྲུབ་སྟེ་ཕྱོགས་གཅིག་ཏུ་འཁོད་པ་རྣམས་ཀྱི་སྒོ་ནས་ཤེས་པར་བྱའོ། །གསུམ་པ་ཆོས་གསུང་བའི་དུས་ལ་གཟིགས་པ་ནི། བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་རྣམས་ཀྱང་འདུས་པར་གཟིགས་པར་གྱུར་ཏོ། །གསུམ་པ་ཤུགས་བསྟན་བསྟན་བཅོས་སུ་ཇི་ལྟར་བསྡུས་པའི་ཚུལ་ལ། དགེ་སློང་ལྔ་སྟོང་ཙམ་གྱིས་བསྐོར་ཏེ་ཞེས་པས་རྟེན་གྱི་གང་ཟག་དེ་བསྟན། དེའི་དོན་ནི་ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པའོ། །ཐམས་ཅད་ཀྱང་དགྲ་བཅོམ་པ་སོགས་ཀྱིས་འབྲས་བུ་བསྟན། དེའི་དོན་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །ཞེས་པའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་ཅེས་པས་རྟེན་གྱི་གང་ཟག་དེ་བསྟན། དེའི་དོན་འགྲོ་ལ་ཕན་པར་བྱེད་རྣམས་ཞེས་པའོ། །ཐམས་ཅད་ཀྱང་གཟུངས་རབ་ཏུ་ཐོབ་པ་སོགས་ཀྱིས་འབྲས་བུ་བསྟན། དེའི་དོན། འཇིག་རྟེན་དོན་གྲུབ་མཛད་པ་གང༌། །ཞེས་པའོ། །བཅོམ་ལྡན་འདས་ཞེས་པས་རྟེན་གྱི་གང་ཟག་དེ་བསྟན། དེའི་དོན། ཐུབ་རྣམས་ཞེས་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱིས་སྟོན་པར་མཛད་དོ་སོགས་ཀྱིས་འབྲས་བུ་བསྟན། དེའི་དོན། རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་པའོ། །གསུམ་ཀའི་ཐབས་མདོའི་སྦས་དོན་དུ་གནས་པ་རྗེ་བཙུན་གྱིས་དངོས་སུ་གསུངས་པ་སྟེ། ཀུན་ཤེས་ཉིད་ཀྱིས་དང༌། ལམ་ཤེས་ཉིད་ཀྱིས་དང༌། གང་དང་ཡང་དག་ལྡན་པས་ཞེས་པ་རྣམས་སོ། །རལ་གྲི་ན་རེ། རྐང་པ་དང་པོ་གསུམ་གྱིས་གཞན་དོན་སྒྲུབ་བྱེད་ཀྱི་ཡུམ་དང༌། རྐང་པ་ཐ་མས་ཟག་མེད་ཀྱི་ཕུང་པོ་བསྐྱེད་པར་བསྟན། ཞེས་གསུང༌། རིན་ཆེན་བསམ་འཕེལ་ལྟར་ན། དང་པོ་གསུམ་གྱིས་ཡུམ་ཡིན་པའི་སྒྲུབ་བྱེད་དང༌། ཕྱི་མ་དམ་བཅའ་བཞག་པར་བཞེད། རྣམ་བཤད་ཆེན་པོ་ལྟར་ན། བསྟོད་པ་དང་ཕྱག་འཚལ་བ་གཉིས་ཀྱིས་སྟོན་ནོ། །འོ་ན་འདིར། མཁྱེན་པ་གསུམ་པོ་ཁོ་ན་ཡུམ་ཡིན་ནམ་ཞེ་ན། འཕགས་སེང་གཉིས་ཀྱིས་ནི་མངོན་པར་རྟོགས་པ་བརྒྱད་ཀའི་ཡུམ་དུ་བཞེད་པར་མངོན། ཉི་ཁྲི་སྣང་བར། མཆོད་བརྗོད་ཀྱི་ཤེར་ཕྱིན་གང་ཡིན་དྲིས་པའི་ལན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་འབྱུང་བར་བསྟན་པའི་ཕྱིར། ཅེས་དང༌། སློབ་དཔོན་གྱིས། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ། དེ་དག་ཀྱང་ཡུམ་ཡིན་ཞེས་བཤད་པའི་ཕྱིར། ཨ་བྷྱ་ཀ་ར། རཏྣ་ཀིརྟི། བུདྡྷ་ཤྲཱི་གསུམ་ཀྱང་དེ་ལྟར་བཞེད་དེ། གནད་ཀྱི་ཟླ་འོད་ལས། འོ་ན་མཁྱེན་པ་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་ཅི་ཞེ་ན། དེ་ཉིད་ཀྱི་རྟོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བ་ལ་དགོངས་ནས། ཀུན་མཁྱེན་གསུམ་གྱི་སྒོ་ནས་ཕྱག་འཚལ་བ་ཡིན་ནོ། །ཞེས་དང༌། གྲགས་ཆ་ལས་མཁྱེན་པ་གསུམ་ནི་དངོས་པོའི་དབྱེ་བ་ལས་ཕྱེ་བ་ཡིན་ལ། ལྔ་པོ་རྣམས་ནི་འདི་ལས་སྤྲོས་པ་ཡིན་ནོ་ཞེས་དང༌། ཤེས་རབ་སྒྲོན་མ་ལས། ཡུལ་ཉིད་དང༌། སྦྱོར་བ་ཉིད་དང༌། འབྲས་བུ་ཉིད་ཀྱི་སྒོ་ནས། ཐམས་ཅད་མཁྱེན་པ་ཉིད་དང་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་ཞེས་བཤད་པའི་ཕྱིར་རོ། །ཤཱནྟི་པ་ལྟར་ན། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པའི་སངས་རྒྱས་ཀྱི་ཡུམ་ཞེས་བརྗོད་པ་ན། ཉན་རང་དག་བྱང་སེམས་ཀྱི་ཡུམ་ཡིན་པར་མི་འགྱུར་རོ། །འོ་ན་བུ་དང་བཅས་པའི་ཕའི་ཆུང་མ་ཞེས་བརྗོད་པ་ན། བུའི་ཆུང་མར་ཐལ་ལོ་ཞེ་ན་མེད་དེ། བཅས་པའི་དོན་ནི་ལྷན་ཅིག་པ་ཡིན་པའི་ཕྱིར་ཞེ་ན་རྣམ་མཁྱེན་ཉིད་ཡུམ་དུ་བཞེད། ཆོས་ཀྱི་བཤེས་གཉེན་ཡང་དེ་དང་ཆ་མཐུན་པར་བཞེད་དེ། ཚིག་གསལ་ལས། ཡུམ་ལ་གསུམ་དུ་ཕྱེ་བ་ནི་རང་བཞིན་གསུམ་དུ་ཕྱེ་བ་མིན་ཏེ། དབྱེ་བར་མི་ནུས་པའི་ཕྱིར། འོ་ན་ཅི་ཞེ་ན། གདུལ་བྱའི་བསམ་པའི་དབང་གིས་སྲས་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །ཞེས་བསྟན་གྱི། རྣམ་པར་ངེས་པའི་དབང་དུ་བྱས་པའི་ཚེ། སངས་རྒྱས་རྗེ་བཙུན་ཁོ་ནའི་ཡུམ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་གཡུང་པོ་ལྟ་བུ་ནི། བུད་མེད་རིན་པོ་ཆེ་ལྟ་བུའི་ཡུམ་འདིས་ག་ལ་ཞིག་བསྐྱོད། དེ་ཅིའི་ཕྱིར་ན། ཡུམ་འདིའི་མཐུས་ཆེ་བ་ནི་འགྲོ་བ་མ་ལུས་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཁོ་ནར་བསྒྲུབ་པས་ན། རབ་ཏུ་མཚར་དུ་བྱའོ། །ཡུམ་གྱི་མཐུའི་ཁྱད་པར་དེ་ཉིད་སྟོན་པའི་གཞུང་དག་ཀྱང་གཞུང་གཞན་པས་མཆོག་ཡིན་ནོ། །དྲན་པ་ཉེར་གཞག་ལས། འདོད་ཆགས་དང་བྲལ་བའི་འཇུག་པ་ཙམ་གཙོ་བོར་སྟོན་པས། གཞུང་ཕྱོགས་གཅིག་པ་ཡིན་ལ། སྡོང་པོ་བཀོད་པ་ལས། ཐེག་པ་ཆེན་པོའི་བྱ་བའི་ཚུལ་དང༌། འབྲས་བུ་ལ་སོགས་པ་གཙོ་བོར་བསྟན་གྱི། ཉན་རང་རྣམས་ཀྱི་ལམ་དང་འབྲས་བུ་མ་བསྟན་པས་གཞུང་ཕྱོགས་གཅིག་པ་ཡིན་ནོ། །རྒྱལ་བའི་ཡུམ་འདིར་ནི་རིགས་ཐམས་ཅད་བསྟན་པས་ཤིན་ཏུ་རྒྱས་པའི་སྡེ་ཡིན་ནོ། །དེས་ན་ཡུམ་འདི་དུ་མར་སྣང་བ་དང༌། གཅིག་ཉིད་དུ་བསྒྲུབ་པའི་མཐུ་དང་ལྡན་པར་བསྟན་པའི་ཕྱིར། ཚུལ་གསུམ་པ་ཞེས་སྨོས་སོ། །ཞེས་བཤད། འདི་ལ་དཔགས་ནས། རྗེ་བཙུན་ལ་སོགས་པ། བོད་ཀྱི་དགེ་བའི་བཤེས་གཉེན་མང་པོ་རྣམ་མཁྱེན་ཉིད་བྱེད་ལས་མི་འདྲ་བའི་ཆ་ནས་འཕགས་པའི་ཡུམ་དུ་བཞག་པ་ཡིན་གྱི། དངོས་པོ་ལ་ཡུམ་ཡིན་ན་འབྲས་བུ་རྣམ་མཁྱེན་ཡིན་པས་ཁྱབ་ཅེས་བཞེད་པར་སྣང་ངོ༌། །བཞི་པ་བསྡུས་དོན་འགྲེལ་པས་གང་དུ་བཀྲལ་བ་ལ་འགྲེལ་ཆེན་དུ་ནི་མཆོད་བརྗོད་ལ་བཤད་པ་མ་མཛད་ལ། འགྲེལ་པ་འདིར་ནི། བཤད་ཐབས་ལྔའི་སྒོ་ནས་འཆད་དེ། དེ་ཡང་རྣམ་བཤད་ཀྱི་དགོངས་པ་ལྟར་ན། དགོས་དོན་བཤད་པའི་སྒོ་ནས་མཚམས་སྦྱར་བ་ནི། འཕགས་པ་བྱམས་པ་ཞེས་སོ། །བསྡུས་དོན་འཆད་པའི་དབང་དུ་བྱས་ནས། འདིས་ནི་ཞེས་པའོ། །དགོས་དོན་ཕྱི་འགྲེལ་གྱིས་རྒྱས་པར་འཆད་པའི་དབང་དུ་བྱས་ནས། དེ་ཐོས་ནས་ཞེས་སོ། །བསྟོད་པའི་རྒྱུ་མཚན་འཆད་པའི་དབང་དུ་བྱས་ནས། དེ་ལ་ཐམས་ཅད་མཁྱེན་པ་ཞེས་སོ། །ཚིག་དོན་འཆད་པ་ནི། ཉན་ཐོས་དང་ཞེས་སོ། །བརྒལ་ལན་ནི། ལོ་ཙྪ་བ་བཞེད་པ་ལྟར། དེ་ལྟར་ཕྱག་འཚལ་བ་དང་ཞེས་སོ། །ཨར་གྱིས། བསྡུས་དོན་འདིས་ནི་ཞེས་པ་ཡིན་ལ། བརྒལ་ལན་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་པས་བསྟན་པར་བཞེད། བཅོམ་རལ་སོགས་ནི་བསྡུས་དོན་དགོས་དོན་གྱི་གོང་དུ་འཆད་ན། རྣམ་བཤད་རིགས་པ་དང་འགལ་བས་བསྡུས་དོན་ནི། དེ་ལ་ཐམས་ཅད་ཅེས་པས་བསྟན་པར་བཞེད་བུ་སྟོན། མཚམས་སྦྱོར་ཤུགས་ལ་འཆད། མཆོད་བརྗོད་བཤད་ཐབས་ལྔའི་སྒོ་ནས་འཆད། ཅེས་པ། ཆོས་ཀྱི་བཤེས་གཉེན་གྱིས་བཞེད་པའོ། །ཤེས་རབ་འབྱུང་གནས་བློ་གྲོས་ནི། མངོན་པར་རྟོགས་པའི་ཡན་ལག མངོན་པར་རྟོགས་པའི་བསྡུ་བ། མངོན་པར་རྟོགས་པ་རྣམ་པར་བཞག་པ་གསུམ་དུ་བྱས་ནས། དང་པོ་ནི། དེ་ཐོས་ནས་རེ་ཤིག་དད་པའི་རྗེས་སུ་ཞེས་སོགས། གཉིས་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད། །ཅེས་སོགས། གསུམ་པ་ནི། ཉན་ཐོས་དང་ཞེས་སོ། །དེ་དང་མཐུན་པར། བསྟན་བཅོས་རྩ་བ་ལའང་གསུམ་པོ་རིམ་པ་ལྟར་དགོས་འགྲེལ་དང༌། ལུས་རྣམ་གཞག་དང༌། ཡན་ལག་རྒྱས་བཤད་རྣམས་ཀྱིས་སྟོན་པར་བཞེད་དེ། འཕགས་པ་ལྟར་ན། མཆོད་བརྗོད་ཀྱི་ངག་བཀོད་པའི་དགོས་པ་ནི། བསྟན་བཅོས་རྩོམ་པར་དམ་བཅས་པ་ཡིན་པར་བཞེད་དེ། ཉི་ཁྲི་སྣང་བ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པ་འདི་ནི། དེའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་བཤད་སྦྱར་དུ་བྱའོ། །སྙམ་པས་རྣམ་པར་དགྲོལ་བར་བྱའོ། །ཞེས་མངོན་པར་རྟོགས་པའི་རྒྱན་གྱི་བཤད་པ་ནི་སྦྱར་བར་དམ་བཅས་པ་ཡིན་ནོ། །ཞེས་གསུངས་པ་དང༌། བྱ་བ་རྩོམ་པའི་དགོས་པ་ཡིན། དེ་ལྟར་ཕྱག་འཚལ་བ་ཉེ་བར་དགོད་པའི་ཚིགས་སུ་བཅད་པ་ཡང་དག་པར་མཚོན་པའི་དོན་འདི་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་རྗེས་འབྲངས་དང་བཅས་པ་ལྟར་ན། རང་ཉིད་དམ་པར་རྟོགས་ཤིང་གདུལ་བྱ་ཡུམ་ལ་དྭང་བ་སྐྱེས་པ་དེ་དགོས་པར་བཞེད། འོ་ན་མཆོད་བརྗོད་ཀྱི་ངག་འདིས་བསྟན་བཅོས་ཀྱི་བརྗོད་བྱ་མཐའ་དག་ལ་བསྟོད་དམ། ཕྱོགས་གཅིག་ལ་བསྟོད། ཕྱི་མ་ཁས་མི་ལེན་པས། དང་པོ་ལྟར་ན་མངོན་པར་རྟོགས་པ་བརྒྱད་ཀ་ལ་མ་བསྟོད་པས་གསལ། གལ་ཏེ་གསུམ་གྱིས་བརྒྱད་བསྡུས་པའི་རྒྱུ་མཚན་གྱིས་གསུམ་པོ་ཁོ་ན་ལ་བསྟོད་ན། འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས། འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར། ཞེས་བཤད་པས་རྣམ་མཁྱེན་ཁོ་ནའི་སྒོ་ནས་བསྟོད་པར་རིགས་སོ་ཞེ་ན། ཉེས་པ་དང་པོ་མེད་དེ། གསུམ་གྱིས་བརྒྱད་ཀ་བསྡུས་པའི་ཕྱིར། ཞེས་སྟོན་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་པའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་དོ། །ཞེས་པའོ། །ཉེས་པ་གཉིས་པ་ལའང༌། དེ་མེད་དེ། གཞི་ཤེས་དང་ལམ་ཤེས་ཀྱི་སྒོ་ནས་མ་བསྟོད་ན། ཉན་རང་དང༌། བྱང་སེམས་གཞོན་ནུའི་ས་ཁོ་ན་དོན་དུ་གཉེར་བ་རྣམས་ཡུམ་ལ་དྭང་བར་མི་འགྱུར་བ་ལས། མཁྱེན་པ་གསུམ་ཀའི་སྒོ་ནས་བསྟོད་པ་ན། རིགས་ཅན་ཐམས་ཅད་ཡུམ་འདི་ལ་རང་རང་གི་བཞེད་དོན་བསྒྲུབ་པའི་ནུས་པ་ཡོད་པར་ཤེས་ནས། ཡུམ་ལ་འཇུག་པར་འགྱུར་བའི་ཕྱིར། ཞེས་སྟོན་པ་ནི། མཁྱེན་པ་གསུམ་པོ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། མཁྱེན་གསུམ་དེས་ཀྱང་འཆད་པར་འགྱུར་བའི་ཚུལ་གྱིས་ཞེས་སོགས་སོ། །འོ་ན་མཁྱེན་གསུམ་གྱིས། འཕགས་བཞིའི་བཞེད་དོན་ཇི་ལྟར་བསྒྲུབ་ཅེ་ན། དེ་སྟོན་པ་ནི། ཉན་ཐོས་དང་ཞེས་སོགས་སོ། །ཆོས་ཤེས་དང༌། གཡག་ཊཱིཀ་གི་དགོངས་པའོ། །རྣམ་བཤད་ཀྱི་དགོངས་པ་ནི། གསུམ་གྱིས་བརྒྱད་བསྡུས་ཀྱང༌། བརྒྱད་པ་ཡུམ་ཡིན་པ་མི་འཐད་དོ་ཞེ་ན། བརྒྱད་པོ་དག་ཀྱང་ཤེར་ཕྱིན་ཡིན་ཞིང༌། བརྒྱད་པོ་དེ་དག་ཀྱང་ཞེས་སྟོན་ནོ། །འོ་ན་གསུམ་གྱིས་བརྒྱད་ཇི་ལྟར་བསྡུས་ཤེ་ན། འཕགས་པ་གྲོལ་སྡེས་མཁྱེན་པ་གསུམ་གྱིས་འཕགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་མཐའ་དག་བསྡུས་ཤིང༌། བསྡུས་པ་ལྟར་མཐའ་དག་ཡུམ་ཡིན་པར་བཞེད། སློབ་དཔོན་གྱི་ལུགས་འདི་ལ། ལོ་ཆེན། རྒྱ་ཆེ་བས་ཆུང་བ་བསྡུས་པར་བཞེད། འདྲེ། རང་བཞིན་གྱིས་གནས་སྐབས་བསྡུས་པར་བཞེད། ཨར།  