བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས།

༼ད༽༄༅། །བྱམས་ཆོས་ལྔའི་ངེས་དོན་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།

ན་མོ་མཻ་ཏྲཱི་ནཱ་ཐ་ཡ། བྱམས་པའི་ཞབས་ཀྱིས་བདེ་བའི་ལམ་བཟུང་ནས། །སྙིང་རྗེའི་ཕྱག་གིས་སྡུག་བསྔལ་ཚེར་མ་ཀུན། །སེལ་མཛད་མཁྱེན་པའི་སྤྱན་གྱིས་དམ་པའི་ཆོས། །སྟོན་མཁས་མི་ཕམ་མགོན་ལ་ཕྱག་འཚལ་ལོ། །ཐོགས་མེད་ཤིང་རྟའི་ལམ་དུ་ངེས་རྒྱུ་བའི། །བསྟན་བཅོས་རྣམ་ལྔའི་ཉིན་བྱེད་སྣང་བ་ཡིས། །བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །ཐེག་ཆེན་ལུང་བརྒྱའི་ངེས་དོན་འདི་ན་གསལ། །ཞེས་མཆོད་པར་བརྗོད་པ་དང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། དབུས་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་བསྡུས་ཀྱི་བསྡུས་པའི་དོན་རབ་ཏུ་གསལ་བ་ཞེས་བྱ་བ་འདི་ལ་གསུམ་སྟེ། རྗེ་བཙུན་གྱི་ཆོས་རྣམ་པ་ལྔའི་གོ་རིམ་དང༌། ངེས་པའི་དོན་གང་ཡིན་པ་དང༌། དེ་ཉིད་ཐོགས་མེད་མཆེད་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་དང༌། བྱེ་བྲག་ཏུ་བསྟན་བཅོས་འདི་ཉིད་ཀྱི་བསྡུས་པའི་དོན་གང་ཡིན་པའོ། །དང་པོ་ལ་གཉིས་ཏེ། གཞན་གྱིས་བརྟགས་པའི་མཐའ་བསལ་བ་དང༌། རང་གི་ལུགས་གཞག་པའོ། །དང་པོ་ནི། བོད་ཀྱི་སློབ་དཔོན་དག་ན་རེ། མངོན་པར་རྟོགས་པའི་རྒྱན་ནི་ཐོག་མར་གསུངས་ཤིང༌། རྒྱུད་བླ་མའི་བསྟན་བཅོས་ནི་ཐ་མར་གསུངས་པ་ཡིན་ཏེ། དང་པོ་ལ་མཆོད་བརྗོད་དང༌། ཐ་མ་ལ་བསྔོ་བ་མཛད་པའི་ཕྱིར། བརྗོད་བྱའི་དོན་སྟོན་ཚུལ་ཡང་ཐོག་མཐའ་གཉིས་ནི་དབུ་མའི་བསྟན་བཅོས་དང༌། བར་པ་གསུམ་ནི་སེམས་ཙམ་གྱི་བསྟན་བཅོས་ཏེ། སྒྲུབ་བྱེད་གོ་རིམ་བཞིན་དུ། མངོན་པར་རྟོགས་པའི་རྒྱན་ནི་འཁོར་ལོ་བར་པའི་དགོངས་འགྲེལ་ཡིན་པ་དང༌། འཕགས་སེང་གི་དབུ་མར་བཀྲལ་བའི་ཕྱིར་དང༌། རྒྱུད་བླ་མའི་བསྟན་བཅོས་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་པར་དགག་པ་དེ་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་ཕྱིར་དང༌། ཐོགས་མེད་ཞབས་ཀྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་བཀྲལ་བའི་ཕྱིར་དང༌། བསྟན་བཅོས་བར་པ་གསུམ་དུ་ནི་ཀུན་བཏགས་བདེན་པར་མེད་པ་དང༌། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པའི་ཚུལ་གསལ་བར་བཤད་པའི་ཕྱིར་དང༌། འདི་གསུམ་དབུ་མར་འགྲེལ་བྱེད་ཀྱི་ཚད་ལྡན་སུ་ཡང་མ་བྱུང་བའི་ཕྱིར། ཞེས་གསུང་ངོ༌། །འདི་མི་འཐད་པ་ལ་གཉིས་ཏེ། རྗོད་བྱེད་ཀྱི་གོ་རིམ་མི་འཐད་པ་དང༌། བརྗོད་བྱའི་ཁྱད་པར་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་མ་ངེས་པ་དང༌། བསྒྲུབ་བྱ་ལ་བསལ་བ་ཡོད་པའོ། །དང་པོ་ནི། ཤེས་བྱེད་དེ་ཙམ་གྱིས་ཆོས་ལྔའི་གོ་རིམ་དེ་ལྟར་ཡིན་པ་མི་འགྲུབ་སྟེ། མངོན་པར་རྟོགས་པའི་རྒྱན་གྱི་མཆོད་བརྗོད་ནི། བསྟན་བཅོས་རང་གི་བརྗོད་བྱའི་གཙོ་བོ་ལ་མཆོད་ཕྱག་མཛད་པ་ཡིན་པས་རྒྱན་རང་གི་ཐུན་མོང་མ་ཡིན་པའི་མཆོད་བརྗོད་ཡིན་ལ། རྒྱུད་སླར་འབྱུང་པའི་བསྔོ་བ་ཡང་རྡོ་རྗེའི་གནས་བདུན་ཚུལ་བཞིན་བཤད་པའི་དགེ་བ་ཡུལ་མཆོག་ཏུ་བསྔོ་བ་ཡིན་པས་བསྟན་བཅོས་དེ་རང་གི་ཐུན་མོང་མ་ཡིན་པའི་ཕྱིར་བསྔོ་བ་ཡིན་པའི་དེས་ན། རྒྱན་གཉིས་དང་རྒྱུད་བླ་མའི་བསྟན་བཅོས་ཏེ་གསུམ་ནི་ཐེག་པ་ཆེན་པོའི་མདོ་སོ་སོ་དང་སྦྱར་ནས་མདོ་དེ་དང་དེའི་དོན་བདེ་བླག་ཏུ་རྟོགས་པའི་ཆེད་དུ་སྦྱར་བའི་བསྟན་བཅོས་ཡིན་པས་ཐོག་མར་འཆད་རིགས་ལ། འབྱེད་རྣམ་པ་གཉིས་ནི། བསྟན་བཅོས་དེ་དང་དེ་ནས་འབྱུང་བའི་བརྗོད་བྱའི་ལམ་ཉམས་སུ་ལེན་པའི་རིམ་པ་སྟོན་བྱེད་ཡིན་པས་ཐ་མར་རིགས་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱ་ཚད་མས་བསལ་བ་དང༌། སྒྲུབ་བྱེད་འཁྲུལ་པའོ། །དང་པོ་ནི་བསྟན་བཅོས་ལྔ་པོ་ལ་དབུ་སེམས་ཀྱི་ཁྱད་པར་སོ་སོ་བ་བྱར་ཡོད་པ་མ་ཡིན་ཏེ། རྗེ་བཙུན་རང་གི་གཞུང་དགོངས་འགྲེལ་དང་བཅས་པ་ནས་འབྱུང་བའི་དབུ་མ་དེར་ནི་བྱམས་པའི་ཆོས་ལྔ་ཆར་གྱི་དགོངས་པ་ཉེ་བར་གནས་པ་ཡིན་ལ། ཐལ་རང་དུ་གྲགས་པའི་དབུ་མ་དེར་ནི་མངོན་པར་རྟོགས་པའི་རྒྱན་དང་རྒྱུད་བླ་མའི་དགོངས་པ་ཡང་རབ་ཏུ་གནས་པ་མ་ཡིན་པའི་ཕྱིར་རོ། །འདི་སྒྲུབ་པ་ལ་གཉིས་ཏེ། གཏན་ཚིགས་དང་པོ་སྒྲུབ་པ་དང༌། གཉིས་པ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། ལུང་གིས་དང༌། རིགས་པས་སོ། །དང་པོ་ནི། མངོན་པར་རྟོགས་པའི་རྒྱན་གྱི་ངེས་དོན་མཐར་ཐུག་པ་ནི་དབུས་མཐའ་ནས་འབྱུང་བ་དང་མཐུན་པར་རྗེ་བཙུན་ཉིད་ཀྱིས་བཤད་པ་ཡིན་ཏེ། འདི་སྐད་དུ། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཅེས་ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་སྟོང་པར་བཤད་པའི་དགོངས་པ་དབུས་མཐའ་ནས་འབྱུང་བ་དེ་ཉིད་དུ་ངེས་པར་བཤད་ལ། དེ་དེར་སྒྲུབ་པ་ན་རྒྱན་གྱི་དགོངས་པ་ཡང་དེར་འགྲུབ་པའི་ཕྱིར་དང༌། རྗེ་བཙུན་བྱམས་པས་དབུ་མའི་བསྟན་བཅོས་སུ་བཤད་པས་དབུ་མའི་བསྟན་བཅོས་སུ་མི་རུང་ན་དབུ་མའི་དབུ་མའི་བསྟན་བཅོས་སུ་ཁས་འཆེ་བ་གཞན་ལ་ཡང་དེར་མཚུངས་པས་ཧ་ཅང་ཐལ་བའི་ཕྱིར། གཉིས་པ་ནི། རྒྱུད་བླ་མའི་བསྟན་བཅོས་དབུ་མའི་གཞུང་དུ་ཁས་བླངས་པ་དེ་ཉིད་ཀྱིས་གཞུང་བར་པ་གསུམ་ཡང་དབུ་མའི་བསྟན་བཅོས་སུ་འགྲུབ་པ་ཡིན་ཏེ། དེ་དང་གཞུང་གསུམ་པོའི་ངེས་དོན་གཏན་ལ་འབེབས་ཚུལ་དང་ཕབ་པའི་ངེས་དོན་གྱི་ངོས་འཛིན་ལུགས་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། གཞུང་དེ་བཞི་ཀར་ཡང་གཟུང་འཛིན་གཉིས་པོ་ཀུན་བཏགས་སུ་བཤད་ནས་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པར་འཆད་པ་ལ་ནི་ཁྱད་པར་གྱི་ཚུལ་ཅི་ཡང་མ་དམིགས་པའི་ཕྱིར། གལ་ཏེ་ཇི་སྐད་དུ། སློབ་དཔོན་ཟླ་བས། འདི་ལས་གཞན་ན་ཆོས་འདི་ནི། །ཇི་ལྟར་མེད་པ་དེ་བཞིན་དུ། །ཞེས་བཤད་པས་ན་བྱམས་ཆོས་བར་པ་གསུམ་གྱི་དགོངས་པ་དབུ་མར་མི་གནས་སོ་ཤེ་ན། འོ་ན་གང་དུ་གནས། སེམས་ཙམ་དུའོ་ཞེ་ན། མ་ཡིན་ཏེ། དེ་དེར་མི་གནས་པ་ནི་མདོ་སྡེའི་རྒྱན་དང་དབུས་མཐའ་གཉིས་ཀ་ལས་གསལ་བའི་ཕྱིར་ཏེ། རྒྱན་དུ། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་དང་དབུས་མཐར། མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང༌། དེའི་འགྲེལ་པར། དོན་མི་དམིགས་པ་ལ་བརྟེན་ནས་རྣམ་པར་རིག་པ་ཙམ་མི་དམིགས་པ་ཡང་སྐྱེ། ཞེས་བཤད་པའི་ཕྱིར། དེ་ལས་གཞན་དུ་དབུ་མའི་བསྟན་བཅོས་གང་ཡིན་ཐམས་ཅད་འཇུག་པ་རྩ་འགྲེལ་དང་མི་འགལ་བར་འཆད་དགོས་ན། དབུ་མ་རང་རྒྱུད་ཀྱི་བསྟན་བཅོས་རྣམས་དང༌། ཀླུ་གྲུབ་ཞབས་ཀྱི་བྱང་ཆུབ་སེམས་འགྲེལ་དང༌། ཆོས་དབྱིངས་བསྟོད་པ་སོགས་དང༌། ཟླ་བའི་ཞབས་རང་ཉིད་ཀྱིས་མཛད་པའི་འགྲེལ་ཆེན་སྒྲོན་མ་གསལ་བ་སོགས་ཀྱིས་མ་ངེས་པར་འགྱུར་ཏེ། དབུ་མ་ལ་འཇུག་པར་རང་རྒྱུད་པའི་ལྟ་བ་བཀག་པར་ཁྱེད་ཅག་ཁས་ལེན་པའི་ཕྱིར་དང༌། བྱང་ཆུབ་སེམས་འགྲེལ་སོགས་སུ་ནི་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པར་བཤད་པའི་ཕྱིར་རོ། །གཏན་ཚིགས་གཉིས་པའི་སྒྲུབ་བྱེད་བཤད་པ་ལ་གཉིས་ཏེ། ལུང་གི་དང༌། རིགས་པའི་འོ། །དང་པོ་ནི། རྒྱུད་བླ་མའི་བསྟན་བཅོས་ཀྱིས་ངེས་དོན་ཚུལ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་དག་དང་མཐུན་པ་མ་ཡིན་ཏེ། ཇི་སྐད་དུ་སྤྲིན་དང་རྨི་ལམ་སྒྱུ་མ་བཞིན། །ཞེས་སོགས་དྲིས་ལན་གྱི་དོན་ལ་བརྟགས་པ་ན། བཀའ་འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་གི་ཚུལ་དུ་གཏན་ལ་འབེབས་པར་གསལ་བའི་ཕྱིར་དང༌། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་ཁམས་བདེ་བར་གཤེགས་པའི་སྙིང་པོ་དེ་རང་གི་ངོ་བོས་མི་སྟོང་པར་བཤད་པའི་ཕྱིར། མངོན་པར་རྟོག་པའི་རྒྱན་གྱི་དགོངས་པ་ཡང་དེར་མི་གནས་ཏེ། རྒྱན་གྱི་རྩ་བ་ན་རང་སྟོང་གི་འཆད་ཚུལ་འགའ་ཡང་མ་དམིགས་པའི་ཕྱིར་དང༌། ཇི་སྐད་དུ། གཟུགས་ལ་སོགས་པ་སྟོང་པའི་ཕྱིར། །ཞེས་པ་ལྟ་བུའི་འཆད་ཚུལ་ནི་རྣམ་བརྟགས་ཀྱི་གཟུགས་དེ་ཀུན་བརྟགས་པའི་གཟུགས་ཀྱིས་སྟོང་པ་ལ་འཆད་པར་དབྱིག་གཉེན་ཞབས་དང༌། ཕྱོགས་ཀྱི་གླང་པོ་སོགས་ཀྱིས་བཤད་པའི་ཕྱིར། གཉིས་པ་ནི། རྒྱུད་བླ་མར་དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་གི་ངོ་བོས་