དུས་ཀྱི་འཁོར་ལོ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ།

༼ཉ༽༄༅། །དུས་ཀྱི་འཁོར་ལོ་ལ་རྒྱུན་ཆགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་བསྟོད་པ་སོགས་དུས་འཁོར་གྱི་སྐོར་བཞུགས་སོ།།

«ཧྃཀྵམལཝརཡ»། ཞེས་གང་གྲགས་པ་ཡི་བྱིངས་དང་སྒྲ་ཡིས་གང་བསྒྲུབས་སྲིད་གསུམ་སྒྱུ་མའི་རྣམ་རོལ་སྣ་ཚོགས་པ་དེ་སྭ་བྷ་ཝ་ནི་དང་པོར་བྱས་པའི་སྔགས་དོན་བསམས་པས་རང་རང་ངོ་བོས་སྟོང་པར་སྦྱངས་ཏེ་འགྱུར་མེད་ཡེ་ཤེས་ལྷུན་གྲུབ་པ་ནི་གཅིག་པུ་ཁོ་ན་རྫས་སུ་ལྟ་ཅི་སྒྲ་དང་རྟོག་པའི་ཡུལ་མིན་པས་ན་ལྡོག་པའི་དབྱེ་བ་དུ་མར་ཡང་ནི་ཡོད་མིན་པ་དེ་དབང་དང་བྱིན་རླབས་ངོ་མཚར་གདམས་པའི་སྟོབས་ལྡན་བྱེད་པོས་ལན་བརྒྱར་གཡོས་པ་ལས་བྱུང་གཞན་ཞེས་བྱ་བའི་རླུང་མེ་ས་ཆུ་རི་མཚོ་གླིང་གི་ཕྲེང་བ་མཚར་དུ་དངར་བས་བཀོད་ལེགས་མཛེས་པར་བསྐོར་བའི་དབུས་ན་གླིང་བརྟེན་མི་ཕྱེད་སེམས་ཀྱི་རྡོ་རྗེ་གང་གི་ལྷུན་པོ་ཡི་ནི་མགོ་བོའི་རྒྱ་ཁྱོན་དཀྱིལ་ན་སྙིང་པོར་གྱུར་པའི་འདབ་རྒྱས་པདྨའི་ལྟེ་བ་ལ་ནི་ཉི་མ་ཟླ་བ་དུས་ཀྱི་མེ་དང་སྒྲ་གཅན་ཞེས་གྲངས་ལྷ་མོའི་པདྨར་ལྷུང་བའི་ཐ་མལ་ཉི་ཟླ་དབུ་མར་ཞུགས་པའི་རོ་གཅིག་པ་ནི་གཞན་ཉིད་ཁོ་ནར་གྱུར་པའི་གདན་གྱི་སྟེང་ན་དབུ་མའི་རང་བཞིན་ནམ་མཁའི་མདོག་ཅན་གང་ཉིད་ཀྱིས་ནི་གཟུང་འཛིན་ལམ་གྱི་རྒྱུ་བ་སྦྱངས་པའི་ཞབས་གཟུང་དག་གིས་བརྗིད་པར་བརྫིས་པས་ཆགས་དང་སྡང་བའི་ཞི་བ་དང་ནི་རྩུབ་འགྱུར་དབྱིངས་སུ་ཐིམ་པའི་གཟུགས་བརྙན་མཚན་མར་གྱུར་པ་གང་ཡིན་དེ་ནི་དཔལ་མོའི་དཔལ་དང་རི་ཁྲོད་མ་དགའ་དེ་ཡིན་མ་དག་གིས་ནི་སྙིང་གའི་ནོར་འཛིན་ནོན་པར་མནན་པས་མེ་རླུང་འཁྲུགས་པའི་གཡོ་འགུལ་གྱིས་ནི་སྲིད་པའི་ཆུ་གཏེར་སྡུག་བསྔལ་རླབས་འཕྲེང་གྱེན་དུ་འཕྱུར་བས་སྲིད་པའི་རྩེ་ལ་བསྙབ་པར་མཚོན་ནུས་དེ་ཡང་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་རྟ་གདོང་འབར་བས་ཉིན་དང་མཚན་ལ་བར་མཚམས་མེད་པར་སྐེམས་པར་མཛད་ཅིང་གནོན་པར་མཛད་པའི་བཅོམ་ལྡན་དཔའ་བོ་གང་གི་རླུང་བཅུ་པོ་ནི་དབུ་མར་ཐིམ་པའི་ཡ་མཚན་ལྟད་མོ་སྣ་ཚོགས་སྟོན་མཛད་ནུས་མ་རྣམ་བཅུའི་བལྟ་དང་སྒེག་དང་གར་དང་འཁྱུད་པའི་རྣམ་རོལ་གྱིས་ནི་ཟག་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་དགའ་བ་ཡིས་ནི་གང་དུ་གཟུང་བ་ནམ་ཡང་བཏང་བ་མེད་པའི་ཞལ་ནི་རླུང་མེ་ཆུ་སའི་རང་བཞིན་གཞན་ཡིན་སྤྱི་བོར་འཁོད་པའི་བཅུ་དྲུག་ཆ་ཤས་ནམ་ཡང་བྲི་གང་མེད་དེས་གྱེན་དུ་འདྲེན་ནུས་མིན་པའི་ཡོངས་རྫོགས་རྡུལ་གྱི་ཆ་ཤས་དུས་མེར་གྱུར་པའི་བཅོམ་ལྡན་སྒྲ་གཅན་དབང་པོ་དེ་ནི་གཞི་ལམ་འབྲས་བུའི་དབུ་མ་ཉིད་དོ་གཟུང་འཛིན་རླུང་གི་གཡོ་བ་མེད་བཞིན་དུ་ཡང་རྒྱུ་ཡི་རྡོར་འཛིན་བི་ཤྭ་མ་ལྟར་ཞུགས་པའི་རྣམ་རོལ་གྱིས་ནི་དཀོན་མཆོག་རྣམ་གསུམ་དྲི་ཟ་ལྟ་བུར་གྱུར་པ་པདྨར་ལྷུང་བའི་ཁུ་རྡུལ་དག་དང་གཅིག་ཏུ་འདྲེས་པ་རྒྱལ་བ་བྱང་སེམས་ཁྲོ་བོའི་ཚོགས་རྣམས་རང་རང་ཡུམ་དང་བཅས་པའི་སྐུར་འཁྲུངས་པ་ནི་དཔའ་བོ་ཉིད་ཀྱིས་སྒྱུ་མའི་བཤད་སྒྲས་གྱེན་དུ་དྲངས་སྟེ་སྙིང་ག་ནས་བྱུང་སོ་སོའི་གདན་ལ་བཀོད་ནས་བསྙེན་བསྒྲུབ་ཡན་ལག་ཀུན་རྫོགས་པ་དེ་མཆོད་དང་བསྟོད་དང་བཟླས་བྱའི་སྔགས་ཀྱིས་གཤིན་ཅིང་ལྗེན་ལ་གཉེན་པོར་གྱུར་པ་ཡིས་ནི་ལམ་དུས་སྒྲུབ་པོ་རྣལ་འབྱོར་པ་གང་གིས་ནི་སྲིད་པར་སྐྱེ་བའི་རིམ་པ་ཀུན་སྦྱངས་བདག་ཏུ་རྨོངས་པ་མ་ལུས་པ་སེལ་དེ་ནས་སོ་སོར་བསྡུས་པ་རྒྱལ་བའི་དབང་པོ་རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཡིད་འོང་སྐྱེ་མཆེད་ཡ་མཚན་གསལ་པོར་འདོད་པའི་སྒེག་འཆང་མ་དེ་ལང་ཚོ་སར་པའི་སྙེམས་དང་བཅས་པའི་དགའ་བ་ལྷུར་བླངས་བདེ་ཆེན་ལྷན་ཅིག་སྐྱེས་པའི་དཔའ་བོ་གང་དང་ཐ་དད་མིན་པ་ཉིད་གྱུར་དེ་ཚེ་སད་པ་ཅེས་བྱའི་འདྲ་མཚུངས་ལྷུར་བླངས་ཐ་མལ་སྙོམས་འཇུག་གཞན་དུ་གྱུར་པའི་ངོ་མཚར་ལྟད་མོ་སྲིད་དང་ཞི་བའི་སེམས་ཀྱིས་དགའ་དང་ལུས་ངག་གིས་ནི་བདེ་བ་ཀུན་ལ་གྲགས་པ་མང་པོས་དཔེ་བཟླར་བསྐྲུན་པ་མིན་པའི་བརྗོད་བྲལ་ཟག་མེད་ཡེ་ཤེས་ཉམས་མྱོང་སྒྱུ་མའི་བཞད་སྒྲ་ཡིས་ནི་རྣལ་འབྱོར་པ་རང་ཉིད་དེ་ཡི་ནི་མ་འོངས་དུས་ཀྱི་དྲི་ཟའི་མི་ཤེས་རིང་མོ་ཉིད་ནས་དྲངས་ཞིང་བཀུག་པ་ཡེ་ཤེས་ཞལ་སྒོར་ཞུགས་ཤིང་སོ་སོར་ཐིམ་པའི་རྐྱེན་གྱིས་ཐ་མལ་གཉིས་འཐུག་ལྟ་བུས་མཚན་མོའི་ཆོས་དབྱིངས་ཞི་བའི་ལམ་དུ་ལན་ཅིག་གཟིམས་པ་དང་ལྡན་སྒྲ་དོན་འདྲེས་པ་མིན་པའི་ཤེས་པ་གསལ་པོས་ཉམས་སུ་མྱོང་བྱའི་ཡོངས་རྫོགས་དཀྱིལ་འཁོར་འཁོར་ལོའི་སྐྱེ་མཆེད་གསལ་པོ་དང་འགྲོགས་བརྒྱད་བརྒྱས་ལྷག་པའི་སྟོང་ཕྲག་བདུན་པོས་ཟག་བཅས་འཕོ་བའི་བདེ་བ་གྲངས་དེ་དང་མཉམ་བཅོམ་ཞིང་ཆོམས་པས་གཞུང་གཞན་ནས་གསུངས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་འགའ་གནས་གྱུར་པ་དང་བསོད་ནམས་ཚོགས་ཆེན་རྫོགས་པས་ས་བདུན་དབང་ཕྱུག་ཉིད་གྱུར་དུས་དེར་སྔོན་དུས་བཅོམ་ལྡན་ཉིད་ཀྱིས་ཐུགས་ལས་འཕོས་པའི་ཚད་མེད་བཞི་པོའི་ཡིད་འོང་ལྷ་མོར་གྱུར་གང་གིས་ནི་རྣལ་འབྱོར་ཅན་ཁྱོད་རྫོགས་སངས་རྒྱས་ཚེ་གཞན་དོན་ལྷུན་གྲུབ་རྒྱུན་མི་ཆད་ཅིང་ཆོས་དབྱིངས་ཞི་བའི་དབྱིངས་ལས་བཞེངས་ཞེས་ལན་གཅིག་མིན་པར་གླུ་དབྱངས་སྙན་པོས་བསྐུལ་བ་ལས་ནི་སད་པ་ལྟ་བུར་སྒྱུ་མའི་རྣམ་རོལ་གྱིས་བཞེངས་ལོ་གསུམ་པོ་དང་ཕྱོགས་གསུམ་པོར་ནི་རྗེས་སུ་དྲན་དང་ཏིང་འཛིན་རྣལ་འབྱོར་གུས་དང་རྟག་པར་སྦྱོར་བའི་བར་མཚམས་ཡོད་མིན་པ་དེས་ཚེ་གཅིག་ཉིད་ལ་རྣལ་འབྱོར་རང་ལུས་ཟབ་གསལ་ཐོགས་མེད་འཇའ་ཚོན་ལྟ་བུར་བསྒྲུབ་པའི་གེགས་ཀྱི་གཙོ་བོ་མ་ལུས་འཇོམས་བྱེད་མི་འགྱུར་བདེ་བ་དྲུག་བརྒྱས་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་མངོན་གྱུར་བཅུ་གཉིས་དབང་པོར་རྣམས་སངས་རྒྱས་ཚེ་ཐ་མལ་དུས་ཀྱིས་ཕྱིར་སྣང་ལྟ་ཅི་ནང་ཉིད་དུ་ནི་གང་བཤད་དེ་ཀུན་མ་ལུས་པར་ཡང་རྣམས་སངས་རྒྱས་ཕྱིར་གནས་སྐབས་རིགས་བཞིར་འཆར་ཚུལ་མཐའ་དག་གནས་ཡོངས་གྱུར་མོད་གང་དང་དེ་དང་འདྲར་མཚུངས་གྱུར་པའི་གཟུགས་བརྙན་མ་ལུས་འཆར་མཛད་དེ་ཡང་དག་པའི་སྣང་བ་འབའ་ཞིག་པ་ཡིན་རྨི་ལམ་སྒྱུ་མ་སྨིག་རྒྱུའི་ཆུ་དང་དྲི་ཟའི་གྲོང་ཁྱེར་ལྟ་བུའི་རྟེན་འབྲེལ་སྣ་ཚོགས་འཆར་ཞིང་གཟིགས་པས་རྣམ་འགྱུར་སྣ་ཚོགས་མངའ་བའི་གར་མཁན་མཆོག་དེ་མ་ལུས་བདུད་ལས་རྒྱལ་བའི་དུས་ཀྱི་འཁོར་ལོ་ཉིད་ཡིན་བདག་དང་གཞན་དུ་ཐ་དད་ཡོད་མིན་པ་ཡི་ཕྱག་འཚལ་བ་དང་མཆོད་བྱེད་མཆོད་བྱ་མཆོད་ཡུལ་སོ་སོར་མིན་པའི་མཆོད་པ་མཆོག་གིས་མཆོད་དོ་བསྔོ་བྱེད་བསྔོ་བྱ་བསྔོ་ཡུལ་མང་པོ་པ་དག་སོ་སོར་ཞེན་པ་བཏང་ནས་སྣ་ཚོགས་སྤྲོས་པའི་ཡུལ་དུ་འཆར་ཡོད་མིན་པའི་དོན་དམ་ཡེ་ཤེས་རྡོ་རྗེ་ང་ཉིད་བགྲང་ཡས་རིགས་བརྒྱའི་བདག་པོ་དུས་ཀྱི་འཁོར་ལོ་ཉིད་གྱུར་ཅིག དུས་ཀྱི་འཁོར་ལོར་མ་འདུས་པའི། །དུས་གཞན་ཡོད་མིན་པ་ཉིད་ལ། །དུས་གསུམ་དུ་ནི་ཕྱག་བྱས་ནས། །དུས་ཉིད་བྱེད་པོར་ཁས་བླངས་སོ། །དེ་ལྟར་དེ་སྦྱར་ལས་དགེ་བ། །གང་སྐྱེས་གང་ཡིན་པ་དེ་ཡང་ནི། །མ་ལུས་མ་རྣམས་དང་ལྷན་ཅིག །འཁོར་བར་འཁོར་ཚེ་བསོད་ནམས་ཚོགས། །རྫོགས་ནས་རྫོགས་སངས་ཉིད་གྱུར་ཅེས། །ས་འདིར་ས་སྐྱོང་རྒྱལ་པོ་ནི། །དོན་ཡོད་དོན་རྣམས་ཀུན་གྲུབ་པའི། །དགོངས་བཞེད་དགོངས་པ་ཇི་བཞིན་པར། །གྱུར་གཅིག་གྱུར་ནས་རྒྱལ་པོ་ཡི། །མངའ་རིས་མངའ་འབངས་གང་བ་དང༌། །དབུ་རྨོག་དབུ་འཕང་གོང་ནས་གོང༌། །ཇེ་ཆེ་ཇེ་མཐོར་གྱུར་པ་དང༌། །རྟག་ཏུ་རྟག་པའི་གནས་ཐོབ་ཤོག །ཅེས་ཕྱི་ནང་གཞན་གསུམ་འབྱོར་བའི་མན་ངག་གི་བསྟན་བཅོས་རིན་ཆེན་གཏེར་མཛོད་གསུམ་པ་ཞེས་བྱ་བ་འདི་ནི། ས་སྐྱོང་ཉིད་ཀྱི་དགོངས་པ་དང་གསུང་ཟེར་ཉེ་བར་སིམ་པས་སད་བྱེད་ཀྱི་རྐྱེན་སྦྱར་སྟེ་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པ་ཉིད་དུ། མཆོག་ལྡན་ལེགས་པའི་བློ་གྲོས་ཉིད་ཀྱིས་ལེགས་པར་གྲུབ་པ་བགྱིས་ཏེ། ཡི་གེ་པ་ནི་བསོད་ནམས་ཡེ་ཤེས་ལྷུན་གྲུབ་བོ།།  །། ༄། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །གངས་ཅན་ལྗོངས་འདིར་ཕྱིས་བྱོན་པའི། །ཆེན་པོ་འགའ་ཞིག་དུས་འཁོར་བའི། །ཐུགས་ཀྱི་དཀྱིལ་འཁོར་ཟུར་ཕྱུང་ནས། །བྲི་དང་བསྒྲུབ་དང་དབང་དང་ནི། །མངོན་པར་རྟོགས་པ་དེ་བསྒོམས་པས། །དུས་འཁོར་གྱི་དགག་བཞག་སྤང་གསུམ་རྣམ་པར་བཞག་པ་རིན་ཆེན་སྣ་བདུན། བསྐྱེད་པའི་རིམ་པ་མཐར་ཕྱིན་ནས། །རྫོགས་པའི་རིམ་ལ་འཇུག་ཅེས་ཟེར། །དེ་ཙམ་གྱིས་ནི་རྣལ་འབྱོར་པའི། །ནང་གི་བསྐྱེད་རིམ་མཐར་ཕྱིན་མོད། །འབུམ་ཕྲག་བཞི་པའི་འཇིག་རྟེན་ཁམས། །བཅུད་དང་བཅས་པའམ་བག་ཆགས་ཀྱི། །སྦྱོང་བྱེད་རིམ་པ་མ་བསྟན་ཕྱིར། །ཞིང་སྦྱོང་ནུས་པ་མ་ཡིན་ནོ། །བག་ཆགས་ཐམས་ཅད་རང་སེམས་ལས། །ལོགས་སུ་ཡོད་པ་མིན་ཕྱིར། །སེམས་ཉིད་གཅིག་པུ་དེ་སྦྱངས་པས། །ཞིང་ཀུན་མཐོང་བར་ནུས་ཞེ་ན། །གཞན་གྱུར་དཀྱིལ་འཁོར་ཡོངས་རྫོགས་པའི། །ཟག་མེད་ས་བོན་ཀུན་གཞི་ཡི། །ཡེ་ཤེས་ཉིད་ལ་མ་བཞག་ན། །རྫོགས་སངས་རྒྱས་ཚེ་དཀྱིལ་འཁོར་ཀུན། །ཡོངས་སུ་རྫོགས་པར་འཆར་མི་ནུས། །དེ་འཆར་བ་ནི་ལམ་དུས་སུ། །ཡོངས་རྫོགས་གོམས་པར་བྱས་ལ་རག །དཔེར་ན་འཁོར་བ་ཐོག་མེད་དུ། །གོམས་པའི་བག་ཆགས་ཇི་སྙེད་པ། །ནམ་ཞིག་སྨིན་པར་གྱུར་པའི་ཚེ། །ཐམས་ཅད་གསལ་བར་སྣང་དེ་བཞིན། །སྔོན་དུས་བྱ་བྱེད་ལས་གསུམ་གྱིས། །བཞག་པའི་བག་ཆགས་ད་ལྟར་བ། །ཡོངས་རྫོགས་བསྐྱེད་པའི་རིམ་པས་སྦྱོངས། །ཅི་ཕྱིར་ཞེ་ན་བག་ཆགས་དེ། །རྣམ་པར་སྨིན་པ་མ་འོངས་པ། །འབྱིན་པར་ནུས་པ་ཡོད་མིན་པར། །བསྐྱེད་པའི་རིམ་པས་བྱས་ཕྱིར་རོ། །རྣམ་སྨིན་དངོས་སུ་གྲུབ་ཟིན་པས། །ཟག་མེད་བདེ་བ་ཆེན་པོ་དང༌། །ཕྲད་པས་མེད་པར་བྱེད་ནུས་དེ། །སེམས་རྒྱུད་ཟག་མེད་དུ་བྱས་ཕྱིར། །རང་གི་སེམས་ཉིད་མ་ལུས་པ། །ཟག་མེད་ཉིད་དུ་བྱས་ཕྱིར་རོ། །འཁོར་བའི་གཉེན་པོར་དེ་དང་ནི། །རྣམ་པ་འགལ་བ་དགོས་མིན་ནམ། །ཞེ་ན་ཉོན་མོངས་པ་དང་ནི། །རྗེས་མཐུན་གཞན་ཞེས་བྱ་བ་ཞིག །གོམས་པས་དེ་སྤོང་བྱེད་པ་ནི། །ཆགས་ཆེན་གྱིས་ནི་ཆགས་པ་བཞིན། །ནང་ལས་མ་རྟོགས་དོན་གཞན་ནི། །ཡོད་པ་མིན་ཞེས་ཟེར་བའི་ལན། །འོ་ན་བདག་མེད་རྟོགས་པ་ཡི། །ཤེས་རབ་གཅིག་པུས་ཆོག་པར་འགྱུར། །སྤངས་བྱའི་ས་བོན་ཀུན་འཇོམས་པས། །དེ་ཉིད་གཅིག་པུས་ཆོག་མོད་ཀྱང༌། །འཚང་རྒྱ་བ་ལ་བསོད་ནམས་ཚོགས། །གྲངས་མེད་དགོས་པ་ཡིན་ཞེ་ན། །རང་གི་ཕུང་ཁམས་སོགས་སྦྱོང་བ། །ཐུགས་ཀྱི་འཁོར་ལོས་ཆོག་མོད་ཀྱང༌། །བསོད་ནམས་ཚོགས་ཆེན་རྫོགས་པ་ལ། །ཡོངས་རྫོགས་འཁོར་ལོ་བསྒོམ་པར་བྱ། །ཞེས་བྱ་བ་འདི་ཡང་སྒྲུབ་པའོ།།  །། ༄༅། །ཨོཾ་སྭ་སྟི་སིདྡྷཾ། དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །གང་དེར་བཤད་པའི་བསྐྱེད་པ་དང༌། །རྫོགས་པའི་རིམ་པ་ཟུང་འབྲེལ་གྱི། །རྣམ་གཞག་གསལ་པོ་བཤད་པར་བྱ། །བྱིས་པ་འཇུག་པའི་དབང་བདུན་པོ། །མཚན་ཉིད་རྫོགས་པས་སྨིན་གྱུར་ན། །ནང་པའི་སྔགས་སུ་སྨོས་ཅི་དགོས། །ཕྱི་པའི་སྔགས་པར་ཡང་སྨིན་བྱེད། །སྐབས་འདིའི་ཕྱི་ནང་ཁྱད་པར་ནི། །འགྱུར་མེད་ལྷན་སྐྱེས་བདེ་ཆེན་པོ། །བདག་དུ་འདོགས་དང་བདག་མེད་དུ། །ལེགས་པར་བཤད་པའི་ཁྱད་པར་རོ། །བསྐྱེད་རིམ་ཞེས་པ་སྦྱང་གཞི་དང༌། །སྦྱོང་བྱེད་ལེགས་པར་ངོ་འཕྲོད་པའི། །དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་པ། །བློ་ལ་གསལ་བར་སྣང་དེ་ཡིན། །གསལ་སྣང་དེ་ལ་རྟོག་པ་དང༌། །རྟོག་མེད་ཤེས་ལ་གསལ་སྣང་བ། །རབ་ཀྱི་མཐར་ཕྱིན་གཉིས་སུ་ནི། །དབྱེ་བ་ཤིང་རྟའི་སྲོལ་ལས་བྱུང༌། །བསྐྱེད་པའི་རིམ་ལ་གཉིས་ཕྱེ་བ། །ཀུན་གྱིས་བསོད་ནམས་ཚོགས་རྫོགས་བྱེད། །ཚོགས་དེ་མཆོག་གི་དངོས་གྲུབ་ཀྱི། །རྒྱུར་ནི་མེད་མི་རུང་ཡིན་མོད། །རྟོག་པར་གྱུར་པའི་བསྐྱེད་རིམ་ཙམ། །ཁོ་ན་དེ་ཡི་རྒྱུར་མི་བཞེད། །དེ་ཕྱིར་ཐུན་མོང་དངོས་གྲུབ་ཙམ། །འདོད་ལ་དབང་བདུན་བསྐུར་བར་གསུངས། །དེ་ལྟ་ན་ཡང་དབང་བདུན་པོ། །མེད་པར་བསྐྱེད་རིམ་མི་འབྱུང་ཞིང༌། །བསྐྱེད་རིམ་གསལ་བ་མཐར་ཕྱིན་པ། །མེད་པར་བསོད་ནམས་ཚོགས་མི་རྫོགས། །དཀྱིལ་འཁོར་འཁོར་ལོ་ཡོངས་རྫོགས་པ། །གསལ་བར་སྣང་ལའང་རྣམ་གཉིས་ཏེ། །བྱིས་པའི་དབང་གིས་རྒྱུད་སྨིན་ནས། །ཡོངས་རྫོགས་གསལ་བར་སྣང་བ་དང༌། །དེ་མེད་པར་ཡང་སོ་སོ་བསྡུད། །གོམས་པ་རབ་ཀྱི་མཐར་ཕྱིན་ཚེ། །ལྷ་ཡི་འཁོར་ལོ་ཡོངས་རྫོགས་པ། །སྟོང་ཉིད་གཟུགས་སུ་ཤར་བའོ། །སྔ་མ་བྱིས་འཇུག་དབང་བདུན་པོ། །སྔོན་དུ་སོང་བའི་རིམ་པ་ལས། །བྱུང་བ་དུས་ཀྱི་འཁོར་ལོ་འདིར། །བསྐྱེད་པའི་རིམ་པ་མཚན་ཉིད་པ། །ཡིན་ནོ་ཕྱི་མ་དབང་བཞི་པའི། །མྱོང་བྱ་རྫོགས་རིམ་ཁོ་ནར་ངེས། །འདི་འདྲ་བྱིས་འཇུག་དབང་བདུན་པོ། །མེད་པར་ཡང་སྐྱེ་སྲིད་མོད་ཀྱི། །རྫོགས་པའི་རིམ་པའི་བཟླས་ཕྱེ་བའི། །བསྐྱེད་པའི་རིམ་པར་འཆད་མི་ནུས། །དེ་ལྟ་ན་ཡང་བྱིས་འཇུག་གི །དབང་གིས་སྨིན་པའི་བསྐྱེད་རིམ་དང༌། །བདེ་ཆེན་དང་ནི་སྟོང་པ་ཉིད། །གསུམ་གྱི་གཞི་མཐུན་འགལ་མེད་པ། །འཇིག་རྟེན་འདས་པའི་དབང་བཞི་པོས། །སྨིན་པ་མཐར་ཕྱིན་ཚེ་ན་འབྱུང༌། །བྱིས་འཇུག་དབང་བདུན་མ་བསྐུར་བར། །ས་བདུན་དབང་ཕྱུག་མི་འབྱུང་ཞིང༌། །དེ་འབྱུང་བ་ལའང་འཇིག་རྟེན་ལས། །འདས་པའི་དབང་བཞི་མེད་མི་རུང༌། །ཡིན་ནོ་ཅི་ཡི་ཕྱིར་ཞེ་ན། །འགྱུར་མེད་བདེ་བ་སྟོང་བརྒྱད་བརྒྱ། །མངོན་དུ་གྱུར་པ་དེ་མེད་ན། །ས་དང་པོ་ཡང་འཐོབ་མི་སྲིད། །དེ་མངོན་འགྱུར་བ་དབང་བཞི་པས། །སྨིན་ལ་རག་ལས་ཡིན་ཕྱིར་རོ། །བོད་དུ་རྣལ་འབྱོར་ཡན་ལག་དྲུག །འཆད་པོ་རྣམས་ལ་སྲོལ་གཉིས་བྱུང༌། །དབང་བདུན་ལས་ཐོབ་བསྐྱེད་པའི་རིམ། །སྔོན་འགྲོ་དགོས་དང་མི་དགོས་པ། །སྔ་མ་གསང་སྔགས་སྤྱི་སྐད་དང༌། །མཐུན་ནོ་ཕྱི་མ་དུས་འཁོར་ལོའི། །རྒྱུད་དང་འགྲེལ་པའི་དངོས་བསྟན་ལས། །གསལ་བར་བྱུང་བ་དེ་ཡིན་ནོ། །ཕྱི་རབས་འདི་ན་གསང་སྔགས་པ། །སྤྱི་དང་མཐུན་པ་དེ་ཁྱད་འཕགས། །ཕྱི་མ་གྲངས་ཅན་ལ་སོགས་པའི། །གཞུང་ནའང་ཡོད་པ་དེ་ཡིན་ཟེར། །སྐབས་འདིར་རེ་ཤིག་བརྟག་བྱ་བ། །འདི་ལ་ལན་འདེབས་ཡོད་ན་སྨྲོས། །རྒྱུད་འགྲེལ་དངོས་བསྟན་བསྙོན་མི་ནུས། །ཁོ་ནར་མ་ཟད་བླ་མེད་ཀྱི། །དབང་བསྐུར་ཕལ་ཆེར་ཐོག་མ་ནི། །བུམ་པའི་དབང་ནས་བཟུང་མིན་ནམ། །འདིར་ཡང་བུམ་པའི་དབང་སོགས་ཀྱི། །བསྒོམ་བྱ་མ་ཚང་མེད་པ་ནི། །རྣལ་འབྱོར་ཡན་ལག་དྲུག་ཀའམ། །གཉིས་ཙམ་ལའང་ཚང་བར་བཞུགས། །ཡན་ལག་དྲུག་པོའི་ནང་ཚན་དུ། །བསྐྱེད་རིམ་གསལ་བར་བསྟན་པ་མེད། །ཚེ་འདིར་སངས་རྒྱས་འགྲུབ་པ་ལ། །རྣལ་འབྱོར་ཡན་ལག་དྲུག་ལས་གཞན། །ཁ་སྐོང་གཞན་ནས་ཚོལ་དགོས་པའི། །བཤད་པ་རྒྱུད་འགྲེལ་ལས་མི་འབྱུང༌། །ཅི་ཕྱིར་ཞེ་ན་སངས་རྒྱས་དང༌། །སེམས་ཅན་དག་གི་ཁྱད་པར་ནི། །འཕོ་བའི་བག་ཆགས་སྤངས་མ་སྤངས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང༌། །འགགས་དང་མ་འགགས་པ་དག་ལ། །བཤད་ནས་དེ་སྤོང་གཉེན་པོ་ནི། །འགྱུར་མེད་བདེ་སྟོང་ཟུང་འཇུག་ལས། །གཞན་ཞིག་དགོས་པའི་བཤད་པ་མེད། །བདེ་སྟོང་ཟུང་དུ་འཇུག་པ་ཉིད། །བསྐྱེད་པའི་རིམ་པ་ཡིན་ཞེ་ན། །དབང་བསྐུར་བཞི་པའི་བསྒོམ་བྱ་ཉིད། །བསྐྱེད་པའི་རིམ་པར་བཤད་པ་མེད། །སྤྱིར་ཡང་བསྐྱེད་རྫོགས་ཟུང་འགྲེལ་ཞེས། །འཆད་ཀྱི་ཟུང་འཇུག་ཏུ་མི་འཆད། །བདེ་དང་སྟོང་པ་ཟུང་འཇུག་ཏུ། །འཆད་ཀྱི་ཟུང་འབྲེལ་དུ་མི་འཆད། །དེ་ལྟར་འཆད་པ་རྒྱུད་འགྲེལ་གྱི། །དངོས་བསྟན་ཡིན་ནོ་ལུགས་གཞན་གྱི། །ཆོས་སྐད་རྒྱུད་འདིར་བསྲེས་གྱུར་ན། །གཞན་དང་ཐུན་མོང་མིན་པ་ཅི། །ཟེར་བའི་ལན་ནི་ཕྱི་རབས་ཀྱི། །མཁས་རློམ་ཀུན་ཀྱིས་འདེབས་འཚལ་ལོ། །འདྲི་པོ་ཉིད་ལའང་སླར་འདྲི་ན། །གཞུང་གཞན་ཞིག་ཏུ་གསལ་ལ་ལྟོས། །དེ་སྐད་འདི་ཡང་ས་སྐྱོང་ལ། །དོགས་པའི་གནས་གཞན་མང་པོ་ཞིག །འཁྲུངས་ཞེས་གསུངས་པའི་མཆིད་ལན་དུ། །མཆོག་ལྡན་ལེགས་པའི་བློ་གྲོས་ཀྱིས། །རིན་ཆེན་སྤུངས་པའི་ནང་དུ་སྦྱར།།  །། ༄༅། །སྭ་སྟི། དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །རྒྱུད་དང་འགྲེལ་པའི་སྒྲས་ཟིན་ལ། །མཆོག་གི་དངོས་གྲུབ་དོན་གཉེར་བའི། །བློ་བཟང་འགའ་ཡིས་འདི་བསམ་བྱ། །ཐོག་མ་ཉིད་དུ་འཇིག་རྟེན་ལས། །འདས་པའི་དབང་བཞིས་སྨིན་པ་དང༌། །ཡན་ལག་དྲུག་གིས་གྲོལ་བ་འགའ། །སླར་ཡང་ཐུན་མོང་གི་དངོས་གྲུབ། །འདོད་པས་བྱིས་འཇུག་དབང་བདུན་པོ། །བླངས་ནས་རྒྱུད་འགྲེལ་ཉན་པ་དང༌། །བསྐྱེད་པའི་རིམ་གྱི་ཉམས་ལེན་ལ། །ཞུགས་ཚེ་བདག་དང་བླ་མ་དང༌། །རྒྱུད་ལ་ཡིད་ཆེས་རྣམ་གསུམ་འབྱུང༌། །དེ་ཕྱིར་རྫོགས་པའི་རིམ་པ་ལ། །བསྐྱེད་རིམ་སྔོན་འགྲོའི་ངེས་པ་མེད། །ཅེས་གསུངས་པ་དང་འཕོ་བ་ཡི། །བག་ཆགས་ཁོ་ན་ཟད་བྱེད་ཀྱི། །གཉེན་པོས་རྫོགས་སངས་རྒྱ་ནུས་ཞེས། །རྒོལ་བའི་ལན་ཞིག་བརྟག་བྱ་བ། །ཡོན་ཏན་མ་ལུས་ཀུན་རྫོགས་ཞིང༌། །སྒྲིབ་ཀུན་བྲལ་བའི་སངས་རྒྱས་རྒྱུར། །བསོད་ནམས་ཚོགས་དང་ཡེ་ཤེས་ཀྱི། །ཚོགས་གཉིས་ཟུང་འབྲེལ་མེད་མི་རུང༌། །སྔགས་ཀྱི་བསོད་ནམས་ཚོགས་སོག་པ། །བསྐྱེད་རིམ་འཁོར་བཅས་ལས་གཞན་མེད། །ཡེ་ཤེས་ཚོགས་ཅན་འགའ་ཞིག་གིས། །སྒྲིབ་ཀུན་དྲུངས་ནས་འབྱིན་ནུས་མོད། །བསོད་ནམས་ཚོགས་དང་མ་སྤེལ་ན། །ཆད་པའི་དབྱིངས་སུ་འགྱུར་བ་དང༌། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །གཞན་སྣང་གཟུགས་སྐུའི་རྣམ་རོལ་ནི། །སྣ་ཚོགས་སྟོན་པར་ནུས་མིན་ཏེ། །ཕར་ཕྱིན་ཐེག་པར་ཡང་དག་མཐའ། །དུས་མིན་མངོན་དུ་བྱས་པ་ལ། །ཉེས་པའི་རྣམ་གྲངས་མང་པོ་དང༌། །ས་བརྒྱད་པར་ཡང་འགོག་པ་ལས། །སློང་དགོས་ཡོན་ཏན་བཤད་ཇི་བཞིན། །ཡེ་ཤེས་ཚོགས་ཀྱི་སྤང་བྱ་ནི། །འཕོ་བའི་བག་ཆགས་ཀྱང་ཡིན་མོད། །བདག་དང་གང་ཟག་ཏུ་འཛིན་པའི། །རྨོངས་ཆེན་གཉེན་པོ་མ་བསམས་ན། །མུ་སྟེགས་གཞུང་དང་སངས་རྒྱས་ཀྱི། །གཞུང་ལུགས་ཁྱད་པར་དབྱེ་མི་ནུས། །ཅི་ཕྱིར་ཞེ་ན་འཕོ་བ་ཡི། །བག་ཆགས་དྲུངས་ནས་འབྱིན་བྱེད་ཀྱི། །གཉེན་པོ་འགྱུར་མེད་བདེ་བ་ནི། །མུ་སྟེགས་བྱེད་ལའང་སྲིད་ཕྱིར་རོ། །འོ་ན་རྣམ་པ་ཐམས་ཅད་ཀྱི། །མཆོག་དང་ལྡན་པའི་སྟོང་པ་ཉིད། །མངོན་སུམ་མཐོང་བའི་མུ་སྟེགས་ཀྱང༌། །ཡོད་པར་ཧ་ཅང་ཐལ་ཞེ་ན། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ཀྱི་ངོས་འཛིན་ནི། །ཆོས་སུ་མ་ཟད་གང་ཟག་གི །དབང་དུ་བྱས་པའི་བཟུང་བ་དང༌། །འཛིན་པ་གཉིས་ཀས་སྟོང་པ་ཡི། །ཡེ་ཤེས་དེ་ལ་ངོ་སྤྲོད་བྱེད། །དེ་ལ་དེར་ངོ་མ་འཕྲོད་ན། །བདག་ཏུ་རྨོངས་པའི་ཞགས་པས་འཆིང༌། །མི་འགྱུར་བདེ་བས་འཕོ་བ་ཡི། །བག་ཆགས་རེ་ཤིག་སུན་ཕྱུང་ཀྱང༌། །དེ་ལ་བདག་ཏུ་སྒྲོ་བཏགས་པས། །སྤངས་པ་མ་ལུས་སླར་ལྡོག་འགྱུར། །དེ་ཕྱིར་བསྐྱེད་པའི་རིམ་པ་ནི། །གསལ་བ་རབ་ཀྱི་མཐར་ཕྱིན་ཚད། །འཁོར་བའི་རྩ་བ་གང་ཟག་གི །བདག་ཏུ་རྨོངས་པ་དྲུང་འབྱིན་བྱེད། །དེ་ནས་རྫོགས་པའི་རིམ་པ་ཡི། །གཙོ་བོ་བདེ་སྟོང་ཟུང་འཇུག་པས། །ཆོས་ཀྱི་བདག་འཛིན་མ་ལུས་པ། །དྲུངས་འབྱིན་ནུས་པ་ཁོ་ནར་ནི། །མ་ཟད་འཕོ་བའི་བག་ཆགས་ཀྱིས། །ཚེ་འདི་ཉིད་ལ་དུས་འཁོར་ལོའི། །གོ་འཕང་མངོན་དུ་བྱེད་པ་ཡི། །གེགས་གྱུར་བེམ་པོ་གདོས་བཅས་ཀྱི། །ལུས་དེ་འཇའ་ཚོན་ལྟ་བུ་ཡི། །ལུས་སུ་བྱེད་པའི་ཐབས་ཀྱི་མཆོག །འགྱུར་མེད་བདེ་བ་ཆེན་པོ་ཞེས། །བྱ་བ་འཇིག་ཚོགས་ལྟ་བ་དང༌། །བྲལ་བའི་ཡེ་ཤེས་ཉིད་གྱུར་ཚེ། །བདེ་སྟོང་ཟུང་དུ་འཇུག་ཡིན་གྱི། །ཆོས་འགའ་གཞན་གྱི་ངོ་བོ་ཡིས། །སྟོང་པ་ཙམ་གྱིས་དེར་མི་འཇོག །བསྐྱེད་རིམ་དུས་སུ་བསོད་ནམས་དང༌། །བདག་མེད་རྟོགས་པའི་ཡེ་ཤེས་ཀྱི། །ཚོགས་སོག་ཟུང་དུ་འབྲེལ་བྱས་པས། །ས་བདུན་དབང་ཕྱུག་ཉིད་དུ་འགྱུར། །དེ་ནས་བདེ་སྟོང་ཟུང་འཇུག་གི །ཡེ་ཤེས་ཚོགས་སོག་འབའ་ཞིག་པས། །བཅོམ་ལྡན་དུས་ཀྱི་འཁོར་ལོ་ཡི། །གོ་འཕང་ཚེ་འདིར་མངོན་དུ་བྱེད། །ཅེས་པ་རྫོགས་སངས་རྒྱས་ཀྱི་རྒྱུར། །བསྐྱེད་རྫོགས་ཟུང་འབྲེལ་དགོས་པ་ལ། །གཞན་གྱིས་བརྩད་པའི་ལན་ཡིན་ཏེ། །དྲི་མ་མེད་ཀྱི་དངོས་བསྟན་དང༌། །འགལ་བའི་དོགས་པ་འཁྲུངས་གྱུར་ན། །མཁས་དང་ཆོས་སྐྱོང་བསྲུང་མའི་ཚོགས། །མ་ལུས་བཟོད་པར་མཛད་དུ་གསོལ། །ཤུབྷཾ།།  །། ༄༅། །དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །འདི་ན་ལ་ལ་སོར་སྡུད་དང༌། །སྲོག་རྩོལ་ཡན་ལག་མཐར་ཕྱིན་ནས། །ལས་རླུང་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་འགགས་པའི་དུས་དེ་ཉིད། །རྫོགས་པའི་སངས་རྒྱས་དངོས་ཡིན་ཏེ། །ལས་རླུང་སྟོང་དང་བརྒྱད་བརྒྱ་པ། །ཚན་པ་རེ་རེ་འགགས་པ་དང༌། །ས་ནི་བཅུ་གཉིས་པོ་རེ་རེ། །ཐོབ་པ་དུས་མཉམ་དུ་བཤད་པས། །ཟེར་ཏེ་སོར་བསྡུད་བསམ་གཏན་གྱིས། །བདག་ཏུ་འཛིན་པ་གཉིས་པོ་ཡི། །ས་བོན་དྲུངས་ནས་འབྱིན་བྱེད་པའི། །གཉེན་པོ་མངོན་སུམ་བྱས་གྱུར་ན། །དེ་ལྟར་ཡིན་མོད་དེ་མེད་ན། །རླུང་འགགས་པ་ཙམ་རྡུལ་མཐའ་དང༌། །བུམ་ཅན་འབྱོངས་ལའང་ཡོད་པའི་ཕྱིར། །སོ་སོ་སྐྱེ་བོ་ལས་དང་པོ། །འགའ་དང་མུ་སྟེགས་ཅན་འགའ་ལའང༌། །དེ་ལྟར་ཐལ་བ་བཟློག་དུ་མེད། །དེ་ཕྱིར་རྣལ་འབྱོར་ཡན་ལག་དྲུག །བསྐྱེད་རིམ་མཚན་ཉིད་ཚང་གང་རུང༌། །ཞིག་ལ་སྦྱངས་པ་སྔོན་སོང་ན། །མཆོག་རབ་ཡིན་མོད་དེ་མེད་ན། །ཡན་ལག་དྲུག་པོ་སོ་སོ་ཡི། །སྐབས་སུ་བདག་མེད་ངོ་སྤྲོད་དང༌། །སྦྱང་གཞི་སྦྱོང་བར་ནུས་པ་ཡི། །བསྐྱེད་རིམ་གང་རུང་རེ་རེ་དང༌། །སྤེལ་ནས་གོམས་པས་བསོད་ནམས་དང༌། །ཡེ་ཤེས་ཚོགས་དག་རྫོགས་ནུས་ཀྱི། །རླུང་འགགས་པ་ཙམ་བུམ་པ་ཅན། །འབྱོངས་དང་ཕྱག་རྒྱ་རྣམ་པ་གསུམ། །མཐར་ཕྱིན་ཙམ་ལ་སངས་རྒྱས་སར། །འཇོག་པར་ནུས་པ་མ་ཡིན་ནོ། །ལ་ལ་ལུང་གི་དངོས་བསྟན་ལས། །བྱུང་བའི་བཅུ་གཉིས་དབང་ཕྱུག་ཏེ། །ས་དང་པོ་ཙམ་ཡིན་ཞེས་ཟེར། །གང་ཟག་གི་ནི་བདག་མེད་པ། །མངོན་སུམ་རྟོགས་པ་ཡོད་མེད་ལས། །དེ་ཡང་དེ་ལྟ་ཡིན་མ་ཡིན། །གསལ་བར་ཕྱེ་ནས་རྟོགས་པར་བྱ། །དེ་སྐད་འདི་ནི་དུས་འཁོར་ལོའི། །བསྐྱེད་རྫོགས་རྣམ་གཞག་དད་པ་ཡི། །རྗེས་འབྲང་ཙམ་དུ་མ་བཞག་པར། །ཆོས་ཀྱི་རྗེས་འབྲང་བྱ་ཕྱིར་བསྔོ། །ཤུབྷཾ།།  །། ༄༅། །སྭ་སྟི། །དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །རྣལ་འབྱོར་ཡན་ལག་དྲུག་གོམས་པའི། །དུས་ལ་ལོ་གསུམ་ཕྱོགས་གསུམ་ཞེས། །བཤད་པའི་དོན་གང་ཡིན་པ་བསམ། །ལོ་གསུམ་ཕྱོགས་གསུམ་ཞེས་བྱ་བ། །ཚེས་ཟླ་གསུམ་ཅུ་སོ་བདུན་པོ། །ཕྱེད་དང་བཅས་པའི་མིང་ཡིན་ལ། །སྐྱེས་བུ་ཚེ་ལོ་བརྒྱ་པ་ཡི། །དུས་ལ་ཟླ་ཤོལ་དོར་བའི་གྲངས། །དེ་ཙམ་འདོར་དགོས་ཅི་ཞེ་ན། །རབ་བྱུང་ལ་སོགས་ལོ་བརྒྱ་ལ། །ཁྱིམ་ཞག་རེ་རེ་ནས་བགྲངས་པའི། །ཟླ་བ་སྟོང་དང་ཉིས་བརྒྱ་དགོས། །ཚེས་ཞག་རེ་རེ་ནས་བགྲངས་པའི། །ཟླ་བ་སྟོང་དང་ཉིས་བརྒྱ་བོས། །སྔ་མའི་ཚད་དེར་མ་ལོངས་པས། །ཤོལ་ཟླ་དེ་ཙམ་བཏོན་པ་ན། །སྔ་མའི་ཚད་དེ་ལོང་ཕྱིར་ཡིན། །ཁྱིམ་གྱི་ཟླ་དང་ཚེས་ཀྱི་ཟླ། །ཚད་མི་མཉམ་པ་ཅི་ཞེ་ན། །ཁྱིམ་ཞག་གཅིག་པོ་ཚང་དགོས་པའི། །འཕོ་ཆེན་བཅུ་གཉིས་རེ་རེ་ལ། །ལས་རླུང་སྟོང་དང་བརྒྱད་བརྒྱ་ཡི། །ཡུན་ཚད་ལོངས་པ་དགོས་རྒྱུ་ལ། །འཕོ་ཆེན་མཚམས་སུ་ལས་ཀྱི་རླུང༌། །ཁུག་པ་ང་དྲུག་རྐང་བཅས་རེ། །ཆད་ནས་རྒྱུ་བ་མེད་སོང་ཕྱིར། །ཁྱིམ་གྱི་ཞག་དང་ཟླ་བ་དང༌། །ལོའི་ཚད་དུ་ལོངས་པ་ལ། །ཚེས་ཞག་རེ་རེ་སྟེངས་སུ་ཡང༌། །དབུགས་ཀྱི་ཁུག་པ་དྲུག་བརྒྱ་དང༌། །བདུན་ཅུ་རྩ་ལྔ་ཞག་རེ་བཞིན། །ལྷག་པོར་བསྣན་པ་བསགས་པའི་ཚེ། །བསགས་པ་བསྡོམས་པས་ལོ་གསུམ་དང༌། །ཕྱོགས་གསུམ་གྱི་ནི་ཟླ་གྲངས་བྱུང༌། །གྲངས་དེ་འཆི་བ་བསླུ་བྱེད་ཀྱི། །ཟླ་གྲངས་ཡིན་ཏེ་དེ་ཙམ་ཞིག །ཆད་པ་འཆི་བྱེད་གྲངས་ཡིན་ཕྱིར། །ཡན་ལག་དྲུག་གོམས་རྣལ་འབྱོར་པས། །བུམ་པ་ཅན་དང་རྡུལ་མཐའ་ཅན། །སྒྲུབས་པའི་འོག་ཏུ་ལོ་གསུམ་དང༌། །ཕྱོགས་གསུམ་པོར་ནི་གཟུང་འཛིན་གྱི། །རྒྱུ་བ་སླར་ཡང་བསྒྲུབ་བྱ་སྟེ། །གཞན་དུ་རྣལ་འབྱོར་པ་དེ་ཡིས། །གཟུང་འཛིན་རྒྱུ་བ་བཀག་པའི་ཕྱིར། །དུས་མིན་འཆི་བར་དོགས་ཕྱིར་རོ། །དབུ་མར་ཞུགས་པའི་རླུང་དང་སེམས། །སླར་ཡང་གཟུང་འཛིན་ལམ་དག་ཏུ། །སླར་ལྡོག་དགོས་ན་གླང་ཆེན་གྱིས། །ཁྲུས་དང་འདྲ་བ་མ་ཡིན་ནམ། །ཞེ་ན་དགོས་པ་སོ་སོའི་ཕྱིར། །འཛིན་པ་གྲུབ་པའི་འོག་རོལ་དུ། །ཕྱག་རྒྱ་གསུམ་པ་གོམས་བྱའི་ཕྱིར། །དབུ་མར་ཞུགས་པའི་བྱང་ཆུབ་སེམས། །འབེམས་དང་བཟློག་དང་ཁྱབ་བྱེད་པ། །གཟུང་འཛིན་ལམ་དུ་ཞུགས་པ་ཡི། །རྒྱུ་བ་མེད་ན་མི་འབྱུང་ཕྱིར། །ལོ་གསུམ་པོ་དང་ཕྱོགས་གསུམ་པོར། །འཇིག་རྟེན་པ་ཡི་ཚེ་སྒྲུབ་བྱེད། །དེ་ལྟར་བྱས་པས་མི་འགྱུར་བའི། །བདེ་བ་ཉི་ཁྲི་ཆིག་སྟོང་པོ། །ཁྱིམ་ཞག་ཅིག་ལ་ཚང་བ་ནི། །ཏིང་འཛིན་རྣལ་འབྱོར་གྱིས་གྲུབ་པ། །བཅུ་གཉིས་ས་ཡི་དབང་ཕྱུག་གོ །ཞེས་འདི་གཞན་གྱིས་མ་བཤད་པ། །བཤད་པའི་དགེ་བས་བདག་དང་ཡང༌། །སློབ་མར་བཅས་རྣམས་མཆོག་ཏུ་ནི། །འགྱུར་མེད་བདེ་བའི་གནས་ཐོབ་ཤོག །དགེའོ།།  །། ༄༅། །སྭ་སྟི། དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །འདི་ན་ལ་ལ་ལས་ཀྱི་རླུང༌། །དབུ་མའི་ལམ་དུ་མ་ཐིམ་པར། །བུམ་པ་ཅན་སྒོམ་དོན་མེད་དེ། །སྦུད་པ་རླུང་གིས་ཁེངས་པ་བཞིན། །ལམ་དུ་མི་འགྱུར་མ་ཟད་ཀྱི། །རྩ་ལོག་འགའ་ལ་རླུང་ཞུགས་ནས། །གོལ་ས་མང་པོ་བསྐྱེད་ཅེས་ཟེར། །མན་ངག་གཞུང་ལ་མ་བརྟེན་ན། །གོལ་ས་བསྐྱེད་པ་མང་དག་སྲིད། །དེ་ལ་བརྟེན་པའི་བུམ་པ་ཅན། །རྣམ་པ་གཉིས་ཏེ་གཟུང་འཛིན་གྱི། །ལམ་དུ་རླུང་སྡོམ་བྱེད་པ་དང༌། །དབུ་མའི་ལམ་དུ་དེ་བསྡོམ་པའོ། །སྔ་མས་ལས་ཉོན་གྱིས་འཕངས་པའི། །རྣམ་སྨིན་ལུས་ཀྱི་ཚེ་སྲིང་བྱེད། །ཕྱི་མ་མཆོག་གི་དངོས་གྲུབ་རྒྱུ། །ཡིན་མོད་གནས་སྐབས་འགའ་ཞིག་ཏུ། །ལས་ཀྱི་རླུང་དང་མ་སྤེལ་ན། །རྣམ་སྨིན་ཚེ་ལ་གནོད་པ་སྲིད། །དེ་ཡི་ཤེས་བྱེད་ལས་ཀྱི་རླུང༌། །འཕོ་ཆེན་བཅུ་གཉིས་རེ་རེ་པོའི། །མཚམས་སུ་ང་དྲུག་རྐང་བཅས་རེ། །གཟུང་འཛིན་ལམ་ལས་གོལ་བ་ན། །ཞག་རེ་རེ་ལ་རྩ་གཉིས་གཉིས། །ཆད་པར་གསུངས་པ་ཡིན་ཕྱིར་རོ། །རྣལ་འབྱོར་པ་ཡིས་ཞག་རེ་ལ། །ལས་རླུང་ཉི་ཁྲི་ཆིག་སྟོང་ལས། །ཆེས་ཆེར་ལྷག་པ་གཟུང་འཛིན་གྱི། །ལམ་དུ་སྡོམས་པའི་ཡོན་ཏན་གྱིས། །སྐྱེས་བུ་ཚེ་ལོ་བརྒྱ་པ་ཡང༌། །རྣམ་སྨིན་ཚེ་གྲངས་འཕེལ་ནུས་ཏེ། །རྣལ་འབྱོར་མེད་པ་སོར་བཞག་ན། །ཁྱིམ་ལོ་གོ་བདུན་མཐར་སོན་ཚེ། །ཚེ་ཟད་འགྱུར་རོ་ཅི་ཕྱིར་ན། །དབུ་མར་སོང་བའི་ལོ་གསུམ་དང༌། །ཕྱོགས་གསུམ་སྐབས་དེར་ཚང་ཕྱིར་རོ། །འོ་ན་དབུ་མའི་ལམ་དུ་ནི། །གནས་པ་ལམ་བྱེད་དོན་མེད་དུ། །འགྱུར་རོ་ཞེ་ན་མ་ཡིན་ཏེ། །ཟག་བཅས་ཚོར་བས་མ་རེག་པའི། །ཟག་མེད་བདེ་བ་ཆེན་པོ་ནི། །དབུ་མར་གནས་པ་ལམ་བྱེད་པའི། །བུམ་པ་ཅན་འབྱོངས་མཐར་ཕྱིན་པ། །མེད་ན་མི་འབྱུང་ཡིན་ཕྱིར་རོ། །རྣལ་འབྱོར་སློབ་པའི་ལམ་སྐབས་སུ། །བུམ་པ་ཅན་འབྱོངས་འོག་ཏུ་ཡང༌། །གཟུང་དང་འཛིན་པའི་ལམ་དག་ཏུ། །སྲོག་ནི་ངེས་པར་འཇུག་དགོས་ཏེ། །དེ་མེད་པར་ནི་སྒོ་གསུམ་གྱི། །བྱ་བ་ཀུན་ནས་སློང་མི་ནུས། །རྣམ་སྨིན་ཚེ་ལོ་བརྒྱ་ལོན་པའི། །རྣལ་འབྱོར་པས་ཀྱང་ལོ་གསུམ་དང༌། །ཕྱོགས་གསུམ་དག་ཏུ་ཚེ་བསྲིང་བ། །ངེས་པར་དགོས་པ་སྲིད་ཕྱིར་དང༌། །གཟུང་འཛིན་ལམ་དུ་གང་རྒྱུ་བ། །ཐམས་ཅད་ལས་ཀྱི་རླུང་ཁོ་ནར། །ངེས་པ་མིན་ཏེ་གང་གི་ཕྱིར། །བདག་མེད་རྟོགས་པའི་ཐོས་བསམ་གྱི། །རྟོག་པ་ཀུན་ནས་སློང་བྱེད་བཞིན། །དེ་སྐད་འདིར་ཡང་རྣལ་འབྱོར་པར། །ཁས་ལེན་བྱེད་ལ་དྲིས་པ་ན། །ཅི་ཟེར་གཏོལ་མེད་འགྱུར་མཐོང་ནས། །ལེགས་པའི་བློ་ཡིས་སྨྲས་པའོ། །མངྒ་ལཾ།། །། ༄༅། །སྭ་སྟི། དུས་ཀྱི་འཁོར་ལོར་ཕྱག་བྱས་ནས། །ནང་དུ་ལས་ཀྱི་རླུང་རྒྱུ་བ། །དབུ་མར་སོང་བའི་བྱེད་པ་ཡིས། །ཞག་མི་ཐུབ་འབྱུང་ཚུལ་བཤད་པ། །སྐབས་འདིར་ཉིན་ཞག་ཞེས་བྱ་བའི། །རྣམ་གཞག་ལོགས་སུ་བཤད་མི་དགོས། །ཁྱིམ་ཞག་རེ་ལ་ཉིན་ཞག་ལས། །ཅུང་ཟད་ལྷག་པ་རེ་དགོས་ཏེ། །ཁྱིམ་ཞག་གསུམ་བརྒྱ་དྲུག་ཅུར་ནི། །མ་ཚང་བ་ལ་ལོ་མི་ཚང༌། །དེ་ཚང་བ་ལ་ཉིན་ཞག་ནི། །གསུམ་བརྒྱ་དྲུག་བཅུ་རེ་ལྔ་པོ། །ངེས་པར་ཚང་བར་དགོས་ཕྱིར་རོ། །དེ་ཚང་བ་ལ་ལས་ཀྱི་རླུང༌། །འཕོ་ཆེན་རེ་རེའི་ཚེ་ལོངས་པ། །འབྱུང་འཇུག་གནས་གསུམ་ཚད་ལྡན་པ། །སྟོང་དང་བརྒྱད་བརྒྱ་རེ་རེར་ནི། །ངེས་པར་ཚ་བ་དགོས་རྒྱུ་ལ། །འབྱུང་བ་ཆེ་ཆུང་འཕོ་མཚམས་སུ། །ཅུང་ཟད་ཙམ་རེ་མ་ཚང་བ། །བསགས་པས་འཕོ་ཆེན་མཚམས་དག་ཏུ། །ང་དྲུག་རྐང་བཅས་རེ་མ་ཚང༌། །དེ་བསགས་པ་ལས་ཚེས་ཀྱི་ཟླ། །སུམ་ཅུ་སོ་གཉིས་ཕྱེད་བཅས་ན། །ཁྱིམ་གྱི་ཟླ་བའང་དེ་ཙམ་དུ། །ཚེས་ཟླ་གཅིག་གིས་ཚང་མ་ནུས། །དེ་ཡི་ཚེ་ན་ཚེས་ཟླ་གཅིག །ལྷག་པོར་བཞག་པས་དེ་གྲངས་ཚང༌། །དེ་ཕྱིར་ལས་ཀྱི་རླུང་རྒྱུ་བ། །ཆད་པའི་ཡོན་ཏན་བསགས་པ་ལས། །ཟླ་བའི་འཕེལ་འགྲིབ་སུམ་ཅུ་པོ། །ལྷག་ཆད་མེད་པར་ཚང་བ་དང༌། །དེ་ཚང་བ་ལ་ཉིན་ཞག་ནི། །སུམ་ཅུར་ཅུང་མ་ཚང་བས་ཆོག །ཟླ་ཤོལ་བཏོན་པའི་ཡོན་ཏན་གྱིས། །ཉི་མས་ཁྱིམ་ཆེན་བཅུ་གཉིས་པོ། །ལྷག་ཆད་མེད་པར་འཁོར་བ་དང༌། །དུས་བཞི་རྫོགས་པར་ཚང་བ་འབྱུང༌། །གཟུང་བའི་ལམ་དུ་ལས་ཀྱི་རླུང༌། །དགོས་པའི་ཚད་ལས་ཆེས་ལྷག་པར། །འཛིན་ནུས་གྱུར་ན་ཉི་མས་ཀྱང༌། །རང་ཁྱིམ་འཁོར་ལ་ཡུན་རིང་ཐོགས། །འཛིན་པའི་ལམ་དུ་ལས་ཀྱི་རླུང༌། །རྒྱུ་བའི་ཚད་ལས་ལྷག་བསྡམས་ན། །ཟླ་བའི་ཆ་ཤས་འཕེལ་འགྲིབ་ལ། །རིང་དུ་ཐོགས་ཏེ་རྣལ་འབྱོར་པ། །རང་རང་སོ་སོའི་ངོར་ཡིན་ནོ། །གཟུང་འཛིན་ལམ་དུ་རྒྱུ་བ་ཡི། །སྲོག་དང་ཁུ་རྡུལ་ཇི་སྙེད་ཀྱིས། །ཟག་བཅས་ལུས་འཛིན་བསྐྱེད་བྱེད་ཀྱི། །དབུ་མར་ཞུགས་པའི་དེ་རྣམས་ཀྱིས། །དེ་ཟད་བྱེད་ཅིང་ཟག་མེད་ཀྱི། །དེ་དག་བསྐྱེད་ཅིང་འཛིན་པར་བྱེད། །སྲོག་དང་ཁུ་རྡུལ་སྔགས་ཀྱི་སེམས། །དབུ་མར་མ་ཞུགས་པ་རྣམས་ཀྱི། །རྗེས་དྲན་རྣལ་འབྱོར་འཁོར་བ་ཡི། །རྒྱུ་ཡིན་འཛིན་འགྲེམ་ནུས་ཙམ་གྱིས། །ཐར་པའི་ལམ་དུ་འཁྲུལ་མི་བྱ། །དེ་ལྟར་བཤད་པས་འཁོར་བ་དང༌། །མྱ་ངན་འདས་པ་མཐའ་དག་ཀྱང༌། །ནང་གི་དབང་ལས་བྱུང་བ་སྟེ། །ཐ་མལ་རླུང་སེམས་འཁོར་བ་དང༌། །རྣལ་འབྱོར་རླུང་སེམས་མྱ་ངན་ལས། །འདས་པ་ཀུན་གྱི་རྒྱུར་ཤེས་བྱ། །རྣལ་འབྱོར་ཡན་ལག་དྲུག་པོ་ཡང༌། །སྨོན་འཇུག་སེམས་ཀྱིས་མ་ཟིན་པ། །དམན་པའི་མྱ་ངན་འདས་པ་དང༌། །བདག་དུ་རྨོངས་པ་མ་བཟློག་ན། །སྲིད་པའི་རྩེ་མོའི་རྒྱུར་ཡང་ནི། །སྲིད་པ་ལེགས་པར་ཤེས་བྱས་ནས། །རང་རང་སྐབས་ཀྱི་ངོ་སྤྲོད་དང༌། །གོལ་ས་མ་ལུས་ཤེས་པར་བྱ། །འདི་ཡང་སྔགས་ཀྱི་སྒོམ་ཆེན་པ། །ཕྱི་རོལ་དོན་ལ་ཞེན་ཆེས་ནས། །འཁྲུལ་སྣང་ཆོས་སུ་སྨྲ་རྣམས་ཀྱིས། །ཉེས་པར་བཤད་པ་བསལ་ཕྱིར་རོ། །ཤུ་བྷཾ།།  །། ༄༅། །དུས་ཀྱི་འཁོར་ལོར་ཞེས་བྱ་བ། །དུས་ནི་ལས་རླུང་འབྱུང་འཇུག་ནས། །དེ་ཡོད་པ་དང་དེ་བཟློག་ལས། །འཁོར་དང་མྱ་ངན་འདས་ཆེས་གསལ། །འབྱུང་འཇུག་གནས་གསུམ་ཚང་གྱུར་པ། །གཅིག་གི་བྱ་རྫོགས་སྐད་ཅིག་མ། །གཟུང་འཛིན་ལམ་དུ་ཞུགས་གྱུར་པ། །རེ་རེས་འཁོར་བའི་བྱ་བ་གཅིག །རྫོགས་ཤིང་བཟློག་པས་མྱང་འདས་ཀྱི། །ཆ་ཤས་གདོད་ནས་གྲུབ་པ་རེ། །གསལ་པོར་བྱེད་ཅིང་མི་འགྱུར་བའི། །བདེ་བ་བྱ་རྫོགས་སྐད་ཅིག་མ། །གཅིག་ཀྱང་རླུང་གཅིག་འགགས་པས་འགྲུབ། །དེ་ལྟར་ཤེས་པ་མདོར་བསྟན་པས། །དུས་ཀྱི་འཁོར་ལོའི་རྣལ་འབྱོར་ལ། །གངས་ཅན་ལྗོངས་སུ་ཕྱིས་བྱོན་པ། །མང་པོས་བརྩད་པ་སྤང་བར་ནུས། །དེ་ལ་ཁ་ཅིག་འདི་སྐད་དུ། །ཤིང་རྟའི་སྲོལ་ཆེན་ལས་བྱུང་བའི། །རིགས་པས་གཏན་ལ་མ་ཕབ་པར། །སྟོང་ཉིད་མཐོང་བ་ལོག་པའི་བློ། །གང་དུ་སྣང་བ་དེ་གཞན་གྱིས། །སྟོང་ལ་སྟོང་པ་ཉིད་འཇོག་ན། །དོན་སྣང་ཤེས་པ་རྟོག་མེད་ཀྱང༌། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་དུ། །ཐལ་བར་འགྱུར་ཏེ་དོན་སྣང་ཤེས། །དོན་གྱིས་སྟོང་པ་ཉིད་ཕྱིར་རོ། །རིགས་པས་གཏན་ལ་མ་ཕེབས་པའི། །རྟེན་འབྲེལ་སྣ་ཚོགས་སུ་སྣང་བ། །དོན་དམ་བདེན་ན་ཐ་མལ་གྱི། །ཤེས་ཀུན་དོན་དམ་རྟོགས་བློར་འགྱུར། །ཟེར་ཏེ་འདི་ལན་བསམ་བྱ་བ། །གཟུང་དང་འཛིན་པ་གློ་བུར་གྱི། །དྲི་མ་དང་ནི་འཁོར་བ་སྟེ། །གཉིས་མེད་ཡེ་ཤེས་གདོད་མ་ནས། །རང་བཞིན་མྱ་ངན་འདས་པར་གྲུབ། །ཤིང་རྟའི་སྲོལ་དང་སྔགས་གཞུང་ཀུན། །གཟུང་འཛིན་རྟོག་ལས་མ་གྲོལ་བ། །དེ་སྲིད་དོན་དམ་མི་མཐོང་ཞིང༌། །དེ་གྲོལ་བ་ལས་དེ་མཐོང་བར། །མཐུན་ནོ་ཤིང་རྟའི་སྲོལ་གཅིག་ལས། །ཀུན་རྫོབ་ཐམས་ཅད་རང་སྟོང་དུ། །གྲུབ་པས་གཟུང་འཛིན་གཉིས་བྲལ་བའི། །ཡེ་ཤེས་དམ་པའི་དོན་ཉིད་དུ། །གྲུབ་དང་ཤིང་རྟའི་སྲོལ་གཅིག་ལས། །ཆོས་ཀུན་རང་སྟོང་ཉིད་གྲུབ་པས། །རྣམ་རྟོག་འཛིན་པ་ཀུན་ལོག་པ། །རྣམ་པར་དཔྱད་པའི་འབྲས་བུར་བཞེད། །སྔགས་སུ་རྟོག་པ་ཀུན་འགོག་པའི། །ཐབས་ནི་མན་ངག་ཉིད་ལས་ཏེ། །རླུང་འགོག་པ་དང་ལུས་ཀྱི་ནི། །བྱེད་པ་བཅིངས་པ་ལ་སོགས་སོ། །འཛིན་པའི་རྣམ་པར་རྟོག་པ་ནི། །རིག་པའམ་ཡང་ན་མན་ངག་ཆོས། །གང་ལས་ཡིན་ཀྱང་ཁེགས་གྱུར་ན། །མྱ་ངན་འདས་པ་ལྷུན་གྱིས་གྲུབ། །རིགས་པ་མེད་པར་རྣམ་རྟོག་དེ། །ཁེགས་པའི་ཚད་མ་མེད་སྙམ་ན། །ལས་ཀྱི་རླུང་ལས་མ་བྱུང་བའི། །རྣམ་པར་རྟོག་པ་སྲིད་མ་ཡིན། །ལས་རླུང་ཇི་སྙེད་ཉི་ཁྲི་དང༌། །ཆིག་སྟོང་དག་ཏུ་མ་འདུས་མེད། །དེ་ཀུན་འཕོ་ཆེན་བཅུ་གཉིས་ཀྱི། །ལམ་ལས་གཞན་དུ་འགྲོ་མེད་ཕྱིར། །འཕོ་ཆེན་བཅུ་གཉིས་འགགས་པ་ན། །རྣམ་པར་རྟོག་པ་མ་ལུས་ཁེགས། །རྣམ་རྟོག་ཅེས་པ་ཞེན་པའི་བློ། །འབའ་ཞིག་ཙམ་དུ་མ་ཟད་ཀྱི། །མ་རིག་དབང་གིས་ཁམས་གསུམ་པར། །སྣང་བའི་ཡང་དག་མིན་རྟོག་གོ །སོ་སོར་བསྡུད་པས་ཐ་མལ་གྱི། །དབང་པོ་ཡུལ་ལ་འཇུག་ཁེགས་པ། །དེ་ཚེ་མིག་རྣ་སོགས་གཞན་ལ། །ཁམས་གསུམ་སྣང་བ་གང་ཤར་ཡང༌། །ཡང་དག་མ་ཡིན་ཀུན་རྟོག་པ། །མིན་པའི་ཤེས་བྱེད་ཐ་མལ་གྱི། །མིག་སོགས་དག་ལ་སྣང་མིན་གྱི། །མིག་གཞན་ཞེས་པ་ཐ་མལ་གྱི། །བདག་རྐྱེན་མིག་གི་དབང་པོ་དང༌། །དམིགས་རྐྱེན་གཟུགས་ལ་མ་བརྟེན་པར། །གཟུགས་སོགས་གསལ་བའི་མངོན་སུམ་མོ། །དེ་འདྲ་སྒྲ་དོན་འདྲེས་འཛིན་དང༌། །ཡང་དག་མིན་རྟོག་མ་ཡིན་པ། །དེ་ཚེ་རྟོག་པ་ཀུན་བྲལ་བའི། །གདོད་མའི་ཤེས་པར་ལྷུན་གྱིས་གྲུབ། །གསལ་སྣང་འདི་ཡང་ལས་ཀྱི་རླུང༌། །འགགས་པ་ཉིད་ལས་སྐྱེ་འགྱུར་གྱི། །དེ་མ་འགགས་པར་མི་འབྱུང་བ། །དེ་ཕྱིར་ཏིང་ངེ་འཛིན་ལས་བྱུང༌། །དེ་ཡང་རྟོག་པ་དང་བྲལ་ཞིང༌། །འཕྲལ་གྱི་འཁྲུལ་རྒྱུ་གང་གིས་ཀྱང༌། །འཁྲུལ་པར་བསྐྱེད་པ་མེད་པའི་ཕྱིར། །གནས་ལུགས་མཐོང་བའི་མངོན་སུམ་མོ། །འོ་ན་རྣལ་འབྱོར་གྱི་མངོན་སུམ། །ཉིད་དུ་ཐལ་བར་འགྱུར་ཞེ་ན། །གསང་སྔགས་པ་རྣམས་སྟོང་པ་ཉིད། །མངོན་སུམ་མཐོང་ལ་དཔེ་དང༌། །དོན་གྱི་ཡེ་ཤེས་གཉིས་སུ་འབྱེད། །མངོན་སུམ་མཚན་ཉིད་ཚང་འདྲ་ཡང༌། །འགྱུར་ལྡོག་བྱེད་དང་མི་བྱེད་པ། །མཐོང་བས་སྤང་བྱ་ལས་གྲོལ་དང༌། །མ་གྲོལ་བ་ལས་ཕྱེ་བ་ཡིན། །དེས་ན་འདི་ལ་དབང་པོ་ཡི། །མངོན་སུམ་ཞེས་ནི་མཚན་གསོལ་ཏོ། །རླུང་འགགས་པ་ལས་གཟུང་འཛིན་གྱི། །རྟོག་པ་རེ་ཤིག་ཙམ་ཁེགས་ཀྱང༌། །ས་བོན་འཇོམས་པའི་ནུས་པ་ནི། །དེ་ལ་ཡོད་པ་མིན་ཞེ་ན། །དེ་འདྲ་གཅིག་དང་དུ་བྲལ་སོགས། །རིགས་ཤེས་རྗེས་དཔག་ལ་ཡང་མཚུངས། །རིགས་རྒྱུན་གོམས་པས་དེ་སུན་འབྱིན། །སྙམ་ན་དབུ་མར་མཚུངས་པའི་རླུང༌། །རིང་དུ་གོམས་པས་དེ་སུན་འབྱིན། །དེ་ལྟ་ན་ཡང་སྔགས་ལུགས་ལ། །རིགས་པ་དོན་མེད་མ་ཡིན་ཏེ། །མཉམ་གཞག་དུས་སུ་མཐོང་བའི་དོན། །རྗེས་ལ་བདག་ཏུ་སྒྲོ་འདོགས་པ། །ཐོས་དང་བྲལ་ལ་སྲིད་པའི་ཚེ། །རིགས་པ་དོན་ཡོད་ཉིད་ཕྱིར་རོ། །དེ་ལྟར་བཤད་པ་ལས་བྱུང་རྣམ་དཀར་དེས་ནི་བདག་དང་སྐལ་མཉམ་གཞན་ཡང་གཟུང་འཛིན་གྱི། །ལམ་དུ་རིགས་པར་རྒྱུ་བའི་འགྲོས་ཆེན་རྣམ་གཉིས་ཐོག་མར་ཁེགས་པས་འགྱུར་མེད་བདེ་འགྲུབ་ཅིང༌། །འགྱུར་མེད་བདེ་ལས་མ་ཉམས་པར་ཡང་གཟུང་འཛིན་ལམ་དག་སྟོངས་པ་མིན་པའི་རྣལ་འབྱོར་གྱི། །ཆིག་སྟོང་དྲུག་བརྒྱས་ལྷག་པའི་མཆོག་ཏུ་མི་འགྱུར་བདེ་བའི་གྲངས་ཀྱིས་ས་ཆེན་བཅུ་གཉིས་པོ། །ཚེ་གཅིག་ཉིད་ལ་མངོན་དུ་བྱེད་པའི་གེགས་གྱུར་དུས་མིན་འཆི་བ་ཀུན་ལས་དེ་གྲོལ་ཤོག །འགྱུར་བའི་བདེ་ལ་འདིར་བསྔགས་པ། །ཚེ་གཅིག་ཉིད་ལ་དུས་འཁོར་ལོའི། །གོ་འཕང་ཐོབ་ལ་གེགས་བྱེད་པ། །འཕོ་བའི་བག་ཆགས་སྤོང་ཕྱིར་ཏེ། །ཆོས་དང་གང་ཟག་ཏུ་རྨོངས་པའི། །གཉན་པོ་བདག་མེད་རྣམ་པ་གཉིས། །འདི་བསྔགས་པ་ལས་ཉོན་མོངས་དང༌། །ཤེས་བྱའི་སྒྲིབ་པ་ལས་གྲོལ་ཤོག །ཅེས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་རྣམ་གཞག་ལ། དགག་བཞག་སྤང་གསུམ་གྱི་ཚུལ་རྣམ་པར་བཤད་པ་རིན་ཆེན་སྣ་བདུན་ཞེས་བྱ་བ་འདི་ནི། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ས་སྐྱོང་དོན་ཡོད་རྡོ་རྗེ་རྒྱལ་པོའི་བཀས་གནང་གི་རྣམ་དཔྱོད་ཀྱི་སྤོབས་པ་རིགས་པར་སད་པའི་དེ་མ་ཐག་རྐྱེན་བགྱིས་ཏེ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས། ཆོས་དང་སྲིད་ཀྱི་དཔལ་འབྱོར་མང་པོས་མངོན་པར་མཐོ་བའི་ཕོ་བྲང་ཆེན་པོ། རིན་ཆེན་སྤུངས་པའི་གཞལ་མེད་ཁང་ཆེན་པོའི་ཡང་ཐོག་གི་རྩེ་མོ་ཉིད་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། རྐོང་སྟོན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའོ།།  །།ཤུ་བྷཾ།།  །། ༄༅། །ཕྱི་ནང་གཞན་གསུམ་གྱི་རྣམ་བཞག། སྭ་སྟི། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་ཕར་ཕྱིན་ཐེག་པར་ཡང༌། །ཕྱི་ནང་གཞན་ཞེས་བྱ་བ་ཡི། །རྣམ་གཞག་འཆད་ཚུལ་དེ་བསམ་བྱ། །ཕྱི་ཡི་དབང་གིས་ནང་འབྱུང་ཞིང༌། །ནང་ནི་རྣམ་ཤེས་འཁོར་བཅས་པ། །ཁོ་ནར་འདོད་དེ་ཉན་ཐོས་པའི། །ལུགས་ཡིན་ཐེག་ཆེན་གཞུང་ན་མེད། །ནང་གི་དབང་གིས་ཕྱི་འབྱུང་ཞིང༌། །ནང་ལ་རྣམ་ཤེས་ཡེ་ཤེས་དང༌། །ཕྱི་ལ་ཆོས་དང་གང་ཟག་ཏུ། །འབྱེད་པར་ཐེག་ཆེན་པ་ཀུན་མཐུན། །ཀུན་ཏུ་བཏགས་པ་ཕྱི་ཡིན་ཏེ། །གཞན་གྱི་དབང་ནི་ནང་ཉིད་དང༌། །གདོད་ནས་ཡོངས་སུ་གྲུབ་པ་ནི། །གཉིས་མེད་གཞན་ཞེས་བྱ་བར་འཆད། །གཞན་གྱི་དབང་ལས་གང་འབྱུང་བའི། །ཆོས་དང་གང་ཟག་རྣམས་ཀུན་བཏགས། །གཉིས་སྣང་འཁྲུལ་པའི་བག་ཆགས་ཀྱིས། །ཁམས་གསུམ་པར་སྣང་དེ་གཞན་དབང༌། །དེ་ལས་ཆོས་དང་གང་ཟག་ཞེས། །བཏགས་པའི་ཡོད་པ་དེ་དངོས་མེད། །རྣམ་ཤེས་དངོས་པོ་དེ་བདེན་ཞེས། །སེམས་ཙམ་པའི་འདོད་པ་སྟེ། །གཉིས་མེད་ཡེ་ཤེས་དེ་བདེན་པ། །ཆོས་འཁོར་གསུམ་པའི་དབུ་མར་འདོད། །འདིར་ནི་ཕྱི་ནང་གཞན་ཇི་སྙེད། །ཆོས་ཀྱི་དབྱིངས་ལས་བྱུང་བ་སྟེ། །ཕྱི་དང་ནང་ནི་གློ་བུར་དུ། །འབྲལ་རུང་ཚུལ་དུ་བྱུང་བ་སྟེ། །རྣམ་བྱང་ཆོས་ནི་གསར་བྱུང་ཡང༌། །ཆོས་ཀྱི་དབྱིངས་དང་དབྱེ་བ་མེད། །ཆོས་དབྱིངས་ངོ་ཤེས་བྱེད་ཚུལ་ལ། །གཞུང་དང་མན་ངག་ལུགས་གཉིས་བྱུང༌། །དང་པོ་གཟུང་འཛིན་གཉིས་མེད་དུ། །ཐོས་བསམ་སྒོམ་པ་ལས་ཡིན་ཏེ། །ཕྱི་མ་སེམས་ཀྱི་ངོ་བོ་ལ། །བལྟ་ཚུལ་འཁྲུལ་པ་མེད་ལས་རྙེད། །དང་པོ་ཉིད་ནས་རྟོག་མེད་དུ། །སྐྱེ་བ་མན་ངག་ལུགས་ཡིན་ཏེ། །སོར་བསམ་སྒོམ་བྱུང་ལས་དང་པོ། །ཐོག་མར་རྟོག་པ་ཉིད་དུ་སྐྱེ། །ཆོས་ཀྱི་དབྱིངས་ལ་ཉོན་མོངས་དང༌། །རྣམ་རྟོག་བག་ཆགས་བཞག་པ་ལས། །གནས་པ་ཀུན་གཞི་ས་བོན་ཆེ། །སྨིན་པ་ཀུན་གཞིའི་རྣམ་ཤེས་དངོས། །མ་འོངས་དུས་སུ་སྨིན་འགྱུར་བའི། །ས་བོན་ད་ལྟ་བ་ཉིད་དང༌། །སྔོན་དུས་བག་ཆགས་འདིར་སྨིན་པ། །དེ་དག་ལ་འདིར་དེ་སྐད་བརྗོད། །གདོད་མའི་ཡེ་ཤེས་གཅིག་ཉིད་ལ། །གཉེན་པོ་རྣམ་བྱང་ཡེ་ཤེས་དང༌། །སྤང་བྱ་བག་ཆགས་རྣམ་སྨིན་གསུམ། །གནས་ལ་ཁྱད་པར་མེད་དུས་སུའང༌། །གོམས་བྱེད་བློ་ཡི་ཕྱོགས་འཛིན་པས། །གཉེན་པོས་སྤང་བྱ་སྤོང་བར་ནུས། །སྤང་བྱའི་བག་ཆགས་ད་ལྟར་བས། །རྣམ་སྨིན་ལ་སོགས་མ་འོངས་པ། །སྐྱེ་བའི་ནུས་པ་འཇོམས་བྱེད་ཀྱི། །སྐྱེས་ཟིན་འདས་དང་ད་ལྟར་བ། །གཉེན་པོས་སྤོང་ཚུལ་ཕར་ཕྱིན་གྱི། །ཐེག་པར་བཤད་པ་ཡོད་མ་ཡིན། །སྔགས་སུ་སྣོད་བཅུད་གྲུབ་ཟིན་པའི། །ཀུན་རྫོབ་ངོ་བོ་སྟོང་ཉིད་དུ། །སྦྱངས་ནས་དོན་དམ་ཡེ་ཤེས་ཀྱི། །ངོ་བོ་ལྷ་རུ་གྲུབ་པ་ན། །རྣམ་སྨིན་གྲུབ་ཟིན་ད་ལྟར་བ། །སྤངས་པའི་ཐབས་མཁས་བཤད་པ་ཡིན། །ཞེས་བྱ་བ་འདི་གྲུབ་པའོ། །ཤུ་བྷཾ།།  །། ༄༅། །ཨོཾ་སྭ་སྟི་སིདྡྷཾ། ཕྱི་ནང་གཞན་གསུམ་སྦྱོར་བའི་མན་ངག་གི་བསྟན་བཅོས་རིན་ཆེན་གཏེར་མཛོད་གསུམ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་གཞན་ཡོད་པ་མ་ཡིན་མོད། །ཕྱི་ནང་གཞན་གསུམ་ཞེས་བྱ་བ། །བདེན་པ་གཉིས་ལས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ལས་བྱུང་བའི། །ཕྱི་ནང་ཀུན་རྫོབ་བདེན་པ་སྟེ། །གཞན་ནི་རང་བཞིན་གློ་བུར་གྱི། །རྣམ་དག་དོན་དམ་བདེན་པའོ། །ཐོག་མར་ཕྱི་ནང་སྦྱར་བཤད་ནས། །དེ་དང་གཞན་སྦྱོར་ཚུལ་རྗེས་འཆད། །འཇིག་རྟེན་མུ་སྟེགས་ལ་སོགས་པ། །ཕྱི་ཡི་དབང་གིས་ནང་བྱུང་ཞེས། །ཟེར་མོད་ནང་ལས་ཕྱི་འབྱུང་བར། །ཐེག་ཆེན་པ་རྣམས་ཕལ་ཆེར་མཐུན། །དེ་ཡང་ཀུན་གཞིའི་སྟེང་དུ་ནི། །འཁོར་བའི་ཕྱོགས་ཀྱི་ཆོས་རྣམས་ཀྱི། །ས་བོན་བསགས་པ་སྨིན་པ་ལས། །ཁམས་དྲུག་ལྡན་པའི་སྐྱེས་བུ་བྱུང༌། །དེ་ཡང་མི་ཉིད་ཀྱི་དབང་བྱས། །མི་ལུས་འདོམ་གང་གྲུ་བཞི་པའི། །དཔངས་ལས་འཇིག་རྟེན་འབུམ་ཕྲག་བཞི། །སྒལ་ཚིགས་མགོ་བོར་སྣང་བ་ཡི། །བག་ཆགས་སྨིན་ལས་རི་རབ་ཀྱང༌། །སྣང་ངོ་མགོ་འོག་ཏུ་ཚུད་པའི། །དོན་སྣོད་བརྟེན་པར་བཅས་པ་ཡི། །བག་ཆགས་དབང་ལས་རི་མཚོ་གླིང༌། །དྲུག་ཚན་གསུམ་པོའང་སྦས་ཏེ་སྣང༌། །ལུས་ལ་རྩ་ཡི་གཙོ་མོ་གསུམ། །གནས་པས་འཁོར་འདས་གཉིས་བྱུང་ཞིང༌། །འཁོར་བ་གཟུང་དང་འཛིན་པ་སྟེ། །རོ་རྐྱང་གཉིས་སུ་སྣང་ལས་བྱུང༌། །གཟུང་དང་འཛིན་པ་གཉིས་སྤངས་པའི། །དབུ་མ་མྱ་ངན་འདས་པ་སྟེ། །ཀུན་གཞིའི་ཡེ་ཤེས་ཞེས་བྱ་བ། །ཆོས་ཀྱི་དབྱིངས་དང་དོན་གཅིག་བཞེད། །རོ་རྐྱང་དག་ཏུ་རླུང་རྒྱུ་བ། །ཕྱི་ནང་སྟོང་དང་བརྒྱད་བརྒྱ་རེ། །ཕན་ཚུན་འཕོ་བ་བཅུ་གཉིས་པོ། །དྲུག་ཚན་གཉིས་སུ་ཕྱེ་བྱས་ནས། །ནང་དུ་འཕོ་ཆེན་བཅུ་གཉིས་ལས། །ཕྱི་རུ་ས་དུམ་བཅུ་གཉིས་དང༌། །ནམ་མཁའ་ལ་ཡང་ཁྱིམ་བཅུ་གཉིས། །གཞན་དུ་བདེན་དོན་རྣམ་བཅུ་གཉིས། །གཟུང་འཛིན་རླུང་རྣམས་ཕྱིས་རྒྱུས་པས། །གཟའ་རྣམས་ཤར་དུ་གདོང་བལྟས་ནས། །གཡས་མིན་དུ་རྒྱུ་ཁྱིམ་རྣམས་ལ། །རིམ་པ་བཞིན་དུ་ལོངས་སྤྱད་པས། །སྣོད་ཀྱི་འཇིག་རྟེན་ངོ་མཚར་བར། །བྱེད་དོ་ཉི་མའི་བགྲོད་པ་གཉིས། །ནང་གི་དྲུག་ཚན་གཉིས་ལས་བྱུང༌། །རེ་རེ་ལ་ཡང་ཁྱིམ་ཟླ་ནི། །དྲུག་དྲུག་ངེས་པར་ཚང་ཡོད་པར། །འཕོ་ཆེན་རེ་ལ་ལས་ཀྱི་རླུང༌། །སྟོང་དང་བརྒྱད་བརྒྱ་ངེས་པར་ཡང༌། །ཚང་དགོས་པ་ཡི་རྒྱུ་ལས་བྱུང༌། །ཉི་མ་ཁྱིམ་དུ་སྡད་པ་ཡི། །རྒྱུ་ལས་དཔྱིད་དབྱར་སྟོན་དགུན་བཞི། །བྱུང་ནས་སྣོད་རྣམས་རྒྱས་བྱེད་ཅིང༌། །ལོངས་སྤྱོད་ཚོགས་རྣམས་སྨིན་པར་བྱེད། །ཟླ་བའི་བགྲོད་པའང་ཉི་མ་དང༌། །འདྲ་སྟེ་ནང་གི་རྒྱུ་བའི་དབང༌། །ཡིན་མོད་ཟླ་བས་ཚེས་ཟླ་གཅིག །ཉི་མས་ཁྱིམ་ལོར་འཁོར་དགོས་པ། །ཟླ་བས་དེ་ལྟར་འཁོར་བ་ཅི། །ཞེ་ན་ཟླ་བའི་འཕེལ་འགྲིབ་ཆ། །རྫོགས་པར་མྱུར་ཞིང་དུས་ཀྱི་ཆ། །རྫོགས་པ་བུལ་ཏེ་དེ་ཡང་ནི། །ནང་གི་ཟླ་བ་ཡར་ཚེས་ལ། །འཛིན་པའི་ལམ་དུ་འཕེལ་གྱུར་ནས། །སྤྱི་བོར་ཧྃ་ལ་ཐིམ་པ་དང༌། །མར་ངོ་ལ་ནི་གཟུང་བ་ཡི། །ལམ་དུ་ཞུགས་ནས་འགྲིབས་གྱུར་པ། །རྡུལ་ལ་རྫོགས་པར་ཐིམ་པ་རྣམས། །ཚེས་ཟླ་གཅིག་ལ་བྱུང་ཕྱིར་དང༌། །ནང་རྡུལ་ཆ་ཤས་བཅུ་གཉིས་པོ། །རྫོགས་ལ་ཁྱིམ་ཟླ་བཅུ་གཉིས་རེ། །དགོས་སོ་མངལ་གྱི་བཅུ་དང་ནི། །བཙས་པའི་གཉིས་དང་བཅས་ནས་སོ། །འོ་ན་བུ་མོ་བཅུ་གཉིས་མར། །རྡུལ་མཐའ་རྫོགས་བཤད་ཅི་ཞེ་ན། །སྐབས་དེར་རྡུལ་གྱིས་ཁུ་བ་ནི། །འཛིན་པར་ནུས་པའི་དབང་དུ་བྱས། །དཔེར་ན་སྐྱེས་པའི་བཅུ་དྲུག་ལོར། །ཟླ་བ་འདོར་ནུས་བཤད་དེ་བཞིན། །ཉི་མའི་རང་འགྲོས་དུས་ཆེན་བཞིར། །བྱས་ཕྱིར་ཟླ་བས་ཅི་ཞེ་ན། །དུས་རེ་རེ་ལ་ར་འབྲིང་སོགས། །གསུམ་པོ་ཟླ་བའི་ཉ་སྐར་ལས། །བྱུང་ངོ་ཚེས་ཟླ་བཅུ་གཉིས་པོ། །རྫོགས་ཚེ་ཉ་སྐར་བཅུ་གཉིས་འགྲིག །ནང་དུ་ཁུ་རྡུལ་མི་ལྡན་ན། །ཕྱི་རུ་ཉི་ཟླ་འཆར་མི་འགྱུར། །སུམ་མདོའི་རཾ་དང་སྤྱི་བོའི་ཧཾ། །མེད་ན་རྟ་གདོང་འབར་བ་དང༌། །བྱང་དུ་བསིལ་བའི་རི་མི་སྣང༌། །ཉི་མའི་གདུང་བྱེད་བསིལ་རི་ལ། །ཐུག་པས་དྲོད་ཆེན་འབར་བ་ཡང༌། །ནང་གི་ཉི་ཟླའི་འཕྲོད་འདུ་ལས། །ཡིན་ཏེ་རྟ་གདོང་འབར་བའི་འོད། །ཉི་མར་ཕོག་པས་མཚོ་ཁོལ་བ། །སུམ་མདོའི་རཾ་ལས་ལྟེ་བའི་མེ། །སྦར་ཏེ་མགྲིན་པར་ཆུ་ཁོལ་བ། །ཕན་ཚུན་ལྟོས་པའི་རྟེན་འབྲེལ་ལོ། །འོ་ན་ནང་གི་ཉི་མ་ནི། །ལུས་ཀྱི་སྨད་ན་གནས་པའི་ཕྱིར། །ཕྱི་ཡི་ཉི་མ་རི་རབ་ཀྱི། །ཐོད་དང་མཉམ་པར་འཆད་པ་ཅི། །ཞེ་ན་ཐབས་ཤེས་རྣལ་འབྱོར་ལས། །ལུགས་ལྡོག་དགའ་བ་བཞི་པའི་ཚེ། །རྡུལ་ཡང་སྤྱི་བོའི་ཟླ་བ་དང༌། །མཉམ་པར་རྒྱུ་བའི་རྟེན་འབྲེལ་ལས། །ཡིན་ནོ་རེས་འགའ་ཉི་མ་ནི། །དཔག་ཚད་བརྒྱད་ཁྲི་ལས་མཐོ་ཞིང༌། །རེས་འགའ་བདུན་ཁྲི་ལས་ཀྱང་དམའ། །ནང་གི་ཁུ་རྡུལ་གྱེན་ཐུར་དུ། །བྱེད་ལས་ཕྱི་ཡི་ཉི་ཟླ་ཡང༌། །དེ་ལྟར་བྱེད་ཅིང་ཆགས་ཆེན་དང༌། །ཆགས་བྲལ་ཉིད་དུ་བྱེད་པའོ། །ཚེས་ལོ་རེ་ལ་ཉི་ཟླ་གཉིས། །ཁ་སྦྱོར་བྱེད་པ་བཅུ་གཉིས་ལས། །ལྷག་པ་མི་འབྱུང་ཉ་སྐར་ཡང༌། །བཅུ་གཉིས་ལས་ལྷག་མི་འབྱུང་ངོ༌། །གཞོན་ནུ་མ་ལ་དེ་འདྲའི་ལོ། །དང་པོ་དགའ་བའི་དགའ་ཉིད་དུས། །ནས་བརྩམས་བཅུ་དྲུག་ལོ་ལོན་ཚེ། །ལྷན་ཅིག་སྐྱེས་པའི་ལྷན་སྐྱེས་ཉིད། །མངོན་དུ་བྱེད་པའི་དུས་ཡིན་ནོ། །དེ་བཞིན་གཞན་ལའང་བཅུ་གཉིས་ལོར། །རྡུལ་གྱི་ཟླ་བ་འཛིན་ནུས་པ། །བྱུང་ཚེ་བདེན་དོན་བཅུ་གཉིས་པོ། །མངོན་དུ་བྱེད་པ་ནུས་ཡིན་ནོ། །ལས་རླུང་ནང་དུ་འཇུག་པ་ཡི། །བྱེད་པས་ཁྱིམ་རྣམས་གཡས་སུ་རྒྱུ། །ཉི་ཟླའི་རང་འགྲོས་ཤར་དང་ནི། །ལྷོ་ནས་བྱང་དང་བྱང་ནས་ལྷོ། །སྟེང་ནས་འོག་ཏུ་འགྲོ་བྱེད་མོད། །ཁྱིམ་འགྲོས་ཁོ་ནས་ནུབ་ཏུ་རྒྱུ། །དེ་ཡི་བྱེད་པས་ཉིན་མཚན་དུ། །སྣང་ཕྱིར་སྐྱེས་བུའི་ལུས་སྟོབས་དང༌། །ཚེ་དང་བསོད་ནམས་འཕེལ་འགྲིབ་ཏུ། །བྱེད་པས་རྟེན་འབྲེལ་སྣ་ཚོགས་འབྱུང༌། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱིས། །རི་རབ་འཁོར་ཐེངས་སུམ་བརྒྱ་དང༌། །དྲུག་བཅུ་རེ་ལྔ་ཚང་བ་ན། །ཁྱིམ་ལོ་གཅིག་ཏུ་འཇོག་པ་ཡིན། །རྒྱུ་སྐར་འཆར་དུས་དེ་སྙེད་ལ། །ཉི་མའི་འཆར་དུས་སུམ་བརྒྱ་དང༌། །དྲུག་བཅུ་ལས་ལྷག་ཡོད་མ་ཡིན། །ཟླ་འཆར་སུམ་བརྒྱ་ང་བཞིའོ། །རྩིས་མཁན་ཕལ་ཆེར་དེ་རིང་གི །ཉི་ཤར་ནས་བརྩམས་སང་ཉིན་གྱི། །ཉི་ཤར་བར་དེ་ཉིན་ཞག་གཅིག །ཡིན་པས་ཁྱིམ་ལོ་གཅིག་ཚང་བར། །ཉིན་ཞག་སུམ་བརྒྱ་རེ་ལྔ་དགོས། །ཟེར་བ་རྫུན་ནོ་ཉིན་རེ་བཞིན། །ཉི་སྐར་འཆར་བའི་དུས་ཚོད་ལས། །ཉི་མ་འཆར་བ་ཇེ་རིང་དུ། །སོང་བ་མངོན་སུམ་གྱིས་གྲུབ་པས། །ཉིན་ཞག་ཚད་དེ་འཐད་མ་ཡིན། །སྨིན་དྲུག་ཤར་ནས་འཆར་གྱི་བར། །ཚད་ཅན་གཅིག་ཏུ་ངེས་པ་ནི། །ཉིན་ཞག་རེ་རེའི་ཚད་ཡིན་ཏེ། །ཉི་མ་ཤར་ནས་འཆར་ཀའི་བར། །སྔ་མ་དེ་ལས་ཅུང་ལྷག་པ། །ཁྱིམ་ཞག་རེ་རེའི་ཚད་དུ་བྱ། །ཚེས་ཞག་ལྐོག་ཏུ་གྱུར་མོད་ཀྱང༌། །ཟླ་བའི་འཕེལ་འགྲིབ་སུམ་ཅུ་པོ། །རྫོགས་ཚེ་ཚེས་ཟླ་གཅིག་ཏུ་ཚང༌། །མངོན་པར་ཡུད་ཙམ་སུམ་ཅུ་ལ། །ཉིན་ཞག་གཅིག་ཏུ་བཤད་པ་ཡང༌། །སྐར་མའི་འཆར་ཚུལ་དབང་བཙན་པ། །ཡིན་ཏེ་ཉི་མ་ལ་བཤད་ན། །ཡུད་ཙམ་སུམ་ཅུ་ལས་ལྷག་འགྱུར། །བཅུ་གཉིས་ཁྱིམ་གྱི་འགྲོ་ཚུལ་ལས། །ས་ལ་དུས་ཆེན་རྣམ་བཞི་དང༌། །ཚེས་ཟླ་བཅུ་གཉིས་འབྱུང་བ་ཡང༌། །ཕན་ཚུན་ལྟོས་པའི་རྟེན་འབྲེལ་ཏེ། །དུས་བཞི་ཉི་མའི་རང་འགྲོས་དང༌། །ཉིན་མཚན་ཉི་མའི་ཁྱིམ་འགྲོས་ལས། །བྱུང་ངོ་ཉ་སྐར་བཅུ་གཉིས་པོ། །ཟླ་བ་ཁོ་ནའི་རང་འགྲོས་ཀྱིས། །བྱས་སོ་ཟླ་བས་མཚན་འཁྱོལ་བ། །ཁྱིམ་འགྲོས་དབང་ལས་བྱུང་བ་ཡིན། །འཛམ་གླིང་དབུས་མར་ནག་པ་ཡིས། །མཚན་འཁྱོལ་བྱེད་པའི་ཚེས་བཅོ་ལྔ། །འཛམ་གླིང་ཤར་མར་ས་ག་ཡིས། །མཚན་སྐྱེལ་བྱེད་པའི་བཅུ་བཞི་དང༌། །འཛམ་གླིང་ནུབ་མར་དབོ་ཡིས་ནི། །མཚན་སྐྱེལ་བྱེད་པའི་བཅུ་དྲུག་ཏུ། །སོང་བ་སོགས་ལ་དགོངས་པའི་ཚིག །དྲི་མེད་འོད་ལས་གསུངས་པ་ཡིན། །ས་ཡི་དུམ་བུ་བཅུ་གཉིས་པོར། །ཀླ་ཀློའི་ཆོས་འབྱུང་གནས་པའི་ལོ། །སྟོང་དང་བརྒྱད་བརྒྱ་གསུངས་པ་ཡང༌། །ལས་རླུང་རྒྱུ་བའི་གྲངས་ལས་བྱུང༌། །རིགས་ལྡན་དྲག་པོས་ཀླ་ཀློའི་ཆོས། །བཅོམ་ནས་རང་གི་བསྟན་པའི་ཚད། །གསུངས་པ་མི་འགྱུར་བདེ་བ་ནི། །སྟོང་དང་བརྒྱད་བརྒྱའི་དབང་ལས་བྱུང༌། །འདིར་བཤད་ཡུལ་སྣང་ཇི་སྙེད་ཀུན། །དུས་ཀྱི་འཁོར་ལོ་ལ་སོགས་དང༌། །བླ་མེད་སྔགས་ཀྱི་རྣལ་འབྱོར་པ། །ཁོ་ནའི་རྣམ་པར་ཤེས་པ་ལ། །སྣང་བའི་དབང་དུ་བྱས་ཡིན་གྱི། །སྤྱི་མཐུན་ལས་གྲུབ་ཕྱི་རོལ་དོན། །ཡིན་པར་མངོན་པའི་ཆོས་ལས་གསུངས། །འདིར་བཤད་རང་སེམས་ཀྱིས་བསྡུས་པ། །ཡིན་ཕྱིར་འདིར་འབྱུང་མངོན་པ་དང༌། །མི་མཐུན་རྩོད་པའི་གོ་སྐབས་བྲལ། །དེ་ནས་གཞན་གྱི་རྣམ་གཞག་ནི། །ཅུང་ཟད་རྒྱས་པར་བཤད་བྱ་བ། །གཞི་དུས་རང་བཞིན་གྱིས་གྲུབ་དང༌། །ལམ་དུས་སྦྱངས་པ་ལས་བྱུང་ངོ༌། །དང་པོ་ཁམས་དྲུག་ལྡན་པ་ཡི། །དབུ་མ་རང་བཞིན་གྱིས་གྲུབ་པའི། །དབང་ལས་སྒྲ་གཅན་ལུས་དང་ནི། །མགོ་དང་འཇུག་ཏུ་སྣང་བ་འཆར། །མགོ་བོ་བྱང་སེམས་ཆུའི་རང་བཞིན། །མཇུག་མ་དུས་མེ་རྡུལ་གྱི་དེ། །ལུས་ནི་ཐོག་མེད་གཟུང་འཛིན་དང༌། །བྲལ་བ་ནམ་མཁའི་ངོ་བོ་ཉིད། །སྒྲ་གཅན་རང་བཞིན་མྱ་ངན་ལས། །འདས་ཕྱིར་ཁྱིམ་དུ་མི་འཇུག་ཅིང༌། །ཁྱིམ་འགྲོས་བཤད་པ་འཆད་མི་ནུས། །ནང་དུ་སྒྲ་གཅན་ལུས་དབང་གིས། །ཕྱི་རུ་ནམ་མཁའི་ཁམས་དང་ནི། །སྲིད་གསུམ་བྲལ་བའི་འདུ་ཤེས་འབྱུང༌། །དབུ་མའི་ལམ་དུ་ཉོན་མོངས་ཅན། །འཇུག་པ་ཡོད་མ་ཡིན་མོད་ཀྱི། །ཀུན་གཞིའི་ཡེ་ཤེས་རྣམ་སྨིན་ཆ། །ལྷན་ཅིག་རྟེན་དང་བརྟེན་པར་གནས། །ཀུན་གཞིའི་ཡེ་ཤེས་ལས་རླུང་གིས། །སྐྱེད་པར་ནུས་པ་མ་ཡིན་མོད། །བག་ཆགས་རླུང་གིས་གཡོས་པ་ལས། །རྣམ་པར་སྨིན་པ་ངར་འཛིན་བྱུང༌། །ངར་འཛིན་པ་དང་ལས་ཀྱི་རླུང༌། །བདག་པོའི་རྐྱེན་དུ་གྱུར་པ་ལས། །དོན་དང་སེམས་ཅན་རྣམ་རིག་ཏུ། །སྣང་བས་རྣམ་པར་ཤེས་པ་སྐྱེ། །ཡེ་ཤེས་མ་གཏོགས་རྣམ་རིག་ནི། །ཐམས་ཅད་འཁྲུལ་པའི་སྣང་བ་སྟེ། །ལས་རླུང་རྒྱུ་བ་ཀུན་ཁེགས་པས། །སྣོད་བཅུད་མ་ལུས་ཆོས་དབྱིངས་སུ། །རོ་གཅིག་གྱུར་པ་གང་དེ་ཉིད། །རིམ་པ་གཉིས་པོ་སྒྲུབ་པའི་གཞི། །གཉིས་པ་སྦྱངས་པ་ལས་གྱུར་ནི། །ནང་གི་དབང་ལས་ཕྱི་བྱུང་བ། །སྦྱོང་བྱེད་སྐྱེད་པའི་རིམ་པ་སྟེ། །ནང་ཉིད་སྦྱོང་བ་རྫོགས་རིམ་མོ། །ཐོག་མར་སྟོང་པ་ཉིད་བསམས་ནས། །ཕྱི་ནང་གཟུང་འཛིན་ཀུན་བྲལ་བའི། །རྟེན་དང་བརྟེན་པར་བཅས་པ་ཡི། །དཀྱིལ་འཁོར་ཡོངས་རྫོགས་གསལ་གདབ་པ། །གསལ་སྣང་དེ་ལ་རྟོག་པ་དང༌། །རྟོག་མེད་གསལ་བ་མཐར་ཕྱིན་གཉིས། །གཉིས་པོ་ཟུང་དུ་འབྲེལ་བ་ཡིས། །བསོད་ནམས་ཚོགས་རྫོགས་བྱེད་པ་དང༌། །ཟུང་དུ་མ་འབྲེལ་སོ་སོ་བས། །སྦྱང་གཞི་སྦྱོང་བར་ནུས་མ་ཡིན། །རྟོག་པའི་སྐྱེད་རིམ་སྔོན་སོང་ནས། །སོར་བསྡུད་དུས་སུ་དཀྱིལ་འཁོར་གྱི། །འཁོར་ལོ་ཡོངས་སུ་རྫོགས་གསལ་བ། །དེ་ནི་སྐྱེད་པའི་རིམ་པ་ཡི། །མཆོག་ཡིན་ཟེར་ན་བསམ་གཏན་གྱི། །ཡན་ལག་རྣམས་དང་མ་བྲལ་བར། །རྒྱུན་དུ་གོམས་པར་བྱས་ཡིན་གྱི། །ལུང་བསྟན་མིན་དང་མན་ངག་པའི། །སྣང་བ་དེ་དེ་མ་ཡིན་མོད། །སྦྱང་གཞི་སྦྱོང་བར་མི་ནུས་ཕྱིར། །རྒྱུན་དུ་བསྒོམ་པར་བྱ་བ་མིན། །འོན་ཀྱང་དེར་སྣང་དེ་གཞན་གྱིས། །སྟོང་པར་ཤེས་ལས་གང་ཟག་དང༌། །ཆོས་སུ་འཛིན་པའི་ཕྱོགས་གཅིག་སེལ། །ལུགས་འདིར་རྫོགས་རིམ་གྱི་གཙོ་བོ། །འགྱུར་མེད་བདེ་བ་ཆེན་པོ་དང༌། །སྤང་བྱའི་གཙོ་བོ་འཕོ་བ་ཡི། །བག་ཆགས་ཉིད་ལ་གང་བཤད་པ། །ཁམས་དྲུག་ལྡན་པའི་སྐྱེས་བུའི་ལུས། །ཚེ་འདིར་ཟག་པ་ཟད་བྱེད་པའི། །ཐབས་ཡིན་བདག་འཛིན་གཉིས་པོ་ཡི། །གཉེན་པོ་ལོགས་སུ་བསམ་པར་བྱ། །འབྲས་དུས་གཞན་ཞེས་བྱ་བ་ནི། །བཅུ་གཉིས་ས་ཡི་དབང་ཕྱུག་སྟེ། །འཕོ་ཆེན་མ་ལུས་འགགས་པའི་ཕྱིར། །མ་དག་སྣང་བ་མི་འཆར་མོད། །དཀྱིལ་འཁོར་ཡོངས་རྫོགས་ལ་སོགས་པ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་རྣམས་འཆང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །དག་པའི་སྣང་བ་འབའ་ཞིག་པ། །འདི་ནི་སངས་རྒྱས་རང་སྣང་གི །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། །གཞན་སྣང་གཟུགས་ཀྱི་སྐུ་གང་ཉིད། །གཞན་སེམས་དེ་ཉིད་ཀྱིས་བསྡུས་སོ། །སྔོན་གོམས་དབང་གིས་ཆོས་འདི་ལ། །མི་ཕྱེད་དད་དང་རྣམ་དཔྱོད་རྩལ། །མཆོག་ལྡན་ལེགས་པའི་བློ་ཅན་གྱིས། །རང་ལོ་དོན་བདུན་པ་ལ་སྦྱར།།  །། ༄༅། །གོ་ལའི་རྣམ་བཞག་ནོར་བུའི་ཐེམ་སྐས།  ༈ །ན་མ། ཤྲཱི་ཀ་ལ་ཙཀྲ་ཡེ། དུས་གསུམ་མཁའ་ལ་ཐོགས་པ་མེད་རྒྱུ་ཞིང༌། །དུས་མིན་འཁྱོག་པོའི་ལམ་ལས་གྲོལ་གྱུར་པས། །དུས་མེའི་མདངས་ཀྱིས་ནམ་ཡང་མི་འཁྱུད་པར། །དུས་དགྲའི་བཅོམ་ལྡན་ཉི་མ་དེ་དང་འདིར་རྒྱལ། །རྣམ་མང་ཕྱི་ནང་ཆོས་ཀྱི་ལང་ཚོ་ལ། །རྣམ་དཔྱོད་དྲང་པོའི་མིག་གིས་བལྟས་པ་ན། །རྣམ་དག་ངེས་དོན་རི་མོ་ཅི་ཡང་འཆར། །རྣམ་གསལ་གོ་ལའི་ལུགས་གཉིས་འདིར་བཤད་བྱ། །དེ་ཡང་འདི་ལྟར་གོ་ལའི་རྣམ་པར་བཞག་པ་རྒྱུད་འགྲེལ་གྱི་སྒྲ་ཇི་བཞིན་པ་དེ་ཉིད་སོར་བཞག་ན། ཟློག་པར་མི་ནུས་པའི་ཉེས་པ་གསུམ་སྟེ། ཉི་མ་ཁྱིམ་ལ་གནས་ཚུལ་དང་མི་མཐུན། ཉི་མ་འཆར་ནུབ་ཀྱིས་དུས་དང་འགལ་བ། ཟླ་བའི་ཉ་སྐར་དང་མི་འགྲིག་པ་རྣམས་སོ། །དེ་ལ་སྔ་རྒོལ་གྱིས་ཚེར་མ་འབྱིན་པ་ན། འདི་སྐད་ཅེས། ཉེས་པ་གསུམ་པ་ནི། འགྱུར་གྱིས་འཁྲུལ་གཞི་བྱས་པ་ཡིན་པས་དོན་ལ་མི་འཇུག ཉེས་པ་གཉིས་པ་ནི། ཐེག་པ་ཐུན་མོང་གི་དཀའ་བའི་གནས་ཡིན་པས་འདིར་སྤངས་མི་དགོས། ཉེས་པ་དང་པོ་མི་འཇུག་པའི་ཚུལ། ལྷོ་འཛམ་བུ་གླིང་གི་ལྷོ་བགྲོད་མཐར་ཐུག་པའི་ཁྱིམ་གྱི་སྐར་མ་དེ་བྱང་སྒྲ་མི་སྙན་གྱི་བྱང་བགྲོད་མཐར་ཐུག་གི་ཁྱིམ་གྱི་སྐར་མ་ཡིན་པར་ཁས་ལེན་པ་ཡིན་ནོ། །ཞེས་གསུང༌། དེ་ལྟ་ན་ཡང་མངོན་སུམ་དང་འགལ་བའི་ཉེས་པ་གཉིས། ལུང་དང་འགལ་བའི་ཉེས་པ་གཉིས། རིགས་པ་དང་འགལ་བ་གཉིས་ཏེ་དྲུག་གདོན་མི་ཟ་བར་འཇུག་པར་འགྱུར་རོ། །དང་པོ་ནི། འོ་ན་ལྷོ་གླིང་དབུས་མའི་ལྷོ་སྐར་མཐར་ཐུག་གི་མཚན་གཞི་སྐར་མ་ཆུ་སྟོད་དེ་ནུབ་གླིང་དབུས་མའི་སྟོན་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པ་དང༌། ཤར་གླིང་དབུས་མའི་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པར་ཁས་ལེན་དགོས་ལ། དེ་ཡང་དེ་ལྟ་ན་ལྷོ་གླིང་དབུས་མའི་བྱང་བགྲོད་མཐར་ཐུག་གི་ཉི་ཁྱིམ་གྱི་སྐར་མའི་མཚན་གཞི་སྐར་མ་ལག་དེ། ནུབ་གླིང་དབུས་མའི་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པ་དང༌། ཤར་གླིང་དབུས་མའི་སྟོན་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པར་ཁས་ལེན་དགོས་ལ། དེ་ཡང་དེ་ལས་འོས་མེད་པས། འོ་ན་ལྷོ་གླིང་དབུས་མ་འདིར། བགྲོད་གཉིས་མཐར་ཐུག་གི་དུས་ཀྱི་ཁྱིམ་གྱི་སྐར་མ་ཆུ་སྟོད་འཆར་ས་དང༌། ལག་འཆར་ས་གཉིས་གཅིག་པར་ཐལ་བ་དང༌། ནུབ་ས་གཅིག་པར་ཐལ་བ་དང༌། ཤར་གླིང་དབུས་མ་དང༌། ནུབ་གླིང་དབུས་མར་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཆུ་སྟོད་དང་ལག་གཉིས་པོ་དེར་འཆར་ཕྱེད་ནུབ་གསུམ་གྱི་ས་ཚོད་གཅིག་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་དུས་ཀྱི་སྐར་མ་དེ་གཉིས་ཤར་ནུབ་ཀྱི་གླིང་དེ་གཉིས་ཀྱི་ཉིན་མཚན་མཉམ་པའི་དུས་གཉིས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པའི་ཕྱིར། དེའི་ཁྱབ་པ་དེ་པའི་སྟེང་དུ་མངོན་སུམ་གྱིས་གྲུབ་སྟེ། ལྷོ་གླིང་དབུས་མ་འདིར་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ནག་པ་དང༌། ཐ་སྐར་གཉིས་ཤར་ཕྱེད་ནུབ་གསུམ་གྱི་ས་ཚོད་གཅིག་པ་བཞིན། དེ་ལྟར་ན་རྟགས་ཁས་བླངས། ཁྱབ་པ་མངོན་སུམ་གྱིས་གྲུབ། ཐལ་ཆོས་ལ་མངོན་སུམ་ཡི་བསལ་བ་ཞུགས་པ་འདི་ནི་ལན་གྱིས་ཟློག་པར་མི་ནུས་པའི་ཐལ་འགྱུར་དང་པོའོ། །དེ་ཡང་དེ་ལྟར་གྲུབ་པ་དེའི་ཚེ་ཉི་མ་གང་ལ་གནས་པའི་ཁྱིམ་གྱི་སྐར་མ་ཐ་སྐར་དང༌། ནག་པ་གཉིས་པོ་ཤར་ནུབ་ཀྱི་གླིང་དབུས་མ་གཉིས་ཀྱི་བགྲོད་པ་གཉིས་མཐར་ཐུག་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མར་ཁས་ལེན་དགོས་ལ། དེ་ལྟ་ན་སྐར་མ་ནག་པ་ཆོས་ཅན། ནུབ་གླིང་དབུས་མའི་ལྷོ་བགྲོད་མཐར་ཐུག་པའི་ས་ནས་འཆར་བ་ཐལ། གླིང་དེའི་དགུན་ཉི་ཟློག་པའི་དུས་ཀྱི་ཉི་ཁྱིམ་གྱི་སྐར་མ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་དཔེའི་སྟེང་དུ་མངོན་སུམ་གྱིས་གྲུབ་སྟེ། ལྷོ་གླིང་དབུས་མ་བཞིན་ནོ། །འདོད་ན། སྐར་མ་ཐ་སྐར་ཆོས་ཅན། ནུབ་གླིང་དབུས་མའི་བྱང་བགྲོད་མཐར་ཐུག་ནས་ཤར་བར་ཐལ། དེའི་དབྱར་ཉི་ལོག་དུས་ཀྱི་ཁྱིམ་སྐར་ཡིན་པའི་ཕྱིར། དེ་ཡང་འདོད་ན། དུས་དེ་གཉིས་ཀྱི་སྐར་མ་དེ་གཉིས་ཆོས་ཅན། ནུབ་གླིང་དབུས་མར་འཆར་ས་འགལ་བ་ཅན་གཉིས་ནས་འཆར་བ་མ་ཡིན་ཏེ། ལྷོ་གླིང་དབུས་མའི་ནམ་མཁའ་ལ་གནས་ས་གཅིག་ཁོ་ན་ཡིན་པའི་ཕྱིར། ཡང་ནག་པ་ཆོས་ཅན། ལྷོ་གླིང་དབུས་མའི་ཉིན་མཚན་མཉམ་པའི་དུས་དེར་ལྷོ་གླིང་དབུས་མའི་བྱང་བགྲོད་མཐར་ཐུག་པའི་ནམ་མཁའ་ལ་གནས་པར་ཐལ། ཁྱོད་དུས་དེར་ནུབ་གླིང་དབུས་མའི་ལྷོ་བགྲོད་མཐར་ཐུག་ནས་ཤར་བའི་ཕྱིར། ཡང་ཐ་སྐར་ཆོས་ཅན། ལྷོ་གླིང་དབུས་མའི་སྟོན་ཉིན་མཚན་མཉམ་པའི་དུས་དེར། གླིང་དེའི་ལྷོ་བགྲོད་མཐར་ཐུག་གི་ནམ་མཁའ་ལ་གནས་པར་ཐལ། དུས་དེར་ནུབ་གླིང་དབུས་མའི་བྱང་བགྲོད་མཐར་ཐུག་ནས་ཤར་བའི་ཕྱིར། དེ་ལྟར་ན་རྟགས་ཁྱབ་གཉིས་ཀ་ཁས་བླངས། ཐལ་ཆོས་ལ་མངོན་སུམ་གྱི་བསལ་བ་ཞུགས་པས་ཟློག་པར་མི་ནུས་པའི་ཐལ་འགྱུར་གཉིས་པ་ཡིན་ནོ། །དེ་ལྟ་བུའི་ཐལ་འགྱུར་གཉིས་ཀྱིས་མངོན་སུམ་དང་འགལ་བ་བསྟན་ཟིན་ནས། གཉིས་པ་ལུང་དང་འགལ་བ་གཉིས་ནི་འདི་ལྟར། ལྷོ་གླིང་དབུས་མའི་ལྷོ་སྐར་མཐར་ཐུག་གང་ཡིན་པ་དེ། བྱང་གླིང་དབུས་མའི་བྱང་སྐར་མཐར་ཐུག་ཏུ་ཁས་ལེན། ནག་པའི་ཕྱེད་ནས་ནམ་གྲུའི་བར་གྱི་ཁྱིམ་དྲུག་པོ་དེ་མེའི་དཀྱིལ་འཁོར་ལ་གནས་པ་དང༌། ཐ་སྐར་ནས་ནག་པའི་ཕྱེད་ཀྱི་བར་ཁྱིམ་དྲུག་པོ་དེ། བྱང་དུ་བསིལ་བའི་རི་ལ་གནས་པར་གསུངས་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། ཐ་སྐར་ལ་སོགས་ནག་པོའི་ཆེད་དུ་ཉིན་དང་མཚན་མོ་མཉམ་པའི་དབུས་སུ་གོ་ལའི་རི་མོའོ། །རྒྱུ་སྐར་གཡས་དང་གཡས་མིན་དག་ལ་ངེས་པར་སྲིད་པའི་གནས་སུ་ཁྱིམ་གྱི་དབྱེ་བས་ཡང་དག་གནས། ཞེས་དང༌། གཞུའི་རྣམ་པའི་དུས་ཁྱིམ་དག་ལ་གོ་ལའི་དབུས་ནས་ལྷོར་ནི་མེའི་དཀྱིལ་འཁོར་ལ་གནས་ཤིང༌། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་ལ་སོགས་པ་ལའོ་ཞེས་གསུངས་པས་སོ། །ཡང༌། ལྷོ་གླིང་དབུས་མའི་ལྷོ་བགྲོད་མཐར་ཐུག་པའི་ཚེ། བྱང་གླིང་དབུས་མར་བྱང་བགྲོད་མཐར་ཐུག་ཏུ་ཁས་ལེན་ན། ཉི་མ་གཡས