མཚོན་བྱེད་ཀྱི་ཆོས་སུམ་ཅུས་མཁྱེན་གསུམ་བསྡུས་པར་བཞེད། ཁྱུང༌། སྤྱིས་བྱེ་བྲག་བསྡུས་པར་བཞེད། བུདྡྷ་ཤྲཱི། ཡུལ་ཉིད་དང༌། སྦྱོར་བ་ཉིད་འབྲས་བུ་ཉིད་ཀྱི་སྒོ་ནས་བསྡུས་པར་བཞེད། དེ་དག་ནི་གསུམ་གྱིས་ལྔ་བསྡུས་པར་བཞེད་པའི་ཕྱོགས་ཡིན་ལ། དགོངས་པ་མི་མཐུན་པ་ཆེར་མི་སྣང་ངོ༌། །ཆོས་ཀྱི་བཤེས་གཉེན། འཕགས་པ་བཞིའི་མངོན་རྟོགས་ལ་མཁྱེན་གསུམ་དུ་བྱས་པ་དེ་མཁྱེན་གསུམ་ཙམ་གྱིས་བསྡུས། སྦྱོར་བཞི་ལམ་ཤེས། ཆོས་སྐུ་རྣམ་མཁྱེན་གྱིས་བསྡུས་པར་བཞེད་དེ། དེ་ནི་གསུམ་གྱིས་བརྒྱད་བསྡུས་པའི་ཕྱོགས་སོ། །ཆོས་ཀྱི་བཤེས་གཉེན་འདི་ལྟར་བཞེད་དེ། འདིར། མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། སྐབས་བརྒྱད་དུ་ཕྱེ་བའང་སྐབས་གསུམ་དུ་འདུས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། ཞེས་གསུངས་ཞིང༌། འདི་ཉིད་སློབ་དཔོན་གྱི་དགོངས་པའང་ཡིན་ཏེ། འགྲེལ་ཆེན་ལས། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན། བྱང་ཆུབ་ཀྱི་སེམས་དང༌། གདམས་ངག་ལ་སོགས་པ་བསྒྲུབ་པའི་རང་བཞིན་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཐམས་ཅད། ཞེས་གསུངས་པའི་ཕྱིར་རོ། །འདིར་མཁྱེན་པ་གསུམ་ལ་བསྟོད་པའི་གོ་རིམ་མི་འཐད་དེ། ཡན་ལག་རྒྱས་བཤད་ཀྱི་གོ་རིམ་དང་འགལ་བའི་ཕྱིར་ཞེ་ན། དེའི་ལན་ལ། སྒྲོས་རྙིང་ལྟར་ན། མཆོད་བརྗོད་གླེང་གཞིའི་འགྲེལ་པ་ཡིན་པས། གླེང་གཞིའི་གོ་རིམ་དང་བསྟུན་པའོ། །རྣམ་བཤད་ལྟར་ན། ཉན་ཐོས་ཀྱི་རིགས་ཅན་ཡུམ་ལ་རིམ་གྱིས་དྭང་བ་བསྐྱེད་པའི་ཆེད་ཡིན་ལ། ཡང་ན་འདིར་ནི། རྒྱུད་ལ་སྐྱེ་བའི་རིམ་པ་ཡིན་ལ། ཡན་ལག་རྒྱས་བཤད་དུ་བཤད་པའི་གོ་རིམ་ཡིན་པས་མི་འགལ་ལོ། །དེ་ལྟར་ཕྱག་འཚལ་བ་དང་ཞེས་པའི་གཞུང་འདི་གང་ལ་འཕྲོས་པ་ཡིན་ཞེ་ན། བཞེད་པའི་རྣམ་གྲངས་བཀོད་པ་དང༌། འཐད་པའི་ཆ་བཞག་པ་གཉིས། དང་པོ་ལ། ཉི་ཁྲི་སྣང་བར། གཞུང་འདི་དགོས་འགྲེལ་གྱི་མཇུག་ཏུ་གསུངས་པས། འདི་ལྟར་མངོན་ཏེ། མཆོད་བརྗོད་ཀྱི་ཤུགས་ལ་བསྟན་བཅོས་རྩོམ་པ་ཙམ་ཞིག་དམ་བཅས་པ་ལ། ཅིའི་དོན་དུ་རྩོམ་ཞེ་ན། ལན་དུ། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་སྟོན་ནོ། །འོ་ན་མངོན་པར་རྟོགས་པ་མཐའ་དག་བདེ་བླག་ཏུ་རྟོགས་པའམ། ཕྱོགས་རེ་བདེ་བླག་ཏུ་རྟོགས་པ་གང་ཡིན་ཞེ་ན། དེའི་ལན་དུ། ཅི་མངོན་པར་རྟོགས་པའི་རྒྱན་འདི་གཞི་བསྡུས་པའམ་ཞེས་པ་ནས། མངོན་པར་རྟོགས་པ་ཡོངས་སུ་རྫོགས་པ་མཐའ་དག་བསྟན་པ་ཡིན་ནོ། །ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །ཞེས་པའི་བར་གསུངས། བརྒྱད་སྟོང་འགྲེལ་ཆེན་ལྟར་ན། བརྒྱད་སྟོང་པ་འདིའི་བརྗོད་བྱ་གང་ཡིན་ཞེ་ན། ཐོགས་མེད་ཀྱི་རྗེས་འབྲང་རྣམས་གཞི་ཁོ་ན་བརྗོད་བྱར་འདོད། དཔལ་ལྡན་ཆོས་སྐྱོང་གི་རྗེས་འབྲང་རྣམས། ལམ་ཁོ་ན་བརྗོད་བྱར་འདོད། ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་རྣམ་པ་ཁོ་ན་བརྗོད་བྱར་འདོད་པ། ཕྱོགས་དང་པོ་ལྟར་ན་ཞེས་སོགས་ཀྱིས་བཀག་ནས་ཆོ་འཕྲུལ་གསུམ་གྱི་སྒོ་ནས་ཡུམ་རྒྱས་འབྲིང་གཉིས་ལས་མ་བསྟན་པ་དེ་བརྒྱད་སྟོང་པའི་ཡང་བརྗོད་པར་བྱ་བ་ཡིན་ནོ། །ཞེས་སྟོན་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་གསུངས་པ་གང༌། །ཞེས་སོ། །འོ་ན་ཟློས་པར་འགྱུར་རོ་ཞེ་ན། མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱིས། མདོ་དོན་བདེ་བླག་ཏུ་རྟོགས་པ་དེ་བརྒྱད་སྟོང་པའི་དགོས་པ་ཡིན་ནོ་ཞེས་སྟོན་པ་ནི། གཞན་གྱིས་མྱོང་བ་མ་ཡིན་ཏེ། ནས་དགོས་པ་ཡིན་ཞེས་པའི་བར་རོ། །འགྲེལ་པ་འདིའི་ལུགས་ལའང༌། ཨར་དང༌། འབུམ་ཕྲག་གཉིས་པ་ལྟར་ན། དགོས་འབྲེལ་གྱི་སྔ་འགྲེལ་དུ་བཞེད། ལོ་ཙྪ་བ་མཆོད་བརྗོད་ཀྱི་བརྒལ་ལན་སྟོན་པར་བཞེད་དོ། །དར་ཊཱིཀ་པ། དགོས་འབྲེལ་གཉིས་ཏེ། བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་ལོག་རྟོག་སྤངས་ནས་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་གཞག་སྟོན་པ་དང༌། མདོ་དང་ཟློས་པ་སྤངས་ནས་དགོས་པ་ཡོད་པར་བསྒྲུབ་པ་གཉིས་རིམ་པར་འཆད་པ་ནི། དེ་ལྟར་ཞེས་སོགས་དང༌། སྐྱེ་བོ་བློ་གྲོས་དམན་པ་དག །ཞེས་སོགས་སོ། །གཉིས་པ་མཆོད་བརྗོད་དང༌། དགོས་འབྲེལ་ལ་སོ་སོར་སྦྱོར་བ་ནི། གཞུང་དོན་ཡེ་ནས་མ་རྟོགས་པའི་རྣམ་འགྱུར་ཡིན་ཏེ། དགོས་པའི་གཙོ་བོ་སྤོང་བ། སྐྱེ་བོའི་བློ་གྲོས་སོགས་ཡིན་ཞིང༌། གཞན་སྔ་མ་རྣམས་དེའི་མཐའ་གཅོད་པའི་ཡན་ལག་ཡིན་ནོ་ཞེས་གསུངས། དགོས་པའི་གཙོ་བོ་གཞུང་ཕྱི་མས་སྤོང་བ་མིན་ཏེ། ཉི་ཁྲི་སྣང་བར། གཞུང་སྔ་མ་རྫོགས་པར་བཀོད་ནས། གཞུང་ཕྱི་མ་འདི་ཟུར་ཙམ་ཡང་མ་གསུངས་པའི་ཕྱིར། འགྲེལ་པ་འདིར་གཞུང་སྔ་མ་གཉིས་སོ་སོར་འབྱེད་དགོས་ཏེ། ཚིག་གསལ་ལས་འཐད་པ་ཡིན་ནོ་ཞེས་པའི་མཇུག་ཏུ། དེ་ལྟར་ཕྱག་འཚལ་བ་བསྟན་ནས། ད་ནི་དགོས་པ་ལ་སོགས་པ་བསྙད་པའི་དོན་བཀྲོལ་བར་བྱ་སྟེ། ཞེས་དང༌། ཤེས་འབྱུང་བློ་གྲོས་ཀྱིས། ཕྱག་འཚལ་བའི་ཚིགས་སུ་བཅད་པའི་དོན་རྣམ་པ་གསུམ་པོ་འདི་ཉིད་བསྟན་བཅོས་སུ་བསྟན་པར་བཞེད་ནས། སྐྱེ་བོ་བློ་གྲོས་དམན་པ་དག །ཞེས་བྱ་བ་ལ་སོགས་པའི་རྩོད་པ་སྨྲས་སོ། །ཞེས་དང༌། རྟོགས་དཀའི་སྣང་བ་ལས། སྐྱེ་བོ་བློ་གྲོས་དམན་པ་དག །ཞེས་བྱ་བ་ལ་སོགས་པ་ནི། བསྟན་བཅོས་ཀྱི་དགོས་པ་མེད་པ་ལ་སོགས་པ་ཉིད་དུ་རྟོགས་པ་ལ། དམ་བཅའ་འཇུག་པའི་ཡན་ལག་བརྗོད་པར་བྱ་བ་ལ་སོགས་པ་སྟོན་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཡག་ཊཱིཀ་པ་ལྟར་ན། བསྟན་བཅོས་འདི་གཞི་ཁོ་ནའམ། ལམ་ཁོ་ནའམ། རྣམ་པ་ཁོ་ནའམ། གསུམ་ཀ་བརྗོད་བྱར་བསྡུས། དང་པོ་གསུམ་ལྟར་ན། མངོན་པ་དང་ཟློས་པ་སོགས་ཀྱིས་སྐྱོན་ཡོད་ལ། བཞི་པ་ལྟར་ན། བསྟན་བཅོས་རྫས་ཐ་དད་པ་གསུམ་དུ་ཐལ་བའི་སྐྱོན་ཡོད་དེ་མཁྱེན་པ་གསུམ་པོ་དེའི་རིགས་ཅན་གསུམ་གྱི་མངོན་རྟོགས་ཡིན་པའི་ཕྱིར། ཞེས་པའི་དོགས་པ་བཀོད་ནས། ཕྱོགས་དང་པོ་གསུམ་ཁས་མི་ལེན་ལ། ཉེས་པ་བཞི་པས་མི་གནོད་དེ། ཤེར་ཕྱིན་འདི་རིགས་ཅན་ཐམས་ཅད་ཀྱི་ལམ་རྒྱ་ཆེར་བསྟན་པས། གཞུང་ཤིན་ཏུ་རྒྱས་པ་ཡིན་པའི་ཕྱིར། ཞེས་སྟོན་པའི་དབང་དུ་བྱས། མདོར་བསྡུས་པ་ལས་ཀྱང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཡུམ་འདི་ཉིད་ལ་བསླབ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། ཞེས་པའོ། །འདི་ཆོས་ཤེས་ཀྱི་དགོངས་པར་ཡང་སྣང་ངོ༌། །གཉིས་པ་རང་ལུགས་ནི། ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པས་བསྟན་བཅོས་རྩོམ་པར་ཤུགས་ལ་དམ་བཅས་པ་ལ་རྩོད། ཇི་ལྟར་རྩོད་ན། བསྟན་བཅོས་འདིས་གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་སམ། གསུམ་ཆར་བརྗོད་བྱར་བསྡུས། དང་པོ་ལྟར་ན། མངོན་པ་དང་ཟློས་པ་སོགས་ཀྱི་སྐྱོན་ཡོད་ལ། གཉིས་པ་ལྟར་ན་ཡང་བསྟན་བཅོས་འདི་མངོན་པར་རྟོགས་པ་མཐའ་དག་གི་རྒྱན་དུ་མི་འཐད་དེ། ཕྱོགས་གསུམ་པོ་དེས་མངོན་པར་རྟོགས་པ་མཐའ་དག་བསྡུས་མི་ནུས་པའི་ཕྱིར་ཞེ་ན། ལན་ལ་གཏན་ཚིགས་དགོད། སྒྲུབ་བྱེད་བཤད། ཐུན་མོང་གི་མཇུག་བསྡུ་བ་དང་གསུམ། དང་པོ་ལ། མངོན་པར་རྟོགས་པའི་རྒྱན་ཆོས་ཅན། རེ་རེ་ཁོ་ན་བསྡུས་པའི་རྒྱུ་མཚན་གྱིས། མངོན་པ་དང་ཟློས་པ་སོགས་ཀྱི་སྐྱོན་ཡོད་པ་མིན་པར་ཐལ། གསུམ་ཅར་བསྡུས་པའི་ཕྱིར། ཞེས་སྟོན་པ་ནི། དེ་ནི་མིན་ཏེ། ཞེས་པའོ། །ཡང་ཆོས་ཅན་གསུམ་ཅར་བསྡུས་ཀྱང་མངོན་པར་རྟོགས་པ་མཐའ་དག་གི་རྒྱན་དུ་མི་འཐད་པའི་ཉེས་པ་ཡོད་པ་མིན་པར་ཐལ། གསུམ་ཅར་གྱིས་མཁྱེན་གསུམ་བསྡུས། དེས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར། ཞེས་སྟོན་པ་ནི། གང་གི་ཕྱིར་ཉན་ཐོས་དང་སོགས་སོ། །མདོ་འདི་དག་ནི་ཐེག་པ་གསུམ་ཅར་ཐོབ་པའི་རྒྱུ་ཞེས་པའི་མདོ་ཡིན་ལ། གསུམ་ཅར་གྱི་ལུང་འདྲེན་པ་ནི། ཀུན་གྱི་རྒྱན་དུ་འགྱུར་བར་ནི། །ཞེས་པའི་གཞུང་འཛུགས་པ་ཡིན་གསུང་ངོ༌། །དེ་ལྟར་ན་བསྟན་བཅོས་འདིར་ཐེག་པ་གསུམ་ཀ་རྒྱ་ཆེར་སྟོན་པས། གཞུང་གཞན་ལས་ཁྱད་པར་དུ་འཕགས་པར་གྲུབ་བོ། །གཉིས་པ་དགོས་འབྲེལ་ལ། བཤད་བྱའི་མདོ་ནི་ཡུམ་གྱི་གླེང་གཞིར། ཆོ་འཕྲུལ་གསུམ་གྱི་ཆོས་གསུང་བར་བསྟན་པའི་མདོ་རྣམས་སྟེ། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ། ཞེས་བཤད་པ་ལྟར་རོ། །དེའི་དོན་འཆད་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་སོགས་སོ། །འདི་ལ་མཚམས་སྦྱར། རྩ་བ། འགྲེལ་པ་དང་གསུམ། དང་པོ་ལ། མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ། །ཞེས་པ་ལ་འཕྲོས་ནས། བྱམས་པ་ཆོས་ཅན། མངོན་པར་རྟོགས་པ་མཐའ་དག་རྫོགས་པར་བྱས་པའི་བསྟན་བཅོས་རྩོམ་མི་དགོས་པར་ཐལ། མངོན་པར་རྟོགས་པ་མཐའ་དག་ཡུམ་གྱི་མདོ་ལས་བསྟན་ཟིན་པའི་ཕྱིར། ཞེ་ན་དེའི་ལན་དུ་བརྗོད་བྱ། དགོས་པ། ཉིང་དགོས་གསུམ་དངོས་སུ་བསྟན་ཅིང༌། འབྲེལ་པ་ཤུགས་ལ་སྟོན་པའི་ཚིགས་སུ་བཅད་པ་གཉིས་གསུངས་སོ། །ཞེས་མཚམས་སྦྱར་བའི་དབང་དུ་བྱས་ནས། སྐྱེ་བོ་བློ་གྲོས་དམན་པ་དག །ཞེས་སོགས་སོ། །འགྲེལ་པ་འདིའི་ལུགས་སོ། །འགྲེལ་ཆེན་ལྟར་ན། གཞུང་འདི་ལ་འཇུག་པར་བྱ་བ་མིན་ཏེ། བརྗོད་པར་བྱ་བ་སོགས་མེད་པའི་ཕྱིར་སྙམ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ལ་སོགས་སྨྲས་སོ། །དེ་སྐད་དུ་ཡང་འགྲེལ་ཆེན་ལས། འབྲེལ་པ་དང༌། བརྗོད་པར་བྱ་བ་རྣམས་མ་སྨྲས་ན། དེའི་ཚེ་སྨྱོན་ཚིག་ལ་སོགས་པ་ལྟར་འབྲེལ་མེད་པ་དང༌། དོན་མེད་པར་དོགས་པས་ཉན་པ་ལ་སུ་ཡང་འཇུག་པར་མི་འགྱུར་རོ། །ཞེས་གསུངས་སོ། །རྩ་བ་ལ་སློབ་དཔོན་ལྟར་ན། རྐང་པ་དང་པོ་གཉིས་ཀྱི་བརྗོད་བྱ། གཞན་གྱིས་ནས། འགྱུར་ཡན་ཆད་ཀྱི་དགོས་པའི་དགོས་པ། ཕྱིར་མན་ཆད་ཀྱི་དགོས་པ་བསྟན། འབྲེལ་པ་ནི་ཤུགས་ཀྱིས་རྟོགས་ཏེ། འགྲེལ་ཆེན་ལས། འབྲེལ་པ་ནི་དགོས་པ་ལས་ལོགས་ཤིག་ཏུ་བསྟན་པར་མི་བྱ་སྟེ། འབྲས་བུ་མེད་པའི་ཕྱིར་ཞེས་གསུངས། ཀ་མ་ལ་ཤཱི་ལས། འབྲེལ་པ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་ནི་རྣམ་འབྱེད་ལ། །དོན་གྱིས་ཐོབ་པར་བྱེད་པ་ཡིན། །ཞེས་པ་ལྟར་རོ། །བུདྡྷ་ཤྲཱི། རིམ་པ་བཞིན། གསུམ་དང་གསུམ་དང༌། གཉིས་ཀྱིས་བསྟན་པར་བཞེད། ཤཱནྟི་པ། གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་རྟོགས་པར་འགྱུར། །ཞེས་ཡར་བླངས་ནས་ཚིག་བཅད་དང་པོས་རྩོམ་པའི་གཙོ་བོའི་དགོས་པ་དང༌། ཚིགས་བཅད་ཐ་མས་གཙོ་བོ་མིན་པའི་དགོས་པ་བསྟན་པར་བཞེད། རཏྣ་ཀིརྟི་ཡང༌། གཞུང་སྔ་མ་ལྟར་བཏོན་ནས་ཚིག་བཅད་དང་པོས་དགོས་པ། གཉིས་པས་ཉིང་དགོས་བསྟན་པར་བཞེད། གཡག་ཊཱིཀ་ལྟར་ན། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། མདོ་དོན་ཞེས་པས་བརྗོད་བྱ་བསྟན། །ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོ་དོན་བློ་དང་ལྡན་པས་བདེ་བླག་ཏུ་རྟོགས་པ་ཞེས་བྱ་བ་རྩོམ་པའི་དགོས་པ་ཡིན། ཞེས་པས་དགོས་པ་བསྟན། ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །སྟོན་པས་འདི་ལས་བཤད་པ་གང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །གཞན་གྱིས་མྱོང་བ་མ་ཡིན་ཏེ། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པས་ཉིང་དགོས་བསྟན་པར་བཞེད། འོ་ན་མངོན་པར་རྟོགས་པ་བརྒྱད་ཀ་བདེ་བླག་ཏུ་རྟོགས་པ་དེ་དགོས་པར་རིགས་པ་ལས། འདིར་རྣམ་མཁྱེན་གཅིག་ཏུ་སྨོས་པའི་རྒྱུ་མཚན་ཅི་ཞེ་ན། ཤཱནྟི་པ་ན་རེ། སྒྲིབ་པ་ཀུན་གྱི་དྲི་མེད་པ། །ཞེས་པ་ལྟར་ཡིན་ལ། དེ་ཡང་བཙལ་བར་བྱ་བས་ན་ལམ་ཡིན་གྱི། ཚོལ་བར་བྱེད་པས་ལམ་ནི་མིན་ཞེས་གསུང༌། རཏྣ་ཀིརྟི་ནི། རྣམ་མཁྱེན་ནི་འབྲས་བུ་ཆོས་སྐུ་ཡིན་ལ། ལམ་ནི་མངོན་པར་རྟོགས་པ་གཞན་བདུན་ནོ། །ཨ་བྷ་ཡ། བགྲོད་པར་བྱས་པས་ན་ལམ་འབྲས་བུ་ཆོས་སྐུ་དང་རྣམ་མཁྱེན་གཉིས་ཡིན་ལ། བགྲོད་པར་བྱེད་པས་ལམ་གཞན་དྲུག་གོ །སློབ་དཔོན་གྱིས། རྣམ་པ་ཐམས་ཅད་མཁྱེན་ཉིད་ནི་སངས་རྒྱས་ཀྱི་ལམ་སྟེ། མངོན་པར་རྟོགས་པ་ཐམས་ཅད་ཉེ་བར་མཚོན་པ་ལྷུར་ལེན་པ་ཡིན་ནོ། །ཞེས་གསུངས། དགོས་པ་ནི་འདི་ཡིན་ཏེ། རྣམ་མཁྱེན་སྨོས་པས་མངོན་པར་རྟོགས་པ་བརྒྱད་ཀ་རྟོགས་པར་འགྱུར་ཏེ། རྣམ་མཁྱེན་གྱིས་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་པའི་ཕྱིར་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་བསྡུས་པའི་ཕྱིར། ཞེས་འབྱུང་བ་ལྟར་རོ། །འདི་ནི་རལ་གྲིའི་དགོངས་པའོ། །བདག་གི་བློ་ལ་འདི་ལྟར་ཤར་ཏེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ཉིད་བསྟན་ཏེ། འགྲེལ་ཆེན་ལས། དེ་ལ་འབྲས་བུ་བསྟན་པས་བྱང་ཆུབ་དོན་དུ་གཉེར་བའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པ་ལ་སོགས་པ་རྣམ་པ་ཡོངས་སུ་ཤེས་པར་བྱེད་པའི་ཕྱིར་ན་དང་པོར་རྣམ་པ་ཐམས་ཅད་མཁྱེན་ཉིད་བརྗོད་དོ། །ཞེས་དང༌། ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པ་ལྟར་རོ། །ཆོས་བཅུ་པོ་འདིས་མངོན་པར་རྟོགས་པ་བརྒྱད་ཀ་བསྡུས་ཏེ། འགྲེལ་ཆེན་ལས། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པའི་རང་བཞིན་གནས་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཐམས་ཅད་དང༌། ཆོས་ཤེས་ཀྱིས། སྒྲུབ་པ་བཞི་དང་སྦྱོར་བ་བཞི་སྦྱར་ནས། རྣམ་མཁྱེན་གྱིས་སྐབས་བརྒྱད་ཀ་བསྡུས་པའི་ཚུལ་གསུངས་པ་ལྟར། རྒྱན་འདིར་བསྟན་པའི་རྣམ་མཁྱེན་གྱི་རིམ་པ་མཐའ་དག་རྫས་ཀྱི་དབང་དུ་བྱས་ན། སེམས་བསྐྱེད་ནས་ངེས་འབྱུང་སྒྲུབ་པའི་བར་གྱིས་བསྡུས་པའི་ཕྱིར་རོ། །ཡང་ན་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པའི་ལམ་ཞེས་བརྗོད་རྒྱུ་ཡིན་པ་ལས། སོགས་སྒྲ་མི་མངོན་པར་བྱས་པ་སྟེ། དཔེར་ན། དང་ཞེས་བྱ་བའི་སྒྲ་བསྡུས་པ། ལམ་ཤེས་པ་ཉིད་ལ་སོགས་པ་སྔར་བཤད་པ་དག་ཀྱང་ཡིན་ཏེ། ཞེས་པ་ལྟ་བུའོ། །མཁན་ཆེན་པའི་འབྲེལ་སྒྲིག་ན། ལམ་གྱི་རྣམ་པར་ཤེས་པ་ཉིད། །ཆོས་སྤྱོད་བཅུ་གཅིག་བདག་ཉིད་ཀྱི། །ཞེས་སྦྱར་ནས་དེ་བཞིན་དུ་ལྷག་མ་རྣམས་ལའང་སྦྱོར་ཞེས་བྲིས་པའང་སྣང་ངོ༌། །འདིར་ཆོས་སྤྱོད་བཅུ་པོ་དེ་གང་ལ་བྱ་ཞེ་ན། ཤཱནྟི་པ་དང༌། བུདྡྷ་ཤྲཱི། དབུས་མཐའ་ནས་བཤད་པ་ལྟར། ཡི་གེ་འདྲི་མཆོད་སྦྱིན་པ་ལ་སོགས་པ་འདོད། དྷི་ར་པ་ལ་དགེ་བ་བཅུ་ལ་བཞེད། ཨ་བྷ་ཡས་གནད་ཀྱི་ཟླ་འོད་ལས། ཆོས་ནི་སེམས་བསྐྱེད་དང་གདམས་ངག་ལ་སོགས་པ་རྣམ་པ་བཅུའི་ཁོངས་སུ་གཏོགས་པ་མངོན་པར་རྟོགས་པ་བརྒྱད་རབ་ཏུ་ཕྱེ་བ། དེའི་སྤྱོད་པ་རྣམས་ཀྱིས་བདེ་བླག་ཏུ་རྗེས་སུ་གནས་པར་འགྱུར་ཞེས་གསུང༌། སློབ་དཔོན་གྱི་དགོངས་པ་ལ། ཆོས་བཤེས་གསེར་གླིང་པ། ཤེར་བློ་རྣམས་སེམས་བསྐྱེད་ཀྱིས་ཟིན་པའི་ཕར་ཕྱིན་བཅུ་ལ་འཆད། ལོ་ཆེན་གྱིས་ཆོས་སྤྱོད་བཅུ་ནི། ཕར་ཕྱིན་བཅུ་དང༌། དེས་མཚོན་པའི་ས་བཅུ་པོ་ཡིན་པར་བཞེད་ཅིང༌། འདིར་སངས་རྒྱས་ཉིད་ཀྱི་ལམ་སྟེ་ཞེས་པ་དང༌། སངས་རྒྱས་ཉིད་ཀྱི་ལམ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ་ཞེས་པ་དང་འགྲིག་པར་སྣང་ངོ༌། །རྣམ་བཤད་ལྟར་ན། འགྲེལ་ཆེན་ལྟར་རྣམ་མཁྱེན་གྱི་ཆོས་བཅུ་ལ་བཞེད་ཅིང༌། འདིར་རྩ་བར་རྣམ་མཁྱེན་སྨོས་པ་དང༌། འགྲེལ་པར་བྱང་ཆུབ་ཀྱི་སེམས་དང༌། སྒྲུབ་པ་ལ་སོགས་པའི་མཚན་ཉིད་གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་འགྱུར་བ་ནི། ཞེས་གསུངས་པ་དང་ཤིན་ཏུ་འགྲིག་གོ །གསུམ་པ་འགྲེལ་པ་དགོས་འབྲེལ་གྱི་ངག་འདི་ཡང་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་དགོས་པས། ཇི་ལྟར་འཆད་ཅེ་ན། དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་འཇུག་པའི་ཡན་ལག་ཅེས་པས་དགོས་དོན་བསྟན། བརྗོད་པར་བྱ་བ་དང་ཞེས་སོགས་ཀྱིས་བསྡུས་དོན་བསྟན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཞེས་པས་བརྒལ་ལན་བསྟན། ལྷག་མ་རྣམས་ཀྱི་ཚིག་དོན་ནོ། །དགོས་འབྲེལ་གྱི་དགོས་པ་ལ། སློབ་དཔོན་འདི་དང༌། སློབ་དཔོན་ཆོས་མཆོག་གཉིས། དབྱིག་གཉེན་གྱིས། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་པའི་རྗེས་སུ་འབྲང་ནས། དགོས་མེད་ཀྱི་ལོག་རྟོག་བསལ་ནས། དགོས་སོགས་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་དགོས་པར་བཞེད། ཛྙཱ་ན་ཤྲཱི། ངེས་པ་སྐྱེས་པ་དེ་དགོས་པར་བཞེད། བྲམ་ཟེ་བདེ་བྱེད་དགའ་བ། གློ་བུར་དུ་གཞུང་བཀོད་ན་མི་མཛེས་པའི་ཕྱིར། གཞུང་མཛེས་པ་བསྐྱེད་པ་དེ་དགོས་པར་འདོད། བུདྡྷ་ཤྲཱི། ཐེ་ཚོམ་སྐྱེས་པ། ངེས་པ་སྐྱེས་པ། གཞུང་མཛེས་པ་སྐྱེས་པ་གསུམ་ག་དགོས་པར་བཞེད་དེ། ཤེས་རབ་སྒྲོན་མ་ལས་དོན་ལ་ཐེ་ཚོམ་བསྐྱེད་པ་ཉིད་ཀྱིས་འཇུག་པ་དང༌། གཞན་དག་ཀྱང་རྗེས་སུ་འབྲངས་ནས་ངེས་པར་འགྱུར་བའམ། རབ་ཏུ་བྱེད་པའི་ལུས་ཡང་དག་པར་མཛེས་པ་ཉིད་ཀྱི་ཕྱིར། ཡང་འཇུག་པའི་ཡན་ལག་གོ །ཞེས་བཞེད། ལོ་ཙྪ་བ་ཆེན་པོས། རྒྱ་གར་ན་ངེས་པ་བསྐྱེད་པ། ཐེ་ཚོམ་བསྐྱེད་པ། གཞུང་མཛེས་པ་བསྐྱེད་པ་གསུམ་ལས། ཁོ་བོ་ཅག་གསུམ་པའི་རྗེས་སུ་འབྲངས་ཏེ། གཞུང་གི དབུ་རྒྱན་དང་བཅས་པར་འགྱུར་བའི་ཕྱིར། དཔེར་ན་ལྷ་ལ་དབུ་རྒྱན་གསོལ་བ་བཞིན་ནོ། །ཞེས་བཞེད། དོན་ལ་གནས་པ་ནི་མཆོད་བརྗོད་ཀྱི་སྐབས་ནས་བསྟན་པ་ལྟར། དབང་རྟུལ་ལ་ངེས་པ་བསྐྱེད་པ་དང༌། དབང་རྣོན་ལ་དོན་འགྱུར་གྱི་ཐེ་ཚོམ་བསྐྱེད་པ་དེ་དགོས་པ་ཡིན་ནོ། །འདིར་འབྲེལ་པ་དང༌། མཚམས་སྦྱོར་དོན་གཅིག་གོ །ཡང༌། བདག་གི་བློ་ལ་འདི་ལྟར་ཤར་ཏེ། བསྟན་བཅོས་རྩོམ་པའི་གོ་རིམ་གྱི་དབང་དུ་བྱས་ན། མཆོད་བརྗོད་ཐོག་མར་ཡོད་ཀྱང༌། འཆད་པ་པོ་རྣམས་ཀྱིས་འཆད་པའི་གོ་རིམ་གྱི་དབང་དུ་བྱས་ན། དགོས་འབྲེལ་ཐོག་མར་འཆད་དགོས་ཏེ། རྣམ་བཤད་རིགས་པར། ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པའི་རྗེས་སུ་འབྲངས་ནས་འགྲེལ་ཆེན་དུ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ལ་ཐམས་ཅད་ཀྱི་འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་དགོས་པ་རྟོགས་པ་སྔོན་དུ་སོང་བའི་འཇུག་པ་ནི། ཐམས་ཅད་དུ་དོན་འགྱུར་གྱི་ཐེ་ཚོམ་གྱིས་ཡིན་ཏེ། དེས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འབྲེལ་པ་ལ་སོགས་པ་བརྗོད་པ་ཡིན་ནོ། །ཞེས་ཐོག་མར་དགོས་འབྲེལ་མ་བཤད་ན། གདུལ་བྱ་གླེང་གཞི་ལའང་མི་འཇུག་པས། དགོས་འབྲེལ་བཤད་ཟིན་པའི་འོག་ཏུ་གླེང་གཞིའི་བཤད་པ་མཛད་པས། འདིར་ཡང༌། ཐོག་མར་བསྟན་བཅོས་ཀྱི་དགོས་པ་མ་བཤད་ན། གདུལ་བྱ་མཆོད་བརྗོད་ལའང༌། ཐོས་བསམ་གྱིས་འཇུག་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་འདི་ལྟར་འཆད་དེ། མན་ངག་གི་བསྟན་བཅོས་ཞེས་པའི་མིང་ལ་འཕྲོས་ནས། མུ་སྟེགས་གྱི་པཎྜི་ཏ་ཀུ་མ་ར་ན་རེ། བསྟན་བཅོས་དག་ནི་ཐམས་ཅད་དང༌། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པ། །དེ་སྲིད་དུ་ནི་སུ་ཞིག་འཛིན། །ཞེས་སྨྲ་བ་ལྟར། བསྟན་བཅོས་ཀྱི་དགོས་པ་ཇི་ལྟ་བུ་ཞིག་དང་ལྡན་པས་མན་ངག་ཏུ་འགྱུར་ཞེ་ན། དེའི་ལན་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་གསུངས་ཏེ། འདི་ལས་བཤད་པ་གང་ཞེས་ཉེ་ཚིག་སྨྲས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཞེས་མིང་ལ་བསྙེག་གོ །སྟོན་པས་འདི་ལས་བཤད་པ་གང༌། །ཞེས་པ་ལ་འཕྲོས་ནས། ཇི་ལྟར་བཤད་ཅེ་ན། འགྲེལ་པར། བཅོམ་ལྡན་འདས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་འགྲོ་བ་མཐའ་དག་ལ་རྗེས་སུ་སྟོན་པར་མཛད་པ་དེ་ཉིད་ཀྱིས་རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་ཞེས་གསུངས། འོ་ན་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཆོས་སྟོན་པའི་ཚུལ་ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་རང་ཉིད་ཀྱིས་གདན་སེང་གེའི་ཁྲི་བཤམས་ཏེ་ཞེས་སོགས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆོས་སྣང་བའི་ཆོ་འཕྲུལ་ཏེ་གསུམ་གྱི་སྒོ་ནས་ཡུམ་གྱི་མདོ་ཇི་ལྟར་གསུངས་པའི་གླེང་གཞི་དང༌། རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཞེས་སོགས་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པ་སྦྱར་ནས་འཆད་པ་ནི་མཆོད་བརྗོད་དོ། །འོ་ན་མཆོད་བརྗོད་ཀྱི་ཤེར་ཕྱིན་དེ་གང་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་སྟོན་ནོ། །འཕགས་པ་བཞེད་པ་ལྟར་རོ། །དེའི་ཕྱིར་ཉི་སྣང་དང༌། འགྲེལ་ཆེན་གཉིས་ཀར་དུ་མཆོད་བརྗོད་ཀྱི་བརྒལ་ལན། དགོས་འབྲེལ་གྱི་འོག་ཏུ་གསུངས་པ་ཡིན་ནོ། །དོན་འདི་ལ་དགོངས་ནས། བརྒྱད་སྟོང་འགྲེལ་ཆེན་དུ། དགོས་འབྲེལ་གྱི་གོང་དུ་མཆོད་བརྗོད་ལ་བཤད་པ་ཟུར་ཙམ་ཡང་མ་མཛད་པ་ཡིན་ནོ། །དེ་ལྟར་ཤེས་ན། དར་ཊཱིཀ་པ། མཆོད་བརྗོད་དང་གླེང་གཞི་སྦྱོར་བ་མི་འཐད་དེ། སློབ་དཔོན་གྱིས་གླེང་གཞིའི་བཞེད་པ་གཞན་དུ་བྱས་པའི་ཕྱིར། ཞེས་རྩོད་པ་དེ་ཡང་རང་གྲོལ་ལོ། །དེ་ལྟར་བསྟན་བཅོས་ཀྱི་དགོས་དོན་རྣམ་པར་བཤད་ནས། དགོས་པའི་དོན་ནི་བསྡུས་དོན་ལས་ཞེས་གསུངས་པ་ལྟར། བསྟན་བཅོས་འདིའི་བསྡུས་དོན་དེ་གང་ཞེ་ན། གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། བསྟན་བཅོས་འདི་ལ་བསྡུས་དོན་ནི་རྣམ་པ་གསུམ་སྟེ། རྒྱས་པ་ལ་དད་པ་ལ་བརྒྱད་དུ་ཕྱེ་བ། བར་པ་ལ་དད་པ་ལ་དྲུག་དུ་བཤད། བསྡུས་པ་ལ་དགའ་བ་ལ་གསུམ་དུ་བསྡུ་བའོ། །འོ་ན་བསྡུས་དོན་རྣམ་པ་གསུམ་དུ་ཡོད་ན་ཚིག་དོན་ཡང་རྣམ་པ་གསུམ་ཡོད་དགོས་ཤིང༌། མེད་ན་བསྡུས་དོན་གསུམ་བྱས་པ་ལ་དགོས་པ་ཅི་ཡོད། གསུམ་པོའི་མི་འདྲ་བའི་ཁྱད་པར་ནི་གང་ཡིན་ཞེ་ན། བསྡུས་དོན་མི་འདྲ་བ་གསུམ་ཡོད་ཀྱང་ཚིག་དོན་མི་འདྲ་བ་གསུམ་གྱིས་བཤད་དགོས་པ་ནི་མིན་ཏེ། བསྡུས་དོན་གཅིག་རྣམ་པར་བཤད་པ་ན། གསུམ་ཀ་རྣམ་པར་བཤད་པ་འགྱུར་བའི་ཕྱིར། སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་རྣམས་ནི། བསྟན་བཅོས་མཛད་པ་ཉིད་ཀྱི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གིས་འཆད་པས་དེ་དག་རྣམ་པར་བཤད་པས་བཤད་པར་བསམས་ཏེ། ཞེས་འབྱུང་བ་ལྟར་རོ། །དེ་ལྟ་ན་ཡང་བསྡུས་དོན་གསུམ་དུ་གཞག་པ་ལ་དགོས་པ་མེད་པ་མིན་ཏེ། བསྡུས་དོན་ཕྱི་མ་གཉིས་ཀྱིས་བསྡུས་དོན་སྔ་མའི་གོ་རིམ་ལ་ལོག་པར་རྟོག་པ་དང་གྲངས་ལ་ལོག་པར་རྟོག་པ་བསལ་ནས། ཞར་ལ་བསྡུས་དོན་བསྡུས་འབྲིང་གཉིས་ལ་དགའ་བའི་གདུལ་བྱ་རྗེས་སུ་འཛིན་དགོས་པའི་ཕྱིར། དགོས་པའི་རྒྱུ་མཚན་ཡང་སྔར་བཤད་པའི་དངོས་པོ་བརྒྱད་ཀྱི་རིམ་པ་དེ་ཡང་བཤད་པའི་རིམ་པ་ཡིན་གྱི། རྒྱུད་ལ་སྐྱེ་བའི་རིམ་པ་ནི་མིན་ནམ་སྙམ་པ་དང༌། རྒྱུད་ལ་སྐྱེ་བའི་མངོན་རྟོགས་ཀྱི་རིམ་པ་ལ་ཡང༌། མཁྱེན་པ་གསུམ་མམ། སྦྱོར་བ་བཞི་གང་རུང་གིས་ཆོག་པས། བརྒྱད་དུ་བཤད་པ་ལྷག་པའམ། ཡང་ན་མ་ཚང་ངོ་སྙམ་པ་དང༌། ཡུམ་གསུམ་ལ་ཚིག་ལ་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་ཀྱང༌། དོན་ལ་རྒྱས་བསྡུས་ཀྱི་དབྱེ་བ་བྱར་མེད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཚིག་གི་དབྱེ་བསྡུ་ལ་མཁས་པ་ཙམ་ཡིན་གྱི། དོན་གྱི་དབྱེ་བསྡུ་ལ་མཁས་པ་མིན་ནོ་སྙམ་དུ་དོགས་ཏེ། དོན་བསྡུས་པ་ལ་དགའ་བ་དག་འཇུག་པར་མི་འགྱུར་བས་ཡུམ་གསུམ་ཅར་ཡང་དོན་རྒྱས་འབྲིང་གསུམ་གསུམ་གྱི་སྒོ་ནས་བཤད་པ་ཡིན་ནོ། །ཡུམ་རེ་རེ་དང་རེ་རེ་སྦྱར་བར་བྱ་བ་ནི་མིན་ཏེ། ཡུམ་ཐམས་ཅད་ཀྱི་དོན་བསྡུས་པ་གཞན་རྣམ་པ་དྲུག་སྟེ་ཞེས་དང༌། ཡུམ་ཀུན་ལའང་དོན་བསྡུས་དེ་ཙམ་ཤེས་པར་བྱ། ཞེས་ཡུམ་གསུམ་ཀ་ལ་བསྡུས་དོན་གསུམ་ཀ་ཡོད་པར་གསུངས་པའི་ཕྱིར་རོ། །བསྡུས་དོན་གསུམ་པོ་ཡང་དངོས་པོའི་རྐང་གྲངས་མང་ཉུང་ཙམ་དུ་ཟད་ཀྱི། བསྟན་བཅོས་ཀྱི་ལུས་རྫས་ཐ་དད་པ་གསུམ་ནི་མིན་ཏེ། ཉི་ཁྲི་སྣང་བར། ཡང་བརྒྱད་དུ་བཤད་པ་དེ་ཉིད་རྣམ་པར་བཤད་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང༌། །ཞེས་སྦྱར་བ་དང༌། འགྲེལ་ཆེན་ལས། དེ་ལྟར་རྣམ་པ་གཞན་གཉིས་ཀྱིས་ནི་བསྡུས་པའི་དོན་ཉིད་འཆད་པར་འགྱུར་བའི་ཕྱིར། རེ་ཤིག་བསྡུས་པའི་དོན་ནི་གཅིག་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཚུལ་འདི་ནི་ལོ་ཙྪ་བ་ཆེན་པོ་དང༌། ཆོས་རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་བྲི་གང་མེད་པ་ཡིན་ནོ། དར་ཊཱིཀ་པ་བསྡུས་དོན་གསུམ་པོ་ཡན་ལག་རྒྱས་བཤད་ཀྱིས་འཆད་དགོས་པ་ལ་ཁྱད་པར་མེད་པར་འདོད་པ་བཞིན། སླར་ཡང་གསུམ་པོའི་ཁྱད་པར་ཡན་ལག་རྒྱས་བཤད་ཀྱི་དོན་རགས་པ་རྣམས་ལ་ཡིད་དཔྱོད་ཀྱིས་ངེས་པ་འདྲེན་ནུས་མི་ནུས་ལ་འདོད་པ་ནི་ཅིར་ཡང་མི་རུང་སྟེ། དངོས་པོ་བརྒྱད་ཀྱི་རྐང་གྲངས་ཙམ་སྨོས་སམ། དོན་བདུན་ཅུའི་རྐང་གྲངས་སྨོས་པས་ཡན་ལག་རྒྱས་བཤད་ཀྱི་དོན་རགས་པ་ལ་ཡིད་དཔྱོད་ཀྱིས་ངེས་པ་འདྲེན་ནུས་པ་གང་ཡིན། དང་པོ་ལྟར་ན་དངོས་པོ་དྲུག་དང་གསུམ་གྱི་རྐང་གྲངས་སྨོས་པས་ཀྱང་ཅིའི་ཕྱིར་མི་ནུས། གཉིས་པ་ལྟར་ན། བསྡུས་དོན་གསུམ་གྱི་ཁྱད་པར་དུ་མ་སོང་གི དོན་བདུན་ཅུའི་རྐང་གྲངས་སྨོས་མ་སྨོས་ཀྱི་ཁྱད་པར་དུ་སོང་བས། བསྡུས་དོན་གསུམ་ཀ་དོན་བདུན་ཅུའི་སྒོ་ནས་འཆད་དགོས་པ་འགལ་ལོ། །འོ་ན་གསུམ་པོ་གོ་རིམ་འདི་ལྟར་སྟོན་པ་མི་རིགས་ཏེ། ཡི་གེ་ཉུང་དང་མཆོད་པར་འོས། །དང་པོར་བཤད་པ་འཐད་པ་ཡིན། །ཞེས་འབྱུང་བའི་ཕྱིར་སྙམ་ན། ཉེས་པ་མེད་དེ། སྔར་བཤད་པ་ལྟར། བསྡུས་དོན་ཕྱི་མ་གཉིས་ཀྱིས་སྔ་མ་འཆད་དགོས་པའི་ཕྱིར་རྣམ་པ་གཅིག་ཏུ། བསྡུས་དོན་གསུམ་པོ་ལ་ཡི་གེ་མང་ཉུང་གི་ཁྱད་པར་ཡང་ཆེར་ཡོད་པ་མིན་ཏེ། སེམས་བསྐྱེད་པ་དང་གདམས་ངག་དང༌། །ཞེས་སོགས་ནི། གསུམ་ཀའི་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དོན་བསྡུས་པ་དྲུག་པོ་འདིས་སྔ་མ་ཁོ་ན་བཞིན་དུ་རྒྱལ་བའི་ཡུམ་བཤད་པར་བྱ་བ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར། འོ་ན་བསྡུས་དོན་གསུམ་པོ་དོན་གཅིག་ན། དོན་བསྡུས་གཞན་ཞེས་གསུངས་པ་ཇི་ལྟར་གྲགས་ཞེ་ན། དེ་ནི་སྐབས་བརྒྱད་དུ་བཤད་པ་ལས་གཞན་སྐབས་དྲུག་དང༌། གསུམ་གྱི་སྒོ་ནས་འཆད་ཅེས་པའི་དོན་ནི། ཉི་ཁྲི་སྣང་བ་ལས། འདི་ནི་བཤད་པའི་རྣམ་གྲངས་གཞན་ཡིན་ནོ་ཞེས་གསུངས་པ་ལྟར་རོ། །གསུམ་པོ་དེའི་ནང་ནས་བརྒྱད་དུ་བཤད་པ་ལ། བསྡུས་དོན་ལུས་རྣམ་གཞག་ཚིག་དོན་ཡན་ལག་རྒྱས་བཤད་གཉིས། དང་པོ་ཡང་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་རིགས་པ་ལས། ཐོག་མར་དགོས་པའི་སྒོ་ནས་མཚམས་སྦྱར་སྟོན་པ་ནི། དེ་ལྟར་འབྲེལ་པ་ལ་སོགས་པ་བསྙད་ནས་ཞེས་སོགས་སོ། །འདིར་ལུས་རྣམ་གཞག་གསུངས་པའི་དགོས་པ་ནི་གཉིས་ཏེ། ཉན་པ་པོ་ཉན་སླ་བའི་དགོས་པ་དང༌། འཆད་པ་པོ་འཆད་སླ་བའི་དགོས་པའོ། །དང་པོ་ནི། གདུལ་བྱ་རྣམས་ཀྱིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཞེས་པས་སྟོན། དེ་ཡང༌། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པ་དང་འདི་མི་ཟློས་ཏེ། སྔ་མ་ནི་མདོའི་དོན་བདེ་བླག་ཏུ་རྟོགས་པ་ཡིན་ལ། འདིར་ནི་བསྟན་བཅོས་ཀྱི་དོན་བདེ་བླག་ཏུ་རྟོགས་པ་ཡིན་པས་སོ། །གཉིས་པ་ནི། བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པ་ཡང་མ་འཛིངས་པ་ཉིད་ཀྱིས་བཤད་པར་བྱ་སླ་བར་གཟིགས་ནས། ཞེས་པས་བསྟན། དེའི་དོན་ཡང་འདིར་དོན་བདུན་བཅུ་པོ་དངོས་པོ་བརྒྱད་ཀྱི་སྡེ་མཚན་སོ་སོར་འཆད་པས་མ་འཛིངས་ཞེས་པའི་དོན་ཡིན་གྱི། སེམས་བསྐྱེད་དང༌། གདམས་ངག་ལྟ་བུའི་གོ་རིམ་མ་འཛིངས་ཞེས་པ་ལ་དོགས་པའི་གནས་མེད་དོ། །དེ་སྐད་དུ་འགྲེལ་ཆེན་ལས། བསྟན་བཅོས་ཀྱི་དོན་རྣམ་པར་དབྱེ་བ་བྱས་པ་ནི། འཆད་པ་པོ་རྣམས་ཀྱིས་བཤད་སླ་བ་དེས་ན་ཞེས་གསུངས་སོ། །འཕྲོས་ནི་སློབ་དཔོན་གྱི་དགོངས་པ་འདི་ལྟར་མངོན་ཏེ། བསྡུས་དོན་གྱི་དགོས་དོན་འཆད་དགོས་པས། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། །ཞེས་བསྟན་ན། བཤད་པ་དེ་རྣམ་མཁྱེན་ཁོ་ན་ཡིན་ནམ་སྙམ་ན། མིན་ཏེ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །བརྒྱད་པོ་གང་ཞེ་ན། རྣམ་ཀུན་མཁྱེན་ཉིད་སོགས་སོ། །བརྒྱད་པོ་དེ་མདོ་ལས་བསྟན་པ་མེད་དོ་སྙམ་ན། མདོ་ལས་སེམས་བསྐྱེད་སོགས་ཆོས་བཅུ་གསུངས་པ་དེ་རྣམ་མཁྱེན་ཤུགས་ལ་སྟོན་བྱེད་ཡིན་ནོ་ཞེས་འཆད་པ་ནི། སེམས་བསྐྱེད་པ་དང༌། ནས་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཀྱི་བར་རོ། །དེ་བཞིན་དུ་ལྷག་མ་རྣམས་ལ་སྦྱོར། དེ་ལྟར་ཤེས་ན་མཚོན་བྱེད་ཀྱི་ཆོས་ཤེས་པའི་ཚིག་དང་ལེགས་པར་འབྱོར་རོ། །འཕགས་པའི་དགོངས་པ་ནི་སྔར་བཤད་པ་ལྟར་མཆོད་བརྗོད་ལས་འཕྲོས་པར་བཞེད་པའོ། །གཉལ་ཞིག་ནི། འདི་བསྟན་བཅོས་ཀྱི་བཤད་པར་དམ་བཅའ་ཡིན་པར་བཞེད། བདག་གི་བློ་ལ་འདི་ལྟར་སྣང་སྟེ། མངོན་པར་རྟོགས་པའི་རྒྱན་ཞེས་པ་ལ་འཕྲོས་ནས། མངོན་པར་རྟོགས་པའི་རྒྱན་དུ་ཇི་ལྟར་འཆད་ཅེ་ན། དེའི་ལན་དུའོ། །འོ་ན་དངོས་པོ་བརྒྱད་དང༌། མངོན་པར་རྟོགས་པ་བརྒྱད་དང༌། སྐབས་བརྒྱད་ལ་ཁྱད་པར་ཅི་ཡོད་ཅེ་ན། བསྡུས་དོན་སྒྲོན་མར་མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་བརྗོད་བྱེད་ཤཱནྟི་གསུངས། །ཞེས་འབྱུང་བ་ལྟར་ཡིན་ལ། དངོས་པོ་བརྒྱད་པོ་སྐབས་བརྒྱད་དུ་ཕྱེ་ནས། དེ་ཉིད་ལེའུ་བརྒྱད་དང་སྦྱོར་བ་ནི། ཉི་ཁྲི་སྣང་བ་དང༌། ལེ་བརྒྱད་མ་གཉིས་ལ་སྣང་སྟེ། འདི་ལྟར་རབ་འབྱོར་གྱི་ལེའུས་རྣམ་མཁྱེན། མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་གཞི་ཤེས། དེ་བཞིན་ཉིད་ཀྱི་ལེའུས་རྣམ་ཀུན། བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་སྦྱོར། རིམ་གྱིས་འཇུག་པ་ལ་བསླབ་པའི་ལེའུས་མཐར་གྱིས་པ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་མ། བསླབ་པའི་འབྲས་བུའི་ལེའུས་ཆོས་ཀྱི་སྐུ་བཤད་དོ། །ཉི་ཁྲི་ལེ་མང༌། བརྒྱད་སྟོང་པ་དང༌། འབུམ་རྣམས་ལ་འདིའི་སྐབས་བརྒྱད་ཀྱི་མཚམས་དང་མཐུན་པར་ལེའུའི་མཚམས་སོ་སོར་ཕྱེ་བ་མེད་དེ། ཞིབ་ཏུ་འགྲེལ་ཆེན་སོགས་ལས་རྟོགས་པར་བྱའོ། །འོ་ན་ཤུགས་བསྟན་དངོས་པོ་བརྒྱད་པོ་དེ་དངོས་བསྟན་སེམས་བསྐྱེད་སོགས་ཀྱིས་འཆད་ན། ཡན་ལག་གི་གྲངས་ཅི་ཙམ་དུ་གནས་ཤེ་ན། མཁས་པ་སྔ་མ་རྣམས་ལ་དོན་བདུན་བཅུར་གྲགས་ལ་གཞུང་གི་དངོས་བསྟན་དང༌། སློབ་དཔོན་འདིའི་བཞེད་པ་ལྟར་ན་བདུན་བཅུ་རྩ་གཅིག་ཏུ་སྣང་སྟེ། ཆོས་སྐུ་ལ་བཞིར་ཕྱེ་བའི་ཕྱིར་རོ། །འཕགས་པའི་བཞེད་པ་ལྟར་ན། སྐུ་གསུམ་དུ་བསྡུས་པས་འགྲིག་ཅིང༌། རྣམ་པ་བཞིར་བརྗོད་ཅེས་པ། འཕྲིན་ལས་ལོགས་སུ་བགྲངས་པའི་ཕྱིར་རོ། །འོན་ཀྱང༌། དོན་བདུན་བཅུའི་གྲངས་ངེས་པར་འཛིན་མི་འོས་ཏེ། རྒྱ་འགྲེལ་དྲི་མ་མེད་པ་རྣམས་ན་དེའི་ཐ་སྙད་མི་སྣང་བའི་ཕྱིར་དང༌། བོད་རྣམས་རྩེ་སྦྱོར་ཆོས་བརྒྱད་དུ་བྱེད་པ་ལ་ཤེས་བྱེད་མེད། མར་མེ་མཛད་ཀྱི་རྩེ་སྦྱོར་དོན་བདུན་དུའང་བཤད་པའི་ཕྱིར། འོན་ཀྱང་ཐ་སྙད་འགོག་པ་ནི་མིན་ནོ། །ལུས་རྣམ་གཞག་གི་དགོས་དོན་དེ་ཉིད་ཀྱང་བསྡུས་དོན་གྱིས་འཆད་པ་ནི། དེ་ལ་ཚིག་ལེའུར་བྱས་པ་དང་པོ་གཉིས་ཀྱིས་ནི་སོགས་སོ། །ཚིག་དོན་རྒྱས་པར་མ་བཀྲོལ་བའི་རྒྱུ་མཚན་འཆད་པ་ནི། བསྡུས་པའི་དོན་གྱི་ཚིག་ལེའུར་བྱས་པ་རྣམས་ནི་ཞེས་སོགས་སོ། །འདི་ནི་རལ་གྲི་དང་རྣམ་བཤད་ཀྱི་དགོངས་པ་ཡིན་ནོ། །གཉིས་པ་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ། ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ། ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུ་དང་གསུམ་གྱིས་སྟོན་ཏེ། ཤེར་ཕྱིན་ལུས་ཐམས་ཅད་འདིར་ངེས་པའི་ཕྱིར་ཏེ། དོན་དུ་གཉེར་བྱའི་བྱང་ཆུབ་ནི་ཤེས་བྱའི་ཡུལ་གསུམ། ཉམས་སུ་ལེན་པའི་སྦྱོར་བ་བཞི། ཐོབ་བྱའི་འབྲས་བུ་དང་བརྒྱད་ཀྱིས་མཐར་ཕྱིན་དགོས་པའི་ཕྱིར། དེ་སྐད་དུ། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །ཞེས་སོགས་གསུངས་པ་ཡིན་ནོ། །དེ་ཡང་ཤེས་བྱའི་ཡུལ་མ་རྟོགས་པར་སྦྱོར་བས་ཉམས་སུ་ལེན་མི་ནུས་ཤིང༌། སྦྱོར་བས་ཉམས་སུ་མ་བླངས་ན་འབྲས་བུ་མི་ཐོབ་ལ། འབྲས་བུ་མེད་ན་སྦྱོར་བས་ཉམས་སུ་བླངས་པ་དོན་མེད་པའི་ཕྱིར་ཅིའི་ཕྱིར། ཤེས་བྱའི་ཡུལ་ལ་གསུམ་དུ་ངེས་ཞེ་ན། ཐོག་མར་འབྲས་བུ་ལ་སྤྲོ་བ་སྐྱེ་ནས་དེའི་རྒྱུ་ལ་ནན་གྱིས་འཇུག་དགོས་ཤིང༌། དེ་ལ་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་དགོས་པའི་ཕྱིར་གསུམ་དུ་གྲངས་ངེས་སོ། །ཡང་ན་འདི་ལས་གང་རུང་ཞིག་མ་ཚང་ན་མངོན་པར་རྟོགས་པ་ཐམས་ཅད་བསྡུས་མི་ནུས་ཤིང་འདི་ཙམ་གྱིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་ཉམས་སུ་ལེན་པའི་ཐབས་སྦྱོར་བ་བཞིར་ངེས་ཞེ་ན། སློབ་དཔོན་ལྟར་ན། དབང་དུ་བྱེད་པ་རྒྱུ་འབྲས་མེད་ན། བསྟན་པ་རྒྱུ་འབྲས་མི་འབྱུང་ཞིང༌། དེ་མེད་པར་ཡང་ཆོས་སྐུ་མི་འབྱུང་བའི་ཕྱིར། བཞིར་ངེས་སོ། །འཕགས་པ་ལྟར་ན་འབྲས་བུ་ཆོས་སྐུ་ནི་སྒྲིབ་པ་མ་ལུས་པ་སྤངས་ཤིང༌། ཡོན་ཏན་མ་ལུས་པ་རྫོགས་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ལ་མི་མཐུན་ཕྱོགས་སྤོང་བའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་སྦྱོར་བ་དང་པོ་གཉིས་བཞག་ཅིང༌། ཡོན་ཏན་མངོན་དུ་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ནས་སྦྱོར་བ་ཕྱི་མ་གཉིས་བཞག་པ་ཡིན་ཞེས་གསུངས་སོ། །དངོས་པོ་བརྒྱད་ཀྱི་གོ་རིམ་ཀྱང་དེ་ཁོ་ན་ལྟར་ངེས་པ་ཡིན་ཏེ། ཐོག་མར་འཇུག་ཡུལ་ཐོས་བསམ་གྱིས་གཏན་ལ་མ་ཕབ་ན། སྦྱོར་བས་ཉམས་སུ་ལེན་མི་ནུས་ཤིང༌། ཉམས་སུ་མ་བླངས་བར་ཡང་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དཔེར་ན་སོ་ནམ་གྱི་སྦྱར་ཐབས་མ་ཤེས་པར་སོ་ནམ་ལག་ལེན་དུ་བྱེད་མི་ནུས་ཤིང༌། དེ་མ་བྱས་པར་སྟོན་ཐོག་ཕུན་སུམ་ཚོགས་པ་མི་འབྱུང་བ་བཞིན་ནོ། །དེ་སྐད་དུ་ཡང་ཨ་ཏི་ཤས། གོ་རིམ་སྐྱེ་བའི་རིམ་པ་སྟེ། །དང་པོ་ཐོས་བསམ་བྱེད་པས་ན། །དེ་ཡི་ཡུལ་ནི་མངོན་དུ་བཤད། །ཅེས་པ་ལྟར་རོ། །འདིས་ནི་དར་ཊཱིཀ་མཛད་པ། མཁྱེན་གསུམ་དང་སྦྱོར་བ་བཞི་བཤད་པའི་རིམ་པ་ཙམ་ཡིན་གྱི། རྒྱུ་འབྲས་ཀྱི་རིམ་པ་མིན་ཞེས་ཟེར་བའང་བཀག་གོ །མཁྱེན་པ་གསུམ་གྱི་གོ་རིམ་ཀྱང༌། དང་པོར་འབྲས་བུ་ལ་དོན་གཉེར་གྱི་བློ་བསྐྱེད་པའི་ཕྱིར་དུ་རྣམ་མཁྱེན་བསྟན། དེ་ལམ་ཤེས་པ་ཉིད་མེད་ན་མི་འབྱུང་བས་ལམ་ཤེས་བསྟན། དེ་ཡང་གཞི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ཤེས་པ་ལ་རག་ལས་པས། དེ་ནས་གཞི་ཤེས་བསྟན་ནོ། །དཔེར་ན་ཚོང་པ་ཚོང་གི་ཁེ་མཐོང་ནས་ཚོང་ལ་འཇུག་ཅིང༌། དེ་སྤངས་བླངས་གི་རིམ་པ་ཤེས་དགོས་པ་བཞིན། དེ་སྐད་དུ་ཡང༌། དེ་ཡང་དང་པོར་འབྲས་ཤེས་བྱེད། །དེ་ནས་རྒྱུ་དང་སྤང་བྱ་དག །རིམ་པ་བཞིན་དུ་གཏན་ལ་འབེབས། །ཞེས་དང༌། གཞོན་ནུ་དཔལ་གྱིས། འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་པོར་བསྟན་ནོ། །ཞེས་གསུངས་པ་དང༌། འགྲེལ་ཆེན་ལས། ཆོས་ཐམས་ཅད་སྒྱུ་མ་དང་འདྲ་བ་ཉིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་རྗེས་སུ་རིག་པར་བྱེད་པ་དང༌། ལམ་ཤེས་པ་ཉིད་ཀྱིས་རྣམ་པར་དཔྱོད་པ་དང༌། ཐམས་ཅད་ཤེས་པ་ཉིད་ཀྱི་འཇུག་པར་བྱེད་པ་དང་ཞེས་གསུངས་སོ། །སྦྱོར་བ་བཞི་ནི་སྐྱེ་བའི་རིམ་པ་སྟེ། དེའི་སྦྱོར་བ་དང༌། དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་ཞེས་དང༌། ཨ་ཏི་ཤས། སྦྱོར་བ་བཞིའི་རིམ་པ་ཡང༌། །རྣམ་ཀུན་མངོན་རྫོགས་ཚོགས་ལམ་ནས། །ཡོད་པས་དང་པོར་བསྟན་པ་ཡིན། །དེ་ནས་གསུམ་པོ་རིམ་བཞིན་སྐྱེ། །ཞེས་བཤད་པ་ལྟར། འོ་ན་འདིར་རྣམ་མཁྱེན་ཡང་འབྲས་བུར་བཤད་ན། ཆོས་སྐུ་དང་ཟློས་སྙམ་ན། བསྡུས་དོན་སྒྲོན་མ་ལས། ཆོས་ཀྱི་སྐུ་དང་མི་ཟློས་ཏེ། །འདི་ནི་མ་རུ་བཤད་པ་སྟེ། །ཆོས་སྐུ་རང་ལས་སྐྱེ་བའོ། །ཞེས་འབྱུང་བ་ལྟར་ཡིན་ནོ། །དང་པོ་ཡུལ་མཁྱེན་པ་གསུམ་ལ་འབྲས་བུ་ཐུན་མོང་མིན་པ་རྣམ་མཁྱེན། རྒྱུ་ཐུན་མོང་མིན་པ་ལམ་ཤེས། བླང་དོར་བྱ་བའི་ཡན་ལག་གཞི་ཤེས་དང་གསུམ། དང་པོ་ལ་འབྲེལ་དགོད་པས་མཚམས་སྦྱར། མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད། སྐབས་ཀྱི་སྒོ་ནས་འཇུག་བསྡུ་བའོ། །དང་པོ་ནི། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་བཤད་པ་དེ་གང་ཞེ་ན། དེ་ཉིད་ཆོས་བཅུའི་སྒོ་ནས་དང་པོར་འཆད་དོ་ཞེས་སྟོན་པ་ནི། དེ་ལྟར་བསྡུས་པའི་དོན་ཀུན་བསྟན་ནས་ཞེས་སོ། །འོ་ན་སྐབས་དང་པོར་རྣམ་མཁྱེན་བསྟན་ན། རྣམ་མཁྱེན་གྱི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་འདི་ལྟ་བུ་ཞེས་མི་སྟོན་པར་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། ལོ་ཙྪ་བ་ཆེན་པོ་ནི། རྒྱུ་སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་པོ་འདི་ཉམས་སུ་བླངས་པ་ལས་འབྲས་བུ་རྣམ་མཁྱེན་འབྱུང་ངོ་ཞེས་རྒྱུས་འབྲས་བུ་མཚོན་པའི་ཚུལ་གྱིས་བསྟན་པ་ཡིན་ལ། རྒྱུ་ཡང་ཁྱད་ཆོས་བཞི་དང་ལྡན་ཏེ་སྒྲུབ་པའི་རྟེན་དམིགས་པ་ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོའོ། །རྟེན་ཡང་ཁྱད་པར་བཞི་དང་ལྡན་ཏེ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྦྱོར་བ་གདམས་ངག་ཉན་པ་དང༌། འབྲས་བུ་ངེས་འབྱེད་ཡན་ལག་ལ་གནས་པ་དང༌། ཆོས་དབྱིངས་ཀྱི་རིགས་དང་ལྡན་པའོ། །ཞེས་གསུངས། འདྲེ་ཨར་སོགས། དེ་ལྟ་ན་སྐབས་གཉིས་པར་ལམ་ཤེས་བསྟན་པ་དང་ཟློས་སོ་ཞེས་དགག་པ་བརྗོད་ནས། ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་བསྟན་ཞེས་གསུངས་ལ། སྤྱིར་ལུགས་དེ་གཉིས་ཀ་ཡང་འགལ་བ་མེད་མོད། འདིར་སློབ་དཔོན་གྱི་དགོངས་པ་ནི། ཡུལ་གྱི་ཡུལ་ཅན་མཚོན་པར་གསལ་ཏེ། འགྲེལ་ཆེན་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོ་ན་སེམས་བསྐྱེད་ལ་སོགས་པའི་རང་བཞིན་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་སྒོ་ནས་འདིར་ཡང་ནས་ཡང་དུ་བཟློས་པའི་ཕྱིར། ཞེས་གསུངས་ཤིང༌། ཆོས་ཤེས་ཀྱིས། སྐབས་དང་པོར་བསྟན་པའི་རྣམ་མཁྱེན་འདི་ལ། རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་ཞེས་ཐ་སྙད་མཛད་པའི་ཕྱིར། དེ་ལྟར་ན། སྐབས་དང་པོ་གསུམ་དུ་ཡུལ་གཞི་ལམ་རྣམ་གསུམ་གྱིས་ཡུལ་ཅན་མཁྱེན་པ་གསུམ་མཚོན་ནས་བསྟན་ཞེས་བྱ་སྟེ། དེ་བས་ན་མངོན་པར་རྟོགས་པའི་རྒྱན་ནི་གཞི་དང་གཉེན་པོ་དང་རྣམ་པ་རྣམས་བསྡུས་པས། མངོན་པར་རྟོགས་པ་རིལ་རྫོགས་པར་བསྟན་པ་ཡིན་ནོ་ཞེས་དང༌། འདིས་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་མཚན་ཉིད་ཅེས་གསུངས་པ་འགྲིག་གོ །བཅོམ་ལྡན་རལ་གྲི་ན་རེ། འདིར་བྱང་ཆུབ་སེམས་པའི་རྒྱུད་ལ་ཡོད་པའི་རྒྱུའི་རྣམ་མཁྱེན་དེ་བསྟན་པ་ཡིན་ཏེ། འདིའི་རྣམ་པ་རྣམས་ནི་བྱང་ཆུབ་སེམས་དཔའི་རྣམ་པར་གསལ་བས་སོ་ཞེས་ཀྱང་ངོ༌། །གཉིས་པ་མཚོན་བྱེད་ཀྱི་ཆོས་རྒྱས་པར་བཤད་པ་ལ། སྤྱིའི་འབྲེལ་དང༌། སོ་སོའི་འབྲེལ་གཉིས། དང་པོ་ལ་བསམ་པ་དང་སྦྱོར་བ་གཉིས། བསམ་པ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟེ། རྣམ་མཁྱེན་དོན་དུ་གཉེར་བའི་ཕྱིར། རྣམ་མཁྱེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་དང་པོར་བསྟན་ནོ། །སྦྱོར་བ་ལའང་སྔོན་འགྲོ་དང༌། དངོས་གཞི་གཉིས། དང་པོ་ནི། གདམས་ངག་སྟེ། སེམས་བསྐྱེད་ཀྱི་བསླབ་བྱའི་དོན། རྫོགས་པའི་བྱང་ཆུབ་དེ་གདམས་ངག་གིས་ཚོལ་དགོས་པའི་ཕྱིར། དེ་གཉིས་པར་བསྟན་ནོ། །འདི་གཉིས་ནི་ཚོགས་ལམ་གྱི་གནས་སྐབས་སོ། །གཉིས་པ་དངོས་གཞི་ལའང༌། སྦྱོར་བ་པོ་རྟེན་གྱི་ཆོས་དང༌། དེ་དང་ལྡན་པ་སྒྲུབ་པ་ལ་འཇུག་པའི་རིམ་པ་གཉིས། དང་པོ་ནི། ངེས་འབྱེད་ཡན་ལག་རྣམ་བཞི་སྟེ། ལས་དང་པོ་པས་གདམས་པ་ལྟར་གྱི་དོན་ཉམས་སུ་བླངས་པ་ལས། ངེས་འབྱེད་རྣམ་པ་བཞི་འབྱུང་བའི་ཕྱིར་གསུམ་པར་བསྟན་ནོ། །གཉིས་པ་ལའང༌། རྟེན་ལ་ཇི་ལྟར་བསྟན་པ་དང༌། དེ་ལ་བརྟེན་ནས་ཇི་ལྟར་ཉམས་སུ་ལེན་པ་གཉིས། དང་པོ་ནི། སྒྲུབ་པའི་རྟེན་ཏེ། སྦྱོར་ལམ་ཐོབ་ནས་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་དང་ལྡན་པའི་ཕྱིར་བཞི་པར་བསྟན་ནོ། །འདི་ནི་ཀུན་མཁྱེན་ཆོས་རྗེའི་བཞེད་པའོ། །འོ་ན་མདོ་སྡེ་རྒྱན་ལས་གསུངས་པ་ལྟར། རིགས་ལས་སེམས་བསྐྱེད་འབྱུང་དགོས་པས་འདིར་བསྟན་པའི་རིམ་པ་མི་འཐད་དོ་སྙམ་ན། དེའི་ལན་ལ། ཉི་ཁྲི་སྣང་བ་ལས་ནི། དེ་ན་རྒྱུ་ལས་འབྲས་བུ་འབྱུང་བ་རྒྱུ་འབྲས་དོན་གྱི་རིམ་པ་ཡིན་ལ། འདིར་ནི་འབྲས་བུ་ལས་རྒྱུ་རྟོགས་པར་བྱེད་པས་རྟོགས་པའི་གོ་རིམ་ཡིན་ཏེ། འབྲས་བུ་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ནི། རྒྱུ་རིགས་ལ་མི་འཁྲུལ་བའི་ཕྱིར་ཏེ། དྲོད་ནས་ཐེག་ཆེན་དུ་རིགས་ངེས་བའི་ཕྱིར། ཐེག་དམན་གྱི་ངེས་འབྱེད་ནི། རིགས་ལ་འཁྲུལ་ཏེ། མཛོད་ལས། གཉིས་སློབ་རིགས་ལས་ལོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་གསུངས་པའི་ཕྱིར། ཞེས་པའི་དོན་དུ་བཤད། དེའི་ལྟར་ན། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་གསུངས་པ་ལྟར། རིགས་ཀྱི་སྔོན་དུ་རིགས་ཀྱི་རྟགས་བཤད་པ་ཡིན་ནོ། །ཁོ་བོ་ཅག་ལྟར་ན། སྤྱིར་རིགས་ཙམ་ལ་འགྲེལ་ཆེན་དུ། དེ་ལ་དང་པོར་རིགས་ནུས་པས། །སྙིང་རྗེའི་ས་བོན་རབ་སད་ཅིང༌། །སྦྱོར་དང་བསམ་པ་ཕུན་ཚོགས་པས། །བྱང་ཆུབ་སེམས་ནི་ཡོངས་སུ་གཟུང༌། །ཞེས་དྲངས་པ་དེ་ལྟར་ཡིན་ཀྱང་འདིར་ནི། ཁྱད་པར་ཅན་བསྒྲུབ་པའི་རྟེན་གྱི་དབང་དུ་བྱས་པ་ཡིན་པས། སྦྱོར་ལམ་ཡན་ཆོད་ཁོ་ན་ལ་འཇོག་དགོས་ཏེ་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོ་ཁོ་ནའི་ཆོས་དབྱིངས་ལ་རིགས་སུ་བསྟན་པའི་ཕྱིར། སྙམ་དུ་སེམས་སོ། །འདི་ན་སྦྱོར་ལམ་ནས་རྒྱུན་མཐའི་བར་ཏེ། མདོར་ན་དེ་ཡན་ཆད་དུ་རྟེན་གྱི་ཆོས་བཤད་པ་ཡིན་ནོ། །གཉིས་པ་དེ་ལ་བརྟེན་ནས་ཇི་ལྟར་ཉམས་སུ་ལེན་པ་ལ། ཡུལ་དང་འབྲས་བུའི་ཁྱད་པར་གང་ཡིན་པ་དང༌། ངོ་བོའི་ཁྱད་པར་གང་ཡིན་པའོ། །དང་པོ་ལ་དམིགས་པ་དང༌། ཆེད་དུ་བྱ་བ་གཉིས་ལས། དང་པོ་ནི། དམིགས་པ་བཅུ་གཅིག་སྟེ། དེ་ཡང་སྒྲུབ་པའི་རྟེན་ཆོས་དབྱིངས་ཁོ་ན་ཡིན་པ་ལྟར། དམིགས་པའང་ཆོས་དབྱིངས་ཁོ་ན་ཡིན་ན་ནི། དམིགས་པ་དག་པ་གོང་ནས་གོང་དུ་འགྲོར་མེད་པའི་སྐྱོན་འབྱུང་བས། སྒྲུབ་པའི་རྟེན་བྱང་ཆུབ་སེམས་དཔའི་དམིགས་པ་གང་ཡིན་སྙམ་པ་ལ། རང་བཞིན་བདེན་སྟོང་གིས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྣ་ཚོགས་ལ་དམིགས་པ་ཡིན་ནོ་ཞེས་སྟོན་པའི་དབང་དུ་བྱས་ནས་དམིགས་པ་ལྔ་པར་སྟོན། འདི་ནི་འཕགས་སེང་གི་བཞེད་པ་དྲི་མ་མེད་པ་ཡིན་ཏེ། ཉི་སྣང་ལས། དེ་ལྟར་བྱས་ནས་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ཏེ། གཉིས་ཀ་ཡང༌། གཉིས་ཀར་མ་བཀག་པས་རྟེན་དང་དམིགས་པ་དག་གིས་མཚན་ཉིད་ཀྱི་དབྱེ་བ་དང༌། དམིགས་པ་དག་པའི་མཐར་ཐུག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ་ཞེས་གསུངས་ཤིང༌། འགྲེལ་ཆེན་དུའང་དེ་ཉིད་དྲངས་པས་སོ། །འོ་ན་དམིགས་པ་ཆོས་ཅན་སྣ་ཚོགས་པ་སྒྱུ་མ་ལྟ་བུར་སྒོམ་པས་དག་པའི་མཐར་ཐུག་པར་འགྲོ་ན། མཐར་ཐུག་པའི་ཆེད་དུ་བྱ་བ་དེ་གང་ཡིན་སྙམ་ན། འབྲས་བུའི་ཁྱད་པར་ནི་ཆེན་པོ་གསུམ་སྟེ། རྒྱུ་སྒྲུབ་པ་ལ་འཇུག་པའི་སྔ་རོལ་དུ་འབྲས་བུ་ལ་སྤྲོ་བ་སྐྱེད་པའི་ཆེད་དུ་ཆེན་པོ་གསུམ་དུས་དྲུག་པར་བསྟན་ནོ། །གཉིས་པ་ངོ་བོའི་ཁྱད་པར་ལའང༌། རྒྱུ་སྤྱོད་པ་རྗེས་སུ་སྒྲུབ་པ་དང༌། ཐོབ་བྱ་འབྲས་བུ་རྗེས་སུ་བསྒྲུབ་པ་གཉིས། དང་པོ་ལ། བསམ་པས་བསྒྲུབ་པ་དང༌། སྦྱོར་བས་སྒྲུབ་པ་གཉིས། གཉིས་པ་ལའང༌། གནས་སྐབས་ཀྱི་འབྲས་བུ་བསྒྲུབ་པ་དང༌། མཐར་ཐུག་གི་འབྲས་བུ་སྒྲུབ་པ་གཉིས་ཏེ། གོ་ཆ་འཇུག་པའི་བྱ་བ་དང༌། །ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཞེས་པའོ། །གོ་རིམ་ནི། རྒྱུ་འབྲས་ཀྱི་རིམ་པ་སྟེ། ཉི་ཁྲི་སྣང་བ་ལས། གོ་བགོས་པ་ནི་འཇུག་གོ །ཞུགས་པ་ནི་དཔུང་གི་ཚོགས་བསོག་གོ །དཔུང་གི་ཚོགས་བསགས་པ་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། དཔེར་ན་དམག་དཔོན་རིན་པོ་ཆེས་དང་པོར་གོ་བགོས། བགོས་པ་ལྟར་ལམ་དུ་ཞུགས་ཞུགས་པ་ལྟར་དམག་གི་ཚོགས་བསགས། བསགས་ནས་ཕ་རོལ་པོའི་དགྲ་ཕམ་པར་བྱེད་པ་ལྟར་འཁོར་བའི་གཡུལ་ངོ་བཟློག་པར་འདོད་པའི་བྱང་ཆུབ་སེམས་དཔས་ཀྱང༌། ཐོག་མར་སྦྱིན་སོགས་ལ་འཁོར་གསུམ་མི་དམིགས་པའི་གོ་ཆ་བགོས་པ་ལྟར་སྦྱོར་བ་ཐེག་ཆེན་ལ་ཞུགས། ཞུགས་པའི་འོག་དུ་ཚོགས་གཉིས་ཀྱི་དཔུང་བསགས་ཏེ། མི་མཐུན་པའི་ཕྱོགས་ལས་ངེས་པར་འབྱུང་བའི་ཕྱིར་རོ། །དེ་ཅིའི་ཕྱིར་ཆོས་བཅུ་པོ་འདིས་ལམ་གྱི་རིམ་པ་ལྷག་ཆད་མེད་པ་གཅིག་ཁོ་ན་བསྟན་པའི་ཚུལ་འདི་ནི་ཅི་ཙམ་ནས་བཤད་ཀྱི། ནང་ཚན་གྱི་དབང་དུ་བྱས་ན་ལམ་གྱི་ཆ་ཚང་ལ་མ་ནོར་བ་བཅུར་འགྱུར་ཏེ། དང་པོ་དང་ཐ་མའི་ལས་བསྟན་པའི་རིམ་པས། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་བཅུ་པོ་འདིས་མངོན་པར་རྟོགས་པའི་རྒྱན་འདིར་བསྟན་པའི་ཉམས་ལེན་གྱི་རིམ་པ་མཐའ་དག་བསྡུས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་མ་ལུས་པ་མངོན་པར་རྟོགས་པ་བརྒྱད་ཀྱི་བདག་ཉིད། བྱང་ཆུབ་ཀྱི་སེམས་དང༌། ཞེས་དང༌། འགྲེལ་ཆེན་དུ། སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན། བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པའི་སྒྲུབ་པའི་རང་བཞིན་སྐབས་བརྒྱད་ཀྱི་དབྱེ་བས་ཕྱེ་བ་ཐམས་ཅད་ཞེས་གསུངས་པའི་ཕྱིར། སྐབས་གཉིས་པ་མན་ཆད་དུའང༌། ཆོས་བཅུ་པོ་འདི་ལམ་གྱི་གཞུང་ཤིང་དུ་ཁྱེར་དགོས་ཏེ། ཆོས་བཤེས་ཀྱིས། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་བསྡུས་པའི་སྒྲུབ་བྱེད་དུ། སེམས་བསྐྱེད་སོགས་ཆོས་བཅུ་པོ་འདིས་མངོན་པར་རྟོགས་པ་མཐའ་དག་བསྡུས་པའི་རྒྱུ་མཚན་རྒྱས་པར་གསུངས་པ་བཞིན་ནོ། །གཉིས་པ་སོ་སོའི་འབྲེལ་ལ། བསམ་པ་སེམས་བསྐྱེད་པ་དང༌། སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས། དང་པོ་ལ། སེམས་བསྐྱེད་ཆོས་བཅུའི་དང་པོར་འཆད་པའི་རྒྱུ་མཚན་ཅི། འདིའི་བཤད་བྱའི་མདོ་དེ་གང༌། དེའི་བསྟན་བཅོས་སུ་ཇི་ལྟར་བཀྲལ། ཞེ་ན། དྲི་བ་དང་པོའི་ལན་ལ། དཔལ་ལྡན་ཟླ་བའི་ཞལ་སྔ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་པ་ནི་རྒྱལ་བའི་ལོ་ཐོག་བསྐྱེད་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་ཡིན་པའི་ཕྱིར། དང་པོར་ཞེས་བཞེད་དེ། འཇུག་པར། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་འགྱུར་བ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་འབྱུང་བ་ལྟར་རོ། །ཤཱནྟི་པ་ལྟར་ན། རྫོགས་པའི་བྱང་ཆུབ་ཀྱི་ས་བོན་ཡིན་པའི་ཕྱིར་དང་པོར་འཆད། ཅེས་བཞེད། བཙུན་པ་གྲོལ་སྡེ་ཤེར་ཕྱིན་ལ་སྤྱོད་པ་ལ་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པའི་ཕྱིར། ཞེས་བཞེད། སློབ་དཔོན་ལྟར་ན། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང༌། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུའི་རྒྱ་མཚོ་བཞིན། །ཞེས་འབྱུང་བ་ལྟར། བསོད་ནམས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པ་སྔོན་དུ་འགྲོ་བས་ཤེར་ཕྱིན་སྒོམ་པའི་ཕྱིར་དང་པོར་བསྟན་ཞེས་བཞེད། རྗེ་བཙུན་ཉིད་ཀྱིས། ཆོས་ལ་མོས་པ་ས་བོན་དང༌། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །ཞེས་གསུངས་སོ། །དྲི་བ་གཉིས་པའི་ལན་ནི། རྒྱལ་བའི་ཡུམ་རྣམ་པ་གསུམ་ཅར་ལས་བྱ་སྟེ། བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་བྱོས་ཤིག ཅེས་སོགས་མགོ་སྨོས་པ་ཙམ་གསུངས་ཀྱི། དབྱེ་བ་རྒྱས་པར་མ་གསུངས་ཏེ། འགྲེལ་ཆེན་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དབྱེ་བ་རྣམ་པ་ཐམས་ཅད་དུ་སྟོན་པའི་གཞུང་ནི། སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ཡིན་ཏེ། འདིར་གཞུང་མང་གི་དོགས་ནས་ཤེས་བྱེད་དུ་མ་བྲིས་སོ་ཞེས་གསུངས། རྒྱས་འབྲིང་གཉིས་ལས་ནི། མཚན་ཉིད་མདོར་བསྟན་པ་དང༌། དབྱེ་བ་རྒྱས་པར་བཤད་པ་གཉིས་གཉིས་ཀྱི་སྒོ་ནས་སྟོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པས། བྱང་ཆུབ་མདོར་བསྟན། ཤཱ་རིའི་བུ། བྱང་སེམས་ཆེན་པོས་གནས་པ་མེད་པའི་ཚུལ་གྱིས་ཡུམ་ལ་གནས་ཏེ། སྦྱིན་པ་དང་གཏོང་བ་དང༌། ལེན་པ་མི་དམིགས་པའི་ཕྱིར་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱའོ། །ཞེས་སོགས་ཀྱི་བྱང་ཆུབ་རྒྱས་པར་བཤད། སེམས་ཅན་ཐམས་ཅད་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཞེས་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་འགོད་པར་འདོད་པས་ཡུམ་ལ་བསླབ་པར་བྱའོ་ཞེས་པས་གཞན་དོན་མདོར་བསྟན། སེར་སྣ་ཅན་ལ་སོགས་པ་རྣམས་སྦྱིན་པ་ལ་སོགས་པ་ལ་འགོད་པར་འདོད་ཅེས་པས། གཞན་དོན་རྒྱས་པར་བཤད། ཅེས་ཉི་ཁྲི་སྣང་བར་གསུངས་སོ། །དེའི་དོན་བསྟན་བཅོས་སུ་ཇི་ལྟར་བཀྲལ་བ་ནི། སེམས་བསྐྱེད་པ་ནི། ཞེས་སོགས་ཀྱིས་མདོར་བསྟན། དེ་ཡང༌། ཞེས་སོགས་ཀྱིས་རྒྱས་པར་བཤད། མདོར་བསྟན། རྒྱས་བཤད་གཉིས་ཀྱིས་མདོ་ཇི་ལྟ་བ་བཞིན་བཤད་དོ་ཞེས་ངོ་སྤྲོད་པ་ནི། དེ་དང་དེ་ནི། ཞེས་སོགས་སོ། །ཞེས་པ་རྣམ་བཤད་ཀྱི་དགོངས་པའོ། །དེ་ཡང་མདོར་བསྟན་གྱི་མདོ་དེ་དག་དབྱེ་བ་ཉེར་གཉིས་པོ་ལ་མ་གཏོགས་པའི་གོང་གི་མདོར་བསྟན་གྱི་མདོ་ནི་མིན་ཏེ། འཕགས་པས། མདོ་དང་པོ་དེ་ས་ལྟ་བུའི་སེམས་བསྐྱེད་དང་སྦྱར་ཞིང༌། བྱང་ཆུབ་རྒྱས་བཤད་དང༌། གཞན་དོན་བསྟན་བཤད་ཀྱི་མདོ་རྣམས་ཀྱང་དབྱེ་བ་ལྷག་མ་རྣམས་དང་སྦྱར་བའི་ཕྱིར་རོ། །དེས་ན་མདོའི་རིམ་པ་གཅིག་ལ་བསྟན་བཅོས་སུ་མདོར་བསྟན་རྒྱས་བཤད་