སྟོང་པར་འཆད་པ་མ་ཡིན་ཏེ། གཞུང་དེར་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཙང་བདེ་རྟག་བདག་དང༌། རྟག་བརྟན་གཡུང་དྲུང་དུ་བཤད་པའི་ཕྱིར། མངོན་པར་རྟོགས་པའི་རྒྱན་དུ་ཡང་ཆོས་ཉིད་ཀྱི་ངོ་བོ་རང་སྟོང་དུ་འཆད་པ་མ་ཡིན་ཏེ། གཞུང་དེར། ཇི་སྐད་དུ། དེ་མ་རྫོགས་དང་རབ་རྫོགས་ལ། །ཞེས་གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ལ། ཀུན་བརྟགས་པ་དང༌། རྣམ་པར་བཏགས་པ་དང༌། ཆོས་ཉིད་གསུམ་གསུམ་དུ་རྣམ་པར་ཕྱེ་བ་ཡིན་ཞིང༌། གཞུང་གང་དུ་དེ་དང་དེར་ཕྱེ་བ་ཞིག་ནམ་བྱུང་བ་དེའི་ཚེ་ཆོས་ཉིད་ཀྱི་གཟུགས་སོགས་རང་གི་ངོ་བོས་མི་སྟོང་པ་ཉིད་དུ་འཆད་དགོས་པས་ཁྱབ་པའི་ཕྱིར། གལ་ཏེ་འོ་ན་འཕགས་པ་གྲོལ་སྡེས་རྒྱན་གྱི་དགོངས་པ་རང་སྟོང་སྨྲ་བའི་ཚུལ་དུ་བཀྲལ་བ་དང༌། ཐོགས་མེད་ཞབས་ཀྱིས་རྒྱུད་བླའི་དགོངས་པ་ཡང་དེར་བཀྲལ་བ་མ་ཡིན་ནམ་ཞེ་ན། འཕགས་པ་གྲོལ་སྡེས་རྒྱན་གྱི་ངེས་དོན་དེ་ལྟར་བཀྲལ་བ་ཡིན་མོད། བཀྲལ་བ་དེ་ནི་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དང་མཐུན་ཞེས་འཆད་དུ་རུང་ཡང་རྗེ་བཙུན་བྱམས་པའི་གཞུང་གི་དགོངས་པར་སོང་བ་མ་ཡིན་ཏེ། བྱམས་ཆོས་ཕྱི་མ་བཞི་པོས་ཤེས་ཕྱིན་གྱི་མདོའི་དགོངས་པ་བཀྲལ་བ་དང་མ་མཐུན་པའི་ཕྱིར། དེ་ལྟ་ན་ཡང་མི་འཐད་པ་ནི་མ་ཡིན་ཏེ། ཤེས་ཕྱིན་གྱི་མདོའི་དགོངས་པ་དབུ་མར་འགྲེལ་བའི་ཤིང་རྟ་ཆེན་པོའི་སྲོལ་གཉིས་ལས། གཅིག་ནི་འཕགས་གྲོལ་གྱི་འཆད་ཚུལ་དེ་ཉིད་ཡིན་པའི་ཕྱིར། དཔེར་ན་བསྟན་བཅོས་བཞི་བརྒྱ་པའི་དགོངས་པ་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས་གཞན་སྟོང་གི་ཚུལ་དུ་བཀྲལ་ཀྱང་དབུ་མར་མ་བཀྲལ་བ་མ་ཡིན་པ་བཞིན་ནོ། །རྒྱུད་བླའི་འགྲེལ་པར་ནི་གཞན་སྟོང་གི་ཚུལ་ཁོ་ན་གསལ་བར་བཞུགས་ཀྱི་རང་སྟོང་གི་འཆད་ལུགས་སྣ་གཅིག་ཀྱང་བཤད་པ་མེད་དོ། །གཉིས་པ་སྒྲུབ་བྱེད་འཁྲུལ་པ་ལ་གཉིས་ཏེ། ཁྱབ་པ་འཁྲུལ་པ་དང༌། གཏན་ཚིགས་མ་གྲུབ་པའོ། །དང་པོ་ནི། འཁོར་ལོ་བར་པའི་དགོངས་འགྲེལ་ཡིན་པ་ཙམ་གྱིས་ངོ་བོ་ཉིད་མེད་པའི་ཚུལ་དུ་གནས་པར་ཁས་ལེན་ན། ཇི་སྐད་དུ། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །ཅེས་དང༌། ཤེས་བྱ་ནང་གི་ཡིན་པ་ལ། ཞེས་པའི་སྐབས་ནས་འབྱུང་བའི་འགྲེལ་པ་རྣམས་ཀྱིས་མ་ངེས་པ་དང༌། ཡང་འཕགས་སེང་གིས་བཀྲལ་བ་ཙམ་གྱིས་དེར་ངེས་ན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོས་བཀྲལ་བ་ཙམ་གྱིས་ནི་གཞན་སྟོང་འཆད་པའི་བསྟན་བཅོས་སུ་ངེས་པར་ཡང་རིགས་ལ། དེ་ལྟ་ན་ནི་ཁྱེད་ཅག་གཞན་སྟོང་སྨྲ་བའི་བསྟན་བཅོས་ཐམས་ཅད་སེམས་ཙམ་གྱི་བསྟན་བཅོས་སུ་ཁས་བླང་པ་དང་འགལ་ལོ། །གཉིས་པ་ནི། ཁྱེད་ཀྱི་རྒྱུད་བླ་ངོ་བོ་ཉིད་མེད་པར་སྨྲ་བའི་བསྟན་བཅོས་ཡིན་པའི་ཤེས་བྱེད་དུ་བཀོད་པའི་གཏན་ཚིགས་དང་པོ་མ་གྲུབ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་མེད་དགག་གི་ཆ་ནས་ངོས་འཛིན་པ་རྔོག་ལོ་ཆེན་པོ་རྗེས་འབྲང་དང་བཅས་པའི་བཞེད་པ་ཡིན་ཀྱང༌། མ་ཡིན་དགག་གི་ཆ་ནས་ངོས་འཛིན་པ་གཞུང་དེ་ཉིད་ཀྱི་རྩ་འགྲེལ་ན་གསལ་བའི་ཕྱིར་དང༌། སྤྱིར་ཡང་དེ་བཞིན་ཉིད་ཀྱི་ངོས་འཛིན་གཉིས་མེད་ཀྱི་ཡེ་ཤེས་ལ་འཆད་དགོས་པ་ནི་བྱམས་ཆོས་རྗེས་འབྲང་དང་བཅས་པའི་གཞུང་ལུགས་མཐའ་དག་ན་གསལ་བའི་ཕྱིར་དང༌། ཐེག་པ་བླ་ན་མེད་པའི་གཞུང་ལས་ཀྱང་སྙིང་པོའི་ངོས་འཛིན་ཆོས་དབྱིངས་ཡེ་ཤེས་ལ་འཆད་པར་གསལ་བའི་ཕྱིར་རོ། །ཡང་ཁྱེད་ཀྱིས་དེ་དེར་སྒྲུབ་བྱེད་ཀྱི་གཏན་ཚིགས་གཉིས་པ་ཡང་མ་གྲུབ་སྟེ། ཐོགས་མེད་ཞབས་ཀྱིས་རྒྱུད་བླ་མའི་དགོངས་པ་གཞན་སྟོང་གི་ཚུལ་དུ་བཀྲལ་བར་ནི། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་འགྲེལ་པ་ན་ཤིན་དུ་གསལ་བའི་ཕྱིར། ཡང་ཁྱེད་ཀྱིས་བསྟན་བཅོས་བར་པ་གསུམ་སེམས་ཙམ་གྱི་གཞུང་དུ་སྒྲུབ་པའི་གཏན་ཚིགས་དང་པོ་མ་གྲུབ་སྟེ། གཞུང་དེ་གསུམ་འགྲེལ་པ་དང་བཅས་པ་ན་གཞན་དབང་སྒྱུ་མ་ལྟ་བུར་སྟོན་པ་ཤ་སྟག་ཡོད་ཀྱི་བདེན་གྲུབ་ཏུ་སྟོན་པ་གཅིག་ཀྱང་མེད་པའི་ཕྱིར་དང༌། སློབ་དཔོན་ཟླ་བས། ཇི་སྐད་དུ། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །ཞེས་སོགས་ཕྱོགས་སྔ་མར་བླངས་པ་དེར་ནི་གཞན་དབང་གི་ངོ་བོ་ཞེས་པ་གཉིས་མེད་ཀྱི་ཡེ་ཤེས་ལ་ཟེར་བ་ཡིན་ཏེ། ཇི་སྐད་དུ། ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་འབྱུང་བ་ལས་གསལ་བའི་ཕྱིར་རོ། །ཅི་སྟེ་དེ་ཉིད་གཞན་དབང་ངོ་ཞེ་ན། དེ་བས་ཆེས་འདི་ངོ་མཚར་ཆེ་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བའི་འགྱུར་མེད་ཡོངས་གྲུབ་ཀྱི་དོན་མ་གོ་བའམ། ལ་ལ་དག་གིས་ནི་གོ་ཡང་ཕྱིན་ཅི་ལོག་ཏུ་བཏོན་པར་ཟད་དོ། །ཡང་ཁྱེད་ཅག་གིས་དེ་དེར་སྒྲུབ་པའི་གཏན་ཚིགས་གཉིས་པ་མ་གྲུབ་སྟེ། དབྱིག་གཉེན་ཞབས་ཀྱིས། མདོ་སྡེའི་རྒྱན་དང༌། འབྱེད་གཉིས་ཏེ་གསུམ་ཀ་དབུ་མར་བཀྲལ་བའི་ཚུལ་ནི་དེ་དག་གི་འགྲེལ་པ་ན་ཤིན་ཏུ་གསལ་བའི་ཕྱིར། གལ་ཏེ་དེ་ནས་བཤད་པའི་དབུ་མ་དེ་སེམས་ཙམ་མོ་ཞེ་ན། འོ་ན་ལུགས་དེར་སེམས་ཙམ་ལ་དབུ་མ་ཞེས་འདོགས་ན་དེ་ལས་ལོགས་སུ་སེམས་ཙམ་གྱི་མཚན་གཞི་མེད་པའམ། ཡོད་ན་གང་ཡིན། མེད་ན་ནི་ལུགས་དེར་གྲུབ་མཐའ་སྨྲ་བ་བཞིའི་དབྱེ་བ་མི་འཆད་པར་འགྱུར་ལ། དེའི་མཚན་གཞི་སེམས་ཙམ་རྣམ་བདེན་པའོ་ཞེ་ན། དེ་ཉིད་ཀྱི་ཕྱིར་རྣམ་རྫུན་པ་དབུ་མ་པར་གྲུབ་སྟེ། སེམས་ཙམ་པའི་གྲུབ་མཐའ་བཀག་ནས་རྗེས་ཐོབ་ཏུ་རང་ལུགས་འཇོག་པའི་ཕྱིར་དང༌། སེམས་ཙམ་ལས་གོང་དུ་གྱུར་པའི་གྲུབ་མཐའ་སྨྲ་བ་ཡིན་པའི་ཕྱིར། གལ་ཏེ་དབུ་མ་པས་བལྟས་པ་ན་འདི་སེམས་ཙམ་པའོ་ཞེ་ན། མ་ཡིན་ཏེ། རྣམ་རྫུན་པ་འདི་ལ་སེམས་ཙམ་པར་འཆད་པའི་ཁུངས་ཐུབ་ཀྱི་ལུང་མེད་ཅིང༌། དབུ་མ་པར་སྟོན་པའི་ལུང་ནི་དབུས་དང་མཐའ་རྣམ་པར་འབྱེད་པ་འདི་ཡོད་པའི་ཕྱིར། གཞན་ཡང་རྣལ་འབྱོར་སྤྱོད་པ་པར་བཤད་པ་ཙམ་གྱིས་སེམས་ཙམ་པར་འགྲུབ་ན་ནི། ཞི་བ་འཚོ་དཔོན་སློབ་ལ་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་མཐའ་དག་སེམས་ཙམ་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་རང་ལུགས་གཞག་པ་ལ་གཉིས་ཏེ། འཆད་བྱེད་ཆོས་ལྔའི་གོ་རིམ་ངེས་པ་དང༌། བཤད་བྱ་ངེས་དོན་གྱི་ངོས་འཛིན་མ་ནོར་བའོ། །དང་པོ་ལ་གཉིས་ཏེ། བཤད་བྱ་མདོའི་གོ་རིམ་ངེས་པ་དང༌། དེས་འཆད་བྱེད་བསྟན་བཅོས་ཀྱི་གོ་རིམ་ཀྱང་འགྲུབ་པའོ། །དང་པོ་ནི། ཆོས་ལྔ་པོ་འདིའི་བཤད་བྱའི་བཀའ་ནི་གཉིས་ཏེ། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོའོ། །དེ་ལའང་གཉིས་ཏེ། ཟབ་པ་རྒྱུད་བླ་མའི་མདོ་དང༌། རྒྱ་ཆེ་བ་མངོན་པའི་མདོའོ། །དང་པོ་ནི་སྙིང་པོའི་མདོ་བཅུ་ལྟ་བུ་ལ་བྱ་ལ། གཉིས་པ་ནི་རྣལ་འབྱོར་སྤྱོད་པའི་མདོ་སྟོང་ཕྲག་བརྒྱ་པ་ལྟ་བུའོ། །ཡང་ན་ཆོས་ལྔ་པོའི་བཤད་བྱའི་མདོ་ནི་གཉིས་ཏེ། མདོ་སྡེ་དང༌། མངོན་པའོ། །དང་པོ་ལ་གཉིས་ཏེ། ཟབ་པ་དང༌། རྒྱ་ཆེ་བའོ། །དང་པོ་ལ་གཉིས་ཏེ། ངེས་དོན་གཏན་ལ་འབེབས་བྱེད་ཀྱི་མདོ་དང༌། དེས་གཏན་ལ་ཕབ་པའི་ངེས་དོན་ངོས་འཛིན་གྱི་མདོའོ། །དང་པོ་ནི་ཤེས་ཕྱིན་གྱི་མདོ་ལྟ་བུ་དང༌། གཉིས་པ་ནི་དོན་དམ་རྣམ་ངེས་ཀྱི་མདོ་དང་སྙིང་པོའི་མདོ་ལྟ་བུའོ། །གཉིས་པ་ནི། བྱང་སའི་བཤད་བྱའི་མདོ་རྣམས་ལྟ་བུའོ། །ཆོས་མངོན་པ་ལ་ཡང་ཟབ་པ་དང་རྒྱ་ཆེ་བ་གཉིས་ལས། དང་པོ་ནི། ཐེག་བསྡུས་ཀྱི་བཤད་བྱའི་མདོ་རྣམས་དང༌། གཉིས་པ་ནི་མངོན་པ་ཀུན་ལས་བཏུས་དང་ས་སྡེ་ལྔའི་བཤད་བྱའི་མདོ་རྣམས་སོ། །གཉིས་པ་བསྟན་བཅོས་ཀྱི་གོ་རིམ་ངེས་པའི་ཚུལ་ནི། མངོན་པར་རྟོགས་པའི་རྒྱན་ནི་ཆོས་ལྔའི་ཐོག་མར་བསྟན་པ་ཡིན་ཏེ། འཁོར་ལོ་བར་པའི་མདོ་དང༌། སྟོང་པ་ཉིད་གཏན་ལ་འབེབས་བྱེད་ཀྱི་མདོའི་དགོངས་འགྲེལ་དུ་མཛད་པའི་ཕྱིར། དེའི་འོག་ཏུ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་མཛད་པ་ཡིན་ཏེ། ལྟ་བའི་ཆ་བཀའ་ཐ་མའི་ཆོས་མངོན་པ་ནས་འབྱུང་བ་དང༌། སྤྱོད་པའི་ཆ་མདོ་སྣ་ཚོགས་ཀྱི་དགོངས་འགྲེལ་དུ་མཛད་པའི་ཕྱིར་དང༌། འཁོར་ལོ་བར་པ་སངས་རྒྱས་ཀྱི་བཀར་བསྒྲུབས་ནས་དེར་བཤད་པའི་ངེས་དོན་མཐར་ཐུག་ནི་བཀའ་ཐ་མར་བཀྲལ་བ་འདི་ཡིན་ནོ་ཞེས་ངོས་བཟུང་བའི་ཕྱིར། དེའི་འོག་ཏུ་རྒྱུད་བླ་མའི་བསྟན་བཅོས་མཛད་པ་ཡིན་ཏེ། རྒྱན་གཉིས་ནས་འབྱུང་བའི་ངེས་དོན་མཐར་ཐུག་དེ་ཉིད་སངས་རྒྱས་ཀྱི་སྙིང་པོའི་དགོངས་གཞིར་བཞག་ནས་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་བཤད་པས་ན་བཀའ་ཐ་མའི་ཡང་ཐ་མ་དག་གི་དགོངས་འགྲེལ་དུ་མཛད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་ཇི་སྲིད་སྟོང་པ་ཉིད་ཀྱི་ཡུལ་རྒྱས་པར་བསྟན་མ་ཟིན་པ་དེ་སྲིད་དུ་དེ་བཞིན་གཤེགས་པའི་སྙིང་པོ་དང་མཐར་ཐུག་ཐེག་པ་གཅིག་སྟོན་པར་མི་མཛད་པའི་ཕྱིར་རོ། །དེའི་འོག་ཏུ་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་མཛད་པ་ཡིན་ཏེ། མངོན་རྟོགས་རྒྱན་གྱི་ངེས་དོན་མདོ་སྡེའི་རྒྱན་གྱིས་ངོས་བཟུང་བ་དེ་ཉིད་དབུ་མའི་ལམ་དུ་བཤད་ནས་དེ་ཉིད་མདོ་སྡེ་ནས་འབྱུང་བའི་སྤྱོད་པ་དང་སྦྱར་ནས། ཇི་ལྟར་སྒོམ་པའི་རིམ་པ་སྟོན་པའི་དོན་དུ་མཛད་པའི་ཕྱིར། དེའི་འོག་ཏུ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་མཛད་པ་ཡིན་ཏེ། དེར་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་ངེས་དོན་དེ་ཉིད་ཇི་ལྟར་སྒོམ་པའི་རིམ་པ་སྟོན་པའི་དོན་དུ་མཛད་པའི་ཕྱིར། འོ་ན་དབུས་མཐའ་རྣམ་འབྱེད་ཀྱིས་རྒྱུད་བླ་མའི་ངེས་དོན་སྒོམ་པའི་རིམ་པ་མི་སྟོན་པ་ཅི་ཞེ་ན། དེར་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཞེས་བྱ་བའི་རྣམ་གཞག་དང༌། དེ་སྦྱོང་བྱེད་ཀྱི་སྒྲུབ་པ་ཡང་མ་བཤད་ལ། མཐར་ཐུག་ཐེག་པ་གསུམ་གྱི་ཚུལ་ལས་མ་འདས་པའི་ཕྱིར་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པར་ནི་གནས་གྱུར་མཐར་ཕྱིན་པ་ཐེག་པ་ཆེན་པོ་ཁོ་ན་ལ་བཤད་པ་ན། མཐར་ཐུག་ཐེག་པ་གཅིག་ཉིད་དུ་བཤད་པར་གསལ་བས་དམན་པའི་ལྷག་མེད་མྱང་འདས་ན་མ་རིག་བག་ཆགས་ཀྱི་ས་ཡོད་པས་དེའི་དབང་གིས་སྐྱེ་བ་ལེན་ཞིང་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་དང༌། ཆོས་ཉིད་གོམས་པའི་སྟོབས་ཀྱིས་དེ་སྤོང་ནུས་པར་འཆད་པའི་ཕྱིར། གཉིས་པ་ཆོས་ལྔའི་ངེས་དོན་ངོས་བཟུང་བ་ནི། ཐོག་མར་མངོན་པར་རྟོགས་པའི་རྒྱན་གྱི་དངོས་བསྟན་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་མེད་པར་དགག་པ་སྟེ་འཁོར་ལོ་བར་པའི་མདོར་དངོས་སུ་བསྟན་པ་དེ་ཉིད་དོ། །དེ་ཙམ་ནི་ངེས་པའི་དོན་དུ་མི་རུང་སྟེ། ལྡོག་པ་གཞན་སེལ་གྱི་ཆ་ལས་མ་འདས་པས་རྟོག་པའི་དངོས་ཡུལ་ཁོ་ནར་ངེས་ཀྱི། སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་མི་རུང་བའི་ཕྱིར་དེ་བས་ན་དེའི་ངེས་དོན་མཐར་ཐུག་པ་ནི་མདོ་སྡེའི་རྒྱན་དང་དབུས་མཐའ་རྣམ་འབྱེད་དུ་ངོས་བཟུང་བ་གང་ཡིན་པ་དེ་ཉིད་ལ་བྱ་སྟེ། འཁོར་ལོ་བར་པའི་ངེས་དོན་ནི་འཁོར་ལོ་ཐ་མར་ངོས་འཛིན་པ་ལ་རག་ལས་པའི་ཕྱིར། དེ་ཡང་གང་ཞེ་ན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཤིག་ཡིན་ལ། དེ་ལའང་ཆོས་ཅན་གྱི་ཆ་དང༌། ཆོས་ཉིད་ཀྱི་ཆ་གཉིས་ལས་ཕྱི་མ་ཁོ་ན་སྟེ། མདོ་སྡེའི་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དབུ་མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་འཆད་པ་ན། གཉིས་དངོས་མེད་པའི་དངོས་མེད་པའི་དངོས་པོ། །ཞེས་གསུངས་པས་སོ། །དེ་ལྟར་ཡིན་པ་དེའི་ཕྱིར་གཞུང་དེ་གསུམ་གྱིས་བསྟན་པའི་མཐར་ཐུག་གི་ལྟ་བ་ངོས་འཛིན་ཚུལ་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཞིང༌། སྤྱོད་པས་ཉམས་སུ་ལེན་པའི་ཚུལ་སྟོན་ལུགས་ལ་ནི་ཁྱད་པར་མེད་པ་མ་ཡིན་ཏེ། མངོན་པར་རྟོགས་པའི་རྒྱན་དུ་ནི་ཤེས་ཕྱིན་གྱི་མདོའི་ཤུགས་བསྟན་མངོན་རྟོགས་ཀྱི་རིམ་པ་དེ་ཉིད་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦྱར་ནས་ཉམས་སུ་ལེན་པའི་ཚུལ་གྱིས་བཤད་ལ། གཞན་གཉིས་སུ་ནི་འཁོར་ལོ་བར་པའི་ངེས་དོན་འཁོར་ལོ་ཐ་མས་ངོས་བཟུང་བ་དེ་ཉིད་འཁོར་ལོ་ཐ་མའི་མདོ་སྡེ་མང་པོ་ནས་འབྱུང་བའི་སྤྱོད་པའི་ཕྱོགས་དང་སྦྱར་ནས་ཉམས་སུ་ལེན་པའི་ཚུལ་གྱིས་བཤད་པའི་ཕྱིར། རྒྱུད་བླ་མའི་བསྟན་བཅོས་ཀྱི་ངེས་པའི་དོན་རང་གི་ངོ་བོ་ནི་བསྟན་བཅོས་གསུམ་པོ་དེའི་ངེས་དོན་གྱི་ངོ་བོ་དང་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། མདོ་སྡེའི་རྒྱན་དང་དབུས་མཐའ་གཉིས་སུ་མཚན་ཉིད་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པའི་ངེས་དོན་དེ་ཉིད་འདིར་བཤད་པ་ལས་གཞན་མ་ཡིན་པའི་ཕྱིར་དང༌། མདོ་སྡེའི་རྒྱན་དུ་གཞན་དབང་སྒྱུ་མ་ལྟ་བུར་སྟོན་པའི་རིགས་པ་སྔོན་དུ་མ་སོང་ན་རྒྱུད་བླ་ནས་འབྱུང་བའི་སྙིང་པོ་ངོས་མི་ཟིན་པའི་ཕྱིར། དེ་ལྟ་ན་ཡང་འཆད་ཚུལ་ནི་མི་འདྲ་སྟེ། གཞུང་དེ་གཉིས་སུ་ནི་དེ་འདྲ་དེ་ངེས་དོན་མཐར་ཐུག་ཏུ་བསྟན་པ་མ་གཏོགས། དེའི་ཡོན་ཏན་གྱི་ཆ་ནས་བཤད་པ་མེད་ལ། འདིར་ནི་དེ་ཉིད་ལ་གནས་སྐབས་ཀྱི་དབྱེ་བས་རྡོ་རྗེ་རྣམ་པ་བདུན་དུ་འཇོག་པའི་ཚུལ་དང༌། གཞི་དུས་ཀྱི་ཡེ་ཤེས་དེ་ཉིད་སྦྱང་གཞིར་གཞག་ནས་ལམ་དུས་སུ་སྦྱང་བྱའི་དྲི་མ་དགུ་སྦྱངས་པ་ལས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་འགྱུར་བའི་ཚུལ་གྱིས་བཤད་པའི་ཕྱིར། བསྟན་བཅོས་ལྔ་པ་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་གཞུང་གིས་བསྟན་པའི་ངེས་དོན་ནི་ཆོས་ཉིད་ཅེས་བྱ་བ་དེ་ཡིན་ལ། དེའི་ངོས་འཛིན་ཀྱང་རྒྱན་དང་དབུས་མཐར་གཏན་ལ་ཕབ་པ་དེ་ཉིད་ཡིན་ཏེ། སྦྱང་གཞི་གཞན་དབང་གི་སྟེང་དུ་དགག་བྱ་གཟུང་འཛིན་ཀུན་བཏགས་གཉིས་ཀྱིས་སྟོང་པའི་དངོས་པོ་ལ་བཤད་པའི་ཕྱིར། དེ་ལྟ་ན་ཡང་གཞུང་སྔ་མ་གཉིས་དང་བཟློས་པ་མ་ཡིན་ཏེ། དེར་ནི་ལྟ་བ་གཏན་ལ་ཕབ་ནས་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་དང༌། ཐེག་པ་ཆེན་པོའི་སེམས་བསྐྱེད་སོགས་བསྐལ་པ་གྲངས་མེད་པ་དག་ཏུ་གོམས་པར་བྱེད་པའི་ཚུལ་བསྟན་པ་ཡིན་ལ། འདིར་ནི་ཆོས་ཉིད་རྐྱང་པ་ཡིད་ལ་བྱེད་པའི་ཆ་ནས་བསྟན་པའི་ཕྱིར་རོ། །མདོར་ན་བྱམས་པའི་ཆོས་འདིར་ལྟ་བ་གཏན་ལ་འབེབས་པའི་ཚེ། གང་ཡོད་པ་ཡིན་ན་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་ཡིན་དགོས་ལ། དེ་ཡིན་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡེ་ཤེས་བྱ་བ་ཡོངས་གྲུབ་ཀྱི་མིང་ཅན་དེ་ཡིན་དགོས་སོ། །འོ་ན་གནས་ཚུལ་གྱིས་ས་སྐུའི་ཡོན་ཏན་རྣམས་ཀྱང་དེར་འགྱུར་ལ། དེ་ལྟ་ན་རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་པ་ནི་འདོད་པ་ཉིད་དེ། ཆོས་ཉིད་ཀྱི་ཡེ་ཤེས་དྲི་མ་དང་བྲལ་བའི་ཚེ་ཆོས་ཅན་གྱི་ཡེ་ཤེས་གསར་དུ་བྱུང་བ་ལྟ་བུར་མངོན་པ་ཡིན་གྱི། སངས་རྒྱས་ཀྱི་སའི་ཡོན་ཏན་ཇི་སྙེད་པ་རྫས་ཀྱི་སྒོ་ནས་ཆོས་ཉིད་དང་དབྱེ་བ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། སྐུ་ལྷག་མ་གསུམ་པོ་དོན་དམ་པར་ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས། ཞེས་འབྱུང་བ་ལྟར་རོ། །གཉིས་པ་བྱམས་ཆོས་ལྔ་པོ་ཐོགས་མེད་མཆེད་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ལ། དབུ་སེམས་ཀྱི་ཁྱད་པར་ཞིབ་མོར་ཕྱེ་བ་དང༌། དེས་ན་དབུ་མར་བཀྲལ་ཀྱང་རང་སྟོང་སྨྲ་བ་དང་མི་མཐུན་པའི་ཚུལ་ལོ། །དང་པོ་ནི། ཐེག་པ་ཆེན་པོའི་དབུ་མ་འཆད་ཚུལ་ལ་གཉིས་ཏེ། རང་སྟོང་གི་སྒོ་ནས་དང༌། གཞན་སྟོང་གི་སྒོ་ནས་འཆད་ཚུལ་ལོ། །དང་པོ་ནི། སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་ཤུལ་ན་དབུས་མ་ཞེས་བྱ་བའི་དངོས་པོ་ཅི་ཡང་ལུས་པ་མེད་པ་ཞིག་ལ་དབུ་མ་ཞེས་བྱ་བའི་ཐ་སྙད་བཏགས་པ་ཙམ་ཡིན་ཏེ། རང་གི་ངོ་བོས་མི་སྟོང་པའི་ཤེས་བྱ་མི་སྲིད་པའི་ཕྱིར། གཉིས་པ་ནི། གཟུང་འཛིན་གཉིས་མེད་པ་དང༌། གཉིས་མེད་ཀྱི་ཡེ་ཤེས་ཡོད་པ་སྟེ་དེ་ལྟ་བུའི་སྒྲོ་སྐུར་གྱི་མཐའ་གཉིས་བསལ་བའི་ཤུལ་ན་ཡོད་པའི་དངོས་པོ་ཞིག་ལ་ནི་དབུ་མ་ཞེས་བྱ་ལ། མིང་གི་རྣམ་གྲངས་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་རྣམས་སོ། །དེ་ལའང་གཉིས་ཏེ། མཐར་ཐུག་ཐེག་པ་གསུམ་དུ་འཆད་པ་དབུ་མ་འབྲིང་པོ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་སྟོན་པ་དབུ་མ་ཆེན་པོའོ། །དེ་ལྟར་གཉིས་ཀྱི་བཟླས་ཕྱེ་བའི་དབུ་མ་ཆུང་ངུ་ནི་གང་ཟག་གི་བདག་མེད་ལ་མཐའ་གཉིས་སེལ་བའི་དབང་དུ་བྱས་ལ། གཞན་གཉིས་ནི་ཆོས་ཀྱི་བདག་མེད་ཁོ་ནའི་དབང་དུ་བྱས་སོ། །དེ་ལྟར་དབུ་མའི་ཚུལ་ལུགས་གཉིས་ལས། གཅིག་ནི་ཀླུ་སྒྲུབ་ཞབས་ཀྱིས་ཕྱེ་བའི་ལམ་སྲོལ་དང༌། གཅིག་ནི་ཐོག་མེད་ཞབས་ཀྱིས་ཕྱེ་བའི་ལམ་སྲོལ་ཏེ་དེ་ལྟར་ན་ཤིང་རྟའི་སྲོལ་ཆེན་རྣམ་པ་གཉིས་སོ་ཞེས་འཇོག་པ་ནི་ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་ལ། ཞིབ་མོར་ན་ཀླུ་སྒྲུབ་དང་ཨཱརྻ་དེ་བའི་གཞུང་གཞན་སྟོང་གི་སྲོལ་དུ་དྲངས་པ་དང༌། མངོན་པར་རྟོགས་པའི་རྒྱན་རང་སྟོང་གི་སྲོལ་དུ་དྲངས་པ་གཉིས་ཀ་ཡོད་པ་ལས་གཅིག་ཤོས་དབུ་མར་གནས་པ་ཡིན་ནོ་ཞེས་ནི་འཆད་པར་ནུས་པ་མ་ཡིན་ནོ། །དེའི་ཤེས་བྱེད་ཀྱང་ཐོགས་མེད་ཞབས་ཀྱིས་ཕྱེ་བའི་དབུ་མ་ལ་ཟླ་བའི་ཞབས་ཀྱི་དབུ་མ་མ་ཡིན་ནོ་ཞེས་བསྙད་པ་ཡོད་མོད། རང་སྟོང་སྨྲ་བའི་ལྟ་བ་ལ་ཐོགས་མེད་ཞབས་ཀྱིས་དབང་ཟ་བའི་ལྟ་བ་དང༌། སྐུར་པ་འདེབས་པའི་ལྟ་བ་ཞེས་བསྙད་པ་ཡོད་པ་ཁོ་ནར་མ་ཟད། རྗེ་བཙུན་ཉིད་ཀྱི་ཞལ་སྔ་ནས། གནས་གྱུར་གྱི་རྟེན་མེད་པ་ལ་ཉེས་པ་བཞི་བརྗོད་པར་མཛད་པའོ། །དེའི་ཕྱིར་བྱམས་ཆོས་ཕྱི་མ་བཞིའི་ངེས་དོན་ནི་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་གྱུར་པའི་དབུ་མ་པ་ཞེས་བྱ་བ་དེའི་གཞུང་དུ་གནས་པ་ཡིན་ཏེ། དེ་དེར་གནས་པ་རྗེ་བཙུན་ཉིད་ཀྱིས་གསུངས་པ་ལྟར་ཐོགས་མེད་མཆེད་ཀྱིས་བཀྲལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དབྱིག་གཉེན་ཞབས་ཀྱིས་གཞུང་གསུམ་སེམས་ཙམ་དུ་མ་བཀྲལ་བར་བསྟན། ཐོགས་མེད་ཞབས་ཀྱིས་རྒྱུད་བླའི་དགོངས་པ་དབུ་མ་དང༌། དབྱིག་གཉེན་ཞབས་ཀྱིས་ཡུམ་གྱི་མདོ་དང་རྒྱན་གྱི་དགོངས་པ་དབུ་མར་བཀྲལ་ཡང་རང་སྟོང་གི་ཚུལ་དང་མཐུན་པ་མ་ཡིན་པའོ། །དང་པོ་ནི། དེས་དེ་དག་དེར་བཀྲལ་བ་མ་ཡིན་ཏེ། མདོ་སྡེའི་རྒྱན་ལས། དེར་སྣང་སེམས་ཙམ་ལ་ནི་ཡང་དག་ནས། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང༌། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང༌། དབུས་མཐའ་ལས། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང༌། ཆོས་ཉིད་རྣམ་འབྱེད་དུ། དེ་ལྟར་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་འཇུག་གོ །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་ལ་འཇུག་གོ །དོན་ཐམས་ཅད་མི་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ །ཞེས་གསུངས་པའི་སྒྲ་ཇི་བཞིན་པ་དེ་ཉིད་ལས་ཇི་ལྟར་གསལ་བ་དེ་བཞིན་དུ། དེ་དག་གི་འགྲེལ་པ་ན་ཡང་དེ་ཁོ་ན་ལྟར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་གཞུང་འདི་གསུམ་གྱི་ངེས་དོན་གྱི་ལྟ་བ་སེམས་ཙམ་ལས་བརྒལ་བར་བཤད་པ་ན་དབུ་མ་ལས་གཞན་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཐུབ་པའི་དགོངས་པ་ལྔ་པ་མེད། །ཅེས་འབྱུང་བའི་ཕྱིར་རོ། །གལ་ཏེ་འོ་ན་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། གཟུང་དང་འཛིན་པ་ལས་གྲོལ་བའི། །ཡེ་ཤེས་དམ་པའི་དོན་དུ་ཡོད། །ཅེས་བཤད་ཟིན་པའི་འོག་ཏུ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་སོགས་གསུངས་པས་སྔ་མ་སེམས་ཙམ་དུ་བསྟན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་ཤེས་བདེན་པར་མི་འདོད་པ་ནི་གཞན་སྟོང་སྨྲ་བའི་དབུ་མ་པ་དག་གི་གྲུབ་མཐའི་རྩ་བ་ཡིན་པའི་ཕྱིར། གཞུང་དེ་ལ་བརྟགས་པ་ན་སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་སུ་འབྱེད་པ་ནི་མ་ཡིན་གྱི། དབུ་མ་པ་ལ་གཞན་སྟོང་སྨྲ་བ་དང་རང་སྟོང་སྨྲ་བ་གཉིས་སུ་ཕྱེ་ནས་སྟོན་པར་གསལ་བ་ཡིན་ཏེ། དེ་ལྟར་བཤད་ན་ཐེག་པ་ཆེན་པོའི་གཞུང་ལུགས་འཆད་པ་པོ་ཀུན་དང་འགྲིག་པའི་ཕྱིར་དང༌། རྣལ་འབྱོར་སྤྱོད་པ་པ་ཡིན་པ་ཙམ་གྱིས་སེམས་ཙམ་པར་སྨྲ་ན་ཧ་ཅང་ཐལ་བའི་ཕྱིར་དང༌། སེམས་ཙམ་པའི་འདོད་པ་ནི། ཡན་ལག་ཅན་ཞེས་བྱ་བ་མེད། །ཅེས་པའི་ཤླཽ་ཀ་གཅིག་པུས་བསྟན་ཟིན་པའི་ཕྱིར། མདོར་ན་སེམས་ཙམ་པ་ལ་རྣམ་བདེན་རྫུན་དང༌། དབུ་མ་པ་ལ་ཐལ་རང་གཉིས་སུ་འབྱེད་པ་ནི་འཕགས་ཡུལ་གྱི་གྲུབ་མཐའ་རྣམ་དབྱེ་ལ་ཡོད་པ་མ་ཡིན་ཏེ། ལུང་གིས་མ་དམིགས་པའི་ཕྱིར་དང༌། རིགས་པས་ཀྱང་མི་འཐད་པ་ནི། གྲུབ་མཐའི་རྣམ་དབྱེ་བྱེད་པ་ནི་ལྟ་བའི་ཆ་ནས་ཡིན་པ་ལས། དབུ་མ་ཐལ་རང་གཉིས་ལ། ལྟ་བའི་ཁྱད་པར་མ་དམིགས་པའི་ཕྱིར། དེ་ལྟ་མོད་ཀྱི་དབུ་མ་པ་ལ་རང་གཞན་སྟོང་པའི་ཚུལ་ལུགས་གཉིས་སུ་འབྱེད་པ་ནི་ཤིང་རྟའི་སྲོལ་ཆེན་གཉིས་ཀྱི་གཞུང་ན་ལེགས་པར་གསལ་ལོ། །གཉིས་པ་ལ་གཉིས་ཏེ། སྐུ་མཆེད་གཉིས་ཀྱིས་རྒྱན་དང་རྒྱུད་བླའི་དགོངས་པ་སེམས་ཙམ་དུ་མ་བཀྲལ་བ་དང༌། དེ་ལྟ་ན་ཡང་རང་སྟོང་སྨྲ་བ་དང་མི་མཐུན་པར་བཀྲལ་བའི་ཚུལ་ལོ། །དང་པོ་ནི། སློབ་དཔོན་དེ་དག་གིས་གཞུང་ལུགས་དེ་དག་དེར་བཀྲལ་བ་མ་ཡིན་ཏེ། ཐོགས་མེད་ཞབས་ཀྱིས་ནི་རྒྱུད་བླའི་འགྲེལ་པར། སེམས་ཅན་འཚང་རྒྱ་བ་དང༌། མཐར་ཐུག་ཐེག་པ་གཅིག་ཡིན་པ་དང༌། ཉན་རང་གི་ལྷག་མེད་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་དང༌། རྣལ་འབྱོར་སྤྱོད་པ་པའི་གཞུང་དུ་མ་གྲགས་པའི་སྤང་བྱ་ཤེས་སྒྲིབ་ཀྱི་རྣམ་པར་གཞག་པ་དང༌། དེ་སྤོང་བྱེད་ཀྱི་གཉེན་པོ་ཡེ་ཤེས་ཀྱི་རྣམ་པར་གཞག་པ་དག་རྒྱ་ཆེར་མཛད་པའི་ཕྱིར་དང༌། དབྱིག་གཉེན་ཞབས་ཀྱི་ཡུམ་གསུམ་གནོད་འཇོམས་སུ་ཡང་དོན་དེ་དག་གསལ་བར་འབྱུང་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དངོས་དང༌། རྩོད་པ་སྤང་བའོ། །དང་པོ་ནི། ཐོགས་མེད་ཞབས་ཀྱིས་རྒྱུད་བླ་རང་སྟོང་གི་ཚུལ་དུ་བཀྲལ་བ་མ་ཡིན་ཏེ། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པའི་འགྲེལ་པར། གང་ན་གང་མེད་པ་དེ་ནི་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྗེས་སུ་མཐོང་ངོ༌། །འདི་ལ་ལྷག་མ་ཡོད་པ་གང་ཡིན་པ་དེ་ནི་འདིར་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང༌། གནོད་འཇོམས་ལས་ཀྱང༌། ཡུམ་གྱི་མདོར། མིག་ནི་མིག་གིས་སྟོང་ངོ༌། །ཞེས་སོགས་ཀྱི་དོན་འཆད་པ་ན། ཆོས་ཉིད་ཀྱི་མིག་ཀུན་བཏགས་ཀྱི་མིག་གིས་སྟོང་པ་སོགས་ཀྱི་དོན་དུ་གསལ་བར་བཤད་པའི་ཕྱིར་རོ། །གལ་ཏེ་གཉིས་ཀ་ཡང་དབུ་མ་རྣམ་དག་ཏུ་སྨྲ་བ་དེ་ལྟ་ན། གཉིས་པོ་ལ་ལྟ་བའི་ཁྱད་པར་གང་ཞིག་ཡོད། མེད་ན་ནི་གྲུབ་མཐའ་སྨྲ་བ་པོ་སོར་འཇོག་པ་མི་འཐད་དོ་ཅེ་ན། དེ་བཤད་པ་ནི། གཉིས་ཀས་ཀྱང་མཉམ་གཞག་ཏུ་ལྟ་བས་སྤྲོས་པ་གཅོད་པའི་ཚེ་མཚན་མ་གང་ཡང་ཡིད་ལ་མི་བྱེད་ཅིང༌། སོ་སོར་རྟོག་པའི་ཤེས་རབ་ཉིད་ཀྱང་ཡེ་ཤེས་ཀྱི་མེས་བསྲེག་དགོས་པ་ཉིད་དུ་བཞེད་པར་མཚུངས་ཀྱང༌། རྗེས་ཐོབ་ཏུ་རང་ལུགས་སུ་གྲུབ་པའི་མཐའ་སྨྲ་བ་ན། གཉིས་མེད་ཀྱི་ཡེ་ཤེས་ཡོད་པར་ཁས་ལེན་པ་དང༌། དེ་མི་ལེན་པའོ། །དེ་བས་ན་མཉམ་གཞག་ཏུ་སྤྲོས་པ་གཅོད་ཚུལ་ལ་ཁྱད་པར་མེད་པ་དེའི་ཕྱིར་ལུགས་གཉིས་ཀའི་ལྟ་བ་ལ་ཤེས་སྒྲིབ་ཀྱི་བག་ཆགས་སྤོང་ནུས་མི་ནུས་ཀྱི་ཁྱད་པར་དབྱེ་ནུས་པ་མ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རང་སྟོང་གི་དབུ་མ་སྨྲ་བ་ལ་སྐུར་པ་འདེབས་པ་པོ་དེ་དག་ནི། ཇི་སྐད་དུ། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །ཞེས་པའི་སྐབས་ནས་བསྟན་པའི་ཆོས་སྤོང་གི་ཉེས་པ་དང་བཅས་པ་ཁོ་ནར་མ་ཟད། གཞན་སྟོང་གི་ལྟ་བ་ལ་སྨོད་པར་བྱེད་པ་དེ་དག་ཀྱང་ནི་ཇི་སྐད་དུ། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། ཅེས་པའི་ཁ་ན་མ་ཐོ་བ་དང་བཅས་པའོ། །དེའི་ཕྱིར་གནས་དེ་དང་དེ་ལ་བག་ཡོད་པར་བྱའོ། །ཞེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་དག་ཁོ་ནར་མ་ཟད། ཚུལ་ཆེན་གྱི་ཐེག་པ་པ་དག་ལའང་གཏམ་དུ་བྱ་དགོས་པ་ཡིན་ཏེ། གཞན་སྟོང་གི་ཚུལ་རྣམ་པར་མ་དག་ན་ཐུན་མཚམས་དུ་ལྷའི་ང་རྒྱལ་དང་མ་བྲལ་བ་ཞེས་བྱ་བ་དེ་མི་འབྱུང་ཞིང༌། གཟུང་འཛིན་ཐམས་ཅད་སྟོང་པར་སྦྱངས་ཟིན་པའི་འོག་ཏུ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ང་ཡིན། ཞེས་བྱ་བ་དེ་ཡང་རྣམ་པར་མ་དག་པ་ཉིད་དུ་ཐལ་བའི་ཕྱིར་དང༌། རང་སྟོང་གི་ཚུལ་འདི་རྣམ་པར་མ་དག་ན་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་སྤོང་མི་ནུས་པའི་ཕྱིར་དང༌། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་གཏན་ལ་མི་ཕེབས་པའི་ཕྱིར་རོ། །འོ་ན་ཆེན་པོ་དག་གིས་ཀྱང་ཉེས་པ་དེ་དང་དེ་ཞལ་གྱིས་བཞེས་སམ་ཞེ་ན། མ་ཡིན་ཏེ། ཐོགས་མེད་ཞབས་ཀྱིས་ནི་གནས་སྐབས་སུ་དོན་དམ་པའི་བདེན་པ་ཁས་མ་བླངས་ན་སྐུར་འདེབས་ཀྱི་ལྟ་བར་འགྱུར། ཞེས་དང༌། ཟླ་བས་ནི། མཐར་སྤྲོས་པའི་མཚན་མ་ཁས་བླངས་ན་རྟག་པའི་ལྟ་བར་འགྱུར་ཞེས་གསུངས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་ལྟ་བ་རང་སྟོང་གི་རྒྱས་བཏབ་ནས། སྒོམ་པ་གཞན་སྟོང་གི་ཚུལ་བཞིན་དུ་ཉམས་སུ་ལེན་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་རང་ལུགས་བླ་ན་མེད་པའོ། །རྗེས་ཐོབ་ཏུ་གྲུབ་མཐའ་འཇོག་པའི་ཚེ་གཞན་སྟོང་ཁས་ལེན་ཀྱང༌། མཉམ་གཞག་ཏུ་སྤྲོས་པའི་མཚན་མ་གང་ཡང་ཡིད་ལ་མི་བྱེད་པར་གསལ་རིག་གི་ངང་ལ་མཉམ་པར་འཇོག་པ་ནི་ཐོགས་མེད་མཆེད་ཀྱི་རིང་ལུགས་བླ་ན་མེད་པའོ། །གཉིས་པ་རྩོད་པ་སྤང་བ་ནི། མདོ་སྡེའི་རྒྱན་གྱི་དགོངས་པ་དབུ་མར་གནས་ན་དེར་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་དང་འགལ་ལོ། །ཞེ་ན། ལན་ལ་གཉིས་ཏེ། མགོ་མཚུངས་དང༌། རྣལ་མའོ། དང་པོ་ནི། འོ་ན་ཡུམ་གྱི་མདོ་དང་མངོན་པར་རྟོགས་པའི་རྒྱན་ལ་ཡང་གཏན་ཚིགས་དེ་ཉིད་ཀྱི་ཕྱིར་སེམས་ཙམ་གྱི་གཞུང་དུ་ཧ་ཅང་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། ཡུམ་གྱི་མདོར། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར། ཞེས་དང༌། དེའི་དོན་འཆད་པ་ན་ཡུལ་ངེས་པ་དང༌། ཞེས་གསུངས་པས་སོ། །གལ་ཏེ་ཁྱབ་པ་དང་ཞེས་པའི་མདོ་དང་གཞུང་གིས་ལུང་སྔ་མ་སྒྲ་ཇི་བཞིན་པ་མ་ཡིན་པར་བཀྲལ་བའི་ཕྱིར་སྒྲུབ་བྱེད་འཁྲུལ་ལོ་ཞེ་ན། འཕགས་སེང་གི་འཆད་ལུགས་དེ་ལྟར་ཡིན་མོད། ཐོགས་མེད་ཞབས་ཀྱིས་འཆད་ཚུལ་དེ་ལྟར་མ་ཡིན་ཏེ། ཇི་ལྟར་ཞེ་ན། ཡུལ་ངེས་པ། ཞེས་པའི་མདོ་གཞུང་གི་དོན་ནི་ལྷག་མེད་ཀྱི་དབང་དུ་བྱས་ལ། ཁྱབ་པ་དང་ཞེས་པ་མདོ་གཞུང་གི་དོན་ནི། ཉན་ཐོས་མ་ངེས་པ་རྣམས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྲིད་པ་དང༌། སེམས་ཅན་ཐམས་ཅད་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པའི་དོན་དུ་བཞེད་པ་ཡིན་ནོ། །དེ་དང་མཐར་ཐུག་ཐེག་པ་གསུམ་ལ་ནི་འགལ་བ་ཡོད་པ་མ་ཡིན་ཏེ། ལོག་སྲེད་ཅན་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ལ་ཡང་ཀུན་གཞིའི་སྟེང་གི་གསལ་རིག་གི་ཆ་ཡོད་པས་ཁྱབ་ལ། དེ་ལ་རང་བཞིན་གནས་རིགས་སུ་འཇོག་པ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གཞུང་ལུགས་ཡིན་པའི་ཕྱིར་རོ། །ཀུན་མཁྱེན་དོལ་པོ་བའི་གསུང་གིས། མདོ་སྡེའི་རྒྱན་དུ་མཐར་ཐུག་ཐེག་པ་གཅིག་རྒྱུ་མཚན་དང་དགོས་པ་བཤད་ཀྱང་དངོས་ལ་གནོད་བྱེད་མ་བཤད་པས་དེར་མཐར་ཐུག་གི་ཐེག་པ་གསུམ་བཞེད་པ་མ་ཡིན་ནོ། །ཞེས་གསུངས། དེ་ནི་མ་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཞེས་པ་ནས། བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་པའི་བར་གྱི་ཤུགས་བསྟན་ལ་ཉན་ཐོས་རིགས་ངེས་པ་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པ་དང་དེའི་ཤེས་བྱེད་གཉིས་ཀ་ངེས་པར་བསྟན་པའི་ཕྱིར་དང༌། མ་ངེས་རྣམས་ལ་ཐེག་གཅིག་བཤད། །ཅེས་པའི་ཤུགས་ལ། ངེས་པ་རྣམས་ལ་ཐེག་གསུམ་བཤད། །ཅེས་པར་དོན་གྱིས་གྲུབ་པའི་ཕྱིར་རོ། །གཉིས་པ་རྣལ་མའི་ལན་ནི། དེས་ན་མཐར་ཐུག་ཐེག་པ་གསུམ་དུ་འཆད་པ་དང་དབུ་མའི་ལུགས་སུ་འཆད་པ་ལ་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ཏེ། དབུ་མར་འཇོག་པ་ནི་ལྟ་བའི་ཆ་ནས་ཡིན་གྱི་གྲུབ་མཐའ་གཞན་གྱི་སྒོ་ནས་མ་ཡིན་པའི་ཕྱིར་དང༌། ལྷག་མེད་ནས་ཐེག་པ་ཆེན་པོར་འཇུག་དགོས་པའི་བཤད་པ་ནི། གཞུང་གང་ན་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་ཀྱི་རྣམ་གཞག་འཆད་པ་དེ་ན་ཡོད་ཀྱི་དེ་ལས་གཞན་ན་ཡོད་པར་མ་དམིགས་པའི་ཕྱིར། ཡང་གལ་ཏེ་མངོན་པར་རྟོགས་པའི་རྒྱན་གཞན་སྟོང་གི་ཚུལ་དུ་འཆད་ནུས་པ་དེ་ལྟ་ན། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང༌། །ཞེས་དང༌། བྱང་ཆུབ་ཆེན་པོའི་སྐབས་ཀྱི་བརྒལ་ལན་རྣམས་འཆད་པའི་ཚུལ་ཇི་ལྟར་འགྲིག་ཅེ་ན། བཤད་པ། རྣལ་འབྱོར་སྤྱོད་པ་ལས་རང་བཞིན་དུ་གནས་པའི་རིགས་ཀྱི་ངོ་བོ་ཆོས་དབྱིངས་སུ་མི་འདོད་དོ་ཞེས་པ་ནི་ནོར་བ་ཡིན་ཏེ། བྱང་ས་དང་འགལ་བའི་ཕྱིར། དྲི་མ་ཟད་སྐྱེ་ཡོད་ཀྱི་བརྒལ་ལན་ཡང་ལུགས་འདི་ལ་ཆེས་འགྲིག་པ་ཡིན་ཏེ་གཟུང་འཛིན་གཉིས་ཀུན་བཏགས་སུ་བཤད་ནས་ཡོད་པ་མ་ཡིན་པའི་ཕྱོགས་ལ་ནི་སྒྲིབ་པ་གཉིས་ཀྱི་དྲི་མ་གདོད་མ་ནས་ཡོད་མ་མྱོང་བས་དེ་ལ་ཟད་སྐྱེ་མེད་པ་དང༌། དྲི་མའི་ངོ་བོ་ཆོས་དབྱིངས་སུ་འཆད་པ་རྣམས་ཆེས་འགྲིག་པ་དང༌། གཟུང་འཛིན་གཉིས་དངོས་པོར་ཁས་ལེན་པའི་ཕྱོགས་ལ་ནི་སྔར་ཡོད་གཉེན་པོས་བཅོམ་ཟིན་པ་དང༌། སྔར་མེད་གསར་དུ་སྐྱེད་པར་ཁས་ལེན་དགོས་པ་དང༌། དངོས་པོ་ཡིན་ན་བདེན་པར་གྲུབ་དགོས་པས་དྲི་མ་རྣམས་གཉེན་པོས་སྤང་མི་ནུས་པར་ཐལ་བ་དག་ཀྱང་ངེས་པར་འཕེན་ནུས་པའི་ཕྱིར་རོ། །ཡང་འོ་ན་ལུགས་དེར་འགོག་པའི་སྙོམས་འཇུག་ལྡན་མི་འདུ་བྱེད་དུ་ཁས་ལེན་དགོས་པས་ཡེ་ཤེས་ཆོས་སྐུ་དང་སྒོམ་ལམ་རྩེ་སྦྱོར་གྱི་ངོ་བོར་འཆད་ལུགས་ཇི་ལྟར་ཞེ་ན། དེའི་རང་ལྡོག་ནས་དེ་དང་དེར་མི་འཆད་ཀྱང་དེ་ལ་མཉམ་པར་གཞག་བཞིན་པའི་དུས་ཀྱི་ཡེ་ཤེས་དེ་ཉིད་དེ་དང་དེའི་ངོ་བོར་ཁས་ལེན་པ་ཡིན་ཏེ། དེའི་གནས་སྐབས་སུ་རིག་པ་རྒྱུན་ཆད་པ་ནི་ཀུན་གཞི་ཁས་མི་ལེན་པའི་ཉན་ཐོས་པ་དག་གི་ལུགས་ཡིན་ལ། དེར་རིག་པ་ཞིག་ཡོད་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་འདས་པའི་ཕྱིར་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ཡིན་ཡིད་ཀྱི་རྣམ་ཤེས་སུ་འདོད་པ་ནི་ཤིན་ཏུ་ནོར་བའི་ཕྱིར་རོ། །ཡང་གལ་ཏེ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་གཞན་སྟོང་གི་ཚུལ་དུ་འཆད་པ་དེ་ལྟ་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་སུ་སོང་ལ། དེ་ལྟ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་འཆད་པ་ཇི་ལྟར་མི་འགལ་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པ་དེ་སྒྲ་ཇི་བཞིན་པ་ཉིད་དུ་ཁས་ལེན་པ་པོ་ནི་སེམས་ཙམ་པ་ཡིན་པར་སློབ་དཔོན་ཟླ་བས་ཀྱང་བཤད་པ་ཡིན་ཏེ། ཇི་སྐད་དུ། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་པའི་འགྲེལ་པ་ནས་འབྱུང་བ་ལྟར་རོ། །སེམས་ཅན་ཐམས་ཅད་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་འདོད་པ་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་སྤྱི་ལུགས་ཡིན་ཏེ། ཀུན་གཞིའི་སྟེང་གི་གསལ་ཆ་ལ་དེའི་མིང་གིས་འདོགས་པར་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་ལས་འབྱུང་བའི་ཕྱིར་རོ། །མདོར་ན་གཞན་སྟོང་ཁས་ལེན་པ་དང་སྙིང་པོས་སེམས་ཅན་ལ་ཁྱབ་པ་མི་འགལ་བ་ཁོ་ནར་མ་ཟད། དེ་དག་གྲུབ་མཐའི་རྩ་བ་གཅིག་ཏུ་འཆད་དགོས་པ་ཡིན་ཏེ། སྙིང་པོའི་ངོས་འཛིན་ཟག་མེད་ཀྱི་སེམས་རྒྱུད་དང་གཉིས་མེད་ཀྱི་ཡེ་ཤེས་ལ་བཤད་ནས། དེ་རྟག་བརྟན་གཡུང་དྲུང་དང་བདེན་གྲུབ་ཏུ་འཆད་པ་ནི་གཞན་སྟོང་གི་གྲུབ་པའི་མཐའ་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །མཐར་ཐུག་ཐེག་པ་གཅིག་གི་ཤེས་བྱེད་ནི་རྣལ་འབྱོར་སྤྱོད་པའི་གཞུང་ན་ཡོད་པ་མ་ཡིན་ཀྱང༌། བཀའ་ཐ་མའི་སྙིང་པོའི་མདོ་ན་གསལ་བར་བཞུགས་པ་ཡིན་པས་གཞན་སྟོང་སྨྲ་བ་དང་འགལ་བ་མེད་པ་ཁོ་ནར་མ་ཟད་གཞན་སྟོང་གི་ཕྱོགས་དང་ཤིན་ཏུ་མཐུན་པ་ཡིན་ཏེ། བཀའ་ཐ་མའི་དགོངས་པར་གཅིག་པའི་ཕྱིར། རང་སྟོང་གི་ཕྱོགས་ལ་དེ་ཙམ་དུ་འགྲིག་པ་མ་ཡིན་ཏེ། རང་སྟོང་ནི་བཀའ་བར་པའི་དངོས་བསྟན་ཡིན་ལ། བཀའ་བར་པ་ནས་ནི་མཐར་ཐུག་ཐེག་པ་གཅིག་གི་ཤེས་བྱེད་གསལ་པོ་མ་བྱུང་བའི་ཕྱིར། རྔོག་ལོ་ཆེན་པོ་རྗེས་འབྲང་དང་བཅས་པས་སྙིང་པོའི་ངོས་འཛིན་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་མེད་དགག་གི་ཆ་ལ་འཆད་པ་ནི་ལེགས་པ་མ་ཡིན་ཏེ། བྱམས་ཆོས་རྩ་བའི་ལུང་མེད་པ་དང༌། སྤྲིན་དང་རྨི་ལམ་ཞེས་སོགས་དྲིས་ལན་གྱི་ལུང་དང་འགལ་བ་དང༌། སྤྲོས་པ་མཐའ་དག་བཀག་ནས་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་དུ་འཆད་པ་རགས་པ་དང་མི་མཐུན་པའི་ཕྱིར་དང༌། བྱམས་ཆོས་ཀྱི་རྩ་བ་ནི་རང་སྟོང་འཆད་བྱེད་ཀྱི་གཞུང་རྙེད་དཀའ་བའི་ཕྱིར། ཡང་གལ་ཏེ་རྒྱུད་བླ་མའི་ལུས་བདུན་ཀ་སངས་རྒྱས་ཀྱི་སྙིང་པོའི་མིང་ཅན་དུ་གྱུར་པའི་དེ་བཞིན་ཉིད་ཁོ་ན་ལ་གནས་སྐབས་གསུམ་དུ་ཕྱེ་ནས་བཤད་ཅེས་ཟེར