འཇམ་དབྱངས་ཆོས་ཀྱི་རྒྱལ་པོས་མཛད་པའི་མོལ་གཏམ། བསྔོ་བ་རྒྱས་བསྡུས་གང་འོས་ཀྱི་སྨོན་ལམ།

༼ཉ༽༄༅། །འཇམ་དབྱངས་ཆོས་ཀྱི་རྒྱལ་པོས་མཛད་པའི་མོལ་གཏམ། བསྔོ་བ་རྒྱས་བསྡུས་གང་འོས་ཀྱི་སྨོན་ལམ་དང་བཅས་པ་བཞུགས་སོ།།

ན་མོ་བུདྡྷ་ཡ། སྐབས་འདིར་སྐབས་དོན་བརྡ་སྤྲོད་པར་བྱེད་པའི་ལོ་རྒྱུས་ཚིག་འགའ་གླེང་བར་ཞུ་འཚལ། ཞུ་བའི་སྐབས་ན་བླ་མེད་ཐར་གླིང་བགྲོད་པའི་དེད་དཔོན། རྣམ་གྲོལ་དགའ་སྟོན་སྩོལ་པའི་འདྲེན་མཆོག སྲིད་པའི་ཟུག་རྔུ་འབྱིན་པའི་རྩལ་ལྡན། རྩ་བརྒྱུད་ཡོངས་ཀྱི་བླ་མ་རྣམས་དང༌། དོན་གཉིས་མཐར་ཕྱིན་སྟོན་པ་སངས་རྒྱས། ལུང་རྟོགས་ངོ་བོ་སྐྱོབ་པ་དམ་ཆོས། རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན། དེ་ལྟར་དཀོན་མཆོག་རིན་ཆེན་རྣམ་གསུམ། སྤྱིར་ཞིང་ཁམས་རབ་འབྱམས་རྣམས་ན་བཞུགས་པ་ནི་བསམ་གྱིས་མི་ཁྱབ། ཁྱད་པར་དུའང་ཐུབ་བསྟན་རིན་ཆེན་ཚོགས་ཀྱིས་གཞི་བཟུང༌། བསྟན་པའི་ཆུ་བོ་མང་པོ་འདུ་མཁས། ཕྲིན་ལས་རླུང་བརྒྱ་ཕྱོགས་བཅུར་འགྱེད་མཛད། རང་རེའི་གཙུག་ལག་ཁང་འདི་ཉིད་ནའང༌། བྱིན་རླབས་ཆུ་རྒྱུན་སྤེལ་བའི་གངས་རི། ཉེས་པའི་དྲི་མ་འཁྲུད་པའི་དག་བྱེད། རྣམ་མང་དགེ་ལེགས་སྟེར་བའི་ས་གཞི། དཀོན་མཆོག་རིན་ཆེན་རྣམ་པ་གསུམ་གྱི་རྟེན། ངོ་མཚར་རྨད་དུ་བྱུང་བར་བཞུགས་ཤིང༌། ལྷ་རྫས་རིན་ཆེན་ཚོགས་ལས་ལེགས་གྲུབ། སྟོང་ཉིད་ཡེ་ཤེས་རྡོ་རྗེས་བྱིན་རླབས། རྒྱལ་བ་སྲས་བཅས་མ་ལུས་དགེས་མཛད། བཀོད་མཚན་མཆོད་པའི་སྤྲིན་སྤུངས་རྣམས་དང༌། ཐུབ་བསྟན་གངས་རི་བསྲུང་བའི་སེང་ཆེན། ཕས་རྒོལ་གླང་པོ་འཇོམས་པའི་སྟོབས་ལྡན། བསྟན་འཛིན་རི་དྭགས་བསྲུང་བའི་དཔའ་བོ། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས། གཞན་ལས་ཆེས་ཁྱད་པར་དུ་འཕགས་པར་བཞུགས་པ་ལགས། དཀོན་མཆོག་དེ་དག་དང་ངོ་བོ་གཅིག་ཅིང་མཛད་པ་འཕྲིན་ལས་གཉིས་སུ་མ་མཆིས་པ། ཐུབ་བསྟན་དམ་ཆོས་ཀུན་གྱི་བདག་པོ། བསྟན་འཛིན་དགེ་འདུན་ཡོངས་ཀྱི་གཙུག་རྒྱན། སྟོན་པ་བུ་རམ་ཤིང་པའི་རྒྱལ་ཚབ། བླ་མ་རིན་པོ་ཆེ་དེ་ཉིད་འདུས་པ་ཀུན་གྱི་གཙུག་རྒྱན་དམ་པར་བཞུགས་པ་ལགས། རྗེ་ཉིད་ཀྱི་ཐུགས་རྗེའི་དཀྱིལ་འཁོར་ཉེར་འཚོའི་སྤྲིན་གྱིས་མ་སྒྲིབས་ཤིང༌། མཁྱེན་པའི་སྣང་བྱེད་ཕྱོགས་བརྒྱར་སྤྲོས་པ་ལས། ཕན་བདེ་འདབ་བརྒྱའི་ཚལ་དུ་ཉེ་བར་བསྡུས་པ། དད་ཅན་དྭང་བ་འདྲེན་པའི་དམིགས་རྐྱེན། འབྱོར་ལྡན་བསོད་ནམས་བསོགས་པའི་ཞིང་མཆོག བསླབ་གསུམ་འོད་ཟེར་འཕྲོ་བའི་སྣང་བྱེད། དགེ་འདུན་དབུ་སྡེ་གཉིས་ཀྱི་གྲལ་གྱི་གཞི་བཟུང༌། སྡེ་སྣོད་གཞུང་བརྒྱ་ཤེས་པའི་མཁས་པ། སྡོམ་གསུམ་རྒྱུད་ལ་ལྡན་པའི་བཙུན་པ། བྱང་ཆུབ་ཐུགས་གཉིས་འབྱོངས་པའི་བཟང་པོ། ཡོངས་ཀྱི་བཤེས་གཉེན་དམ་པ་མང་པོས་གྲལ་གྱི་གཞི་ཐོག་དྲངས། སྔོན་བསགས་བསོད་ནམས་འཁྲུངས་པའི་ལྷུན་པོ། མངའ་འབངས་ཆུ་གཏེར་རྒྱས་པའི་རྒྱ་མཚོ། མཐོ་དམན་ཀུན་ལ་སྙོམས་པའི་ཉིན་བྱེད། མི་ཆེ་བར་གྱུར་པ་རྣམས་ཀྱིས་གྲལ་གྱི་གུང་མནན། སྒྲ་དང་ཚད་མའི་དཔའ་ངར་དང་ལྡན་པ། བཟོ་དང་གསོ་བའི་བྱམས་བརྩེ་དང་བཅས། ཕྱི་ནང་གསང་གསུམ་རིག་པའི་མཆོད་འོས། ཡོན་ཏན་མཁས་པ་སྦྱང་བ་རྣམས་ཀྱིས་གྲལ་གྱི་ཟུར་བརྒྱན། མཆོད་འོས་ཐོད་བཞིན་བཀུར་བའི་དད་ཅན། མཆོད་རྫས་ལྷུན་པོ་འདེགས་པའི་སྟོབས་ལྡན། གཏོང་ཕོད་ལུགས་བརྒྱས་སྤྲས་པའི་མཛངས་པ། བསོད་ནམས་ཅན་སྦྱིན་པའི་བདག་པོ་རྣམས་དང༌། གཞན་ཕན་ལག་པ་སྐྱོང་བའི་མཛངས་པ། རང་དོན་གཡང་ས་བསྲུང་བའི་ཁྲེལ་ལྡན། བདེ་འཁྱུག་གློག་ལྟར་སྤྲོ་བའི་ཡིད་འོངས། བྱ་བ་མཛད་པ་ཕྱག་བདེ་བ་དང་བཅས་པས་གྲལ་གྱི་མཐའ་བསྟེན་ནས། འདི་ལྟར་ཆོས་དང་སྲིད་པའི་ཕུན་ཚོགས་བཟང་པོས། ཕྱོགས་རྣམས་ཀུན་ནས་ངང་གིས་རབ་འདུས། དགེ་ཤིང་འཛུམ་པའི་མདངས་རབ་གསལ་མཛད། འདུས་པའི་རྒྱ་མཚོའི་ཚོགས་དང་བཅས་པ་མཐའ་དག བསླུ་བ་མེད་པའི་རྟེན་འབྲེལ་བཟང་པོས་གདན་མངོན་པར་འཛོམ། དཀར་བ་ལས་ཀྱི་གཞི་བཟུང༌། དག་པ་སྨོན་ལམ་གྱིས་མཚམས་སྦྱར། ཆོས་དང་དམ་ཚིག་ཟབ་མོའི་སྒོ་ནས་འབྲེལ་པ་ཟབ། ཕན་བདེའི་ལོ་ཏོག་སྨིན་པའི་འདུན་ས་བཟང་པོར་རྣམ་གྲོལ་དགེ་བའི་ཆར་ཆེན་འབེབས་པའི་ཐབས་མཆོག་ཁྱད་པར་ཅན་ལ་ཕོད་པས་ན་ཚོགས་པ་ཤིན་ཏུ་བཟང༌། བཀའ་དྲིན་ཆེ་བའི་ལོ་རྒྱུས་ཀྱི་དབང་དུ་བགྱིས་པར་གདའ་ན། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་དང༌། རྒྱན་དམ་པ་ཆོས་འབྱུང་གི་ལོ་རྒྱུས་གཉིས། དང་པོ་ལ་སྟེང་དུ་རྗེའི་གདུང་རབས། འོག་ཏུ་འབངས་ཀྱི་མི་རབས། སྟོང་སྡེ་སའི་ཆགས་ཚུལ། འཇིག་རྟེན་ལུགས་ཀྱི་རྣམ་གཞག་སོགས་གླེང་སྒོ་མང་བར་མཆིས་མོད། མདོ་ཙམ་གྱི་དབང་དུ་བགྱི་བར་གདའ་ན། འཛམ་བུའི་གླིང་འདིར། རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བ་སོགས་བསྐལ་པ་དང་པོའི་རྒྱལ་པོ་ལྔ། ལྷའི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་དབང་སྒྱུར་བ་ང་ལས་ནུ་ལ་སོགས་པ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྔ། དེ་ནས་ཤཱཀྱའི་རིགས་ཀྱི་རྒྱལ་པོ་བརྒྱད་ཁྲི་དང་བདུན་སྟོང༌། མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལའི་རྒྱལ་པོ་གཏུམ་པོ་རབ་སྣང༌། བད་སའི་རྒྱལ་པོ་འཆར་བྱེད། སེར་སྐྱའི་རྒྱལ་པོ་དོན་ཐམས་ཅད་གྲུབ་པའི་བར་སྤེལ་ལེགས་སུ་བྱོན་པ་ལགས། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་གདུང་འཛིན་རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་བ་དེ་ཉིད་བོད་ཀྱི་རྒྱལ་པོ་ལ་སྔ་བ་ལགས། དེ་ནས་གནམ་གྱི་ཁྲི་བདུན། སའི་ལེགས་དྲུག ལོག་གྱི་ལྡེ་བརྒྱད་ལ་སོགས་པ་རིམ་པར་བརྒྱུད་ཅིང༌། ཉི་ཤུ་རྩ་ལྔ་པ་ཐོ་ཐོ་རི་སྙན་ཞལ་གྱི་དུས་སུ། དམ་པ་ཆོས་ཀྱི་དབུ་རྙེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སྲོལ་གཏོད། ཁྲི་སོང་ལྡེ་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་མཛད། མངའ་བདག་རལ་པ་ཅན་གྱི་དུས་སུ་རབ་ཏུ་བྱུང་བ་རྣམས་ཀྱི་ཞབས་སྤྱི་བོར་བླངས། གསུང་རབ་འགྱུར་རོ་འཚལ། སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་གྱི་སྐུ་རིང་ལ་གསང་སྔགས་རྒྱུད་སྡེ་བཞིའི་གླེགས་བམ་སྤྱན་དྲངས་ཇོ་བོ་རྗེ་ལྷ་གཅིག་བོད་དུ་སྤྱན་འདྲེན་པའི་བདག་རྐྱེན་མཛད་པ་སོགས་ཆོས་རྒྱལ་གྱི་སྐྱེས་བུ་ཆེན་པོ་རྣམས་གསེར་གྱི་ཕྲེང་བ་ལྟར་རིམ་པར་བྱོན་པ་ལགས། གཉིས་པ་འབངས་ཀྱི་མི་རབས་ཆགས་ཚུལ་གྱི་དབང་དུ་བགྱིས་ན། བསྐལ་པ་བཟང་པོའི་མི་རྣམས་ལྷ་ཡུལ་ནས་འཕོས་ཏེ་སྐྱེས་པས་རིགས་སོ་སོའི་དབྱེ་བ་མ་མཆིས། ཕྱིས་རྩོད་ལྡན་གྱི་དུས་སུ་མི་རིགས་བཞིར་གྱེས། དེང་སང་རྒྱ་གར་འཕགས་པའི་ཡུལ་ན་རིགས་བཞིའི་སྡེ་ཚན་སོ་སོར་ངེས། རྒྱ་ནག་པའི་ཡུལ་ན་རིགས་འཆོལ་བར་གནས། བོད་ཆུང་ངུ་ན་རིགས་ཀྱི་སྡེ་ཚན་སོ་སོར་མི་འབྱེད། བོད་ཆེན་པོ་ན་མིའུ་གདོང་དྲུག་གི་རིགས་སུ་ངེས་པ་ལས། དེ་རིང་སྐབས་སུ་ཡོན་གྱི་བདག་པོའི་རིགས་རུས་ཆོ་འབྲངས་ཕུན་སུམ་ཚོགས་པ་འདི་ཞེས་བྱ་བ་དང༌། མཛད་པ་ཕྲིན་ལས་འདི་དང་འདི་ཞེས་བྱ་བ་ལ་སོགས་པ་རང་རང་གི་ཆེ་གེའི་ཡིག་ཚང་རྣམས་བརྗོད། གསུམ་པ་སྟོང་སྡེ་སའི་ཆགས་ཚུལ་ལ། ཕྱི་མངོན་པའི་ལུགས་དང༌། ནང་གསང་སྔགས་ཀྱི་ལུགས་སོགས་གླེང་སྒོ་མང་བར་མཆིས་ནའང༌། སྐབས་འདིར་གླིང་ཁྱད་པར་དུ་འཕགས་པ་འཛམ་བུའི་གླིང་ན། ཡུལ་ཆེན་སུམ་ཅུ་སོ་དྲུག ཡུལ་ཕྲན་སུམ་བརྒྱ་དང་དྲུག་ཅུ་ཡོད་པར་བཤད་པ་ལས། གཙོ་ཆེ་བར་གྱུར་པ། ཤར་ན་ལོངས་སྤྱོད་ཀྱི་འབྱུང་ཁུངས་རྒྱ་ནག ལྷོ་ན་དམ་པ་ཆོས་ཀྱི་འབྱུང་ཁུངས་འཕགས་ཡུལ། ནུབ་ན་རིག་པའི་འབྱུང་གནས་ཁ་ཆེ། བྱང་ན་དཔའ་བོའི་འབྱུང་གནས་ཧོར་ཡུལ། དེ་དག་གི་དབུས་ན་བསྟན་པ་དང་བསྟན་འཛིན་གྱི་གནས་མཆོག ཁ་བ་ཅན་གྱི་ལྗོངས་ཏེ། ཡ་རབས་འདུ་བའི་ཡུལ་ཆེན་ནི་དེ་ཙམ་དུ་ངེས་ལགས། བཞི་པ་འཇིག་རྟེན་ལུགས་ཀྱི་རྣམ་གཞག་ལ། སྔོན་རྫོགས་ལྡན་གྱི་དུས་སུ་རྒྱལ་པོའི་ཁྲིམས་དང༌། རྒན་རབས་ཀྱི་ལུགས་སྲོལ་ལ་མ་ལྟོས་པར་ཐམས་ཅད་དགེ་བ་བཅུ་ལ་ངང་གིས་ལོངས་སྤྱོད་དོ། །གསུམ་ལྡན་གྱི་མགོ་ཚུགས་ནས་དགེ་བ་བཅུའི་ཁྲིམས་བཅས། འཇིག་རྟེན་གྱི་ལུགས་བཟང་ངན་དང༌། རིགས་མཐོ་དམན་དང༌། ཡ་རབས་མ་རབས་ཀྱི་རྣམ་གཞག ངོ་ཚ་དང་ཁྲེལ་ཡོད་སོགས། འཇིག་རྟེན་ལུགས་ཀྱི་རྣམ་གཞག་རྣམས་དར་ཞིང་རྒྱས་པར་གྱུར་པ་ལགས། མདོར་ན་མི་ཆོས་ཀྱི་ལོ་རྒྱུས་དེ་ཐམས་ཅད་ཀྱང་དེང་སང་སྐབས་སུ་ཡབ་དུ་དགེ་ཞིང་ཡུམ་དུ་བཙུན་པ། ངོ་ཚ་ཤེས་པའི་ལུས་ལ་ཁྲེལ་ཡོད་ཀྱི་གོས་གྱོན་ཞིང༌། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཆོད་པའི་གནས་སུ་བསྐུར་བའི་སྦྱིན་པའི་བདག་པོ་རྣམས་ལ་ཚང་བ་དེ་ལགས། གཉིས་པ་རྒྱན་དམ་པ་ཆོས་འབྱུང་གི་ལོ་རྒྱུས་ལའང༌། སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བྱ་ལས་ཅན་བཀའ་དྲིན་ཆེ་བའི་ཚུལ་དང་གསུམ་ལས། དང་པོ་ནི། འོ་སྐོལ་གྱི་སྟོན་པ་དང་པོར་བྱང་ཆུབ་དུ་ཐུགས་བསྐྱེད་པའི་ཚུལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲངས་པ་དང་སྙིང་རྗེ་པད་དཀར་གྱི་མདོའི་རྗེས་སུ་འབྲངས་པ་དང༌། བསྐལ་པ་བཟང་པོའི་མདོའི་རྗེས་སུ་འབྲངས་པ་སོགས་མང་ཞིང་གླེང་བར་གདའ་ནའང༌། དཔའ་བར་འགྲོ་བའི་མདོའི་ངེས་དོན་མཐར་ཐུག་གི་དབང་དུ་བགྱིས་ན། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཅན་འདི་བརྗོད་དུ་མེད་པའི་བསྐལ་པ་མང་པོའི་སྔོན་རོལ་དུ་སངས་རྒྱས་ནས། རྩོད་པའི་དུས་འདིར་མཆོག་གི་སྤྲུལ་པའི་སྐུས་གླིང་བཞི་ཐེར་འབུམ་དུ་ངོ་མཚར་ཅན་གྱི་མཛད་པ་བྱེ་བ་ཕྲག་བརྒྱ་ཅིག་ཅར་དུ་སྟོན་པའི་ཚུལ་གྱིས་བྱོན་པ་ལགས། བསྟན་པ་དམ་ཆོས་ཀྱི་དར་ཚུལ་ལ། སྟོན་པ་ཆོས་ཀྱི་དབྱིངས་ལ་མཉམ་པར་གཞག་པའི་རྗེས་སུ། ཆོས་ཀྱི་སྤྱན་ལྡན་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་བཀའི་བསྡུ་བ་རིམ་པར་མཛད། རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པའི་བསྟན་བཅོས་མཁན་པོ་རྣམས་ཀྱི་དྲང་དོན་དང་ངེས་དོན་གྱི་རིམ་པ་ལེགས་པར་ཕྱེ། དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་ནས། རྒྱ་གར་འཕགས་ཡུལ་དུ་བསྟན་པ་རིན་པོ་ཆེ་ནམ་ལངས་ཤིང་ཉི་མ་ཤར་བར་གྱུར་པ་ལགས། བོད་ཡུལ་དུ་སྤྲུལ་པའི་སྐུ་མཐོན་མི་སམ་བྷོ་ཊས་བོད་ཀྱི་ཡི་གེ་བརྩམས། དམ་པ་ཆོས་ཀྱི་སྲོལ་གཏོད། ཆོས་ཀྱི་སྤྱན་ལྡན་ཀ་ཅོག་ཞང་གསུམ་གྱིས་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་བསྒྱུར། འཇམ་པའི་རྡོ་རྗེས་བྱིན་གྱིས་བརླབས་པའི་སྐྱེས་མཆོག་རིན་ཆེན་བཟང་པོས། རྒྱུད་སྡེ་བཞིའི་ཚད་ལྡན་གྱི་དགོངས་འགྲེལ་དང་བཅས་པ་བསྒྱུར། རྒྱལ་བས་ལུང་བསྟན་བརྙེས་པའི་ལོ་ཆེན་བློ་ལྡན་བཟང་པོས། གསུང་རབ་མང་པོའི་ཞུ་ཆེན་དང་བཤད་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། བཤེས་གཉེན་དམ་པ་ཐོ་རོག་འབན་གསུམ་དང༌། བྱ་སྐྱི་ཤ་གསུམ་ལ་སོགས་པ་རྣམས་ཀྱིས་ཀ་ཅོག་ཞང་གསུམ་ནས་བརྒྱུད་པའི་འདུལ་བ་དང༌། མངོན་པའི་སྡེ་སྣོད་ཀྱི་བསྟན་པ་མི་ནུབ་པའི་རྒྱལ་མཚན་བཟུང་བས་བཀའ་དྲིན་ཆེ། ཡང་སྤྲུལ་པའི་སྐུ་པདྨ་འབྱུང་གནས་བོད་ཡུལ་དུ་བྱོན་ནས་དམ་པའི་ཆོས་ལ་ཕྲག་དོག་གི་གདུག་པ་ཅན་ཐམས་ཅད་ཚར་བཅད། གསང་སྔགས་བླ་མེད་ཀྱི་བསྟན་པ་དར་རྒྱས་སུ་མཛད་ནས་སྐལ་བཟང་མང་པོ་རིག་འཛིན་གྱི་ས་ལ་བཀོད། དམ་པ་རྒྱ་གར་བོད་དུ་བྱོན་ནས་ལྟ་བ་རྣམ་པར་དག་པ་དབུ་མའི་ལམ་དང༌། རྟེན་འབྲེལ་སྣ་ཚོགས་ཀྱི་སྒོ་ནས། འགྲོ་བ་མང་པོ་ཕན་བདེའི་ས་ལ་བཀོད། སངས་རྒྱས་ཞི་བ་འཚོ་བོད་ཡུལ་དུ་བྱོན་ནས་བསྟན་པའི་རྩ་བ་རབ་བྱུང་གི་སྲོལ་གཏོད། བསྟན་པའི་སྙིང་པོ་དབུ་མའི་གཞུང་བཙུགས། ཁ་ཆེ་པཎ་ཆེན་བོད་ཡུལ་དུ་བྱོན་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སློབ་པའི་དགེ་འདུན་གྱི་སྡེ་བཙུགས། རྗེ་མར་པ་རྒྱ་གར་དུ་བྱོན་ནས་གྲུབ་ཆེན་ན་རོ་དང་མཻ་ཏྲིའི་གདམས་པ་སྤྱན་དྲངས། སྒྲུབ་རྒྱུད་ཆུ་བོའི་རྒྱུན་ལྟ་བུ་འཛུགས་པ་མཛད། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཁའ་འགྲོ་མའི་ཟབ་ཆོས་སྤྱན་དྲངས་ནས་བསྟན་པའི་སྙིང་པོ་དར་བར་མཛད། རྗེ་འབྲོག་མི་དང་བླ་ཆེན་ས་སྐྱ་པ་ཡབ་སྲས་ཀྱིས་མདོ་སྔགས་ཀྱི་བསྟན་པའི་རྒྱུན་ཉི་མ་ཤར་བ་ལྟར་མཛད་ཅིང༌། འཇིག་རྟེན་ལུགས་ཀྱི་གཞུང་ལུགས་བཟང་པོས་འགྲོ་བ་མང་པོ་ཕན་བདེའི་ས་ལ་འཁོད་པར་མཛད། གསུམ་པ་བཀའ་དྲིན་ཆེ་བའི་ལོ་རྒྱུས་ལ། སྤྱིར་དུས་གསུམ་གྱི་སངས་རྒྱས་རྣམས་འགྲོ་བ་ཡོངས་ལ་བཀའ་དྲིན་ཆེ། ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་མི་མཇེད་འཇིག་རྟེན་ཁམས་པ་རྣམས་ལ་བཀའ་དྲིན་ཆེ། འཛམ་བུ་གླིང་པ་རྣམས་ལ་ཁྱད་པར་དུའང༌། མཐའ་བྲལ་དབུ་མི་འདོན་གཟིགས་ཀླུ་སྒྲུབ་ཡབ་སྲས། ཆོས་མངོན་རྒྱ་མཚོའི་མཐར་སོན་ཐོགས་མེད་སྐུ་མཆེད། རྣམ་དག་རིགས་པའི་སྲོལ་འབྱེད་ཕྱོགས་གླང་ཡབ་སྲས་སོགས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་དང༌། དཔལ་ལྡན་ཨིནྡྲ་བྷུ་ཏི། གྲུབ་པ་མཆོག་བརྙེས་པ་སར་ཧ། སྟོབས་ཀྱི་མགོན་པོ་བི་རུ་པ་སོགས་རྣལ་འབྱོར་གྱི་དབང་ཕྱུག་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། བོད་གངས་ཅན་གྱི་ལྗོངས་པ་རྣམས་ལ། དང་པོར་སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ། བར་དུ་བླ་ཆེན་པོའི་མཁན་བརྒྱུད། དེ་རྗེས་གནས་ལྔ་རིག་པའི་པཎ་ཆེན་ཨ་ཏི་ཤ་ཆོས་ཀྱི་བརྒྱུད་པ་དང་བཅས་པ་བཀའ་དྲིན་ཆེ། དུས་ཕྱིས་གངས་ཅན་གྱི་འགྲོ་བ་ཕལ་མོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ། ཆོས་རྗེ་ས་སྐྱ་པའི་ཆོས་བརྒྱུད་གདུང་བརྒྱུད་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། རྗེ་འབྲོག་མི་ལོ་ཙྪ་བས་འཕགས་ཡུལ་ནས། དགྱེས་པ་རྡོ་རྗེའི་རྒྱུད་གསུམ་བཤད་སྲོལ་རྣལ་འབྱོར་དབང་ཕྱུག་གི་མན་ངག་དང་བཅས་པ་སོགས་སྤྱན་དྲངས། དཔལ་ས་སྐྱ་པ་ཆེན་པོ་ནས་ཉེ་བར་བརྒྱུད་དེ། རྡོ་རྗེ་ཐེག་པའི་བསྟན་པའི་སྙིང་པོ་བརྒྱུད་པ་བར་མ་ཆད་པར་བྱོན་པ་རྣམས་དང༌། མ་བྱོན་པའི་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི་སོགས་ནས་བཤད་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་རིག་པའི་གནས་མཐའ་དག་དང་བཅས་པ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ལ་ཉེ་བར་བརྒྱུད་པ་དེང་སང་གི་བར་དུ་བཤད་བརྒྱུད་དྲི་མ་མེད་པ་དང༌། གདུང་བརྒྱུད་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ་ཞེས་སོགས་གང་ལ་གང་འཚམས་སྐབས་དང་སྦྱོར། རང་རེའི་ཆོས་བརྒྱུད་རྣམ་པར་དག་པ་འདི་ལ། སྟོབས་བཅུ་མངའ་བ་ཐུབ་པའི་དབང་པོ་ནས་བཟུང༌། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད། རང་རེའི་བླ་མ་ཐང་ཆུང་བ་ཤཱཀྱ་སེང་གེ་ཞེས་པ་དེ་དམ་པའི་ཆོས་འདུལ་བ་ལ་བསྙེན་པར་རྫོགས། གཞུང་ལུགས་མང་པོ་ལ་སླབས་སྦྱངས་མཐར་ཕྱིན། གསང་སྔགས་བླ་མེད་ཀྱི་སྒྲུབ་པ་ཉམས་སུ་བཞེས། གྲུབ་པ་ཆེན་པོའི་གོ་འཕང་བརྙེས། སྣང་བ་མཐའ་དག་སྒྱུ་མའི་ངོ་བོར་གཟིགས་པས་བླ་གོས་ཀྱི་ཆུན་པོས་རི་བོ་ཆེན་པོ་ལ་བུག་པ་ཐལ་བྱུང་དུ་ཕུག དེའི་ལམ་དུ་ཆུའི་རྒྱུན་བདེ་བར་དྲངས་སྔོན་མེད་པའི་སར་ལོ་ཐོག་འཁྲུངས་པའི་ཞིང་ས་བསྐྲུན། སྔགས་ཀྱི་ནུས་པས་རྒོད་གཡག་གི་ཁྱུག་བཀུག རྨོས་རྨོ་བ་དང་ཁལ་འགེལ་བ་སོགས་ཀྱིས་བྲན་དུ་འཁོལ་བར་མཛད། དེ་ལ་སོགས་ཏེ་རྣམ་ཐར་ལས་འབྱུང་བའི་གྲུབ་པ་ཆེན་པོའི་སྙན་གྲངས་ལ་བརྟེན་ནས། འཕགས་པ་རིན་པོ་ཆེ་སེ་ཆེན་གན་གྱི་ཏི་ཤྲིའི་གོ་འཕང་བརྙེས། རྗེས་སུ་ཁྲག་འཐུང་ལྔ་བཅུ་རྩ་གཅིག་གིས་དབང་ལུང་མན་ངག་དང་བཅས་པ་ཞུས། ཏི་ཤྲཱི་དབང་ཕྱུག་གི་ལུང་དང་ལས་ཀ་ཕུལ་བ་དེ་ནས་བཟུང་སྟེ། ཆོས་རྗེ་འདུས་པ་ཀུན་གྱི་གཙུག་རྒྱན་དམ་པར་ཞལ་བཞུགས་པ་འདི་ཉིད་ཀྱི་བར་གསེར་རིའི་ཕྲེང་བ་ལྟར་སྤེལ་ལེགས་སུ་བྱོན་པ་རྣམས་བཀའ་དྲིན་ཆེ། སྒོས་རང་རང་སོ་སོ་ལ་ལུས་ངག་ཡིད་གསུམ་སྐྱོན་མེད་བསྐྲུན་པར་བྱེད་པའི་ཕ་དང་མ། རྣམ་དག་ཁྲིམས་ལ་འགོད་པར་བྱེད་པའི་མཁན་པོ་དང་སློབ་དཔོན། དབང་བཞིས་སྨིན་ནས་རྒྱུད་མན་ངག་སྟོན་པའི་དམ་ཚིག་གི་རྡོ་རྗེ་འཛིན་པ། བླང་དོར་ཚུལ་བཞིན་འདོམས་མཁས་དགེ་བའི་བཤེས་གཉེན། རྒྱ་ཆེན་གཞུང་ལུགས་ཚུལ་བཞིན་འཆད་མཁས། ཡོངས་འཛིན་དམ་པ་རྣམས་དང༌། ཐར་པའི་གྲོང་ཁྱེར་ཆེན་པོར་མཉམ་དུ་ཆས་པའི་ཆོས་ཀྱི་སྤུན་དང༌། རྡོ་རྗེའི་མཆེད་པོ་དམ་པ་རྣམས་བཀའ་དྲིན་ཆེ། ཁྱད་པར་དེ་རིང་གི་སྐབས་སུ་གཞན་སྡེ་སྟོབས་ཀྱིས་འཇོམས་པའི་དཔའ་བོ། རང་སྡེ་བྱམས་པས་སྐྱོང་བའི་མཛངས་པ། མཁས་བཙུན་རྒྱན་གྱིས་སྤྲས་པའི་བླ་མ་རིན་པོ་ཆེ་པ་ཉིད་སེང་གེའི་ཁྲི་ལ་ཞལ་མངོན་པར་མཐོ་བའི་སྐྱབས་ཀྱི་འོག་ནས། ལོངས་སྤྱོད་ངང་གིས་འབབ་པའི་མཚོ་ཆེན། ལེགས་བཤད་བུང་བ་འདུ་བའི་སྐྱེད་ཚལ། བསོད་ནམས་རིན་པོ་ཆེ་བསོག་པའི་བང་མཛོད། འདུས་པ་རྒྱ་མཚོའི་ཚོགས་ཆེན་རྣམས་ལ། མཆོད་པའི་ལོངས་སྤྱོད་མཚོ་ལྟར་འཁྱིལ། འབུལ་བའི་དངོས་པོ་རི་ལྟར་སྤུངས། སྒྲིན་འགྲུས་ཀྱི་ལག་ལེན། གློག་ལྟར་འཁྱུག ཆོས་སྤྱོད་ཀྱི་རིམ་པ་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་བཞུགས་པའི་དགོས་པ་སྐབས་དོན་གྱི་དབང་དུ་བགྱིས་ན། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ། བླ་མ་གོང་མའི་ཐུགས་དགོངས་རྫོགས་པ། གོང་མ་ཡོན་མཆོད་སྐུ་ཁམས་བཟང་ཞིང་ཕྲིན་ལས་ངང་གིས་འཕེལ་བ། བསྟན་པ་འཛིན་པའི་སྐྱེས་བུ་རྣམས་དམ་པའི་ཆོས་སྨྲ་བའི་སོ་ག་དང༌། སྐྱེས་བུ་རྙེད་པ་དང་བཀུར་སྟིས་བརྒྱན་པར་བྱ་བའི་ཕྱིར་རམ། དེ་ལས་ཁྱད་པར་དུ་ཞེས་སོགས་སྐབས་དང་སྦྱར་ནས། དེ་ལྟར་སྒྲུབ་པ་ཡིན་ཞེས་ཞུ་བར་གདའ་བས་རྗེས་སུ་ཡི་རང༌། དེ་ལས་བྱུང་བའི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བ། ཡོན་ཡོངས་སུ་སྦྱོང་བྱེད་ཞལ་ནས་གསུངས་པའི་མདོ། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྨོན་ལམ། མཁའ་འགྲོ་དང་ཆོས་སྐྱོང་ལ་གཏོར་མའི་རིམ་པ། བཀྲ་ཤིས་པའི་ཚིགས་སུ་བཅད་པ། བསོད་ནམས་བསོགས་པའི་བགྱི་བ་ལ་ཡང་དང་ཡང་དུ་ཚོགས་པའི་སྨོན་ལམ་ཡང་གནང་བར་ཞུ།།  །།ཡང་གསང་སྔགས་ཀྱི་སྒྲུབ་མཆོད་པ་ཚོགས་ལོངས་ཀྱི་དབུས་སུ་མོལ་གཏམ་བསྡུས་པ་བྱེད་ན་འདི་ལྟར། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་ཤིང༌། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་སྐྱབས་འོག་ནས། རང་རེ་དཔོན་སློབ་རྒྱལ་བའི་དཀྱིལ་འཁོར་དུ་སྟན་མངོན་པར་འཛོམ་སྐུ་གསུང་ཐུགས་ལྷ་སྐུའི་རྣམ་རོལ་ཏུ་གཟིགས་པའི་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པའི་རིག་པ་འཛིན་པའི་དགེ་འདུན་སྡེ་གཉིས་པོས་གྲལ་གྱི་གཞི་གཟུང༌། གདན་གསུམ་ཚང་བའི་ལྷ་ཚོགས་དང་དབྱེར་མེད་དུ་བཞུགས་པའི་རྡོ་རྗེ་སློབ་དཔོན་བདག་པོས་གྲལ་གྱི་གུང་མནན། གང་ཤར་ལྷ་སྐུའི་རྣམ་རོལ་དུ་གཟིགས་པའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་གྲལ་གྱི་ཐོག་མ་མཛད། རིམ་གཉིས་ཀྱི་རྣལ་འབྱོར་ལས་མ་གཡོས་བཞིན་དུ་རྒྱུད་སྡེའི་དོན་ཕྱིན་ཅི་མ་ལོག་པར་འཆད་ཤེས་པའི་ཡོན་ཏན་མཁས་པ་རྣམས་ཀྱིས་ཟུར་ནས་བརྒྱན། གསང་སྔགས་ཀྱི་ཀུན་སྤྱོད་ལས་མ་གཡོས་བཞིན་དུ། ཕྲིན་ལས་སྣ་ཚོགས་སྒྲུབ་པར་བྱེད་པའི་ལས་ཀྱི་རྡོ་རྗེ་རྣམས་ཀྱིས་མཐའ་བརྟེན་ཏེ། འདི་ལྟར་ཞལ་མངོན་དུ་གྱུར་པའི་རྡོ་རྗེ་སྤུན་ཐམས་ཅད་ཀྱང་དབང་དང་དམ་ཚིག་གི་འབྲེལ་པ་ཟབ། རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའི་ཚོགས་པ་བཟང༌། ལོ་རྒྱུས་ན། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་རིགས་བརྒྱའི་རྣམ་རོལ་གྱིས་དངོས་པོ་ཀུན་ལ་ཁྱབ་བྱེད་དུ་བཞུགས་པ་བཀའ་དྲིན་ཆེ། དགོས་པ་སྐབས་དོན་གྱི་དབང་དུ་བགྱིས་ན། དེ་རིང་གི་སྐབས་སུ་ཚངས་པར་སྤྱོད་པའི་རྟུལ་ཤུགས་ལ་ཉེ་བར་གནས་པའི་རིག་པ་འཛིན་པའི་ཚོགས་ལ། ཚོགས་ཀྱི་འཁོར་ལོ་དང་རྗེས་སུ་མཐུན་པའི་དཔའ་བོ་སྟོན་མོ་བཟང་ཞིང་གྱ་ནོམ་པས་ཉེ་བར་མཆོད་པ་འདི་ཉིད། སྤྱིར་ནི་རིག་པ་འཛིན་པའི་བསྟན་པ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དང༌། ཁྱད་པར་དུ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དང༌། གནས་སྐབས་ཐམས་ཅད་དུ་གསང་སྔགས་ཀྱི་ཀུན་སྤྱོད་བཟང་པོ་དང་མི་བྲལ་བར་བྱ་བའི་ཕྱིར། ཡོན་གྱི་བདག་པོ་རྡོ་རྗེ་སློབ་མ་མིང་འདི་ཞེས་བགྱི་བས་བསྒྲུབ་པར་གདའ། དེ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད། རིགས་མ་ལུས་པ་ཀུན་གྱི་བདག་པོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕངས་སུ་སློབ་པར་བགྱི་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ་ཞེས་བརྗོད་དོ། །འདིར་སྨྲས་པ། ཡ་རབས་ཚོགས་པའི་གྲལ་དག་ཏུ། །མོལ་གཏམ་རྒྱས་པར་སྨྲ་མཁས་ན། །མང་པོའི་དབུས་སུ་མངོན་པར་མཐོ། །རྒྱལ་པོས་བསྔགས་པའང་འཐོབ་པར་འགྱུར། །དེ་སྐད་ཤཱཀྱ་སེང་གེ་བའི། །མཚན་དཀར་གྲུབ་པ་བརྙེས་གང་གི །གདུང་འཛིན་ཀུན་དགའ་རྒྱལ་མཚན་གྱིས། །བསྐུལ་ནས་ལེགས་པའི་བློ་ཡིས་སྦྱར།།  །། ༄། །ན་མོ་བུདྡྷ་ཡ། དེ་ནས་རང་དང་གཞན་གྱིས་མངོན་པར་འདུས་བྱས་པའི་དགེ་བ་ཡུལ་ཁྱད་པར་ཅན་དུ་སྒྱུར་བར་བྱ་བ་ལ་ཚུལ་གཉིས་ཏེ། ཐེག་པ་ཐུན་མོང་གི་ལུགས་དང༌། ཐུན་མོང་མིན་པ་རིག་པ་འཛིན་པའི་ཐབས་ཀྱི་བསྔོ་བའོ། །དང་པོ་ལ་གཉིས་ཏེ། རྣམ་གཞག་གོ་བར་བྱ་བ་དང༌། བསྔོ་བ་ཇི་ལྟར་བྱ་བ་ཉིད་ངག་ཏུ་བརྗོད་པའོ། །དང་པོ་ནི། གང་བསྔོ་ན། མངོན་པར་འདུས་བྱས་པའི་དགེ་བ་རྣམས་སོ། །གང་དུ་བསྔོ་ན། མཐར་ཐུག་གི་འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཉིས་ཀྱི་དོན་དུ་བསྔོ། ཡིད་ལ་བྱེད་པ་གང་གིས་བསྔོ་ན། འཁོར་གསུམ་དུ་མཚན་མར་འཛིན་པའི་རྟོག་པས་མ་གོས་ཤིང༌། གསུམ་པོ་ལ་སྣང་ཆ་མ་དོར་བའི་ཐབས་ཀྱིས་བསྔོ། བསྔོས་པ་ལས་འབྲས་བུ་འབྱུང་བའི་རྒྱུ་མཚན་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར། བསྔོ་བ་པོ་རང་འཕེན་པའི་ཤུགས་དང༌། དཀོན་མཆོག་གསུམ་དཔང་པོར་གསོལ་བའི་བདེན་མཐུ་དང༌། ཆོས་ཀྱི་དབྱིངས་ལ་བྱ་བྱེད་རུང་བའི་སྟོབས་ལས་ཡིན་ནོ། །བསྔོ་རྒྱུ་རང་གི་ངོ་བོ་ནི། དུག་གསུམ་མེད་པའི་དགེ་བའི་རྩ་བས་ཀུན་ནས་སླང་བའི་སེམས་བྱུང་སེམས་པའོ། །བསྔོ་བ་རང་གི་ངོ་བོ་ནི། བསྔོ་རྒྱུའི་རྫས་དེ་འབྲས་བུ་ཁྱད་པར་ཅན་གྱི་ས་བོན་དུ་འདེབས་པའོ། །གང་དུ་འདེབས་ན། ཞིང་ཁྱད་པར་ཅན་ཀུན་གཞིའི་སྟེང་དུ་འདེབས། གང་གིས་ན། བསྔོ་བས་སོ། །ཇི་ལྟར་འདེབས་ན། འབྲས་བུ་འབྱུང་རུང་གི་ནུས་པ་མཐུ་ཅན་དུ་བྱས་པའི་སྒོ་ནས་སོ། །འབྲས་བུ་ཡང་མཐར་ཐུག་དང་གནས་སྐབས་ཀྱི་དབྱེ་བས་གཉིས་ལས། དང་པོ་ནི། བྲལ་བའི་འབྲས་བུ་སྟེ། བྱང་ཆུབ་གསུམ་པོ་གང་རུང་དུ་བསྔོས་པའོ། །དེར་བསྔོས་པའི་དགེ་བ་ནི་བར་མ་དོར་ཆུད་འཛའ་བ་མི་སྲིད་པས་ན་དགེ་བ་མི་ཟད་པ་ཞེས་བྱའོ། །གནས་སྐབས་ལ་རྒྱུ་མཐུན་གྱི་འབྲས་བུ་བསོད་ནམས་ཆེན་པོ་ཅན་དང༌། རྣམ་པར་སྨིན་པའི་འབྲས་བུ་མངོན་པར་མཐོ་བའི་བདེ་བ་དང༌། བདག་པོའི་འབྲས་བུ་ཡུལ་ཁམས་བཟང་པོ་ལ་ལོངས་སྤྱོད་པ་སོགས་སོ། །གསུམ་པོ་འདི་ནི་ཟག་བཅས་ཀྱི་དགེ་བ་ལ་སད་བྱེད་ཀྱི་རྐྱེན་དང་མ་ཕྲད་ན་མ་བསྔོས་ཀྱང་ཞར་ལས་བྱུང་བས་ན་བསྔོ་བ་ཡང་དག་པ་ནི་མིན་ཏེ། འཁོར་བའི་རྒྱུ་ཉིད་དུ་བསྔོས་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ན་བསྔོས་པས་མི་འཛད་པ་ཡང་མིན་ཏེ། དེས་ན་གདུལ་བྱ་རང་རང་གི་རིགས་དང་འཚམས་པར་བྱང་ཆུབ་གསུམ་པོ་གང་རུང་དུ་བསྔོ་བ་ཞེས་བྱ་བའི་དོན་གྱི་གཙོ་བོ་ཡིན་ནོ། །དེ་ལྟར་བསྔོས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། བཟང་པོ་སྤྱོད་པའི་སྨོན་ལམ་ནས་འབྱུང་བ་ལྟ་བུའོ། །དེ་ལྟར་ན་རྫོགས་པའི་བྱང་ཆུབ་ཐོབ་པར་འདུན་པ་ནི་བསྔོ་བ་དང༌། དེ་ནས་སེམས་ཅན་གྱི་དོན་བྱེད་པར་འདུན་པ་ནི་སྨོན་ལམ་མོ། །གཉིས་པ་ངག་ཏུ་བརྗོད་པའི་རིམ་པ་ནི། འདི་ལྟར་དགེ་འདུན་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་བརྗོད་དགོས་མཛད་པར་ཞུ་ཞེས་བརྗོད་དགོས་པ་ཡིན་ཏེ། དགེ་འདུན་ཚོགས་ལོངས་ཀྱི་བསྔོ་བ་ནི་མི་འགྲུབ་མི་སྲིད་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་སུ་གསོལ། ཞེས་བརྗོད་དགོས་པའང་ཡིན་ཏེ། དེ་དག་གི་དྲུང་དུ་དེ་ལྟར་ཁས་བླངས་པས་དམ་བཅའ་བརྟན་པ་དང༌། ཁས་བླངས་མཐར་ཕྱིན་པར་འགྱུར་བའི་ཕྱིར། སྡོམ་པ་བཞིན་ནོ། །བསོད་ནམས་ཀྱི་ཚོགས་མངོན་པར་འདུ་བྱེད་པ་པོ་མིང་འདི་ཞེས་བགྱི་བས། འདི་ལྟར་བསྒྲུབ་པ་ལ་བརྟེན་ནས། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕངས་མངོན་དུ་བྱེད་ནུས་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་བརྗོད་དགོས་པ་ཡིན་ཏེ། རྐང་པ་དང་པོས་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དགེ་རྩ་བྱེད་པ་པོའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ནུས་པ་མཐུ་ཅན་དུ་བརྟས་ནས་ཆོས་ཀྱི་སྐུར་གནས་འགྱུར་རུང་དང༌། བསོད་ནམས་ཀྱི་ཚོགས་དེ་ཉིད་གཞན་དོན་གྱི་སྐུ་གཉིས་པོ་འགྲུབ་རུང་གི་རྒྱུར་བསྔོས་པའི་ཕྱིར་དང༌། རྐང་པ་གཉིས་པོས་དགེ་བ་བྱེད་པ་པོས་འཇུག་པ་བྱང་ཆུབ་ཀྱི་ཕྱོགས་སུ་སེམས་བསྐྱེད་པའི་ཕྱིར། དེ་ལྟར་བསྔོ་བ་དང་པོ་ལ་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་བྱ་ཞིང༌། གཉིས་པ་ལ་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །དེ་གཉིས་ཀ་ཡང་བསྔོ་བ་པོ་ནི་བསོད་ནམས་བྱེད་པ་པོ་རང་ཉིད་ཀྱིས་བྱ་དགོས་པ་ཡིན་ཏེ། རང་ལ་དེའི་འདུན་པ་མ་ཤར་ན་གཞན་གྱིས་བསྔོས་ཀྱང་རང་ཉིད་ཀྱི་སྨོན་འཇུག་དུས་སེམས་བསྐྱེད་པར་མི་འགྱུར་བས་སོ། །མཐུན་འགྱུར་ནི་དགེ་འདུན་མང་པོས་མཛད་དགོས་ཏེ། དེ་དག་གི་བདེན་པའི་སྟོབས་ཀྱིས་སྨོན་ལམ་དེ་འགྲུབ་སླ་བའི་ཕྱིར། རང་གིས་དེ་ལྟར་བསྔོ་མི་ཤེས་ན་དགེ་བའི་བཤེས་གཉེན་པ་སོགས་ཀྱི། སྦྱིན་པ་པོ་ཁྱེད་རང་འདུན་པ་འདི་ལྟར་མཛོད་ལ་བསྔོས་ཤིག ཅེས་བསླབ་པ་བཞིན་འདུན་པར་བྱས་པས་ཀྱང་ཆོག་པ་ཡིན་ཏེ། ད་ལྟར་བསྔོ་བའི་ལག་ལེན་ཇི་ལྟར་བྱེད་པ་བཞིན་ནོ། །སྨོན་འཇུག་གི་བསྔོ་བ་འདི་དག་ལན་གསུམ་དུ་བརྗོད་དགོས་པ་ཡིན་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའི་སྡོམ་པ་ཁྱད་པར་ཅན་དུ་འགྱུར་བས་སོ། །བསྔོ་བའི་གཙོ་བོ་ནི་དེ་ཙམ་གྱིས་ཆོག་ལ། སྨོན་ལམ་གྱི་ཁྱད་པར་མང་པོ་དག་འདེབས་ན། བཟང་པོ་སྤྱོད་པ་དང༌། བྱམས་པའི་སྨོན་ལམ་དང༌། སྤྱོད་འཇུག་གི་བསྔོ་བའི་ལེའུ་ལས་འབྱུང་བ་ལྟར་རྒྱས་པར་བྱ་ཞིང༌། མདོར་བསྡུ་དགོས་ན། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་པའི་ཚིགས་བཅད་གཅིག་པོ་དེ་བརྗོད་པས་ཆོག་པ་ཡིན་ཏེ། དེའི་ནང་དུ་བྱང་ཆུབ་སེམས་དཔའི་སྨོན་ལམ་གྲངས་མེད་པ་དག་འདུ་བར་བཤད་པའི་ཕྱིར། དེ་ལྟར་སྤྱིར་བཏང་ནས་སོ་སོར་བྱ་བ་ལ་གཉིས་ཏེ། གསོན་པོའི་དོན་དུ་བྱ་བ་དང༌། གཤིན་པོའི་དོན་དུ་བྱ་བའོ། །དང་པོ་ལ་ཚེ་རིང་བའི་དོན་དུ་བྱ་བ་དང༌། བསོད་ནམས་རྒྱས་པའི་དོན་དུ་བྱའོ། །དང་པོ་ལ་གཉིས་ཏེ། ཚེའི་རྒྱུ་བསྒྲུབ་པ་དང༌། རྒྱུ་དེས་འབྲས་བུ་འགྲུབ་པར་སྨོན་ལམ་འདེབས་པའོ། །དང་པོ་ལ་གཉིས་ཏེ། འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སོགས་པའོ། །དང་པོ་ནི། གཞན་གྱི་སྲོག་གཅོད་པ་དང༌། འཚོ་བའི་རྐྱེན་དུ་གྱུར་པ་མཐའ་དག་འཕྲོག་པ་ལས་རང་ཉིད་བཟློག་པ་དང༌། གཞན་བཟློག་ཏུ་འཇུག་པ་དང༌། བཟློག་པ་ལ་རྗེས་སུ་ཡི་རང་བ་སོགས་སོ། །གཉིས་པོ་ནི། དཀོན་མཆོག་གསུམ་རྙེད་པ་དང་བཀུར་སྟིས་མཆོད་པས་མཉེས་པར་བྱ་བ་དང༌། གཞན་དག་འཚོ་བའི་ཡོ་བྱད་ཀྱིས་ཚེ་རིང་དུ་འཇུག་པ་དང༌། རང་ཉིད་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ལེན་པ་དང༌། གཟུངས་སྔགས་ཟབ་མོའི་བཟླས་བརྗོད་དང༌། སྟོང་པ་ཉིད་ཀྱི་དོན་བསྒོམས་པ་དང༌། དེའི་ཆོས་ལ་མོས་པ་ལྷུར་བྱེད་པ་སོགས་སོ། །དུས་མིན་པའི་འཆི་བ་ནི། དེ་དག་གིས་བཟློག་པར་བྱེད་ལ། དུས་ཀྱི་འཆི་བ་ནི་འཕེན་བྱེད་ཀྱི་ལས་ཟད་པ་ཡིན་ལ། དེ་ནི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་ལམ་གྱིས་བཟློག་ནུས་པ་ཡིན་ཏེ། ལས་ཉོན་གྱི་འཆི་བ་སྤངས་པའི་ཕྱིར། ཉན་ཐོས་ཀྱི་དགྲ་བཅོམ་པ་ཐོབ་ནས་ཚེ་བསྐལ་པར་བྱིན་གྱིས་རློབ་ནུས་པ་དང༌། བསམ་གཏན་གྱི་རབ་མཐའ་ཐོབ་ནས་ཚེ་འདོར་ལེན་ལ་དབང་ཐོབ་ཅེས་བཤད་པ་དང༌། ནང་ལ་གཞོལ་བའི་རྣལ་འབྱོར་པ་དག་ནི་རླུང་སྲོག་རྩོལ་གྱི་མན་ངག་དག་ལ་བརྟེན་ནས་དུས་ཀྱི་འཆི་བ་བཟློག་ནུས་པར་བཤད་དོ། །གཉིས་པ་ནི། རྒྱལ་པོ་སོགས་མི་ཆེན་གྱི་དོན་དུ་ན། མཁྱེན་པར་གསོལ་བ་དང༌། སྨོན་འཇུག་གི་བསྔོ་བ་དེ་ཉིད་གཞིར་བཞག་ནས་སྟེང་དུ། ཡོན་གྱི་བདག་པོ་མིང་འདི་ཞེས་བགྱི་བ། སྐུ་ཚེ་བསྲིང་བའི་སླད་དུ། འདི་ལྟར་བླ་མ་དཀོན་མཆོག་གི་མཆོད་པ། འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར། ཕོངས་པ་དང་མགོན་མེད་པ་རྣམས་ལ་སྦྱིན་གཏོང༌། གཟུངས་སྔགས་དང་སྟོང་ཉིད་ཟབ་མོའི་སྒོམ་བཟླས། དུས་མིན་པར་འཆི་བ་དག་གི་སྲོག་བསླུ། འཇིགས་པས་ཉེན་པ་དག་གི་མགོན་སྐྱབས། ནང་གི་རྣལ་འབྱོར་ཟབ་མོའི་སྒྲུབ་པ། འཚོ་བྱེད་ཀྱི་དྲང་སྲོང་ཚུལ་བཞིན་དུ་བསྟེན་པ། ཚེའི་རིག་བྱེད་ལས་འབྱུང་བའི་གསོ་སྤྱད་ཀྱི་ཆོ་ག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཉེ་བར་བརྟེན་པའི་མཐུ་དང་ནུས་པ་ལ་བརྟེན་ནས། བླ་མའམ་རྒྱལ་པོ་འདི་ཞེས་བྱ་བའི་སྐུ་ལ་སྙུན་མི་མངའ་ཞིང༌། སྐུ་ཚེ་རིང་བར་གྱུར་ཅིག རྐྱང་པ་དང་ལྡན་པ་དང་འདུས་པའི་ནད་ཆོས་ཉིད་ཀྱི་ངང་དུ་ཞི་བར་གྱུར་ཅིག སྐུའི་ལྷུན་པོ་རབ་ཏུ་བརྟན་པར་གྱུར་ཅིག གསུང་གི་ཉི་ཟེར་ཕྱོགས་བཅུར་འཕྲོ་བར་གྱུར་ཅིག ཐུགས་ཀྱི་རྒྱ་མཚོ་རབ་ཏུ་གང་བར་གྱུར་ཅིག ཕྲིན་ལས་ཀྱི་ཉི་མ་ནམ་ཡང་ནུབ་པར་མ་གྱུར་ཅིག ཐུགས་རྗེའི་བསིལ་ཟེར་ཀུན་ལ་སྙོམས་པར་གྱུར་ཅིག དུས་མ་ཡིན་པའི་ཕོ་ཉ་དང་མཐར་བྱེད་ཀྱི་ཞགས་པ་རིང་དུ་བཟློག་པར་གྱུར་ཅིག གནོད་བྱེད་ཀྱི་སྦྱོར་བ་ཐམས་ཅད་སྟོང་ཉིད་ཀྱི་རྡོ་རྗེས་འཇོམས་པར་གྱུར་ཅིག འཆི་མེད་ཀྱི་དངོས་གྲུབ་ཆར་བཞིན་དུ་འབབ་པར་གྱུར་ཅིག ཡེ་ཤེས་ཀྱི་བདུད་རྩིས་སྲོག་གི་དབང་པོ་རྒྱས་པར་གྱུར་ཅིག ཡི་དམ་གྱི་ལྷ་རྣམས་བསྐྱེད་རིམ་གྱི་རྣལ་འབྱོར་གྱིས་འཆི་བདག་གི་བདུད་བཟློག་པར་གྱུར་ཅིག རྫོགས་རིམ་གྱི་རྣལ་འབྱོར་གྱིས་ཉོན་མོངས་པ་རང་ས་ཉིད་དུ་གྲོལ་བར་གྱུར་ཅིག ཐོས་བསམ་སྒོམ་གསུམ་གྱི་གྲུ་བོ་ཆེས་སྐྱེ་རྒ་ན་འཆིའི་རྒྱ་མཚོ་བཞི་མཐར་ཕྱིན་པར་གྱུར་ཅིག ཚེ་ལ་དབང་བའི་རིག་འཛིན་གྱི་གྲུབ་པ་མཆོག་གིས་སྐྱེ་འགྲོ་མཐའ་དག་ཀུན་དགའ་བར་བྱེད་ནུས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང༌། །ཞེས་ཤླཽ་ཀ་གཅིག་བརྗོད་དོ། །གཉིས་པ་ལ་བསོད་ནམས་རྒྱས་པའི་རྒྱུ་སྒྲུབ་པ་དང༌། དེའི་འབྲས་བུ་ཕུན་སུམ་ཚོགས་པའི་རྒྱུར་སྨོན་པའོ། །དང་པོ་ནི། ཆོས་དང་ཟང་ཟིང་དང་མི་འཇིགས་པ་སྟེ་སྦྱིན་པ་རྣམ་པ་གསུམ་དང༌། མི་དགེ་བ་བཅུ་སྤོང་བའི་ཚུལ་ཁྲིམས་དང༌། དགེ་བ་བཅུ་སྒྲུབ་ཅིང་དམན་པའི་བསམ་པ་ལས་བཟློག་པའི་ཚུལ་ཁྲིམས་དང༌། དགེ་བ་བཅུ་སྒྲུབ་པ་ལ་བརྩོན་འགྲུས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་མི་ལྷོད་པའི་བརྩོན་འགྲུས་སོ། །བདག་མེད་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པའི་དེ་དག་འཁོར་དང་བཅས་པ་རྣམས་སོ། །གཉིས་པ་ནི། དཔང་པོར་གསོལ་བ་དང་སྨོན་འཇུག་ཏུ་སེམས་བསྐྱེད་པ་དེ་གཉིས་གཞིར་བཞག་ནས། བསོད་ནམས་མངོན་པར་འདུ་བྱེད་པ་པོ་མིང་འདི་ཞེས་བགྱི་བས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མཆོད་པ་དང་བཀུར་སྟིས་མཉེས་པར་བྱས་པ་དང༌། སྐྱེ་བོའི་ཚོགས་རྣམས་ཟང་ཟིང་གི་སྦྱིན་པས་མགུ་བར་བྱས་པ་དང༌། སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསར་དུ་བསྐྲུན་པ་དང༌། བཀའ་དང་བསྟན་བཅོས་དྲི་མ་མེད་པའི་ལེགས་པར་བཤད་པས། བློ་གསལ་གྱི་སྐྱེ་བོ་མགུ་བྱེད་ཀྱི་མཐུན་པའི་རྐྱེན་སྦྱར་བ་དང༌། རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་སེམས་ཀྱིས་དམ་པའི་ཆོས་བཤད་པ་དང༌། མཉམ་པར་གཞག་པའི་སེམས་ཀྱིས་ཚད་མེད་པ་བཞི་བསྒོམ་པ་དང༌། དགེ་འདུན་བྱེ་བ་ཆོས་ཀྱི་ཕྱོགས་སུ་མཐུན་པར་བྱས་པ་དང༌། བདག་དང་གཞན་གྱི་དགེ་སྡིག་མ་ལུས་པ་གཏོང་ལེན་དུ་བྱས་པའི་བསམ་པ་སྦྱང་བ་ལ་སོགས་པའི་བསོད་ནམས་འདིའི་མཐུ་དང་ནུས་པ་ལ་བརྟེན་ནས། བསོད་ནམས་མངོན་པར་འདུ་བྱེད་པ་པོ་བདག་གམ་གཞན། བླ་མའམ། རྒྱལ་པོའམ་ཁྱིམ་བདག་ལ་སོགས་པ་མིང་འདི་ཞེས་བྱ་བ། ཆོས་མཐུན་གྱི་དཔལ་དང་འབྱོར་པ་རབ་ཏུ་རྒྱས་ཤིང་འཕེལ་བར་གྱུར་ཅིག ཟད་མི་ཤེས་པའི་བསོད་ནམས་ཀྱི་གཏེར་ཆེན་པོ་ལ་རང་དབང་དུ་ལོངས་སྤྱོད་པར་གྱུར་ཅིག བསོད་ནམས་ཆེན་པོའི་དཔལ་གྱིས་སེམས་ཅན་རེ་འདོད་ཚུལ་བཞིན་དུ་བཀོང་ནུས་པར་གྱུར་ཅིག ཆོས་དགེ་བ་བཅུ་ལ་དུས་རྟག་ཏུ་རང་གི་ངང་གིས་གཞོལ་ནུས་པར་གྱུར་ཅིག ཆོས་དགེ་བ་བཅུའི་ཁྲིམས་ཀྱིས་རང་གི་མངའ་རིས་དང་གདུལ་བྱ་སྐྱོང་བ་ལ་འགལ་རྐྱེན་གྱི་གེགས་ཅུང་ཟད་ཀྱང་མི་འབྱུང་བར་གྱུར་ཅིག བདེན་པ་སྨྲ་བའི་བཀའ་ལུང་བཙན་པོ་ལ་ལོག་པར་སྨྲ་བ་གང་གིས་ཀྱང་འགོང་མི་ནུས་པར་གྱུར་ཅིག འཁོར་ལོས་སྒྱུར་བའི་དཔལ་ཡོངས་སུ་བཟུང་བའི་སྒོ་ནས་དཀོན་མཆོག་གསུམ་གྱི་དབུ་འཕང་གྱེན་དུ་འདེགས་ནུས་པར་གྱུར་ཅིག ཕོངས་པ་རྣམས་ཀྱི་རེ་འདོད་བསྐོང་ནུས༴ མགོན་མེད་པ་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་བྱེད་ནུས་པར༴ དབུ་རྨོག་བཙན་ཞིང་ཆབ་སྲིད་འཇམ་དར་རྒྱས་པར༴ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མཚན་མར་འཛིན་པ་དང་བྲལ་བའི་ཤེས་རབ་ཀྱིས་ལོངས་སྤྱོད་དང་ལྡན་པར༴ འབངས་དང་གདུལ་བྱ་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་ནས། བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང༌། །ཞེས་སོགས་ཤླཽ་ཀ་གཅིག་བརྗོད། ཡང་རབ་ཏུ་བྱུང་བ་དག་དམ་པའི་ཆོས་འཕེལ་བ་དང༌། ཚུལ་ཁྲིམས་རྣམ་པར་དག་པ་སོགས་ཀྱི་དོན་དུ་བསོད་ནམས་ཀྱི་ཚོགས་བསགས་པར་བྱེད་པ་དེའི་ཚེ་ནི། སྤྱིར་བཏང་བ་དེ་གཞིར་གཞག་པའི་སྟེང་དུ། ཚེ་དང་ལྡན་པའམ། གནས་བརྟན་ནམ། དགེ་བའི་བཤེས་གཉེན་འདི་ཞེས་བགྱི་བས་ཚོགས་གསོག་བགྱི་བ་འདི་དང༌། དམ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང༌། ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས། ཐོས་བསམ་དང་སྒྲུབ་པའི་འཁོར་ལོ་ཡོངས་སུ་བཟུང་བའི་མཐུ་དང་ནུས་པ་ལ་བརྟེན་ནས། ཚེ་རབས་འདི་དང་གནས་ཐམས་ཅད་དུ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་ནན་ཏན་དུ་བགྱི་བ་ལ་ནམ་ཡང་ལྷོད་པར་མ་གྱུར་ཅིག ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར༴ འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར༴ ཉོན་མོངས་པའི་ཤུགས་དྲག་པོས་ནམ་ཡང་མི་རྫི་བར་གྱུར་ཅིག ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར༴ རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས༴ རང་གི་སེམས་ཉེས་པར་སྤྱོད་པ་མཐའ་དག་ལས་སྡོམ་ནུས་པར༴ བྱང་ཆུབ་སེམས་དཔའ་དང་རིག་པ་འཛིན་པ་ལ་སོགས་པའི་སྡོམ་པ་གོང་མ་དག་ཡང་དག་པར་བླངས་ནས་རིམ་གྱིས་སློབ་ནུས་པར༴ ཚུལ་ཁྲིམས་དེ་ལ་མཚན་མར་འཛིན་པའི་རྟོག་པ་མཐའ་དག་དང་བྲལ༴ འགྲོ་བ་གཞན་ཡང་མང་པོ་དག་ཚུལ་ཁྲིམས་དེ་ལ་འགོད་ནུས་པར༴ ཅེས་ལན་གསུམ་བརྗོད་ནས། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཞེས་སོགས་བརྗོད་པ་དང༌། ཡང་ལེགས་པར་སྤྱོད་པ་དེ་ཉིད་ལ་བརྟེན་ནས། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་མ་ལུས་པ་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འཛིན་ནུས་པར༴ སྐྱེ་བ་ཐམས་ཅད་དུ་དམ་པའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་དག་དང་ཐོག་མ་ཉིད་དུ་ཞལ་མཇལ༴ དེ་ནས་དགེ་བའི་བཤེས་གཉེན་ཡང་དག་པར་མཉེས་པར་བྱེད་པའི་ཐབས་ལ་མཁས༴ བདུད་དང་སྡིག་པའི་གྲོགས་པོ་རྣམས་ཀྱི་དབང་དུ་ནམ་ཡང་མི་འགྲོ་བར་གྱུར་ཅིག ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོའི་ཆོས་སྤྱོད་པ་ལ་སྤྲོ་ཞིང༌། ཚུལ་བཞིན་དུ་ལེན་པ་དང་བསྒྲུབས་པ་ལ་བར་ཆད་མི་འབྱུང༴ ཐོས་བསམ་གྱི་འཁོར་ལོས་བསྟན་པའི་སྒྲོན་མེ་ཡུན་རིང་དུ་འབར་བའི་མཐུ་དང་ལྡན༴ སྒྲུབ་པའི་འཁོར་ལོས་སངས་རྒྱས་ཀྱི་བརྒྱུད་རྒྱུན་མི་ཆད་པ་འཛིན་ནུས༴ དེ་ལྟར་འཁོར་ལོ་གཉིས་ཀྱི་སྦྱིན་པ་པོ་རྣམས་ཀྱི་ཡོན་ཡོངས་སུ་སྦྱོངས་ནུས༴ རབ་ཏུ་བྱུང་བ་གཞན་གྱི་རྙེད་པ་དང་བཀུར་སྟི་ལ་འཕྲོག་པ་མེད་ཅིང༌། ལེགས་པར་སྤྱད་པ་མཐའ་དག་ལ་རྗེས་སུ་ཡི་རངས༴ ཅེས་ལན་གསུམ་བརྗོད་ནས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་ཤླཽ་ཀ་གཅིག་བརྗོད་པ་དང༌། ཡང་དམིགས་བསལ་མེད་པར་བྱས་པའི་དགེ་བ་ལ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། འདིར་བཞུགས་པའི་དགེ་འདུན་བཙུན་པ་ཐམས་ཅད་རང་གཞན་ཐམས་ཅད་ལ་དགོངས་སུ་གསོལ། སྐབས་འདིར་སྒྲུབ་པའི་དགེ་བ་འདི་དག་གིས་མཚོན་ནས། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། སོ་སོ་སྐྱེ་བོའི་ཚོགས་གཉིས་ཀྱི་རྒྱ་མཚོ་ཅི་མཆིས་པ་དང༌། དགེ་ལ་འདིར་ཚོགས་པ་ཀུན་གྱི་དགའ་ཞིང་རྗེས་སུ་ཡི་རང་བར་བགྱིས་པའི་མཐུ་དང་སྟོབས་ལ་བརྟེན་ནས། ཁམས་གསུམ་འགྲོ་བ་མ་ལུས་ཕན་བདེ་ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ༴ བསྟན་པ་ལ་གནོད་པར་བྱེད་པའི་བདུད་རིགས་ཐམས་ཅད་ཕྱིར་བཟློག་པར༴ བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་བགྱི་བའི་བཤེས་གཉེན་གོང་མ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་ཡོངས་སུ་གང་བར༴ བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་གང་ན་བཞུགས་པ་དེ་ཐམས་ཅད་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་དུ་ཆོད་པ་མཐའ་དག་ཞི༴ རྣམ་པར་དཀར་བའི་ཕྲིན་ལས་འགྲོ་དོན་ཐམས་ཅད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར༴ དགེ་འདུན་ཐམས་ཅད་ཐུགས་མཐུན་ཅིང་ཆོས་སྤྱོད་བཅུའི་སྒྲུབ་པ་ཟབ་མོ་གོང་ནས་གོང་དུ་འཕེལ་ཞིང་རྒྱས༴ རབ་ཏུ་བྱུང་བ་རྣམས་ལྟ་བ་དང་གྲུབ་མཐའ་མི་མཐུན་པས་དགེ་འདུན་གྱི་དབྱེན་དུ་འགྱུར་བ་དག་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས༴ དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བའི་སེམས་ཀྱི་དམ་པའི་ཆོས་སྟོན་པ་མཁས་ཤིང་ལེ་ལོ་མེད༴ ཅེས་ལན་གསུམ་བརྗོད་ནས། གཙུག་ལག་ཁང་རྣམས་ཀློག་པ་དང༌། །ཞེས་སོགས་བརྗོད་དོ། །ཡང་འཇིག་རྟེན་གྱི་རྒུད་པ་སེལ་བའི་དོན་དུ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། འཇིག་རྟེན་གྱི་ཁམས་སྐྱོང་བར་བྱེད་པའི་ལྷ་དང་ཀླུ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་དགྱེས་པ་རྣམས་མཁྱེན་པར་མཛད་དུ་གསོལ། འཇིག་རྟེན་གྱི་རྒུད་པ་སེལ་བའི་དོན་དུ། དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་གི་མཆོད་པ་དང་ཐུགས་དམ་བསྐང་བ། བདུད་རིགས་ཕྱིར་ཟློག་པར་བྱེད་པ། སྟོང་ཉིད་ཟབ་མོའི་བསྒྲུབ་ཐབས་བགྱིས་པ། དགེ་འདུན་འདུས་པའི་སྡེ་ཆེན་པོས་མཐུན་པའི་གསོ་སྦྱོངས་བགྱིས་པ། ཀླུའི་རྒྱལ་པོ་བརྒྱད་རང་རང་གིས་ཆོ་གས་མཉེས་པར་སྒྲུབ་པ་ལ་སོགས་པའི་མཐུ་དང་སྟོབས་ལ་བརྟེན་ནས། ཡངས་པའི་རྒྱལ་ཁམས་ཆེན་པོ་བདེ་ཞིང་སྐྱིད། བདུད་རིགས་ཀྱི་བགེགས་དང་འབྱུང་པོ་ཐམས་ཅད་ཞི་བའི་སེམས་དང་ལྡན༴ བདུད་སྡིག་ཏོ་ཅན་གྱིས་སྤྲུལ་པའི་འཁྲུག་པའི་མདའ་ལྔ་པོ་རང་གནས་སུ་ཞི༴ དུས་ཀྱི་འཁྲུག་པ་དང་མཚོན་གྱི་བསྐལ་པ་ཐམས་ཅད་ཞི༴ སེམས་ཅན་མ་རུངས་པ་རྣམས་ཀྱི་བསམ་པ་ངན་པ་ཐམས་ཅད་མི་འབྱུང༴ མ་རུངས་པ་རྣམས་ཀྱང་ཕན་ཚུན་དུ་ཕ་མ་ལྟར་བྱམས་པ་ལ་གནས་པར༴ འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཆར་ཆུ་རྣམས་དུས་སུ་འབབ་པར༴ ལོ་ཕྱུགས་རྟག་ཏུ་ལེགས་པར༴ མི་ནད་དང་ཕྱུགས་ནད་ཐམས་ཅད་རབ་ཏུ་ཞི་བར༴ ཡམས་ནད་དང་རིམས་ནད་ཐམས་ཅད་ཉེ་བར་ཞི་བར༴ ཅེས་ལན་གསུམ་བརྗོད་ནས། ལྷས་ཡང་དུས་སུ་ཆར་འབེབས་ཞིང༌། །སོགས་དང༌། འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །སོགས་བརྗོད་དོ། །ཡང་རྡོ་རྗེ་སློབ་དཔོན། དགེ་བའི་བཤེས་གཉེན་དང༌། ཆོས་ཀྱི་རྒྱལ་པོ་དུས་མིན་དུ་གཤེགས་པ་བཞུགས་སུ་གསོལ་བ་ལ། སྐུ་ཚེ་འདོར་བའི་རྒྱུ་དང༌། བཟློག་པའི་སྨོན་ལམ་མོ། །དང་པོ་ནི། དགེ་འདུན་གྱི་སྡེ་དབྱེན་དུ་གྱུར་པ་དང༌། ཚུལ་ཁྲིམས་འཆལ་བ་དང༌། ཡུལ་ཁམས་ཀྱི་རྒྱལ་པོ་མི་དགེ་བ་ལ་སྤྱོད་པས་རྒྱུད་འཁྲུག་པ་དང༌། གདུལ་བྱ་རྣམས་ཀྱི་བློའི་མེ་ལོང་རྙོག་པ་དང༌། ཆོས་སྨྲ་བ་ལ་ལོག་པར་སྒྲུབ་པའི་རྐྱེན་དང༌། དེའི་དབང་གིས་བཀའ་སྲུངས་འཁྲུག་པ་ལ་སོགས་པའོ། །གཉིས་པ་ནི། དེ་དག་བཟློག་པའི་ཐབས་ལ་འབད་པ་སྔོན་དུ་བཏང་ནས། འདི་སྐད་ཅེས། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་མཁྱེན་པར་མཛད་དུ་གསོལ། རྡོ་རྗེ་སློབ་དཔོན། ཆོས་སྨྲ་བའི་བཤེས་གཉེན་ནམ། ཆོས་ཀྱི་རྒྱལ་པོ་མིང་འདི་ཞེས་བགྱི་བ། བསྟན་པ་དང་སེམས་ཅན་གྱི་དོན་ལ་ཡུན་རིང་དུ་བཞུགས་པར་གསོལ་བའི་སླད་དུ། དགེ་སློང་གི་དགེ་འདུན་གྱི་སྡེ་ཆེན་པོས་མཐུན་པའི་གསོ་སྦྱོང་གིས་དགེ་འདུན་མཐུན་པར་བགྱིས་པ་དང༌། བཀྲ་ཤིས་པའི་གསོ་སྦྱོང་གིས་རྒྱལ་པོ་ངན་པར་གྱུར་པ་ལ་སོགས་པའི་ཡམས་གསལ་བ་དང༌། ཚུལ་ཁྲིམས་དག་པར་བྱེད་པའི་གསོ་སྦྱོང་གིས་བསླབ་པ་ཡོངས་སུ་སྦྱངས་པ་དང༌། སྐལ་བར་འཚམས་པའི་སྐྱེ་བོ་མང་པོ་དམ་པའི་ཆོས་སྨྲ་བའི་སྟན་དུ་སྦྱར་བ་དང༌། བདག་ཉིད་སངས་རྒྱས་སུ་བསྐྱེད་ཅིང་དཀྱིལ་འཁོར་ཆེན་པོར་གཞུག་པ་དང༌། དབང་བླངས་ཞིང་དམ་ཚིག་ཉམས་ཆགས་གསོས་པ་དང༌། དཀོན་མཆོག་མཆོད་ཅིང་བསྲུང་མའི་ཚོགས་ཀྱི་ཐུགས་དམ་བསྐང་བ་དང༌། ཟབ་པ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཐུ་ལ་བརྟེན་ནས་མཚན་ནས་སྨོས་པ་འདི་ཞེས་བགྱི་བ་མྱ་ངན་ལས་མི་འདའ་བར་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་སོ། །ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་རྒྱ་ཆེན་པོ་འཕེལ་ཞིང་རྒྱས་པར་གསོལ་བ་འདེབས་སོ། །ཞེས་ལན་གསུམ་དང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བྱིན་གྱིས་བརླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་མཐུ་ལས་དེ་ཁོ་ན་ཉིད་དུ་གྱུར་ཅིག ཅེས་ལན་གསུམ་དང༌། སྟོན་པ་འཇིག་རྟེན་ཁམས་སུ་བཞུགས་པ་དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །གཉིས་པ་གཤིན་པོའི་དོན་དུ་བྱ་བ་ལ་གཉིས་ཏེ། གང་ཟག་ཁྱད་པར་ཅན་ལ་མཆོད་པ་ཕུལ་ནས་སྨོན་ལམ་གདབ་པ་དང༌། སྐྱེ་བོ་ཕལ་པ་ལ་དགེ་བ་རྗེས་སུ་འབྲང་བའི་སྨོན་ལམ་གདབ་པའོ། །དང་པོ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང༌། བླ་མའམ། དགེ་བའི་བཤེས་གཉེན་ནམ་ཆོས་སྐྱོང་བའི་རྒྱལ་པོ་སོགས་ཡོན་གྱི་བདག་པོས་གཙོ་བྱས་བདག་ཅག་རྣམས་ལ་དགོངས་སུ་གསོལ། འདི་ལྟར་ཡོན་གྱི་བདག་པོས་བླ་མ་དང་དཀོན་མཆོག་མཆོད་པ། མཁའ་འགྲོ་དང་ཆོས་སྐྱོང་གི་ཚོགས་གཏོར། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང༌། སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་ཅན་བཞེངས་སུ་གསོལ་ནས། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་ཉེ་བར་སྤྲས་ཏེ། ཆོས་ཀྱི་དབྱིངས་དང་མཉམ་པར་སྤྲུལ་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་འདི་དང༌། གཞན་ཡང་ཡོན་གྱི་བདག་པོ་སོགས་གདུལ་བྱར་གཏོགས་པ་རྣམས་ཀྱི་ལུས་དང་ལོངས་སྤྱོད། དུས་གསུམ་དགེ་བའི་དངོས་པོ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་ཕུང་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་དང༌། རྗེས་སུ་མཐུན་པ་འདི་ནི། བཀའ་དྲིན་མཉམ་མེད་འདི་ཞེས་བགྱི་བའི་སྤྱན་ལམ་དུ་འབུལ་བར་བགྱིའོ། །ཕུལ་བ་དེ་ཐམས་ཅད་བདག་གི་ཉིད་དུ་བཞེས་ཏེ། ཐུགས་ཀྱི་དགོངས་པ་ཟབ་མོ་གོང་ནས་གོང་དུ་ཡོངས་སུ་གང་བར་གྱུར་ཅིག གང་དུ་བཞུགས་པའི་ཞིང་ཁམས་དེར་མཆོད་པའི་སྤྲིན་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་རྒྱས་པར༴ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཞེད་རྒྱུ་ཐམས་ཅད་ལྷུན་གྱིས་སྒྲུབ་པར༴ བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་པར་མཛད་པའི་ཚེ། སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར༴ ཐུགས་རྗེ་དང་སྤངས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ཐམས་ཅད་དག་རིམ་པར་བསྟན་ནས། ཡོན་གྱི་བདག་པོ་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པའི་ཡེ་ཤེས་ཀྱི་གཟིགས་པ་དམ་པ་མྱུར་དུ་འཇུག་པར༴ ཅེས་ལན་གསུམ་བརྗོད་ནས། དགེ་བ་འདིའི་འགྲོ་བ་ཀུན། །གཞོན་ནུ་ནོར་བཟང་ཇི་བཞིན་དུ། །ཡོན་ཏན་རྒྱ་མཚོ་ལྟ་བུ་ཡིས། །བླ་མ་དམ་པ་མཉེས་བྱེད་ཤོག །ཅེས་བརྗོད་དོ། །གཉིས་པ་ལ། དམིགས་ཡུལ་རང་གིས་བྱས་པའི་དགེ་བ་བསྔོ་བ་དང༌། དེའི་ཆེད་དུ་གཞན་གྱིས་བྱས་པའི་དགེ་བ་དེའི་རྗེས་སུ་འབྲང་བར་སྨོན་ལམ་འདེབས་པའོ། །དང་པོ་ནི། དེ་ཉིད་ཀྱིས་བྱས་པའི་དགེ་བ་སྔར་ཁོང་རང་གིས་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་བསྔོས་ཟིན་པ་རྣམས་ནི་སླར་བསྔོ་དགོས་པ་མིན་ཏེ། གསོན་པོའི་དུས་སུ་སྔར་ཁོང་རང་གིས་བསྔོས་ཟིན་པ་དེ་ཉིད་མཆོག་ཡིན་པའི་ཕྱིར། སྔར་བསྔོས་མ་ཟིན་པའམ་ཚེ་འདི་བྱ་བའི་ཆེད་དུའམ། ཕྱི་མ་མངོན་མཐོའི་ཆེད་དུ་བསྔོས་ཀྱང༌། བྱང་ཆུབ་ཆེན་པོར་བསྔོས་མ་ཟིན་པ་རྣམས་ནི། དེར་བསྔོ་དགོས་པས། དེའི་ཚུལ་ནི་འདི་ལྟར། ཚེ་འདས་དེའི་ཉེ་འབྲེལ་དུ་གྱུར་པ་བླ་མའམ། སློབ་མའམ། ཕ་མ་ལྟ་བུ་སྙིང་ཐག་པ་ནས་བརྩེ་བ་ཅན་ཞིག་གིས་བསྔོས་ན་འགྲུབ་པ་ཡིན་ཏེ། དེ་ཉིད་དེའི་བྱ་བ་ལ་དབང་ཆེ་བའི་ཕྱིར། དཔེར་ན་གསོན་གྱི་གནས་སྐབས་བཞིན་ནོ། །དེ་དག་དང་རང་གིས་ཇི་ལྟ་བ་བཞིན་བསྔོ་མ་ཤེས་ན། དགེ་བའི་བཤེས་གཉེན་ལྟ་བུ་གཞན་ཞིག་ལ་བསྔོ་རྟེན་དུ་གྲགས་པའི་ཡོན་ཞིག་ཕུལ་ནས། དེས་ཇི་ལྟར་འདུས་ནས་བསླབས་པ་དེ་བཞིན་དུ་ཉེ་འབྲེལ་དེས་ཀྱང་རྩེ་གཅིག་ཏུ་ཡིད་ཀྱིས་འདུན་པར་བྱས་པས་འགྲུབ་པ་ཡིན་ཏེ། ངག་ཏུ་བརྗོད་པའི་རིམ་པ་ནི། དགེ་འདུན་རྣམས་དང་ཉེ་དུ་འབྲེལ་བ་ཅན་རྣམས་ཀྱིས་མཐུན་འགྱུར་མཛད་པ་ཞུ་ཞེས་བརྗོད་ལ། ཕྱོགས་བཅུའི་སངས་རྒྱས་དང་ཞེས་པ་ནས། དགོངས་སུ་གསོལ། ཚེ་འདས་འདི་ཞེས་བྱ་བས། འཁོར་བ་ཐོག་མ་མེད་པ་ནས་མ་ཆགས་པ་དང༌། གཏི་མུག་མེད་པའི་དགེ་བའི་རྩ་བས་ཀུན་ནས་སླངས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་དང་སྒོམ་པ་ལས་བྱུང་བའི་དགེ་བའི་བསོད་ནམས་མངོན་པར་འདུ་བྱ་བ་རང་གིས་བགྱིས་པ་དང༌། གཞན་བགྱིད་དུ་བཅུག་པ་དང༌། མ་བཅུག་པར་ཡང་གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ཕུལ་བ་ལ་སོགས་པའི་དཀར་པོ་དགེ་བའི་ལས། ཁོང་ཁྲོ་བའམ་ལམ་ལོག་པར་རྟོག་པ་ཆེན་པོས་བར་མ་དོར་ཆུད་ཟོས་པ་ཉིད་དུ་མ་གྱུར་པ་དེ་དག་གི་ནུས་པ་དང༌། མཐུ་བརྟན་པར་བྱེད་པའི་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་སླར་ཡང་མངོན་པར་འདུ་བྱས་པ་འདི་དག་ལ་བརྟེན་ནས། ཚེ་འདས་མིང་འདི་ཞེས་བགྱི་བ། མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞེས་དང༌། གནས་སྐབས་ཐམས་ཅད་དུ་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་སྤྱོད་པ་རླབས་པོ་ཆེ་ཞེས་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཞེས་སོགས་དང༌། སྐྱབས་རྣམ་པར་དག་པ་སངས་རྒྱས་རྒྱ་མཚོ་ལྟ་བུ་མཐོང་བ་དང་ཞེས་སོགས་དང༌། གཞན་ཡང་དེ་དག་གི་མཐུ་ལས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་ལྡན་པར༴ དེ་ཡང་འཕགས་པའི་ནོར་བདུན་མི་འབྲལ་བར༴ ཁྱད་པར་དུ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་ཐོབ༴ རྟེན་དེར་ཡང་མི་དགེ་བའི་བཤེས་གཉེན་དང་སྡིག་གྲོགས་ཀྱི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ༴ དམ་པའི་ཆོས་ཚུལ་བཞིན་དུ་སྟོན་པར་མཛད་པའི་དགེ་བའི་བཤེས་གཉེན་རྣམས་དང་ཞལ་མཇལ་བར༴ ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་སྤྱོད་པ་ལ་སྤྲོ་ཞིང༌། དེ་ལྟར་སྤྱོད་པའི་སྐལ་བ་དང་ལྡན་པར༴ ཆོས་དགེ་བ་བཅུ་ལ་ངང་གིས་སློབ་པར༴ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ངེས་པར་འབྱུང་བར༴ བདུད་བཞི་དང་དམན་པའི་ས་གཉིས་ལས་མྱུར་དུ་འདའ་བར༴ བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར༴ སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར༴ རྣལ་འབྱོར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ལ་བརྩོན་འགྲུས་སུ་བྱ་བ་མཐར་ཕྱིན་པར༴ མཐའ་བྲལ་དབུ་མའི་ལྟ་བས་མཚན་འཛིན་གྱི་སྤྲོས་པ་ཆོད་པར༴ སྒོམ་པ་ཟུང་དུ་འཇུག་པའི་ཉམས་ལེན་གྱིས་ཡོན་ཏན་གྱི་ཚོགས་མངོན་པར་འདུ་བྱེད་པར༴ འབྲས་བུ་རྫོགས་པའི་བྱང་ཆུབ་ལས་ནམ་ཡང་སླར་མི་བཟློག་པར༴ ངོ་བོ་ལྷུན་གྱིས་གྲུབ་ཅིང་མཛད་པ་རྒྱུན་མི་འཆད་པའི་ཕྲིན་ལས་ནམ་མཁའ་དང་མཉམ༴ ཅེས་ལན་གསུམ་དང༌། རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང༌། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱངས་པ་ཡང༌། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཅེས་བརྗོད་དོ། །གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱི་སྔགས་ཀྱི་ནུས་པའམ། དགེ་བའི་བཤེས་གཉེན་གྱི་ཐུགས་རྗེའམ། ཉེ་འབྲེལ་སྙིང་བརྩེ་བའི་སྟོབས་ཀྱིས། ཚེ་འདས་དེ་ཡང་གསོན་དུས་ཀྱི་རྣམ་པ་དང་མཐུན་པར་མདུན་གྱི་གནས་སུ་དེ་ཉིད་བཀུག་ནས་འདུག་པར་བསམ་ལ། དགོངས་སུ་གསོལ་ཞེས་པ་སྔོན་དུ་བཏང་ནས། འདི་ཞེས་བྱ་བ་འཇིག་རྟེན་ཕ་རོལ་ཏུ་སོང་བ་དེའི་ཆེད་དུ། ཉེ་དུ་འབྲེལ་པ་ཤུལ་ན་མཆིས་པ་རྣམས་ཀྱིས་འདི་ལྟར། ཚེ་འདས་ཁོང་རང་གི་བགོ་སྐལ་གྱི་ཡོ་བྱད་ལ་གཞི་བླངས། ཉེ་དུ་གློ་བ་ཉེ་བ་རྣམས་ཀྱིས་ཀྱང་མཁོ་རྒུ་ལྷག་པར་བསྣན་ནས་བླ་མ་དང་དཀོན་མཆོག་གི་མཆོད་པ་ངོ་བོ་བཟང་ཞིང་བཀོད་པ་ཁྱད་པར་དུ་འཕགས་པར་བཤམས། མཁའ་འགྲོ་དང་ཆོས་སྐྱོང་གི་ཚོགས་མཆོད་དང་གཏོར་མ་དངོས་པོ་སྦུངས་ཆེ་ཞིང༌། ཆོ་ག་ཕུན་སུམ་ཚོགས་ཤིང་གཙང་སྤྲས་བརྒྱན་པར་བྱས། དགེ་འདུན་འདུས་པའི་ཚོགས་ལ་བཀུར་སྟིའི་མཆོད་པ་དང༌། ཡོ་བྱད་བཟང་པོའི་བསྙེན་བཀུར་གྱི་མཉེས་པར་བྱས། གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་རྣམས་ཡུལ་ཆོས་དང་མཐུན་པའི་ཟས་ཁ་ལེན་གྱིས་མཆིས་པར་བྱས། ཕོངས་པ་དང་མགོན་མེད་པའི་ཚོགས་ལ་སྙིང་བརྩེ་བའི་སྦྱིན་སྟོང་རྒྱ་ཆེན་པོས་མགུ་ཞིང་ཡི་རང་བར་གྱུར་པ་དག་དང༌། གཞན་ཡང་ཚེ་འདས་རང་གི་བར་དོའི་རྣམ་པར་ཤེས་པ་རྡོ་རྗེ་སློབ་དཔོན་ཆེན་པོའི་སྔགས་དང་ཕྱག་རྒྱས་བཀུག་ནས་ཟབ་མོའི་ཆོས་བཤད། དམ་ཚིག་དང་སྡོམ་པའི་ཚོགས་རྣམས་འཛིན་དུ་བཅུག ཁོང་རང་ཉིད་ལྷའི་ང་རྒྱལ་ལ་གནས་པར་བྱས། དཀྱིལ་འཁོར་ཆེན་པོར་བཅུག་ཅིང་དབང་བསྐུར། མཆོད་པའི་རྫས་དང་འདོད་པའི་ཡོན་ཏན་རྣམས་ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབས་པའི་མཉེས་བྱེད་ཀྱིས་ཚིམ་པར་བྱས། གཟུགས་སྔགས་ཟབ་མོའི་བཟླས་བརྗོད་ཀྱི་རྒྱུད་བྱིན་གྱིས་བརླབས། དེ་བཞིན་གཤེགས་པའི་བཀའ་གསུང་དྲི་མ་མེད་པ་སྒྲགས་ཤིང༌། ཁྲོ་ཆེན་འབར་བའི་སྒོམ་བཟླས་དང་ཕྱག་རྒྱས་ཚེ་འདས་འདི་ཞེས་བྱ་བའི་གསོན་གྱི་དུས་ན་རྣམ་སྨིན་གྱི་ཚེ་གནས་པ་དང༌། གཤིན་གྱི་དུས་སུ་སྒྲིབ་པ་སྦྱོང་བ་ལ་བར་དུ་གཅོད་པའི་གཤིན་རྗེའི་ཕོ་ཉ་དང༌། ལོག་འདྲེན་གྱི་ཚོགས་རྣམས་རྒྱངས་རིང་དུ་བསལ། ཚེ་འདས་ཁོང་རང་གི་འབྱུང་བ་བཞིས་སྐྱེད་པའི་ཉོན་མོངས་པ་རྣམས་འབྱུང་བ་བཞིའི་ཆོས་ཉིད་ངང་དུ་བསྟིམ། ལྷག་པའི་ལྷས་ཕྱིན་དྲུག་གི་ངོ་བོར་བྱིན་གྱིས་བརླབ་པའི་ཁྲུས་ཀྱི་ཉོན་མོངས་པའི་དྲི་མ་དྲུག་བཀྲུས་ནས། ཡོན་ཏན་དྲུག་གི་ངོ་བོར་བྱིན་གྱིས་བརླབས། ལམ་ལྔ་ས་བཅུའི་རིམ་པས་དག་པའི་ཞིང་དུ་སྐྱེ་བར་ལུང་བསྟན་པའི་དགེ་བའི་རྩ་བ་འདི་ཐམས་ཅད་ཚེ་འདས་འདི་ཞེས་བྱ་བའི་དོན་དུ་ཕྱི་བཞིན་དུ་རྗེས་སུ་འབྲངས་ཞིང་རྗེས་སུ་འཇུག་པར༴ རྗེས་སུ་ཞུགས་ནས་རིགས་དྲུག་སོ་སོའི་སྡུག་བསྔལ་དང་ཀུན་འབྱུང་མཐའ་དག་ལས་མྱུར་དུ་ཐར་བར༴ ཐར་ནས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར༴ ཐོབ་ནས་གཞན་དོན་ཕྲིན་ལས་ཕུན་སུམ་ཚོགས་པ་འབད་མེད་ལྷུན་གྲུབ་དུ་འབྱུང་བར༴ ཅེས་ལན་གསུམ་བརྗོད་ནས། ནམ་ཞིག་འཆི་བའི་དུས་བྱེད་གྱུར་པ་ན། །ཞེས་སོགས་འདོན་ནོ། །གཞན་ཡང་དེ་ལྟ་བུའི་གོ་འཕང་མ་ཐོབ་ཀྱི་བར་དུ་ངན་སོང་གསུམ་གྱིས་མཚོན་པའི་མི་འཁོམ་པའི་གནས་རྣམས་སུ་ནམ་ཡང་མི་སྐྱེ་བར༴ བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར༴ དེར་ཡང་རིགས་དང་གཟུགས་བཟང་བ་རྣམས་ཀྱི་མཆོག་ཏུ༴ དབང་ཕྱུག་ཕུན་སུམ་ཚོགས་པ་རྣམས་ཀྱི་དང༌། མང་དུ་ཐོས་པ་དང་ཤེས་རབ་ཆེ་བ་རྣམས་ཀྱི་དང༌། བརྩོན་འགྲུས་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ཀྱི་དང༌། གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་དང༌། འཁོར་ལ་བྱམས་པ་དང་ཆོག་ཤེས་པ་རྣམས་ཀྱི་དང༌། ཐོས་པས་མི་ངོམས་པ་དང་ཆོས་སྨྲ་བ་ལ་དགའ་བ་རྣམས་ཀྱི་ནང་ནས་མཆོག་ཏུ༴ ཞེས་ལན་གསུམ་བརྗོད་ནས། ངན་སོང་སྡུག་བསྔལ་མ་མྱོང་ཞིང༌། །ཞེས་སོགས་བརྗོད་དོ། །གཞན་ཡང་དེ་ལྟ་བུའི་མཐུ་ལས་དེ་ཞེས་བགྱི་བ་བར་དོའི་འཇིགས་སྐྲག་ལས་མྱུར་དུ་ཐར་བར༴ བདུད་དང་གཤིན་རྗེའི་འཇིགས་པ་ལས་ཐར་བར༴ འཇིག་པའི་སྒྲ་བཞི་དང་ཉམ་ང་བའི་གཡང་ས་གསུམ་ལས་ཐར་བར༴ གནས་སྐབས་དེར་ཡང་སྤྱན་རས་གཟིགས་དབང་ཕྱུག་གི་གསུང་ཐོས་པར༴ འཇམ་པའི་དབྱངས་ཀྱི་ཞལ་མངོན་སུམ་དུ་མཐོང་བར༴ གསང་བའི་བདག་པོས་རྒྱུད་བྱིན་གྱིས་རློབས་པར༴ བར་དོ་ལ་བར་དོ་ཉིད་དུ་ངོ་ཤེས་པར༴ དེར་ཡང་ཆོས་སྟོན་པའི་བཤེས་གཉེན་གྱིས་བསྟན་པའི་གདམས་ངག་རྗེས་སུ་དྲན་པར༴ བར་དོའི་རིག་པ་རང་བྱུང་གི་ཡེ་ཤེས་མངོན་དུ་བྱེད་པར༴ ཞེས་ལན་གསུམ་བརྗོད་ནས། སངས་རྒྱས་སྐུ་གསུམ་མཉེས་པའི་བྱིན་རླབས་དང༌། །ཞེས་སོགས་སྨོན་ལམ་ཅི་ཤེས་པ་ཐམས་ཅད་སྐབས་དང་སྦྱར་ནས་གདབ་བོ། །ཡང་ཚེ་འདས་ཀྱི་དོན་དུ་ལྷོ་སྒོའི་ཆོ་ག་དང་འབྲེལ་ན། བར་དོའི་ཆོས་བཤད་ལོགས་སུ་མི་དགོས་མོད། བསྔོ་བ་སྨོན་ལམ་ཙམ་དང་འབྲེལ་བའི་ཚེ་སྐབས་དེར་རྡོ་རྗེ་སློབ་དཔོན་རང་ཉིད་ཕྱག་ན་རྡོ་རྗེའི་སྐུར་བསྐྱེད། སྐྱེ་མཆེད་བྱིན་གྱིས་བརླབས། ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་མི་བསྐྱོད་པའི་རྒྱས་གདབ། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས་འདི་སྐད་ཅེས་བརྗོད་དོ། །དཀོན་མཆོག་གསུམ་གྱི་བདེན་པ་དང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབ་ཀྱིས། ཚེ་འདས་འདི་ཞེས་བགྱི་བ། འགྲོ་བ་རིགས་དྲུག་དང་འབྲེལ་བའི་སྲིད་པ་བར་མ་དོ་གང་དུ་གནས་ཀྱང༌། སྔོན་གྱི་དགེ་བའི་བཤེས་གཉེན་དང་མཆེད་གྲོགས་དང༌། ཕ་མ་ཉེ་འབྲེལ་སྙིང་ཉེ་ཞིང་སེམས་འདུན་པ་དག་གང་ན་འཁོད་པའི་གནས་འདིར་སྔོན་གྱི་བག་ཆག་འཐུག་པོ་དག་དང་མཐུན་པར་མྱུར་བ་ཉིད་དུ་འཁོར་བར་གྱིས་ཤིག ཅེས་ལན་གསུམ་བརྗོད་ནས། མིང་འདི་ཞེས་བྱ་བ་ཁྱོད་སྐྱེ་བ་སྔ་མའི་རྣམ་སྨིན་གྱི་ལུས་བོར་ནས། དེང་སང་ཞག་བདུན་ཕྲག་བདུན་དུ་གནས་པའི་སྐབས་ཡིན། བར་དོའི་ལུས་འདི་དང༌། ཤིང་ཐོགས་པ་མེད་པ་རླུང་སེམས་ཙམ་ལས་གྲུབ་པ་ཡིན་པས། ཡིད་དམ་ལྷའི་སྐུ་དང་འགྲོ་བ་བཟང་ངན་གྱི་ལུས་གང་དུ་ཡང་སྒྱུར་དུ་བཏུབ། སེམས་ཀྱི་འཕེན་པ་བཟང་ངན་དང་དྲག་ཞན་གྱི་ཡི་དམ་གྱི་ལྷ་དང་བདེ་འགྲོ་དང་ངན་འགྲོ་གང་དུ་ཡང་མཚམས་སྦྱར་དུ་རུང༌། ཁྱོད་སྔོན་བླ་མ་དམ་པས་བསྟན་པའི་བར་དོའི་གདམས་པ་ཡོད་ན་དེ་ཉིད་དྲན་པ་བྱེད་དགོས། ཕྱི་དེ་ཡང་མེད་ན་ཕྱི་ནང་གི་སྣོད་བཅུད་དུ་སྣང་བ་འདི་ཐམས་ཅད་སྭ་བྷ་ཝའི་སྔགས་དོན་བསམ་ནས་སྟོང་པར་ཐག་ཆོད་ལ། སྣོད་ཀྱི་འཇིག་རྟེན་དུ་སྣང་བ་འདི་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་དུ་སྣང་བ་དེ་ཐམས་ཅད་རིགས་གསུམ་རྒྱལ་བའི་དཀྱིལ་འཁོར། སྒྲ་གྲག་པ་ཐམས་ཅད་མ་ཎི་དང༌། བཛྲ་པ་ཎི་སོགས་ཀྱི་སྔགས་སུ་ཤེས་པར་བྱོས་ལ། སྤྱིར་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་སྤོང༌། གང་དུ་སྐྱེ་བའི་གནས་མཐོང་ནས། དེ་ལ་མངོན་པར་ཞེན་པ་དང༌། དགའ་བའི་རྟོག་པ་ཡིད་ལ་མ་བྱེད། ཁྱད་པར་གནས་གང་ན་སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་པར་ཤོམ་པ་མཐོང་ན། དེ་དག་ལ་ཆགས་པ་དང་སྡང་བའི་བློ་མ་སྐྱེད། དེ་ཙམ་གྱིས་ཀྱང་མངལ་སྒོ་མི་ཁེགས་པར་མཐོང་ན་སྙིང་རྗེ་དང་སྨོན་ལམ་གྱིས་མཚམས་སྦྱོར། མིའི་སྐྱེས་གནས་གང་ཡིན་པ་དེ་རྡོ་རྗེ་བདག་མེད་མའི་ཆོས་འབྱུང་གི་གནས་སུ་ཤེས་པར་བྱས་ལ། ཁྱད་པར་རང་གི་ཀུན་གཞིའི་རྣམ་པར་ཤེས་པ་ཧྲཱིཿལས་སྤྱན་རས་གཟིགས་སམ། དྷཱི་དང་ཧཱུྃ་ལས་འཇམ་པའི་དབྱངས་དང༌། གསང་བའི་བདག་པོ་གང་མོས་སུ་བསྐྱེད་ལ་ཉིང་མཚམས་སྦྱོར་ཤིག དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོར་འཁྲུངས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་འགྱུར་རོ། །དེ་བས་ཀྱང་བར་དོ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་ནུས་ན་མཆོག་ཏུ་འགྱུར་བས་འདི་ལྟར་དགོངས་ཤིག པདྨ་དང་ཉི་མའི་གདན་ལ་ཁྱོད་རང་གི་ཤེས་པ་ཧཱུྃ་ལས་ཕྱག་ན་རྡོ་རྗེ། སྐུ་མདོག་མཐིང་ནག རབ་ཏུ་འཕྲོས་པ། ཞབས་གཡས་བསྐུམ། གཡོན་བརྐྱང༌། ཕྱག་གཡས་པ་ཡེ་ཤེས་ཀྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་བས་བདུད་དང་གཤིན་རྗེའི་ཕོ་ཉ་ཕྱིར་བསྙིལ་བ། གཡོན་པ་སྡིགས་མཛུབ་ཐུགས་ཁར་མཛད་པ། སྤྱན་གསུམ་དམར་ལ་བཟླུམ་པ། དེའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་བསམ་དུ་བཅུག་ནས་སློབ་དཔོན་གྱིས། ཛ་ཧཱུྃ་བཾ་ཧོཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ། ཞེས་ཡེ་ཤེས་པ་སྤྱན་དྲངས། དབང་བསྐུར་ཞིང་མི་བསྐྱོད་པས་རྒྱས་བཏབ་པ་ལ། གཤིན་པོ་དེ་ལ་བསྔོས་པའི་མཆོད་པ་རྣམས་བསངས་སྦྱངས་བྱིན་གྱིས་བརླབས་ནས། སོ་སོའི་སྔགས་རྒྱས་ཕུལ། བསྟོད་པ་དང་བཀྲ་ཤིས་བརྗོད། དེ་ལྟར་གཤིན་པོའི་དོན་དུ་བསྔོ་བ་རྒྱས་བསྡུས་གང་བྱེད་ཀྱང༌། མཇུག་ཏུ་རྗེས་མ་རྣམས་ལ་ཤིས་པའི་སྨོན་ལམ་གལ་ཆེ་བས་འདི་ལྟར། གཞན་ཡང་བསོད་ནམས་འདི་དག་གི་མཐུ་ལས། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར༴ བསྟན་འཛིན་ཐམས་ཅད་སྐུ་ཚེ་རིང་བར༴ བཤད་བསྒྲུབ་ལ་བར་ཆད་མི་འབྱུང་བར༴ ཡངས་པའི་རྒྱལ་ཁམས་ཆེན་པོ་བདེ་བར༴ དེའི་མཐུ་ལ་བརྟེན་ནས། ཡོན་གྱི་བདག་པོ་ཤུལ་ན་མཆིས་པ་རྣམས་ཀྱིས་འགལ་རྐྱེན་བར་ཆད་ཞི་བར༴ ཚེ་དང་བསོད་ནམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར༴ ཇི་ལྟར་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པ་ཉིད་དུ་འགྲུབ་པར༴ མཐར་ཐུག་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་ནུས་པར༴ གནས་སྐབས་སུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ནུས༴ དེ་ལྟར་བྱེད་ནུས་པ་དེའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ནུས༴ དེ་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་ནས། གང་གིས་སྦྱིན་པ་ཞེས་སོགས་དང༌། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ་ཞེས་སོགས་དང༌། ཀླུ་རྒྱལ་དགའ་བོ་ཉེ་དགའ་བོ། །གཞན་ཡང་གྲོང་ཁྱེར་གནས་པ་རྣམས། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཅེས་སོགས་བཀྲ་ཤིས་རྒྱས་པར་བརྗོད་དོ། །གཉིས་པ་ནི། སྒྲུབ་མཆོད་དང་ཚོགས་འཁོར་གྱི་གྲལ་ལྟ་བུར་ཡིན་ན། གོང་དུ་སྨོས་ཟིན་པའི་མོལ་གཏམ་བསྡུས་པ་དེ་ལྟར་བཏང་ནས། བསྔོ་བ་ནི་རིགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་ཁྱབ་བྱེད་རྡོ་རྗེ་སེམས་དཔའ་ཉིད་དང༌། རྒྱལ་བ་རིགས་ལྔ་ཡུམ་བཞི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས། མདོར་ན་གདན་གསུམ་ཚང་བའི་ལྷ་ཚོགས་ཐམས་ཅད་རིག་པ་འཛིན་པ་བདག་དང་རྡོ་རྗེ་སྤུན་གྲོགས་སློབ་མར་བཅས་པ་རྣམས་དང༌། མཆོད་གཏོར་དང་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཡོན་གྱི་བདག་པོ་རྣམས་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོ་འདི་དག་གིས་ཚོགས་དང་ཡོ་བྱད་སྦྱར། རྡོ་རྗེ་འཛིན་པ་བདག་དང་སློབ་མ་ལས་ཀྱི་རྡོ་རྗེའི་ཚོགས་དང་བཅས་པས་རང་ཉིད་སངས་རྒྱས་སུ་བསྐྱེད། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་བདག་ཉིད་ཞུགས་ཤིང་དབང་བླངས་པ་དང༌། སློབ་མའི་ཚོགས་ལ་དབང་བསྐུར་བ་དང༌། གནས་ཁང་ཐར་པ་ཆེན་པོའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཤིང༌། མཆོད་པའི་ཚོགས་རྣམས་ཀྱི་དྲི་མ་བསངས། སྟོང་པ་ཉིད་དུ་སྦྱངས། ཟག་པ་མེད་པའི་བདུད་རྩི་ཚིམ་པར་བྱིན་གྱིས་བརླབས་ནས་ཕུལ། ཡེ་ཤེས་ཀྱི་ལྷའི་ཚོགས་ཚིམ་པར་བྱས་པ་དང་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ལ་ཐ་མལ་དུ་ཞེན་པའི་རྟོག་པ་སྦྱངས། ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོ་ཉིད་དུ་རྟོགས། ནམ་མཁའ་དང་མཉམ་པར་སྦར་ཏེ་ཅི་བདེ་བར་ལོངས་སྤྱོད་ནས། རྒྱལ་བའི་དཀྱིལ་འཁོར་བ་ཐམས་ཅད་ཟག་པ་མེད་པའི་བདེ་བས་ཚིམ་ཞིང༌། ལྷག་མའི་གཏོར་མས་འབྱུང་པོའི་ཁྱད་པར་མང་པོ་དག་ངོམས་ཤིང་དགའ་བར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་འདི་ལ་བརྟེན་ནས། རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག དཔའ་བོ་དང་རྣལ་འབྱོར་མའི་ཚོགས་རྣམས་དགྱེས་ཤིང་ཚིམ་ནས། རང་ཉིད་རྒྱུད་བྱིན་གྱིས་རློབས། དེ་ལྟར་བྱིན་གྱིས་བརླབ་ནས་རིམ་པ་གཉིས་ཀྱི་རྟོགས་པ་གོང་འཕེལ་དུ་འཆར་བར་གྱུར་ཅིག བདུད་བཞི་དང་ས་གཉིས་ལ་བར་དུ་གཅོད་པ་མཐའ་དག་ལས་སྐྱོབ་པར་གྱུར་ཅིག ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་ཚེ་དང་བསོད་ནམས་ཀྱི་བར་ཆད་སེལ་ཞིང༌། མཆོད་པ་དང་ཚོགས་ཀྱི་ཡོ་བྱད་ལ་ཉེ་བར་མཁོ་བ་རྣམས་ཆར་བཞིན་དུ་འབེབས་པར༴ ཞེས་ལན་གསུམ་བརྗོད་པ་དང༌། གཞན་ཡང་ཚོགས་གཉིས་ཀྱི་བགྱི་བ་འདི་དག་གི་མཐུ་ལས། དམ་ཚིག་གི་སློབ་དཔོན་རྡོ་རྗེ་འཛིན་པ་ཆེན་པོ་རིགས་ཐམས་ཅད་ཀྱི་མགོན་པོ་དཀྱིལ་འཁོར་གྱི་འཁོར་ལོ་སྒྱུར་བ་ཉིད་དུ་ངེས་པར་མཐོང་ནས། དེའི་བཀའ་ལས་སྐད་ཅིག་ཀྱང་འདའ་བར་མ་གྱུར་ཅིག སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་སྒྲུབ་པར་བྱེད་ཅིང༌། རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་མཛོད་ལ་ལོངས་སྤྱོད་པར༴ སྟོང་པ་ཉིད་ཀྱི་སྔགས་དོན་བསམ་པས་མ་དག་པའི་སྣང་བ་ནུབ༴ བསྲུང་བའི་འཁོར་ལོས་བགེགས་དང་ལོག་འདྲེན་ཐམས་ཅད་འཇོམས་པར༴ བསྐྱེད་རིམ་གྱི་རྣལ་འབྱོར་པས་གང་ཤར་ལྷག་པའི་ལྷ་ཉིད་དུ་རྟོགས་པར༴ རྫོགས་རིམ་གྱི་རྣལ་འབྱོར་པས་སྐྱེད་རིམ་གྱི་ལྷ་ཡེ་ཤེས་སུ་རྟོགས་པར༴ བུམ་དབང་གི་རྟོགས་པ་གོམས་པས་ཕུང་པོ་ལྔ་གནས་གྱུར་གྱི་ཡེ་ཤེས་རྒྱུད་ལ་སྐྱེ༴ འཁོར་འདས་གཉིས་འཇིག་རྟེན་གྱི་རྟོག་པ་རང་སར་དག་ནས་ཟུང་འཇུག་བརྗོད་བྲལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ༴ གསང་དབང་གི་རྟོགས་པ་གོམས་པས་བདེ་སྟོང་གི་ཡེ་ཤེས་ངང་གིས་འཆར་བར༴ རང་བྱུང་གི་ཡེ་ཤེས་ལ་མཚན་འཛིན་གྱི་རྟོག་པ་རང་སར་དག་པར༴ དབང་གསུམ་པའི་ཐབས་ཉམས་སུ་བླངས་པས་ཤེས་རབ་ཀྱི་སྟོབས་ལས་བྱུང་བའི་ཡེ་ཤེས་མངོན་དུ་བྱེད༴ བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཉི་མ་རྣམ་པར་རྟོག་པའི་སྤྲིན་ཚོགས་ལས་གྲོལ་བར༴ དབང་བཞི་པའི་ཉམས་ལེན་ལ་གོམས་པས་མཚོན་བྱ་དོན་གྱི་ཡེ་ཤེས་མངོན་དུ་བྱེད་ནུས༴ གཡོ་མེད་ཕྱག་རྒྱ་ཆེན་པོའི་རྣམ་རོལ་ལས་ནམ་ཡང་མི་འདའ་བར༴ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་མངོན་དུ་བྱེད་ནུས༴ རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་བརྙེས་ནས་སློབ་མའི་ཚོགས་རྒྱ་མཚོ་ལྟ་བུ་སྨིན་ཅིང་གྲོལ་བར་བྱེད་ནུས་པར༴ ཅེས་ལན་གསུམ་དང༌། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་ཚིག་ཡིན་པས། །བདེན་པ་དེ་ཡི་དཀྱིལ་འཁོར་པ་རྣམས་ཀུན། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་དང༌། བཀྲ་ཤིས་རྒྱས་པ་བརྗོད་དོ། །མོལ་གཏམ་རིན་ཆེན་ཕྲེང་བ་དང༌། །ཡོན་བཤད་ཨུཏྤལ་དོ་ཤལ་གྱིས། །གང་གི་མགུལ་པ་རྣམ་བརྒྱན་པ། །མང་པོའི་གྲལ་མགོར་འཁོད་ལ་དབང༌། །མང་པོ་ཚོགས་པའི་ཁྱམས་ཆེན་དུ། །ཀུན་གྱིས་བཀུར་བའི་སེང་གེའི་ཁྲི། །མཐོན་པོའི་སྟེང་ནས་གཞན་གྱི་ཡིད། །འཕྲོག་བྱེད་སྤོབས་པ་ཐོབ་འདོད་ན། །གཏམ་དང་བློ་བ་འདི་བཟུང་ལ། །ཚིག་ལྷད་སྤངས་པའི་བརྗོད་པ་ཡིས། །སྐད་བཟངས་མཐོ་ལ་སྙན་གྱུར་པས། །དལ་བྲེལ་སྙོམས་པའི་བཀྲ་ཤིས་སྤྱོན། །གང་འདི་ལ་སྟོད་ཐང་ཆུང་བ། །གྲུབ་ཆེན་ཤཱཀྱ་སེང་གེ་ཡི། །རིགས་བརྒྱུད་འཛིན་པའི་དབོན་དག་གིས། །བསྐུལ་ནས་གསེར་མདོག་ཅན་གྱི་གྲྭར། །མི་ཕམ་དགེས་པའི་བཤེས་གཉེན་གྱིས། །སྦྱར་བས་འདུས་པ་རྒྱ་མཚོའི་ཚོགས། །ཡིད་རབ་དང་ནས་བསོད་ནམས་དང༌། །ཡེ་ཤེས་ཆུད་མི་ཟ་བར་ཤོག།  །།བཀྲ་ཤིས།།  ༈ །ཨོཾ་སྭསྟི་སིདྡྷཾ། ངོ་མཚར་དད་པའི་རྒྱལ་མཚན་གྱི་རྩེ་མོར། སྒོ་གསུམ་གུས་པའི་གཙུག་གིས་མཆོད་དེ། གསོལ་བ་བཏབ་ན་དངོས་གྲུབ་རྣམ་པ་གཉིས་ཀྱི་དགོས་འདོད་མཐའ་ཡས་པ་བདེ་བླག་ཏུ་མཛད་པའི་བདག་ཉིད་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དོན་གཉིས་མཐར་ཕྱིན་སྟོང་པ་སངས་རྒྱས། སྒྲིབ་གཉིས་མུན་སེལ་སྐྱོབ་པ་དམ་ཆོས། རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ། བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ། སྤྱིར་རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ན་བཞུགས་པ་ནི་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་དུ་ཡང༌། དཔལ་འབྱོར་ཆུ་བོ་འདུས་པའི་ཞིང་ས། ལེགས་བཤད་ཆུ་གཙང་འབབ་པའི་འཇུག་ངོགས། མཁས་གྲུབ་སྐྱེ་བོ་འདུ་བའི་བསྟི་གནས། རང་རེའི་གཙུག་ལག་ཁང་ཆེན་པོ་འདི་ཉིད་ན། བྱིན་རླབས་ཆུ་རྒྱུན་སྤེལ་བའི་གངས་རི། ཉེས་པའི་དྲི་མ་འཁྲུད་པའི་དག་བྱེད། རྣམ་དག་དགེ་ལེགས་སྤེལ་བའི་ས་གཞི་སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་ཅན་རྣམས་ཀྱི་དྲུང་ན། འབྱོར་པའི་རླབས་ཕྲེང་གཡོ་བའི་ཆུ་གཏེར། བཀོད་ལེགས་མཚར་དུ་དངར་བའི་ཕྲེང་མཛེས། ཡིད་འོང་ལྟ་ན་སྡུག་པའི་མཆོད་སྤྲིན་རྒྱ་མཚོའི་ཚོགས་ཀྱིས་སྤྲས་ཏེ། བསྟན་པའི་གངས་རི་བསྲུང་བའི་སེང་ཆེན། བསྟན་འཛིན་རི་དྭགས་སྐྱོངས་བའི་རྒྱལ་པོ། བདུད་དཔུང་གླང་པོ་འཇོམས་པའི་སྟོབས་ལྡན། དཔལ་མགོན་ཆོས་སྐྱོང་སྲུང་མ་དང་བཅས་པ་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་བཞུགས་ཤིང༌། བསྟན་པ་དམ་ཆོས་ཀུན་གྱི་བདག་པོ། བསྟན་འཛིན་དགེ་འདུན་ཀུན་གྱི་གཙུག་རྒྱན། སྟོན་པ་ཐུབ་པ་ཆེན་པོའི་རྒྱལ་ཚབ། དྲུང་མཁན་ཆེན་པའི་ཞལ་མངའ་ནས་འདུས་པ་ཀུན་གྱི་གཙུག་རྒྱན་དམ་པར་བཞུགས་པ་ལེགས་ཤིང༌། དེ་དག་གི་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་རྔ་སྒྲ་ཕྱོགས་བརྒྱར་གཡོ་བ་ལ་བརྟེན་ནས་ཉེ་བར་བསྡུས་པ། ལེགས་བཤད་འབྲུག་སྒྲ་སྒྲོག་པའི་སྤྲིན་ཆེན། སྨྲ་ངན་བྲག་རི་བསྙིལ་བའི་གནམ་ལྕགས། གསུང་རབ་དགོངས་དོན་གསལ་བའི་མེ་ལོང༌། སློབ་དཔོན་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གྲལ་གྱི་ཐོག་མ་མཛད། བསོད་ནམས་མཚོ་ལས་འཁྲུངས་པའི་ལྷུན་པོ། སྐྱེ་འགྲོ་ཡོངས་ཀྱི་བཀུར་བའི་མཆོད་འོས། མཐོ་དམན་ཡོངས་ལ་སྙོམས་པའི་ནམ་མཁའ། མི་ཆེ་བར་གྱུར་པ་རྣམས་ཀྱིས་གྲལ་གྱི་གོང་མནན། རིག་པའི་གནས་ལྔ་ཤེས་པའི་མཁས་པ། ངུར་སྨྲིག་རྒྱལ་མཚན་གཡོ་བའི་བཙུན་པོ། ལྷག་བསམ་ནོར་གྱིས་ཕྱུག་པའི་བཟང་པོ། དགེ་འདུན་དབུས་སྡེ་གཉིས་ཀྱིས་གྲལ་གྱི་གཞི་བཟུང༌། སྡེ་སྣོད་ཆུ་ཀླུང་འདུས་པའི་རྒྱ་མཚོ། རྒྱུད་སྡེ་ནོར་བུས་གཏམས་པའི་མཚོ་ཆེན། བློ་གསལ་བུང་བ་བསྡུད་པའི་དགའ་ཚལ། ཡོན་ཏན་མཁས་པར་མཁྱེན་པ་རྣམས་ཀྱིས་གྲལ་གྱི་ཟུར་བརྒྱན། གང་ལ་ཅི་འདོད་སྩོལ་བའི་ནོར་བུ། ལོངས་སྤྱོད་འབྲས་བུ་སྨིན་པའི་དཔག་བསམ། གཏོང་ཕོད་སྒོ་མང་ཕྱེ་བའི་ཁང་བཟང༌། ཡོན་གྱི་བདག་པོ་ཆེན་པོ་རྣམས་དང༌། རྣམ་དཔྱོད་བཞིན་མདངས་གསལ་བའི་ཟླ་བ། ཡིད་འོངས་གཙང་སྤྲས་བརྒྱན་པའི་བྲམ་ཟེ། བདེ་འཁྱུག་ཕྱོགས་བརྒྱར་གསལ་བའི་གློག་ཕྲེང༌། ལག་བདེ་བ་རྣམས་པས་གྲལ་གྱི་མཐའ་བརྟེན་ཏེ། འདི་ལྟར་བཞུགས་པ་ཐམས་ཅད་གདན་འཛོམ་ཞིང་འབྲེལ་པ་ཟབ། ཐུགས་མངོན་པར་དགྱེས་པ་དང་ལྡན་ཞིང་ཚོགས་པ་བཟང༌། སྦྱིན་པའི་བདག་པོ་ཐུགས་བརྩེ་བ་ལྡན་ཞིང་མི་མཐུན་པ་མེད་པར་བཞུགས་པ་ལེགས། ལོ་རྒྱུས་ཀྱི་དབང་དུ་བྱས་ན། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་དང༌། རྒྱན་དམ་པ་ཆོས་འབྱུང་གི་ལོ་རྒྱུས་གཉིས། དང་པོ་ལ། སྟེང་དུ་རྗེའི་གདུང་རབས། འོག་ཏུ་འབངས་གི་མི་རབས། སྟོང་སྡེ་སའི་ཆགས་ཚུལ། འཇིག་རྟེན་ལུགས་ཀྱི་རྣམ་གཞག་ལ་སོགས་པ་མང་ཞིག་གླེང་བར་གདའ་ནའང༌། ཞིབ་ཟླས་སྙན་དུ་མི་གསོལ། མདོ་ཙམ་གྱི་དབང་དུ་བགྱིས་ན། རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བ་ལ་སོགས་པ་བསྐལ་པ་དང་པོའི་རྒྱལ་པོ་ལྔ། བརྒྱ་བྱིན་གྱི་སྟན་ཕྱེད་ལ་དབང་སྒྱུར་བ་ང་ལ་ནུ་སོགས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྔ། མ་ག་ཏའི་རྒྱལ་པོ་གཟུགས་ཅན་སྙིང་པོ། ཀོ་ས་ལའི་རྒྱལ་པོ་གཏུམ་པོ་རབ་སྣང༌། བད་ས་ལའི་རྒྱལ་པོ་འཆར་བྱེད། སེར་སྐྱའི་རྒྱལ་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་བར་ཏུ་སྤེལ་ལེགས་སུ་བྱོན་པ་ལགས་ཤིང༌། རྒྱལ་པོ་གཟུགས་ཅན་སྙིང་པོའི་གདུང་རྗེ་གཉའ་ཁྲི་བཙན་པོ་དེ་ཉིད་ཆོས་ཀྱི་རྒྱལ་པོ་ལ་སྔ་བ་ལགས་ཤིང༌། དེ་ནས་གནམ་གྱི་ཁྲི་བདུན། སའི་ལེགས་དྲུག བར་གྱི་ལྡེ་བརྒྱད་ལ་སོགས་པ་རིམ་པར་བརྒྱུད་ཅིང༌། ཁྱད་པར་ཉི་ཤུ་རྩ་ལྔ་ལ་ལྷ་ཐོ་ཐོ་རིའི་སྙན་ཤལ་གྱི་དུས་སུ་དམ་པའི་ཆོས་ཀྱི་དབུ་རྙེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སྲོལ་གཏོད། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་དར་ཞིང་རྒྱས་པར་མཛད། མངའ་བདག་ཁྲི་རལ་པ་ཅན་གྱིས་རབ་ཏུ་བྱུང་བ་རྣམས་ཀྱི་ཞབས་སྤྱི་བོར་བླངས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་བདུན་ཕུལ། གསུང་རབ་འགྱུར་རོ་འཚལ་སྐད་གསར་བཅད་ཀྱི་གཏན་ལ་ཕབ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ལ་གསང་སྔགས་རྒྱུད་སྡེ་བཞིའི་བསྟན་པ་བོད་དུ་གདན་དྲངས། ཇོ་བོ་རྗེ་ལྷ་གཅིག་བོད་དུ་སྤྱན་འདྲེན་པའི་བདག་རྐྱེན་མཛད་པ་སོགས་ཆོས་རྒྱལ་གྱི་སྐྱེས་བུ་ཆེན་པོ་རྣམས་གསེར་རིའི་ཕྲེང་བ་ལྟར་བར་མ་ཆད་པར་བྱོན་པ་ལགས། གཉིས་པ་འབངས་ཀྱི་མི་རབས་ཀྱི་དབང་དུ་བྱས་ན། དང་པོར་འཛམ་གླིང་པ་རྣམས་ལྷ་ཡུལ་ནས་འཕོས་པ་ཡིན་ཞིང༌། རིགས་སོ་སོའི་དབྱེ་བ་མེད་ཅིང༌། ཕྱིས་རྩོད་ལྡན་གྱི་དུས་སུ་མི་རིགས་བཞིར་དབྱེ་བས་དིང་སང་འཕགས་ཡུལ་ན་རིགས་བཞིའི་སྡེ་ཚན་སོ་སོར་ངེས། རྒྱ་ནག་ན་རིགས་འཆོལ་བར་གནས། བོད་ཆུང་ངུ་ནི་རིགས་ཀྱི་དབྱེ་བ་མེད། བོད་ཆེན་པོ་ན་མིའུ་གདོང་དྲུག་གི་རིགས་སོ་སོར་ངེས་པ་ལས། དེ་རིང་ཡོན་གྱི་བདག་པོ་རྣམས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ། འདི་ཞེས་བྱ་བ་དང༌། མཛད་པ་འཕྲིན་ལས་འདི་དང་འདི་ཞེས་བགྱི་བ་དང་ལྡན་པ་ལགས། གསུམ་པ་སྟོང་སྡེ་སའི་འཆགས་ཚུལ་ལ། ཕྱི་མངོན་པའི་ལུགས་དང༌། ནང་གསང་སྔགས་ཀྱི་ལུགས་སོགས་མང་པོ་ཞིག་གླེང་བར་གདའ་ནའང༌། མདོར་བསྡུས་ན་གླིང་ཁྱད་པར་དུ་འཕགས་པ་འཛམ་བུ་གླིང་ན། ཡུལ་ཆེན་སུམ་ཅུ་སོ་དྲུག ཡུལ་ཕྲན་བརྒྱ་དང་དྲུག་ཅུ་ཡོད་ཀྱང༌། ཤར་ན་ལོངས་སྤྱོད་ཀྱི་འབྱུང་གནས་རྒྱ་ནག