གཉིས་ཀྱི་སྒོ་ནས་བཤད་པ་ཡིན་ལ། མདོ་ཉིད་ལས་ནི། འདུན་ལྡན་སེམས་བསྐྱེད་མདོར་བསྟན། ལྷག་མ་ཉེར་གཅིག་རྒྱས་བཤད་དུ་འགྱུར་རོ། །དེས་ན། གྲོལ་སྡེ་གཉིས། སློབ་དཔོན། བུདྡྷ་ཤྲཱི་རྣམས་ལྟར་ན། མཚན་ཉིད་ཡུལ་གྱི་སྒོ་ནས་བཞག་པ་དང༌། དམིགས་ཡུལ་མདོ་ལ་ཁུངས་ཕྱུང་བ་དང༌། མདོ་ལས་ཇི་ལྟར་བཤད་པའི་དབྱེ་བ་བསྟན་པ་དང༌། དབྱེ་བ་དེ་ཉིད་ལམ་ལྔ་དང་སྦྱར་བའི་ས་མཚམས་བཞི་པོ་རིམ་པར་སྟོན་པ་ནི། རྩ་བའི་རིམ་པ་གསུམ་དང༌། དེ་ལ་དང་པོ་གསུམ་ནི་ཞེས་སོ། །ཡང་ན། རྩ་བའི་རིམ་པ་གསུམ་གྱིས་དགོས་དོན། བསྡུས་དོན། ཚིག་དོན་གསུམ་འཆད་ཅེས་སྦྱར་ནའང་འགལ་བ་མེད་པར་སེམས་སོ། །དང་པོ་ལ། མཚམས་སྦྱར་རྩ་བ་འགྲེལ་པ་གསུམ། དང་པོ་ནི་གཡག་ཊཱིཀ་ལྟར་ན། རྣམ་མཁྱེན་དེ་ཡང་སེམས་བསྐྱེད་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་ཡིན་པ་ལས་དང་པོར། སེམས་བསྐྱེད་པ་རང་གི་ངོ་བོ་དམིགས་པ་དང་བཅས་པ་འཆད་དེ། འགྲེལ་ཆེན་ལྟར་ན། བྱང་ཆུབ་ཀྱི་སེམས་དེ་ཉིད་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་ནོ་ཞེས་སྡོང་པོ་བཀོད་པ་སོགས་ལས་གསུངས་པའི་ཕྱིར། རྩ་བ་ལ། སེམས་བསྐྱེད་པ་ནི། ཞེས་པས་མཚོན་བྱ་དེ་བསྟན། ལྷག་མས་མཚན་ཉིད་དེ་བསྟན། ཇི་ལྟར་བསྟན་ན། འཕགས་སེང་ཨ་བྷྱ་རྣམས་ནི། ངོ་བོ་ནི་གཙོ་བོ་རྣམ་རིག་ཡིན་པར་བཞེད་དེ། ཉི་སྣང་ལས། སེམས་ནི་རྣམ་པར་རིག་པ་སྟེ། རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ཡང་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་བཤད། གནད་ཀྱི་ཟླ་འོད་ལས། འདིར་སེམས་དང༌། ཡིད་དང༌། འདོད་པ་དང༌། འདུན་པ་དང༌། མོས་པ་དང༌། དོན་དུ་གཉེར་བ་རྣམས་རྣམ་གྲངས་སུ་འདོད་དོ། །ཞེས་བཤད། ཤཱནྟི་པ་དང༌། མར་མེ་མཛད། ངོ་བོ་འདོད་པ་ཉིད་ཡིན་ནོ་ཞེས་བཞེད། དོལ་པོ་བ་ན་རེ། འཕགས་སེང་གི་བཞེད་པ་འདི། མདོ་དང་བསྟན་བཅོས་གཉིས་ཀ་དང་མི་མཐུན་ནོ་ཞེས་ཟེར་རོ། །འགྲེལ་པ་ལ་དངོས་དང་རྩོད་པ་སྤངས་པ་གཉིས། དང་པོ་ལ། འདིར་སྨོན་འཇུག་གཉིས་སུ་མཛད་པ་ནི། ཞི་བ་ལྷའི་རྗེས་སུ་འབྲངས་པ་ཡིན་གྱི། རྗེ་བཙུན་གྱི་གཞུང་ན་མེད་དོ། །གཉིས་པོའི་ཁྱད་པར་ལ། ཆོས་ཀྱི་བཤེས་གཉེན། སྨོན་པ་ནི་སྨོན་པ་ཙམ་སྟེ། སེམས་བསྐྱེད་པའི་ཆོ་ག་ཙམ་ཡང་བླངས་པར་མ་བྱས་པའོ། །ཞེས་བཞེད། ཤེར་བློ། ལུས་ངག་དང་ཡིད་ཀྱི་ལས་ཡོད་པ་དང་མེད་པ་ལས་མཚན་ཉིད་ཐ་དད་པར་རྟོགས་པར་བྱའི། དམིགས་པ་ཐ་དད་པ་ནི་མིན་ཏེ་ཞེས་བཤད། སངས་རྒྱས་ཡེ་ཤེས། སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིན་ལ། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ས་རབ་ཏུ་དགའ་བ་ནས་བརྩམས་ཏེ། ཞེས་བཞེད། བུདྡྷ་ཤྲཱི། བསམ་པས་སྨོན་པ་དང་སྦྱོར་བས་འཇུག་པ་ཞེས་བཞེད་དེ་དོན་གཅིག་གོ །གཉིས་པ་རྩོད་པ་སྤོང་བ་ལ། གང་ལ་རྩོད་ན། འདོད་ཅེས་པ་ལ་རྩོད། ཇི་ལྟར་ན། འདོད་ཅེས་པས། འདོད་པ་ཁོ་ན་སེམས་བསྐྱེད་དུ་བསྟན་སྙམ་དུ་བསམས་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་དམ་ཁོ་ན་ཆོས་ཅན། སེམས་བསྐྱེད་མིན་པར་ཐལ། སེམས་བྱུང་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྗེ་བཙུན་ཉིད་ཀྱིས། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་སེམས་དཔའ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིག་ལ་སེམས་བསྐྱེད་དུ་བཤད་པའི་ཕྱིར། ཞེས་པའི་དབང་དུ་བྱས་ནས། ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཉིད་དེ། ཞེས་སོགས་སོ། །དོན་ནི། འདུན་པ་ནི་མ་འོངས་པ་ལ་དམིགས་པ་ཡིན་ལ། སེམས་བསྐྱེད་ནི། དོན་གཉིས་ཀྱི་ངོ་བོ་ད་ལྟར་སྣང་བ་ཅན་ཡིན་པའི་ཕྱིར། འཛིན་སྟངས་འགལ་སྙམ་དུ་བསམ་པའོ། །དེ་སྐད་དུ་ཡང༌། ཉི་སྣང་ལས། སེམས་ནི་ཡུལ་སོ་སོར་རིག་པའི་མིང་ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ། །ཞེ་ན། ཞེས་གསུངས་སོ། །ཕྱོགས་སྔའི་འདོད་པ་འདི་ནི། བློ་བརྟན་གྱི་དབུས་མཐའི་འགྲེལ་བཤད་དུ། རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བས། རྣམ་པ་མཚུངས་པ་མིན་ནོ་ཞེས་འབྱུང་བ་དེ་ཉིད་དོ། །ལན་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བདེན་མོད་ཀྱི། ཞེས་པ་སྟེ། འདོད་པ་ནི་སེམས་བསྐྱེད་དུ་བསྟན་ན་སྐྱོན་དེ་འཇུག་ཅེས་ཁས་བླངས་པའོ། །འོ་ན་ཅི་ཞིག་བསྟན་ཞེ་ན། བཤད་པ་ལ་གཉིས་ཏེ། གཞན་དོན་ཕྱིར། འདོད་ཅེས་པས་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཡིན་ལ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གྲོགས་མིང་གྲོགས་ཅན་ལ་བཏགས་པའི་ཕྱིར། ཞེས་སྟོན་པ་ནི། འོན་ཀྱང་ཞེས་སོགས་དང༌། རྣམ་པ་གཅིག་ཏུ་ཞེས་སོགས་སོ། །འདིར་བདག་གི་བློ་ལ་འདི་ལྟར་ཤར་ཏེ། སློབ་དཔོན་དབྱིག་གཉེན་གྱིས། དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་སྟོན་ནས་སེམས་བསྐྱེད་ཀྱི་ངོ་བོ་སེམས་བྱུང་དུ་འདོད་པ་ནི། རྗེ་བཙུན་གྱི་བཞེད་པ་མིན་ཏེ། རྒྱན་ལས། འབྱུང་བ་ཞེས་སྨོས་པའི་ཕྱིར། འོ་ན་ཅི་ཞེ་ན། འཕགས་པ་གྲོལ་སྡེ། སེམས་ནི་རྣམ་པར་རིག་པའོ། །ཞེས་བཞེད་པ་ལྟར་ཡིན་ནོ། །འོ་ན་གཞུང་འདི་དང༌། མདོ་སྡེ་རྒྱན་འགལ་བར་འགྱུར་ཏེ། འདིར་འདོད་པ་ཉིད་དུ་བཤད་པས་སོ་སྙམ་ན་མི་འགལ་ཏེ། འདིར་རྒྱུ་འདོད་པའི་མིང་གིས་འབྲས་བུ་སེམས་བསྐྱེད་བསྟན་པ་ཡིན་ལ། མདོ་སྡེ་རྒྱན་ལས། འབྲས་བུ་སེམས་བསྐྱེད་དེ་ཉིད་ཀྱིས་དངོས་མིང་གི་བསྟན་པའི་ཕྱིར། ཞེས་སྟོན་པ་ནི། རྩོད་ལན་སྔ་མ་གཉིས་སོ། །འོ་ན་ཐོགས་མེད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་བཤད་པས། དེ་ལ་བརྒལ་བར་སྤོབས་སམ་ཞེ་ན། དེའི་དགོངས་པ་འཆད་པ་ནི། རྣམ་པ་གཅིག་ཏུ་ཞེས་སོགས་སོ། །དེ་ལྟར་བྱས་ན་འདིར་ཞེས་པའི་ཚིག་གི་ནུས་པ་ཐོན་པར་འགྱུར་ཞིང་སྨོན་ལམ་ཞེས་པའི་ཚིག་ལ་འབྲེལ་ཡོད་པར་གྲུབ་བོ། །གཉིས་པ་དམིགས་ཡུལ་མཚམས་སྦྱོར་ནི། སེམས་བསྐྱེད་ཀྱི་ངོ་བོ་འདོད་པར་བསྟན་པ་ལ་དོགས་པའི་གནས་ཡོད་པར་མ་ཟད། དམིགས་ཡུལ་གཞན་དོན་དང་རྫོགས་བྱང་ལའང་དོགས་པའི་གནས་ཡོད་པས་དེ་བཤད་དགོས་པས་སོ་ཞེ་ན། རྩ་བས་སྟོན་ནོ། །རྣམ་བཤད་ཀྱི་དགོངས་པའོ། །བདག་གི་བློ་ལ་འདི་ལྟར་སྣང་སྟེ། ལུས་རྣམ་གཞག་ཏུ། སེམས་བསྐྱེད་པ་དང་ཞེས་བཤད་པ་དེ་གང་ཞེ་ན། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བསྟན་ནས། ད་དུང་དོགས་པ་མ་ཆོད་དོ། །གཞན་དོན་དང་བྱང་ཆུབ་དེ་གང་ཞེ་ན། དེ་དང་དེ་ནི་ཞེས་སོ། །བརྗོད་ཅེས་པ་ལ་འཕྲོས་ནས་ཇི་ལྟར་བརྗོད་ན། བརྗོད་ཅེས་བསྟན་པ། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སྦྲེལ་ལོ། །མཚམས་སྦྱར་གྱི་དོན་དེ་ལྟར་ཡིན་པ་ཡང༌། ཉི་སྣང་ལས། ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། གཞན་གྱི་དོན་དེ་ཡང་གང་ཡིན་ཞེ་ན། དེ་དང་དེ་ནི་ཞེས་གསུངས་སོ། །བུ་ཊཱིཀ་ལས། མཚམས་སྦྱར་དུ་དྲི་བ་གསུམ་མཛད་ནས། དྲི་བ་དང་པོ་ངོ་བོའི་དྲི་བ་ལ་ལན་འདེབས་པ་ནི། དེ་ལྟར་སེམས་བསྐྱེད་པ་ནི། ཞེས་སོགས་ཡིན་པར་གསུངས། དེའི་དགོངས་པ་ནི། གཞུང་དུ། གང་འདོད་པའི་བདག་ཉིད་དང་ཞེས་འབྱུང་བ་ལ་དགོངས་པར་སྣང་ཞིང༌། འགྲེལ་ཆེན་དུ། གོང་འོག་གཉིས་ཤླཽ་ཀ་གཅིག་ཏུ་སྦྲེལ་ནས་མཚམས་སྦྱར་ཐུན་མོང་དུ་ཡོད་པས་དང་ཞེས་གསུངས་དགོས་པ་ཡིན་གྱི། འདིར་དེ་མི་དགོས་ཀྱང༌། འགྲེལ་ཆེན་རྒྱས་བཀབ་ནས་བྲིས་པར་གསལ་ལོ། །རྩ་བ་ལ་འགྲེལ་ཆེན་ལྟར་ན། བརྗོད་དོ། །གང་ལས་ན། བརྒྱད་སྟོང་པ་ལས་སོ། །ཇི་ལྟར་ན། སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་བཞིན་ནོ། །ཇི་སྐད་དུ། བྱང་ཆུབ་དེ་དང་གཞན་གྱི་དོན་ནི་གང་ཡིན་ཞེ་ན། འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མདོ་ཇི་ལྟ་བ་བཞིན་དུ། བརྗོད་པར་བྱའོ་ཞེས་སོ། །འགྲེལ་པ་འདི་ལྟར་ན། ཆོས་ཤེས་ཀྱིས་བཤད་པ་ལྟར། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་བསྟན་པ་དེ་རྗེ་བཙུན་ཉིད་ཀྱིས་རང་སྟོབས་ཀྱིས་ཡིན་ནམ་ཞེ་ན་མིན་ཏེ། རྒྱས་འབྲིང་བསྡུས་པ་གསུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་བརྗོད་དོ། །འགྲེལ་པར། ཀྱང་ཞེས་སྨོས་པ་ནི་གསུམ་པོ་ཕན་ཚུན་བསྡུས་པའོ། །རིགས་ཀྱིས་བྱིན་པ་སློབ་དཔོན་གྱི་དགོངས་པ་འཆད་པ་ན། བརྗོད་དོ། །གང་ལ་ན། ཡུམ་ལས་ཀྱང་ངོ༌། །ཇི་ལྟར་ན། དཀོན་མཆོག་སྣ་བདུན་གྱི་མདོ་བཞིན་དུའོ། །ཞེས་གསུངས། རིགས་རལ། མདོ་དེ་འདྲ་མེད་ཟེར། བུ་ཊཱིཀ བློ་གྲོས་མི་བཟད་པའི་མདོ་དང༌། སྡོང་པོ་བཀོད་པ་ལས་ཞེས་ཟེར། ཨར་དང་གཡག་ཊཱིཀ་བང་མཛོད་སོགས་ཀྱང་དེ་ལྟར་བཞེད་དོ། །རྣམ་བཤད་ལས་ནི། འདི་མི་འཐད་པ་ལ་འགྲེལ་ཆེན་དང་འགལ་བའི་ཕྱིར། ཞེས་གསུངས་སོ། །འོན་ཀྱང་ཉི་ཁྲི་རྣམ་འགྲེལ་དུའང༌། ལུགས་སྔ་མ་ཡོད་པས་དཔྱད་པར་བྱ་དགོས་སོ། །མི་འགལ་བར་ཞེས་པ། ཡུམ་གྱི་མདོ་དང༌། བསྟན་བཅོས་སུ་བརྗོད་པ་མཐུན་ནོ། །ཞེས་པའི་དོན་ཡིན་གྱི། དར་ཊཱིཀ་པ་ལྟར། ཡུམ་བར་མ་དང་མི་འགལ་བར་རྒྱས་བསྡུས་གཉིས་སུ་བརྗོད་ཅེས་པ་འགྲེལ་པ་འདིའི་དགོངས་པ་ནི་མི་རུང་ངོ༌། །དེས་ན། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ། རང་བཟོ་མིན་པར་གྲུབ་བོ་ཞེས་སྟོན་པ་ནི་དེ་ལྟར་ན། ཞེས་སོགས་སོ། །འོ་ན་གཙུག་ལག་གི་གཞུང་སྐབས་ཀྱི། ཞེས་སོགས་ཀྱི་གཞུང་འདི་གང་ལ་འཕྲོས་པ་ཡིན་ཞེ་ན། གཡག་ཊཱིཀ་བང་མཛོད་ལས། ཡུམ་གསུམ་ཅར་ལས་སེམས་བསྐྱེད་ཀྱི་དམིགས་ཡུལ་སྡོང་པོ་བཀོད་པ་སོགས་ཀྱི་མདོ་བཞིན་དུ་བརྗོད་ན། མདོ་དེ་དག་འདིར་མི་འདྲེན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་ལན་དུ་བཞེད། རལ་གྲི། མདོ་བསྟན་བཅོས་དུ་མ་ཞིག་དང་འདི་སྦྱར་བར་ནུས་མོད། ཅེས་པའི་དོན་དུ་འཆད། ཆོས་ཤེས་ནི། ཐམས་ཅད་ལ་ཡང་གསུང་མོད་ཀྱི། ཞེས་སྟོན་ནས། སེམས་བསྐྱེད་ནས་འཕྲིན་ལས་ཀྱི་བར་ཐམས་ཅད་ལའང་ཡུམ་གསུམ་ཀ་དང་སྦྱོར་དུ་ཡོད་མོད་ཀྱི་ཞེས་འཆད། རྣམ་བཤད། སེམས་བསྐྱེད། ཡུམ་གསུམ་ཀ་དང་སྦྱར་བ་ལྟར་བ་ལྟར། གདམས་ངག་སོགས་ལྷག་མ་རྣམས་ཀྱང་སྦྱར་དགོས་པ་ལས་མི་སྦྱོར་བའི་རྒྱུ་མཚན་ཅི། གསུམ་ཅར་ལས་མ་གསུངས་པ་ཡིན་ནམ་ཅེ་ན། དེའི་ལན། ཐམས་ཅད་ལས་ཀྱང་གསུང་མོད་ཀྱི་འདིར་ཁུངས་སུ་མ་བྲིས་ཏེ། ཚིག་མང་དུ་དོགས་པའི་ཕྱིར། ཞེས་སྟོན་ཏེ། གོ་བར་སླ་ཕྱིར་ཚིག་དང་ནི། །ཞེས་སོགས་དང་དོན་གཅིག་གོ །དར་ཊཱིཀ་པ། ཡུམ་གསུམ་ཅར་གྱི་ལུང་ཁུངས་སྨོས་ནས་ལུང་རྒྱས་པར་མི་འདྲེན་པའི་རྒྱུ་མཚན་ལ་སྦྱོར་ཞིང༌། གོང་དུ་ཡང་མདོའི་ཚིག་སྣ་བསྡུས་པ་མིན་པར་བཞེད། བདག་གི་བློ་ལ་འདི་ལྟར་ཤར་ཏེ། རྗེ་བཙུན་བྱམས་པའི་བསྟན་པ་ནི། བསྟན་པ་འདི་མ་ནུབ་ཀྱི་བར་མི་འབྱུང་བས། བསྟན་པ་འདི་ལ་རྗེ་བཙུན་གྱི་གསུངས་པའི་གསུང་རབས་རྣམས་ནི། ཤཱཀྱ་ཐུབ་པའི་བསྟན་པ་འདིའི་དབང་དུ་བྱས་པ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར། སེམས་བསྐྱེད་ལ་རྗེ་བཙུན་ཉིད་ཀྱི་མདོའི་ཁུངས་བརྗོད་པ་བཞིན་དུ། གདམས་ངག་སོགས་ལའང་རྗེ་བཙུན་ཉིད་ཀྱིས་མདོའི་ཁུངས་སྨོས་དགོས་སོ་ཞེ་ན། རྩ་བར་མ་བྲིས་པའི་ཤེས་བྱེད་དུ་སྟོན་ནོ། །དེ་དག་གང་ལྟར་ཡང༌། དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་པའི་གཞུང་ནི་དོན་བདུན་བཅུ་པོ་ཐམས་ཅད་ལ་རུང་མཐུན་དུ་སྦྱར་བས་དོན་བདུན་བཅུ་པོ་མདོ་དངོས་བསྟན་ཡིན་པར་བསྙོན་མི་ནུས་པར་བསྒྲུབས་སོ། །གསུམ་པ་མདོ་ལས་དབྱེ་བ་ཇི་ལྟར་བསྟན་པ་ལ་མཚམས་སྦྱར་བ་ནི། ད་ནི་ཞེས་སོགས་ཏེ། ལུས་རྣམ་གཞག་གི་དཀྱུས་མའི་དོན་མིན་པས། བར་སྐབས་ཀྱི་ཚིགས་སུ་བཅད་པ་ཞེས་གསུངས་ཏེ། དབྱེ་བ་ཞར་ལ་བརྗོད་ནས་ཞེས་གསུངས་པ་ལྟར་རོ། །རྩ་བ་ལ་རྣམ་བཤད་ལྟར་ན། མཚན་ཉིད་དེ་དང་ལྡན་པའི་སེམས་བསྐྱེད་དེ། དེ་ཡང་ཞེས་པའི་དོན་དུ་གསུངས། བློ་ལ་ཤར་བ་ནི། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། །ཅེས་དམ་བཅས་ནས། ད་རྒྱས་བསྡུས་གཉིས་ཀྱི་བརྗོད་དགོས་སོ་ཞེ་ན། བརྗོད་ཅེས་བསྟན་པ་དེ་ཡང་རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་སྦྱར་ན་མདོ་དང་འགྲིག་སྟེ། དེ་ཡང་བྱང་ཆུབ་མདོར་བསྟན་གྱི་མདོ་དེ་ནི། ས་ལྟ་བུའི་སེམས་བསྐྱེད་ཀྱི་མདོ་ཡིན་ལ། གཞན་དོན་མདོར་བསྟན་གྱི་མདོ་དེ་ནི། བང་མཛོད་ལྟ་བུའི་སེམས་བསྐྱེད་ཀྱི་མདོ་ཡིན་པས་སོ། །འདིར་སེམས་བསྐྱེད་ཉེར་གཉིས་སུ་བསྟན་པ་དེ་གདུལ་བྱ་ཉེ་བའམ་གྲངས་ངེས་པ་གང་ཡིན་ཞེ་ན། སློབ་དཔོན་ནི། འདིས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་ལམ་ཐམས་ཅད་བསྡུས་པའི་ཕྱིར། ཞེས་གྲངས་ངེས་པར་བཞེད། འགྲེལ་ཆེན་ལས། ཇི་སྐད་བཤད་པའི་གོ་རིམ་དང༌། རབ་ཏུ་དབྱེ་བ་འདི་ཉིད་ཡིན་གྱི། ལྷག་པར་ཡང་མ་ཡིན་མ་ཚང་བ་ཡང་མ་ཡིན། གོ་རིམ་བཞིན་དུ་བསྟན་བྱ་བ་ཡང་མ་ཡིན་ནོ། །ཞེས་གསུངས། མདོ་སྡེ་རྒྱན་གྱི་འགྲེལ་པ་དང༌། དག་ལྡན། ཐུབ་པ་དགོངས་རྒྱན་རྣམས་སུ། བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པའི་མི་ཟད་པ་བརྒྱད་ཅུ་དང༌། ཉེར་གཉིས་པོ་སྦྱར་ནས་བཤད་ལ། ཐུབ་དགོངས་སུ། བརྒྱད་ཅུ་པོ་འདིས་ཐེག་ཆེན་གྱི་འབྲས་བུ་དང་བཅས་པ་བསྡུས་པའི་ཕྱིར། ཞེས་གསུངས། བརྒྱད་ཅུ་ནི་དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དང༌། །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོར་རིག་སྟོན་ཚོགས་གཉིས་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་སྤོབས་ཆོས་ཀྱི་མདོ་བཤད་དང༌། །བགྲོད་ཅིག་ལམ་དང་ཐབས་མཁས་སོ། །ཞེས་གསུངས་ཤིང༌། ཕྱིན་དྲུག་རེ་རེ་བགྲངས་ནས་སྦྱར། །གཞན་ནི་འདིར་འབྱུང་བ་ལྟར་རོ། །འདི་དག་སྨོན་འཇུག་གང་གི་དབང་དུ་བྱས་པ་ཡིན་ཞེ་ན། ཤེར་བློ་ནི། སྨོན་པ་སེམས་བསྐྱེད་ནི་སྨོན་པ་ཙམ་ཡིན་པའི་ཕྱིར། དབྱེ་བ་མེད་ལ། ཉེར་གཉིས་པོ་འཇུག་པའི་དབྱེ་བ་ཡིན་ནོ་ཞེས་གསུང༌། ཨ་བྷྱ་དང༌། སློབ་དཔོན་སྐལ་ལྡན་ནི། འདུན་སོགས་གསུམ་གྱི་དབྱེ་བ་ལས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པ་ཞེས་བྱའི་སེམས་རྣམས་ནི། །བཅུ་དགུ་རྣམས་སུ་འདོད་པ་ཡིན། །ཞེས་གསུངས། ཆོས་ཀྱི་བཤེས་གཉེན་ནི། འདུན་སོགས་གསུམ་ནི་སེམས་བསྐྱེད་དངོས་ཡིན་ལ། སྦྱོར་བ་དང༌། སྦྱིན་པ་སོགས་སེམས་བསྐྱེད་འཕེལ་བའི་གྲོགས་དེར་བརྟགས་ཤིང༌། བགྲོད་པ་གཅིག་པ་སོགས་ནི་སེམས་བསྐྱེད་ཀྱི་འབྲས་བུ་ཡིན་པས་དེར་བཏགས་པ་ཡིན་ནོ། །ཞེས་ཟེར། བཞི་པ་ས་མཚམས་འཆད་པའི་དབང་དུ་བྱས་ནས། ལས་དང་པོའི་ས་ནས་བཟུང་སྟེ། ཞེས་སོགས་སོ། །འོ་ན་མདོ་ལས། ཉེར་གཉིས་པ་བྱང་སེམས་ཀྱི་སེམས་བསྐྱེད་དུ་བཤད་པ་དང༌། རྒྱན་ལས། རྒྱལ་སྲས་རྣམས་ཀྱིས་སེམས་བསྐྱེད་པ། །ཞེས་བཤད་པ་དང༌། འདིར་སངས་རྒྱས་སའི་བར་གྱིས་བསྡུས་པར་བཤད་པ་དང་འགལ་ལོ་ཞེ་ན། འགྲེལ་ཆེན་ལས། སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཁུངས་སུ་མཛད་ནས། རྒྱུའི་དབྱེ་བ་ཙམ་གྱིས་དེའི་དབྱེ་བ་རྣམ་པ་ཐམས་ཅད་དུ་བྱས་པར་མི་འགྱུར་བས་དབྱེ་བ་ཡོངས་སུ་རྫོགས་པར་མི་འགྱུར་རོ་ཞེས་མདོའི་དོན་རིགས་པས་འགྲེལ་བར་མཛད་པ་ཡིན་ལ། མདོ་དང་མཐུན་པར་བྱེད་ན། འདིའི་སངས་རྒྱས་ས་བཅུ་པ་ལ་འཆད་ཅེས་གསུངས་པ་ནི། རྣམ་བཤད་ཀྱི་རང་ལུགས་མིན་ཏེ། དེ་ལྟར་ན། སྦྱོར་བ་དང༌། དངོས་དང༌། སོ་སོར་དབྱེ་བ་མི་འཐད་པའི་ཕྱིར་རོ། །འཕགས་པ་གྲོལ་སྡེ་སེམས་བསྐྱེད་ལ་ས་མཚམས་མི་བཞེད། ཅེས་ཇོ་བོས་གསུངས་ལ། འགྲེལ་ཆེན་དུ་འཕགས་པའི་དགོངས་པ་འཆད་པ་ན། སེམས་བསྐྱེད་ཐ་མ་བརྒྱད་པོ་ཁོ་ན། བྱང་ཆུབ་སེམས་དཔའ་ལས་ཁྱད་པར་གྱི་ལམ་གྱིས་བསྡུས་པར་བཤད། ཉི་སྣང་ལས་ནི། སེམས་བསྐྱེད་ཅེས་པ་ནི། མ་སྐྱེད་པར་བྱེད་པའི་ཕྱིར་དང་པོའི་མཚམས་ཀྱི་དངོས་པོ་བསྟན་པའི་དོན་དུ། ཞེས་གསུངས་སོ། །རཏྣ་ཀིརྟི་ས་མཚམས་སློབ་དཔོན་དང་མཐུན་ནོ། །གཉིས་པ་སྦྱོར་བ་བསྒྲུབ་པ་ལ་འཇུག་ཚུལ་ལ། བསྒྲུབ་པའི་ཐབས་སྟོན་པ་གདམས་ངག ཐོབ་བྱ་བསྒྲུབ་པའི་འབྲས་བུ། འཇུག་བྱ་བསྒྲུབ་པའི་ཡན་ལག་གི་ཆོས་སོ། །དང་པོ་སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སྔ་ཕྱིའི་འབྲེལ་བཙལ་བ་དང༌། འབྲེལ་པ་ཅན་གདམས་ངག་གི་གོ་རིམ་ཇི་ལྟར་ཡིན་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །སེམས་དཔའ་མཆོག་དེ་དལ་གྱིས་འགྲོ་མི་མཛད། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པས། །བརྩོན་པ་བརྒྱད་འགྱུར་དུ་ནི་བྱ་བའི་རིགས། །ཞེས་འབྱུང་བ་ལྟར། སེམས་བསྐྱེད་ཀྱི་དམ་བཅས་པའི་དོན་དེ་ཉིད་སྦྱོར་བས་བསྒྲུབ་དགོས་པའི་ཕྱིར། སེམས་བསྐྱེད་ཀྱི་འོག་ཏུ་གདམས་ངག་འཆད་ཅེས་སྟོན་པ་ནི། དབྱེ་བ་ཞར་ལ་བརྗོད་ནས་ཞེས་སོགས་སོ། །འདི་ཡང་དགོས་པའི་སྒོ་ནས་མཚམས་སྦྱར་བ་ཡིན་པས། གདམས་ངག་ཉན་པའི་དགོས་པ་ནི་གཉིས་སྟོན་ཏེ། སྔར་ཡོད་ཀྱི་ཡོན་ཏན་མི་ཉམས་པ་གདམས་པའི་དགོས་པ་དང༌། སྔར་མེད་ཀྱི་ཡོན་ཏན་ཐོབ་པ་རྗེས་སུ་བསྟན་པའི་དགོས་པའོ། །དང་པོ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན་ཐོབ་པ་ཡོངས་སུ་བསྲུང་བའི་དོན་གྱིས་མངོན་པར་འཕེལ་བར་བྱ་བའི་ཕྱིར་ཞེས་པས་བསྟན་ནོ། །གཉིས་པ་ནི། དེས་འཕངས་པའི་ཆོས་འགྲུབ་པར་བྱ་བའི་ཕྱིར་ཞེས་པས་སྟོན། དེ་སྐད་དུ་ཡང་ཉི་སྣང་ལས། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་ངག་ཡིན་ལ། དེའི་འོག་ཏུ་ཡོན་ཏན་མ་ཐོབ་པ་ཐོབ་པར་བྱེད་པའི་ཕྱིར་ནི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་དང༌། འགྲེལ་ཆེན་ལས། དང་པོར་ཐོབ་པའི་ཡོན་ཏན་མི་ཉམས་པ་བྱ་བའི་ཕྱིར་བསླབ་པར་བགྱི་ཞིང༌། ཕྱིས་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱ་བའི་ཕྱིར་རྗེས་སུ་བསྟན་པར་བགྱི་སྟེ། ཞེས་འབྱུང་བ་ལྟར་རོ། །འོ་ན་སེམས་བསྐྱེད་དེས་འཕངས་པའི་ཆོས་དེ་གང་ལ་བྱ་ཞེ་ན། ཆོས་ཤེས་རྫོགས་པའི་བྱང་ཆུབ་ལ་བཞེད། གསེར་གླིང་པ་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་སོགས་ལ་བཞེད། བདག་གི་བློ་ལ་ཤར་བ་ནི། ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་མཐའ་དག་སྟེ། མི་ཟད་པ་བརྒྱད་ཅུའོ། །ཡང་ན་དེས་འཕངས་པ་ཤེར་ཕྱིན་ཏེ། དེས་འཕངས་པའི་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ལྟར་རོ། །སེམས་བསྐྱེད་དང་གདམས་ངག་གི་གོ་རིམ་འདི་ཡང༌། ཐེག་ཆེན་གྱི་གདམས་ངག་ཐོས་པ་ལྟར་ཉམས་སུ་ལེན་པའི་དབང་དུ་བྱས་ཀྱི། ཐེག་ཆེན་གྱི་གདམས་ངག་ཉན་པ་ཙམ་ལ་ནི། ཐེག་ཆེན་སེམས་བསྐྱེད་སྔོན་དུ་འགྲོ་མི་དགོས་ཏེ། དམ་ཆོས་པདྨ་དཀར་པོ་ལས། མགོན་པོ་བདག་ཅག་དེ་རིང་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་སྒྲག་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་བཤད་བྱའི་མདོ་དགོད། དེའི་དོན་བསྟན་བཅོས་སུ་ཇི་ལྟར་བཀྲལ་བའོ། །དང་པོ་ལ། མདོ་སྔ་ཕྱིའི་འབྲེལ་དང༌། འབྲེལ་པ་ཅན་གྱི་མདོ་ལ་རྒྱ་གར་མཁས་པའི་འབྲུ་བཞག་པའོ། །དང་པོ་ནི། སེམས་བསྐྱེད་ཀྱི་སྐབས་སུ། གང་དང་གང་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུང་པ་ལ་འཕྲོས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི། ཞེས་དྲིས་པའོ། །གཉིས་པ་ནི། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་བཞིན་དུ། བྱང་སེམས་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང༌། བྱང་སེམས་མིང་དང༌། བྱང་ཆུབ་དང་བྱང་ཆུབ་ཀྱི་མིང་དང༌། ཡུམ་དང་ཡུམ་གྱི་མིང་ཡང་དག་པར་རྗེས་སུ་མི་མཐོང༌། སྤྱོད་ཅེས་བྱ་བར་མི་སྤྱོད་ཅེས་བྱ་བར་སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་སྤྱོད་པར་ཡང་མ་ཡིན། མི་སྤྱོད་པའང་མིན་པར་ཡང་དག་པར་རྗེས་སུ་མི་མཐོང༌། དེ་བཞིན་དུ་གཟུགས་ཡང་དག་པར་རྗེས་སུ་མ་མཐོང༌། ཚོར་བ་དང༌། འདུ་ཤེས་ཞེས་པ་ནས།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*