རྗེ་བཙུན་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་བརྗོད་ཚུལ་བཞིན་དུ་ཀླག་པའི་མན་ངག ཀ ༽

༼ཉ༽༄༅། །རྗེ་བཙུན་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཚུལ་བཞིན་དུ་ཀླག་པའི་མན་ངག་ཅེས་བྱ་བ་བཞུགས་སོ།།

ན་མོ་མཉྫུ་ཤྲཱི་ཡེ། རྗེ་བཙུན་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཚུལ་བཞིན་དུ་ཀླག་པའི་མན་ངག སྒེག་པའི་རྡོ་རྗེའི་ཞབས་ཀྱི་གཞུང་བཞིན་དུ་རྣམ་པར་བཤད་པ་ཞེས་བྱ་བ། དོན་དམ་ཡེ་ཤེས་ཉི་མ་གསལ་པོ་ནི། །འགྲོ་ཀུན་འདྲེན་པའི་ཤིང་རྟ་ལ་ཆིབས་ནས། །ཟབ་གསལ་མཚན་དཔེའི་ལང་ཚོ་གསར་བ་ཡིས། །ཀུན་གྱི་ཡིད་འཕྲོག་དེ་ལ་ཕྱག་བགྱིའོ། །གཞི་ཡི་འཇམ་དབྱངས་བརྗོད་པའི་ལམ་ལས་འདས། །ལམ་གྱི་འཇམ་དཔལ་གཉིས་མེད་རྟོགས་པའི་བློ། །འབྲས་བུའི་ཡེ་ཤེས་སྲིད་ཞི་ལས་གྲོལ་བའི། །མཚན་ཙམ་བརྗོད་པས་དེ་དོན་ངང་གི་འཆར། །ཅེས་མཆོད་པར་བརྗོད་ཅིང༌། རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་ཞེས་བྱ་བའི་རྒྱུད་རང་གི་ངོ་བོ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་བཞུགས་པ་ལ་དེའི་དུམ་བུ་མཚན་ཡང་དག་པར་བརྗོད་པ་འདི། གྲུབ་པ་བརྙེས་པའི་སློབ་དཔོན་སོ་སོའི་བཞེད་པས་འགྲེལ་ཚུལ་མི་འདྲ་བ་གསུམ་སྟེ། བྱ་སྤྱོད་ཀྱི་རྒྱུད་ལྟར་བཤད་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ལུགས་དང༌། རྣལ་འབྱོར་རྒྱུད་ལྟར་བཤད་པ་སྒེག་པའི་རྡོ་རྗེའི་ཞབས་ཀྱི་ལུགས་དང༌། རྣལ་འབྱོར་ཆེན་པོའི་རྒྱུད་ཉིད་དུ་བཀྲལ་བ་སློབ་དཔོན་ཆེན་པོ་ཉི་མ་དཔལ་ཡེ་ཤེས་ཀྱི་འཁོར་ལོའི་ལུགས་སུ་བཤད་པ་ལ་སོགས་པ་རྣམས་སོ། །དེ་དག་ལས་འདིར་ནི། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་འགྲེལ་པ། སྔགས་ཀྱི་དོན་རྣམ་པར་གཟིགས་པ་ཞེས་བྱ་བ་དེའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་ཡང་འདི་ལྟར། །སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པའི་ནང་ནས། ཏིང་ངེ་འཛིན་གྱི་དྲྭ་བའི་ལེའུ་གུད་དུ་ཕྱུང་བ་ནི། རྗེ་བཙུན་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་འདི་ཉིད་ཡིན་ལ། འདི་ལ་དོན་རྣམ་པ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་གསུངས་པས། ཚེ་འདི་ཉིད་ལ། རྗེ་བཙུན་ཡེ་ཤེས་སེམས་དཔའི་གོ་འཕང་རྩོལ་བའི་དོན་དུ། དེ་ཉིད་ཀྱི་མཚན་ཡང་དག་པར་བརྗོད་པ་ཁ་བཏོན་ཏུ་བྱ་བ་ཡིན་ནོ། །གཉིས་པ་ནི། གཞུང་འདི་ཤླཽ་ཀ་ཉི་ཤུ་རྩ་གཉིས་ཀྱིས་ལྷག་པའི་བརྒྱའི་བདག་ཉིད་དུ་བཞུགས་པ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་བར་ཚིགས་སུ་བཅད་པ་དྲུག་གིས་ནི་ཞུས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས་བཟུང་སྟེ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པའི་བར་ཚིགས་སུ་བཅད་པ་དྲུག་གིས་ནི་སླར་གསུངས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང༌། །ཞེས་པ་ནས་བཟུང་སྟེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་བར་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། རིགས་དྲུག་ལ་གཟིགས་པའོ། །ཚིག་གི་བདག་པོ་ཚིགས་སུ་བཅད། །ཅེས་པ་ནས་བཟུང་སྟེ། ཡ་ཏེ་ན་མཿཞེས་པའི་བར་ཚིགས་སུ་བཅད་པ་གསུམ་གྱིས་ནི། སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་གསུངས་སོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས་བཟུང་སྟེ་ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་ཚིགས་སུ་བཅད་པ་བཅུ་བཞིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་བསྟོད་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས་བཟུང་སྟེ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་རྐང་པ་གཅིག་མ་ཚང་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་རྐང་པ་གཅིག་ལྷག་པའི་ཚིགས་སུ་བཅད་པ་བཅུས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས་བརྩམས་ཏེ། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་ཚིགས་སུ་བཅད་པ་བཞི་བཅུ་རྩ་གཉིས་ཀྱིས། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞིས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་ཚིགས་སུ་བཅད་པ་བཅོ་ལྔས། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་ཚིགས་སུ་བཅད་པ་ལྔས། རིགས་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་མཇུག་བསྡུས་པའི་ཚུལ་གྱིས་བསྟོད་པའོ། །ལག་ན་རྡོ་རྗེ་འཆང༌། འདི་དག་ནི་ཞེས་པ་ནས་བཟུང་སྟེ། ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེས་པའི་བར་གྱིས་ནི། གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང༌། དེ་ལས་སོ་སོར་ཕྱེ་བའི་ཡེ་ཤེས་ལྔའི་དབང་དུ་བྱས་པའི་ལེའུ་ལྔ་པོ། ཚུལ་བཞིན་དུ་བཀླག་པའི་ཕན་ཡོན་རིམ་པ་བཞིན་དུ་སྟོན་པ་ཡིན་ལ། དེ་ཡང་འདི་ལྟར། ཕྱག་ན་རྡོ་རྗེ་འཆང༌། ཞེས་པ་ནས། བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་རློབ་བོ་ཞེས་པའི་བར་གྱིས་ནི། འཁོར་ལོ་དང་པོ་རིགས་བསྡུས་པའི་དབང་དུ་བྱས་པའི་ཡོན་ཏན་ནོ། །ལག་ན་རྡོ་རྗེ་གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི། ཞེས་པ་ནས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་རབ་ཏུ་བྱེད་པའི་ཡོངས་སུ་རྫོགས་པར་བྱེད་པའི་བར་དུའོ། །ཞེས་པ་ནི། འཁོར་ལོ་གཉིས་པ་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་གྱི་དབང་དུ་བྱས་པ་དང༌། ལག་ན་རྡོ་རྗེ་འཆང༌། གཞན་ཡང་མཚན་ཡང་དག་པར་བརྗོད་པ་འདི་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་དང༌། ངག་དང༌། ཞེས་པ་ནས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་དོ། །ཞེས་པའི་བར་གྱིས་ནི། འཁོར་ལོ་གསུམ་པ་རྡོ་རྗེའི་རིགས་ཀྱི་དབང་དུ་བྱས་པའི་ཡོན་ཏན་དང༌། ལག་ན་རྡོ་རྗེ་འཆང༌། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཞེས་པ་ནས། ནད་མེད་པ་དང༌། སྟོབས་དང༌། ཚེ་ནུར་བར་ཡང་སྒྲུབ་པར་བྱེད་དོ། །ཞེས་པའི་བར་གྱིས་ནི་འཁོར་ལོ་བཞི་པ་པདྨའི་རིགས་ཀྱི་དབང་དུ་བྱས་པའི་ཡོན་ཏན་དང༌། ལག་ན་རྡོ་རྗེ་འཆང་གཞན་ཡང་མཚན་གྱི་གཙུག་གི་ནོར་བུ་འདི། ཞེས་པ་ནས། རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་མཆོག་དཔག་ཏུ་མེད་པ་གཞན་དང་ཡང་ལྡན་པར་འགྱུར་རོ། །ཞེས་པས་འཁོར་ལོ་ལྔ་པ་རིན་པོ་ཆེའི་རིགས་ཀྱི་དབང་དུ་བྱས་པའི་ཡོན་ཏན་དང༌། ལག་ན་རྡོ་རྗེ་འཆང༌། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི། ཞེས་པ་ནས། ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ། །ཞེས་པའི་བར་གྱིས། འཁོར་ལོ་དྲུག་པ་ལས་ཀྱི་རིགས་ཀྱི་དབང་དུ་བྱས་པའི་ཡོན་ཏན་རྣམས་བསྟན་པ་ཡིན་ནོ། །འདི་དག་ནི་དོན་དམ་པའི་མཚན་ངག་ཏུ་ཡང་དག་པར་བརྗོད་པའི་ཕན་ཡོན་ཡིན་ལ། དཀྱིལ་འཁོར་གྱི་འཁོར་ལོ་ནི་ཆོས་ཀྱི་སྐུ་གཙོ་བོར་གྱུར་པ་དང༌། བསྒོམ་བྱ་ཁོ་ནའི་དབང་དུ་བྱས་པ་ཡིན་པས། དེའི་མཚན་བརྗོད་པའི་ཕན་ཡོན་མ་གསུངས་སོ། །ཨོཾ་སརྦ་དྷརྨ་ཞེས་པ་ནས། གརྦྷ་ཨཱཿ ཞེས་པའི་བར་ཚིགས་བཅད་གསུམ་དང༌། རྐང་པ་གཉིས་དང༌། ཡི་གེ་བཞི་ནི། སྔགས་ཀྱི་སྒོ་ནས་བསྟོད་པའོ། །མདོར་ན། སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་བ་དེ་ནི། གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པའི་དོན་དམ་པའི་ཡེ་ཤེས་སེམས་དཔའ་དེ་ཉིད་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་དབང་དུ་བྱས་པ་ཡིན་ལ། དེ་ལ་རིགས་ལྔའམ། དྲུག་གི་དབྱེ་བ་མ་ཕྱེ་བར་སྤྱིར་བཏང་བ་གཅིག་དང༌། སོ་སོར་ཕྱེ་བ་ཚན་པ་གཉིས་བཤད་ལ། དང་པོ་དེ་ལ་ནི། ཆོས་ཀྱི་སྐུ་ཞེས་ཀྱང་བྱ། རྣམ་པར་སྣང་མཛད་ཆེན་པོ་ཞེས་ཀྱང་བྱའོ། །གཉིས་པ་རྣམས་གཟུགས་ཀྱི་སྐུའི་དབང་དུ་བྱས་པ་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བསྟོད་པ་ཞེས་བྱ་བ་དེ་ནི། སྣང་ཚུལ་གྱི་དབང་དུ་བྱས་ན་རིགས་དྲུག་པ་རྡོ་རྗེ་སེམས་དཔའ་དང༌། གནས་ཚུལ་གྱི་དབང་དུ་བྱས་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་ལ། དེ་གཉིས་ནི་གོ་རིམ་བཞིན་དུ། རིགས་ལྔ་དང༌། ཡེ་ཤེས་རྣམ་པ་ལྔའི་ཁྱབ་བྱེད་དོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་སོགས་ལྔ་ནི། གནས་ཚུལ་གྱི་དབང་དུ་བྱས་ན་ཡེ་ཤེས་ལྔ་དང༌། གདུལ་བྱ་ལ་སྣང་ཚུལ་གྱི་དབང་དུ་བྱས་ན་རིགས་རྣམ་པ་ལྔའོ། །མཚན་ཡང་དག་པར་བརྗོད་པ་འདི་ལས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ནི་རྣམ་པ་བདུན་ཏེ། ཆོས་ཀྱི་སྐུའི་དབང་དུ་བྱས་པ་སྒྱུ་འཕྲུལ་དྲྭ་བས་མངོན་པར་རྫོགས་པར་བྱང་ཆུབ་པ་དང་པོ་དང༌། གཟུགས་ཀྱི་སྐུའི་དབང་དུ་བྱས་པ། རིགས་བསྡུས་པ་གཅིག་དང༌། རིགས་ལྔ་སོ་སོའི་དབྱེ་བས་རྣམ་པ་ལྔའོ། །དེ་ལྟར་བསྡུས་པའི་དོན་བསྟན་ཟིན་ནས། གསུམ་པ་ཚིག་གི་དོན་ལ། དཀྱིལ་འཁོར་གྱི་འཁོར་ལོ་དང་པོའི་བཞུགས་ཚུལ་ནི་འདི་ཡིན་ཏེ། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། རིགས་ལྔའི་སྡོམ་པ་བཟུང་བ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་ཏུ་བཏང་ནས། རྣལ་འབྱོར་པ་རང་གི་རིག་པའི་ངོ་བོ་འོད་གསལ་བ་དེ་ཉིད། ཨ་ཡིག་དཀར་པོ་འོད་ཟེར་ཀུན་ཏུ་འཕྲོ་བ་ཞིག་ནམ་མཁའི་དབྱིངས་སུ་བསམ་པར་བྱའོ། །དེ་ལས་འོད་ཟེར་གྱི་ཕྲེང་བ་ཀུན་ཏུ་འཕྲོས། སེམས་ཅན་གྱི་དོན་བྱས་ཏེ་སླར་འདུས་པས། བདག་ཉིད་ཡི་གེ་ཧཱུྃ་སྔོན་པོ་བསམ་པར་བྱའོ། །དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་པས། འཇིག་རྟེན་གྱི་ཁམས་མ་ལུས་པ་སྦྱངས་ཤིང༌། སླར་ཡང་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པའི་འོད་ཟེར་ཀུན་ཏུ་འབར་བ། བདུད་ཐམས་ཅད་ཀྱིས་མི་ཐུབ་པ་ཞིག་བསམ་པར་བྱའོ། །དེའི་ལྟེ་བ་ཁྲོ་ཞལ་དྲུག་དང་ལྡན་པའི་ནང་དུ། ཡི་གེ་བྷྲཱུཾ་དཀར་པོ་ཡོངས་སུ་གྱུར་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་མཆོད་རྟེན་ཞིག་བསམ་པར་བྱའོ། །དེའི་བུམ་པའི་ནང་དུ། ཡི་གེ་ཧྲཱི་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་དཀར་པོ་གཞལ་ཡས་ཁང་གིས་གཞིར་བྱིན་གྱིས་བརླབས་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་གཞལ་ཡས་ཁང་ཉིས་སྦྲག གྲུ་བཞི། སྒོ་བཞི། རྟ་བབ་བཞི་བཞི་དང་ལྡན་པ། གཞལ་ཡས་ཁང་ནང་མའི་དབུས་སུ་སེངྒེའི་གདན། ཤར་དུ་གླང་པོ་ཆེའི་གདན། ལྷོར་རྟའི་གདན། ནུབ་ཏུ་རྨ་བྱའི་གདན། བྱང་དུ་ནམ་མཁའ་ལྡིང་གི་གདན། གཞལ་ཡས་ཁང་ཕྱི་མའི་ཁྱམས་སུ་རྡོ་རྗེ་སེམས་དཔའ་ནས་བཟུང་སྟེ། རྡོ་རྗེ་འབེབས་པའི་བར་སེམས་དཔའ་བཅུ་དྲུག་པོ་རེ་རེ་ལ། ཨ་ལས་བྱུང་བའི་ཟླ་བའི་གདན་རེ་རེ་བསམ་པར་བྱའོ། །དེ་ནས་གཙོ་བོའི་གདན་ལ། ཡི་གེ་ཨ་ལས་བྱུང་བའི་རྣམ་པར་སྣང་མཛད་ཆེན་པོ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐུ་མདོག་དཀར་པོ། ཞལ་བཞི་པ་རྒྱན་དང་བྲལ་བ། རལ་པའི་ཟུར་ཕུད་ལྔ་དང་ལྡན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུངས་དང༌། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའོ། །དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་དྷཱི་ལས་བྱུང་བའི་དང་པོའི་སངས་རྒྱས་གདོང་ལྔ། གཙུག་ཕུད་ལྔ་དང་ལྡན་པ། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུའི་སྟེང་ན་རྟ་མཆོག་གི་མགོ་བཞིན་དུ་གནས་པའི་ཞལ་དཀར་པོ་ཞི་བ། བྱིས་པའི་རྒྱན་གྱིས་བརྒྱན་པ། འཇོ་སྒེག་དང་ལྡན་པ། སྣ་ཚོགས་པའི་ན་བཟའ་བསྣམས་པ། ཕྱག་བརྒྱད་པ། གཡོན་པ་བཞི་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཁ་བཞིར་བགོས་ནས་ཐུགས་ཀར་ཡང་དག་པར་འཛིན་པ། ཕྱག་གཡས་པ་བཞི་ན། ཤེས་རབ་ཀྱི་རལ་གྲི་མཚོན་འདེབས་པའི་ཕྱག་རྒྱ་དང་ལྡན་པ་བསམ་པར་བྱའོ། །དང་པོའི་སངས་རྒྱས་དེའི་ཐུགས་ཀར། ཨ་ལས་བྱུང་བའི་ཤེས་རབ་ཀྱི་འཁོར་ལོ་ཁ་དོག་དྲུག་དང་ལྡན་པ། རྩིབས་དྲུག་པ། ཕྱི་ནང་གི་དབྱེ་བས་མུ་ཁྱུད་བཞི་དང་ལྡན་པ། དེའི་ལྟེ་བའི་དཀྱིལ་འཁོར་དུ་ཡི་གེ་ཨ་དཀར་པོ་བསམ་པར་བྱ་ཞིང༌། མུ་ཁྱུད་དང་པོ་ལ། ཨོཾ་སརྦ་དྷརྨ། ཨ་བྷཱ་ཝ། སྭ་བྷཱ་ཝ། བི་ཤུ་དྷ་བཛྲ། ཨ་ཨཱ། ཨཾ་ཨ། ཞེས་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཀྱི་ངོ་བོ། ཨ་ཨཱ་ལ་སོགས་པའི་ཡི་གེ་བཅུ་གཉིས་ཁ་དོག་དཀར་པོར་དགོད་པར་བྱའོ། །རྩིབས་དྲུག་ལ། གོ་རིམ་བཞིན་དུ་རིགས་ཀྱི་མདོག་དང་མཐུན་པར། རྩིབས་དང་པོ་ལ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མ། ཞེས་པ་དམར་པོ་དང༌། ཨོཾ་དུ་ཁ་ཙྪེ་ད་ཡ་ཏེ་ན་མ། ཞེས་པ་སྔོན་པོ་རྩིབས་གཉིས་པ་ལ་དགོད་པ་དང༌། གསུམ་པ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུར་ཏ་ཡེ་ཡ་ཏེ་ན་མ། ཞེས་པ་དཀར་པོ་དང༌། བཞི་པ་ལ། ཨོཾ་ཛྙཱ་ན་ཀ་ཡ་ཡ་ཏེ་ན་མ། ཞེས་པ་ལྗང་ཁུ་དང༌། ལྔ་པ་ལ། ཨོཾ་ཝ་གི་ཤྭ་ར་ཡ་ཏེ་ན་མ། ཞེས་པ་སེར་པོ་དང༌། དྲུག་པ་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མ། ཞེས་པ་ཁ་དོག་དཀར་པོར་དགོད་པར་བྱའོ། །འཁོར་ལོའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲི། བྷ་ག་ཝན། ཛྙཱ་ན་མུར་ཏི། ཝ་གི་ཤྭ་ར། མཧཱ་པ་ཙ། སརྦ་དྷརྨ། ག་ག་ན། ཨ་མ་ལ་སུ་པ་རི་ཤུ་དྷ་དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཀ་ཁ་ལ་སོགས་པ་ཧའི་མཐར་ཐུག་པའི་ཡི་གེ་རྣམས་བཀོད་པར་བྱའོ། །འཁོར་ལོ་དེའི་དབུས་ཀྱི་ཨ་ལས་བྱུང་བའི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ། ཞལ་དྲུག་པ་སྟོན་ཁའི་ཟླ་བའི་མདོག ཨིནྡྲ་ནི་ལའི་མཆོག་གི་གཙུག་ཕུད། ཉི་མ་འཆར་ཀའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱན་གྱི་ངོ་བོའི་ཏིང་ངེ་འཛིན་གྱི་རྒྱན་དང་ལྡན་པ། སྣ་ཚོགས་པདྨའི་གདན་ལ་བཞུགས་པ། ཕྱག་གཉིས་ཀྱིས་ཨུཏྤ་ལ་དམར་པོ་དང༌། སྔོན་པོ་གཉིས་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཛིན་པ། ཞི་བའི་ཚུལ་དང་ལྡན་པ་བསམ་པར་བྱའོ། །དེའི་ཡང་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁྱེན་པ་གསུམ་ཀྱི་ངོ་བོ། དོན་དམ་པའི་ཡི་གེ་འབྲུ་ཐམས་ཅད་ཀྱི་རྐྱེན་གྱི་དངོས་པོ། ཨ་ཡིག་དཀར་པོ་བསམ་པར་བྱའོ། །དེ་ལས་འོད་འཕྲོས་པའི་རྐྱེན་གྱིས་འཁོར་ལོའི་རྩིབས་དྲུག་ལ་གནས་པའི་ཡིག་འབྲུ་རྣམས་ལས་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་སྤྲོས་པས། དང་པོའི་སངས་རྒྱས་ཀྱི་སྐུ་སྣང་བར་བྱས་ཤིང༌། དེ་ལས་ཀྱང་འོད་ཟེར་འཕྲོས་པས། གཞིའི་སངས་རྒྱས་ཀྱི་ཞལ་བཞི་ལས་འོད་ཟེར་གྱི་ཚོགས་རྣམས་བྱུང་སྟེ། རིམ་པ་བཞིན་གཞལ་ཡས་ཁང་དང༌། སྣ་ཚོགས་རྡོ་རྗེ་དཀར་པོ་དང༌། ཆོས་འབྱུང་དང༌། མཆོད་རྟེན་རྣམས་གསལ་བར་བྱས་པས། མི་མཇེད་འཇིག་རྟེན་གྱི་ཁམས་མཐའ་དག་སྣང་བར་བྱས་ཤིང༌། དེ་ནས་རྡོ་རྗེ་འཆང་ཆེན་པོའི་ལྟེ་བའི་སྒོ་དྲུག་ནས་འོད་ཟེར་ཁ་དོག་དྲུག་བྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པས། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་སོང་ནས། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་དོན་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་འཁོར་ཡང་སྣང་བར་བྱས་ནས། སླར་ཡེ་ཤེས་ཀྱི་རྡོ་རྗེ་ལ་ལན་གསུམ་སྟེ། ཞལ་དུ་ཞུགས། ཤེས་རབ་ཀྱི་ཡེ་ཤེས་དེ་དྲངས་ནས། ཆོས་བདག་མེད་པ་ཉིད་ཀྱི་རང་གི་སྒོ་ནས་བཙུད་ནས་རང་གི་སྙིང་ཁ་ལ་གནས་པའི་སྔགས་ཀྱི་ཡི་གེ་དང་གཅིག་ཏུ་གྱུར་ཏེ་གནས་པར་བསྒོམ་པ་ཡིན་ནོ། །དེ་ལྟར་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་རྒྱུན་ཆགས་སུ་བསྒོམས་པས། ཚེ་འདི་ཉིད་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ། །དེ་ལྟར་བཤད་པ་དེ་ནི་རྣམ་སྣང་ཆེན་པོ་ཆོས་ཀྱི་སྐུ་གཙོ་བོར་གྱུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་གཞུང་འདིའི་བསྟན་བྱའི་གཙོ་བོར་གྱུར་པ་སྒྱུ་འཕྲུལ་དྲྭ་བས་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་དེ་ཡིན་ལ། རིམ་པ་གཉིས་ཀྱི་ཚུལ་དེ་ལྟར་ཡིད་ལ་བྱེད་ཅིང༌། ངག་དུ་འདི་ལྟར་ཞེས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པའི་བར་བརྗོད་པ་ཙམ་གྱིས་མི་ཆོག་པ་མེད་མོད། རྒྱས་པར་བྱེད་ན། དེ་ཉིད་ལ་རིགས་དྲུག་པོ་རེ་རེ་ནས་གཙོ་བོ་འཕོས་པའི་དཀྱིལ་འཁོར་དྲུག་དང༌། ཤེས་རབ་ཀྱི་འཁོར་ལོ་རྣམ་པ་དྲུག་ཏུ་འགྱུར་བའི་ཚུལ་ནི་འདི་ཡིན་ཏེ། རྣམ་སྣང་ཆེན་པོ་དཀྱིལ་འཁོར་གྱི་དབུས་ན་གནས་པ་བསྡུས་ནས། དེའི་གནས་སུ་ཡི་གེ་ཧྲཱི་ལས་བསྐྱེད་པའི་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། དེའི་ཐུགས་ཁར་དང་པོའི་སངས་རྒྱས་སྔ་མ་བཞིན་དུ་བསྒོམས་ནས། དེའི་ཐུགས་ཁར་འཁོར་ལོ་རྩིབས་བརྒྱད་པ། མུ་ཁྱུད་ལ་ཡི་གེ་འགོད་པར་ཚུལ་སྔ་མ་དང་མཐུན་པ། རྩིབས་བརྒྱད་ལ། ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མ། ཞེས་པ་བཀོད་ནས། འཁོར་ལོའི་ལྟེ་བ་ལ། ཡི་གེ་ཧྲཱི་ལས་བྱུང་བའི་རྡོ་རྗེ་རྣོན་པོ་ཞེས་བྱ་བ། ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ། ཕྱག་གཡོན་པདྨ་དང༌། གཡས་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱི་ཡིག་དམར་པོ་བསྒོམས་ཏེ། སྤྲོ་བ་དང་བསྡུ་བ་གོང་མ་བཞིན་ནོ། །འཁོར་ལོ་གཉིས་པ་ནི། གཙོ་བོའི་གནས་སུ་ཧཱུྃ་ལས་སྐྱེས་པའི་མི་བསྐྱོད་པ་སྐུ་མདོག་སྔོན་པོ། ས་གནོན་གྱི་ཕྱག་རྒྱ་ཅན། དེའི་ཐུགས་ཁར་དང་པོའི་སངས་རྒྱས། དེའི་སྙིང་ཁར་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་དུ་ཁ་ཙྪེ་ད་ཡ་ཏེ་ན་མ། ཞེས་པ་བཀོད་ནས། ལྟེ་བ་ལ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རལ་གྱི་ཞེས་བྱ་བའི་ཡེ་ཤེས་སེམས་དཔའ་སྐུ་མདོག་སྔོན་པོ། །གཞོན་ནུའི་གཟུགས་ཅན། ཕྱག་གཡོན་ན་རྡོ་རྗེ་དང༌། གཡས་ཀྱིས་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་ཧཱུྃ་བསྒོམས་ཏེ། སྤྲོ་བ་དང་བསྡུ་བ་གོང་མ་བཞིན་ནོ། །འཁོར་ལོ་གསུམ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨ་ལས་སྐྱེས་པའི་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ། དེའི་ཐུགས་ཁར་དང་པོའི་སངས་རྒྱས། དེའི་སྙིང་ཁར་འཁོར་ལོ་རྩིབས་བཅུ་པ་ལ། ཨོཾ་པྲཛྙཱ་ཛྙཱ་ན་མཱུ་ར་ཏ་ཡེ་ཡ་ཏེ་ན་མ། ཞེས་བཀོད་ལ། ལྟེ་བ་ལ་ཨ་ལས་བྱུང་བའི་བཅོམ་ལྡན་འདས་ཤེས་རབ་ཡེ་ཤེས་སྐུ་མདོག་དཀར་པོ། གཞོན་ནུའི་ཆ་ལུགས་དང་ལྡན་པ། ཕྱག་གཡོན་ན་འཁོར་ལོ་དང༌། གཡས་ན་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡི་གེ་ཨཱ་བསྒོམས་ཏེ། སྤྲོ་བ་དང་བསྡུ་བ་སྔ་མ་བཞིན་ནོ། །བཞི་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨཱ་ལས་བྱུང་བའི་དོན་ཡོད་གྲུབ་པ་ལྗང་ཁུ་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་པ། དེའི་ཐུགས་ཁར་དང་པོའི་སངས་རྒྱས། དེའི་ཡང་ཐུགས་ཁར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་ཛྙཱ་ན་ཀ་ཡ་ཡ་ཏེ་ན་མ། ཞེས་པའི་ས་བོན་བརྒྱད་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཨ་ལས་གྲུབ་པའི་བཅོམ་ལྡན་འདས་ཡེ་ཤེས་སྐུ་ཞེས་བྱ་བ་སྐུ་མདོག་ལྗང་ཁུ་གཞོན་ནུའི་ཆ་ལུགས་ཅན། ཕྱག་གཡོན་སྣ་ཚོགས་རྡོ་རྗེ། གཡས་ན་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡི་གེ་ཨཱ་བསྒོམས་ལ། སྤྲོ་བ་དང་བསྡུ་བ་གོང་མ་བཞིན་ནོ། །ལྔ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ། མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། དེའི་ཐུགས་ཁར་དང་པོའི་སངས་རྒྱས། དེའི་ཡང་ཐུགས་ཁར་ཤེས་རབ་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལ། ཨོཾ་ཝ་གི་ཤྭ་ར་ཡ་ཏེ་ན་མ། ཞེས་པའི་ས་བོན་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨོཾ་ལས་སྐྱེས་པའི་བཅོམ་ལྡན་འདས་ངག་གི་དབང་ཕྱུག་ཅེས་བྱ་བ། སྐུ་མདོག་སེར་པོ། གཞོན་ནུའི་ཆ་ལུགས་ཅན། ཕྱག་གཡོན་ན་རིན་པོ་ཆེ། གཡས་ན་ཤེས་རབ་ཀྱི་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་ཨོཾ་བསྒོམས་ནས། སྤྲོ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དྲུག་པ་ནི། དཀྱིལ་འཁོར་གྱི་དབུས་སུ། ཡི་གེ་ཨ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྐུ་མདོག་དཀར་པོ་རིགས་ལྔའི་དབུ་རྒྱན་ཅན། རྡོ་རྗེའི་སྐྱིལ་མོ་ཀྲུངས་སུ་བཞུགས་པ། གཞོན་ནུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་ཐུགས་ཁར་དང་པོའི་སངས་རྒྱས། དེའི་ཡང་སྙིང་ཁར་ཤེས་རབ་ཀྱི་འཁོར་ལོ་རྩིབས་དགུ་པ་ལ། ཨོཾ་ཨ་ར་པ་ཙ་ན་ཡ་ཏེ་ན་མ། ཞེས་བྱ་བའི་ཡི་གེ་རྣམས་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨཱ་ལས་སྐྱེས་པའི་བཅོམ་ལྡན་འདས་ཨ་ར་པ་ཙ་ན་ཞེས་བྱ་བའི་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ། གཞོན་ནུའི་ཆ་ལུགས་ཅན། ཕྱག་གཡོན་ན་པོ་ཏི་དང༌། གཡས་ན་རལ་གྲི་འཛིན་པ། དེའི་ཐུགས་ཁར་ཟླ་བའི་སྟེང་དུ། ཡི་གེ་ཨཱ་བསྒོམས་ནས་སྤྲོ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་མཚན་ཡང་དག་པར་བརྗོད་པ་ལས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བདུན་པོ་དེ་དག་ནི། སྒྱུ་འཁྲུལ་དྲྭ་བས་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ལྟར་བསྒོམས་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པའི་ཚུལ་ནི། རང་ཉིད་དང་པོའི་སངས་རྒྱས་ཀྱི་ཐུགས་ཁ་ན་གནས་པའི་ཡེ་ཤེས་སེམས་དཔའ་དེ་དང་དེའི་ངོ་བོར་མོས་ནས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཞེས་པའི་བར་ཚིག་གཞན་གྱིས་མ་ཆོད་པར་ཁ་བཏོན་དུ་བྱེད་ཅིང༌། དཀྱིལ་འཁོར་དྲུག་པོ་རེ་རེ་བཞིན། རིགས་ལྔ། ཡུམ་བཞི། སྒེག་སོགས་བརྒྱད། སྒོ་བ་བཞི་དང་བཅས་པ་རང་རང་གི་ཕྱག་རྒྱ་ཆེན་པོ་དང་ལྡན་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱིར་སྤྲོས། སླར་ལོག་ནས་མཚན་སྔགས་ཀྱི་ཡི་གེ་རྣམས་རང་རང་སོ་སོའི་ཁ་དོག་དང་ལྡན་པར་གདན་སོ་སོའི་སྟེང་དུ་ལྷ་སོ་སོའི་རྣམ་པར་གྱུར་ནས་གནས་པར་བསམ་མོ། །དེ་ཡང་སྠི་ཏོ་སོགས་ནས། ཡ་ཏེ་ན་མཿཞེས་པའི་བར་ནི། དཀྱིལ་འཁོར་དང་པོའི་དབང་དུ་བྱས་ནས་བསྒོམ་པར་བྱ་བའི་རིམ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་པས་གསལ་འདེབས་པ་ཙམ་ཡིན་གྱི། ངག་ཏུ་ངེས་པར་བརྗོད་དགོས་པ་ནི་མིན་ནོ། །ཨ་ཨཱ་སོགས་བཅུ་གཉིས་དང༌། ཨོཾ་སརྦ་དྷརྨ་ནས། གརྦྷ་ཨཱ། ཞེས་པའི་བར་ནི་ངག་ཏུ་ཀློག་པའི་རིམ་པའོ། །དེ་ཡང་བཤད་མ་ཐག་པའི་ཚུལ་གྱིས་གཞུང་མཚམས་སོ་སོར་ཕྱེ་བ་དང་མཐུན་པར། དཀྱིལ་འཁོར་དྲུག་པོ་སོ་སོ་དང༌། མཚན་གྱི་རྣམ་གྲངས་སོ་སོར་སྦྱར་ནས་ཁ་བཏོན་དུ་བྱས་པས། ཕན་ཡོན་གྱི་ལེའུ་ནས་འབྱུང་བའི་ཡོན་ཏན་དེ་དག་མངོན་དུ་བྱེད་པ་ཡིན་ནོ། །དེ་ནས་སྔགས་ཀྱི་དོན་བཤད་པར་བྱ་སྟེ། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང༌། །ཞེས་པ་ནི། འཁོར་ལོའི་རྩིབས་དྲུག་ལ་བཀོད་པའི་སྔགས་ཚན་དྲུག་པོ་དེ་དག་ཡིན་ལ། དེ་དག་གི་དོན་ཡང་གོ་རིམ་བཞིན་དུ། རྡོ་རྗེ་རྣོན་པོ་དང༌། སྡུག་བསྔལ་གཅོད་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་སྤྱི་གཙུག་དང༌། ཡེ་ཤེས་ཀྱི་སྐུ་དང༌། ངག་གི་དབང་ཕྱུག་དང༌། འགྲོ་བ་སྨིན་པ་ཞེས་བྱ་བ་རྣམས་སོ། །ཨ་ཨཱ་ལ་སོགས་པ་བཅུ་གཉིས་ནི། དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཏེ། ཇི་སྐད་དུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་ཟླ་འོད་གསལ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའི་རང་བཞིན་སོ་སོར་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་ཡིད་དགའ་བའོ། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ཅེས་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་བྱ་བ། །དེ་ལ་དཔེ་ནི་ཡོད་པ་མིན། །དཔེ་ལྡན་ཞེས་བྱ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་རང་རིག་པ། །རྣལ་འབྱོར་ཡེ་ཤེས་ཡོངས་སུ་རྫོགས། །ཞེས་བྱ་བའི་ས་བཅུ་གཉིས་པོ་དེ་ཨ་ལ་སོགས་པའི་ཡི་གེ་བཅུ་གཉིས་ཀྱིས་བསྐྱེད་པར་བྱ་བ་ཉིད་དུ་རིག་པར་བྱའོ། །སྠི་ཏོ་ཞེས་པ་གནས་ཞེས་པའི་དོན་ནོ། །གང་དུ་གནས་ན་ཧྲི་དི་ཞེས་པ་ཐུགས་ལའོ། །སུ་ཞིག་གནས་ན། ར་ཧཾ་ཞེས་པ་བདག་གོ །དེ་ཡང་སུ་ཞིག་ཡིན་ན། ཛྙཱ་ན་མུར་ཏི། ཞེས་པ། ཡེ་ཤེས་ཀྱི་སྤྱི་གཙུག་ཅེས་པ་སྟེ། ཡེ་ཤེས་སེམས་དཔའོ། །དེའི་རང་བཞིན་ཡང་ཅི་ཞེ་ན། བུདྷོ་ཞེས་པ་སངས་རྒྱས་སོ། །དེ་ལྟ་བུའི་ཡེ་ཤེས་སེམས་དཔའ་དེ་སངས་རྒྱས་གཅིག་ཁོ་ནའི་ཐུགས་ལ་གནས་པ་ཡིན་ནམ་ཞེ་ན། བུདྡྷ་ནཾ་ཏྱ་ད་ཐ་བརྟི་ནཾ་ཞེས་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་གནས་ཞེས་བྱ་བའི་དོན་ནོ། །དེ་ལྟ་བུའི་ཡེ་ཤེས་སེམས་དཔའ་དེ་ལ་རིགས་ཀྱི་སྒོ་ནས་ཕྱེ་ན། རྡོ་རྗེ་རྣོན་པོ་ལ་སོགས་པ་དྲུག་གོ །ཞེས་པ་ནི། བཛྲ་ཏིཀྵྞ་སོགས་སོ། །དེ་དག་ནི་བསྒོམ་པར་བྱ་བའི་སྔགས་སོ། །འཁོར་ལོའི་མུ་ཁྱུད་ལ་བཀོད་ནས་བཟླ་བར་བྱ་བའི་སྔགས་ནི། ཨོཾ་སརྦ་དྷརྨ་ཞེས་པ་ཆོས་ཐམས་ཅད། ཨ་བྷ་ཝ། ཞེས་པ་དངོས་པོ་མེད་པ། སྭ་བྷ་ཝ། ཞེས་པ་རང་བཞིན། བི་ཤུདྷ་ཞེས་པ་ཡོངས་སུ་དག་པ། དེ་དག་པར་གང་ལས་ཤེས་ན། བཛྲ་ཙཀྵུ་ཞེས་པས་རྡོ་རྗེའི་མིག་གིས་དེ་ལྟར་ཤེས་ཞེས་པའི་དོན་ནོ། །ཨ་ཨཱ། ཨཾ་ཨ་ཞེས་པ་རྣམ་པར་ཐར་པའི་སྒོ་བཞིའི་མཚོན་བྱེད་དོ། །དེ་དག་ནི་མཚན་ཡང་དག་པར་བརྗོད་པའི་རྩ་བའི་སྔགས་སོ། །པྲ་ཀྲི་ཏི་ཞེས་པ་ནི་ལྷུན་གྱིས་གྲུབ་པ། པ་རི་ཤུདྷ་ནི་ཡོངས་སུ་དག་པ། ལྷུན་གྱིས་གྲུབ་པར་ཡོངས་སུ་དག་པ་དེ་དགང་ཞེ་ན། སརྦ་དྷརྨ། ཞེས་པ་ཆོས་ཐམས་ཅད་དོ། །ཆོས་ཐམས་ཅད་ཡོངས་སུ་དག་པ་དེ་ཡང་གང་ཞེ་ན། ཡ་ཏུ་ཐ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་དེའོ་ཞེས་པའོ། །མུ་པ་ཏ་ཡ་ཏེ་ཞེས་པ་བཟུང་བར་བྱའོ། །ཞེས་པ་སྟེ་ཡེ་ཤེས་ཀྱི་སྐུ་དེའོ། །ཨ་ཨ་སརྦ་ཏ་ཐཱ་ག་ཏ། ཞེས་པ་ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་རིགས་བསྡུས་པའི་དཀྱིལ་འཁོར་གྱི་མཚན་སྔགས་ཀྱི་དབང་དུ་བྱས་པ་ཡིན་ལ། ཧྲི་ད་ཡ་ཞེས་པ་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་དང༌། ཧ་ར་ཧ་ར། ཞེས་པ་མི་སྐྱོད་པའི་དང༌། ཨོཾ་ཧཱུྃ་ཧྲཱི་ཞེས་པ་རྣམ་སྣང་གི་དང༌། བྷ་ག་ཝན་ཞེས་པ་པདྨའི་རིགས་ཀྱི་དང༌། ཛྙཱ་ན་མུར་ཏི་ཞེས་པ་ལས་ཀྱི་རིགས་ཀྱི་དང༌། ཝ་གི་ཤྭ་ར་ཞེས་པ་རིན་པོ་ཆེའི་རིགས་ཀྱི་མཚན་སྔགས་སོ། །མཧཱ་པ་ཙ། སོགས་ནི་གོང་གི་དཀྱིལ་འཁོར་བདུན་པོ་དེར་སློབ་མ་དབང་བསྐུར་བའི་ཚུལ་སྟོན་པ་ཡིན་ལ། དེ་ཡང་མཧཱ་པ་ཙ་ཞེས་པ་ནི་ངག་ཆེན་པོའོ། །སརྦ་དྷརྨ་ནི་ཆོས་ཐམས་ཅད། ག་ག་ན། ཞེས་པ་ནམ་མཁའ་ལྟ་བུར། ཨ་མ་ལ་ཞེས་པ་དྲི་མ་མེད་པ། སུ་པ་རི་ཤུདྷ། ཞེས་པ་ལེགས་པར་ཡོངས་སུ་དག་པ། དྷརྨ་དྷཱ་ཏུ། ཞེས་པ་ཆོས་ཀྱི་དབྱིངས། ཛྙཱ་ན་གརྦྷ་ཞེས་པ་ཡེ་ཤེས་ཀྱི་སྙིང་པོ། ཨཱ་ཞེས་པ་སྐྱེ་བ་མེད་པའོ། །དེ་ནི་མཚན་ཡང་དག་པར་བརྗོད་པའི་སྔགས་ཀྱི་ཕྲེང་བའོ། །དེ་ནས་ཐོག་མར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ལ་བཀོད་པའི་ལྷ་གྲངས་རྣམས། མཚན་ཡང་དག་པར་བརྗོད་པའི་ཚིག་གང་གིས་ཇི་ལྟར་བསྟན་པའི་ཚུལ་བཤད་པར་བྱ་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་པས་ནི། ཡེ་ཤེས་སེམས་དཔའི་ཐུགས་ཁར་ཟླ་བ་ལ་གནས་པའི་ཨ་ལས་དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་སྤྲོ་བའི་ཚུལ་སྟོན་པའོ། །དེ་ཡང་ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་ནི། སེམས་མ་རྡོ་རྗེ་མའི་རང་བཞིན་ནོ། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་པ་ནི་རིན་ཆེན་རྡོ་རྗེ་མའི་རང་བཞིན་ནོ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཞེས་པ་ནི་ཆོས་ཀྱི་རྡོ་རྗེ་མའི་རང་བཞིན་ནོ། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པ་ནི་ལས་ཀྱི་རྡོ་རྗེ་མའི་རང་བཞིན་ནོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ནི་སྣང་བ་མཐའ་ཡས་ཀྱི་དོན་ནོ། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་ནོ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །ཞེས་པ་ནི་རྣམ་པར་སྣང་མཛད་དོ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཞེས་པ་ནི་དོན་ཡོད་གྲུབ་པའོ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ལྟར་ན་ཡུམ་བཞི་ནི། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཐབས་ལ་མཁས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞིའི་ངོ་བོ་ཡིན་ལ། རིགས་ལྔ་ནི། ཡེ་ཤེས་རྣམ་པ་ལྔའོ། །དེ་ནས་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་སེམས་དཔའ་བཅུ་དྲུག་ཇི་ལྟར་སྤྲོ་བའི་ཚུལ་ནི། འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་རྐང་པ་གཉིས་ཀྱིས་ནི་རྡོ་རྗེ་སེམས་དཔའོ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཞེས་པ་ནི་རྡོ་རྗེ་རིན་ཆེན་ནོ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །ཞེས་པ་ནི་རྡོ་རྗེ་ཉི་མའོ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །ཞེས་པ་ནི་རྡོ་རྗེ་ཏོག་གོ །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་ནི་རྡོ་རྗེ་བཞད་པའོ། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཞེས་པ་ནི་རྡོ་རྗེ་ཆོས་སོ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །ཅེས་པ་ནི་རྡོ་རྗེ་རྣོན་པོའོ། །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །ཞེས་པའི་རྐང་པ་གཉིས་ཀྱིས་ནི་རྡོ་རྗེ་སྨྲ་བའོ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང༌། །ཞེས་པས་ནི་རྡོ་རྗེ་ལས་སོ། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །ཞེས་པ་ནི་རྡོ་རྗེ་གོ་ཆའོ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་ནོ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་པ་ནི་རྡོ་རྗེ་ཁུ་ཚུར་རོ། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཞེས་པ་ནི་རྡོ་རྗེ་སྒེག་མོའོ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་པ་ནི་རྡོ་རྗེ་འཕྲེང་བ་མའོ། །བཟོད་ཆེན་འཆང་བ་བརྟན་པ་པོ། །ཞེས་པ་ནི་རྡོ་རྗེ་དབྱངས་ལེན་མའོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་པ་ནི་རྡོ་རྗེ་གར་མཁན་མའོ། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཞེས་པ་ནི་རྡོ་རྗེ་མེ་ཏོག་མའོ། །ཤེས་རབ་ཆེན་པོ་ལུས་འཆང་བ། །ཞེས་པ་ནི་རྡོ་རྗེ་བདུག་པ་མའོ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །ཞེས་པ་ནི་རྡོ་རྗེ་དྲི་ཆབ་མའོ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པ་ནི་རྡོ་རྗེ་མར་མེ་མའོ། །འདིར་སྟོབས་ནི་དད་པ་ལ་སོགས་པ་ལྔའོ། །ཡེ་ཤེས་ནི་མཐོང་བའི་ལམ་དང༌། སྒོམ་པའི་ལམ་མོ། །དེ་ལ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་བཞི་ནི་སྒོ་སྲུང་བཞི་པོ་དག་གོ །ཡང་བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ནི་བྱམས་པའོ། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པ་ནི་འཇམ་དཔལ་ལོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། ཞེས་པ་ནི་སྤོས་ཀྱི་གླང་པོའོ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ནི་ཡེ་ཤེས་ཏོག་གོ །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་པ་ནི་བཟང་སྐྱོང་ངོ༌། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པ་ནི་བློ་གྲོས་རྒྱ་མཚོའོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་པ་ནི་བློ་གྲོས་མི་ཟད་པའོ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་པ་ནི་སྤོབས་པ་བརྩེགས་པའོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པ་ནི་མཐུ་ཆེན་ཐོབ་བོ། །འཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་བ་ནི་ངན་སོང་ཀུན་འདྲེན་ནོ། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ་བ་ནི། མྱ་ངན་དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་སོ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ནི་དྲྭ་བ་ཅན་གྱི་འོད་དོ། །མགོན་པོ་རིགས་མཆོག་ཆེན་པོ་ནི་ཟླ་འོད་གཞོན་ནུའོ། །བླ་མ་གསང་སྔགས་ཆེ་བའི་མཆོག་ནི་འོད་དཔག་མེད་དོ། །ཐེག་པ་ཆེན་པོའི་ཚུལ་ལ་གནས་པ་ནི་ནམ་མཁའ་མཛོད་དོ། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ནི་སྒྲིབ་པ་རྣམ་སེལ་ལོ། །དེ་ལྟར་ན་དཀྱིལ་འཁོར་གྱི་ལྷ་སེམས་མ་རྡོ་རྗེ་མ་ལ་སོགས་པ་དེ་རྣམས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཞེས་བྱ་བའི་ཚུལ་གྱིས། ཡེ་ཤེས་སེམས་དཔའ་ཐུགས་ཁ་ནས་རང་རང་གི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པར་ཕྱུང་ངོ༌། །ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི་དོན་བྱས། སླར་ལོག་ནས་གོ་རིམ་ཇི་ལྟ་བ་བཞིན་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཤར་དུ་བཀོད་པའི་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་བཞུགས་པར་བསམ་མོ། །རྣལ་འབྱོར་པ་རང་ཉིད་ནི། དཀྱིལ་འཁོར་དེའི་གཙོ་བོའི་ཐུགས་ཁར་གནས་པའི་ཡེ་ཤེས་སེམས་དཔའི་ངོ་བོར་མོས་ཏེ། དུས་གསུམ་དུ་མཚན་ཡང་དག་པར་བརྗོད་པ་འདི་ཁ་བཏོན་ཏུ་བྱས་པར་གྱུར་ན། ཕན་ཡོན་གྱི་ལེའུ་ལས་གསུངས་པའི་ཡོན་ཏན་གྱི་ཚོགས་རྣམས་ཐོབ་པར་འགྱུར་རོ། །དེ་ལྟར་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལེའུ་འདི་ལ། ཚིགས་སུ་བཅད་པ་བཅུ་བཞི། མཚན་སྔགས་ཀྱི་ཡི་གེ་བརྒྱད་ཅུ་རྩ་དྲུག་སྟེ། དེ་དག་ནི་ཡེ་ཤེས་སེམས་དཔའ་དང་དེའི་ཐུགས་ཁའི་ཟླ་བའི་དཀྱིལ་འཁོར་དང༌། དེ་ལ་གནས་པའི་ཡི་གེ་ཨ་དང༌། དེ་ལས་བྱུང་བའི་སེམས་མ་རྡོ་རྗེ་མ་ལ་སོགས་པ་ནས། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཐུག་པའི་བར་དང་སྦྱར་བར་བྱ་བ་ཡིན་ནོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་བསྟོད་པའི་སྒོ་ནས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རིམ་པར་ཕྱེ་བ་མདོ་ཙམ་དུ་བཤད་པའོ། །གཉིས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའི་ལེའུ་མདོ་ཙམ་འཆད་པ་ལ། འདིར་དཀྱིལ་འཁོར་གྱི་འཁོར་ལོའི་བཀོད་པ་ནི། གཙོ་བོ་འཕོ་བ་ཙམ་མ་གཏོགས་སྔ་མ་དང་འདྲ་བས། ལྷ་སོ་སོའི་རྣམ་པར་བཞག་པ་མི་འཆད་པར། བསྟོད་པས་བསྟོད་པ་ཉིད་གཙོ་བོ་ཡིན་ལ། འོག་མ་གཞན་ལ་ཡང་དེ་བཞིན་ནོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ལ་རྣམ་སྣང་དང༌། རྣམ་སྣང་ཆེན་པོའི་ཁྱད་པར་ནི། ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུའོ། །དེ་ནས་ཕ་རོལ་ཕྱིན་པ་བཅུ་དང༌། ས་བཅུ་དང༌། ཤེས་པ་བཅུ་ནི། ཐེག་པ་ཐུན་མོང་དུ་གྲགས་པ་དེ་ཉིད་ལ་འཆད་ལ། རྣམ་དག་འཆང་བ་པོ་ནི། དེའི་རང་བཞིན་འོད་གསལ་བ་ལ་བཤད་དོ། །སྟོབས་བཅུ་དང༌། དབང་བཅུ་ཡང་ཐུན་མོང་དུ་གྲགས་པ་དེ་ཉིད་དོ། །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཞེས་པ་ཡང༌། བདེན་པ་བཞིའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟབས། །ཞེས་པ་ཀུན་ཏུ་འགྲོ་བ་ནི། སེམས་བྱུང་ཀུན་འགྲོ་ལྔའོ། །དེས་སེམས་ཅན་གྱི་དོན་སྒྲུབ་པས་ན་དོན་ཡོད་པའོ། །སྟབས་ཞེས་པ་ནི་འགྲོ་བའོ། །འདིར་སྟོབས་ཞེས་པ་ནི་རྒྱ་དཔེ་ཨ་མོ་གྷ་ཏི་དང་འགྲེལ་པ་གཉིས་ཀ་དང་མི་མཐུན་ནོ། །ཚོགས་ཀྱི་སློབ་དཔོན་ཞེས་པར། ཚོགས་བཞི་བཤད་པ་ནི། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་ཚོགས་སོ། །དེ་རྣམས་ཀྱི་གཙོ་བོ་དང་སློབ་དཔོན་ལ་སོགས་པར་གྱུར་པ་ནི་འཇམ་དཔལ་ཉིད་དོ། །ཚིག་རྗེ་ཚིག་བདག་སོགས་བཞི་ནི། སོ་སོ་ཡང་དག་པར་རིག་པ་བཞི་དང་སྦྱར་རོ། །ཚིག་བདེན་བདེན་པ་སྨྲ་བ་སྟེ། །ཞེས་པ་ནི་བདེན་པ་གཉིས་ཀྱི་དབང་དུ་བྱས་སོ། །འདྲེན་པ་དང་བསེ་རུ་ནི་ཚོགས་ན་སྤྱོད་པ་དང༌། གཅིག་པུར་གཞན་པའི་མིང་ཡིན་ལ། འཇམ་དཔལ་གྱིས་དེའི་ཚུལ་བཟུང་བའོ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ་ཞེས་པ་ནི། དམན་པའི་མྱང་འདས་ལ་མི་གནས་པའོ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ་ཞེས་པ་ནི། འཇམ་དཔལ་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་འབྱུང་བ་བཞིའི་རྒྱུར་སྟོན་པའོ། །དགེ་སློང་ཞེས་སོགས་ནི། དོན་དམ་པའི་དགེ་སློང་ལ་སོགས་པའི་དོན་ནོ། །བདེ་བ་རྙེད་པ་ནི་སྐུའི་ལས་སོ། །འཇིགས་མེད་ཐོབ་པ་ནི་གསུང་གི་ལས་སོ། །བསིལ་བར་གྱུར་པ་ནི་ཡིད་ཀྱི་ལས་སོ། །རྙོག་པ་མེད་པ་ནི་སྐུ་གསུང་ཐུགས་ལས་སོ། །རིག་པ་དང་ནི་རྐང་པར་ལྡན་ཞེས་པ་ནི་བསླབ་པ་གསུམ་མམ། འཕགས་ལམ་ཡན་ལག་བརྒྱད་ལ་བྱ་ལ། དེ་ཡང་རིག་པ་སྔོན་དུ་བཏང་ནས་རྐང་པས་འགྲོ་བའོ། །འཇིག་རྟེན་རིག་པ་ནི། སྐལ་བ་དང་ལྡན་མི་ལྡན་སོ་སོར་ཤེས་པའོ། །བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཞེས་པ་ནི་དོན་དམ་པ་ཆོས་ཀྱི་སྐུ་དེ་ཉིད་གཞན་ངོར་སྣ་ཚོགས་སུ་སྟོན་པའོ། །སྐམ་སར་གནས་ཞེས་པ་ནི། ཆོས་ཀྱི་སྐུ་ལས་མི་གཡོ་བའོ། །ཤེས་པ་འབའ་ཞིག་ངེས་གསལ་བ་ཞེས་པ་ནི་རྣམ་པར་ཤེས་པ་དང༌། བྲལ་བའི་ཡེ་ཤེས་འབའ་ཞིག་པའོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ་ཞེས་པ་ནི། ཕྱི་རོལ་གྱི་དོན་ལ་སོགས་པ་ཀུན་ཏུ་བཏགས་པ་ཐམས་ཅད་རྣམ་པར་རྟོག་པའི་དབང་གིས་བྱུང་བའོ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་ནི་ཡོངས་སུ་གྲུབ་པའོ། །ཡོད་མེད་ཤེས་ཞེས་པ་ནི། ཡོད་མེད་ཀྱི་མཐའ་གང་དུ་ཡང་མི་འཛིན་པའོ། །སོ་སོར་རང་རིག་མི་གཡོ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཆོག་གི་དང་པོ་ཞེས་པ་ནི། གཞི་དུས་ཀྱི་སངས་རྒྱས་སོ། །སྐུ་གསུམ་ནི་འབྲས་དུས་ཀྱི་སྐུ་གསུམ་མོ། །འཆང་བ་ནི་དེས་དེ་འཛིན་པའོ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན་ཞེས་པ་ནི་ཆོས་ཀྱི་སྐུ་ལ་རིག་པའི་ཆ་དང༌། སྟོང་པའི་ཆ་དང༌། དེ་གཉིས་ཟུང་དུ་འཇུག་པའི་ཆ་སྟེ་གསུམ་དང༌། སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པའོ། །ཡེ་ཤེས་ལྔ་ནི་ཡོངས་སུ་གྲགས་པ་ཉིད་དོ། །དེ་ཡང་ཆོས་དབྱིངས་ཡེ་ཤེས་ནི། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཏུ་ཁྱད་པར་མེད་པར་ཡོད་ལ། གཞན་རྣམས་ནི་འབྲས་བུའི་དུས་ཁོ་ནའོ། །སངས་རྒྱས་ལྔ་བདག་ཅོད་པཎ་ཅན་ཞེས་པ་ནི། རིགས་ལྔའི་དབུ་རྒྱན་ཡོད་པའོ། །སྤྱན་ལྔ་ནི་ཡོངས་སུ་གྲགས་པ་ཉིད་ཡིན་ལ། ཆགས་པ་མེད་པ་ཞེས་པས་ཐོགས་པ་མེད་པ་ཡང་མཚོན་པར་ནུས་སོ། །ཤེས་པ་སྲིད་འབྱུང་ཞེས་པ་ནི། ཤེས་པ་ལ་གཉིས་ཏེ། སྲིད་པ་ལ་འབྱུང་བ་དང༌། ཆོས་ལས་འབྱུང་བའོ། །དང་པོ་ནི་སྲིད་པ་དག་པ་ལས་བྱུང་བ་ཡིན་ལ། གཉིས་པ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །གཅིག་པུ་སྲ་འཁྲེགས་རྡོ་རྗེའི་བདག་ཅེས་པ་ནི། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་དོ། །སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་པ་ནི། སེམས་ཅན་གྱི་དོན་མཐོང་མ་ཐག་ཏུ་སྐྱེ་བ་ལེན་པའོ། །སྔགས་མཆོག་སྔགས་བདག་ཅེས་པ་ནི། །ཁྲོ་བོའི་ས་བོན་དུ་གྱུར་པའི་ཡི་གེ་ཧཱུྃ་ལ་བྱ་ལ། རིག་སྔགས་རྒྱལ་ཞེས་པ་ནི། གཟུངས་ཀྱི་དཀྱིལ་འཁོར་ལ་གཏོགས་པ་རྣམས་འཇམ་དཔལ་གྱི་ཡེ་ཤེས་འདི་ལས་སྐྱེ་བའོ། །གསང་སྔགས་རྒྱལ་པོ་ཞེས་པ་ནི་ཡིག་འབྲུའི་རྣམ་པར་བཞུགས་པའི་ཡེ་ཤེས་སེམས་དཔའ་དེ་ཉིད། ཆོས་ཀྱི་དཀྱིལ་འཁོར་ལས་གཙོ་བོར་གྱུར་པའོ། །དེ་ནས་སྐུའི་གསང་བ་བཤད་པ། གཙུག་ཏོར་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་བོར་གནས་པ་དང༌། མཐའ་མི་རྟོག་པའོ། །རྨད་བྱུང་གཙུག་ཅེས་པ་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙུག་ནའོ། །ནམ་མཁའི་བདག་པོ་ཞེས་པ་ནི། ཐུགས་ཀྱི་གསང་བ་དང༌། སྣ་ཚོགས་སྟོན་ཞེས་པ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའོ། །སངས་རྒྱས་ཀུན་བདག་དངོས་པོ་མཆོག་ཅེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བྱས་པའོ། །འགྲོ་ཀུན་དགའ་བའི་མིག་དང་ལྡན་པ་ནི། ཤེས་རབ་ཀྱི་སྤྱན་ནོ། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་བསྐྱེད་པར་ནུས་པའོ། །དྲང་སྲོང་ཆེན་པོ་ནི་སངས་རྒྱས་སོ། །མཆོད་ཅིང་བསྟོད་པ་ནི་སེམས་ཅན་ཐམས་ཅད་ཀྱིས་སོ། །འདིར་བྱེད་པ་པོའི་ཚིག་འབྱུང་བ་ནི་འགྲེལ་པ་དང་མི་མཐུན་ནོ། །རིགས་གསུམ་འཆང་བ་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་རིགས་གསུམ་མོ། །གསང་སྔགས་འཆང་ཞེས་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །དམ་ཚིག་ཆེན་པོ་གསང་སྔགས་འཛིན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དོ། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསུམ་དང༌། སྐྱབས་གསུམ་མོ། །དོན་ཡོད་ཞགས་པ་ནི། ཐོགས་མེད་པར་སེམས་ཅན་རྣམས་འཛིན་པ་ཡིན་ནོ། །དེ་དག་ལ་ཡོད་པ་ནི་རྣམ་པར་རྒྱལ་བའོ། །འཛིན་པ་ཆེན་པོ་ནི་རྡོ་རྗེ་ལྕགས་སྒྲོག་གོ །རྡོ་རྗེ་ཞགས་ཞེས་པ་ནི། རྡོ་རྗེ་ཞགས་པའོ། །རྡོ་རྗེ་ལྕགས་ཀྱུ་ཞེས་པ་ནི་རྡོ་རྗེ་ལྕགས་ཀྱུ་དེ་ཉིད་དོ། །ཞགས་པ་ཆེ་ཞེས་པ་ནི། རྡོ་རྗེ་འབེབས་པའི་མིང་གི་རྣམ་གྲངས་སོ། །དེ་ལྟར་ན་ལེའུ་འདི་ལ་ཚིགས་བཅད་ནི་རྐང་པ་གཅིག་མ་ཚང་བའི་ཉི་ཤུ་རྩ་ལྔ་དང༌། མཚན་སྔགས་ཀྱི་ཡི་གེ་ནི་བརྒྱ་དང་བརྒྱད་ཅུ་རྩ་གཅིག་དུ་བཞེད་པ་ཡིན་ནོ། །འདིར་ཡང་ཇི་ལྟར་ཀློག་པའི་ཚུལ་ནི། སྔ་མ་བཞིན་དུ་རྣམ་སྣང་གི་ཐུགས་ཁའི་ཡེ་ཤེས་སེམས་དཔའི་སྙིང་ཁར་གནས་པའི་ཨ་ལས། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ལ་སོགས་པའི་ཡིག་འབྲུ་རྣམས་ངག་ཏུ་ཀློག་པ་དང་ལྷན་ཅིག་ཏུ་རྣམ་སྣང་གི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་རྣམས། སྐུ་མདོག་དང་ཕྱག་མཚན་ཇི་ལྟ་བ་བཞིན་དུ་རྫོགས་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང༌། སེམས་ཅན་གྱི་དོན་བྱས། སླར་ལོག་སྟེ་སྔགས་ཀྱི་ཡིག་འབྲུར་གྱུར། རང་རང་གི་འཁོར་ལ་འཁོད་པས་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་གྱུར་པར་བསམ་མོ། །དེ་དག་གིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའི་རིམ་པར་ཕྱེ་བ་མདོ་ཙམ་བཤད་པའོ། །དེ་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པའི་རིམ་པར་ཕྱེ་བ་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནི་གཞི་མཐུན་པའི་སྒྲ་ཡིན་ལ། དོན་གཉིས་སྟོན་པ་མིན་ནོ། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས་ཞེས་པ་ནི་འཇམ་དཔལ་གདོང་དྲུག་ཉིད་དོ། །མིག་དྲུག་ཅེས་པ་ནི་ཕྱོགས་གཅིག་གི་དབང་དུ་བྱས་པའོ། །ལག་དྲུག་ཅེས་པས་ནི་ཞབས་དྲུག་ཀྱང་མཚོན་པར་ནུས་སོ། །ཀེང་རུས་ཞེས་པ་ནི། རུས་པའི་རྒྱན་ཆ་དང་བཅས་པའོ། །ཧ་ལ་ཧ་ལ་ནི་ངག་ཏུ་དེ་སྐད་ཅེས་གསུང་བའོ། །གདོང་བརྒྱ་པ་ནི་གདོང་དེ་པ་དང་ལྡན་པའོ། །གཤིན་རྗེ་གཤེད་པོ་ནི་འཆི་བདག་མེད་པར་བྱེད་པའོ། །བགེགས་ཀྱི་རྒྱལ་ནི་དེ་ལས་རྒྱལ་བའོ། །རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ་ཞེས་པ་ནི། རྡོ་རྗེ་ཤུགས་དང་རྡོ་རྗེ་འཇིགས་བྱེད་དོ། །རྡོ་རྗེ་གྲགས་པ་ཞེས་པ་ནི། རྡོ་རྗེའི་ཐུགས་སོ། །སྒྱུ་འཕྲུལ་རྡོ་རྗེ་ཞེས་པ་ནི། རྡོ་རྗེའི་སྤྲུལ་སྐུའོ། །འདིར་དྲག་པོ་ཞེས་འབྱུང་བ་ནི། རྒྱ་དཔེ་དང༌། འགྲེལ་པ་གཉིས་ཀ་དང་མི་མཐུན་ནོ། །མི་གཡོ་བ་ནི། བདུད་ཀྱིས་མི་བསྒུལ་བའོ། །རལ་པ་གཅིག་གིས་བསྒྱིངས་པ་ནི། རལ་པའི་ཐོར་ཅོག་གཅིག་ཏུ་གྱུར་པའོ། །གྲགས་ཆེན་ཞེས་སོགས་ནི་གསུང་གི་ཉམས་སོ། །དེ་ཡང༌། རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག་ཅེས་པ་ཐུགས་ཀྱི་ཉམས་དང༌། མི་གཡོ་ཞེས་པས་སྐུའི་ཉམས་དང༌། གྲགས་ཆེན་ཞེས་སོགས་ཀྱིས་གསུང་གི་ཉམས་སོ། །དེ་ནས་ཡང༌། རྡོ་རྗེ་སེམས་དཔའ་ཞེས་སོགས་ནི་ཐུགས་རྡོ་རྗེའི་དབང་དུ་བྱས་པའོ། །རྡོ་རྗེ་ཧཱུྃ་སྟེ་ཞེས་སོགས་ནི་གསུང་རྡོ་རྗེའི་དབང་དུ་བྱས་པའོ། །མཚོན་དུ་རྡོ་རྗེ་སོགས་ནི་སྐུ་རྡོ་རྗེའི་དབང་དུ་བྱས་པའོ། །རྡོ་རྗེ་ཀུན་འཆང་ཞེས་པ་ནི། སྣ་ཚོགས་རྡོ་རྗེ་འཛིན་པའོ། །རྡོ་རྗེ་ཅན་རྡོ་རྗེ་གཅིག་པུ་ཞེས་པ་ནི་ཐུགས་རྡོ་རྗེའོ། །གཡུལ་སེལ་བ་ཞེས་པ་ནི། ཉོན་མོངས་པ་འཇོམས་པའོ། །རྡོ་རྗེ་འབར་བ་མིག་མི་བཟད་ཅེས་པ་ནི། དེ་འདྲ་བའི་མིག་མི་བཟད་པ་དང་ལྡན་པའོ། །འདིར་མིག་མི་བཟང་ཞེས་པ་ནི་འགྲེལ་པ་དང༌། རྒྱ་དཔེ་ཀ་ར་ལ་ཥོ་གཉིས་ཀ་དང་མི་མཐུན་ནོ། །རྡོ་རྗེ་འབེབས་པ་ཞེས་སོགས་རྐང་པ་གཉིས་ཀྱིས་ནི། ཁྲོ་བོ་བཞི་པོ་དེ་ཉིད་ངོས་བཟུང་བའོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན་ཞེས་སོགས་ནི་གོ་སླ་བ་དེ་ཉིད་དོ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཞེས་པའི་ཡི་གེ་དྲུག་ནི། འགྲེལ་པ་ལས་གསལ་བར་མ་བཤད་ལ། བོད་ཀྱི་སློབ་དཔོན་དག ཨོཾ་ཨ་ར་པ་ཙ་ན་ཞེས་པའམ། ཨོཾ་ཝ་གི་ཤྭ་རི་མུཾ་ཞེས་པ་ལ་འཆད་དོ། །དེའི་ལྟར་ན་འོག་གི་སྒྲ་སྒྲ་ཞེས་པ་ཐམས་ཅད་དེ་ཉིད་དོ། །དེ་ལྟར་ན་ལེའུ་འདི་ལ་ཚིགས་སུ་བཅད་པ་ནི་རྐང་པ་གཅིག་གིས་ལྷག་པའི་བཅུ་ཐམ་པའོ། །མཚན་སྔགས་ཀྱི་ཡི་གེ་ནི། བདུན་ཅུ་རྩ་གཅིག་ཏུ་གྲངས་ངེས་པ་ཡིན་ལ། དེ་དག་ཇི་ལྟར་བཀླག་པའི་མན་ངག་ཀྱང་སྔ་མའི་རིགས་པས་ཤེས་པར་བྱའོ། །དེ་དག་གིས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པའི་རིམ་པར་ཕྱེ་བ་མདོ་ཙམ་དུ་བཤད་པའོ། །དེ་ནས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པ་ནི་དོན་དམ་པའི་ཡེ་ཤེས་དེ་ཉིད་ལ་ཟེར་བ་ཡིན་ལ། དེའི་ཕྱིར་ལུགས་འདི་ལ་དེ་བཞིན་ཉིད་ནི་མེད་པར་དགག་པ་ཁོ་ན་ལ་བཤད་དུ་རུང་བ་མ་ཡིན་ནོ། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ་ཞེས་པ་ལ། སྟོང་པ་ཉིད་གསུམ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་དང༌། མེད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དོ། །ཁྱུ་མཆོག་ཅེས་པ་ནི། དེ་སྨྲ་བ་ཐམས་ཅད་ཀྱིས་གཅེས་པར་བཟུང་བའོ། །ཟབ་པ་ནི་གཉིས་མེད་ཀྱི་ཡེ་ཤེས་སོ། །རྒྱ་ཆེ་བ་ནི་སེམས་ཅན་གྱི་དོན་ནོ། །ཆོས་ཀྱི་དུང་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དགའ་ལྡན་ནས་འཛམ་བུའི་གླིང་དུ་འཕོ་བར་འདོད་པ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཐོས་པའི་དུང་བུས་པའོ། །གཎྜི་ཞེས་པ་ནི། མངོན་པར་སངས་རྒྱས་ནས་བཱ་རཱ་ཎ་སཱིར་ཆོས་ཉན་པ་པོ་བསྐུལ་བའི་དོན་དུ་གཎྜིའི་སྒྲ་འབྱིན་པའོ། །དུང་དང་གཎྜི་གཉིས་ཀ་ཡང་ཡེ་ཤེས་སེམས་དཔའི་ངོ་བོ་ལས་མ་འདས་པའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ་ཡང་ཡེ་ཤེས་སེམས་དཔའ་དེ་ཉིད་དོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ནི་ལུང་གི་ཆོས་སོ། །དེ་ཡང་ཡེ་ཤེས་སེམས་དཔའི་ངོ་བོ་ལས་མ་འདས་སོ། །འདིས་ནི་མྱང་འདས་མེད་དགག་ཏུ་ཁས་ལེན་པ་དང༌། ལུང་གི་ཆོས་སྒྲའི་སྐྱེ་མཆེད་ཁོ་ནར་གསལ་བ་ཡང་ཁེགས་པ་ཡིན་ནོ། །གཟུགས་མེད་ཅེས་པ་ནི་ཆོས་ཀྱི་སྐུའོ། །གཟུགས་བཟང་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་པ་ཞེས་པ་ནི། ཆོས་ཀྱི་དབྱིངས་སྟོང་པའི་ཆའོ། །སྣ་ཚོགས་གཟུགས་ཅན་ཞེས་པ་ནི་སྤྲུལ་པའི་སྐུའོ། །ཡིད་ལས་སྐྱེས་ཞེས་པ་ནི་ཆོས་ཀྱི་དབྱིངས་སུ་གྱུར་པའི་ཡེ་ཤེས་ཀྱི་ཆའོ། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ཞེས་པ་ནི། འགྲོ་བ་སེམས་ཅན་གྱི་གཟུགས་རྣམས་སྣང་བའོ། །དེ་ཡང་རང་རྒྱུད་པ་ཁོ་ན་རང་སྣང་གི་ཚུལ་གྱིས་སྣང་བ་ཡིན་ནམ་ཞེ་ན། གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པ་རང་བཞིན་མེད་པར་མཉམ་པ་ཉིད་དུ་མཁྱེན་ཞེས་པའོ། །ཚུགས་པ་མེད་ཅིང་ཞེས་པ་ནི་བར་ཆད་ཀྱིས་མི་ཚུགས་པའོ། །ཆེ་བར་གྲགས་པ་ནི་བསོད་ནམས་ཀྱི་ཚོགས་ཆེ་བའོ། །ཁམས་གསུམ་དབང་ཕྱུག་ནི་ཁམས་གསུམ་ལ་ཁྱབ་པའོ། །དེའི་ཤེས་བྱེད་ཀྱང་གཞིའི་འཇམ་དབྱངས་སེམས་ཅན་ཀུན་ལ་བཞུགས་པ་དང༌། འབྲས་བུའི་འཇམ་དབྱངས་གང་ལ་གང་འདུལ་གྱི་སྐུར་སྟོན་པའོ། །དར་བ་ཆེན་པོ་ཞེས་པ་ནི་སྐྱིད་པ་ཆེན་པོའོ། །ཆོས་ཀྱི་ཏོག་ནི་ཆོས་ཀྱི་རྒྱལ་མཚན་ཏེ་གཞན་ཟིལ་གྱིས་གནོན་པའོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་ཅེས་པ་ནི། རྒས་པ་མི་མངའ་བའོ། །གནས་བརྟན་ཞེས་པ་ནི། ཉན་ཐོས་ཀྱི་ཆོས་སྟོན་པའོ། །རྒན་པོ་ཞེས་པ་ནི་རང་སངས་རྒྱས་ཀྱི་ཆོས་སྟོན་པའོ། །སྐྱེ་རྒུའི་བདག་ནི་བྱང་ཆུབ་སེམས་དཔའི་ཚུལ་འཛིན་པའོ། །གྲངས་ཀྱི་དགུའི་སྐད་དོད་མེད་དོ། །སུམ་ཅུ་རྩ་གཉིས་ཞེས་སོགས་ནི། སངས་རྒྱས་ཀྱི་སྐུ་ལྟ་བས་ཆོག་མི་ཤེས་པར་སྟོན་པའོ། །འཇིག་རྟེན་ཤེས་ལེགས་ཞེས་པ་ནི། འཇིག་རྟེན་པའི་དབང་དུ་བྱས་པའི་བཟོ་དང་སྒྱུ་རྩལ་དང༌། རྩིས་ལ་སོགས་པ་ཡིན་ལ། དེ་དག་ཉེ་བར་སྟོན་ཅིང་ཤེས་པར་བྱེད་པས་ན་ཤེས་ལེགས་སློབ་དཔོན་ནོ། །འཇིག་རྟེན་སློབ་དཔོན་ནི། དེ་ལ་དམ་པའི་ཆོས་སྟོན་པའོ། །འཇིག་པ་མེད་པ་ནི་བག་ཚ་བ་མེད་པའོ། །མགོན་མེད་པ་རྣམས་ཀྱི་མགོན་ལ་སོགས་པར་གྱུར་པས་ན་མགོན་སྐྱོབ་སོགས་སོ། །འཇིག་རྟེན་གྱི་ཡིད་དང་མཐུན་པར་ཆོས་སྟོན་པས་ན་འཇིག་རྟེན་ཡིད་གཅུགས་ཞེས་བྱའོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ་ནི། ཇི་ལྟ་བ་མཁྱེན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ་ཞེས་པ་ནི་ཇི་སྙེད་པ་མཁྱེན་པའོ། །ཡེ་ཤེས་དབང་བསྐུར་ཞེས་པ་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན་ཞེས་པ་དེ་ཙམ་ཞིག་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་བྱས་པའོ། །གསུམ་སེལ་ཞེས་པ་ནི། གསུམ་མཐའ་ཞེས་པའི་དོན་ཏེ། བདེན་པ་གསུམ་གྱི་ཐ་མར་གྱུར་པ་ལམ་གྱི་བདེན་པ་ལ་བཤད་དོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་ཞེས་པ་ནི། སེམས་ཅན་ཀུན་གྱི་གཙོ་བོ་ཆེ་ཞེས་པའི་དོན་ཏོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ཅེས་པ་ནི། ཡོན་ཏན་རྩེ་མོའི་ཡང་རྩེ་མོ་ཞེས་པའི་དོན་ནོ། །ལུས་ཅན་ཀུན་ལས་རྣམ་གྲོལ་བ་ཞེས་པ་ནི། འགྲོ་བ་རིགས་དྲུག་ལས་གྲོལ་བའོ། །ནམ་མཁའི་ལམ་ལ་རབ་གནས་པ་ཞེས་པ་ནི། ཤེར་ཕྱིན་ལ་གནས་པའོ། །ཡིད་བཞིན་ནོར་བུ་ཞེས་སོགས་ནི། རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་མཛད་པའི་དཔེའོ། །སེམས་ཅན་མཉེས་གཤིན་པ་ནི་བུ་བཞིན་དུ་བྱམས་པའོ། །བཟང་ངན་ཤེས་པ་ནི་དགེ་མི་དགེ་ཤེས་པའོ། །དུས་ཤེས་ནི་སེམས་ཅན་གྱི་དོན་བྱ་བའི་དུས་ཤེས་པའོ། །ཁྱབ་བདག་ནི་ཐམས་ཅད་ལ་ཁྱབ་པའོ། །དམ་ཤེས་ནི་སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་སྔགས་རྣམས་ཤེས་པའོ། །དེའི་ཕྱིར་དམ་ཚིག་དང་ལྡན་པའོ། །རྣམ་གྲོལ་གསུམ་ནི་ཐེག་པ་གསུམ་གྱིའོ། །ཡོན་ཏན་ལྡན་པ་ནི་རང་གིའོ། །ཡོན་ཏན་ཤེས་པ་ནི་གཞན་གྱི་ཡོན་ཏན་ཤེས་པའོ། །ཆོས་ཤེས་པ་ནི་བདེན་པ་བཞི་ཤེས་པའོ། །བཀྲ་ཤིས་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པའོ། །བཀྲ་ཤིས་འབྱུང་བ་ནི་དེའི་འབྱུང་ཁུངས་སུ་གྱུར་པའོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ་ནི། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ནང་ནས་ཕུན་སུམ་ཚོགས་པའོ། །གྲགས་པ་ནི་ཇི་ལྟར་ཡང་མི་ཟད་པའོ། །བཀྲ་ཤིས་ནི་འཇམ་དཔལ་ཉིད་དོ། །སྙན་གྲགས་ནི་སྦྱིན་སོགས་དྲི་མ་མེད་པའོ། །དགེ་ཞེས་པ་ནི། དགེ་བ་བཅུའི་ངོ་བོར་བཞུགས་པའོ། །དབུགས་འབྱིན་ཆེན་པོ་ནི། སེམས་ཅན་རྣམས་དབུགས་འབྱིན་པའོ། །དགའ་དོན་ཆེ་ཞེས་པ་ནི་འབྲས་བུ་ཆེ་བའོ། །འདིར་རྒྱ་དཔེ་ལ་དོན་ཞེས་པའི་མཧཱ་ཨརྠ་སྐད་དོད་ཡོད་ཀྱི། སྟོན་ཞེས་བྱ་བའི་སྐད་དོད་མེད་དོ། །བཀུར་སྟི་ནི་བཀུར་བའོ། །རིམ་གྲོ་ནི་བྱ་བ་བྱེད་པའོ། །མཆོག་ཏུ་དགའ་བ་ནི་ཟག་པ་མེད་པའིའོ། །གྲགས་བདག་ནི་བདེ་བ་དང་ཡིད་བདེ་བའོ། །དེའི་བདག་པོ་དང་དཔལ་ལོ། །འཇིག་རྟེན་གྱི་དགྲ་ནི་འཇིགས་པ་ཆེན་པོ་བརྒྱད་དོ། །དེ་སེལ་བས་ན་འཇིགས་པ་མ་ལུས་སེལ་བ་པོ། །ཞེས་བྱའོ། །གཙུག་ཕུད་ནི་བྱིས་པའི་གཟུགས་སོ། །ཕུད་པུ་ནི་ལྷ་གཞོན་ནུའི་གཟུགས་སོ། །ལྕང་ལོ་ཅན་ནི་རལ་པ་ཅན་གྱི་གཟུགས་སོ། །རལ་པ་ནི་སྤྱི་གཙུག་གཅིག་པའི་གཟུགས་སོ། །མུཉྫཱ་བྲམ་ཟེའི་སྐ་རགས་བཅིངས་པའི་སྨད་གཡོགས་ཏེ། བྲམ་ཟེའི་བརྟུལ་ཞུགས་ཅན་ནོ། །ཅོད་པན་ཐོགས་པ་ནི་དབུ་རྒྱན་ཅན་ནོ། །ཇོ་ནང་ལོ་ཙྪ་བས། མུཉྫཱ་ཞེས་པ་མགོ་རེག་ཏུ་བསྒྱུར་བ་ནོར་བ་འདྲའོ། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ་ནི་གོང་དུ་བཤད་པའི་དང་པོའི་སངས་རྒྱས་དེ་ཉིད་དོ། །མགོ་ཟླུམ་ཞེས་པ་ནི་སྐྲ་བྲེགས་པའོ། །བརྟུལ་ཞུགས་ཆེན་པོ་པ་ནི་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པའོ། །ཚངས་པར་སྤྱོད་པ་ནི་ཚངས་པའི་སྤྱོད་པ་ལ་སྤྱད་པའོ། །བརྟུལ་ཞུགས་མཆོག་ནི་དེའི་བརྟུལ་ཞུགས་རབ་ཏུ་བྱུང་བའོ། །དཀའ་ཐུབ་མཐར་ཕྱིན་ནི་དབང་པོ་དུལ་བའོ། །དཀའ་ཐུབ་ཆེ་ཞེས་པ་ནི་ལོ་དྲུག་དཀའ་བ་སྤྱད་པའོ། །གཙང་གནས་ནི་གཙང་སྦྲ་ལ་གནས་པའོ། །གོའུ་ཏ་མ་ཞེས་པ་ནི་གདུང་རུས་ཀྱི་མིང་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཉིད་ཤཱཀྱ་ཐུབ་པའི་སྐུར་བསྟན་པའོ། །བྲམ་ཟེ་ཞེས་པ་ནི། འཇམ་དཔལ་དེ་ཉིད་བྲམ་ཟེའི་སྐུར་སྟོན་པའོ། །ཚངས་པ་ཞེས་པ་ནི་གཟུགས་ཁམས་ཀྱི་ཚངས་པའི་གཟུགས་སུ་སྟོན་པའོ། །ཚངས་པ་ཤེས་ཞེས་བྱ་བ་ནི། རིག་བྱེད་བཞི་པོ་ཤེས་པའོ། །དེ་ལ་དེའི་མིང་གིས་བཏགས་པ་ནི། རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པའོ། །ཡང་ན་ཚངས་པ་ཤེས་ཞེས་པ་རིག་བྱེད་ཉིད་དེ། འཇམ་དཔལ་དེ་ཉིད་དེར་བསྟན་པའོ། །དགོས་པ་ནི་དེས་འདུལ་བ་རྣམས་ཀྱི་དོན་ཏོ། །མྱ་ངན་འདས་པ་ཚངས་པ་ཞེས་པ་ནི་ཚངས་པའི་མྱ་ངན་ལས་འདས་པ་སྟེ། དེ་ནི་འཕགས་པ་ཀུན་དགའ་བོའོ། །དེའི་གཟུགས་ཀྱིས་ཀྱང་བཅོམ་ལྡན་འདས་འཇམ་དཔལ་བཞུགས་སོ། །གྲོལ་བ་ནི་སྟོང་པ་ཉིད་མཐོང་བའོ། །ཐར་པ་ནི་ཤིན་ཏུ་སྦྱངས་པའི་བདེ་བའོ། །རྣམ་པར་གྲོལ་བ་ནི་བྱང་ཆུབ་བོ། །དེའི་ལུས་ནི་དེའི་ཡན་ལག་རྣམས་ལ་བྱ་ལ། དེ་ཡང་རྣམ་པ་བདུན་ནོ། །རྣམ་གྲོལ་ནི་དུས་གསུམ་ལས་རྣམ་པར་གྲོལ་བའོ། །ཞི་བ་ནི་སྤྲོས་པ་ཉེ་བར་ཞི་བ་དང༌། ཞི་བ་ཉིད་ཅེས་པ་ནི་གློ་བུར་གྱི་དྲི་མ་ཞི་བའོ། །མྱ་ངན་འདས་ཞེས་པ་ནི་སྤྱིར་བསྟན་པའོ། །ལྷག་མ་རྣམས་རྒྱས་པར་བཤད་པ་སྟེ། མྱ་ངན་འདས་ཞེས་པ་སྡུག་བསྔལ་ལས་འདས་པའོ། །ཞི་བ་ཞེས་པ་ནི་ཉོན་མོངས་པ་ཞི་བ་སྟེ། སྔ་མ་ཕྱི་རོལ་པ་དང༌། ཕྱི་མ་ཉན་ཐོས་པ་དང་ཐུན་མོང་བ་ཡིན་ནོ། །ལེགས་པར་མྱ་ངན་འདས་ཞེས་པ་ནི། རང་སངས་རྒྱས་རྣམས་ཀྱིའོ། །ཉེ་ཞེས་པ་ནི་མི་བསྐྱོད་པའི་དབང་དུ་བྱས་པའོ། །བདེ་སྡུག་སེལ་བ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་དབང་དུ་བྱས་པའོ། །མཐར་གྱུར་པ་ནི་སྣང་བ་མཐའ་ཡས་ཀྱི་དབང་དུ་བྱས་པའོ། །ཆགས་བྲལ་ཞེས་པ་དོན་གྲུབ་ཀྱི་དབང་དུ་བྱས་པའོ། །ལུས་ལས་འདས་པ་ནི་རྣམ་སྣང་གི་དབང་དུ་བྱས་པའོ། །དེ་ཐམས་ཅད་སྡོམ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཐམས་ཅད་ཀྱང་འཇམ་དཔལ་ཉིད་དོ། །ཐུབ་པ་མེད་པ་ནི་གཞན་གྱིས་མི་ཐུབ་པའོ། །དཔེ་མེད་པ་ནི་དཔེ་དང་བྲལ་བའོ། །མི་མངོན་པ་ནི་སྐྱེས་པ་ལ་སོགས་པའི་གཟུགས་སུ་མི་མངོན་པའོ། །མི་སྣང་ཞེས་པ་ནི་གཟུང་འཛིན་དང་བྲལ་བའོ། །མི་འགྱུར་བ་ནི་ངོ་བོར་གཞན་དུ་མི་འགྱུར་བའོ། །ཀུན་འགྲོ་ནི་སྣང་ཆ་ནས་ཐམས་ཅད་དུ་སོང་བའོ། །ཁྱབ་པ་ནི། སྟོང་ཆ་ནས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པའོ། །རྣམ་ཤེས་ཀྱི་ཡུལ་ལས་འདས་པས་ན་ཕྲ་བའོ། །ཟག་པ་མེད་པའམ་གཉེན་པོར་གྱུར་པས་ན་ཟག་མེད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་དང་བྲལ་བས་ན་ས་བོན་བྲལ་བའོ། །དེ་ལྟར་རྐང་པ་བཞི་པོ་དེས་ནི་གཞིའི་འཇམ་དཔལ་གྱི་དབང་དུ་བྱས་པ་ཡིན་ནོ། །ལམ་གྱི་དབང་དུ་བྱས་པ་ནི། རྡུལ་མེད་ཅེས་པ་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བའོ། །རྡུལ་བྲལ་ཞེས་པ་རང་བཞིན་གྱིས་རྣམ་པར་དག་པའོ། །དྲི་མ་མེད་ཅེས་པ་ནི་དག་པ་གཉིས་ལྡན་ནོ། །དེ་ཉིད་འཆད་པ་ནི། ཉེས་པ་སྤངས་པ་སྐྱོན་མེད་པ་ཞེས་སོགས་སོ། །འབྲས་བུའི་དབང་དུ་བྱས་ན། ཤིན་ཏུ་སད་པ་སད་པའི་བདག་ཅེས་པ་ཇི་ལྟ་བ་མཁྱེན་པའོ། །དེ་ཡང་སད་པ་དང་པོ་ནི་ཇི་ལྟ་བ་མཁྱེན་པ་ཙམ་དང༌། གཉིས་པ་ནི་ཉན་རང་ལས་ཁྱད་པར་དུ་འཕགས་པའོ། །ཇི་སྙེད་པ་མཁྱེན་པ་ནི། ཀུན་ཤེས་ཀུན་རིག་དམ་པ་པོ། །ཞེས་པ་སྟེ། དེ་ལ་ཀུན་ཤེས་པ་ནི་ཤེས་བྱ་མ་ལུས་པ་ཤེས་པའོ། །ཀུན་རིག་པ་ནི་སེམས་ཅན་གྱི་བསམ་པ་དང༌། བག་ལ་ཉལ་ལོ། །དམ་པ་པོ་ཞེས་པ་ནི། འཇམ་དཔལ་ཉིད་དོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས་ཞེས་པ་ཀུན་གཞི་ས་བོན་གྱི་ཆ་སྤངས་པའོ། །ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ལ། གཉིས་མེད་ཚུལ་ནི། ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་སྟེ། འབྲས་དུས་ཀྱི་ཡེ་ཤེས་སོ། །རྣམ་པར་རྟོག་མེད་ཅེས་པ་ཀུན་རྫོབ་ལྟ་ཞོག དོན་དམ་པ་ལ་ཡང་རྣམ་པར་མི་རྟོག་གོ །རྟོག་པ་མེད་ན་སེམས་ཅན་གྱི་དོན་ཇི་ལྟར་བྱེད་སྙམ་པ་ལ། ལྷུན་གྱིས་གྲུབ། ཅེས་པའོ། །དེ་ཡང་ཇི་ལྟར་ན། དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་པ་དུས་གསུམ་གྱི་སངས་རྒྱས་སུ་སྤྲུལ་ནས་སོ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་པ་ནི། འཇམ་དཔལ་དེའི་དང་པོ་དང་ཕྱི་མཐའི་དུས་བཟུང་དུ་མེད་པའོ། །དང་པོ་སངས་རྒྱས་ཞེས་པ་ནི། ཐོག་མ་ཁོ་ནར་སངས་རྒྱས་པ་སྟེ་ཡེ་ཤེས་ལྔའི་བདག་ཉིད་དོ། །རྒྱུ་མེད་པ་ཞེས་པ་ནི། རྒྱུའི་རིམ་པ་མེད་པ་སྟེ། ཐོག་མའི་དུས་བཟུང་དུ་མེད་པའི་ཕྱིར་རོ། །འདིར་དང་པོའི་ཞེས་པའི་དྲུག་པའི་སྒྲ་སྦྱོར་བ་དང༌། རྒྱུ་དུས་ཀྱི་སངས་རྒྱས་ལ་འཆད་པ་ནི་འགྲེལ་པ་དང་མི་མཐུན་ནོ། །ཡེ་ཤེས་མིག་གཅིག་ཅེས་སོགས་ནི། ལུས་དང་མིག་གཉིས་ཀ་ཡེ་ཤེས་ཀྱི་ངོ་བོར་གནས་ཀྱི། འབྱུང་བའི་བདག་ཉིད་མིན་པའོ། །ཚིག་གི་དབང་ཕྱུག་ཅེས་སོགས་བརྒྱད་ནི། སྔ་མ་རྣམས་སྒྲུབ་བྱེད་དུ་བཀོད་ནས། ཕྱི་མ་རྣམས་བསྒྲུབ་བྱའོ། །འདིར་མཚུངས་པ་མེད་ཅེས་འདོན་པ་ནི། འགྲེལ་པ་ན་འཁྲུལ་གཞི་ཡོད་ཀྱང༌། རྒྱ་དཔེ་ཨ་ཛི་ཏ་དང་མི་མཐུན་པས་ཚུགས་པ་མེད་ཅེས་པའོ། །ཀུན་ཏུ་ལྟ་བ་ཞེས་སོགས་ནི་གོ་བར་ཟད་ལ། དཔལ་གྱི་བེའུ་ཞེས་པ་ཐུགས་ཁ་ན་དེའི་མཚན་ཡོད་པའོ། །ལྗོན་པའི་ཤིང་ཞེས་པ་སྨན་གྱི་ལྗོན་ཤིང་དུ་སྐུ་སྤྲུལ་པའོ། །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན་ཞེས་པ་རྒྱུ་སྐར་དེ་དང་དེ་ཐམས་ཅད་ཀྱི་སྐུར་སྟོན་པའོ། །དཔལ་ལྡན་པདྨ་ཞེས་པ་ནི། འགྲོ་ན་གདུགས་གཅིག་ཡངས་པ་སྟེ་ཞེས་པའི་རྒྱས་བཤད་ཡིན་ལ། པདྨ་གར་དབང་ལ་འཆད་པ་ནི་དོན་མིན་ནོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ་ཞེས་སོགས་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཁ་ན་གནས་པའི་ཡེ་ཤེས་སེམས་དཔའ་ཡིན་པའི་དོན་གྱིས་སོ། །རྡོ་རྗེ་རིན་ཆེན་ཞེས་སོགས་ནི་མི་བསྐྱོད་པའོ། །དབང་བསྐུར་དཔལ་ཞེས་པ་ནི་རྡོ་རྗེ་སེམས་མའོ། །རིན་ཆེན་ཀུན་བདག་ཅེས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེའི་དབང་ཕྱུག་ནི་རིན་ཆེན་རྡོ་རྗེ་མའོ། །འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་སོ། །དེའི་ཀུན་གྱི་བདག་ནི་ཆོས་ཀྱི་རྡོ་རྗེ་མའོ། །རྡོ་རྗེ་འཆང་བ་ནི་དོན་ཡོད་གྲུབ་པའོ། །དེའི་ཀུན་གྱི་རྗེ་ནི་ལས་ཀྱི་རྡོ་རྗེ་མའོ། །སངས་རྒྱས་ཀུན་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དེའི་ཐུགས་ཆེ་བ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་ཡུམ་ལྔའི་ངོ་བོར་གནས་པ་ཡིན་ནོ། །སངས་རྒྱས་ཀུན་གྱི་ཞེས་སོགས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པའོ། །རྡོ་རྗེ་ཉི་མ་སོགས་ནི་ཡེ་ཤེས་སེམས་དཔའ་དེ་ཉིད་སྣང་བར་བྱེད་པ་དང༌། བསིལ་བར་བྱེད་པ་དང༌། ཉོན་མོངས་པའི་དྲི་མ་མེད་པའོ། །རྐང་པ་གཉིས་པོས་མན་ངག་འདི་ལྟར་བསྟན་ཏེ། རྣལ་འབྱོར་པ་རང་གི་སྙིང་ཁར། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཁ་སྦྱར་བའི་བར་དུ་ཡི་གེ་ཨ་བསམས་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ། །ཞེས་པ་ནི་མན་ངག་གོ །ཆགས་བྲལ་ལ་སོགས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའོ། །ཆགས་པ་ཆེ་ཞེས་པ་ནི་གསང་སྔགས་ཀྱི་སྤྱོད་པ་སྟེ། དེ་གཉིས་ཀ་ཡང་འཇམ་དཔལ་ཉིད་དོ། །ཁ་དོག་སྣ་ཚོགས་འབར་བའི་འོད་ཅེས་པ་ནི། གཟུགས་ཀྱི་སྐུའི་ཁ་དོག་སྣ་ཚོགས་པས་ཆོས་སྟོན་པར་མཛད་པའོ། །འདིའི་མན་ངག་ནི། ཡེ་ཤེས་སེམས་དཔའ་བསྐྱེད་ནས་མཚན་ཡང་དག་པར་བརྗོད་པ་བཀླག་པའོ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ཞེས་པ་ནི། རྡོ་རྗེའི་གདན་དུ་སྐྱིལ་མོ་ཀྲུངས་ལ་གནས་ནས་སངས་རྒྱས་པའོ། །དེ་ཡང་འཇམ་དཔལ་ཉིད་དོ། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ་ཞེས་པ་ནི། སངས་རྒྱས་རྣམས་ཀྱི་གསུང་གི་མཛོད་འཛིན་པའོ། །འགྲོ་བའི་ཞེས་པ་འགྲེལ་པ་དང་རྒྱ་དཔེ་བུདྷ་སཾ་གཱི་ཏི་གཉིས་ཀ་དང་མི་མཐུན་ནོ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཞེས་པས་སྤངས་པ་ཕུན་སུམ་ཚོགས་པ་དང༌། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ཞེས་པས་རྟོགས་པ་ཕུན་སུམ་ཚོགས་པ་བསྟན་ནོ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་ཞེས་པ་ནི་སྤྲུལ་པ་སྣ་ཚོགས་སྟོན་པའོ། །ཆེ་བ་སངས་རྒྱས་རིག་སྔགས་རྒྱལ་ཞེས་པ་ནི་གཟུངས་རྣམ་པ་བཞི་འཛིན་པའོ། །རྡོ་རྗེ་རྣོན་པོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །རལ་གྲི་ཆེ་ཞེས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རྣམ་པར་དག་ཅེས་པ་དམ་ཚིག་གི་ཕྱག་རྒྱ་སྟེ་ཤེར་ཕྱིན་གྱི་པོ་ཏི་ལ་བྱའོ། །ཡི་གེ་མཆོག་ཅེས་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ་ཐུགས་ཁའི་དྷཱི་ཡིག་གོ །དེ་ཉིད་ཀྱི་ཕྱིར་ན་དང་པོའི་སངས་རྒྱས་དེ་ལ་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་དོན་ནོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །ཞེས་པ་ནི་འཇམ་དཔལ་ཉིད་དོ། །རྡོ་རྗེ་ཟབ་མོ་ཞེས་པ་ཡང་དེ་ཉིད་དོ། །ཛཱི་ན་ཞེས་པ་ནི་རྒྱལ་བ་སྟེ། མི་བསྐྱོད་པ་ལ་སོགས་པ་རྣམས་སོ། །ཛཱི་ཀ་ཞེས་པ་དེ་ལས་ཀྱང་རྒྱལ་བ་སྟེ་རྣམ་པར་སྣང་མཛད་དོ། །དེ་ཡང་རིག་པའི་ཆ་ནི་རྒྱལ་བ་དང༌། སྟོང་པའི་ཆ་ནི་དེ་ལས་ཀྱང་རྒྱལ་བས་ཏེ། དེ་ཡང་འཇམ་དཔལ་ཉིད་དོ། །རྡོ་རྗེ་བློ་གྲོས་ཞེས་པ་ནི། །རྡོ་རྗེ་ཆོས་དང་དོན་གཅིག་ལ། །དེ་ཡང་རྡོ་རྗེའི་ཡེ་ཤེས་སོ། །ཕ་རོལ་ཕྱིན་པ་ཞེས་སོགས་ཀྱང་འཇམ་དཔལ་ཉིད་དོ། །རྣམ་པར་དག་པ་བདག་མེད་ཆོས་ཞེས་པ་ནི་ཡེ་ཤེས་སེམས་དཔའ་ཉིད་ཡིན་ལ། ཟླ་འོད་བཟང་ཞེས་པ་ནི་ཐུགས་ཁའི་ཟླ་བའོ། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པ་ནི་འཇམ་དཔལ་ཉིད་རྒྱུད་ཀུན་གྱི་བདག་པོ་སྒྱུ་འཕྲུལ་དྲྭ་བའི་ངོ་བོར་བཞུགས་པའོ། །རྡོ་རྗེའི་གདན་ནི་མ་ལུས་ལྡན་ཞེས་པས་ཞི་གནས་དང༌། ཡེ་ཤེས་སྐུ་རྣམས་མ་ལུས་ཞེས་པས་ལྷག་མཐོང་བསྟན་ལ། འཆང་ཞེས་པ་ནི་དེ་གཉིས་ཟུང་དུ་འཇུག་པའོ། །ཀུན་ཏུ་བཟང་པོ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་བྱ་ལ། བློ་གྲོས་བཟང་ཞེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའོ། །ས་ཡི་སྙིང་པོ་ཞེས་པ་ནི་སྣོད་ཀྱི་འཇིག་རྟེན་གྱི་སྙིང་པོ་ལ་བྱ་ལ། དེས་འགྲོ་བའི་རྟེན་བྱེད་པའོ། །དེའི་དོན་ཡང་བརྟན་གཡོ་གཉིས་ཀ་ལ་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་ཉིད་འཇམ་དཔལ་ལོ། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་དོ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་པ་ནི། དེ་ཉིད་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་སྐུར་སྟོན་པའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག་ཅེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་ཡིན་ལ། དེས་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་འཛིན་པ་ལ། དངོས་པོ་ཀུན་གྱི་རང་བཞིན་འཛིན་ཞེས་པའོ། །དེ་ཉིད་རྒྱས་པར་འཆད་པ་ནི། སྐྱེ་མེད་ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཞེས་སོ། །ཤེས་རབ་ཆེན་པོས་ཞེས་སོགས་ནི་གོ་བར་སླ་བ་དེ་ཉིད་ཡིན་ལ། འབྱུང་པོའི་མཐའ་ཞེས་པ་ནི་ཡང་དག་པའི་མཐའ་ལ་བྱ་ལ། དེ་ཉིད་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མི་གཡོ་བའི་ཚུལ་སྟོན་པ་ནི། མི་གཡོ་རབ་ཏུ་ཞེས་སོགས་སོ། །དེ་ལྟར་ན་ལེའུ་འདི་ལ། ཚིགས་སུ་བཅད་པ་ནི་བཞི་བཅུ་རྩ་གཉིས། མཚན་སྔགས་ཀྱི་ཡི་གེ་ནི་བརྒྱ་དང་བདུན་ཅུ་རྩ་ལྔར་གྲངས་ངེས་པ་ཡིན་ནོ། །ཡི་གེ་དེ་རྣམས་ཁ་བཏོན་ཏུ་ཀློག་པ་དང་དུས་མཉམ་དུ་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སུ་སོང་ནས། སེམས་ཅན་འདོད་ཆགས་ལ་སྤྱོད་པ་རྣམས་ཀྱི་དོན་བྱས། སླར་ལོག་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་འཁོད་པར་བསམ་མོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་མདོ་ཙམ་བཤད་པའོ། །ལྔ་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་ལ། འདོད་པའི་དོན་གྲུབ་དམ་པ་སྟེ་ཞེས་སོགས་ནི་གོ་བར་ཟད་ལ། སྒེག་འཆང་ཞེས་སོགས་ཀྱིས་ནི། སྒེག་པ་དང༌། དཔའ་བ་དང༌། མི་སྡུག་པ་སྡེ་སྐུའི་ཉམས་གསུམ་སྟོན་ནོ། །འདིར་དཔའ་བ་མི་སྡུག་ཅེས་སྦྱར་ན་བི་རུ་སྐད་དོད་དང་འགྲེལ་པ་གཉིས་ཀ་དང་མཐུན་ནོ། །དེ་ཉིད་འཆད་པ་ནི། ལག་པ་བརྒྱ་པོ་ཞེས་སོགས་སོ། །གོམ་པའི་སྟོབས་ཞེས་པ་རྒྱ་དཔེ་པ་ཏ་དཾཀྵོ་ལ་མེད་དོ། །དེ་ཡང་ཁྱབ་འཇུག་འདུལ་བའི་དོན་དུ། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །ཞེས་སོགས་དེ་ལྟར་དུ་བསྟན་པ་ཡིན་ནོ། །ཞེས་འཆད་དོ། །དོན་གཅིག་གཉིས་མེད་ཅེས་པ་ནི། གཟུང་འཛིན་གཉིས་སུ་མེད་པའི་སྟོང་པ་ཉིད་གཅིག་པུ་དེའོ། །ཆོས་ཀྱི་དོན་ཞེས་པ་ནི་དེ་དང་དབྱེར་མེད་པའི་ཡེ་ཤེས་སོ། །དམ་པའི་དོན་ཞེས་པ་ནི། དེ་ཉིད་དོན་དམ་པའི་བདེན་པར་སྟོན་པའོ། །འཇིག་པ་མེད་ཅེས་པ་ནམ་མཁའ་དང་འདྲ་བའོ། །འདིར་འཇིགས་པ་ཞེས་འབྱུང་བ་འགྲེལ་པ་ན་སྣང་ཡང༌། དོན་ལ་མི་འགྲིག་ཅིང་བི་ནེ་ཤྭ་ར་སྐད་དོད་དང་མི་མཐུན་ནོ། །འོ་ན་ཀུན་རྫོབ་ཏུ་སྣང་ཚུལ་ཇི་ལྟ་བུ་ཞེ་ན། རྣམ་རིག་སྣ་ཚོགས་གཟུགས་སོགས་དོན། །ཞེས་པ་འཇུག་པའི་རྣམ་པར་ཤེས་པ་དང༌། །སེམས་ཞེས་པ་ཀུན་གཞིའི་རྣམ་པར་ཤེས་པ་དང༌། རྣམ་ཤེས་ཞེས་པ་ཉོན་མོངས་པ་ཅན་གྱི་ཡིད་དོ། །རྒྱུད་དང་ལྡན་ཞེས་པ་ནི། དེ་ལས་དེ་བརྒྱུད་མར་འབྱུང་བའོ། །དེ་ལྟར་ན་རྣམ་ཤེས་ཚོགས་བརྒྱད་པོ་དེའི་གསལ་ཆ་དེ་ཡང་འཇམ་དཔལ་ཉིད་དོ། །དངོས་དོན་མ་ལུས་རྣམས་ལ་དགའ་ཞེས་པ་ནི་ཀུན་རྫོབ་ཀྱི་ཆ་ལ་སྤྲོ་བ་དང༌། སྟོང་པ་ཉིད་དགའ་ཞེས་པ་ནི་དོན་དམ་པའི་ཆ་ལ་སྤྲོ་བ་ལ་བྱ་ལ། འདོད་ཆགས་བློ་ཞེས་པ་ནི། མཆོག་གི་བློ་ཞེས་པ་སྟེ། དེ་གཉིས་པོའི་རང་བཞིན་མཁྱེན་པའི་ཚུལ་གྱིས་དགའ་བའོ། །སྲིད་པའི་འདོད་ཆགས་སོགས་སྤངས་པ་ཞེས་སོགས་ནི། འདོད་པ་དང་སྲིད་པའི་ཆགས་པ་སྤངས་ཀྱང༌། སྲིད་པ་གསུམ་དུ་སྐྱེ་བ་ལེན་པའོ། །སྤྲིན་དཀར་དག་པ་བཞིན་དུ་དཀར་ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་ནི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ཅེས་བྱ་བ། སྒྱུ་འཕྲུལ་དྲྭ་བས་བྱང་ཆུབ་པའི་གཞིའི་སངས་རྒྱས་ཐོག་མར་བཤད་པ་དེ་ཉིད་བསྟན་པ་ཡིན་ནོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ཞེས་པ་ནི་ས་དང་པོའི་ཡོན་ཏན་དང༌། རྫུ་འཕྲུལ་རྐང་པ་སྟོབས་ཆེན་ལྡན། །ཞེས་པས་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་པ་ནི། དེ་ཉིད་ནི་ངོ་བོ་ཉིད་རྣམ་པ་གསུམ་ལ་བྱ་ལ། དེ་ཡང་ཇི་སྐད་དུ། ངོ་བོ་ཉིད་གསུམ་རྟག་མེད་དང༌། །ཞེས་སོགས་གསུངས་པ་དེ་ཉིད་དོ། །དྲན་པ་ཆེན་པོ་ནི་མི་བརྗེད་པའི་གཟུངས་སོ། །དྲན་པ་བཞི་པོ་ནི་དྲན་པ་ཉེ་བར་བཞག་པ་བཞིའོ། །ཏིང་འཛིན་ནི་སེམས་རྩེ་གཅིག་པའོ། །རྒྱལ་ཞེས་པ་དེ་རྣམས་རང་རང་གི་མི་མཐུན་པའི་ཕྱོགས་ལས་རྒྱལ་བའོ། །དེ་དག་ཀྱང་འཇམ་དཔལ་ཉིད་དོ། །མདོར་ན་དོན་གཅིག་ཅེས་སོགས་སུ་གཞིའི་འཇམ་དཔལ་དང༌། འཇིག་རྟེན་ཁམས་བརྒྱ་སོགས་སུ་ལམ་གྱི་འཇམ་དཔལ་ལོ། །བྱང་ཆུབ་ཡན་ལག་ཅེས་པ་ནི་བདུན་པོའོ། །མེ་ཏོག་སྤོས་ཞེས་པ་ནི་གཟུགས་ཅན་གྱི་རྒྱན་ནོ། །དེ་བཞིན་གཤེགས་པའི་ཡོན་ཏན་ཞེས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །མཚོ་ཞེས་པ་ནི་གཟུགས་ཅན་ནོ། །ལམ་གྱི་ཡན་ལག་བརྒྱད་ནི་འཕགས་ལམ་བརྒྱད་དོ། །ཚུལ་རིག་པ་ནི་དེའི་ཐབས་མཁྱེན་པའོ། །ཡང་དག་སངས་རྒྱས་ནི་འབྲས་བུའི་དུས་ཀྱིའོ། །ལམ་རིག་པ་ནི་དེར་འགྲོ་བའི་ལམ་མཁྱེན་པའོ། །འབྲས་བུའི་འཇམ་དཔལ་གྱི་དབང་དུ་བྱས་པ་ནི། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོ་དང༌། བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད་ཅེས་པ་དོན་དམ་པར་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ལ་གནས་པའོ། །སེམས་ཅན་ཀུན་གྱི་ཡིད་ལས་སྐྱེས། །ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་གཞི་དུས་ཀྱི་འཇམ་དཔལ་བཞུགས་པ་དེ་ལས་སྐྱེས་བའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ནི་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་དང་མཐུན་པར་སྟོན་པའོ། །སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་སོགས་ནི་གོ་བར་ཟད་ལ། ཕུང་པོ་ལྔ་དོན་དེ་ཉིད་ཤེས། །ཞེས་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློའོ། །རྣམ་དག་ཕུང་པོ་ལྔ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པའོ། །དེ་འཆང་བ་ནི་འཇམ་དཔལ་ཉིད་དོ། །ངེས་འབྱུང་ཀུན་གྱི་མཐའ་ནི་མི་གནས་པའི་མྱང་འདས་སོ། །ངེས་པར་འབྱུང་བ་ཀུན་ལ་མཁས་པ་ནི། ཉན་ཐོས་ཀྱི་མྱང་འདས་ལ་མཁས་པའོ། །ངེས་འབྱུང་ཀུན་གྱི་ལམ་ལ་གནས་པ་ནི། རང་སངས་རྒྱས་ཀྱིའོ། །ངེས་པར་འབྱུང་བ་ཀུན་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ་མ་རིག་པ་དྲུངས་ཕྱུང་བའོ། །དག་པ་རྣམ་པ་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་སྟེ། གཟུང་འཛིན་གཉིས་ཀྱིས་དབེན་པའོ། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཞེས་པ་ནི། མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་རྣམ་པ་ཅན་ནོ། །ཤེས་པ་བརྒྱད་པོ་ཞེས་པ་ནི། ཕ་རོལ་སེམས་ཤེས་དང༌། ཀུན་རྫོབ་ཤེས་པ་གཉིས་མ་གཏོགས་པའི་ཤེས་པ་བརྒྱད་པོ་ཉིད་དོ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་པ་ནི། བདེན་པ་བཞི་པོ་ལན་གསུམ་དུ་བཟླས་པའོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག་ཅེས་པ་ནི་བདེན་པ་བཞི་པོ་དེ་ཉིད་ལ་དམིགས་པའི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གོ །རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པ་ནི་འཇིག་ཚོགས་ལ་ལྟ་བའི་རི་བོ་ཉི་ཤུ་པོ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་དེའི་འགལ་ཟླར་གྱུར་པའི་ཡེ་ཤེས་ཉི་ཤུ་མངོན་དུ་གྱུར་པའོ། །རྣམ་པར་སངས་རྒྱས་ཀུན་རིག་མཆོག །ཅེས་པ་ལ་ཚིག་གསུམ་ལས། རྣམ་པར་སངས་རྒྱས་ཞེས་པའི་དོན་ནི། རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པའོ། །ཀུན་རིག་ཅེས་པའི་དོན་ནི། ཀུན་ཤེས་ཀུན་རིག་དམ་པའོ། །ཞེས་པའོ། །མཆོག་ཅེས་པ་ནི། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པས་བསྟན་ནོ། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །ཞེས་པ་ནི། གོ་བར་སླ་ལ། སྐད་ཅིག་ཐམས་ཅད་མངོན་པར་རྟོག་ཞེས་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའོ། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག་ཅེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་མ་རེ་རེའི་དོན་མཁྱེན་པའོ། །ཐེག་པ་སྣ་ཚོགས་ཞེས་སོགས་ནི་གོ་བར་ཟད་ལ། འདིར་རྟོག་པ་པོ་ཞེས་པའི་བཾ་བ་ཝ་ཀ་སྐད་དོད་ཡོད་ཅིང༌། དོན་དང་མཐུན་ལ། རྟོགས་པ་པོ་ཞེས་པ་ལ་ནི་གང་ཡང་མེད་དོ། །ཉོན་མོངས་ཁམས་རྣམས་ཞེས་སོགས་ཀྱི་དོན་ནི། ཉོན་མོངས་པ་དང༌། ཆུ་བོ་དང༌། སྦྱོར་བ་རྣམས་ནི་མིང་གི་རྣམ་གྲངས་ཡིན་ལ། ཁམས་དང༌། རྒྱ་མཚོ་དང༌། དགོན་པ་ནི་གཟུགས་ཅན་ནོ། །ཉོན་མོངས་ཉེ་བའི་ཞེས་སོགས་ནི་གོ་བར་སླ་ལ། དོན་ཡོད་ཅེས་པ་ནི། ཨ་མོ་གྷ་ཞེས་པའི་སྒྲ་ལས་ཐོགས་པ་མེད་པའོ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། ཞེས་པ་ནི། འདུ་ཤེས་མེད་པ་བ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྣམས་ལ་འདུ་ཤེས་ཀུན་ཞེས་བྱ་ལ། དེ་སྤངས་པའོ། །རྣམ་ཤེས་དོན་ནི་ཞེས་པ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་བྱ་ལ། དེ་འགག་པར་བྱེད་པ་ནི་འགོག་པའི་སྙོམས་པར་འཇུག་པའོ། །མདོར་ན་འདུ་ཤེས་དང་རྣམ་ཤེས་འགོག་པའི་ངོ་བོ་ཡང་འཇམ་དཔལ་ཉིད་དོ། །སེམས་ཅན་ཀུན་ཡིད་ཅེས་པ་ནི་ཉོན་མོངས་ཅན་གྱི་ཡིད་དོ། །དེའི་ཡུལ་ནི་ཀུན་གཞི་སྟེ། དེ་ཡང་འཇམ་དཔལ་ཉིད་དོ། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །ཞེས་པ་ཡང་འབྲས་དུས་ཀྱི་འཇམ་དཔལ་ཉིད་དོ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །ཞེས་པ་ནི་གཞི་དུས་ཀྱི་འཇམ་དཔལ་ལོ། །དེ་དག་སེམས་དང་མཐུན་པར་འཇུག །ཅེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གཅིག་ཁོ་ན་ཡིན་པའོ། །དོན་འདི་ནི། ཇི་སྐད་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་ཞེས་པ་དང་མཐུན་ནོ། །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་ཅེས་པ་དེ་ཉིད་འཆད་པ་ནི། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པ་སྟེ། གཞི་དུས་ཀྱི་འཇམ་དཔལ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་བདེ་གསལ་དུ་རོ་གཅིག་པར་བྱེད་པའོ། །གྲུབ་པའི་མཐར་ཕྱིན་ནི་འབྲས་དུས་ཀྱི་འཇམ་དཔལ་ཉིད་དོ། །འཁྲུལ་པ་མེད་ཅེས་སོགས་ནི། དེའི་ཐབས་མ་ནོར་བར་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་མེད་པའི་བློ་ཞེས་བྱའོ། །གང་ལ་ན། དོན་གསུམ་ཞེས་པ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའོ། །ཀུན་དོན་ཞེས་པ་ནི། བརྟན་པ་དང་གཡོ་བ་ཀུན་ལ་ཁྱབ་པའོ། །ཡོན་ཏན་གསུམ་གྱི་བདག་ཅེས་པ་ནི། རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པ་དང་མི་མཉམ་པ་གཉིས་སོ། །ཡོན་ཏན་དེ་གསུམ་གྱི་བདག་པོ་ནི་ཤེས་རིག་གི་སྐྱེས་བུ་སྟེ་འཇམ་དཔལ་ཉིད་དོ། །འདིར་ཡང་རྐང་པ་བཞི་པོས་གཞི་ལམ་འབྲས་བུའི་འཇམ་དཔལ་རྣམ་པ་གསུམ་མཚོན་ནོ། །ཕུང་པོ་ལྔ་དོན་དང༌། དུས་གསུམ་ནི་མིང་གི་རྣམ་གྲངས་ཏེ། ཇི་སྐད་དུ། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །དེ་དག་ཉིད་དུས་ཞེས་གསུངས་པ་ལྟར་རོ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ་ནི་ལམ་གྱི་གནས་སྐབས་སོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་འབྲས་བུ་མངོན་དུ་བྱས་པའི་དུས་སོ། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པ་ནི་ཡེ་ཤེས་སེམས་དཔའ་དེ་ཉིད་དོ། །ལུས་མེད་ལུས་ཞེས་པ་ནི་ཆོས་ཀྱི་སྐུའོ། །ལུས་ཀྱི་མཆོག་ཅེས་པ་ནི། དེ་ཉིད་སྐུ་གཞན་ལས་མཆོག་ཏུ་གྱུར་པའོ། །ལུས་ཀྱི་མཐའ་ནི་རྟོག་པ་པོ། །ཞེས་པ་ནི་གཞན་དོན་དུ་ལུས་མཐའ་ཡས་པ་འཕྲོ་བའོ། །དེ་ཉིད་ཀྱི་ཕྱིར་ན་གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ཞེས་བྱའོ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པ་ནི་འཆང་ཞེས་པའི་ཚིག་དང་སྦྱར་ཏེ། དགོས་འདོད་འབྱུང་བ་དང་ཡོན་ཏན་རྫོགས་པས་ན་ནོར་བུ་ཆེན་པོ་ཞེས་བྱའོ། །དེ་ཉིད་རིན་པོ་ཆེའི་ཏོག་ལྟར་འཛིན་པས་ན་རིན་ཆེན་ཏོག་ཅེས་བྱའོ། །དེ་ལྟར་ན་ལེའུ་འདི་ལ་ཚིགས་སུ་བཅད་པ་ཉི་ཤུ་རྩ་བཞི། མཚན་སྔགས་ཀྱི་ཡི་གེ་བརྒྱ་དང་བཞིའོ། །མཚན་སྔགས་ཀྱི་ཡི་གེ་དེ་དག་ཡེ་ཤེས་སེམས་དཔའི་སྙིང་ཁའི་ཨ་ལས་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པར་སོང༌། སེམས་ཅན་རྣམས་ཀྱི་དོན་བྱས། སླར་ལོག་སྟེ། དེ་བཞིན་གཤེགས་པ་རིགས་ལྔར་གྱུར་ནས། དཀྱིལ་འཁོར་གྱི་འཁོར་ལོ་ལ་འཁོད་པར་བསམ་མོ། །དེ་དག་གིས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་མདོར་བསྡུས་ཏེ་བཤད་པའོ། །དྲུག་པ་བྱ་བ་ནན་ཏན་གྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་ལ། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་མངོན་དུ་བྱ་བ་ནི་འཇམ་དཔལ་ཉིད་དོ། །སངས་རྒྱས་བྱང་ཆུབ་ཞེས་པ་ནི་ཐེག་པ་གསུམ་གྱི་བྱང་ཆུབ་བོ། །བླ་ན་མེད་པ་ནི། རྫོགས་པའི་བྱང་ཆུབ་བོ། །གསང་སྔགས་ལས་བྱུང་ཞེས་པ་ནི་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་གསང་སྔགས་སྐྱེ་བའི་གནས་ཡིན་པའི་ཕྱིར། ལས་བྱུང་སྟེ་རྐྱེན་ཞེས་པའི་དོན་ཏོ། །འགྲེལ་པ་ལས་དེ་སྐད་དུ་གསུངས་པ་ལྟར་ན་གསང་སྔགས་འབྱུང་གནས་ཞེས་པར་འགྱུར་རོ། །ཡི་གེ་མེད་ཅེས་པ་ནི་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་དང་བྲལ་བའོ། །གསང་སྔགས་ཆེན་པོ་ཞེས་པ་ནི། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་རིགས་རྣམ་པ་གསུམ་དང་ལྡན་པས་ན། རིགས་གསུམ་པ་ཞེས་བྱའོ། །གསང་སྔགས་དོན་ཀུན་བསྐྱེད་པ་པོ་ཞེས་པ་ནི་འཇིག་རྟེན་དང༌། དེ་ལས་འདས་པའི་གསང་སྔགས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པའོ། །ཐིག་ལེ་ཆེན་པོ་ཞེས་པ་ནི། ཨ་ལ་སོགས་པའི་ཡི་གེ་ཐམས་ཅད་ཐིག་ལེའི་ངོ་བོར་གནས་པ་སྟེ་འཇམ་དཔལ་ཉིད་དོ། །དེའི་ཕྱིར་ཡི་གེ་མེད་ཅེས་བྱའོ། །སྟོང་པ་ཆེན་པོ་ནི། སྟོང་ཉིད་བཅུ་དྲུག་སྟེ། སེམས་དཔའ་བཅུ་དྲུག་གི་རང་བཞིན་ནོ། །ཡི་གེ་ལྔ་ནི་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་རྣམ་པ་ལྔའོ། །དེ་ཡང་ཨ་ཧཱུྃ་ཨོཾ་ཧྲི་ཨ་ཞེས་པའོ། །ཐིག་ལེ་སྟོང་པ་ཞེས་པ་ནི། ས་བོན་གྱི་ཡི་གེ་ལ་གནས་པའི་ཐིག་ལེའོ། །དེ་ཡང་ངག་གི་དབང་ཕྱུག་གི་ས་བོན་མུཾ་ཞེས་པ་ལ་འཆད་དོ། །ཡི་གེ་དྲུག་ཅེས་པ་ནི། ཨོཾ་ཝ་གི་ཤྭ་རི་མུཾ་ཞེས་པ་ལ་བྱའོ། །འདིར་ཡི་གེ་བརྒྱ་ཞེས་འབྱུང་བ་ནི་སྒྲའི་བསྟན་བཅོས་དང་མཐུན་ཞིང༌། དུས་ཀྱི་འཁོར་ལོ་ལྟར་ན་བརྒྱའི་བཤད་པ་འབྱུང་ཡང༌། ལུགས་འདི་ལ་མེད་དོ། །རྣམ་པ་ཀུན་ལྡན་ཞེས་པ་ནི། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །རྣམ་པ་མེད་ཅེས་པ་དོན་དམ་པ་ཆོས་ཀྱི་སྐུར་རོ་གཅིག་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན་ཞེས་པའི་རྐང་པ་གསུམ་གྱི་དོན་ནི། བླ་མའི་མན་ངག་ལས་རྟོགས་དགོས་པའི་ཕྱིར། འདིར་མི་འགྲེལ་ཏོ། །ཞེས་འགྲེལ་པར་གསུངས་སོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་པ་ནི། དེའི་ཡན་ལག་རྟོག་དཔྱོད་དང་དགའ་བདེ་ལ་སོགས་པ་ཤེས་པའོ། །ཏིང་འཛིན་རིག་ཅེས་པ་དེ་ལ་ཏིང་ངེ་འཛིན་དུ་བྱེད་པའི་ཚུལ་རིག་པའོ། །རྒྱུད་རིག་པ་ནི། གདུལ་བྱའི་སེམས་རྒྱུད་ཤེས་པའོ། །ཏིང་འཛིན་ལུས་ཅན་ནི་ཡེ་ཤེས་ཀྱི་སྐུའོ། །དེའི་ཕྱིར་ལུས་ཀྱི་མཆོག་ཅེས་ཀྱང་བྱའོ། །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ཅེས་པ་དེའི་སྐུར་བསྟན་ནས། འཁོར་ཚོགས་ཀུན་གྱི་ནང་ན་རྒྱལ་པོ་ལྟ་བུར་གྱུར་པའོ། །སྤྲུལ་པའི་སྐུ་སྟེ་ཞེས་པ་དེར་སྟོན་པའོ། །དེའི་ཕྱིར་ན་འཇིག་རྟེན་གྱི་སྐུ་གཞན་ལས་མཆོག་ཡིན་ནོ། །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ཞེས་པ་ནི། དེ་ཐམས་ཅད་ཀྱི་གདུང་འཚོབ་པའོ། །སྤྲུལ་པ་སྣ་ཚོགས་འགྱེད་ཅེས་པ་དེ་གང་ཞེ་ན། ལྷའི་དབང་པོ་ནི་ཁྱབ་འཇུག་གོ །ལྷ་ཡི་བླ་ནི་ཚངས་པའོ། །ལྷ་མིན་དབང་པོ་ནི་རྣམ་པར་སྣང་བར་བྱེད་པའི་གཟུགས་སོ། །ལྷ་མིན་བདག་ནི། གཟའ་རཱ་ཧུ་ལའི་རང་བཞིན་ནོ། །ཞེས་འགྲེལ་པར་གསུངས་ལ། སྐད་དོད་ལ་ལྷ་མིན་གཅིག་ལས་མི་སྣང་ངོ༌། །འཆི་མེད་དབང་པོ་ནི་བརྒྱ་བྱིན་ནོ། །ལྷའི་བླ་མ་ནི་གཟའ་ཕུར་བུའོ། །འཇོམས་བྱེད་ནི་ཚོགས་ཀྱི་བདག་པོའོ། །འཇོམས་བྱེད་དབང་ཕྱུག་པོ་ནི། མཧཱ་དེ་བ་དེ་རྣམས་སུ་སྤྲུལ་ནས་འགྲོ་བའི་དོན་བྱེད་པའོ། །འོ་ན་འཁོར་བ་ལས་མ་གྲོལ་ལམ་སྙམ་ན། སྲིད་པའི་དགོན་པ་ལས་བརྒལ་བ་ཞེས་སོ། །སྟོན་པ་གཅིག་པུ་ནི་འཇམ་དཔལ་ཏེ་གཉིས་པ་གཞན་མེད་པའོ། །དེ་ཉིད་ཀྱི་ཕྱིར་འགྲོ་བའི་བླ་མ་ཞེས་བྱའོ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་ནི། དེ་ཐམས་ཅད་དུ་ཆོས་སྟོན་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྦྱིན་བདག་ཅེས་བྱའོ། །ཆེ་ཞེས་པ་ནི། བརྟན་གཡོ་ཐམས་ཅད་ལ་ཁྱབ་པའོ། །ཆོས་ཀྱི་སྦྱིན་པ་ཇི་ལྟར་གཏོང་ཞེ་ན། བྱམས་པའི་གོ་ཆ་སོགས་སོ། །འདིར་གོ་ཆ་ནི་སྤྱི་མིང་དང༌། ཡ་ལད་ནི་ཁྲབ་བོ། །ཤེས་རབ་ཅེས་པ་ནི་དེའི་ཕར་ཕྱིན་གྱི་པོ་ཏིའོ། །རལ་གྲི་ཞེས་པ་ནི་ཤེས་རབ་ཀྱིའོ། །མདའ་ཞེས་པ་ནི་སེམས་ཕྲ་མོ་འབིགས་པའོ། །གཞུ་ཞེས་པ་ནི་རྡོ་རྗེའི་གཞུའོ། །དེས་ཅི་ཞིག་བྱེད་ན། ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །ཞེས་པའོ། །འདིས་ཡེ་ཤེས་སེམས་དཔའ་ཕྱག་བཞི་པ་ཁ་དོག་དམར་པོ་ཞིག་བསྟན་པ་གསུངས་ལ། དེ་ཡང་རྡོ་རྗེ་རྣོན་པོ་ལ་དགོངས་པ་ལས་འོས་གཞན་མེད་དོ། །དཔའ་བོ་བདུད་དགྲ་ཞེས་སོགས་ནི། རྡོ་རྗེའི་གདན་ལ་བཞུགས་ནས་བདུད་བཏུལ་བའོ། །དེ་ཡང་འཇམ་དཔལ་ཉིད་དོ། །མཆོད་འོས་ཞེས་སོགས་ནི་གོ་བར་སླ་ལ། བརྗོད་པར་བྱ་བའི་མཆོག་ཅེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེའི་བསྔགས་པ་བརྗོད་པར་འོས་པའོ། །ཞེས་འགྲེལ་པར་གསུངས་ལ་སྐད་དོད་ལ་རྗེད་པར་བྱ་བ་སྣང་ངོ༌། །རི་མོར་ཞེས་པ་ནི་རིམ་གྲོའི་དོན་ཏོ། །འཇིག་རྟེན་གསུམ་པོ་ཞེས་པ་ནི། རྫུ་འཕྲུལ་གྱི་དབང་དུ་བྱས་པའོ། །གསུམ་རིག་ནི་ངེས་བརྗོད་དང༌། མཆོད་སྦྱིན་དང༌། སྙན་དངགས་ཀྱི་རིག་བྱེད་རྣམས་ཤེས་པའམ། ཡང་ན། སྔོན་དང༌། ཕྱི་མཐའ་དང༌། ད་ལྟར་རིག་པའོ། །གཙང་མ་ནི་བསམ་གཏན་བསྒོམས་པའོ། །དག་པ་ནི། དག་པར་བྱེད་པས་ན་དག་པ་ལམ་གྱི་འཇམ་དཔལ་དང༌། དག་པར་བྱས་ཟིན་པ་འབྲས་བུའི་འཇམ་དཔལ་ལོ། །མངོན་ཤེས་དྲུག་ལྡན་ནི་གོ་བར་སླ་ལ། རྗེས་དྲན་དྲུག་ནི། སངས་རྒྱས་དང༌། ཆོས་དང༌། རྡོ་རྗེ་དང༌། རིགས་དང༌། ཁྲོ་བོ་དང༌། དམ་ཚིག་རྗེས་སུ་དྲན་པ་ཞེས་བཤད་ལ། དེའི་དོན་དེ་བཞིན་གཤེགས་པ་རིགས་དྲུག་དང༌། ཤེས་རབ་ཀྱི་འཁོར་ལོ་དང༌། སྟོང་གསུམ་གྱི་ཚད་དང་མཉམ་པའི་རྡོ་རྗེ་ཆེན་པོ་བསྒོམ་པ་དང༌། འཁོར་གྱི་ལྷ་ཚོགས་དང༌། བསྲུང་བའི་འཁོར་ལོ་དང༌། མཚན་ཡང་དག་པར་བརྗོད་པ་རྣམས་ལ་འཆད་དོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ལ་ཆགས་པ་དང༌། རང་དོན་ཕུན་སུམ་ཚོགས་པ་སེམས་དཔའ་ལ་བྱ་ལ། དེ་ཙམ་ནི་ཉན་རང་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་འཕགས་པ་གཞན་དོན་ཕུན་སུམ་ཚོགས་པ་ལ་སེམས་དཔའ་ནི། སེམས་དཔའ་ཆེ་ཞེས་བྱའོ། །ཆེན་པོ་དེ་ཙམ་ནི་མུ་སྟེགས་པ་ལ་ཡང་ཡོད་པས། དེ་ལས་ཁྱད་པར་དུ་བྱས་ནས་སེམས་དཔའ་ཞེས་གསུངས་སོ། །དེ་གཉིས་ཀ་ཚོགས་པ་ནི་འཇམ་དཔལ་ལོ། །རྫུ་འཕྲུལ་ཆེན་པོ་ནི་ཚོགས་གཉིས་རྫོགས་པའོ། །དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ་ཞེས་པ་ནི་འབྲས་བུའི་ཤེར་ཕྱིན་ནོ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ་ཅེས་པ་ལམ་གྱི་ཤེས་རབ་དེ་ཉིད་ཀྱིས་འབྲས་བུའི་དུས་ཀྱི་འཇམ་དཔལ་ཐོབ་པའོ། །བདག་རིག་སོགས་ནི། རང་དང་གཞན་དང་གཉིས་ཀའི་དོན་ནམ་ཡང་ན་ཡུལ་ཅན་མཉམ་རྗེས་གཉིས་དང༌། ཡུལ་ཐམས་ཅད་པ་ཆོས་དབྱིངས་སོ། །དེ་ནས་རྐང་པ་གཉིས་ནི་གོ་བར་སླ་ལ། ཤེས་པ་དང་ཤེས་བྱ་ནི་གཟུང་འཛིན་གཉིས་སོ། །བདག་པོ་ཞེས་པ་ནི་དེ་དང་དེའི་ངོ་བོར་ཁྱབ་པའོ། །མཆོག་ཅེས་པ་ནི་འབྲས་བུའི་དུས་སོ། །གཙོ་བོ་ཆོས་ཀྱི་སྦྱིན་བདག་ཅེས་པ་ནི། སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་གཙོ་བོར་གྱུར་པའོ། །ཕྱག་རྒྱ་བཞི་པོ་ནི་གོ་བར་ཟད་ལ། དེའི་དོན་སྟོན་པ་ནི་ཡེ་ཤེས་དང་གཟུགས་ཀྱི་སྐུ་ཟུང་དུ་འཇུག་པའོ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་ཅེས་པ་ལ་འཕྲོས་ནས་སུ་ཞིག་གིས་བཀུར་ཞེ་ན། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱིས་ཞེས་སྦྱར་རོ། །ངེས་འབྱུང་གསུམ་ནི་ཐེག་པ་གསུམ་གྱི་མྱང་འདས་སོ། །དེ་བགྲོད་པ་ནི་མངོན་དུ་བྱས་པའོ། །དོན་གྱི་དམ་པ་རྣམ་དག་དཔལ་ཞེས་པ་ནི་མི་གནས་པའི་མྱང་འདས་མངོན་དུ་བྱས་པའོ། །དེ་ལྟ་ན་ཡང་སེམས་ཅན་གྱི་དོན་བྱེད་པས། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ་ཞེས་གསུངས་སོ། །ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་བྱེད་པས་ན། དཔལ་ལྡན་འབྱོར་པ་ཀུན་བྱེད་པ་ཞེས་གསུངས་སོ། །འཇམ་དཔལ་ཞེས་པ་ནི་མཚན་ནས་བོད་པའོ། །དེའི་ཡོན་ཏན་གྱི་ཁྱད་པར་དཔལ་དང་ལྡན་པའི་མཆོག་ཅེས་པའོ། །དེ་ལྟར་ན་ལེའུ་འདི་ལ་ཚིགས་སུ་བཅད་པ་བཅོ་ལྔ། མཚན་སྔགས་ཀྱི་ཚིག་ནི་དགུ་བཅུ་རྩ་ལྔར་གྲངས་ངེས་པ་ཡིན་ནོ། །བྱ་བ་ནན་ཏན་གྱི་ངོ་བོར་བཞུགས་པའི་ཡེ་ཤེས་སེམས་དཔའི་ཐུགས་ཁའི་ཟླ་བ་ལ་གནས་པའི་ཨ་ལས་མཚན་སྔགས་ཀྱི་ཡི་གེ་བྱུང༌། ཕྱིར་ཕྱུང༌། མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་སོང༌། སེམས་ཅན་ལེ་ལོ་ཅན་རྣམས་ཀྱི་དོན་བྱས། སླར་ལོག་རིགས་རྣམ་པ་ལྔར་གྱུར་ནས་དཀྱིལ་འཁོར་ལ་འཁོད་པར་བསམ་མོ། །དེ་དག་གིས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་མདོར་བསྡུས་ཏེ་རྣམ་པར་བཤད་པའོ། །བདུན་པ་མཇུག་བསྡུས་ཏེ་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་ཞེས་སོགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་ཆགས་པ་ཞེས་སོགས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །སངས་རྒྱས་འཛུམ་པ་ཞེས་སོགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །མེད་པ་ལས་བྱུང་ཞེས་སོགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད་ཅེས་སོགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ། །དེ་ལྟར་མཚན་ཡང་དག་པར་བརྗོད་པ་དངོས་བཤད་ཟིན་ནས། དེའི་དེ་མ་ཐག་ཏུ་ཕན་ཡོན་གྱི་ལེའུ་ལྔ་ཕྱག་ན་རྡོ་རྗེ་ལ་གསུངས་ཤིང༌། དེ་དག་གི་རྒྱ་འགྲེལ་ཡང་རྒྱས་པར་མཛད་ཡོད། འདིའི་མངོན་པར་རྟོགས་པ་ཚར་གཅིག་གི་དབང་དུ་བྱས་པའི་མེད་མི་རུང་གི་ཡན་ལག་མིན་པས་འདིར་མ་བཀྲོལ་ལོ། །ཕན་ཡོན་བཤད་ཟིན་པ་དེ་མ་ཐག་ཏུ་མཚན་ཡང་དག་པར་བརྗོད་པའི་རྩ་བའི་སྔགས་དང༌། སྔགས་ཀྱི་ཕྲེང་བ་རྣམས་གསུངས་པ་དེའི་དོན་ནི་གོང་དུ་བཀྲོལ་ཟིན་པ་དེ་ཡིན་ནོ། །དེ་ལྟར་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པ་ཐོས་ནས། འཁོར་གྱི་དཀྱིལ་འཁོར་རྣམས་རྗེས་སུ་ཡི་རང་བ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །ཞེས་བྱ་བ་ལ་སོགས་པ་རྣམས་སོ། །དེ་ལྟར་བཤད་པ་འདི་ནི། སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པའི་མཚན་ཡང་དག་པར་བརྗོད་པའི་རྒྱ་འགྲེལ། སྔགས་ཀྱི་དོན་རྣམ་པར་བལྟ་བ་ཞེས་བྱ་བའི་སྙིང་པོ་བསྡུས་ནས། བཤད་སྲོལ་གཞན་གྱིས་བཤད་པའི་རྣམ་གྲངས་དང༌། རང་བཟོའི་སླད་ཀྱིས་མ་འདྲེས་པར་ཡང་དག་པར་སྦྱར་བ་ཡིན་པས། ཡིད་ཆེས་པའི་ཁུངས་ཉིད་དུ་མཁྱེན་པར་མཛད་དུ་གསོལ། སྒེག་པའི་རྡོ་རྗེའི་རྣམ་བཤད་རྒྱ་ཆེ་བ། །ནང་གི་རོལ་མཚོ་ཇི་བཞིན་དཔག་དཀའ་ཡང༌། །མཐོན་པོའི་གནས་ནས་བལྟ་བའི་རྣམ་དཔྱོད་ཀྱིས། །མཁའ་ལྡིང་དབང་པོའི་རོ་འཛིན་གྱིས་བླངས་པ། །དོན་མང་ཚིག་ཉུང་རྗོད་བྱེད་སྒྲིག་ལེགས་པའི། །རྣམ་བཤད་ཡོངས་འདུ་ཕྲག་པར་བྱིན་ཟིན་གྱི། །ངེས་དོན་བདུད་རྩིའི་འབབ་ངོགས་ལ་སྤྲོ་བའི། །རྣམ་དཔྱོད་ལང་འཚོ་ལྡན་རྣམས་དགའ་བར་བྱོས། །སྒེག་པའི་རྡོ་རྗེའི་རྣམ་དཔྱོད་དངུལ་དཀར་གྱི། །ཟླ་འོད་རྒྱས་པ་མཁའ་ལ་ཤར་བ་ན། །མཚན་བརྗོད་ཀུ་མུད་གསར་པའི་ཆུ་གཏེར་དུ། །ཟབ་གསལ་གཉིས་མེད་ཡེ་ཤེས་ངང་གིས་འཆར། །ཅེས་བྱ་བ་འདི་ནི། རྗེ་བཙུན་སྒེག་པའི་རྡོ་རྗེའི་ཞལ་སྔ་ནས་མཚན་ཡང་དག་པར་བརྗོད་པ་དང་པོའི་སངས་རྒྱས་ཀྱི་ལུགས་སུ་བཀྲལ་བ་དང༌། རྣལ་འབྱོར་གྱི་རྒྱུད་དུ་བཀྲལ་བའི་ལུགས་གཉིས་གསལ་བར་ཐོས་པ་ལས་འདིར་ནི་ཕྱི་མའི་དབང་དུ་བྱས་ནས། བདག་དང་སྐལ་བ་མཉམ་པའི་སྐྱེ་བོ་འགའ་ཞིག་ལ་ཕན་པར་གྱུར་ཅིག་སྙམ་པའི་བསམ་པ་ཉེ་བར་བཞག་སྟེ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། གསེར་འཕྱང་གི་ལོ་ནག་པས་ཉ་བའི་དགའ་བ་གསུམ་པ་ལ། གཙང་གཡས་རུའི་སའི་ཐིག་ལེ། པན་ཁྱུང་ཚང་གསེར་མདོག་ཅན་དུ་ལེགས་པར་གྲུབ་པའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བས་བགྱིས་སོ།།  །། ༄༅། །ཡུམ་གྱི་སྙིང་པོའི་རྣམ་བཤད་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ།།  ༄༅། །ན་མོ་པྲ་ཛྙཱ་པཱ་ར་མི་ཏཱ་ཡེ། ཐུབ་ཆེན་སྟོན་པ་དེ་ཡི་ཞལ་གྱི་སྒོ། །རྟག་ཏུ་སྟོང་ཉིད་གསུམ་པའི་འཛུམ་དཀར་ཅན། །བྱམས་དང་སྙིང་རྗེའི་ཤིང་རྟ་ལ་ཆིབས་ནས། །སྲིད་གསུམ་ཉིན་མོར་མཛད་ལ་ཕྱག་བགྱིའོ། །སྣ་ཚོགས་སྤྲོས་པའི་ཟློས་གར་བགྲངས་ཡས་ཀྱིས། །འགྲོ་ཀུན་སྒྱུ་མའི་རོལ་རྩེད་ལ་ཆགས་པ། །ཆོས་དབྱིངས་ཞི་བའི་ནགས་སུ་འདྲེས་མཛད་པའི། །རྒྱལ་ཡུམ་དཔག་བསམ་དགའ་མས་འདིར་སྐྱོངས་ཤིག །འཇིག་རྟེན་སྤྲོས་པའི་གཡང་ལས་བསྲུང་བརྩོན་པའི། །སྤྱན་རས་གཟིགས་དབང་ཐུགས་རྗེའི་ལང་འཚོ་ཅན། །ངེས་དོན་བདུད་རྩིའི་སྒོ་བརྒྱ་འབྱེད་པ་ལ། །སྨྲ་མཁས་བརྩེ་བ་ཅན་ཁྱོད་ཕྱག་གི་གནས། །ནམ་ཡང་རྒྱལ་བ་བསྐྱེད་ལས་མི་གཡེལ་ཞིང༌། །རྟག་ཏུ་རྒྱལ་བའི་སྲས་རྣམས་སྐྱོང་མཁས་པའི། །ཡུམ་གཅིག་དཔག་བསམ་ཡོངས་འདུའི་ཕྲག་པ་ནས། །དགེ་བར་འོངས་པའི་བདུད་རྩི་འདི་ཡིན་ནོ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་འདི་འཆད་པ་ལ་དོན་གསུམ་སྟེ། མཚན་གྱི་དོན་གསལ་བར་བཤད་པ་དང༌། གཞུང་གི་དོན་དཔྱིས་ཕྱིན་པར་བརྗོད་པ་དང༌། མདོའི་སྒྲུབ་པ་ཉམས་སུ་ལེན་ཚུལ་བཤད་ནས་དོན་བསྡུ་བའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གཞུང་འབུམ་པ་ལ་སོགས་པ་ཤེས་རབ་ཀྱི་ཕྱོགས་གཙོ་བོར་སྟོན་པའི་རྒྱལ་བའི་གསུང་རབ་མཐའ་ཡས་པ་རྣམས་སོ། །དེའི་སྙིང་པོ་ནི། རྣམ་པར་ཐར་པའི་སྒོ་གསུམ་སྟེ། དེ་ནི། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའོ། །དེ་ཡང་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་དོན་གྱི་ཆ་ཤས་གཞན་རྣམས་ཡེ་ཤེས་ལས། གཙོ་བོ་དང༌། དམ་པ་དང༌། མཆོག་ཡིན་པའི་ཕྱིར་སྙིང་པོ་ཞེས་བྱའོ། །གསུམ་པོ་དེ་ཡང༌། གཞུང་འདིར་དོན་ཚན་བརྒྱད་ཀྱི་སྒོ་ནས་འཆད་པ་ཡིན་ནོ། །དེ་ཡང་གང་ཞེ་ན། སྟོང་པ་ཉིད་དང༌། མཚན་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགགས་པ་དང༌། དྲི་མ་མེད་པ་དང༌། དྲི་མ་དང་བྲལ་བ་མེད་པ་དང༌། བྲི་བ་མེད་པ་དང༌། གང་བ་མེད་པའོ། །དེ་དག་གི་གོ་དོན་ཡང༌། རང་གི་ངོ་བོས་སྟོང་པ་དང༌། རང་དང་སྤྱིའི་མཚན་ཉིད་མེད་པ་དང༌། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་གྱི་དབང་དུ་བྱས་པའི་ཡན་ལག་བཅུ་གཉིས་པོ་སྐྱེད་བྱེད་ཀྱི་རྒྱུ་མེད་པ་དང༌། རྣམ་བྱང་གི་རྟེན་འབྲེལ་གྱི་དབང་དུ་བྱས་པའི་མ་རིག་པ་འགག་པ་སོགས་བཅུ་གཉིས་པོ་ལ། གང་གིས་འགོག་པའི་རྒྱུ་མེད་པ་དང༌། ཀུན་ནས་ཉོན་མོངས་པའི་དྲི་མ་མེད་པ་དང༌། དེ་དང་བྲལ་བ་རྣམ་པར་བྱང་བའི་ཆོས་ཀྱང་མེད་པ་དང༌། སྐྱོན་བྲི་བ་མེད་པ་དང༌། ཡོན་ཏན་གྱི་གང་བ་མེད་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བརྒྱད་པོ་དེ་གསུམ་དུ་བསྡུ་བའི་ཚུལ་ནི། སྟོང་པ་ཉིད་དང༌། མཚན་ཉིད་མེད་པ་གཉིས་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དོ། །མ་སྐྱེས་པ་སོགས་བར་པ་བཞི་ནི། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། །ཐ་མ་གཉིས་ནི། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། །དེ་དག་གི་ཤེས་བྱེད་ཀྱང༌། གོ་རིམ་བཞིན་དུ། ངོ་བོ་ཉིད་མེད་པ་དང༌། རང་དང་སྤྱིའི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་དང༌། འཁོར་བ་དང་མྱ་ངན་ལས་འདས་པ་ལ་སྐྱེད་བྱེད་ཀྱི་རྒྱུ་དང་བླང་དོར་གྱི་མཚན་མ་བཀག་པའི་ཕྱིར་དང༌། སྐྱོན་སྤོང་བ་དང༌། ཡོན་ཏན་ཐོབ་པའི་ཕྱིར་དུ་སྨོན་པ་ཡང་བསལ་བའི་ཕྱིར་རོ། །དེ་ལྟར་བཤད་པ་ན། ངོ་བོས་སྟོང་པ་དང༌། རྒྱུའི་མཚན་མ་མེད་པ་དང༌། འབྲས་བུ་ལ་སྨོན་པ་མེད་པ་ཞེས་བྱ་བའི་དོན་གྲུབ་པ་ཡིན་ལ། གསུམ་པོ་དེ་སྒྲུབ་བྱེད་ཀྱི་རིགས་པ་ནི། གོ་རིམ་བཞིན་དུ་གཅིག་དང༌། དུ་མ་དང་བྲལ་བའི་གཏན་ཚིགས་དང༌། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་སྣ་ཚོགས་སོ། །གཏན་ཚིགས་དེ་དག་གིས་གྲུབ་པའི་དོན་ནི། ཡུམ་གྱི་སྙིང་པོ་ཡིན་ལ། དེ་ཡང་གསུམ་སྟེ། རང་གི་ངོ་བོས་སྟོང་པ་དང༌། མཐའ་བཞི་ལས་སྐྱེ་བ་མ་གྲུབ་པ་དང༌། དོན་དམ་པར་བསལ་བཞག་ཡོད་པ་མ་ཡིན་པ་རྣམས་སོ། །གསུམ་ཀ་ཡང་སྟོང་ཉིད་གཅིག་བུར་འདུས་ཏེ། དང་པོ་རང་སྟོང་གི་ལུགས་དང༌། ཕྱི་མ་གཉིས་པོ་གཞན་སྟོང་གི་ཚུལ་ཡིན་པས་སོ། །དེ་ལྟར་ན། སྟོང་པ་ཉིད་གཅིག་པུ་ནི། ཡུམ་མཐའ་དག་གི་སྙིང་པོའོ། །གཅིག་པུ་ལ་གསུམ་དུ་ཕྱེ་བའི་དགོས་པ་ནི། གཞི་ལམ་འབྲས་བུའི་ཚུལ་ལ་རྣམ་པར་རྨོངས་པ་བསལ་བའི་དོན་དུའོ། །དེས་དེ་ཇི་ལྟར་སེལ་ཞེ་ན། གཞི་སྟོང་པ་ཉིད་དང༌། ལམ་མཚན་མ་མེད་པ་དང༌། འབྲས་བུ་སྨོན་པ་མེད་པ་གསུམ་དུ་ཕྱེ་བའི་དོན་གྱིས་སོ། །དེ་ལྟར་ཡུམ་གྱི་སྙིང་པོ་བརྗོད་བྱར་སྟོན་པའི་གཞུང་གི་ཚོགས་འདི་ལ་ཡང༌། དེའི་སྙིང་པོ་ཞེས་བཏགས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ནི། གནས་སྐབས་སུ་མཚན་མའི་སྤྲོས་པ་ཉེ་བར་ཞི་བ་དང༌། མཐར་ཐུག་ཡང་དག་པའི་མཐའ་མངོན་དུ་བྱེད་པའོ། །དེ་སྐད་དུ་ཡང༌། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ཏེ། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་གསུངས་སོ། །དངོས་ཀྱི་དགོས་པ་ནི། ཡུམ་འབུམ་པ་ལ་སོགས་པའི་དངོས་བསྟན་གྱི་རིམ་པ་བདེ་བླག་ཏུ་རྟོགས་པའོ། །གཉིས་པ་བསྡུས་པའི་དོན་ལ། འཆད་ཚུལ་གཉིས་ཏེ། རྒྱ་ཆེར་འགྲེལ་ལས་འབྱུང་བ་དང༌། རང་གི་བློས་བརྟགས་པའོ། །དང་པོ་ནི། ཇི་སྐད་དུ། གླེང་བསླང་བ་དང་སྐབས་དང་ནི། །བསྟན་པར་རྟོགས་པ་འདུས་པ་དང༌། །གླེང་གཞི་དྲིས་དང་ལན་བཏབ་པ། །དེ་ནི་རྣམ་པ་བཅུ་གཅིག་དང༌། །མཐུན་འགྱུར་རྗེས་སུ་ཡི་རང་དང༌། །རྣམ་པ་བརྒྱད་དུ་བསྡུས་པ་ཡིན། །ཞེས་གསུངས་སོ། །དེ་ལ་གླེང་བསླང་བ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པའོ། །གཉིས་པ་སྐབས་བཤད་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་སྤུངས་པ་ལ་བཞུགས་ཞེས་པའོ། །དེ་ལ་བཤད་པའི་སྐབས་ཞེས་ཟེར་བའི་རྒྱུ་མཚན་ཡང༌། གླེང་གཞི་བཤད་པའི་སྐབས་ཐམས་ཅད་དུ། བཅོམ་ལྡན་འདས་ཀྱི་ཚིག་སྦྱོར་དགོས་པ་ཡིན་ཏེ། དེ་ལྟར་བཤད་པ་ན་བདུད་བཞི་བཅོམ་པ་ཉིད་དུ་གོ་ནས་སྐྱབས་གནས་སུ་ཡིད་ཆེས་སླ་བའི་ཕྱིར། གསུམ་པ་སྐབས་བསྟན་པར་རྟོགས་པ་འདུས་པ་ཞེས་པ་ནི། ཆོས་འདིའི་སྣོད་དུ་གྱུར་པ་རྣམས་འདུས་པ་ལ་བྱ་ལ། དེ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་སོགས་ཀྱིས་སོ། །བཞི་པ་གླེང་གཞི་ནི། དེའི་ཚེ་བཅོམ་ལྡན་འདས་ཞེས་སོགས་སོ། །ལྔ་པ་དྲིས་པ་ནི། དེ་ནས་སངས་རྒྱས་ཀྱི་མཐུས་ཞེས་སོགས་སོ། །དྲུག་པ་ལན་རྣམ་པ་བཅུ་གཅིག་ནི། རིགས་ཀྱི་བུའམ་ཞེས་སོགས་ཚན་པ་བཅུ་གཅིག་གིས་སྟོན། བདུན་པ་མཐུན་འགྱུར་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཞེས་སོགས་སོ། །བརྒྱད་པ་རྗེས་སུ་ཡི་རང་ནི། དེ་བཞིན་གཤེགས་པ་རྣམས་ཀྱང་ཞེས་སོགས་ཀྱིས་སྟོན། གཉིས་པ་རང་གི་བློས་བརྟགས་པ་ལ་གཉིས་ལས། གཅིག་ནི་འོག་ནས་ཚིག་དོན་དང་ལྷན་ཅིག་འཆད་པར་འགྱུར་ལ། ཅིག་ཤོས་ནི་འདི་ལྟར་བཤད་པར་བྱ་སྟེ། མདོ་འདིས་ནི་ཡུམ་གྱི་སྙིང་པོ་གང་ཡིན་པ་དང༌། དེ་ལ་བྱང་ཆུབ་སེམས་དཔས་ཇི་ལྟར་སློབ་པའི་ཚུལ་འཆད་པ་ཡིན་ནོ། །དེ་གང་ལ་འཆད་ན། ཤཱ་རིའི་བུས་མཚོན་པའི་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་འཆད་དོ། །གང་གིས་འཆད་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཚོན་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་བཤད་དོ། །དགོས་པ་ནི་ཉན་ཐོས་རིགས་མ་ངེས་པ་རྣམས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཡུམ་གྱི་སྤྱོད་པ་ལ་སློབ་པ་དང༌། རིགས་ངེས་པ་རྣམས་ནི། རང་གིས་དེ་དང་དེ་ཤེས་ནས་གཞན་ལ་བསྟན་པའི་ཕྱིར་དུའོ། །གང་གི་མཐུ་ལས་འཆད་ན། སངས་རྒྱས་ཀྱི་བྱིན་རླབས་ཀྱི་དབང་གིས་སོ། །འོ་ན། ཡུམ་གྱི་སྤྱོད་པ་ལ་སློབ་ཚུལ་ནི་གང༌། དེའི་ཡུམ་གྱི་སྙིང་པོ་ནི་ཅི་ཞེ་ན། དང་པོ་ནི། ཕུང་པོ་ལྔས་མཚོན་པའི་ཁམས་དང༌། སྐྱེ་མཆེད་རྣམས་ཀྱང་རང་བཞིན་གྱིས་སྟོང་པར་ལྟ་བ་དེ་ཡིན་ནོ། །ཞེས་འཆད་པ་ནི། འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། ཞེས་སོགས་སོ། །གཉིས་པ་སྙིང་པོ་གང་ཡིན་པ་ནི། ཕུང་སོགས་ཆོས་གསུམ་པོ་རང་གི་ངོ་བོས་སྟོང་པ་དང༌། གཞན་གྱི་ངོ་བོས་སྟོང་པ་གཉིས་ལས། དང་པོ་ནི། གཟུགས་སྟོང་པའོ་ཞེས་སོགས་ཀྱིས་འཆད་ལ། གཉིས་པ་གཞན་གྱིས་སྟོང་པའི་ཚུལ་ལ། འཇོག་བྱེད་ཀྱི་མཚན་ཉིད་ཀྱིས་སྟོང་པ་དང༌། སྐྱེད་བྱེད་དང་འཇིག་བྱེད་ཀྱི་རྒྱུས་སྟོང་པ་དང༌། ཀུན་ནས་ཉོན་མོངས་དང༌། རྣམ་བྱང་དུ་བྱེད་པ་པོའི་དྲི་མ་དང༌། ཡེ་ཤེས་ཀྱིས་སྟོང་པ་དང༌། གང་སྤངས་པ་དང༌། ཐོབ་པར་བྱ་བའི་སྐྱོན་དང་ཡོན་ཏན་གྱིས་སྟོང་པའི་ཚུལ་རྣམས་འཆད་པ་ནི། མཚན་ཉིད་མེད་པ་དང༌། མ་སྐྱེས་པ་ཞེས་སོགས་སོ། །དེ་ལྟར་ཆོས་གསུམ་པོ་སྟོང་ཚུལ་གཉིས་ཀྱིས་སྟོང་པའི་ཚུལ་བཤད་པས་གྲུབ་པའི་དོན་ལ་གསུམ་སྟེ། གཞིའི་དུས་སུ་སྟོང་པ་ཉིད་ལ་སྤྲོས་པའི་མཚན་མ་གང་ཡང་མེད་པ། ལམ་གྱི་དུས་སུ་འཁོར་འདས་ལ་བླང་དོར་གྱི་མཚན་འཛིན་ལས་གྲོལ་བ། འབྲས་བུ་ལ་རེ་དོགས་དང་བྲལ་བས་མི་གནས་པའི་མྱང་འདས་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །ཞེས་པའི་བར་གྱིས་སྟོན་ནོ། །གཉིས་པ་ལ་སྒྲུབ་བྱེད་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་ཟློག་གཉིས་མེད་པའི་རྒྱུ་མཚན་གྱིས། བསྒྲུབ་བྱ་བདེན་པ་བཞིས་མཚོན་པའི་འཁོར་འདས་གཉིས་མེད་པར་གྲུབ་ལ། དེ་གྲུབ་པ་ན་དེ་ལ་བླང་དོར་དུ་ཞེན་པ་མི་འཐད་ཅིང༌། དེ་ལ་དེར་ཞེན་པ་མེད་པར་གནས་པ་དེ་ཉིད་ཤེར་ཕྱིན་ལ་གནས་པ་ཡིན་ནོ་ཞེས་འཆད་པ་ནི། མ་རིག་པ་མེད་ཅེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ཅིང་གནས་ཏེ་ཞེས་པའི་བར་རོ། །གསུམ་པ་ནི། སེམས་ལ་སྒྲིབ་པ་མེད་པས་ཞེས་པ་ནས། མཐར་ཕྱིན་ཏོ་ཞེས་པའི་བར་ཡིན་ལ། དེའི་ཤེས་བྱེད་ཀྱི་དཔེ་ནི། དུས་གསུམ་གྱི་ཞེས་སོགས་ཀྱིས་འཆད་ལ། དེ་ལྟར་གྲུབ་པ་ན་ཡུམ་གྱི་སྙིང་པོ་འདི་མཚན་རྟོག་མཐའ་དག་ལས་ཡིད་སྐྱོབ་པར་བྱེད་པའི་ཕྱིར། སྔགས་སུ་གྲུབ་པ་ཡིན་ནོ། །ཞེས་འཆད་པ་ནི། དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཞེས་སོགས་སོ། །རེ་ཤིག་བསྡུས་པའི་དོན་དང་པོ་ནི་དེ་ཙམ་མོ། །གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། མཚན་གྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ནི། ཡུམ་གྱི་མདོ་འདིའི་མཚན་ལ། རྩ་བའི་རྒྱ་དཔེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙམ་ལས་མི་འབྱུང་ལ། ཁུངས་ཐུབ་ཀྱི་འགྲེལ་པ་དག་གིས་རྣམ་པར་ཕྱེ་བའི་ནང་ན། སྙིང་པོ་ཞེས་ཀྱང་འབྱུང་ངོ༌། །དེའི་དོན་ཡང༌། བཤད་མ་ཐག་པ་དེ་ཉིད་ཡིན་པར་རྒྱ་ཆེར་འགྲེལ་ལས་འབྱུང་ལ། གཞན་དག ཏདྱ་ཐཱ་ཞེས་སོགས་ཀྱི་སྔགས་འདི་ཡུམ་གྱི་སྙིང་པོར་འཆད་པ་ནི། མན་ངག་གི་གཞུང་འགའ་ཞིག་ལས་འབྱུང་ཡང༌། འགྲེལ་པ་དག་དང་མི་མཐུན་ནོ། །མཚན་གྱི་ཐོག་མར་བཅོམ་ལྡན་འདས་མ་ཞེས་འཆད་ཀྱང༌། རྒྱ་དཔེ་ལས་འཕགས་མ་ཞེས་འབྱུང་ངོ༌། །གཉིས་པ་གཞུང་གི་དོན་ལ། གཞུང་གི་ཚད་དང༌། གཞུང་དངོས་ཀྱི་དོན་ནོ། །དང་པོ་ནི། ཡུམ་དགེ་རྒྱས་མ་ཞེས་བྱ་བའི་ནང་ན། བམ་པོ་གཅིག་གོ་ཞེས་འབྱུང་ཡང༌། རྒྱ་དཔེ་ལས། ཤླཽ་ཀ་ཉི་ཤུ་རྩ་ལྔ་པར་བཤད་དོ། །གཉིས་པ་ལ་གསུམ་སྟེ། རྗེས་སུ་གནང་བའི་བཀའི་སྒོ་ནས་མཚམས་སྦྱར། བྱིན་གྱིས་བརླབས་པའི་བཀའ་ཉིད་ཀྱིས་རྒྱས་པར་བཤད། ཞལ་ནས་གསུངས་པའི་བཀས་འཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གླེང་གཞི་དང༌། མཚམས་སྦྱོར་རོ། །དང་པོ་ལ་གཉིས་ཏེ། བཀའ་སྡུད་པ་པོ་ལ་ཡིད་ཆེས་བསྐྱེད་པའི་ཕྱིར་དུ་ཐུན་མོང་གི་གླེང་གཞི་བཤད་པ་དང༌། ཆོས་འདི་བཅོམ་ལྡན་འདས་ཉིད་ཀྱིས་བྱིན་གྱིས་བརླབས་ནས་བཤད་པར་ཤེས་པའི་ཕྱིར་དུ། ཐུན་མོང་མ་ཡིན་པའི་གླེང་གཞི་བཤད་པའོ། །དང་པོ་ནི། ཕུན་སུམ་ཚོགས་པ་བཞིའི་སྒོ་ནས་བཤད་པར་བྱ་བ་ལས། དང་པོ་དུས་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་པ་སྟེ། དེ་ཡང་འདི་ཐོས་ཞེས་པས་ནི། ལས་སུ་བྱ་བ་གང་ཐོས་པ་དེ་སྟོན། འདི་སྐད་ཐོས་ཞེས་པས་ནི། ཚུལ་ཇི་ལྟར་འཆད་ཐོས་པ་སྟེ། ཕྲི་བསྣན་མེད་པའི་དོན་གྱིས་ན། ཐོས་པ་འདི་ཡང་དག་པ་ཡིན་ཞེས་དམ་འཆའ་བས་ན། ལྔ་པ་འབྱུང་ཁུངས་ཀྱི་ཚིག་གོ །བདག་གིས་ཐོས་ཞེས་པས་ནི། བྱེད་པ་པོ་གང་གི་ཐོས་པ་ཉིད་སྟོན་ཏེ་རྣམ་དབྱེ་གསུམ་པའོ། །དུས་གཅིག་ན་ཐོས་ཞེས་པ་ནི། ཐོས་པའི་གནས་སྐབས་སྟོན་པ་སྟེ། རྣམ་དབྱེ་བདུན་པ་གནས་གཞིའི་དོན་ཏོ། །གཉིས་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། བཅོམ་ལྡན་འདས་ཞེས་པའོ། །འོ་ན། འདིར་སངས་རྒྱས་དང་རྒྱལ་བ་ལ་སོགས་པའི་མིང་གིས་མི་སྟོན་པ་ཅི་ཞེ་ན། སྟོན་པ་དེ་ལ་ཡོན་ཏན་མང་པོ་མངའ་ཡང༌། བདུད་བཞི་བཅོམ་པའི་སྒོ་ནས་མཚན་སྨོས་ན། འཇིགས་པའི་རྒྱུ་ཚར་བཅད་པ་ཉིད་དུ་གོ་ལ། དེ་ལྟར་གོ་བ་ན། ཐེག་པ་ཆེ་ཆུང་ལ་ཞུགས་པ་ཐམས་ཅད་ཀྱི་སྐྱབས་སུ་འོས་པ་ཉིད་དུ་གོ་བས་ན། གླེང་གཞི་འཆད་པའི་སྐབས་ཐམས་ཅད་དུ། བཅོམ་ལྡན་འདས་ཞེས་པའི་མཚན་ནས་སྨོས་སོ་ཞེས་རྒྱ་ཆེར་འགྲེལ་པར་འབྱུང་ངོ༌། །གསུམ་པ་གནས་ཕུན་སུམ་ཚོགས་པ་ནི། རྒྱལ་པོའི་ཁབ་ཅེས་ཡུལ་མ་ག་དྷའི་གྲོང་ཁྱེར་གྱི་བྱེ་བྲག་ཞིག་ཡིན་ལ། དེའི་ཤར་ཕྱོགས་ན། བྱ་རྒོད་ཕུང་པོའི་རི་ཞེས་པ་དུས་རྟག་ཏུ་སངས་རྒྱས་བཞུགས་པའི་གནས་ཡོད་པ་དེའོ། །རི་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྨོན་ལམ་གྱི་དབང་གིས་བྱུང་བ། མེ་ཆུ་རླུང་གསུམ་གྱིས་འཇིག་པར་མི་ནུས་པ་ཞིག་གོ །ཞེས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་འབྱུང་ངོ༌། །བཞུགས་སོ་ཞེས་པ་ནི། གནས་པའི་དོན་ཏེ། མདོ་སྡེའི་རྒྱན་ལས། གང་གིས་ལྷ་དང་འཕགས་པ་ཚངས་པ་ཡིས། །གནས་པ་དཔེ་མེད་རྒྱ་ཆེན་རྟག་ཏུ་གནས། །ཞེས་འབྱུང་ལ། འགྱུར་གྱི་ཁྱད་པར་ལས་ནི། བཞུགས་པ་དཔེ་མེད་རྒྱ་ཆེན་རྟག་ཏུ་བཞུགས། །ཞེས་བྱ་བར་འགྱུར་རོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ལ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གཉིས་སོ། །དང་པོ་ནི། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་པའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཞེས་པའོ། །ཐབས་གཅིག་ཏུ་ཞེས་པ་ནི། ལྷན་ཅིག་པའི་དོན་ཏོ། །མདོར་ན། བཞུགས་སོ་ཞེས་བྱ་བའི་ཚིག་འདི་ཡང༌། དུས་གཅིག་ཅེས་པ་དང༌། བཅོམ་ལྡན་འདས་ཞེས་པ་དང༌། བྱ་རྒོད་ཕུང་པོའི་རི་ལ་ཞེས་པ་དང༌། དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་ཞེས་པའི་ཚིག་བཞི་ཀ་དང་སྦྱར་རོ། །དོན་འདི་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོས། སྟོན་པ་དཔང་པོ་འཁོར་དང་ནི། །ཡུལ་དང་དུས་ཀྱང་ངེས་བསྟན་པ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་སྒྲུབ་ཕྱིར་ཡིན། ཞེས་གསུངས་ལ། སློབ་དཔོན་དྲི་མེད་བཤེས་གཉེན་ན་རེ། དོན་དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་ཡུལ་དེ་དག་ཏུ་སོང་ཞིང་དྲིས་ནས་ནི། དེར་འདྲི་བའི་ནུས་པ་མེད་པ་རྣམས་ཀྱིས་མདོའི་དོན་གཏན་ལ་དབབ་པ་ཐག་རིང་བསྲིང་བར་འགྱུར་རོ། །འཁོར་འདི་དང་འདི་ཡིན་གྱི་མིང་མ་བཤད་པའི་ཕྱིར། དཔང་པོ་ཡང་མི་འགྲུབ་བོ་ཞེས་དགག་པ་བརྗོད་ནས། རང་ལུགས་ལ། ཆོས་འདི་ཉན་པའི་སྐལ་བ་ཡོད་པ་རྣམས་འདིར་སྨོས་པ་ཡིན་པས་འཁོར་གྱི་ཁྱད་པར་འདི་དག་གིས་ནི། བསྟན་པར་རྟོགས་པ་འདུས་པ་ཞེས་བྱ་བ་དེ་བསྟན་ནོ། །ཞེས་འཆད་དོ། །གཉིས་པ་ཐུན་མོང་མ་ཡིན་པའི་གླེང་གཞི་ལ། རྒྱུ་གཞན་རྒྱུད་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང༌། འབྲས་བུ་གཞན་བྱིན་གྱིས་བརླབས་པ་དངོས་གཉིས་སོ། །དང་པོ་ནི། འགྲེལ་ཆེན་ལྟར་ན། འཁོར་འདུས་པ་དེ་དང་དེ་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ། ཆོས་སྟོན་པའི་དུས་མཁྱེན་པའི་བཅོམ་ལྡན་འདས་དེ། གང་བཤད་པར་བྱ་བའི་ཆོས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་པ་དེའི་དགོས་པ་ནི། འཕགས་པ་སྤྱན་རས་གཟིགས། ཟབ་མོ་ལ་རྣམ་པར་ལྟ་བ་དང༌། དེས་མཚོན་ནས་དེ་དུས་ཀྱི་འཁོར་ཐམས་ཅད་ཀྱང་དེ་ལ་རྣམ་པར་ལྟ་བའི་ཕྱིར་དུའོ། །དེ་ཡང་དཔེར་ན་རྒྱལ་བ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། གྲོང་ལ་སོགས་པའི་སྐྱེ་བོ་མཐའ་དག་གི་སེམས་ཉོན་མོངས་པ་མེད་པ་ལ་གནས་པར་འགྱུར་བ་བཞིན་ནོ། །འདིར་ཟབ་མོ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་མོ། །སྣང་བ་ཞེས་བྱ་བ་ནི། རང་དང་གཞན་གྱི་རྒྱུད་ལ་གསལ་བའོ། །དེ་ཉིད་ལ་ཆོས་ཀྱི་རྣམ་གྲངས་ཞེས་ཀྱང་བྱ་སྟེ། རང་གི་མཚན་ཉིད་འཛིན་པ་དང༌། ཁོང་དུ་ཆུད་པ་དང༌། རྟོགས་པ་དང༌། རིག་པར་བྱ་བ་ཡིན་པའི་ཕྱིར། འདིས་སེམས་རྩེ་གཅིག་ཏུ་བྱེད་པས་ན། ཏིང་ངེ་འཛིན་ཞེས་ཀྱང་བྱ། དེ་ཉིད་ལ་ཡང་དག་པར་འཇོག་པའི་ཕྱིར་སྙོམས་པར་ཞུགས་པ་ཞེས་ཀྱང་བྱའོ། །གཉིས་པ་ལ། ལུང་སྟོན་པ་པོའི་རྒྱུད་ཇི་ལྟར་བྱིན་གྱིས་བརླབས་པའི་ཚུལ་དང༌། འདྲི་བ་པོའི་རྒྱུད་བྱིན་གྱིས་བརླབས་པའི་ཚུལ་ལོ། །དང་པོ་ནི། དེ་དེ་ལ་ཞུགས་པ་ཁོ་ནར་མ་ཟད། ཡང་དུས་དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང༌། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །ཞེས་པའོ། །འདིར་ཡང་ཞེས་བྱ་བའི་ཚིག་དེ། གཞན་བསྡུ་བ་དང༌། ངེས་བཟུང་གི་དོན་གཉིས་ལས། དང་པོ་ལྟར་བཤད་ན། འཁོར་གྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་དུས་དེར། དེས་ཀྱང་དེ་ལ་རྣམ་པར་ལྟ་ཞེས་པ་ཡིན་ལ། གཉིས་པ་ལྟར་བཤད་ན། བཅོམ་ལྡན་འདས་དེ་ལ་སྙོམས་པར་ཞུགས་པའི་དུས་དེ་ཁོ་ནར། དེས་ཀྱང་དེ་ལ་རྣམ་པར་ལྟ་ཞེས་འགྲེལ་པས་འཆད་དོ། །ཟབ་མོའི་སྤྱོད་པ་ཞེས་པ་འདི་ལ་གསུམ་སྟེ། མོས་པའི་སྤྱོད་པ་དང༌། བསྒྲུབ་པའི་སྤྱོད་པ་དང༌། ངེས་པའི་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། རང་དོན་དང༌། གཞན་དོན་དང༌། གཉིས་དོན་མོས་པའོ། །དེ་རེ་རེ་ལ་ཡང་དགུ་དགུར་ཕྱེ་བས་ཉི་ཤུ་བདུན་ནོ། །དེ་དག་ནི་སོ་སོ་སྐྱེ་བོའི་གནས་སྐབས་སོ། །བསྒྲུབ་པའི་སྤྱོད་པ་ནི། བསླབ་པ་གསུམ་ལ་སློབ་པ་སྟེ། ས་གཉིས་པ་ནས་བདུན་པའི་བར་རོ། །གསུམ་པ་ངེས་པའི་སྤྱོད་པ་ནི། ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པ། ས་བརྒྱད་པའི་ཡེ་ཤེས་སོ་ཞེས་རྒྱ་ཆེར་འགྲེལ་པར་འབྱུང་ལ། དེ་ལྟ་བུའི་སྤྱོད་པ་ཉིད་ལ་སྟེ་དེ་ཁོ་ན་ལ། རྣམ་པར་ཏེ་རང་གི་ངོ་བོས་སྟོང་པ་ལ་སོགས་པའི་རྣམ་པ་སྣ་ཚོགས་པ་རྣམས་སུ་ལྟ་བ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཟིགས་པའོ། །རྣམ་པ་སྣ་ཚོགས་པའི་གོ་བ་ཡང༌། འོག་ནས་འབྱུང་བའི་ཟབ་མོ་བརྒྱད་ལ་འཆད་དོ། །རྣམ་པར་ལྟ་ཞེས་པ་དེ་ཉིད་རྒྱས་པར་འཆད་པ་ནི། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ལྟའོ། །ཞེས་པའོ། །ཀྱང་གི་སྒྲས་ནི། ཁམས་དང་སྐྱེ་མཆེད་སྡུད་ལ། སྟོང་པའི་སྒྲས་ནི། མཚན་ཉིད་མེད་པ་སོགས་ལྷག་མ་བདུན་ཡང་མཚོན་ནོ། །གཉིས་པ་འདྲི་བ་པོའི་རྒྱུད་བྱིན་གྱིས་བརླབས་པའི་ཚུལ་ནི། དེ་ནས་ཏེ། དེ་མ་ཐག་ཏུ་སངས་རྒྱས་ཀྱི་མཐུའམ། བྱིན་གྱིས་བརླབས་ཀྱིས་ཞེས་པའོ། །དེས་བྱིན་གྱིས་བརླབས་ན། ཤཱ་རིའི་བུ་ལ་དོན་དེ་འདྲི་བའི་མཐུ་ཡོད་པ་ཡིན་གྱི། གཞན་དུ་མ་ཡིན་ཞེས་ཤུགས་ལ་བསྟན་པ་ཡིན་ནོ། །གཉིས་པ་མཚམས་སྦྱོར་བཤད་པ་ལ་གཉིས་ཏེ། ཇི་ལྟར་དྲིས་པའི་ཚུལ་དང༌། ལན་ངག་ཏུ་སྨྲས་པར་བསྟན་པའོ། །དང་པོ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཞེས་པ་ནས། ཇི་ལྟར་རྣམ་པར་ལྟ་བར་བྱ་ཞེས་པའི་བར་རོ། །འདིར་རྒྱ་དཔེ་ལ་ལ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས། ཞེས་འབྱུང་ཞིང༌། རྒྱ་ཆེར་འགྲེལ་པའི་ནང་གི་གཞུང་ལས། རིགས་ཀྱི་བུ་གང་ལ་ལ་ཞེས་འབྱུང་ལ། དེའི་ཚེ་རིགས་ཀྱི་བུ་ཞེས་པ་ནི། སྤྱན་རས་གཟིགས་ལ་འབོད་པ་སྟེ། དབང་བསྐུར་ཐོབ་པས་སངས་རྒྱས་ཀྱི་སྲས་ཁྱད་པར་ཅན་དུ་གྱུར་པའི་ཕྱིར། རིགས་ཀྱི་བུ་ཞེས་བྱའོ། །ཞེས་བཤད་དོ། །གང་ལ་ལ་ཞེས་པ་ནི། བྱེ་བྲག་ཏུ་མ་བྱས་པའོ། །ཇི་ལྟར་བསླབ་པར་བྱ་ཞེས་བྱ་བའི་དོན་ནི། བསམ་པ་དང༌། སྦྱོར་བ་དང༌། མངོན་དུ་བྱེད་པ་དང༌། བསྒྲུབ་པ་དང༌། རྟོགས་པའི་རྣམ་པ་གང་གིས་ཇི་ལྟར་གོམས་པར་བྱ་ཞེས་བྱ་བའི་དོན་ནོ། །འདིར་ཟབ་མོ་སྤྱོད་པར་འདོད་པ་དེས་ཞེས་སམ། ཟབ་མོའི་སྤྱད་པ་བྱེད་པར་འདོད་པ་དེས་ཞེས་སྦྱར་ན། ཚིག་དོན་གཉིས་ཀ་འབྱོར་བ་ཡིན་གྱི། སྤྱད་པ་སྤྱོད་པ་ཞེས་པ་ལ་ནི། ཚིག་བཟློས་པའམ། སྤྱད་པ་དང་སྤྱོད་པ་ཐ་དད་དུ་ཕྱེ་ན་འཁྲུལ་གཞི་འབྱུང་ངོ༌། །དྲི་བ་འདིར། ཇི་ལྟར་རྣམ་པར་བལྟ་བར་བྱ་ཞེས་བསྒྱུར་ན། སྐད་དོད་དང་མཐུན་ཞིང༌། གོང་འོག་གི་འཕྲོས་དང་འགྲིག་གོ །གཉིས་པ་ནི། དེ་སྐད་ཅེས་སྨྲས་པ་དང༌། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཞེས་པའོ། །རྒྱ་དཔེ་ལ་ལ་ན། འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པ་ཡོད་ཀྱང༌། ཕལ་ཆེ་བ་ན་མེད་ལ། རྒྱ་ཆེར་འགྲེལ་གྱི་ནང་གི་མདོ་ལ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞེས་པ་ཡང་མེད་དོ། །གཉིས་པ་བྱིན་གྱིས་བརླབས་པའི་བཀའ་ཉིད་ཀྱིས་རྒྱས་པར་བཤད་པ་ལ། གང་ལ་ཇི་ལྟར་ལྟ་བའི་ཚུལ་མདོར་བསྟན་པ་དང༌། གང་ལ་ལྟ་བའི་ཡུལ་ཉིད་རྒྱས་པར་བཤད་པ་དང༌། དེ་ལྟར་ལྟ་བ་དེ་ཟབ་མོ་ལ་ལྟ་བར་བཤད་པས་འཇུག་བསྡུ་བའོ། །དང་པོ་ལ། མཚམས་སྦྱོར་བ་དང༌། དོན་དངོས་སོ། །དང་པོ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞེས་པ་ནས། འདི་ལྟར་རྣམ་པར་ལྟ་བར་བྱ་སྟེ་ཞེས་པའི་བར་རོ། །འདི་ལྟར་ཞེས་པ་ནི། འོག་ནས་འབྱུང་བ་ལ་འཆད་པ་ཡིན་ལ། རྣམ་པར་ཞེས་པ་ནི། རྣམ་པ་མང་པོ་སྟེ། ཟབ་མོ་བརྒྱད་ཀྱི་སྒོ་ནས་ལྟ་བའོ། །བལྟ་ཞེས་པ་ཡང༌། ཅིར་ཡང་མི་ལྟ་བ་ལ་དེའི་མིང་གིས་བཏགས་པའོ། །གཉིས་པ་ནི། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་པའོ། །རྐང་པ་གཅིག་པུ་འདི་རྒྱ་དཔེ་འགའ་ཞིག་ན་མི་སྣང་མོད། ཀྱང་གི་སྒྲས་ནི། ཁམས་དང་སྐྱེ་མཆེད་མཚོན་པ་ཡིན་ལ། རང་བཞིན་གྱིས་སྟོང་པ་ནི། རང་གི་ངོ་བོས་སྟོང་པའོ། །ཡང་དག་པར་ཞེས་པ་ནི། ཕྱིན་ཅི་མ་ལོག་པའོ། །རྗེས་སུ་ལྟ་བ་ནི། རྗེས་སུ་མཐུན་པར་ལྟ་བའོ། །འདིར་འགྲེལ་ཆེན་ལས། གོང་དུ་རྣམ་པར་བལྟ་ཞེས་པ་དང༌། འདིར་ཡང་དག་པར་རྗེས་སུ་ལྟ་ཞེས་པ་གཉིས་ཀྱི། མདོ་སྡེ་དགོངས་འགྲེལ་ལས་འབྱུང་བའི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་དང༌། རྣམ་པར་རྟོག་པ་མེད་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་དང༌། དངོས་པོའི་མཐའི་དམིགས་པ་ཞེས་པ་ཞི་ལྷག་གཉིས་ཀའི་དབང་དུ་བྱས་པ་དེ་བསྟན་པ་ཡིན་ནོ། །ཞེས་བཤད་ལ། དེའི་གོ་དོན་ནི། ཐོས་བསམ་གྱི་ཤེས་རབ་དང༌། འཇིག་རྟེན་པའི་སྒོམ་བྱུང་གི་རྣམ་པར་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས། ཡང་དག་པར་རྗེས་སུ་བལྟ་བ་ཞེས་བྱ་བའི་དོན་ཏོ། །འདིར་སྟོང་པར་བལྟ་བ་ཞེས་པ་དེས། རང་གི་ངོ་བོས་སྟོང་པར་བལྟ་བ་དེ་དངོས་སུ་བསྟན་པས། མཚན་ཉིད་མེད་པ་དང༌། མ་སྐྱེས་པ་དང༌། མ་འགག་པར་ཡང་དག་པར་རྗེས་སུ་བལྟ་ཞེས་པ་ཡང་མཚོན་ནོ། །གཉིས་པ་གང་ལ་ལྟ་བའི་ཡུལ་རྒྱས་པར་བཤད་པ་ལ། ཡུལ་ཟབ་མོ་བརྒྱད་པོ་རྒྱས་པར་བཤད། ཟབ་མོ་དེ་སྤྲོས་པའི་མཐར་འཛིན་དང་བྲལ་བར་བསྟན། ཤེས་རབ་ཀྱིས་སྤྲོས་པའི་མཐའ་གང་ལ་ཡང་མི་གནས་ན། ཤེར་ཕྱིན་ལ་གནས་པར་བསྟན། དེ་ལ་གནས་པས་ཡང་དག་པའི་མཐའ་མངོན་དུ་བྱེད་པར་བསྟན། དེས་ན་ཤེར་ཕྱིན་ཟབ་མོ་སྔགས་སུ་བསྟན་པའོ། །དང་པོ་ལ། ཆོས་གསུམ་སྟོང་པ་ཉིད་དུ་བཤད་པ་དང༌། དེས་མཚན་ཉིད་མེད་པ་སོགས་ཀྱང་མཚོན་ནུས་པར་བསྟན་པའོ། །དང་པོ་ལ། གཟུགས་ཀྱི་ཕུང་པོ་རང་སྟོང་དུ་བཤད་པ། དེས་ཕུང་པོ་ལྷག་མ་དང༌། ཁམས་དང་སྐྱེ་མཆེད་ཀྱང་རང་སྟོང་དུ་མཚོན་ནུས་པའོ། །དང་པོ་ནི། ཀུན་རྫོབ་ལ་སྒྲོ་འདོགས་ཀྱི་མཐའ་བསལ་བའི་ཕྱིར་གཟུགས་སྟོང་པའོ་ཞེས་སོ། །མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བའི་ཕྱིར། སྟོང་པ་ཉིད་གཟུགས་སོ། །ཞེས་སོ། །གཟུགས་རང་གི་ངོ་བོས་སྟོང་པ་དང༌། སྟོང་བཞིན་དུ་གཟུགས་ཀྱི་རྣམ་པར་འཆར་བ་དེ་ལྟ་ན། གཟུགས་ལས་ལོགས་ཤིག་ན་སྟོང་ཉིད་ཀྱི་ངོ་བོ་ཡོད་པའམ། སྟོང་པ་ཉིད་ལས་གུད་ན་གཟུགས་ཀྱི་ཕུང་པོ་ཡོད་དོ་སྙམ་དུ་སྟོང་པ་ཉིད་ལ་མཐའ་གཉིས་སུ་ཞེན་པ་བསལ་བའི་ཕྱིར་དུ་ནི། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མིན་ནོ། །ཞེས་དང༌། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་བཤད་ན། ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུ་ངེས་པ་ལ། དང་པོ་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་གཟུགས་ལ་སོགས་པ་ནི། རང་གི་ངོ་བོས་གང་དང་གང་དུ་སྣང་བ་དེ་དེ་དང་དེ་ཉིད་དུ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོས་སྟོང་པའི་ཕྱིར་རོ། །དེའི་ཤེས་བྱེད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །གལ་ཏེ་དེ་དེ་ཉིད་ཀྱིས་སྟོང་ན་དེར་སྣང་བ་འགལ་ལོ་ཞེ་ན། གནས་ཚུལ་ལ་གཟུགས་ཀྱི་ངོ་བོས་སྟོང་པ་དེ་ཉིད། མ་རིག་པའི་བསླད་པ་ཅན་རྣམས་ལ་གཟུགས་སུ་འཆར་བ་ཡིན་ཏེ། གཟུགས་སོགས་རང་གི་ངོ་བོས་མི་སྟོང་ན། དེ་དང་དེའི་སྣང་བ་འཆར་མི་ནུས་པའི་ཕྱིར། དེ་སྐད་དུ་ཡང༌། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་གསུངས་སོ། །མདོ་འདི་གཉིས་ཀྱི་མཐའ་གཉིས་སེལ་བའི་ངག་དོན་བསྡུས་ན། གཟུགས་སྔར་ཡོད་པར་ཁས་བླངས་ནས། ཕྱིས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་ཚེ། མེད་པར་སོང་བ་ཡིན་ཞེས་ཁས་བླངས་ན། སྒྲོ་སྐུར་གྱི་མཐའ་གཉིས་སུ་ལྷུང་བ་ཡིན་པ་ལས། གཟུགས་གདོད་མ་ནས་ཡོད་མ་མྱོང་བ་ཡིན་ནོ། །ཞེས་བསྟན་ན་ཡོད་འཛིན་གྱི་མཐའ་སེལ་ལ། དེ་ནི་གཟུགས་སྟོང་པའོ། །ཞེས་པས་བསྟན། གདོད་མ་ནས་མེད་པ་ཞིག་གཟུགས་སུ་སྣང་བ་ཡིན་གྱི། ཡོད་པ་ཞིག་མེད་པར་སོང་བ་མིན་ནོ། །ཞེས་བསྟན་པས་ནི་ཆད་པའི་མཐའ་སེལ་ལ། དེ་ནི། སྟོང་པ་ཉིད་གཟུགས་སོ་ཞེས་པས་སྟོན་ནོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་ལ་མཐའ་གཉིས་བསལ་ནས། དོན་དམ་པའི་བདེན་པ་ལ་མཐའ་གཉིས་སེལ་བའི་ཚུལ་ནི། གལ་ཏེ་འོ་ན། གནས་ཚུལ་སྟོང་པ་ཉིད་དུ་གནས་པ་ལ། སྣང་ཚུལ་གཉིས་སྣང་ཅན་ལ་གཟུགས་སོགས་སུ་ཤར་བ་དེ་ལྟ་ན། ཀུན་རྫོབ་ལས་ལོགས་སུ་སྟོང་པ་ཉིད་ཀྱི་ངོ་བོ་གྲུབ་པ་ཡིན་ནམ་ཞེ་ན། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་དུ་གྲུབ་པ་མ་ཡིན་ཏེ། སྟོང་པ་ཉིད་ངོ་བོ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སོ། །འདིས་ནི་སྟོང་ཉིད་ལ་ཡོད་འཛིན་གྱི་མཐའ་སེལ་བ་ཡིན་ཏེ། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་བཟློག་པར་འགྱུར། །ཅི་ཡང་མེད་ཅེས་གོམས་པ་ཡིས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་གསུངས་པ་ལྟར་དེ་ལྟ་ན་ཆད་པའི་མཐའ་ལས་མ་འདས་ཏེ། ཐོག་མར་ཆོས་ཅན་གཟུགས་སོགས་ལ་སྟོང་པ་ཉིད་འབད་པས་བསྒྲུབས་ནས་ཕྱིས་དེ་ཡང་མེད་པར་ཁས་བླངས་པས་སོ་སྙམ་ན། དེ་ལྟར་ཁས་བླངས་ན་དེར་འགྱུར་ཡང༌། དེར་ཁས་མ་བླངས་ཏེ། རྟེན་གཟུགས་སོགས་ཡོད་པར་ཁས་མི་ལེན་པའི་ཕྱིར། ཞེས་འཆད་པ་ནི། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་དུ་ཡོད་པ་མ་ཡིན་ཏེ། གཟུགས་རང་གི་ངོ་བོས་སྟོང་པའི་ཕྱིར་ཞེས་པའོ། །གཟུགས་ཡོད་པ་མ་ཡིན་པར་གྲུབ་པ་ན། དེའི་སྟོང་པ་ཉིད་ཀྱང་དེར་འགྲུབ་སྟེ། ཇི་སྐད་དུ། དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །ཞེས་གསུངས་སོ། །མདོར་བསྡུ་ན། ཕུང་སོགས་ཆོས་གསུམ་པོ་ཡེ་གདོད་མ་ནས་ཡོད་མ་མྱོང་བ་ཡིན་ན། དེར་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ནི། ཀུན་རྫོབ་ལ་ལྟོས་པའི་མཐའ་གཉིས་སེལ་བར་བྱེད་ལ། དེ་ནི་མདོ་དང་པོ་གཉིས་ཀྱིས་བསྟན་ནོ། །ཡང་ཆོས་གསུམ་པོའི་ཆོས་ཉིད་སྟོང་པ་ཉིད་དེ་ཡང་གདོད་མ་ནས་ཡོད་མ་མྱོང་བ་བཞིན་དུ། དེར་ཡོད་པ་མ་ཡིན་ནོ། །ཞེས་བརྗོད་པས་ནི། དོན་དམ་ལ་ལྟོས་པའི་མཐའ་གཉིས་སེལ་བར་བྱེད་ལ། དེ་ནི་མདོ་ཕྱི་མ་གཉིས་ཀྱིས་བསྟན་ནོ། །དེ་ལྟར་བཤད་པ་འདི་ནི་སྟོང་ཉིད་བཞི་སྦྱོར་གྱི་བཤད་པ་དཔྱིས་ཕྱིན་པ་ཡིན་གྱི། དེ་ལས་གཞན་དུ་འཆད་པ་པོ་རྣམས་ཀྱི་ལྟར་ན། མདོ་གཉིས་མཚན་གཉིས་པོའི་ཁྱད་པར་གང་ཡིན་མི་ཕྱེད་ཅིང༌། མདོ་ཕྱི་མ་གཉིས་ལ་ཡང་རྣམ་བཅད་སོ་སོའི་ཁྱད་པར་མི་རྙེད་དོ། །དེ་བས་ན། འདི་སྐད་ཅེས་སྦྱར་བར་བྱ་སྟེ། སྤྱིར་བདེན་གཉིས་ཟུང་དུ་འཇུག་པ་ཞེས་བྱ་བའི་དོན་ནི། འཁྲུལ་ངོར་སྣང་བ་དང༌། ཡེ་ཤེས་ངོར་སྟོང་པ་གཉིས་དབྱེར་མི་ཕྱེད་པ་ལ་བྱ་བ་ཡིན་གྱི། གཟུགས་སོགས་དང་དེའི་ཆོས་ཉིད་གཉིས་ཀ་ཡེ་ཤེས་ཀྱིས་གཟིགས་པར་ཁས་བླངས་ན་རྟག་ཆད་ཀྱི་མཐའ་ལས་མ་འདས་སོ། །གཟུགས་ནི་རང་གི་ངོ་བོས་སྟོང༌། །སྟོང་པ་དེ་ཉིད་གཟུགས་སུ་ཤར། །སྟོང་ལ་ངོ་བོ་ཡོད་མིན་པས། །གཟུགས་ལས་གཞན་སྟོང་ག་ལ་ཡོད། །གཟུགས་ལ་ངོ་བོ་ཡོད་མིན་པས། །སྟོང་ཉིད་ལས་གཞན་གཟུགས་ཡོད་མིན། །གཟུགས་བཀག་པ་ན་གཟུགས་ཀྱི་ནི། །བདེན་དང་སྟོང་པ་གཉིས་ཀ་ཁེགས། །དེ་ཕྱིར་བདེན་པ་གཉིས་ཀ་ཡང༌། །རྟག་དང་ཆད་པའི་མཐའ་ལས་གྲོལ། །ཞེས་སྦྱར་རོ། །འཆད་ཚུལ་དེ་ལྟར་བཤད་པ་དེ་ནི། ངོ་བོ་ཉིད་མེད་པར་སྨྲ་བ་དག་གི་འཆད་ཚུལ་བླ་ན་མེད་པ་ཡིན་ལ། རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོའི་དགོངས་པ་འཆད་ཚུལ་ནི་འདི་ལྟར། ཀུན་བརྟགས་པའི་གཟུགས་ནི་རང་གི་ངོ་བོས་སྟོང་པའོ། །སྟོང་པ་ཉིད་ནི། ཆོས་ཉིད་ཀྱི་གཟུགས་སོ། །རྣམ་པར་བརྟགས་པའི་གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་རྣམ་པར་བརྟགས་པའི་གཟུགས་གཞན་མ་ཡིན་ནོ། །ཞེས་པའོ། །འོ་ན། ཕྱི་མ་གཉིས་མི་ཟློས་པའི་ཚུལ་ཇི་ལྟ་བུ་ཞེ་ན། ཇི་སྐད་དུ། དབུས་མཐའ་ལས། སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་གསུངས་པ་དེ་ཉིད་དོ། །དེ་ལྟར་བཤད་པ་དེའི་ཡང་ཁྱད་པར་ནི། རྣམ་པར་བརྟགས་པའི་གཟུགས་དེ་གཟུང་འཛིན་གཉིས་ཀྱིས་སྟོང་པ་དང༌། དེ་དེས་སྟོང་པའི་སྟོང་པ་ཉིད་དེ་ཡང་མེད་པར་དགག་པ་ཙམ་མ་ཡིན་གྱི། བདེན་པར་ཡོད་དོ་ཞེས་བྱ་བའི་དོན་ཏེ། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། གང་ཞིག་གང་ན་མེད་པ་ནི་དེས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་སྟེ། འདི་ལ་ལྷག་མར་གྱུར་པ་ནི་ཡོད་དོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །འོ་ན་གཟུགས་སྟོང་པའོ་ཞེས་པ་དང༌། གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་པ་བཟློས་སོ་ཤེ་ན་མ་ཡིན་ཏེ། སྔ་མ་ནི་ཀུན་བརྟགས་པའི་གཟུགས་ཞེས་པ་གཟུང་བ་ཀུན་བརྟགས་ལ་བྱ་ལ། ཕྱི་མ་གཉིས་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་པ་འཛིན་པ་ཀུན་བརྟགས་ལ་འཆད་པས་སོ། །དོན་དེ་ཡང༌། ཇི་སྐད་དུ། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་བཤད་པ་དང་མཐུན་ནོ། །འོ་ན། དེ་ལྟར་གཟུགས་ལ་གསུམ་དུ་ཕྱེ་བས་ཅི་ཞིག་བྱ་ཞེ་ན། ཡུམ་ལས། བྱམས་པ། གཟུགས་ཀྱི་རབ་ཏུ་དབྱེ་བ་ནི་གསུམ་དུ་རིག་པར་བྱ་སྟེ། ཀུན་བརྟགས་པའི་གཟུགས་དང༌། རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་སོ། །ཞེས་སོགས་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་པ། དེ་དང་དེའི་སྟོང་པ་ཉིད་གོ་བའི་དགོས་པ་ཡོད་དོ། །འོ་ན། སྟོང་པ་ཉིད་གཟུགས་སོ་ཞེས་པ་དང༌། མདོ་བཞི་པ་མི་ཟློས་པ་ཅི་ཞེ་ན། སྔ་མ་ཆོས་ཉིད་ཀྱི་གཟུགས་དང༌། ཕྱི་མ་རྣམ་བརྟགས་ཀྱི་གཟུགས་ལ་འཆད་པའི་རྒྱུ་མཚན་ལས་སོ། །དེ་ལྟར་འཆད་པ་འདི་ནི། གཞན་སྟོང་གི་འཆད་ཚུལ་བླ་ན་མེད་པའོ། །རྒྱ་ཆེར་འགྲེལ་པ་ལས་ནི་འདི་ལྟར་འབྱུང་སྟེ། གཟུགས་སྟོང་པའོ་ཞེས་པ་ནི། བ་གླང་རྫི་དང༌། བུད་མེད་ཡན་ཆད་ལ་གྲགས་པའི་གཟུགས་རགས་པ་དེ་ཉིད་རང་གི་ངོ་བོས་སྟོང་པར་བསྟན་ནོ། །སྟོང་པ་ཉིད་གཟུགས་སོ་ཞེས་པས་ནི། བྱེ་བྲག་ཏུ་སྨྲ་བ་དང༌། སྤྱོད་པ་པ་ལ་སོགས་པ་འདོད་པའི་གཟུགས་ཆ་མེད། བློ་ལ་རྣམ་མེད་དུ་སྣང་བ་དེ་ཉིད་སྟོང་པར་བསྟན་པ་ཡིན་ནོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མིན་ནོ། །ཞེས་པས་ནི། མདོ་སྡེ་པ་གཟུགས་དངོས་སུ་སྣང་བས་སྟོང་པའི་ཤེས་པ་ལས། ཕྱི་རོལ་གྱི་གཟུགས་རྫས་གཞན་དུ་ཡོད་པ་དེ་བཀག་པ་ཡིན་ནོ། །སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ། །ཞེས་པས་ནི། རྣལ་འབྱོར་སྤྱོད་པ་པ་རྣམ་པར་བརྟགས་པའི་གཟུགས་དང༌། ཆོས་ཉིད་ཀྱི་གཟུགས་རང་སྟོང་དུ་ཁས་མི་ལེན་པ་དེ་བསལ་བ་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །རྗེ་བཙུན་དམ་པ་རྒྱ་གར་གྱི་མན་ངག་ལས་ནི་འདི་ལྟར་འབྱུང་སྟེ། སྟོང་ཉིད་བཞི་སྦྱོར་དཔེའི་སྒོ་ནས་བཤད་པར་བྱ་སྟེ། ཆུ་ནང་དུ་ཟླ་བའི་གཟུགས་བརྙན་ཤར་བ་ན་ཟླ་བར་སྣང་བ་དང༌། ཟླ་བས་སྟོང་པ་དང༌། སྣང་སྟོང་དབྱེར་མེད་པ་དང༌། ཟླ་བའི་མཚན་ཉིད་ཤེས་ན་ཟླ་བ་རང་སར་གྲོལ་བའོ། །དེ་བཞིན་དུ་མ་རིག་པའི་ཆུ་སྣོད་གྱིས་གང་བའི་གཟུང་འཛིན་གཉིས་སྣང་གི་རྒྱ་མཚོར། གཟུགས་སུ་སྣང་བ་དང༌། སྣང་བ་དེ་གཟུགས་ཀྱིས་སྟོང་པ་དང༌། སྣང་སྟོང་དབྱེར་མི་ཕྱེད་པ་དང༌། གཟུགས་ཀྱི་མཚན་ཉིད་ཤེས་ན་གཟུགས་སྣང་རང་སར་གྲོལ་བའོ། །ཞེས་བྱ་བ་བཞི་པོ་མདོ་བཞི་དང་སྦྱར། གཟུགས་སུ་སྣང་བ་གཟུགས་ཀྱིས་སྟོང་པའི་ཤེས་བྱེད་ནི། སྣང་བ་དེ་ཤེས་པ་ཡིན་པ་ལ་ཐུག་གོ །གཟུགས་ཀྱི་མཚན་ཉིད་ཤེས་པས་རང་སར་གྲོལ་བའི་གོ་དོན་ནི། དེའི་མཚན་ཉིད་ཤེས་པ་ན་སྣང་བ་དེ་གཟུགས་མ་ཡིན་པར་ཤེས་སླའོ། །གཉིས་པ་ལ། ཕུང་པོ་ལྷག་མ་ལ་མཚོན་ཚུལ་དང༌། ཁམས་དང་སྐྱེ་མཆེད་ལ་མཚོན་ཚུལ་ལོ། །དང་པོ་ནི། དེ་བཞིན་དུ་ཚོར་བ་དང་ཞེས་སོགས་ཏེ། གཟུགས་ཀྱི་ཕུང་པོ་ལ་ཇི་ལྟར་སྦྱར་བ་དེ་བཞིན་དུ། ཚོར་བ་སྟོང་པའོ། །སྟོང་པ་ཉིད་ཚོར་བའོ། །ཚོར་བ་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་ཚོར་བ་གཞན་མིན་ནོ། །ཞེས་པ་ནས། རྣམ་པར་ཤེས་པའི་བར་ལ་སྦྱར་རོ། །གཉིས་པ་ནི། ཤཱ་རིའི་བུ་ཕུང་པོ་ལྔ་པོ་རང་གི་ངོ་བོས་སྟོང་པ་དེ་ལྟ་བས་ན། ཞེས་སམ། རྒྱ་དཔེའི་སྒྲ་ཇི་བཞིན་པ་ལྟར་ན། དེ་ལྟར་ན་ཞེས་སྦྱར་ནས། སྐྱེ་མཆེད་དང་ཁམས་ཀྱི་ཆོས་ཐམས་ཅད་ནི། རང་གི་ངོ་བོས་སྟོང་པ་ཉིད་དེ་ཞེས་བྱ་བ་ཡིན་ནོ། །གཉིས་པ་མཚན་ཉིད་མེད་པ་སོགས་ཀྱང་མཚོན་པ་ནི། ཆོས་གསུམ་པོ་རང་གི་ངོ་བོས་སྟོང་པར་གྲུབ་པ་ན། དེ་ཐམས་ཅད་ལ་མཚོན་པར་བྱེད་པའི་མཚན་ཉིད་མེད་པ་དང༌། གང་གིས་བསྐྱེད་པའི་རྒྱུ་མེད་པས་ན། མ་སྐྱེས་པ་དང༌། གང་གིས་འགོག་པར་བྱེད་པའི་རྒྱུ་མེད་པས་ན། མ་འགགས་པ་དང༌། གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། གང་གིས་རྣམ་པར་བྱང་བར་བྱེད་པའི་རྒྱུ་མེད་པས་ན། དྲི་མ་མེད་པ་དང༌། དྲི་མ་དང་བྲལ་བ་མེད་པའོ། །དེ་ལྟར་ན་དང་པོ་གཉིས་ཀྱིས་རང་གི་ངོ་བོས་སྟོང་པ་དང༌། བར་པ་བཞིས་རྒྱུའི་མཚན་མ་མེད་པར་བསྟན་ནས། འབྲས་བུ་ལ་སྨོན་པ་མེད་པར་སྟོན་པ་ནི། དེ་ལྟར་དྲི་མ་མེད་པ་དང༌། དེ་དང་བྲལ་བ་ཡང་མེད་པ་དེ་ལྟར་ན་སྐྱོན་བྲི་བ་མེད་པ་དང༌། ཡོན་ཏན་གྱི་གང་བ་མེད་པའོ་ཞེས་བྱ་བའོ། །འདི་དག་ལ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། གཟུགས་མ་སྐྱེས་པའོ། །མ་སྐྱེས་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་མ་སྐྱེས་པ་གཞན་མ་ཡིན། མ་སྐྱེས་པ་ལས་ཀྱང་གཟུགས་གཞན། ཞེས་སོགས་ནས། གཟུགས་གང་བ་མེད་པའོ། །ཞེས་སོགས་ཀྱི་བར་དུ་སྦྱར་རོ། །གཉིས་པ་ཟབ་མོ་འདི་སྤྲོས་པའི་མཐར་འཛིན་གྱི་ཡུལ་མ་ཡིན་པར་བསྟན་པ་ལ། གཞི་ཕུང་ཁམས་སྐྱེ་མཆེད་སྤྲོས་པའི་མཐར་འཛིན་ལས་གྲོལ་བར་བསྟན། ལམ་བདེན་བཞི་རྟོགས་པའི་ཡེ་ཤེས་མཐར་འཛིན་ལས་གྲོལ་བར་བསྟན། འབྲས་བུ་སངས་རྒྱས་ཡེ་ཤེས་མཐར་འཛིན་ལས་གྲོལ་བར་བསྟན་པའོ། །དང་པོ་ནི། ཤེར་ཕྱིན་གྱི་ཟབ་མོའི་སྤྱོད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔས། ཆོས་གསུམ་པོ་ཐམས་ཅད་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པར་བལྟ་དགོས་པ་དེ་ལྟ་བས་ན། ཤཱ་རིའི་བུ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་གསུམ་ལ། གཟུགས་སོ་ཞེས་རྗེས་སུ་བལྟ་བར་བྱར་མེད། ཚོར་བ་ཞེས་དང༌། འདུ་ཤེས་ཞེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ཞེས་བྱ་བར་བལྟར་མེད་དེ། དེ་ལྟར་བལྟས་ན། སྟོང་པ་ཉིད་དུ་བལྟ་བ་དང་འགལ་བའི་ཕྱིར་རོ། །དེས་ཕུང་པོ་ལྔ་སྤྲོས་པའི་མཐའ་བྲལ་དུ་བསྟན་ནས། སྐྱེ་མཆེད་བཅུ་གཉིས་ཀྱང་དེར་བསྟན་པ་ནི། མིག་མེད་ཅེས་པ་ནས། ཆོས་མེད་ཅེས་པའི་བར་ཏེ། ཤེར་ཕྱིན་ལ་སློབ་པའི་སེམས་དཔས། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་ལ་རྗེས་སུ་བལྟ་བར་བྱར་མེད་ཅེས་པའོ། །ཁམས་ཀྱང་སྤྲོས་པའི་མཐའ་བྲལ་དུ་བསྟན་པ་ནི། མིག་གི་ཁམས་མེད་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །ཞེས་པ་སྟེ། ཤེར་ཕྱིན་ལ་སློབ་པའི་བྱང་ཆུབ་སེམས་དཔས། ཁམས་བཅོ་བརྒྱད་ལ་འདི་ནི་མིག་གོ །ཞེས་སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་པར་བསྟན་ནོ། །འོ་ན། གོང་དུ་སྟོང་པ་ཉིད་གཟུགས་སོ་ཞེས་བཤད་པ་དང༌། འདིར་སྟོང་པ་ཉིད་ལ་གཟུགས་སོགས་མེད་པར་བཤད་པ་ཇི་ལྟར་མི་འགལ་ཞེ་ན། དང་པོ་ནི། གཉིས་སྣང་ཅན་གྱི་བློ་འཁྲུལ་པ་ལ་སྣང་ཚུལ་གྱི་དབང་དུ་བྱས་ལ། འདིར་ནི་གནས་ཚུལ་དོན་དམ་པའི་དབང་དུ་བྱས་པའོ། །དེ་ཡང་ཇི་སྐད་དུ། དབུ་མ་འཇུག་པར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་དག་བདག་ཉིད་གང་དུ་མིག་དག་པས། །མཐོང་དེས་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལམ་སྤྲོས་བྲལ་དུ་བསྟན་པ་ལ་གཉིས་ཏེ། གང་ཟག་གི་བདག་མེད་རྟོགས་པའི་ཡེ་ཤེས་ལ་མི་བལྟ་བར་བསྟན་པ་དང༌། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་ལ་མི་བལྟ་བར་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྒྲུབ་བྱེད་རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་རྟོགས་པའི་ཡེ་ཤེས་ལ་མི་བལྟ་བར་བསྟན་པ་དང༌། བསྒྲུབ་བྱ་བདེན་བཞི་རྟོགས་པའི་ཡེ་ཤེས་ལ་མི་བལྟ་བར་བསྟན་པའོ། །དང་པོ་ནི། མ་རིག་པ་མེད། རྒ་ཤི་མེད་ཅེས་པས། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་བཅུ་གཉིས་ལ་ཞེན་པ་མེད་པ་དང༌། མ་རིག་པ་ཟད་པ་མེད་ཅེས་དང༌། རྒ་ཤི་ཟད་པའི་བར་དུ་མེད་ཅེས་པས། རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་ལ་ཞེན་པ་བཀག་ནས། ཀུན་བྱང་གི་རྟེན་འབྲེལ་གཉིས་ཀ་ལ་ཞེན་པ་འགོག་པར་བསྟན་ནོ། །གཉིས་པ་ནི། དེ་བཞིན་དུ་སྟེ། ཀུན་བྱང་གི་རྟེན་འབྲེལ་གཉིས་པོ་ཞེན་བྱར་མ་གྲུབ་པ་དེ་ལྟ་བས་ན། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་རྟོགས་པའི་ཡེ་ཤེས་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡུམ་ལ་སློབ་པའི་རྗེས་སུ་བལྟ་བར་བྱར་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་བདེན་པ་བཞི་ལ་བླང་དོར་དུ་ཞེན་པའི་ཚུལ་གྱིས་མི་བལྟ་བར་མ་ཟད། སྤྲོས་བྲལ་རྟོགས་པའི་ཡེ་ཤེས་དང༌། དེའི་འགལ་ཟླ་མི་ཤེས་པ་གཉིས་ལ་ཡང༌། བླང་དོར་དུ་ཞེན་པའི་ཚུལ་གྱིས་རྗེས་སུ་བལྟ་བར་བྱར་མེད་དོ། །ཞེས་འཆད་པ་ནི། ཡེ་ཤེས་མེད། མི་ཤེས་པ་མེད་དོ། །ཞེས་པའོ། །འདིར་མི་ཤེས་པ་མེད་དོ་ཞེས་པ་རྒྱ་དཔེ་ཁ་ཅིག་ལས་འབྱུང་བར་འགྲེལ་པ་ལས་བཤད་དོ། །གསུམ་པ་འབྲས་བུ་ལ་ཐོབ་མ་ཐོབ་ཀྱི་ཞེན་པ་འགོག་དགོས་པར་བསྟན་པ་ནི། ཡུམ་ལ་སློབ་པའི་བྱང་སེམས་ཀྱིས། སྟོབས་དང༌། མི་འཇིགས་པ་སོགས་ནི་ཐོབ་པར་བྱ་བ་ཡིན་ནོ། །སྙམ་དུ་ཞེན་པའི་ཚུལ་གྱིས་བལྟ་བར་བྱར་མེད་དོ། །བྱིས་པ་དང༌། འཕགས་པ་སློབ་པ་རྣམས་ཀྱིས་ནི་འབྲས་བུ་དེ་མ་ཐོབ་པ་ཡིན་ནོ་སྙམ་དུ་ཞེན་པའི་ཚུལ་གྱིས་རྗེས་སུ་བལྟ་བར་བྱར་མེད་དོ། །ཞེས་བྱ་བ་ཡིན་ནོ། །དེ་དག་གིས་ནི་གཞི་ཕུང་ཁམས་སྐྱེ་མཆེད་ལ་སྤྱིའི་མཚན་ཉིད་དུ་ཞེན་པ་འགོག་པ་དང༌། འཁོར་འདས་ཀྱི་ལམ་གཉིས་ལ་བླང་དོར་གྱི་མཚན་མར་ཞེན་པ་འགོག་པ་དང༌། འབྲས་བུ་མི་གནས་པའི་མྱང་འདས་དང༌། དམན་པའི་ལྷག་མེད་ཀྱི་མྱང་འདས་གཉིས་ལ། སྟོབས་སོགས་ཡོན་ཏན་ཐོབ་མ་ཐོབ་ཀྱི་འདུ་ཤེས་འགོག་དགོས་པར་བསྟན་ནོ། །མདོར་བསྡུ་ན། དེ་ཡན་ཆད་དུ་ཡུལ་སྤྲོས་བྲལ་དུ་གཏན་ལ་ཕབ་པ་དང༌། ཡུལ་ལ་ཞེན་པའི་ཚུལ་གྱིས་གནས་བྱ་མ་ཡིན་པ་གཉིས་བསྟན་ལ། དེ་ལྟར་བསྟན་པ་དེས་ནི། མི་གནས་པའི་སྦྱོར་བ་དང༌། མི་སྦྱོར་བའི་སྦྱོར་བ་ཞེས་བྱ་བ་གཉིས་ཀྱི་དོན་ཀྱང་མཚོན་ནོ། །དོན་དེ་དག་ཀྱང༌། ཇི་སྐད་དུ། གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ནི་ངོ་བོ་ཉིད། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་དེ་དང་མཚན་མ་མེད། །དེའི་མཚན་མ་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་འབྱུང་བ་དེ་ཉིད་དོ། །གསུམ་པ་ཅི་ཡང་མི་གནས་ན་ཤེར་ཕྱིན་ལ་གནས་པ་ཡིན་པར་བསྟན་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན་ཡུམ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས། འབྲས་བུ་གང་ལ་ཡང་ཐོབ་པར་བྱའོ་ཞེས་ཞེན་པའི་ཚུལ་གྱིས་རྗེས་སུ་ལྟ་བ་མེད་པའི་ཕྱིར། འབྲས་བུ་དེའི་ཆེད་དུ་བསླབ་པར་བྱ་བའི་ཆོས་གང་ལ་ཡང་མི་གནས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་དེ་ལ་གནས་པའོ། །དེ་སྐད་དུ་ཡང༌། རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། ཞེས་དང༌། གནས་མེད་གནས་ཡིན། ཞེས་འབྱུང་བ་ལྟར་རོ། །བཞི་པ་དེ་ལ་གནས་པས་ཡང་དག་པའི་མཐའ་མངོན་དུ་བྱེད་པར་བསྟན་པ་ནི། ཤེར་ཕྱིན་ལ་དེ་ལྟར་སློབ་པའི་བྱང་སེམས་དེའི་སེམས་ལ་མཚན་མར་འཛིན་པའི་སྒྲིབ་པ་མེད་པས། སྟོང་པ་ཉིད་ལ་སྐྲག་པ་མེད་དེ། དེ་ལྟར་རིང་དུ་གོམས་པས་ཕྱིན་ཅི་ལོག་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་ནས། རང་བཞིན་གྱི་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་པའོ། །དེའི་ཤེས་བྱེད་ཀྱི་དཔེ་ནི། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་སྤྲོས་པའི་མཐའ་ཐམས་ཅད་བཀག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་དོན་ཏོ། །དུས་ནམ་གྱི་ཚེ་མངོན་དུ་བྱེད་ཅེ་ན། ཤེར་ཕྱིན་འདི་ཐོབ་ནས་གལ་དེ་འདོད་ན། ཞག་བདུན་གྱིས་ཀྱང་ཡང་དག་པའི་མཐའ་ཆོས་ཀྱི་སྐུ་མངོན་དུ་བྱེད་པར་ནུས་མོད། བྱེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་དགེ་བའི་རྩ་བ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཞེས་གསུངས་སོ། །འདིར་བཤད་པའི་རྫོགས་པའི་བྱང་ཆུབ་ནི། ཆོས་ཉིད་དེ་བཞིན་ཉིད་མངོན་དུ་བྱས་པའི་ཆ་ནས་བཤད་པ་ཡིན་ཏེ། ཡུམ་བར་མ་ལས། བཅོམ་ལྡན་འདས་ཇི་ལྟར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ། །རབ་འབྱོར་གྱིས་གསོལ་པ། ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ནས་མྱ་ངན་ལས་འདས་པའི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །དེའི་དོན་ཡང༌། བླ་ན་མེད་པའི་དེ་བཞིན་ཉིད་དང༌། མངོན་པར་རྫོགས་པར་སངས་རྒྱས་པ་ནི། དེ་མངོན་དུ་བྱས་པའི་ཆ་ནས་བཤད་པའོ། །དེ་ལྟར་བཤད་པ་ན། རྫོགས་པའི་བྱང་ཆུབ་ཀྱི་རྒྱུའི་གཙོ་བོ་ནི་གཉིས་ཏེ། ཤེས་རབ་ཀྱིས་ཆོས་སྐུ་མངོན་དུ་བྱེད་པ་དང༌། ཐབས་ཀྱིས་གཟུགས་སྐུ་མངོན་དུ་བྱེད་པའོ། །འདིར་ནི་དང་པོའི་ཆ་ནས་བསྟན་གྱི། གཉིས་པའི་ཆ་ནས་བསྟན་པ་མ་ཡིན་ནོ། །དེ་ལྟར་མི་སྟོན་པའི་རྒྱུ་མཚན་ཡང༌། འདིར་ཤེས་ཕྱིན་གྱི་སྙིང་པོ་ཁོ་ནའི་ཟབ་པའི་ཁྱད་པར་དེ་ཉིད་བསྟན་པར་བཞེད་པའོ། །དེ་ལྟར་བསྟན་པ་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཆོས་ཉིད་ལ་མཉམ་པར་བཞག་པ་ཁོ་ནས་ཆོས་ཀྱི་སྐུ་དོན་དམ་པ་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པར་གོ་ལ། དེ་ལྟར་གོ་བ་ན། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་བྱེད་པའི་དོགས་པ་ཡོད་པས། དེ་ལྟར་མི་བྱེད་པའི་ཕྱིར་དུ། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། སྨོན་ལམ་རྫོགས་པར་མ་བྱས་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མ་བྱས་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་སྦྱངས་པར། དེ་དག་གི་ཡང་དག་པའི་མཐའ་མངོན་དུ་ནི་མི་བྱའོ། །ཞེས་གདམས་པ་ཡིན་ནོ། །འོ་ན། དེ་ལྟ་བུའི་དགོངས་པ་ཅན་གྱི་ཆོས་ཀྱི་སྐུ་དེ་དང༌། དམན་པའི་ལྷག་མེད་ཀྱི་མྱང་འདས་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན། གཞན་དོན་རྒྱུན་ཆད་པར་འདྲ་ཡང༌། ཤེས་སྒྲིབ་སྤངས་མ་སྤངས་ཀྱི་ཁྱད་པར་ལས། སྟོབས་སོགས་བྲལ་བའི་ཡོན་ཏན་དང་ལྡན་མི་ལྡན་གྱི་ཁྱད་པར་ཡོད་དོ། །དེ་ལྟ་ན་ཡང་གཟུགས་ཀྱི་སྐུས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པ་ལ་ནི། རྫོགས་སྨིན་སྦྱངས་གསུམ་ངེས་པར་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །ཕལ་པོ་ཆེའི་མདོ་ལས་ཀྱང༌། བྱང་ཆུབ་སྤྱོད་པ་དང༌། བཟང་པོ་སྤྱོད་པ་གཉིས་སུ་ཕྱེ་ནས། དང་པོ་སྒྲིབ་པ་སྤོང་པའི་ཆ་ནས་དང༌། གཉིས་པ་སེམས་ཅན་གྱི་དོན་བྱེད་པའི་ཆ་ནས་བཤད་ཅིང༌། དང་པོ་དེ་གཉིས་པས་མཐར་ཕྱིན་པར་བྱེད་དགོས་པར་བཤད་དོ། །ཡུམ་གྱི་སྙིང་པོ་འདིར་ནི། ཤཱ་རིའི་བུས་བྱང་ཆུབ་སྤྱོད་པའི་ཆ་ཙམ་ནས་དྲིས་ཤིང༌། འཕགས་པ་སྤྱན་རས་གཟིགས་ཀྱིས་ཀྱང་དེ་ཙམ་གྱི་ཆ་ནས་ལན་བཏབ་པ་ཡིན་ནོ། །ལྔ་པ་དེས་ན་ཤེར་ཕྱིན་སྔགས་སུ་བསྟན་པ་ནི། ཤཱ་རིའི་བུ་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་ཞེས་པས་ནི་མདོར་བསྟན་པའོ། །ཇི་ལྟར་སྔགས་ཡིན་ཞེ་ན། རིག་པ་ཆེན་པོའི་སྔགས་ཞེས་པ་སྟེ། བཤད་མ་ཐག་པའི་མཚན་རྟོག་ཐམས་ཅད་དང་བྲལ་བའི་རིག་པ་ཆེན་པོ་དེ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཕྱིར་སྔགས་སོ། །དེ་ཉིད་ཡུལ་དུས་ཐམས་ཅད་ལ་ཁྱབ་པས་ཆེན་པོ་ཞེས་ཀྱང་བྱའོ། །བླ་ན་མེད་པའི་སྔགས་ཞེས་པ་ནི། དབང་ཕྱུག་ལ་སོགས་པས་བྱས་པའི་རིག་སྔགས་ལས་ཀྱང་ཁྱད་པར་དུ་འཕགས་པའོ། །མི་མཉམ་པ་དང་མཉམ་པའི་སྔགས་ཞེས་པ་ནི། ནམ་མཁའ་དང་མཉམ་པ་སྟེ། མདོར་ན་འདི་དང་མཉམ་པའི་སྔགས་མེད་དོ་ཞེས་རྒྱ་ཆེར་འགྲེལ་ལས་སོ། །དེ་དག་གིས་ནི། སྔགས་ཀྱི་མཚན་ནི་ངོས་བཟུང་ནས། དེ་སྔགས་ཡིན་པའི་ཤེས་བྱེད་སྟོན་པ་ནི། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་ན་སྔགས་སོ། །དེའི་ཤེས་བྱེད་ཀྱང་མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཞེས་པ་ཡིན་ལ། དོན་ནི། བདེན་པ་སྟེ། དེ་ཁོ་ན་ཉིད་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང་མི་རྫུན་པས་ན་ཞེས་སོ། །འགྲེལ་ཆེན་གྱི་ནང་གི་མདོ་ལས། བདེན་ཞིང་ཕྱིན་ཅི་མ་ལོག་པའི་ཕྱིར། ཞེས་འབྱུང་ངོ༌། །འདིའང་གནས་སྐབས་བདེན་པའི་དབང་དུ་བྱས་པ་ཡིན་གྱི། མཐར་ནི་དེ་ཉིད་ཀྱང་རྫུན་པ་ཡིན་ཏེ། ཇི་སྐད་དུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་འབྱུང་བ་ལྟར་རོ། །རྒྱུ་མཚན་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སུ་རིགས་སོ་ཞེས་དོན་བསྡུས་སོ། །འདིར་རིགས་སོ་ཞེས་པའི་སྐད་དོད་ཡོད་ཀྱི། སྨྲས་པ་ཞེས་པའི་སྐད་དོད་མེད་དོ། །འགྲེལ་ཆེན་ལས་ནི། གསང་སྔགས་ཞེས་འབྱུང་ལ། དེའི་དོན་ཡང༌། དབང་པོ་རྟུལ་པོ་ཤེར་ཕྱིན་གྱི་སྣོད་མ་ཡིན་པ་ལ་གསང་དགོས་པ་ལ་བཤད་དོ། །སྨྲས་པ་ཞེས་པ་ནས། སྭཱཧཱ། ཞེས་པའི་བར་ནི། འགྲེལ་ཆེན་གྱི་ནང་གི་མདོ་ན་མེད་ཅིང༌། བཤད་པ་ཡང་མ་མཛད་ལ། གཞུང་གཞན་ལས། སྨྲས་པ་ཞེས་འབྱུང་བ་ལྟར་ན། གོང་དུ་སྨྲས་ཟིན་པ་ལ་ཟེར་བ་ཡིན་གྱི། འོག་ནས། ཨོཾ་ག་ཏེ་ཞེས་སོགས་ལ་སྙེག་པ་མ་ཡིན་ནོ། །ཏདྱ་ཐཱ་ཞེས་པ། བོད་སྐད་དུ། འདི་ལྟ་སྟེ་ཞེས་པའོ། །ཨོཾ་ཞེས་པ་ནི། འདུད་པའོ། །ག་ཏེ་ག་ཏེ། གཤེགས་མ་གཤེགས་མ་ཞེས་པ་གཉིས་སོ། །པཱ་ར་ག་ཏེ་ནི། ཕ་རོལ་ཏུ་གཤེགས་མའོ། །པཱ་ར་སཾ་ག་ཏེ་ནི། ཕ་རོལ་ཏུ་ཡང་དག་པར་གཤེགས་མའོ། །བོ་དྷཱི་སྭཧཱ་ཞེས་པས་བྱང་ཆུབ་པར་གཞི་ཚུགས་པའོ། །འདི་ན་ཡེ་ཤེས་པའི་ཚིག་གི་མ་སྣང་ལ། རྒྱ་དཔེ་ཁ་ཅིག་ལས་སཾ་ག་ཏེ་ཞེས་པའི་ཚབ་ཏུ། བོ་དྷཱི་ག་ཏེ། ཞེས་པ་འབྱུང་ལ། དེ་ཉིད་ལེགས་པ་ཡིན་ཏེ། ཕ་རོལ་ཏུ་གཤེགས་པའི་དོན་ནི། བྱང་ཆུབ་ཏུ་གཤེགས་པ་ཡིན་པས་སོ། །དེ་ཡང་འདི་ལྟར། ཨོཾ་ཞེས་འདུད་པའི་ཚིག་སྔོན་དུ་བཏང་ནས། གང་ལ་ན། གཤེགས་མ་ཞེས་པའི་ཚིག་གཉིས་ཀྱིས་བསྟན་པའི་དོན་དེ་ལའོ། །འོ་ན་གཉིས་པོ་དེ་གང་དང་གང་དུ་གཤེགས་པ་ཡིན་ཞེ་ན། ཕ་རོལ་ཏུ་དང༌། ཕ་རོལ་མཆོག་ཏུ་གཤེགས་པའོ། །དེ་ཡང་དང་པོ་ནི། ཉོན་མོངས་པའི་སྒྲིབ་པ་མ་ལུས་པར་སྤོང་བས་ན་འཁོར་བའི་ཕ་རོལ་ཏུ་གཤེགས་པ་ཡིན་ལ། ཕ་རོལ་གཉིས་པ་ནི། ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤོང་བས་ན། ཕ་རོལ་མཆོག་མི་གནས་པའི་མྱང་འདས་སུ་གཤེགས་པའོ། །འོ་ན། འཁོར་འདས་གཉིས་ཀའི་ཕ་རོལ་ཏུ་གཤེགས་ནས་མི་གནས་པའི་མྱང་འདས་ཀྱི་སར་ཕྱིན་པ། དེ་ལས་ཀྱང་ཕ་རོལ་ཏུ་གཤེགས་དགོས་སམ་ཞེ་ན། དེ་ལས་ཕ་རོལ་ཏུ་འགྲོ་བར་བྱར་མེད་པས། བྱང་ཆུབ་ཏུ་གཞི་ཚུགས་ཞེས་པའོ། །དེ་ལྟར་སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཕྱག་གི་འོས་སུ་བསྟན་པ་ཡིན་ནོ། །རྗེ་བཙུན་དམ་པ་རྒྱ་གར་གྱི་མན་ངག་ལས། ག་ཏེ་ཞེས་སོགས་ལྔ་པོ་ལམ་ལྔ་ལ་སྦྱོར་བ་དང༌། སྔགས་འདི་ལ་བསྙེན་པའི་ཚད་མཐར་ཕྱིན་པར་བྱས་པས། ལམ་སྔ་མཐར་ཕྱིན་པའི་ཚུལ་ལ་སོགས་པའི་རྣམ་པར་བཞག་པ་རྒྱ་ཆེར་འབྱུང་ངོ༌། །དེ་ཡང་འདི་ལྟར། ཨོཾ་ཞེས་པ་ཁ་ཕྲལ་ཏེ། ཡི་གེ་བསྣན་པ་ངེས་ཚིག་དག་གིས་བཤད་ན། ཨུ་ཙ་པ་ལའོ་ཞེས་པའི་བྱིངས་ལས། ཙ་ཏྭེས་འབྲེལ་ཡིན་པས་ཕྱིས། སི་བོད་པ་ལའོ། །ཞེས་པས་སི་བྱིན། ཨི་ཨེཏ། ཨུ་ཨོཏ། སི་སཾ་བུདྡྷི་ལའོ། །ཞེས་པས། ཨུ་ཨོ་རུ་སོང༌། ཐུང་ངུ༌། ན་དྷི་ཤ་དྷ་རྣམས་ལས་སི་དབྱིའོ། །ཞེས་པས་སི་ཕྱིས། དེ་ལྟར་ན། ཨོཾ་ཞེས་པ་བསགས་པའི་ལུས་ཀྱི་དོན་ནོ། །ཡང་ཎ་མ་རབ་ཏུ་འདུད་པ་ལའོ། །ཞེས་པའི་བྱིངས་ལ། རྐྱེན་ཨ་སུ་བྱིན། ཨུ་ཡིག་བརྗོད་དོན་ཡིན་པས་ཕྱིས། མ་སྲོག་མེད་ཨའི་སྟེང་དུ་དྲངས། ས་སྲོག་མེད་རྣམ་བཅད་དུ་བྱས། ཎའི་ནའོ། །ཞེས་པ་ཎ་ན་རུ་སོང༌། དེ་ལྟར་ན། ན་མཿཞེས་པ་འདུད་པ་སྟེ། མདོར་ན། ཨོཾ་གྱི་དོན་ནི་ལུས་ཀྱིས་ཕྱག་འཚལ་བའོ། །ཡང་ན། ཨའི་སྒྲ་ལས་དྲངས་ན། ཨ་ཏི་ལ་ཉེར་བསྒྱུར་དུ་སྔོན་དུ་བཞག་པས་བདེ་ལེགས་ཞེས་པ་བཀྲ་ཤིས་པའི་དོན་ནོ། །གསུམ་པ་འཇུག་བསྡུ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་སོགས་སོ། །མདོ་འདིར་ཤེས་རབ་ཀྱི་ཁྱད་པར་གཙོ་བོར་བསྟན་པ་ཡིན་མོད། ཐབས་ཀྱི་ཁྱད་པར་ཡང་རྟེན་གྱི་གང་ཟག་སེམས་དཔའ་ཆེན་པོར་བསྟན་པས་མཚོན་པ་ཡིན་ཏེ། དེ་དག་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་པར་མ་བྱས་པ་དེ་སྲིད་དུ། ཆོས་ཀྱི་སྐུ་མངོན་དུ་མི་བྱེད་པའི་ཕྱིར་དང༌། བྱང་སེམས་ཆེན་པོ་རྣམས་ནི། ཇི་སྐད་དུ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །ཞེས་འབྱུང་བ་ལྟར། ཐབས་ཀྱི་བཟང་པོ་སྤྱོད་པའི་སྨོན་ལམ་མཐར་མ་ཕྱིན་གྱི་བར་དུ། ཤེས་རབ་ཀྱིས་བྱང་ཆུབ་སྤྱོད་པས་སྒྲིབ་པ་གཉིས་ཀྱི་ས་བོན་ཟད་པར་བྱེད་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་བཟང་པོའི་སྤྱོད་པ་ཚུལ་བཞིན་དུ་སློབ་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་སྤྱོད་པ་མ་བསྟན་ན། སྒྲིབ་པ་གཉིས་ཀྱི་ས་བོན་སྤོང་བར་མི་ནུས་པས། མདོ་འདིར། དཔེ་དེ་ལ་སློབ་པའི་ཚུལ་དྲིས་ནས་བཤད་པ་ནི་སྐབས་ཀྱི་དོན་ནོ། །གསུམ་པ་རྗེས་སུ་གནང་བའི་བཀས་འཇུག་བསྡུ་བ་ལ་གསུམ་སྟེ། སྟོན་པ་དགེས་ནས་ལེགས་པ་ལ་ལེགས་སོ་གནང་བ་དང༌། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་བཤད་ནས། རྗེས་སུ་ཡི་རང་མཛད་པ་དང༌། རྒྱུ་མཚན་དེ་ལ་བརྟེན་ནས་འཁོར་འདུས་པ་ཐམས་ཅད་ཀྱིས་དགའ་བ་དང༌། ཡི་རང་ཕུལ་བའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། སོགས་སོ། །གཉིས་པ་ནི། རིགས་ཀྱི་བུ་དེ་དེ་བཞིན་ནོ་སོགས་སོ། །ཧ་ཅང་དགེས་ཆེས་པ་དང༌། རྗེས་སུ་ཡི་རང་བ་མང་བའི་དོན་གྱིས་ལེགས་སོ་དང༌། དེ་དེ་བཞིན་ནོ་ཞེས་པ་ལན་གཉིས་བཟླས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་སོགས་སོ། །འཕགས་པ་ཉི་ཤུ་རྩ་ལྔ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཡང་དག་པར་རྟོགས་སོ་ཞེས་རྒྱ་དཔེ་ལས་འབྱུང་བ་ནི་འཇུག་གི་དོན་ནོ།།  །།གསུམ་པ་མདོའི་སྒྲུབ་པ་བསྟན་པ་ལ་གསུམ་སྟེ། དོན་ཟབ་མོ་ཡིད་ལ་བྱ་བའི་རིམ་པ། ཚིག་བཟང་པོ་ཁ་ཏོན་དུ་བྱ་བའི་ཚུལ། དེ་གཉིས་ཀྱི་བྱེད་པས་བདུད་ལས་ཞི་ཞིང་ཆོས་ཉིད་མངོན་དུ་བྱེད་པའི་ཚུལ་ལོ། །དང་པོ་ལ། གང་དུ་ཡིད་ལ་བྱ་བ་གནས་ཀྱི་ཁྱད་པར། གང་ཡིད་ལ་བྱ་བ་ཟབ་མོའི་ཁྱད་པར། ཇི་ལྟར་ཡིད་ལ་བྱ་བ་བྱིང་རྒོད་དང་བྲལ་བའོ། །དང་པོ་ནི། གནས་བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང༌། སྨོན་ལམ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ལས་བྱུང་བ་དེར། སེང་གེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ན། སྟོན་པ་བཅོམ་ལྡན་འདས་མཆོག་གི་སྤྲུལ་པའི་སྐུ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང༌། ཕྱག་གཡས་པ་བདུད་འདུལ་བ་དང༌། གཡོན་པ་མཉམ་པར་བཞག་པའི་སྟབས་ཅན། མཚན་དང་དཔེ་བྱད་ཀྱིས་འཕར་བ་ཟབ་མོ་སྣང་བ་ཞེས་བྱ་བ་དཔའ་བར་འགྲོ་བ་ལ་སོགས་པ་ཤེར་ཕྱིན་གྱི་ཏིང་ངེ་འཛིན་བརྒྱ་དང་ཉི་ཤུ་པོ་ཐམས་ཅད་གང་གི་ཁོངས་སུ་འདུ་བར་འགྱུར་བའི་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་པ། འཁོར་ཉན་ཐོས་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་གྲངས་མེད་པས་བསྐོར་བ། དེའི་ནང་ནས་ཀྱང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི། རྗེས་ཐོབ་ཏུ་ཕུང་པོ་ལྔ་པོ་སྒྱུ་མའི་རྣམ་རོལ་དུ་གཟིགས་ཤིང༌། བཙུན་པ་ཤཱ་རིའི་བུ་ནི། བྱང་སེམས་ཆེན་པོས་རྟོགས་དཀའ་བ་ཤེར་ཕྱིན་ལ་སློབ་ཚུལ་འདྲི་བར་མཛད་པ། དེའི་མདུན་ན་མདོ་འདོན་པ་པོ་རང་ཉིད་ཀྱང་རྒྱལ་བ་སྲས་བཅས་ལ་དམིགས་པའི་དད་པ་དང༌། ཟབ་མོའི་དོན་ལ་སྤྲོ་བའི་བརྩོན་འགྲུས་དང༌། ཟག་པ་དང་བཅས་པ་མཐའ་དག་ལས་སེམས་བསྲུང་བའི་བག་ཡོད་པ་དང་བཅས་ཏེ་འཁོད་པར་བསམ་མོ། །གཉིས་པ་ནི། ཆོས་ཐམས་ཅད་ལ་རང་གི་ངོ་བོ་ཡོད་པ་མ་ཡིན་པ་དང༌། འཇོག་བྱེད་ཀྱི་མཚན་ཉིད་ཀྱང་ཡོད་པ་མིན་ནོ་ཞེས་སྟོང་པ་ཉིད་དུ་ཡིད་ལ་བྱེད་པ་དང༌། ཆོས་ཐམས་ཅད་ལ་སྐྱེ་འགག་དང༌། ཀུན་བྱང་དུ་བྱེད་པའི་རྒྱུ་ཡོད་པ་མིན་ནོ་ཞེས་མཚན་མ་མེད་པར་ཡིད་ལ་བྱ་བ་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས། སྐྱོན་བྲི་བ་དང༌། ཡོན་ཏན་གྱིས་གང་བ་གཉིས་ཀ་མེད་དོ་ཞེས་སྨོན་པ་མེད་པ་ཉིད་དུ་ཡིད་ལ་བྱའོ། །གསུམ་པ་ནི། སྟོང་པ་ཉིད་དོ་ཞེས་སམ། མཚན་མ་མེད་པའོ་ཞེས་ཞེན་པའི་ཚུལ་གྱིས་ཡིད་ལ་བྱས་ན་ནི། སེམས་ཕྱི་རོལ་དུ་རྒོད་པ་དང༌། གསོར་མི་རུང་བའི་དུག་ཏུ་འགྱུར་བས་དེ་ལྟར་ཡིད་ལ་བྱ་བ་ནི་མ་ཡིན་ནོ། །འོ་ན། ཇི་ལྟར་ཞེ་ན། གཟུགས་སོགས་རང་གི་ངོ་བོས་གྲུབ་ན་གཅིག་དང་དུ་མ་གང་དུ་ཞེས་དང༌། དེ་དག་སྐྱེ་ན་མཐའ་བཞི་པོ་གང་ལས་ཞེས་དང༌། དེས་འབྲས་བུ་བསྐྱེད་ན་གྲུབ་པའམ། མ་གྲུབ་པ་གང་སྐྱེད་ཅེས་རྣམ་པར་བརྟགས་ནས་ཅི་ཡང་མ་རྙེད་པའི་ངང་དེ་ཉིད་ལ་གང་དུ་ཡང་ཡིད་ལ་མི་བྱེད་པའོ། །དེ་ཉིད་ནི། ཡིད་ལ་བྱེད་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། ཡུམ་ལས། ཅི་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ། །ཞེས་གསུངས་སོ། །ཡིད་ལ་བྱེད་པ་བཀག་ཙམ་ནི། བརྒྱལ་བ་དང༌། གཉིད་འཐུག་པོ་ལ་ཡང་ཡོད་པས། བྱིང་བ་དང༌། རྨུགས་པ་བསལ་ནས། གསལ་ཞིང་དངས་ལ་རྟོག་པ་མེད་པའི་ངང་ལ་མཉམ་པར་བཞག་པར་བྱའོ། །འོ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱང་སྤངས་དགོས་སམ་སྙམ་ན། སྦྱོར་བའི་དུས་སུ་ངེས་པར་སྔོན་དུ་འགྲོ་དགོས་ཀྱང༌། མཉམ་གཞག་དངོས་གཞིའི་དུས་སུ་ནི་དེ་ཡང་ངེས་པར་སྤངས་དགོས་ཏེ། དཔེར་ན། ཤིང་གཉིས་དྲུད་པ་ལས་མེ་འབྱུང་དགོས་ཀྱང༌། དེས་དེ་གཉིས་སླར་བསྲེགས་པ་ལྟ་བུའོ། །གཉིས་པ་ཚིག་ཟབ་མོ་ཁ་བཏོན་དུ་བྱེད་ཚུལ་ནི། གོང་དུ་བཤད་པ་དེ་ལྟར། གནས་གང་དུ་ཟབ་མོ་གང་ཇི་ལྟར་ཡིད་ལ་བྱེད་པའི་རིམ་པ་དེ་ལྟར་ཡིད་ལ་བྱས་ནས། མདོ་འདོན་པ་པོ་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱིས་ཤཱ་རིའི་བུ་ལ་ལན་ཇི་ལྟར་བཏབ་པའི་རྗེས་སུ་བཟློས་པར་བསམ་སྟེ། འདི་སྐད་ཅེས། ཚེ་དང་ལྡན་པ་ཤཱ་རིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱད་པ་སྤྱོད་པར་འདོད་པ་དེས། ཞེས་པ་ནས། ཟབ་མོ་ལ་བསླབ་པར་བྱའོ། །ཞེས་པའི་བར་བཀླག་པར་བྱ་བ་ཡིན་ནོ། །དེ་ལྟར་ལན་བདུན་ལ་སོགས་པ་བཀླགས་ཟིན་པའི་རྗེས་སུ། སྟོན་པ་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་ལེགས་སོ་གནང་བ་དང༌། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་མཛད་པ་དང༌། ཤཱ་རིའི་བུ་ཡང་མངོན་པར་དགའ་བ་དང༌། འཁོར་དུ་ལྷགས་པ་ཐམས་ཅད་ཀྱང་རྗེས་སུ་ཡི་རང་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་པ་ཉིད་དུ་བསམ་པར་བྱའོ། །གསུམ་པ་བདུད་ཀྱི་ལས་ཇི་ལྟར་བཟློག་པའི་ཚུལ་ནི་གསུམ་སྟེ། དབང་པོ་རྣོན་པོས་ནི། ཟབ་མོའི་དོན་ཡིད་ལ་བསམ་པ་ཙམ་གྱིས་བདུད་ཀྱི་ལས་མ་འོངས་པ་ཆོས་ཉིད་ཀྱི་ངང་དུ་ཐིམ་ནས་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པར་འགྱུར་རོ། །དབང་པོ་འབྲིང་པོས་ནི། དོན་ཡིད་ལ་བྱེད་པའི་ངང་ནས་ཚིག་ཁ་བཏོན་དུ་བྱས་པས་དེར་འགྱུར་རོ། །དབང་པོ་ཐ་མས་ནི། དེ་དང་དེའི་དོན་བསམ་བཞིན་པའི་ངང་ནས་ཚིག་ཁ་བཏོན་དུ་བྱས་ཟིན་པའི་འོག་ཏུ་བདེན་པའི་སྟོབས་བརྗོད་པར་བྱ་སྟེ། འདི་ལྟར། སངས་རྒྱས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ལ་ཕྱག་འཚལ་ལོ། །དེའི་བདེན་པ་དང༌། དགེ་འདུན་ལ་ཕྱག་འཚལ་ལོ། །དེའི་བདེན་པ་དང༌། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་མཐུ་དང༌། བྱིན་གྱིས་བརླབས་ཀྱིས། བདག་གི་བདེན་པའི་ཚིག་འགྲུབ་པར་གྱུར་ཅིག ཇི་ལྟར་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བྱས་པས། བདུད་སྡིག་ཅན་གྱི་དཔུང་གི་ཚོགས་ཕྱིར་ལོག་པ་དེ་བཞིན་དུ། འདིར་ཡང་བདག་གིས་རྣམ་པར་ཐར་པའི་སྒོ་གསུམ་ཡིད་ལ་བསམ་ནས། ཚིག་ཟབ་མོ་ཁ་བཏོན་དུ་བགྱིས་པའི་མཐུ་དང་བྱིན་གྱིས་བརླབས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་ལས་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཞི་བར་གྱུར་ཅིག བདུད་བཞི་དང་ས་གཉིས་ཀྱི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག འཇིག་རྟེན་གྱི་ཆོས་བརྒྱད་དང༌། མཚན་མའི་གཡེང་པ་ཐམས་ཅད་མི་འབྱུང་བར་གྱུར་ཅིག ཞེས་སོགས་ལན་གསུམ་བརྗོད་ནས་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག་པར་བྱའོ། །དེ་ལྟར་བྱས་པས་གནས་སྐབས་སུ་བདུད་ཀྱིས་གླགས་མི་རྙེད་པ་དང༌། ཡོན་ཡོངས་སུ་སྦྱོང་བ་དང༌། སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པ་དང༌། མྱུར་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །ཡུམ་གྱི་སྙིང་པོ་རྣམ་བཤད་འཆད་དཀའ་བ། །སྔོན་བྱོན་མཁས་པའི་ཐུགས་ལ་བཞུགས་གྱུར་ཀྱང༌། །ཚིག་ཟུར་ཕྱིན་པའི་རྣམ་བཤད་མ་མཐོང་བས། །འདིར་འབད་དེ་ལ་བཟློས་པའི་སྐྱོན་དང་བྲལ། །ཡོན་སྦྱོང་བ་དང་བདུད་ལས་གཞིལ་འདོད་པས། །ཆོས་ཀུན་ངོ་བོས་སྟོང་པའི་ཚུལ་བསླབས་ནས། །རྒྱལ་ཡུམ་སྙིང་པོ་ཇི་ལྟར་ཀློག་པའི་ཚུལ། །ཡིད་འབབ་རྣ་བར་སྙན་པ་འདི་ལོངས་ཤིག །ཆོས་ཀུན་རང་སྟོང་ཡིན་པར་ཁས་བླངས་ནས། །དེ་སྒྲུབ་བྱེད་པའི་རིགས་པ་མི་སེམས་པར། རྟགས་ཀྱི་དགག་བྱ་ཚོལ་བའི་ངལ་བ་ཡིས། །ཟབ་དོན་རིང་དུ་འཁྱམ་པ་འགའ་མེད་དམ། །གཞན་སྟོང་སྨྲ་ལ་སྡང་བར་ཁས་བླངས་ནས། །དེ་ཉིད་དེ་ཡིས་སྟོང་པར་མི་འདོད་པ། །ཚད་གྲུབ་ཆོས་འགའ་དགག་བྱའི་ཁྱད་པར་གྱིས། །སྟོང་པར་བཤད་པས་གཞན་སྟོང་མ་བླངས་སམ། །དེ་ཀུན་དེ་ཡི་ངོ་བོར་ཁས་བླངས་ནས། །དེ་ཉིད་དེ་ཡི་རང་བཞིན་གྱིས་སྟོང་ཞེས། །བདུད་ཚིག་དབྱངས་སུ་ལེན་པའི་སྨྲེ་སྔགས་ཀྱིས། །ཕ་རོལ་བདུད་དཔུང་བཟློག་པར་རྩོལ་ཕོད་དམ། །རྟོག་དང་བརྗོད་པའི་ཡུལ་དུ་གང་ཤར་བ། །ཐམས་ཅད་དེ་དེས་སྟོང་པར་ཐག་བཅད་ནས། །མཚན་རྟོག་དབྱིངས་སུ་ཞི་བའི་བཟླས་བརྗོད་ཀྱིས། །བདུད་དཔུང་ཆོས་དབྱིངས་ངང་དུ་ཐིམ་གྱུར་ཅིག །ཅེས་ཡུམ་གྱི་སྙིང་པོའི་རྣམ་པར་བཤད་པ་བདུད་ལས་རྣམ་རྒྱལ་ཞེས་བྱ་བ་འདི། ཟབ་མོའི་དོན་ལ་བསྙེངས་པ་མེད་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། གཙང་གཡས་རུའི་སའི་ཐིག་ལེ། གསེར་མདོག་ཅན་གྱི་དབེན་གནས་དམ་པར་ཉེ་བར་སྦྱར་བའི་ཡི་གེ་པ་ནི། བཤེས་གཉེན་ཆོས་ཀྱི་རྒྱལ་མཚན་ནོ།།  །། ༄། །ན་མཿས་མན་བྷ་ཏྲཱ་ཡ། འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་བཤད་པ་དད་པ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ། རབ་དཀར་སྨོན་ལམ་ནོར་བུའི་ཁོར་ཡུག་ཅན། །ཕྱིན་དྲུག་ནོར་འཛིན་མཚར་བའི་ཕང་བ་ན། །ཐུབ་ཆེན་རྣམ་སྣང་གངས་ཅན་མཚོ་ཆེན་པོས། །ངེས་སྟོན་འདོད་དགུའི་གཏེར་ཁྱོད་ཕྱག་གི་གནས། །རྒྱལ་བའི་སྲས་ཀྱི་སྨོན་ལམ་བགྲང་ཡས་པ། །སྡུད་མཁས་ཀུན་ཏུ་བཟང་པོའི་སྨོན་ལམ་ནི། །བརྩེ་ཆེན་སྟོན་པ་མཆོག་གིས་དེང་འདིར་གསུངས། །གང་འདིའི་རྣམ་བཤད་འགལ་ལ་ཕན་ཕྱིར་རོ། །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་སྔོན་དུ་བཏང་ནས། འཕགས་པ་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་ཞེས་བྱ་བ་འདི་འཆད་པ་ལ། དོན་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། སྨོན་ལམ་འདི་མདོ་གང་ལས་འབྱུང་བ། །སྨོན་ལམ་འདི་དང་པོར་འདེབས་པ་པོའི་གང་ཟག་གིས། ཆེད་དུ་བྱ་བའི་གདུལ་བྱ་གང་ལ། དགོས་པ་གང་གི་ཕྱིར་བཏབ་པ། སྨོན་ལམ་འདི་དུས་ནམ་གྱི་ཚེ་བཏབ་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་ནས། སྡོང་པོས་བརྒྱན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས། ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་པའི་ལེའུ་ལས་འབྱུང་བའོ། །གཉིས་པ་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཞེས་ཀྱང་བྱ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་ཀྱང་བྱ་བ་དེར། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཏུ་བསྡུས་པའི་རྟེན་ལོངས་སྤྱོད་རྫོགས་པའི་སྐུ་ནི། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆེན་པོ་ཞེས་བྱ་བ་དེ་ཡིན་ལ། དེའི་ཐུགས་ཁ་ནས་བྱུང་བའི་སྲས་ནི། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་ཀུན་ཏུ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དོ། །རྒྱལ་བའི་སྲས་པོ་དེས་གནས་དེ་ཉིད་དུ། སྨོན་ལམ་དེ་ལྟར་བཏབ་པ་དེ་རང་རེའི་སྟོན་པས་ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱི་ནང་དུ་བཀོད་པའོ། །དེ་ལྟ་མོད་ཀྱི། སྨོན་ལམ་འདིའི་ཐོག་མའི་མཐའ་ནི་རྙེད་པ་མ་ཡིན་ཏེ། སྟུག་པོ་བཀོད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་དེ་ཐམས་ཅད་ཀྱང་སྨོན་ལམ་འདི་ཉིད་ཀྱི་དབང་གི་འབྲས་བུ་ཡིན་པའི་ཕྱིར་དང༌། ཇི་སྐད་དུ། ཇི་ཙམ་ཉོན་མོངས་ལས་དང་མཐའ་འགྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་བཤད་པས་སོ། །ཆེད་དུ་བྱ་བའི་གདུལ་བྱ་ནི། ཚོང་དཔོན་གྱི་བུ་ནོར་བཟང་ལྟ་བུ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མྱུར་དུ་རྫོགས་པར་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་མངོན་དུ་བྱེད་པར་འདོད་པ་དེ་དག་གོ །དགོས་པ་ནི། མ་དག་པའི་ཞིང་རྣམ་པར་སྦྱངས་ནས་སྟུག་པོ་བཀོད་པའི་ཞིང་ཁམས་ཡོངས་སུ་བཟུང་བའི་ཕྱིར། རྣམ་སྣང་གངས་ཅན་མཚོ་ཞེས་བྱ་བ་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྣམ་སྨིན་གྱི་སྐུ་དེ་མངོན་དུ་བྱ་བའི་ཕྱིར་དུའོ། །དོན་དེ་དག་ཀྱང་ཕལ་པོ་ཆེའི་མདོ་དེ་ཉིད་ལས་འབྱུང་བ་ཡིན་ནོ། །ཇི་སྐད་དུ། ཚོང་དཔོན་གྱི་བུ་ནོར་བཟང་དེས་བྱམས་པ་དང༌། འཇམ་དཔལ་ལ་སོགས་པ་དགེ་བའི་བཤེས་གཉེན་བརྒྱ་རྩ་བརྒྱད་བསྟེན་ཞིང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་པའི་མཐར། དེ་དག་གི་མཐུ་དང་བྱིན་གྱིས་བརླབས་ཀྱིས། རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོའི་རྫུ་འཕྲུལ་དང་རྣམ་པར་ཐར་པ། བསམ་གྱིས་མི་ཁྱབ་པ་དང་བཅས་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྤྱན་སྔ་ན། སེངྒེའི་ཁྲི་པདྨའི་སྙིང་པོ་ཅན་ལ་འདུག་པ་མཐོང་ངོ༌། །དེ་བཞིན་དུ་ཕྱོགས་བཅུ་རེ་རེ་ཞིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་བ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ཞིང་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་ན། ཀུན་ཏུ་བཟང་པོ་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། སེངྒེའི་ཁྲི་ལ་འཁོད་པ་མཐོང་ངོ༌། །དེའི་ཚེ་ཀུན་ཏུ་བཟང་པོ་ཇི་སྙེད་པ་དེ་སྙེད་ཀྱི་ཕྱག་གཡས་པ་གླང་པོ་ཆེའི་སྣ་ལྟར་བརྐྱང་བ་ནོར་བཟང་ཀྱི་སྤྱི་བོར་རབ་ཏུ་བཞག་སྟེ། སྨོན་ལམ་གྱི་རྒྱལ་པོ་འདི་ཚིགས་སུ་བཅད་པའི་དབྱངས་ཀྱི་སྒོ་ནས་རབ་ཏུ་བཏབ་པར་བཤད་པ་ཡིན་པས་སོ། །གསུམ་པ་དུས་ནམ་གྱི་ཚེ་བཏབ་པ་ནི། རང་རེའི་སྟོན་པ་ཛེ་ཏའི་ཚལ་ན་བཞུགས་པའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པ་ཚལ་དེ་ནས་བྱུང་སྟེ། ལྷོ་ཕྱོགས་སུ་ཡུལ་རྒྱུ་ཞིང་གཤེགས་པ་ལས། མཐར་གྲོང་རྡལ་ཆེན་པོ་སྐྱིད་པའི་འབྱུང་གནས་ཞེས་བྱ་བ་དེ་ན་བཞུགས་པའི་ཚེ། ཚོང་དཔོན་གྱི་བུ་ནོར་བཟང་འཁོར་ལྔ་བརྒྱ་དང་བཅས་པ་དག་དེར་ལྷགས་ནས་འཇམ་དཔལ་གྱི་ཕྱི་བཞིན་དུ་འབྲང་བར་བྱས་སོ། །དེའི་ཚེ་འཇམ་དཔལ་གྱིས་ནོར་བཟང་ལ་སྨྲས་པ། ཁྱོད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་ནི་ལེགས་སོ། །དེ་བས་ན་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། བསྙེན་བཀུར་བ་ལ་ཡོངས་སུ་མི་སྐྱོ་བར་བྱོས་ཤིག ཅེས་སྨྲས་པ་དང༌། དེས་སྨྲས་པ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་ནས། ཇི་ལྟར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་འགྱུར་བ་རྒྱ་ཆེར་བསྟན་དུ་གསོལ། ཞེས་སྨྲས་པ་དང༌། འཇམ་དཔལ་གྱི་ཚིགས་སུ་བཅད་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་མཆོག་ཕྱིར། །སྨོན་ལམ་རྒྱ་ཆེན་རྫོགས་པར་བྱས། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི། །བྱང་ཆུབ་སྨོན་པར་བྱེད་ལ་ལྟོས། །དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་ཚོལ་བ་ནི་དཀོན་པ་དེ་བས་ཀྱང་ཆེས་དཀོན་ནོ། །དེ་བས་ན་དགེ་བའི་བཤེས་གཉེན་ཡོངས་སུ་བཙལ་བ་ལ་སྐྱོ་བར་མ་བྱ་ཞིག རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་མགུལ་ལེགས་པ་ཞེས་བྱ་བའི་རི་ཞིག་ཡོད་པ་དེ་ལ། དགེ་སློང་སྤྲིན་གྱི་དཔལ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ། ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང༌། ནན་ཏན་དུ་བྱ་བ་དྲིས་ཤིག དེས་ཁྱོད་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་སྟོན་ནོ། །ཞེས་གསུངས་སོ། །དེ་ལྟར་དགེ་སློང་སྤྲིན་གྱི་དཔལ་ནས། སླར་ཡང་འཇམ་དཔལ་གཞོན་ནུར་གྱུར་པའི་བར། དགེ་བའི་བཤེས་གཉེན་སྔ་མ་རྣམས་ཀྱིས་ཕྱི་མ་ཕྱི་མ་ལུང་བསྟན་པའི་ཚུལ་གྱིས། དགེ་བའི་བཤེས་གཉེན་བརྒྱ་དང་བརྒྱད་པོ་བསྙེན་བཀུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པའི་མཐར། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་འོག་མིན་གྱི་གནས་ན་སེངྒེ་ཁྲི་ལ་འཁོད་བཞིན་དུ། བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་དང་སྤྱོད་པ་རླབས་པོ་ཆེ་ནོར་བཟང་ལ་དགེ་བའི་བཤེས་གཉེན་སྔ་མ་རྣམས་ཀྱིས་བཤད་པའི་རྒྱལ་བའི་སྲས་ཀྱི་རྣམ་པར་ཐར་པ་ཇི་སྙེད་བཤད་པ་དེ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཀྱང༌། བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མི་ཕོད་པ་ཞིག་ཉེ་བར་སྟོན་པ། ནོར་བཟང་ཀྱི་སེམས་ཀྱིས་མཐོང་བར་གྱུར་ཏོ། །དེས་ཀྱང་དེ་ལ་བསླབ་པས་སྔོན་མ་ཐོབ་པའི་ཏིང་འཛིན་དང་ཆོས་ཀྱི་སྒོ་གྲངས་མེད་པ་ཞིག་ཐོབ་པར་གྱུར་པ་དེའི་ཚེ། ནོར་བཟང་གི་སྤྱི་བོར་ཀུན་ཏུ་བཟང་པོས་ཕྱག་གཡས་པ་ཤིན་ཏུ་རིང་བར་བརྐྱང་ནས་སྨོན་ལམ་འདི་བཏབ་པ་ཡིན་ནོ། །དེ་ལྟར་ན་ཁྱེའུ་ནོར་བཟང་ཀྱི་དགེ་བའི་བཤེས་གཉེན་བརྒྱ་དང་བརྒྱད་བསྟེན་པ་ནི། དང་པོར་སེམས་བསྐྱེད་པ་ནས། མཐོང་ལམ་གྱི་ཡེ་ཤེས་སྐྱེས་མ་ཐག་པའི་བར་ཡིན་ལ། དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་འཁོར་དང་བཅས་པ་མངོན་སུམ་དུ་མཐོང་བ་ན་ས་དང་པོ་ནས་བཅུ་པའི་བར་རྗེས་ཐོབ་ཀྱི་སྤྱོད་པ་ལ་ཇི་ལྟར་སློབ་པའི་ཚུལ་རྣམས་རྒྱས་པར་བསྟན་པ་ཡིན་ལ། དེ་ཐམས་ཅད་དོན་ཚིགས་སུ་བཅད་པར་བསྡུས་ནས་བསྟན་པ་ནི་སྨོན་ལམ་གྱི་རྒྱལ་པོ་འདི་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ལ། གཞུང་འདིས་ནི་དོན་གཉིས་བསྡུས་པ་ཡིན་ཏེ། དགེ་བའི་རྩ་བ་གསོག་པ་དང༌། བྱང་ཆུབ་ཆེན་པོར་བསྔོ་བའོ། །དང་པོ་ནི། ཇི་སྙེད་སུ་དག་སོགས་ཤླཽ་ཀ་བཅུ་གཅིག་གོ །གཉིས་པ་ལ་གཉིས་ཏེ། བཟང་པོ་སྤྱོད་པའི་སྨོན་ལམ་ཇི་ལྟར་འདེབས་པའི་ཚུལ་བཤད་པ་དང༌། སྨོན་ལམ་དེ་ཁ་བཏོན་དུ་བྱས་པའི་དགེ་བ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། ངོ་བོ་མདོར་བསྟན་པ། དབྱེ་བ་རྒྱས་པར་བཤད་པ། ཕན་ཡོན་བསྟན་པས་འཇུག་བསྡུ་བ་རྣམས་སོ། །དང་པོ་ནི། ཕྱག་འཚལ་བ་དང༌། ཞེས་སོགས་ཤླཽ་ཀ་གཅིག་གོ །གཉིས་པ་ལ། སྨོན་ལམ་གྱི་དབྱེ་བ་རྣམ་པ་བཅུ་དྲུག་ཡིན་ཏེ། དེ་དག་གང་ཞེ་ན། ལྷག་པའི་བསམ་པ་དང་ལྡན་པར་བྱ་བ་དང༌། སྲིད་པའི་སྐྱོན་གྱིས་མ་གོས་བཞིན་དུ་འཁོར་བར་སྐྱེ་བ་ལེན་པ་དང༌། ཚེ་འདི་དང་ཕྱི་མར་སེམས་ཅན་ལ་ཕན་གདགས་པར་བྱ་བ་དང༌། གོ་ཆ་ཆེན་པོ་བགོ་བར་བྱ་བ་དང༌། སྐལ་བ་དང་མཐུན་པའི་བྱང་ཆུབ་སེམས་དཔའ་བསྟན་པ་དང༌། དགེ་བའི་བཤེས་གཉེན་མགུ་བར་བྱ་བ་དང༌། དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་བལྟ་བར་བྱ་བ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་པར་བྱ་བ་དང༌། ཡོན་ཏན་མི་ཟད་པའི་མཛོད་རྙེད་པར་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་དང༌། སྤྱོད་ཡུལ་ལ་སོགས་པ་ལ་འཇུག་པར་བྱ་བ་དང༌། སྟོབས་བསམ་གྱིས་མི་ཁྱབ་པ་ཐོབ་པར་བྱ་བ་དང༌། གཉེན་པོ་ཡེ་ཤེས་ཐོབ་པར་བྱ་བ་དང༌། བྱེད་ལས་ཕྱོགས་སུ་སྒྲུབ་པར་བྱེད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་སློབ་པར་བསྔོ་བ་དང༌། སྨོན་ལམ་དེ་ཐམས་ཅད་ཀྱི་དོན་བསྡུས་ནས་བསྔོ་བའོ། །དང་པོ་ནི། འདས་པའི་སངས་རྒྱས་སོགས་ཤླཽ་ཀ་གསུམ་མོ། །གཉིས་པ་ནི། བྱང་ཆུབ་སྤྱོད་པ་ཞེས་སོགས་ཤླཽ་ཀ་བཞིའོ། །གསུམ་པ་ནི། ལས་དང་ཉོན་མོངས་ཞེས་སོགས་ཤླཽ་ཀ་གཅིག་གོ །བཞི་པ་ནི། ངན་སོང་སྡུག་བསྔལ་སོགས་ཤླཽ་ཀ་གཅིག་གོ །ལྔ་པ་ནི། སེམས་ཅན་དག་གི་སྤྱོད་དང་ཞེས་སོགས་ཤླཽ་ཀ་གཅིག་གོ །དྲུག་པ་ནི། བདག་གི་སྤྱོད་དང་སོགས་རྐང་པ་བཞིའོ། །བདུན་པ་ནི། བདག་ལ་ཕན་པར་འདོད་པ་ཞེས་སོགས་རྐང་པ་བཞིའོ། །བརྒྱད་པ་ནི། སངས་རྒྱས་སྲས་ཀྱིས་བསྐོར་བ་ཞེས་སོགས་རྐང་པ་བཞིའོ། །དགུ་པ་ནི། རྒྱལ་བ་རྣམས་ཀྱི་ཞེས་སོགས་རྐང་པ་བཞིའོ། །བཅུ་པ་ནི། སྲིད་པ་ཐམས་ཅད་སོགས་རྐང་པ་བཞིའོ། །བཅུ་གཅིག་པ་ནི། རྡུལ་གཅིག་སྟེང་ན་ཞེས་པ་ནས། མགོན་པོ་ཀུན་གྱི་དྲུང་དུ། ཞེས་བྱ་བའི་བར་ཤླཽ་ཀ་བརྒྱད་དོ། །བཅུ་གཉིས་པ་ནི། ཀུན་ཏུ་མྱུར་བའི་ཞེས་སོགས་ཚིགས་སུ་བཅད་པ་གཉིས་སོ། །བཅུ་གསུམ་པ་ནི། ལས་ཀྱི་སྟོབས་རྣམས་ཞེས་སོགས་རྐང་པ་བཞིའོ། །བཅུ་བཞི་པ་ནི། ཞིང་རྣམས་རྒྱ་མཚོ་ཞེས་སོགས་ཤླཽ་ཀ་གཉིས་སོ། །བཅོ་ལྔ་པ་ནི། གང་ཡང་དུས་གསུམ་གཤེགས་པ་ཞེས་སོགས་ཤླཽ་ཀ་བཞིའོ། །བཅུ་དྲུག་པ་ནི། སྤྱོད་པ་དག་ནི་ཞེས་སོགས་ཤླཽ་ཀ་གཅིག་གོ །དེ་ལྟར་སྨོན་ལམ་གྱི་དབྱེ་བ་རྣམ་པ་བཅུ་དྲུག་ཏུ་བཤད་པ་འདི་ནི། དབྱིག་གཉེན་ཞབས་དང༌། ཕྱོགས་ཀྱི་གླང་པོ་སོགས་འགྲེལ་ཚད་ཕལ་ཆེ་བ་དག་གི་བཤད་པའི་སྲོལ་ཡིན་ནོ། །གཉིས་པ་བསྡུས་པའི་དོན་ལ་གཉིས་ཏེ། སྨོན་ལམ་འདིའི་མཐའ་དང་ཕན་ཡོན་ནོ། །དང་པོ་ནི། ནམ་མཁའི་མཐར་ཐུག་ཅེས་སོགས་རྐང་པ་བཞིའོ། །གཉིས་པ་ལ་གསུམ་སྟེ། ཚེ་འདི་དང་ཕྱི་མའི་ཕན་ཡོན་དང༌། དེ་གཉིས་ཀའི་འཇུག་བསྡུས་པའོ། །དང་པོ་ལ་བཞི་སྟེ། བསོད་ནམས་མང་པོའི་ཡོན་ཏན། དེ་བཞིན་གཤེགས་པ་མཐོང་བའི་ཡོན་ཏན། བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པའི་ཡོན་ཏན། ལས་ཀྱི་སྒྲིབ་པ་འབྱང་བའི་ཡོན་ཏན་ནོ། །དང་པོ་ནི། གང་ཡང་ཕྱོགས་བཅུའི་ཞེས་སོགས་ཤླཽ་ཀ་གཉིས་སོ། །གཉིས་པ་ནི། གང་གིས་བཟང་སྤྱོད་སོགས་རྐང་པ་བཞིའོ། །གསུམ་པ་ནི། དེ་དག་རྙེད་པ་སོགས་རྐང་པ་བཞིའོ། །བཞི་པ་ནི། མཚམས་མེད་སོགས་རྐང་པ་བཞིའོ། །གཉིས་པ་ཚེ་ཕྱི་མའི་ཡོན་ཏན་ལ་གཉིས་ཏེ། རྒྱུས་བསྡུས་པ་དང༌། འབྲས་བུས་བསྡུས་པའོ། །དང་པོ་ནི། ཡེ་ཤེས་དང་ནི་ཞེས་སོགས་རྐང་པ་བཞིའོ། །གཉིས་པ་ནི། བྱང་ཆུབ་ཤིང་དྲུང་སོགས་རྐང་པ་བཞིའོ། །གསུམ་པ་ཕན་ཡོན་དེ་གཉིས་ཀའི་འཇུག་བསྡུ་བ་ནི། གང་ཡང་བཟང་པོ་སྤྱོད་པ་སོགས་རྐང་པ་བཞིའོ། །གཉིས་པ་སྨོན་ལམ་དེ་མངོན་དུ་བྱས་པའི་དགེ་བ་བསྔོ་བ་ལ་ལྔ་སྟེ། རྒྱལ་བའི་སྲས་པོ་རྣམས་ཀྱིས་མཁྱེན་པ་ལྟར་བསྔོ་བ་དང༌། རྒྱལ་བས་མཁྱེན་པ་ལྟར་བསྔོ་བ་དང༌། སྣང་བ་མཐའ་ཡས་མཐོང་བའི་རྒྱུར་བསྔོ་བ་དང༌། དེས་བྱང་ཆུབ་མཆོག་ཏུ་ལུང་སྟོན་པའི་རྒྱུར་བསྔོ་བ་དང༌། དེ་ནས་སེམས་ཅན་གྱི་དོན་བྱེད་པའི་རྒྱུར་བསྔོ་བའོ། །དང་པོ་ནི། འཇམ་དཔལ་སོགས་རྐང་པ་བཞིའོ། །གཉིས་པ་ནི། དུས་གསུམ་གཤེགས་པ་སོགས་རྐང་པ་བཞིའོ། །གསུམ་པ་ནི། བདག་ནི་འཆི་བའི་དུས་བྱེད་སོགས་ཤླཽ་ཀ་གཉིས་སོ། །བཞི་པ་ནི་རྒྱལ་བའི་དཀྱིལ་འཁོར་སོགས་རྐང་པ་བཞིའོ། །ལྔ་པ་ནི་དེར་ནི་བདག་གིས་སོགས་རྐང་པ་བཞིའོ། །རེ་ཞིག་དགོས་པ་དང༌། བསྡུས་པའི་དོན་ནི་དེ་ཙམ་མོ། །གསུམ་པ། ཚིག་གི་དོན་འཆད་པ་ལ་གསུམ་སྟེ། མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་བསྒྱུར་བ་དང༌། བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྻ་ཞེས་པ་ནི། བོད་སྐད་དུ། འཕགས་པའོ། །བྷ་དྲ་ནི་བཟང་པོའོ། །ཙརྻ་ནི་སྤྱོད་པའོ། །པྲ་ནི་དྷ་ན་ཞེས་པ་སྨོན་ལམ་མོ། །རཱ་ཛ་ནི་རྒྱལ་པོའོ། །གཉིས་པ་ནི། སོ་སོ་སྐྱེ་བོའི་ས་ལས་རིང་དུ་སོང་བས་ན་འཕགས་པ། བཟང་པོ་ཞེས་པ་ནི། ཀུན་ཏུ་བཟང་པོའོ། །དེས་སྤྱོད་ཅིང་དབང་འབྱོར་པའི་དོན་གྱིས་ནི་བཟང་པོའི་སྤྱོད་པ་ཞེས་བྱའོ། །དོན་དེ་ཡང་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སྤྱོད་པའི་ཆོས་བཅུ་སྟེ། བཅུ་པོ་གང་ཞེ་ན། མ་འོངས་པའི་བསྐལ་པ་ཐམས་ཅད་དུ་གནས་པའི་སྨོན་ལམ་ནི། དེས་སྤྱོད་པའི་ཆོས་སོ། །མ་བྱོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང༌། རིམ་གྲོ་བྱ་བ་ནི། དེའི་ཆོས་སོ། །སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འགོད་པ་ནི། དེའི་ཆོས་སོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསགས་པའི་སྨོན་ལམ་ནི། དེའི་ཆོས་སོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་པའི་སྨོན་ལམ་ནི་དེའི་ཆོས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་སྨོན་ལམ་ནི་དེའི་ཆོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་པའི་སྨོན་ལམ་ནི་དེའི་ཆོས་སོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྐྱེ་བ་ཡོངས་སུ་བཟུང་བའི་སྨོན་ལམ་ནི་དེའི་ཆོས་སོ། །ཆོས་ཐམས་ཅད་ཡོངས་སུ་བཅད་ལ་ཞིང་རྣམ་པར་དབྱེ་བ་ལ་མཁས་པར་བྱ་བའི་སྨོན་ལམ་ནི་དེའི་ཆོས་སོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྨོན་ལམ་ནི་དེའི་ཆོས་སོ། །ཆོས་དེ་དག་གིས་སྨོན་པར་བྱས་ན་དེའི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། །འདིར་དྲུག་པའི་སྒྲ་སྨྲས་པ་ནི། སྡེབ་སྦྱོར་གྱི་དབང་གིས་ཏེ། དྲུག་པའི་སྒྲ་འོག་མ་སྦྱར་བདེ་བའི་སླད་དུའོ། །སྨོན་ལམ་ཞེས་པ་ནི། མ་འོངས་པའི་དངོས་པོ་དོན་དུ་གཉེར་ཞིང༌། དེ་མངོན་པར་འདུ་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་ཞིག་སྟེ། ཇི་སྐད་དུ། མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་པ་ལྟར་རོ། །རྒྱལ་པོ་ཞེས་པ་ནི། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མངའ་རིས་སུ། རྒྱལ་ཕྲན་མང་པོའི་མངའ་ཐང་འདུ་བ་ལྟར། སྨོན་ལམ་འདིའི་ནང་དུ་ཡང་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྨོན་ལམ་གྲངས་མེད་པ་འདུ་བས་ན། སྨོན་ལམ་ཀུན་གྱི་གཙོ་བོར་གྱུར་པའོ། །འདིར་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་ཅི་ཞེ་ན། སྨོན་ལམ་ནི་སྤྱི་དང༌། བསྔོ་བ་ནི་བྱེ་བྲག་སྟེ། དེ་ལ་ནི་བསྔོ་རྒྱུའི་རྫས་ཞིག་ངེས་པར་དགོས་ལ། སྨོན་ལམ་ནི། དེ་ཡོད་དམ་མེད་ཀྱང་རུང་སྟེ། འདོད་བྱའི་དོན་ཐོབ་པར་འདུན་པའོ། །དེ་ཀའི་ངོ་བོ་ནི་འདུན་པ་ཡིན་ལ། དེ་དང་མཚུངས་ལྡན་དུ་བྱུང་བའི་སེམས་པས་ཀྱང༌། སེམས་ཡུལ་ཁྱད་པར་ཅན་དེ་ལ་གཡོ་བར་བྱེད་པའོ། །དེ་ལྟ་མོད་ཀྱི་སྨོན་ལམ་གྱི་རྒྱལ་པོ་འདི་ནི་བསྔོ་བ་ཁོ་ན་ཡིན་ཏེ། ཇི་སྐད་དུ། དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པས། སྨོན་ལམ་འདིའི་དོན་གྱིས་མདོ་བཟུང་བ་ཡིན་པ་དང༌། ཇི་སྐད་དུ། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ཞེས་བཤད་པའོ། །འདི་ལ་དོན་གསུམ་སྟེ། གང་བསྔོ་བ་དང༌། གང་དུ་བསྔོ་བ། ཇི་ལྟར་བསྔོ་བའོ། །དང་པོ་ནི། ཕྱག་འཚལ་བ་ནས།                   རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*