ལྷོ་ན་ཆོས་ཀྱི་འབྱུང་གནས་འཕགས་ཡུལ། ནུབ་ན་རིག་པའི་འབྱུང་གནས་ཁ་ཆེ། བྱང་ན་དཔའ་བོའི་འབྱུང་གནས་ཧོར་ཡུལ། དབུས་ན་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་ཀྱི་འབྱུང་གནས་ཁ་བ་ཅན་གྱི་ལྗོངས་ཏེ། ཡ་རབས་གནས་པའི་ཡུལ་ཆེན་དེ་ཙམ་དུ་འདུས་པ་ལགས། བཞི་པ་འཇིག་རྟེན་ལུགས་ཀྱི་རྣམ་གཞག་ལ། རྫོགས་ལྡན་གྱི་དུས་སུ་རྒྱལ་པོའི་ཁྲིམས་དང༌། འཇིག་རྟེན་གྱི་ལུགས་བཟང་ངན་གྱི་དབྱེ་བ་མེད་ཅིང༌། སུམ་ལྡན་གྱི་མགོ་ཟུག་ནས། དགེ་བ་བཅུ་ཡི་ཁྲིམས་དང༌། འཇིག་རྟེན་གྱི་ལུགས་བཟང་ངན་དང༌། རིགས་མཐོ་དམན་དང༌། ཡ་རབས་དང་མ་རབས་ཀྱི་སྤྱོད་ཚུལ་སྣ་ཚོགས་དང༌། དཔའ་བ་དང་མཛངས་པ་ལ་སོགས་གཟུགས་བཟང་ངན་ལ་སོགས་པ་འཇིག་རྟེན་གྱི་གཞུང་ལུགས་རྣམས་རིམ་གྱིས་དར་ཞིང་རྒྱས་པར་གྱུར་པ་ལགས། མདོར་ན་མི་ཆོས་ཀྱི་ལོ་རྒྱུས་དེ་དག་ཐམས་ཅད་ཀྱང༌། ཡབ་དུ་དགེས་ཞིང་ཡུམ་དུ་བཙུན། ངོ་ཚ་ཤེས་པའི་ལུས་ལ་ཁྲེལ་ཡོད་ཀྱི་རྒྱན་གྱིས་བརྒྱན་པའི་སྦྱིན་པའི་བདག་པོ་རྣམས་ལ་ཚང་བ་ལགས། གཉིས་པ་དམ་པ་ཆོས་འབྱུང་བའི་ལོ་རྒྱུས་ལ། སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། བསྟན་པ་དམ་ཆོས་ཀྱི་དར་ཚུལ། བྱས་ཤེས་བཀའ་དྲིན་ཆེ་ཚུལ་དང་གསུམ་ལས། དང་པོ་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་རྗེས་སུ་འབྲང་བ་དང༌། སྙིང་རྗེ་པདྨ་དཀར་པོའི་མདོའི་རྗེས་སུ་འབྲང་བ་དང༌། བསྐལ་པ་བཟང་པོའི་མདོའི་རྗེས་སུ་འབྲང་བ་སོགས་མང་ཞིག་གླེང་བར་གདའ་ནའང༌། འོ་སྐོལ་གྱི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་བརྗོད་དུ་མེད་པའི་བསྐལ་པ་མང་པོའི་སྔ་རོལ་ཏུ་སངས་རྒྱས་ནས། རྩོད་པའི་དུས་འདིར་གླིང་བཞི་ཐེར་འབུམ་དུ་མཆོག་གི་སྤྲུལ་པའི་སྐུས་ངོ་མཚར་ཅན་གྱི་མཛད་པ་བྱེ་བ་བརྒྱ་ཕྲག་ཅིག་ཅར་དུ་བསྟན་པ་དེ་ལགས། བསྟན་པ་དམ་པའི་ཆོས་ཀྱི་དར་ཚུལ་ལ། ཐུབ་དབང་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པའི་རྗེས་སུ། ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བཀའ་བསྡུ་བ་རིམ་པར་མཛད། བསྡུ་བ་གསུམ་པའི་དུས་སུ་གསུང་རབ་རྣམས་ཡི་གེར་བྲིས། རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པའི་དགོངས་འགྲེལ་མཁན་པོ་རྣམས་ཀྱིས་བསྟན་བཅོས་མང་དུ་མཛད་ནས། འཕགས་ཡུལ་དུ་ཕྱིས་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ལགས། བོད་དུ་སྤྲུལ་པའི་སྐུ་ཐོན་མི་སམ་བྷོ་ཊས་བོད་ཀྱི་ཡི་གེ་བརྩམས། དམ་པ་ཆོས་ཀྱི་སྲོལ་གཏོད། ཆོས་ཀྱི་སྤྱན་ལྡན་ཀ་ཅོག་ཞང་གསུམ་གྱིས་སྡེ་སྣོད་གསུམ་དགོངས་འགྲེལ་དང་བཅས་པ་མ་ལུས་པར་བསྒྱུར། འཇམ་པའི་དབྱངས་ཀྱི་རྣམ་པར་སྤྲུལ་པ་ལོ་ཆེན་ནམ་མཁའ་བཟང་པོས། རྒྱུད་སྡེ་བཞི་ཚད་ལྡན་གྱི་དགོངས་འགྲེལ་དང་བཅས་པ་བོད་དུ་བསྒྱུར། རྒྱལ་བའི་སྲས་པོ་བློ་ལྡན་ཤེས་རབ་ཀྱིས། གསུང་རབ་མང་པོའི་ཞུ་ཆེན་མཛད་ཅིང༌། གངས་ཅན་གྱི་ལྗོངས་སུ་བཤད་རྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། འབན་རོག་དར་གསུམ། བྱ་ཁྱི་ཤ་གསུམ་ལ་སོགས་པ་རྣམས་ཀྱིས་ཀ་ཅོག་ཞང་གསུམ་ནས་བརྒྱུད་པའི་འདུལ་བ་དང༌། མངོན་པའི་སྡེ་སྣོད་ཀྱི་བསྟན་པ་དར་ཞིང་མ་ནུབ་པར་མཛད། ཇོ་བོ་རྗེ་བོད་དུ་བྱོན་ནས་བྱང་ཆུབ་ཀྱི་སེམས་གཉིས་དང༌། བྱང་ཆུབ་སེམས་པའི་སྡེ་སྣོད་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བཀའ་གདམ་གྱི་སྲོལ་བཙུགས། ཁ་ཆེ་པཎ་ཆེན་བོད་དུ་བྱོན་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སློབ་པའི་དགེ་འདུན་གྱི་སྡེ་བཙུགས། དམ་པ་རྒྱ་གར་བོད་དུ་བྱོན་ན་ལྟ་བ་རྣམ་པར་དག་པ་དང༌། རྟེན་འབྲེལ་སྣ་ཚོགས་ཀྱི་སྒོ་ནས་འགྲོ་བ་མང་པོ་ལ་ཕན་འདོགས་པའི་ཆོས་ཀྱི་སྲོལ་བཙུགས། སྤྲུལ་པའི་སྐུ་པདྨ་འབྱུང་གནས་བོད་དུ་བྱོན་ནས་གདུག་པ་ཅན་ཚར་བཅད་དེ་གསང་སྔགས་བླ་ན་མེད་པའི་བསྟན་པ་དར་བར་མཛད། རྗེ་བཙུན་མར་པ་ལོ་ཙཱས་རྒྱ་གར་དུ་བྱོན་ནས་ནཱ་རོ་དང་མཻ་ཏྲིའི་གདམས་པ་བླངས་ནས་བོད་དུ་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆུ་བོའི་རྒྱུན་ལྟར་བཙུགས་པར་མཛད། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་གྱིས་མཁའ་འགྲོ་མ་ལྔའི་ཟབ་ཆོས་བླངས་ནས། གངས་ཅན་གྱི་དབུལ་བ་སེལ་བར་མཛད། བླ་མ་ས་སྐྱ་པ་ཁུ་དབོན་གྱིས་མདོ་སྔགས་ཀྱི་བསྟན་པ་མ་ལུས་པ་དར་རྒྱས་མཛད་ཅིང༌། འཇིག་རྟེན་ལུགས་ཀྱི་སྒོ་ནས་འགྲོ་བ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། གསུམ་པ་བཀའ་དྲིན་ཆེ་བའི་ལོ་རྒྱུས་ལ། སྤྱིར་སངས་རྒྱས་སེམས་ཅན་ལ་བཀའ་དྲིན་ཆེ། ཁྱད་པར་དུ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད། མི་མཇེད་འཇིག་རྟེན་ཁམས་པ་རྣམས་ལ་བཀའ་དྲིན་ཆེ། དེ་ལས་ཁྱད་པར་དུ་འཛམ་བུ་གླིང་པ་རྣམས་ལ་རྒྱན་དྲུག་དང་མཆོག་གཉིས་གཉིས་ལ་སོགས་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་དང༌། ཏཻ་ལོ་དང་ནཱ་རོ། ཨིནྡྲ་བྷུ་ཏི་དང༌། དུས་ཞབས་ལ་སོགས་པ་རྣལ་འབྱོར་གྱི་དབང་ཕྱུག་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། བོད་ཁ་བ་ཅན་གྱི་ལྗོངས་པ་རྣམས་ལ་དང་པོར་སྤྲུལ་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ། བར་དུ་བླ་ཆེན་མཁན་བརྒྱུད། མཐར་ཡོངས་རྫོགས་གནས་ལྔ་རིགས་པའི་པཎ་ཆེན་ཨ་ཏི་ཤ་ཆོས་བརྒྱུད་དང་བཅས་པ་རྣམས་བཀའ་དྲིན་ཆེ། ཁྱད་པར་རང་རེའི་ཆོས་བརྒྱུད་རྣམ་པར་དག་པ་འདི་ཉིད་ལ་རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ། སྟོབས་བཅུ་མངའ་བ་ཐུབ་པའི་དབང་པོ་ནས་བཟུང་སྟེ། རང་རང་གི་རྩ་བའི་བླ་མའི་བར་དུ་བྱོན་པ་རྣམས་བཀའ་དྲིན་ཆེ། སྒོས་རང་རང་སོ་སོ་ལ་ལུས་སེམས་སྐྱོན་མེད་བསྐྲུན་པར་བྱེད་པའི་ཕ་མ། རྣམ་དག་ཁྲིམས་ལ་འགོད་པར་བྱེད་པའི་མཁན་པོ་དང་སློབ་དཔོན། དབང་བཞིས་སྨིན་པར་བྱེད་པའི་དམ་ཚིག་གི་བླ་མ། བླང་དོར་སྐྱོན་མེད་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན། གཞུང་ལུགས་ཚུལ་བཞིན་སྟོན་པར་བྱེད་པའི་ཡོངས་འཛིན་དམ་པ། ཐར་པའི་ལམ་དུ་བགྲོད་པའི་མཆེད་གྲོགས་རྡོ་རྗེ་སྤུན་དང་བཅས་པ་བཀའ་དྲིན་ཆེ། ཁྱད་པར་དུ་དེ་རིང་གི་གནས་སྐབས་སུ། གཞན་སྡེའི་དྲེགས་པ་འཛོམས་པའི་དཔའ་བོ། རང་སྡེ་བྱམས་པས་སྐྱོང་བའི་མཛངས་པ། མཁས་བཙུན་རྒྱན་གྱིས་སྤྲས་པའི་བླ་མ། དྲུང་པ་ཉིད་ཞབས་མངོན་པར་མཐོ་བའི་སྐྱབས་ཀྱི་འོག་ནས་ལོངས་སྤྱོད་ངང་གིས་འདུ་བའི་མཚོ་ཆེན། ལེགས་བཤད་བུང་བ་འདུ་བའི་སྐྱེད་ཚལ། འབྱོར་ལྡན་བསོད་ནམས་བསོག་པའི་ཞིང་ས། འདུས་པ་རྒྱ་མཚོ་དང་བཅས་པ་རྣམས་ལ། མཆོད་པ་མཚོ་ལྟར་འཁྱིལ། འབུལ་བ་རི་ལྟར་སྤུངས། ཕྱག་བདེ་བ་གློག་ལྟར་འཁྲུག དད་གུས་དབྱར་གྱི་མཚོ་ལྟར་རྒྱས། ཆོས་སྤྱོད་ཡར་ངོའི་ཟླ་ལྟར་འཕེལ། བར་བཞུགས་པའི་དགོས་པ་སྐབས་དོན། ཞེས་སོགས་དང་སྦྱར་བར་བྱའོ། །བསྡུས་པར་བྱེད་ན། དཀོན་མཆོག་ཆོས་སྐྱོང་སྲུང་མ་དང་བཅས་པའི་སྐྱབས་ཀྱི་འོག་ནས། རང་རེའི་དཔོན་སློབ་རྒྱལ་བའི་དཀྱིལ་འཁོར་དུ་གདན་མངོན་པར་འཆགས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས་པའི་དགེ་འདུན་སྡེ་གཉིས་ཀྱི་གྲལ་གྱི་གཞི་བཟུང༌། གདན་གསུམ་ཚང་བའི་ལྷ་ཚོགས་དང་དབྱེར་མེད་དུ་བཞུགས་པའི་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོས་གྲལ་གྱི་གུང་མནན། གང་ཤར་ལྷ་སྐུའི་རྣམ་རོལ་དུ་གཟིགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་གྲལ་གྱི་ཐོག་མ་མཛད། རིམ་གཉིས་ཀྱི་རྣལ་འབྱོར་ལས་མ་གཡོས་བཞིན་དུ་རྒྱུད་སྡེའི་དོན་ཕྱིན་ཅི་མ་ལོག་པར་འཆད་ཤེས་པའི་ཡོན་ཏན་མཁྱེན་པ་རྣམས་གྲལ་གྱི་ཟུར་བརྒྱན། གསང་སྔགས་ཀྱི་ཀུན་སྤྱོད་ལས་མ་གཡོས་བཞིན་དུ་ཕྲིན་ལས་སྣ་ཚོགས་བསྒྲུབ་པར་མཛད་པའི་ལས་ཀྱི་རྡོ་རྗེ་རྣམ་པས་གྲལ་གྱི་མཐའ་བརྟེན་ཏེ། འདི་ལྟར་ཞལ་མངོན་སུམ་དུ་གྱུར་པའི་རྡོ་རྗེ་སྤུན་ཐམས་ཅད་ཀྱང༌། རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་ཞིང་འབྲེལ་པ་ཟབ། ཚོགས་པ་བཟངས། ལོ་རྒྱུས། རིགས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད། རིགས་བརྒྱའི་རྣལ་འབྱོར་གྱིས་དངོས་པོ་ཀུན་ལ་ཁྱབ་བྱེད་དུ་བཞུགས་པ་བཀའ་དྲིན་ཆེ། དགོས་པ་སྐབས་དོན་གྱི་དབང་དུ་བགྱིས་ན། འདི་ལྟར་ཚངས་པར་སྤྱོད་པའི་རྟགས་ལ་ཉེ་བར་གནས་པའི་རིག་པ་འཛིན་པའི་ཚོགས་ལ། ཚོགས་ཀྱི་འཁོར་ལོ་དང་རྗེས་སུ་མཐུན་པའི་དཔའ་བོའི་སྟོན་མོ་བཟང་ཞིང་གྱ་ནོམ་ལ་ཉེ་བར་མཆོད་པ་འདི་ཉིད། སྤྱིར་གྱི་ན་རིག་པ་འཛིན་པའི་བསྟན་པ་དར་ཞིང་རྒྱས་པའི་ཕྱིར་དང༌། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་དང༌། གནས་སྐབས་ཐམས་ཅད་དུ་གསང་སྔགས་ཀྱི་ཀུན་སྤྱོད་བཟང་པོ་དང་མི་འབྲལ་བའི་ཕྱིར། ཡོན་གྱི་བདག་པོ་རྡོ་རྗེ་སློབ་དཔོན་མིང་འདི་ཞེས་བྱ་བས་བསྒྲུབ་པར་གདའ་བས་དེ་ལས་བྱུང་བའི་དགེ་བའི་རྩ་བ་རིགས་ཐམས་ཅད་ཀྱི་བདག་པོ་ཁྱབ་བདག་རྡོ་རྗེ་སེམས་པའི་གོ་འཕང་དུ། བསྔོ་བར་བགྱིད་པའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། སྦྱིན་བདག་བསོད་ནམས་བསགས་པའི་ཕྱིར་དུ་བསྔོ་བ་བྱེད་ན། ཐོག་མར་འདི་སྐད་བརྗོད་པར་བྱ་སྟེ། སྦྱིན་པའི་བདག་པོ་ཁྱོད་རང་ཐུགས་འདི་ལྟར་འཇོག་པར་མཛོད། ཇི་སྐད་དུ་མདོ་ལས། ཚོགས་བསགས་པ་ལ་བདེ་བ་འབྱུང༌། །དེ་ཕྱིར་མི་ཡི་བསོད་ནམས་བསགས། །དེ་ནི་ཡང་དང་ཡང་དུ་བསགས། །དེ་ཉིད་ལ་ཡང་འདུན་པ་བྱ། །ཞེས་གསུངས་པས། འབྱོར་པ་བྱེད་པའི་དུས་སུ་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ་ཞིང༌། བསགས་པ་དེ་ཉིད་ཡུལ་ཁྱད་པར་ཅན་དུ་འདུན་པས་བསྒྱུར་བ་གལ་ཆེ་ཞིང༌། དེ་ཡང་གང་དུ་བསྔོ་ན། རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །ཆེད་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོའོ། །དགོས་པ་ནི་མི་ཟད་པར་བྱ་བའི་ཆེད་དུའོ། །གང་དུ་བསྔོ་ན། རང་གཞན་གྱི་དུས་གསུམ་དུ་བསགས་པའི་འདུས་བྱས་ཀྱི་དགེ་རྩ་བསྔོ་བས་བསྒྱུར་བ་རྣམས་སོ། །རྣམ་པ་ནི་སྦྱིན་པ་པོ་དང༌། ལེན་པ་པོ་དང༌། སྦྱིན་པར་བྱ་བའི་རྫས་དེ། འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང༌། སྣང་ཆ་མ་དོར་བའི་ཐབས་ཀྱིས་བསྔོའོ། །དེ་ལྟར་བསྔོ་བ་ལ་བརྟེན་ནས། བྲལ་བའི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་མྱུར་དུ་ཐོབ། རྣམ་སྨིན་དང་བདག་པོའི་འབྲས་བུ་བདེ་འགྲོ་མཐོ་རིས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ཚེ་འདི་དང་ཕྱི་མ་ལོངས་སྤྱོད་ཆེན་པོ་འབྱུང༌། དེ་ལྟ་བུའི་འབྲས་བུ་འབྱིན་པ་ཡང་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། ཆོས་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་ལས་བྱུང་བ་ཡིན་སྙམ་པ་མཛོད་ལ། དཀོན་མཆོག་གསུམ་གྱི་སྤྱན་སྔར་བསྔོ་བའི་མཐུན་འགྱུར་མཛད་པ་ཞུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་དང་སྦྱིན་པའི་བདག་པོ་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོས་འདི་ལྟར་བསྒྲུབ་པའི་དགེ་ཚོགས་འདིས་མཚོན་བྱེད་དུ་བྱས། དུས་གསུམ་དང་འབྲེལ་བའི་དགེ་བའི་རྩ་བ་སྦྱིན་པའི་བདག་པོ་རང་གི་བསྒྲུབ་པ་དང༌། གཞན་བགྱིད་དུ་བཅུག་པ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་ཕུལ་བའི་དགེ་བ་ཅི་མཆིས་པའི་མཐུ་དང་ནུས་པ་ལ་བརྟེན་ནས། སྦྱིན་པའི་བདག་པོས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བདེ་བླག་ཏུ་བྱང་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། གཞན་ཡང་སྦྱིན་པའི་བདག་པོ་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག འཕགས་པའི་ནོར་བདུན་གྱི་རྒྱན་དང་ལྡན་པར་གྱུར་ཅིག སྐྱབས་རྣམ་པར་དག་པ་སངས་རྒྱས་རྒྱ་མཚོ་ལྟ་བུ་མཐོང་བ་དང་མི་འབྲལ་བར་གྱུར་ཅིག ལམ་རྣམ་པར་དག་པ་དམ་པའི་ཆོས་རྒྱ་མཚོ་ལྟ་བུ་ཉམས་སུ་ལེན་པ་དང་མི་འབྲལ་བར་གྱུར་ཅིག