་བ་དེ་ལྟ་ན། ཇི་སྐད་དུ། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་དང་ཇི་ལྟར་མི་འགལ་ཏེ། བྱེད་གསུམ་གྱི་ཡུལ་དང་ཉན་རང་གི་ཐེག་པ་པ་གཉིས་ཀྱི་དོན་དུ་གཉེར་བྱར་གཞག་པ་དེ་དག་ནི་ཕལ་ཆེར་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་པའི་ཕྱིར། བྱང་ཆུབ་སོགས་གསུམ་ཀྱང་དོན་དམ་པའི་བདེན་པ་ཁོ་ནར་གཞག་མི་ནུས་ཏེ། ཀུན་རྫོབ་པའི་སྐུ་དང༌། དེའི་ཡོན་ཏན་དང་ཕྲིན་ལས་ཀྱང་གཞུང་འདི་ཉིད་ཀྱི་ཡན་ལག་རྒྱས་བཤད་དུ་ངེས་པར་བཤད་པས་སོ་སྙམ་ན། གཞུང་འདིར་ཁམས་ནི་སྦྱངས་གཞི་དང་ཉེ་བར་ལེན་པའི་རྒྱུ་ཉིད་དུ་བཞག་པ་ཁོ་ནར་ངེས་ལ། གསུམ་ཚན་གཉིས་པོ་ལ་ནི་ལྷན་ཅིག་བྱེད་པའི་རྐྱེན་དུ་བཞག་པ་དང༌། འབྲས་བུར་བཞག་པའི་སྐབས་གཉིས་སུ་ཡོད་པ་ལས། རྐྱེན་དུ་འཇོག་པའི་ཚེ་ནི་གསུམ་ཚན་གཉིས་ཀ་ཀུན་རྫོབ་པའི་ཆ་ནས་འཇོག་པ་ཡིན་ཏེ། འདུལ་བྱ་གཞན་སྣང་གི་ཆ་ནས་འཇོག་པའི་ཕྱིར། དཔེར་ན་གཟུགས་སྐུ་གཉིས་ཀྱིས་ལུང་གི་ཆོས་གསུངས་པ་ཉམས་སུ་བླངས་པ་ལས་ལེན་པ་པོ་རང་ཉིད་དགེ་འདུན་དཀོན་མཆོག་ཏུ་སོང་བ་དེའི་ཚེ་གསུམ་ཀ་ཀུན་རྫོབ་བདེན་པར་འཇོག་དགོས་པ་དང༌། གཟུགས་ཀྱི་སྐུའི་བྱང་ཆུབ་དང་དེའི་ཡོན་ཏན་དང༌། དེའི་ཕྲིན་ལས་བྱ་བ་ཡུལ་ལ་ཞུགས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་བཞག་དགོས་པ་བཞིན་ནོ། །དོན་དེ་དག་ལ་དགོངས་ནས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་སོགས་གསུངས་སོ། །ཡང་གསུམ་ཚན་གཉིས་ཀ་འབྲས་བུར་འཇོག་པ་དེའི་ཚེ་ནི། ཐམས་ཅད་དེ་བཞིན་ཉིད་དང༌། དོན་དམ་པའི་བདེན་པར་འཇོག་པ་ཡིན་ཏེ། གནས་ཚུལ་གྱི་དཀོན་མཆོག་དང་སྐུ་དང་ཡོན་ཏན་གྱི་དབང་དུ་བྱས་ནས་བཤད་པའི་ཕྱིར། དཔེར་ན་སངས་རྒྱས་ཀྱི་སར་དཀོན་མཆོག་གསུམ་ཀ་ཚང་བ་དེ་དང་གནས་ཚུལ་གྱི་སྐུ་དང་ཡོན་ཏན་དང་ཕྲིན་ལས་ཀྱང་ངོ་བོ་ཉིད་ཀྱི་སྐུར་རོ་གཅིག་པ་བཞིན་ནོ། །དོན་དེ་ལ་དགོངས་ནས་ཇི་སྐད་དུ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་སོགས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ལྟ་ཡིན་པ་དེའི་ཚེ་རྒྱུའི་སྐྱབས་གསུམ་ནི་ཀུན་རྫོབ་ཀྱི་བདེན་པ་དང༌། འབྲས་བུའི་སྐྱབས་གསུམ་ནི་དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་དག་ནི་བསྟན་བཅོས་འདིའི་ལུས་སུ་མི་འཇོག་སྟེ། ངེས་དོན་རྡོ་རྗེ་ལྟ་བུར་མི་རུང་བའི་ཕྱིར་རོ། །འོ་ན་འདིར་བཤད་པས་ཅི་ཞིག་བྱ་ཞེ་ན། ཁམས་ཀྱི་དྲི་མ་སྦྱོང་བའི་ལམ་གྱི་རིམ་པ་བསྟན་པའི་དོན་དུའོ། །ཇི་ལྟར་བསྟན་ཞེ་ན། སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་ཚོགས། ཞེས་སོགས་སུ་ནི་དཀོན་མཆོག་གསུམ་པོ་རྐྱེན་དུ་བསྟན་ལ། དེ་ངོས་འཛིན་པ་ནི། སྟོན་པ་བསྟན་པ་སློབ་དོན་གྱི། །ཞེས་སོགས་གསུངས། དྲི་བཅས་དེ་བཞིན་ཉིད་དང་དྲི་མ་མེད། །ཅེས་སོགས་སུ་ནི་གསུམ་པོ་འབྲས་བུར་བཞག་པ་ཡིན་ལ། དེ་ངོས་འཛིན་པ་ནི། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་སུ་འབྱུང་བ་དེ་ཉིད་དོ། །འབྲས་བུར་བཞག་པའི་གསུམ་ཚན་གཉིས་པོ་འདི་ལ་ཡང་གནས་སྐབས་དང་མཐར་ཐུག་གི་དབྱེ་བས་གཉིས་གཉིས་ལས། གནས་སྐབས་གང་དུ་དོན་དམ་པའི་ཆོས་སྐུའི་ཕྱོགས་གཅིག་མངོན་དུ་བྱས་པ་དེ་ནས་བཟུང་སྟེ། གནས་སྐབས་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གནས་སྐབས་ཀྱི་དོན་དམ་པའི་དཀོན་མཆོག་གསུམ་དང༌། དོན་དམ་པའི་བྱང་ཆུབ་སོགས་གསུམ་དུ་རྣམ་པར་བཞག་གོ །འདིར་ལོ་ཙྪ་བ་ཆེན་པོའི་གསུང་གིས། དཀོན་མཆོག་གསུམ་འབྲས་བུར་བཞག་པའི་ལམ་རིམ་འདི་ལ་མི་གནས་པའི་མྱ་ངན་ལས་འདས་པའི་འཁོར་ལོ་ཞེས་བྱ་ལ། དཀོན་མཆོག་གསུམ་པོ་རྒྱུར་བཞག་པའི་ལམ་རིམ་འདི་ལ་ནི་རྒྱུ་དཀོན་མཆོག་གི་འཁོར་ལོ་ཞེས་བྱའོ། །ཞེས་གསུང་ངོ༌། །གསུམ་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྡུས་དོན་བྱེ་བྲག་ཏུ་བཤད་པ་ལ་གསུམ་ཏེ། ལུས་རྣམ་པར་བཞག་པ། ཡན་ལག་རྒྱས་པར་བཤད་པ། བསྟན་བཅོས་ཀྱི་མཚན་དོན་བསྟན་པའོ། །དང་པོ་ནི། བསྟན་བཅོས་འདིའི་ལུས་ནི་བདུན་ཏེ། གང་ཞེ་ན། མཚན་ཉིད་སྒྲིབ་པ་དེ་ཁོ་ན། །ཞེས་སོགས་སོ། །དེ་ཡང་མཚན་ཉིད་ཅེས་པ་ནི་གཞན་དབང་གི་མཚན་ཉིད་དེ། དེ་ཕྱིན་ཅི་མ་ལོག་པར་ཤེས་པ་ན་སྟོང་པ་ཉིད་ཁོང་དུ་ཆུད་པའོ། །སྒྲིབ་པ་ནི་སྟོང་པ་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པ་ཞིག་སྟེ། བསྡུ་ན་ཉོན་མོངས་པའི་སྒྲིབ་པ་དང༌། ཤེས་བྱའི་སྒྲིབ་པ་གཉིས་སོ། །དེ་ཁོ་ན་ཞེས་པ་ནི་ངོ་བོ་ཉིད་དེ། མདོར་བསྡུ་ན་ཀུན་བཏགས་པའི་ངོ་བོ་ཉིད་དང༌། གཞན་གྱི་དབང་གི་ངོ་བོ་ཉིད་དང༌། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །གཉེན་པོ་སྒོམ་པ་ཞེས་པ་ནི། སྒྲིབ་པ་དེ་དག་གི་གཉེན་པོར་དེ་ཁོ་ན་ཉིད་དེ་དག་སྒོམ་པའི་གནས་སྐབས་ལ་བཏགས་པ་སྟེ་བྱང་ཕྱོགས་སོ་བདུན་ནོ། །གནས་ཞེས་པ་ནི། སོ་སོ་སྐྱེ་བོ་དང་སློབ་པ་དང་མི་སློབ་པའི་གནས་སྐབས་ཀྱི་ཡོན་ཏན་རྣམས་གང་ལ་བརྟེན་པའི་གང་ཟག་གི་རྣམ་པར་གཞག་པ་སྟེ། བསྡུ་ན་མ་དག་པའི་གནས་སྐབས་དང༌། དག་ལ་མ་དག་པའི་དང༌། ཤིན་ཏུ་རྣམ་པར་དག་པའི་འོ། །འབྲས་བུ་ཞེས་པ་ནི་བྱང་ཆུབ་ཀྱི་ཕྱོགས་མཐུན་བསྒོམས་པའི་རྣམ་པར་སྨིན་པའི་དང༌། བདག་པོའི་དང༌། རྒྱུ་མཐུན་གྱི་དང༌། སྐྱེས་བུ་བྱེད་པའི་དང༌། བྲལ་བའི་འབྲས་བུའོ། །ཐེག་པ་བླ་ན་མེད་པ་ནི་ཐེག་པ་ཆེན་པོ་ཞེས་བྱ་བའི་དོན་ཏེ། བསྡུ་ན་སྒྲུབ་པ་བླ་ན་མེད་པ་དང༌། དམིགས་པ་བླ་ན་མེད་པ་དང༌། ཡང་དག་པར་འགྲུབ་པ་བླ་ན་མེད་པ་གསུམ་མོ། །དེ་ལྟར་བདུན་པོ་དེ་ལེའུ་ལྔའི་སྒོ་ནས་འཆད་པ་ཡིན་ཏེ། གཉེན་པོ་དང༌། གནས་དང༌། འབྲས་བུ་གསུམ་པོ་ལེའུ་གཅིག་ཏུ་བསྡུས་ནས། གཞན་རྣམས་ལེའུ་རེ་རེར་འཆད་པའི་ཕྱིར་རོ། །བསྡུ་བའི་ཤེས་བྱེད་ཀྱང་གནས་སམ་གང་ཟག་གང་གིས་གཉེན་པོ་གང་དང་གང་བསྒོམས་པས། འབྲས་བུ་དེ་དང་དེ་འབྱུང༌། ཞེས་བྱ་བ་དེ་སྟོན་པའི་རྒྱུ་མཚན་གྱིས་སོ། །གཉིས་པ་ལ་ལེའུ་ལྔ་ལས། དང་པོ་ལ། ཡང་དག་མིན་རྟོག་གི་མཚན་ཉིད་བཤད་པ་དང༌། དེའི་གྲུབ་དོན་དུ་སྟོང་པ་ཉིད་ཀྱི་རྣམ་གཞག་བསྟན་པའོ། །དང་པོ་ལ་དགུ་སྟེ། ཡོད་པའི་མཚན་ཉིད་དང༌། མེད་པའི་དང༌། རང་གི་དང༌། བསྡུ་བའི་དང༌། མེད་པ་ལ་འཇུག་པའི་ཐབས་ཀྱི་དང༌། རབ་ཏུ་དབྱེ་བའི་དང༌། རྣམ་གྲངས་ཀྱི་དང༌། འཇུག་པའི་མཚན་ཉིད་དང༌། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་འགྲེལ་པ་ལས་སོ། །དང་པོ་ནི། ཡང་དག་པ་ཡིན་ཀུན་རྟོག་ཡོད། །ཅེས་པ་སྟེ་སྟོང་གཞིའི་ཆོས་ཅན་ནོ། །གཉིས་པ་ནི། དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་པ་སྟེ། གང་སྟོང་པའི་དགག་བྱ་ངོས་བཟུང་བའོ། །འོ་ན་དགག་བྱ་གཉིས་པོ་དེ་བཀག་ཤུལ་དུ་ལུས་པ་ཅི་ཡང་མེད་དམ་ཞེ་ན། སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཡོད་དོ་ཞེས་སྟོན་པ་ནི། སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་པའོ། སྟོང་པ་ཉིད་ཡོད་པ་དེ་ལྟ་ན་ཤེས་ཕྱིན་གྱི་མདོ་ལས། སྟོང་མི་སྟོང་གཉིས་ཀ་བཀག་པ་དང་འགལ་ལོ་ཞེ་ན། མདོའི་དགོངས་པ་ནི། ཆོས་ཉིད་ཀྱིས་སྟོང་པ་མ་ཡིན། གཟུང་འཛིན་གཉིས་ཀྱིས་མི་སྟོང་པ་མ་ཡིན། ཞེས་བྱ་བ་དེ་ལ་དགོངས་ནས་ཆོས་ཐམས་ཅད་ཀྱི་སྟེང་དུ་སྟོང་མི་སྟོང་གཉིས་ཀ་བཀག་པ་དེ་ནི་དབུ་མའི་ལམ་དུ་རིགས་ཀྱི། ཆོས་ཉིད་ཀྱང་རང་གི་ངོ་བོས་སྟོང་པ་ནི་ཡུམ་གྱི་མདོའི་དགོངས་པ་མ་ཡིན་ནོ། །ཞེས་འཆད་པ་ནི། སྟོང་པ་མ་ཡིན། ཞེས་སོགས་སོ། །གསུམ་པ་རང་གི་མཚན་ཉིད་ནི། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་རིག་པ་ཞིག་ཡིན་ལ། གཟུང་འཛིན་གཉིས་པོ་རེ་རེ་ལའང་གཉིས་གཉིས་སོ་ཞེས་སྟོན་པ་ནི། དོན་དང་སེམས་ཅན། ཞེས་སོགས་སོ། །དེ་ལྟ་བུའི་གཟུང་འཛིན་གཉིས་པོ་དེ་མྱོང་བས་གྲུབ་པའི་ཕྱིར་ཡོད་དོ་ཅེ་ན། རྣམ་རིག་བཞི་པོ་ལ་དེར་སྣང་ཙམ་ལས་ལོགས་སུ་དོན་དང་སེམས་ཅན་སོགས་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ། །དེ་མེད་པས་ན་དེར་སྣང་བའི་རྣམ་རིག་ཀྱང་མེད་དོ། །ཞེས་སྟོན་པ་ནི། དེའི་དོན་མེད་སོགས་སོ། །དེ་ལྟར་ན་ཡང་དག་མིན་རྟོག་ཡོད་ཅེས་པ་དེ་འཁྲུལ་ངོར་ཡོད་ཅེས་པ་ལ་བསམ་པ་ཡིན་ནོ། །ཞེས་འཆད་པ་ནི། ཡང་དག་མ་ཡིན་སོགས་རྐང་པ་བཞིའོ། །བཞི་པ་ནི། འོ་ན་གཟུང་འཛིན་དུ་སྣང་བ་ཇི་