གྲོགས་རྣམ་པར་དག་པ་འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་གྱུར་ཅིག ལྟ་བ་རྣམ་པར་དག་པ་དབུ་མའི་ལྟ་བ་དང་མི་འབྲལ་བར་གྱུར་ཅིག སྤྱོད་པ་རྣམ་པར་དག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་འབྲལ་བར་གྱུར་ཅིག བསྒོམ་པ་རྣམ་པར་དག་པ་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་དང་མི་འབྲལ་བར་གྱུར་ཅིག འབྲས་བུ་རྣམ་པར་དག་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་དུ་མྱུར་དུ་ཐོབ་པར་གྱུར་ཅིག ཕྲིན་ལས་རྣམ་པར་དག་པ་ལྷུན་གྲུབ་རྒྱུན་མི་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རེ་འདོད་ཚུལ་བཞིན་དུ་བསྐོང་ནུས་པར་གྱུར་ཅིག ཚེ་འདི་ཉིད་ལའང༌། འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག མཐུན་རྐྱེན་ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཇི་ལྟར་བསམ་པ་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག དེ་ལ་གེགས་ཀྱི་རྣམ་པ་སྐད་ཅིག་ཙམ་ཡང་མི་འབྱུང་བར་གྱུར་ཅིག ཅེས་ཀྱང་བརྗོད། སྤྱིར་ཐུན་མོང་གི་བསྔོ་བ་ཙམ་བྱེད་ན། །དགོངས་སུ་གསོལ། བདག་གཞན་རྣམས་ཀྱིས་འདི་ལྟར་བསྒྲུབ་པའི་དགེ་རྩ་རྣམས་ཕྱོགས་གཅིག་ཏུ་སྡོམ་པའི་མཐུ་དང་ནུས་པ་ལ་བརྟེན་ནས། ཕན་པ་དང་བདེ་བ་མ་ལུས་པའི་འབྱུང་གནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཕྱོགས་ག་ན་བཞུགས་པ་དེ་དག་ཐམས་ཅད་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག རྣམ་པར་དཀར་བའི་འཕྲིན་ལས་དང་འགྲོ་དོན་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག དགེ་འདུན་ཐམས་ཅད་ཀྱང་ཐུགས་མཐུན་ཅིང་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གི་བྱིན་རླབས་ལ་བརྟེན་ནས་མཐའ་ཡས་པའི་སེམས་ཅན་ལ་བདེ་སྐྱེད་ཀྱི་དཔལ་ཕུན་སུམ་ཚོགས་པར་གྱུར་ཅིག ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བར་གྱུར་ཅིག དུས་ཀྱི་འཁྲུག་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ཡམས་ཀྱི་ནད་ཐམས་ཅད་ཞི་བར་གྱུར་ཅིག སད་དང་སེར་བ་དང་མུ་གེ་ཐམས་ཅད་ཞི་བར་གྱུར་ཅིག སེམས་ཅན་མ་རུངས་པ་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིག ལྟ་བ་ཐ་དད་པ་མི་མཐུན་པ་ཟིང་ཟིང་པ་དག་སྤངས་ཏེ་ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིག བྱང་ཆུབ་ཀྱི་སྤྱོད་པ་རླབས་ཆེན་ཡོངས་སུ་རྫོགས་པར་གྱུར་ཅིག འཕགས་པ་དགེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ལྡན་པར་གྱུར་ཅིག ཉོན་མོངས་པའི་གདུང་བས་མི་རྫི་བའི་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག གཞན་ཡང༌། འགྲོ་བའི་སྡུག་བསྔལ་སྨན་གཅིག་པོ། །སོགས་བརྗོད། ནད་པའི་དོན་དུ་བསྔོ་བ་རྒྱས་པར་བྱེད་ན། དགོངས་སུ་གསོལ། འདི་ལྟར་བསྒྲུབ་པའི་དགེ་བའི་རྩ་བ་ལ་བརྟེན་ནས། ཆེ་གེ་མོའི་རླུང་དང༌། མཁྲིས་པ་དང༌། བད་ཀན་ལས་གྱུར་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ལྡན་པ་དང་འདུས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བློ་བུར་གྱི་རྐྱེན་དྲང་པོ་ལས་བྱུང་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག གདོན་བགེགས་དང་འབྱུང་པོའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བགེགས་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བཙན་དང་ཐེ་རང་གི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག དུས་མ་ཡིན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག བདུད་ཀྱི་ཞགས་པ་དང་གཤིན་རྗེའི་ཕོ་ཉ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག རྨི་ལམ་ངན་པ་དང་མཚན་མ་ངན་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ལྟས་ངན་པ་ཐམས་ཅད་རབ་ཞི་བར་གྱུར་ཅིག ཚེ་དང་བསོད་ནམས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཅེས་ལན་གསུམ་བརྗོད་དེ། བསྡུས་པ་བྱེད་ན། ཆེ་གེ་མོ་ལ་སོགས་པའི། སེམས་ཅན་ནད་པ་ཇི་སྙེད་པ། །དེ་ཀུན་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཅེས་ལན་གསུམ་བརྗོད། ཚེ་ལས་འདས་མ་ཐག་གི་དོན་དུ་བསྔོ་བ་བྱེད་ན། ཐམས་ཅད་ཚེ་ལས་འདས་པ་འདི་ཞེས་བགྱི་བ་ལ་དགོངས་སུ་གསོལ། འདི་ཞེས་བགྱི་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་དང༌། གཏི་མུག་མེད་པ་ལས་བྱུང་བའི་དགེ་བའི་རྩ་བ་ཁོ་རང་གིས་བགྱི་བ་དང༌། དེའམ་ཆེད་དུ་དམིགས་ཏེ། བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ་བ། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་བཏང་བ། དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ལ་བསྙེན་བཀུར་བ། གཟུངས་སྔགས་ཟབ་མོའི་བཟླས་བརྗོད་བགྱིས་པ་དང༌། བདེ་བར་གཤེགས་པའི་བཀའ་སྲུང་དྲི་མ་མེད་པ་བསྒྲགས་པ། དཀྱིལ་འཁོར་ཆེན་པོ་རྣམས་སུ་བཅུག་ཅིང་དབང་བསྐུར་བ་ལ་སོགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་ཐམས་ཅད། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ་ཁམས་གསུམ་འགྲོ་བ་རིགས་དྲུག་སྲིད་པ་བར་མ་དོ་གང་དུ་སྐྱེས་སམ་སྐྱེ་བའི་རིགས་ཅན་གཅིག་ཡིན་ནའང༌། དེའི་ཕྱི་བཞིན་དུ་འབྲང་ཞིང་ཕྱི་བཞིན་དུ་འཇུག་པར་གྱུར་ཅིག ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་དང་ཀུན་འབྱུང་ཅི་ཡོད་ལས་ཐར་བར་གྱུར་ཅིག ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་ནས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག བདུད་དང་གཤིན་རྗེའི་འཇིགས་སྐྲག་མཐའ་དག་ལས་མྱུར་དུ་ཐར་བར་གྱུར་ཅིག འཇིགས་པའི་སྒྲ་བཞི་དང་ཉམ་ང་བའི་གཡང་ས་གསུམ་ལ་སོགས་པ་བར་དོའི་འཇིག་སྐྲག་མཐའ་དག་ལས་མྱུར་དུ་ཐར་བར་གྱུར་ཅིག ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ནམ་ཡང་མི་སྐྱེ་བར་གྱུར་ཅིག བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག རིགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་སྐྱེ་བར་གྱུར་ཅིག མང་དུ་ཐོས་པ་དང་ཚུལ་ཁྲིམས་སྲུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་སྐྱེ་བར་གྱུར་ཅིག གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་ནང་ནས་མཆོག་ཏུ་སྐྱེ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད། གཞན་ཡང་ཚེ་ལས་འདས་པའི་རྒྱུད་ལ་སངས་རྒྱས་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག སོགས་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སོགས་སྐབས་དང་སྦྱར། ཚེ་ལས་འདས་ནས་ཡུན་རིང་པོར་སོང་བའི་དོན་དུ་བསྔོ་བ་བསྡུས་པ་བརྗོད་ན། དགོངས་སུ་གསོལ། འདི་ལྟར་བསྒྲུབ་པའི་དགེ་ཚོགས་རྣམས་ཀྱི་མཐུ་དང་ནུས་པ་ལ་བརྟེན། ཚེ་ལས་འདས་པ་མིང་འདི་ཞེས་བགྱི་བ། ངན་སོང་སྡུག་བསྔལ་མ་མྱོང་ཞིང་ཞེས་སོགས་དང༌། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན། །ཞེས་སོགས་དང༌། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །ཞེས་སོགས་དང༌། ཁོང་གི་རྒྱུད་ལ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཞེས་སོགས་སྨོན་ལམ་རྣམ་པར་དག་པ་གདབ་བོ། །བླ་མ་དང་དགེ་བའི་བཤེས་གཉེན་ལ་སོགས་པ་ཡུལ་ཁྱད་པར་ཅན་གྱི་དོན་དུ་མཆོད་པར་འབུལ་ན། ཕྱོགས་བཅུ་ནས་དགེ་འདུན་བཙུན་པའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་སྦྱིན་པའི་བདག་པོའི་ཚོགས་དང་བཅས་པ་ལ་དགོངས་སུ་གསོལ། སྦྱིན་པའི་བདག་པོས་འདི་ལྟར་བསྒྲུབ་པའི་དགེ་ཚོགས་རྣམས་དང༌། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཕྱི་ནང་གསང་བ། དེ་ཁོ་ན་ཉིད་ཀྱི་མཆོད་པའི་སྤྲིན་གྱི་ཕུང་པོ་ཅི་མཆིས་དང༌། གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ན། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་དངོས་པོ་ཅི་མཆིས་པ་འདི་དག་ཐམས་ཅད་ཆོས་ཀྱི་རྗེའམ། བླ་མ་དགེ་བའི་བཤེས་གཉེན་ནམ། ས་སྐྱོང་རྒྱལ་པོ་ལ་སོགས་པའི་དྲུང་དུ་དབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས། གང་ན་བཞུགས་པའི་ཕྱོགས་རྣམས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟུང་པོའི་མཆོད་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་རྒྱས་པར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཞེད་དགུ་ཐམས་ཅད་ལྷུན་གྱི་གྲུབ་པར་གྱུར་ཅིག བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་གྱུར་ཅིག དེའི་ཚེ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག ཐུགས་རྗེ་དང་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག ཐུགས་རྒྱུད་ལ་མངའ་བའི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་བར་གྱུར་ཅིག ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག སྤྲུལ་པའི་སྐུ་འབུམ་ཕྲག་གྲངས་མེད་དུ་མས་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ལྷུན་གྲུབ་རྒྱུན་མི་ཆད་པའི་ཡེ་ཤེས་ཀྱི་གཟིགས་པ་དམ་པ་བདེ་བླག་ཏུ་མྱུར་དུ་འཇུག་པར་གྱུར་ཅིག དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་རྣམས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ། མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ་བར་གྱུར་ཅིག ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་སྟོན་པའི་དགེ་བའི་བཤེས་གཉེན་རྣམས་དང་ཞལ་མཇལ་བར་གྱུར་ཅིག དེ་དག་ལས་གདམ་པ་དང༌། རྗེས་སུ་བསྟན་པའི་ཆོས་མ་ལུས་པ་ནོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་འབྱུང་བར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བསྒྲུབ་པར་གྱུར་ཅིག སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ལམ་བསྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་དམ་པའི་ཆོས་སྤྱོད་པ་ལ་སྤྲོ་ཞིང་དམ་པའི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་དང་མི་འབྲལ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད་དོ། །འདིར་གང་བསྔོ་ན། རང་གིས་བྱས་པའི་དགེ་བ་རྣམས་སོ། །གང་དུ་བསྔོ་ན་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ངེས་ལེགས་སུའོ། །དེ་ལའང་བྱང་ཆུབ་གསུམ་གྱི་དབྱེ་བས་གསུམ་ཡོད་ཀྱང་རྫོགས་པའི་བྱང་ཆུབ་ནི་མཆོག་ཡིན་ནོ། །ཆེད་དུ་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །དགོས་པ་ནི་མི་ཟད་པར་བྱ་བའི་ཆེད་དུའོ། །ཚུལ་ཇི་ལྟར་བསྔོ་ན། འཁོར་གསུམ་མི་དམིགས་རྟོགས་པའི་ཤེས་རབ་དང༌། སྣང་ཆ་མ་དོར་བའི་ཐབས་གཉིས་ཀྱི་སྒོ་ནས་སོ། །བསྔོ་བ་རང་གི་ངོ་བོ་ནི། རང་གིས་བྱས་པའི་དགེ་བ་རྣམས་ཡུལ་ཁྱད་པར་ཅན་དུ་འགྱུར་བར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །བསྔོ་བ་པོ་ནི། དགེ་རྩ་སོག་པར་བྱེད་པ་རང་ཉིད་དོ། །རང་གིས་མི་ཤེས་ན་མཁན་པོ་ལ་སོགས་པ་གཞན་བྱེད་དུ་བཅུག་ནས། དེའི་ཚིག་རྗེས་སུ་རང་གི་ཡིད་འདུན་པར་བྱེད་པའོ། །ཚུལ་ཁྲིམས་ལྡན་པ་མང་པོས་མཐུན་འགྱུར་བྱས་ན་འགྲུབ་སླ་བ་ཡིན་ཏེ། ཚུལ་ཁྲིམས་ལྡན་པས་སྨོན་པ་འགྲུབ་ཅེས་གསུངས་པ་བཞིན་ནོ། །གནས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པར་མོས་པའི་མངོན་སུམ་དུའོ། །ཡོངས་འདུའི་ཤིང་ལ་གནས་བཅས་པའི། །བདུད་རྩིའི་ཐིགས་པ་ཟད་མི་ཤེས། །བག་ཡོད་ལེགས་བྱས་ཆུང་ངུ་ཡང༌། །བསྔོ་བས་མི་ཟད་འཕེལ་བར་བྱེད། །ཅེས་བྱ་བ་འདི་ནི། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གཡས་རུ་གཙང་གི་སའི་ཐིག་ལེར་སྦྱར་བའོ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*