སྙེད་པ་ཡང་དག་མིན་རྟོག་ཙམ་དུ་ཟད་ན་ངོ་བོ་ཉིད་གསུམ་ཇི་ལྟར་གཞག་སྙམ་པ་ལ། གཟུང་འཛིན་གཉིས་ནི་ཀུན་བཏགས་དང༌། གཉིས་སུ་སྣང་བ་གཞན་དབང་དང༌། དེ་དེས་སྟོང་པ་ཡོངས་གྲུབ་བོ་ཞེས་འཆད་པ་ནི། བཏགས་པ་དང་ནི་སོགས་རྐང་པ་བཞིའོ། །ལྔ་པ་ནི། དམིགས་པ་ལ་ནི་ཞེས་སོགས་ཏེ། ཐོག་མར་སྣང་བ་སེམས་ཡིན་པར་སྒྲུབ། དེ་གྲུབ་པ་ན་ཕྱི་རོལ་གྱི་དོན་མེད་པར་གྲུབ། དེ་གྲུབ་པ་ན་དེར་སྣང་བའི་རྣམ་རིག་ཀྱང་མེད་པར་གྲུབ། དེ་གྲུབ་པ་ན་གཟུང་འཛིན་གཉིས་མེད་དུ་གྲུབ་བོ། །རྩ་བ་དེ་སྒྲུབ་བྱེད་ཀྱི་རིགས་པ་ནི། མདོ་སྡེ་རྒྱན་དང་ཐེག་བསྡུས་སུ་སྣང་རུང་མ་དམིགས་པའི་གཏན་ཚིགས་དང༌། སྡེ་བདུན་མཛད་པས་ལྷན་ཅིག་དམིགས་ངེས་དང༌། གསལ་ཞིང་རིག་པའི་གཏན་ཚིགས་གསུངས་སོ། །དྲུག་པ་དབྱེ་བ་ནི། ཡང་དག་མིན་རྟོག་ལ་དབྱེ་ན། སེམས་སེམས་བྱུང་གཉིས་དང༌། ཁམས་གསུམ་པའི་རྣམ་པ་ཅན་གྱི་རྣམ་རིགས་གསུམ་མོ། །ཞེས་ཡང་དག་མ་ཡིན་སོགས་རྐང་པ་གཉིས་སོ། །བདུན་པ་ནི། བག་ཆགས་ཀྱི་དབང་གིས་དོན་གྱི་ངོ་བོ་ཙམ་མཐོང་བ་དང༌། དེའི་དབང་གིས་དེའི་ཁྱད་པར་ཡང་མཐོང་བ་ནི་གཉིས་པོ་སོ་སོའི་མཚན་ཉིད་དོ། །ཞེས་དེ་ལ་སོགས་རྐང་པ་གཉིས་སོ། །བརྒྱད་པ་ནི། གཅིག་ནི་སོགས་སོ། །དགུ་པ་ནི་སྒྲིབ་པའི་ཕྱིར་ཞེས་སོགས་སོ། །འདིར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་རྒྱུ་འབྲས་ཆ་གཉིས་ཀྱི་སྒོ་ནས་བཤད་པས་མངོན་པ་འོག་མ་དང་མཐུན་ཞིང༌། འཕེན་འགྲུབ་ཡན་ལག་བཞིར་བཤད་པ་མེད་དོ། །གཉིས་པ་ལ་བསྟན་པ་དང༌། བཤད་པ་གཉིས། དང་པོ་ནི། སྟོང་པ་ཉིད་ཀྱི་སོགས་རྐང་པ་བཞིའོ། །གཉིས་པ་ལ་ལྔ་ལས། དང་པོ་ནི། དགག་བྱ་གཟུང་འཛིན་གཉིས་བཀག་པས་ཁྱད་པར་དུ་བྱས་པའི་དངོས་པོ་དེ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་འཆད་པ་ནི། གཉིས་དངོས་སོགས་སོ། །གཉིས་པ་ནི། སྟོང་པ་ཉིད་ཀྱི་ཞེས་སོགས་སོ། །གསུམ་པ་ནི་གཞན་མིན་ཞེས་སོགས་སོ། །བཞི་པ་ནི། ཀུན་ནས་ཉོན་མོངས་ཞེས་སོགས་ཏེ། རང་བཞིན་དང་གློ་བུར་རྣམ་དག་གི་དབྱེ་བས་མདོར་བསྟན་པ་དང༌། སྟོང་པ་ཉིད་དང་པོ་བཅུ་བཞི་རྒྱས་པར་བཤད་པ་དང༌། སྟོང་ཉིད་ཕྱི་མ་གཉིས་ཀྱིས་དོན་བསྡུ་བ་རྣམས་སོ། །ལྔ་པ་ནི། གལ་ཏེ་ཉོན་མོངས་སོགས་ཤླཽ་ཀ་གཉིས་སོ། །གཉིས་པ་སྒྲིབ་པའི་ལེའུ་ལ་རྟེན་གྱི་སྒོ་ནས་མདོར་བསྟན། ངོ་བོའི་དབྱེ་བས་རྒྱས་པར་བཤད། རིགས་ཀྱི་དབྱེ་བས་དོན་བསྡུ་བའོ། །དང་པོ་ནི། ཁྱབ་དང་ཞེས་སོགས་སོ། །གཉིས་པ་ལ། སྐྱོ་སོགས་ལ་སྒྲིབ་པ་དང༌། དགེ་སོགས་ལ་སྒྲིབ་པ་དང༌། བྱང་ཕྱོགས་ལ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དང༌། ས་བཅུ་ལ་སྒྲིབ་པ་རྣམས་སོ། །དང་པོ་ལ་སྒྲིབ་བྱེད་བཤད་པ་དང༌། བསྒྲིབ་བྱ་བཤད་པའོ། །དང་པོ་ནི། ཉོན་མོངས་མཚན་ཉིད་སོགས་སོ། །གཉིས་པ་ལ། བསྟན་པ་ནི། དགེ་ལ་སོགས་རྐང་པ་གཅིག་གོ བཤད་པ་ལ་གསུམ་སྟེ། སྒྲིབ་བྱེད་སུམ་ཅུ་བཤད། བསྒྲིབ་བྱ་བཅུ་བཤད་བྱ་བྱེད་སྦྱར་བའོ། །དང་པོ་ནི། སྦྱོར་བ་མེད་དང་སོགས་སོ། །གཉིས་པ་ནི་དགེ་དང་སོགས་སོ། །གསུམ་པ་ནི། དེ་དག་གི་ནི་སོགས་སོ། །གསུམ་པ་བྱང་ཕྱོགས་ལ་སྒྲིབ་པ་ནི། གཞི་ལ་མི་མཁས་ཞེས་སོགས་སོ། །བཞི་པ་ཕར་ཕྱིན་ལ་སྒྲིབ་པ་ནི། ཕྱུག་པོ་དང་ནི་ཞེས་སོགས་སོ། །ལྔ་པ་ས་བཅུ་ལ་སྒྲིབ་པ་ནི། ཀུན་དུ་འགྲོ་དོན་སོགས་སོ། །གསུམ་པ་དོན་བསྡུ་བ་ནི། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །སོགས་སོ། །ལེའུ་གསུམ་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། རྩ་བ་མཚན་ཉིད་ཅེས་སོགས་སོ། །གཉིས་པ་ལ་བཅུ་ལས། དང་པོ་རྩ་བའི་དེ་ཁོ་ན་ཉིད་ནི། ངོ་བོ་ཉིད་གསུམ་སོགས་སོ། །གཉིས་པ་མཚན་ཉིད་ཀྱི་དེ་ཁོ་ན་ནི། འདི་ལ་ཆོས་དང་སོགས་སོ། །གསུམ་པ་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ནི། མི་རྟག་དོན་ནི་སོགས་སོ། །བཞི་པ་འབྲས་བུ་དང་རྒྱུའི་དེ་ཁོ་ན་ནི། དེ་ཕྱིར་སྡུག་བསྔལ་སོགས་སོ། །ལྔ་པ་རགས་པ་དང་ཕྲ་བའི་དེ་ཁོ་ན་བཤད་པ་ལ། རགས་པ་ཀུན་རྫོབ་དང༌། ཕྲ་བ་དོན་དམ་གཉིས་ལས། དང་པོ་ནི། བརྟགས་པ་དང་ནི་སོགས་སོ། །གཉིས་པ་ལ་བསྟན་པ་ནི། དམ་པའི་དོན་ནི་ཞེས་པའོ། །དེའི་དབྱེ་བ་བཤད་པ་ནི། དོན་དང་སོགས་སོ། །གསུམ་པོ་དེ་གཉིས་སུ་བསྡུ་བ་ནི། འགྱུར་མེད་སོགས་སོ། །དྲུག་པ་གྲགས་པའི་དེ་ཁོ་ན་ནི། གཅིག་གིས་ཞེས་སོགས་སོ། །འདིར་གཅིག་ཅེས་པ་ལྷན་ཅིག་སྐྱེས་པའི་རྟོག་པ་དང༌། གསུམ་པ་ནི། རྟོག་གེ་ལ་བརྟེན་པའི་ཚད་མ་གསུམ་ལ་བཤད་དོ། །བདུན་པ་རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ནི། རྣམ་དག་སོགས་ཏེ། འདིས་ནི་གང་ཟག་གི་བདག་མེད་ཀྱང་ཡོངས་གྲུབ་ཏུ་བསྟན་ནོ། །བརྒྱད་པ་བསྡུ་བའི་དེ་ཁོ་ན་ནི། རྒྱུ་དང་ཞེས་སོགས་ཏེ། འདིས་ནི་རྣལ་འབྱོར་སྤྱོད་པ་ལ་གྲགས་པའི་ཆོས་ལྔ་པོ་དེ་མཚན་ཉིད་གསུམ་དུ་བསྡུ་བའི་ཚུལ་བསྟན་ནོ། །དགུ་པ་རབ་ཏུ་དབྱེ་བའི་དེ་ཁོ་ན་ནི། འཇུག་དེ་ཁོ་ན་ཞེས་སོགས་ཏེ། འདིར་དགོངས་འགྲེལ་གྱི་མདོ་ལས་དེ་ཁོ་ན་ཉིད་བདུན་བཤད་པ་ནི་འཇུག་པའི་དང༌། གནས་པའི་དང༌། ངན་པར་ཞུགས་པའི་དང༌། མཚན་ཉིད་ཀྱི་དང༌། རྣམ་པར་རིག་པའི་དང༌། དག་པའི་དང༌། ཡང་དག་པར་སྒྲུབ་པའི་འོ། །དེ་ལས་དང་པོ་གསུམ་ནི། ཀུན་བཏགས་དང་གཞན་དབང་གི་ནང་དུ་བསྡུ། ཕྱི་མ་བཞི་ནི་ཡོངས་གྲུབ་གཅིག་བུའི་ནང་དུ་བསྡུ་བའི་དོན་ནོ། །བཅུ་པ་མཁས་པའི་དེ་ཁོ་ན་བཤད་པ་ལ་གཉིས་ཏེ། སྤང་བྱ་བདག་ཏུ་ལྟ་བ་བཅུ་ངོས་བཟུང༌། སྤོང་བྱེད་མཁས་པ་བཅུ་བཤད་པའོ། །དང་པོ་ནི། གཅིག་དང་རྒྱུ་དང་སོགས་སོ། །གཉིས་པ་མཁས་པར་བྱ་བའི་ཡུལ་བཅུ་པོ་མཚན་ཉིད་གསུམ་དུ་ཇི་ལྟར་འདུས་པ་དང༌། བཅུ་པོ་སོ་སོར་བཤད་པའོ། །དང་པོ་ནི། ཀུན་ཏུ་རྟོག་དང་ཞེས་སོགས་སོ། །གཉིས་པ་ལ་བཅུ་ལས། ཕུང་པོ་ནི། ཐོག་མ་སོགས་སོ། །ཁམས་ནི། འཛིན་དང་གཟུགས་དང་སོགས་སོ། །སྐྱེ་མཆེད་ནི། ཚོགས་དང་སོགས་སོ། །བཞི་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། རྒྱུ་དང་སོགས་སོ། །ལྔ་པ་གནས་དང་གནས་མ་ཡིན་པ་ནི། མི་འདོད་འདོད་དང་སོགས་སོ། །དྲུག་པ་དབང་པོ་ནི། འཛིན་དང་གནས་དང་སོགས་སོ། །བདུན་པ་དུས་ནི། འབྲས་བུ་རྒྱུ་རྣམས་སོགས་སོ། །བརྒྱད་པ་བདེན་པ་ནི། ཚོར་བ་རྒྱུ་དང་སོགས་སོ། །དགུ་པ་ཐེག་པ་ནི། ཡོན་ཏན་སྐྱོན་དང་ཞེས་སོགས་སོ། །བཅུ་པ་འདུས་བྱས་དང་འདུས་མ་བྱས་ནི། བཏགས་བཅས་རྒྱུ་བས་སོགས་ཏེ་འདིར་ནི་ལམ་ཡང་འདུས་མ་བྱས་སུ་བཤད་པས་ན། གཉིས་པོའི་འཇོག་མཚམས་རྒྱུ་རྐྱེན་ལས་སྐྱེས་པ་དང་མ་སྐྱེས་པ་ཙམ་གྱིས་ནི་མ་ཡིན་ནོ། །ལེའུ་བཞི་པ་བཤད་པ་ལ་གསུམ་སྟེ། གཉེན་པོ་སྒོམ་པའི་ཚུལ་བཤད། གཉེན་པོ་དེའི་གནས་བཤད། བསྒོམས་པའི་འབྲས་བུ་བཤད་པའོ། །དང་པོ་ལ་སྡེ་ཚན་བདུན་པོ་སོ་སོར་བཤད་པ་དང༌། བདུན་པོ་གསུམ་དུ་བསྡུ་བའི་ཚུལ་ལོ། །དང་པོ་ལ། དྲན་པ་ཉེར་གཞག་གི་སྒོམ་ཚུལ་ནི། གནས་ངན་ལེན་ཕྱིར་སོགས་སོ། །ཡང་དག་སྤོང་བའི་སྒོམ་ཚུལ་ནི། མི་མཐུན་ཕྱོགས་དང་སོགས་སོ། །རྫུ་འཕྲུལ་རྐང་པའི་སྒོམ་ལ། དངོས་དང༌། འཕྲོས་པའི་དོན་ནོ། །དང་པོ་ནི། དེར་གནས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ཉེས་པ་ལྔ་བཤད་པ་དང༌། སྤོང་བའི་འདུ་བྱེད་བརྒྱད་བཤད་པའོ། །དང་པོ་ནི། ལེ་ལོ་དང་ནི་སོགས་སོ། །གཉིས་པ་ལ་གཉིས་ལས། ལེ་ལོའི་གཉེན་པོ་བཞི་བཤད་པ་ནི། གནས་དང་སོགས་སོ། །ཉེས་པ་བཞིའི་གཉེན་པོ་བཤད་པ་ནི། དམིགས་པ་ཞེས་སོགས་སོ། །གསུམ་པ་དབང་པོ་ལྔ་སྒོམ་ཚུལ་ནི། ཐར་པའི་ཆ་དང་ཞེས་སོགས་སོ། །སྟོབས་ལྔ་སྒོམ་ཚུལ་ནི། དབང་པོ་རྣམས་དང་སོགས་སོ། །དྲུག་པ་བྱང་ཆུབ་ཡན་ལག་གི་སྒོམ་ཚུལ་ལ། བདུན་པོ་བཞིར་བསྡུ་བ་དང༌། ཡན་ལག་བཞི་པའི་རྒྱས་བཤད་དོ། །དང་པོ་ནི། རང་བཞིན་སོགས་སོ། །གཉིས་པ་ནི། འདི་ལ་སོགས་སོ། །བརྒྱད་པ་འཕགས་ལམ་ཡན་ལག་གི་སྒོམ་ཚུལ་ལ། བརྒྱད་པོ་བཞིར་བསྡུ་བ་དང༌། བཞི་པོའི་ཕྱི་མ་གཉིས་པོ་སོ་སོར་བཤད་པའོ། །དང་པོ་ནི། ཡོངས་སུ་གཅོད་དང་ཞེས་སོགས་སོ། །གཉིས་པ་ལ་གཉིས་ལས། ཡིད་ཆེས་པའི་ཡན་ལག་ནི། ལྟ་དང་སོགས་སོ། །གཉིས་པ་གཉེན་པོའི་ཡན་ལག་ནི། ཉོན་མོངས་སོགས་སོ། །གཉིས་པ་གསུམ་དུ་བསྡུ་བ་ནི་རྗེས་སུ་འབྲེལ་བཅས་ཞེས་སོགས་ཏེ། དོན་ནི་སྒོམ་ཚུལ་དེ་དག་ཆོས་ཅན། རྟེན་གྱི་དབྱེ་བས་གསུམ་ཡིན་ཏེ། སོ་སོ་སྐྱེ་བོའི་སྒོམ་ནི་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་ཀྱང་ཕྱིན་ཅི་ལོག་ཏུ་གྱུར་པ་དང༌། སློབ་པའི་སྒོམ་ནི། ཕྱིན་ཅི་མ་ལོག་ཀྱང་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་དང༌། མི་སློབ་པའི་སྒོམ་ནི། ཕྱིན་ཅི་ལོག་པའང་མ་ཡིན། ཕྱིན་ཅི་ལོག་རྗེས་སུ་འབྲེལ་བའང་མ་ཡིན་པའི་ཕྱིར། དེས་ན་གཞུང་འདི་ལྟར་འདོན་ཏེ། ལོག་ལ་མ་ལོག་རྗེས་འབྲེལ་དང༌། །མ་ལོག་ལོག་པའི་རྗེས་འབྲེལ་དང༌། །རྗེས་འབྲེལ་མེད་པའི་མ་ལོག་པའོ། །གཉིས་པ་གནས་བཤད་པ་ལ། བཅུ་གསུམ་དུ་དབྱེ་བ་དང༌། དེ་ཆོས་དབྱིངས་ཀྱི་གནས་སྐབས་གསུམ་དུ་བསྡུ་བའོ། །དང་པོ་ནི། རྒྱུའི་གནས་དང་སོགས་སོ། །གཉིས་པ་ནི། མ་དག་ཅེས་སོགས་ཏེ། རྒྱུད་བླར་གསུངས་པ་དང་དོན་གཅིག་གོ །གསུམ་པ་འབྲས་བུ་ལ། འབྲས་བུ་ལྔར་དབྱེ་བ་དང༌། དྲུག་ཏུ་དབྱེ་བའོ། །དང་པོ་ནི། སྣོད་གྱུར་སོགས་སོ། །གཉིས་པ་ལ། དབྱེ་བ་དངོས་དང༌། གཞན་ཡང་མཚོན་པའོ། །དང་པོ་ནི། ཕྱི་མ་ཞེས་སོགས་དང༌། གཉིས་པ་ནི། འབྲས་བུ་གཞན་ཞེས་པའོ། །འདིར་བྲལ་བའི་འབྲས་བུ་སོགས་ཕྱི་མ་བཞི་ནི། སྒོམས་པར་བྱས་པའི་འབྲས་བུ་དང༌། རྫོགས་པའི་འབྲས་བུ་གཉིས་ཀྱི་བར་དུ་བཤད་དགོས་པར་འགྲེལ་པ་ལས་འབྱུང་ངོ༌། །ལྔ་པ་ཐེག་པ་བླ་ན་མེད་པའི་ལེའུ་ལ་གཉིས་ཏེ། འཆད་བྱེད་མདོར་བསྟན་པ་དང༌། བཤད་བྱ་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མེད་ཉིད་ནི་སོགས་སོ། །གཉིས་པ་ལ་གསུམ་སྟེ། སྒྲུབ་པ་བླ་ན་མེད་པ་དང༌། དམིགས་པ་བླ་ན་མེད་པ་དང༌། ཡང་དག་པར་འགྲུབ་པ་བླ་ན་མེད་པའོ། །དང་པོ་ལ་གཉིས་ལས། བསྟན་པ་ནི། སྒྲུབ་པ་དག་ནི་སོགས་སོ། །བཤད་པ་ལ་དྲུག་ལས། དང་པོ་དམ་པའི་སྒྲུབ་པ་ནི། དམ་པ་བཅུ་གཉིས་སོགས་སོ། །འོ་ན་བཅུ་གཉིས་པོ་དེ་གང་ལ་ཡོད་ཅེ་ན། དེའི་ཕྱིར་དམ་པའི་ཞེས་སོགས་སོ། །བཅུ་པོ་གང་ཞེ་ན། སྦྱིན་དང་སོགས་སོ། །བཅུ་པོ་དེའི་བྱེད་ལས་ཅི་ཞེ་ན། ལས་ནི། རྗེས་སུ་སོགས་སོ། །གཉིས་པ་ཡིད་ལ་བྱེད་པའི་སྒྲུབ་པ་ལ། གཉིས་ཏེ། དངོས་དང༌། དེའི་ཁྱད་པར་གྱི་ཆོས་སོ། །དང་པོ་ནི། ཐེག་པ་ཆེན་པོར་ཞེས་སོགས་སོ། །གཉིས་པ་ལ་བྱེད་ལས་དང༌། ཡིད་བྱེད་གསུམ་པོ་དེ་ཆོས་སྤྱོད་བཅུའི་སྒོ་ནས་བཤད་པའོ། །དང་པོ་ནི། ཁམས་བརྟས་སོགས་སོ། །གཉིས་པ་ལ། དངོས་དང༌། ཐེག་པ་ཆེན་པོའི་ཆོས་སྤྱོད་བསོད་ནམས་ཆེ་བའི་རྒྱུ་མཚན་ནོ། །དང་པོ་ནི། ཡི་གེ་འབྲི་མཆོད་སོགས་སོ། །གསུམ་པ་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལ། བསྟན་པ་དང༌། བཤད་པའོ། །དང་པོ་ནི། མི་གཡེང་སོགས་སོ། །གཉིས་པ་ལ་གཉིས་ཏེ། མི་གཡེང་བ་བཤད་པ་དང༌། ཕྱིན་ཅི་མ་ལོག་པར་གྱུར་པ་བཤད་པའོ། །དང་པོ་ནི། ལྡན་དང་ཞེས་སོགས་ཏེ། ངོ་བོ་ཉིད་ཀྱི་གཡེང་བ་སོགས་ལོག་ཕྱོགས་དྲུག་བཤད་པ་ཡིན་ནོ། །གཉིས་པ་ལ་བསྟན་པ་དང༌། བཤད་པ་གཉིས་ལས། དང་པོ་ནི། ཡི་གེ་དོན་དང་ཞེས་སོགས་ཏེ། ཕྱིན་ཅི་མ་ལོག་པའི་དངོས་པོ་བཅུའོ། །གཉིས་པ་ལ། དང་པོ་ཡི་གེ་ལ་ཕྱིན་ཅི་མ་ལོག་པ་ནི། འབྲེལ་བའི་ཕྱིར་ཞེས་སོགས་སོ། །དོན་ལ་ཕྱིན་ཅི་མ་ལོག་པ་ནི། གཉིས་སུ་སྣང་བ་སོགས་སོ། །གསུམ་པ་ཡིད་ལ་བྱེད་པ་ཕྱིན་ཅི་མ་ལོག་པ་ནི། རྟོག་པ་དེ་ཡི་ཞེས་སོགས་སོ། །བཞི་པ་མི་འཕྲོ་བ་ཕྱིན་ཅི་མ་ལོག་པ་ནི། དོན་གྱིས་ཡོད་དང་སོགས་སོ། །ལྔ་པ་རང་གི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ནི། རྟོག་པ་ཐམས་ཅད་སོགས་སོ། །སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པ་ནི། ཆོས་ཀྱི་དབྱིངས་ནི་སོགས་སོ། །མ་དག་པ་དང་དག་པ་ལ་ཕྱིན་ཅི་མ་ལོག་པ་ནི། ཕྱིན་ཅི་ལོག་གི་ཞེས་སོགས་སོ། །གློ་བུར་དུ་བྱུང་བ་ལ་ཕྱིན་ཅི་མ་ལོག་པ་ནི། ཆོས་ཀྱི་དབྱིངས་ནི་སོགས་སོ། །མི་དངང་བ་དང་ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ནི། ཆོས་རྣམས་དང་ནི་སོགས་སོ། །སྐབས་འདི་ན་འགྲེལ་པར་ཕྱིན་ཅི་མ་ལོག་པ་བཅུ་དང་རྡོ་རྗེའི་ཚིག་བཅུ་སྦྱོར་བའི་ཤླཽ་ཀ་ལྷག་པོ་གསུམ་འབྱུང་བ་ནི་རྩ་བའི་ཚིགས་མ་ཡིན་པར་འཆད་པ་དག་མང་མོད། ཤེས་བྱེད་གང་ཡིན་བརྟག་པར་བྱའོ། །བཞི་པ་མཐའ་གཉིས་སྤངས་པའི་སྒྲུབ་པ་ནི། ཐ་དད་པ་དང་གཅིག་མཐའ་དང་སོགས་སོ། །ལྔ་པ་དང་དྲུག་པ་ཁྱད་པར་ཅན་ཁྱད་མེད་ཀྱི་སྒྲུབ་པ་ནི། ཁྱད་པར་ཅན་དང་སོགས་སོ། །གཉིས་པ་དམིགས་པ་བླ་ན་མེད་པ་ནི། རྣམ་པར་དག་དང་སོགས་སོ། །གསུམ་པ་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ནི། མ་ཚང་མེད་དང་སོགས་སོ། །གསུམ་པ་མཚན་དོན་ནི། དབུས་རྣམ་འབྱེད་པའི་བསྟན་བཅོས་ཏེ། སོགས་སོ། །མདོར་ན་གཞུང་འདི་དང་རྒྱན་རྣམ་པ་གཉིས་ཏེ། བསྟན་བཅོས་གསུམ་པོ་ནི་སྤྱིར་ཐེག་པ་ཆེན་པོའི་བསྟན་བཅོས་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་གཏོགས་པ་ཡིན་པས་ཐེག་པ་གསུམ་ཀའི་ལམ་གྱི་རྣམ་པར་གཞག་པ་རྒྱ་ཆེར་བསྟན་ནོ། །རྒྱུད་བླ་མ་དང་ཆོས་ཉིད་རྣམ་པར་འབྱེད་པའི་བསྟན་བཅོས་གཉིས་སུ་ནི་ངེས་པའི་དོན་ཁོ་ན་སྟོན་ཞིང༌། ཐེག་པ་ཆེན་པོའི་ལམ་གྱི་རྣམ་པར་གཞག་པ་ཁོ་ན་བསྟན་པའི་བརྗོད་བྱའི་དོན་སྟོན་ཚུལ་གྱི་རིམ་པ་མཐུན་པ་ཡིན་ནོ། །དེར་ཡང་ཆོས་ཞེས་བྱ་བ་ནི་གཟུང་འཛིན་གཉིས་དང་གཉིས་སུ་སྣང་བའི་རྟོག་པ་སྟེ་ཀུན་བཏགས་དང་གཞན་དབང་ངོ༌། །ཆོས་ཉིད་ནི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཡོངས་གྲུབ་བོ། །དེ་ལའང་གང་ཟག་གི་དབང་དུ་བྱས་པའི་དང༌། གཟུང་བ་ཆོས་ཀྱི་དང༌། འཛིན་པ་ཆོས་ཀྱིས་དབང་དུ་བྱས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་གསུམ་ལས། འདིར་ནི་ཕྱི་མ་ཉིད་གཙོ་བོར་གྱུར་པ་སྟེ། དེ་ཁོ་ན་ཉིད་མཆོག་གི་དབང་དུ་མཛད་ནས་བཤད་པར་གསལ་བའི་ཕྱིར་རོ། །འདིར་སྨྲས་པ། རྒྱན་གཉིས་ངེས་པའི་དོན་མཐུན་པར། །དབུས་མཐའི་གཞུང་གིས་གསལ་བར་བསྟན། །དབུས་མཐའ་སེམས་ཙམ་གཞུང་ཡིན་ཞེས། །འཆད་པོ་ཚད་ལྡན་སྔོན་མ་བྱོན། །ཐོགས་མེད་ཞབས་ཀྱི་རྒྱུད་བླ་ཡི། །བསྟན་བཅོས་མ་གཏོགས་ཡུམ་དང་ནི། །བྱམས་པའི་ཆོས་ཀུན་སེམས་ཙམ་དུ། །བཀྲལ་ཞེས་སྨྲ་བ་འདི་ཀོ་ཅི། །ཤིང་རྟ་ཆེན་པོའི་ཚུལ་སོ་སོར། །མ་འཁྲུལ་དབུ་མའི་ལམ་མེད་ན། །དྲང་ངེས་ཚུལ་བཞིན་འབྱེད་མཁས་པར། །ལུང་བསྟན་བརྙེས་པ་དེ་གང་ཞིག །རྒྱན་དང་རྒྱུད་བླ་ཐེག་གསུམ་དང༌། །ཐེག་གཅིག་མ་གཏོགས་ངེས་པའི་དོན། །གཞན་སྟོང་སྨྲ་བའི་ཚུལ་ལུགས་སུ། །བཤད་ལ་ཁྱད་པར་ཅང་མ་མཆིས། །མངོན་པར་རྟོགས་པའི་རྒྱན་བཟང་པོ། །དབུ་མའི་ཚུལ་ལུགས་གཉིས་ཀར་ཡང༌། །འཆད་པར་ནུས་མོད་རྒྱུད་བླ་མ། །རང་སྟོང་གཞུང་དུ་འདྲེན་མི་ནུས། །དེ་ལྟར་དེ་བརྩམས་པ་ལས་ནི། །བྱུང་བའི་དགེ་བ་རབ་དཀར་བས། །ཐོགས་མེད་བྱོན་པའི་ལམ་ཆེན་ནས། །བྱམས་པའི་ཞལ་བཟང་ལྟ་བྱེད་ཤོག །ཅེས་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྡུས་པའི་དོན་དང༌། བྱམས་ཆོས་རྣམ་ལྔའི་ངེས་དོན་རབ་ཏུ་གསལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ་འདི་ནི། ཤྲཱི་ངག་གི་དབང་ཕྱུག་རྒྱལ་པོའི་གསུང་གིས་ཉེ་བར་བསྐུལ་བའི་ངོར་བགྱིས་ནས། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཙང་གཡས་རུའི་ཐིག་ལེ་གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི་བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  ༈  །།བྱམས་ཆོས་འདོན་པ་རྣམས་ཀྱི་ཁ་འདོན་སོ་སོའི་དབུ་ཞབས་སུ་བྱ་བའི་ཚིག་བཅད།།  ༄༅། །སྭསྟི། རྒྱལ་ཡུམ་གཅིག་པུས་འཕགས་རྣམས་ཀྱི། །བཞེད་དོན་སྒྲུབ་མཛད་ཕ་རོལ་ཕྱིན། །མ་ཕམ་བྱམས་པས་ཕྱག་མཛད་པ། །དེ་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་སྐྱེད་མཛད་མ་ལུས་པའི། །དངོས་བསྟན་སྟོང་ཉིད་ཀྱི་རིམ་པ། །མཐའ་དག་ལོགས་སུ་མ་སྦས་པར། །བསྡུས་དོན་བདུན་བཅུས་གསལ་མཛད་པའི། །དགེ་བས་སྦས་དོན་མངོན་རྟོགས་བརྒྱད། །མདོ་རྒྱུད་མན་ངག་མ་ལུས་པའི། །ཉམས་ལེན་གནས་སུ་གདེང་ཐོབ་ནས། །ཚེ་འདིར་རྫོགས་སངས་རྒྱས་གྱུར་ཅིག །གདོད་ནས་རང་མཚན་གྱིས་དག་པའི། །ངེས་དོན་རྡོ་རྗེའི་གནས་བདུན་པོ། །སེམས་ཅན་ཀུན་དང་སངས་རྒྱས་ཀྱི། །སྙིང་པོར་སྟོན་ལ་ཕྱག་འཚལ་ལོ། །སྦྱང་གཞི་བདེ་གཤེགས་སྙིང་པོའི་ཁམས། །རྒྱུ་འབྲས་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་དད་པས་སྦྱང་གྱུར་ཅིག།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*