་ཕྱོགས་སུ་བགྲོད་པ་འདི་རང་འགྲོས་དང་ཁྱིམ་འགྲོས་གང་རུང་མ་ཡིན་པའི་གཞན་ཞིག་དུ་ཁས་ལེན་དགོས་ལ། དེ་ལྟ་ན་ནི་ཁྱིམ་འགྲོས་ཁོ་ནར་བཤད་པ་དང་འགལ་ལོ། །ཇི་ལྟར་ཞེ་ན། ཇི་སྐད་དུ། དེའི་ཕྱིར་འཁོར་བའི་ཤུགས་འདི་ནི་ཁྱིམ་གྱི་ཡིན་གྱི། ཁྱིམ་གྱི་གཞི་ལ་གནས་པའི་ཉི་མས་ནི་མ་ཡིན་ནོ། །འདིར་ཁྱིམ་གྱི་འཁོར་ལོ་ནི་གཡས་སྐོར་གྱིས་འཁོར་ཏེ། གཟའ་རྣམས་ནི་ཁྱིམ་དག་ལ་གཡས་མིན་གྱི་རྒྱུའོ། །ཞེས་གསུངས་པས་སོ། །ཅི་སྟེ་རླུང་འགྲོས་སུ་ཁས་ལེན་ནོ་སྙམ་ན། དེ་སྐད་དེ་ནི། ཆོས་མངོན་པ་འཆད་པ་པོ་རྣམས་ཀྱི་ཚིག་གི་རྟེན་ཙམ་ཡིན་གྱི། ཆོས་འདི་ལ་དེའི་བཤད་པ་མེད་དོ། །དེ་ལྟར་ལུང་དང་འགལ་བ་གཉིས་བསྟན་ཟིན་ནས། གསུམ་པ་རིགས་པ་དང་འགལ་བ་གཉིས་ནི། ལྷོ་གླིང་དབུས་མའི་ལྷོ་དྲང་ཐད་ཀྱི་རྟ་གདོང་གི་མེ་དེ། བྱང་གླིང་དབུས་མའི་བྱང་ཤར་གྱི་ཕྱོགས་ན་ཡོད་པར་འགྱུར་བ་དང༌། ལྷོ་གླིང་དབུས་མའི་བྱང་དྲང་ཐད་ཀྱི་བསིལ་བའི་རི་དེ། བྱང་གླིང་དབུས་མའི་ཤར་ལྷོའི་ཐད་ན་ཡོད་པར་འགྱུར་ཏེ། དེ་དང་དེར་ཉི་མ་ནུབ་ས་ན་དེ་དང་དེར་ཤར་བའི་ཕྱིར། དེ་ཡང་འདོད་ན། རི་རབ་བྱང་སྒྲ་མི་སྙན་གྱི་ལྷོ་ཕྱོགས་ན་ཡོད་པར་འགྱུར་རོ། །ཡང་ཐ་སྐར་ནས་ནག་པའི་བར་གྱི་ཁྱིམ་དྲུག་པོ་དེར་ཤར་གླིང་དབུས་མ་དང༌། ནུབ་གླིང་དབུས་མ་གཉིས་སུ་རེས་འགའ་ལྷོར་གནས་ཤིང་རེས་འགའ་ནུབ་ཏུ་གནས་པར་ཐལ། ལྷོ་གླིང་དབུས་མ་འདིར་དཔྱིད་ཉིན་མཚན་མཉམ་པའི་ཚེ། ཤར་གླིང་དབུས་མར་བྱང་བགྲོད་མཐར་ཐུག ནུབ་གླིང་དབུས་མར་ལྷོ་བགྲོད་མཐར་ཐུག ཡང་གླིང་འདིར་སྟོན་གྱི་ཉིན་མཚན་མཉམ་པའི་ཚེ། ཤར་དུ་ལྷོ་བགྲོད་མཐར་ཐུག ནུབ་ཏུ་བྱང་བགྲོད་མཐར་ཐུག་པའི་ཕྱིར། དེ་ལྟར་ལུགས་སྔ་མ་སུན་འབྱིན་པའི་ཚུལ་བརྗོད་ཟིན་ནས། གཉིས་པ་ལུགས་ཕྱི་མ་འཐད་པའི་ཕྱོགས་སུ་བཞག་པ་ལ་གཉིས་ཏེ། ཁྱིམ་གྱི་གོ་ལ་ནམ་མཁའ་ལ་འཆར་བའི་ཚུལ་དང༌། ཁྱིམ་དེར་ཉི་མ་བགྲོད་པ་ནི་སའི་གོ་ལ་གླིང་དུམ་བུ་བཅུ་གཉིས་སུ་འབྱུང་བའི་ཚུལ་ལོ། །དང་པོ་ནི། ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོ་དེ་དུས་ཐམས་ཅད་དུ་འཆར་ནུབ་ཀྱི་ས་ཚོད་ངེས་པ་ཅན་ཁོ་ན་ཡིན་ཏེ། རྒྱུ་སྐར་ཉི་ཤུ་རྩ་བདུན་པོ་ཐམས་ཅད་རང་རང་གི་འཆར་ནུབ་ཀྱི་ངེས་པ་ཅན་རེ་རེ་ཁོ་ནར་དུས་རྟགས་ཏུ་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེ་ཡང་ཐ་སྐར་ནས་ནག་པོའི་ཕྱེད་ཀྱི་བར་ཁྱིམ་དྲུག་ནི། དབྱིབས་པདྨ་བཟང་པོའི་རྣམ་པ་ཅན། ཕྱོགས་ནི་ཐམས་ཅད་དུ་བྱང་གི་ཆ་ཁོ་ནར་གནས། དཔངས་ཚད་ནི་ས་སྟེང་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་འཕགས་པའོ། །ནག་པ་ནས་ནམ་གྲུའི་བར་ཁྱིམ་དྲུག་ནི། དབྱིབས་ནི་གཞུ་བདུངས་པའི་རྣམ་པ་ཅན། ཕྱོགས་ནི་ཐམས་ཅད་དུ་ལྷོའི་ཆ། དཔངས་ཚད་ནི་ཆུའི་སྟེང་ནས་དཔག་ཚད་བདུན་ཁྲི་ལྔ་སྟོང་འཕགས་པའོ། །དེ་ལྟ་བུའི་རྒྱུ་སྐར་གྱི་ཕྲེང་བ་དེ་རི་རབ་ལ་འཁོར་བའི་ཚུལ་ཡང༌། སྐྱེས་བུའི་མགྲིན་པར་ནོར་བུའི་དོ་ཤར་རིང་པོ་བརྒྱུས་པས་ཕྱོགས་ཐམས་ཅད་དུ་བསྐོར་བ་བཞིན་དུ་ཡོན་པོར་འཁོར་བ་ཡིན་གྱི། མགོ་ཐོག་གདུགས་ཕུབ་པ་ལྟར་ཟླུམ་པོ་ཁོ་ནར་འཁོར་བ་ནི་མིན་ཏེ། དེར་མི་འཁོར་བར་མངོན་སུམ་གྱིས་གྲུབ་བོ། །ཁྱིམ་བཅུ་གཉིས་ནི་ཟླུམ་པོར་འཁོར་བ་ཡིན་ཏེ། རྒྱུ་སྐར་རང་རང་སོ་སོའི་ཐོབ་ཐང་གི་རྒྱ་ཁྱོན་གྱི་ཚད་ལ་ཁྱིམ་དུ་འཇོག་པའི་ཕྱིར། དཔེར་ན་འོག་ཏུ་ཆུའི་དཀྱིལ་འཁོར་ཇི་ལྟར་གནས་པའི་ཚུལ་ནམ་མཁའ་ལ་ཁྱིམ་གྱི་འཁོར་ལོ་འཁོར་ཞིང་རྒྱུ་བའི་ཕྱིར་རོ། །གཉིས་པ་ལ། ཉི་མ་ཁྱིམ་ལ་གནས་པའི་ཚུལ། ས་ལ་དུས་ཀྱི་གོ་ལ་འབྱུང་བའི་ཚུལ་ལོ། །དང་པོ་ལ། ཉི་མ་ལ་འགྲོས་གཉིས་ཏེ། ཁྱིམ་འགྲོས་ཀྱི་དབང་གིས་གཡས་ཕྱོགས་ཁོ་ནར་འགྲོ་བ་དང༌། རང་འགྲོས་ཀྱི་དབང་གིས་ཕྱོགས་གཞན་དུ་འགྲོ་བའོ། །དེ་ལའང་གསུམ་སྟེ། དུས་རྟག་ཏུ་ཤར་ཕྱོགས་སུ་དལ་བར་འགྲོ་བ་དང༌། རེས་གཡས་གཡོན་དུ་འཁྱོག་པོར་འགྲོ་བའོ། །དེ་ལའང་གཉིས་ཏེ། གཡས་ཕྱོགས་སུ་རྟ་གདོང་གི་མེ་མཚམས་སུ་འགྲོ་བ་དང༌། གཡོན་ཕྱོགས་བསིལ་བའི་རི་ལ་ཐུག་པར་འགྲོ་བའོ། །གཉིས་པ་ནི། གླིང་དུམ་བུ་བཅུ་གཉིས་སུ་དུས་བཞི་མཉམ་དུ་འདུ་བ་ཡིན་ཏེ། ཉི་མ་མེའི་དཀྱིལ་འཁོར་ལ་ཐུག་པའི་དུས་དང༌། བསིལ་བའི་རི་ལ་ཐུག་པའི་དུས་ཀྱི་ཉིན་ཞག་རེ་རེ་ཡོད་པ་དེ་གླིང་ཐམས་ཅད་དུ་དུས་གཅིག་ལ་འབྱུང་བའི་ཕྱིར། ཇི་ལྟར་ཞེ་ན། ལྷོ་གླིང་དབུས་མ་འདིར་དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཚེ། སྲང་གི་ཁྱིམ་ནུབ་པ་དང༌། ལུག་ཁྱིམ་ཤར་བ་དུས་གཅིག ཡང་ལུག་ཁྱིམ་ནུབ་པ་དང་སྲང་ཁྱིམ་ཤར་བ་དུས་གཅིག བྱང་གླིང་དབུས་མར་ཡང་དུས་དེའི་ཚེ། དཔྱིད་ཀྱི་ཉིན་མཚན་མཉམ་ཞིང༌། ཁྱིམ་གྱི་འཆར་ནུབ་དེ་ཁོ་ནའོ། །གླིང་དེ་གཉིས་སུ་སྟོན་ཉིན་མཚན་མཉམ་པའི་ཚེ་ཡང་ཁྱིམ་གྱི་འཆར་ནུབ་སྔ་མ་དེ་བཞིན་ཁོ་ནར་ངེས་སོ། །གླིང་དེ་གཉིས་སུ་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པ་དེའི་ཚེ། ལྷོ་གླིང་དབུས་མ་ནས་གཡས་སྐོར་བགྲངས་པའི་དུམ་བུ་གཉིས་པ་དང༌། བརྒྱད་པ་ལ་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པ་དེའི་ཚེ། གླང་ཁྱིམ་དང་སྡིག་ཁྱིམ་འཆར་ནུབ་ཀྱི་དུས་ཀྱི་དུས་ནི་དེའི་ཉིན་མཚན་གྱི་དུས་གཉིས་སོ། །ཡང་འཁྲིག་པ་དང༌། གཞུའི་ཁྱིམ་གཉིས་ཀྱི་འཆར་དུས་གཉིས་ནི། དུམ་བུ་གསུམ་པ་དང་དགུ་པའི་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་གཉིས་ཀྱི་ཉིན་མཚན་གྱི་དུས་སོ། །དེ་བཞིན་དུ་གཞན་ལ་ཡང་སྦྱོར། དེ་ལྟར་ཉི་མ་སྐར་མ་ཐ་སྐར་གྱི་ཁྱིམ་དུ་གནས་ཤིང༌། ཟླ་བའི་དཀྱིལ་འཁོར་ནག་པས་ཉ་གང་བ་དེའི་ཚེ་གླིང་འདིར་དཔྱིད་ཀྱི་ཉིན་མཚན་མཉམ་ཞིང༌། སའི་དུམ་བུ་གཞན་ཐམས་ཅད་དུ་ཡང་ཁྱིམ་དེ་ཁོ་ན་དང༌། ཟླ་བ་དེ་ཁོ་ན་དང༌། དུས་དེ་ཁོ་ནར་ངེས་པ་ཡིན་ཏེ། དེ་ལས་གཞན་དུ་འགྲེལ་པའི་སྒྲ་ཇི་བཞིན་པར་བརྟག་ན། གླིང་འདིར་ལུག་གི་ཁྱིམ་དུ་དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཚེ། བྱང་གླིང་དབུས་མར་སྲང་གི་ཁྱིམ་དུ་སྟོན་གྱི་ཉིན་མཚན་མཉམ་པར་འདོད་དགོས་པ་ལས། དེ་ལྟར་འབྱུང་བའི་གོ་སྐབས་མེད་པའི་ཕྱིར་དང༌། ཡང་ཇི་སྐད་དུ། དེ་ཕྱིར་གཉིས་བརྒྱད་དུམ་བུ་དག །ངེས་པར་གླང་ལ་གནས་པ་དང༌། །སྡིག་པ་ལ་གནས་དེ་བཞིན་ནོ། །ཞེས་གསུངས་པའང་སྒྲ་ཇི་བཞིན་པར་ཁས་ལེན་དགོས་ན། དེ་འདྲ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། གལ་ཏེ་ཡོད་ན་ཉི་མས་ཉིན་མཚན་ཕྲུགས་གཅིག་ལ་ཁྱིམ་བཅུ་གཉིས་པ་ཐམས་ཅད་འཁོར་བར་ཐལ་བའི་ཕྱིར་རོ། །དེས་ཉེ་བར་མཚོན་ནས་ཉི་མ་སྲང་གི་ཁྱིམ་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་ཐ་སྐར་གྱི་ཉ་གང་བ་དེའི་ཚེ་གླིང་འདིར་སྟོན་གྱི་ཉིན་མཚན་མཉམ་པ་འབྱུང་ཞིང༌། གླིང་གཞན་ཐམས་ཅད་དུ་ཡང་དེ་ཁོ་ནར་ངེས་པ་དང༌། ཉི་མ་གཞུའི་ཁྱིམ་དུ་གནས་ཤིང་ཟླ་བ་རྒྱལ་གྱིས་ཉ་བའི་ཚེ་གླིང་ཐམས་ཅད་དུ་དགུན་ཉི་ལོག་པ་དང༌། ཉི་མ་འཁྲིག་པའི་ཁྱིམ་དུ་གནས་ཤིང་ཟླ་བ་སྣྲོན་དུས་དེར་གླིང་ཐམས་ཅད་དུ་དབྱར་ཉི་ལོག་པར་ཁས་ལེན་དགོས་པ་ཡིན་ནོ། །དེའི་ཕྱིར་གླིང་ཐམས་ཅད་དུ་བགྲོད་པ་གཉིས་མཐར་ཐུག་པ་དང༌། ཉིན་མཚན་མཉམ་པའི་དུས་གཉིས་ཏེ། བཞི་ཀ་ལ་ཉིན་ཞག་ཚང་མ་རེ་རེ་དགོས་པར་ངེས་སོ། །འོ་ན་ཇི་སྐད་དུ། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད། །ཅེས་བཤད་པ་དང་འགལ་ལོ་སྙམ་ན་མ་ཡིན་ཏེ། དེ་ནི་སའི་གོ་ལའི་དབང་དུ་བྱས་ནས་གསུངས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པ་དེའི་ཚེ། ཁྱིམ་བཅུ་གཉིས་དང་ས་དུམ་བུ་བཅུ་གཉིས་ཕན་ཚུན་དྲང་ཐད་དུ་གནས་ཤིང༌། རང་རང་གི་ཐོབ་ཐང་གི་ཁྱིམ་དུ་འཇུག་པའི་ཕྱིར། དཔེར་ན་ལྷོ་གླིང་དབུས་མ་འདིར་ཉི་མ་ལུག་ཁྱིམ་དུ་གནས་བཞིན་པ་ཤར་ནས་ཆུ་ཚོད་ལྔའི་ཡུན་འཛམ་གླིང་དབུས་མ་ལུག་ཁྱིམ་གྱི་ཐོབ་ཐང་ཡིན་པས་ན། ལྷོ་གླིང་ཤར་མ་གླང་ཁྱིམ་གྱི་ཐོབ་ཐང་ཡིན་པ་ལ་སོགས་པ་བཞིན་ནོ། །ཉི་མས་རང་རང་གི་ཁྱིམ་དེར་སླེབ་པའི་ཚེ་དཔྱིད་ཟླ་ཐ་ཆུང་དང༌། དབྱར་ཟླ་རྭ་བ་ལ་སོགས་པར་འགྱུར་བ་དགོངས་ནས། མཐའ་དག་དུས་ཀྱི་ཚོགས་རྣམས་བྱེད་ཅེས་གསུངས་པ་ཡིན་ནོ། །ཡང་གླིང་ཟླ་བ་ནག་པས་ཉ་གང་བ་དེའི་ཚེ། ཉ་སྐར་བཅུ་གཉིས་པོ་རེ་རེ་དང༌། ས་དུམ་བུ་བཅུ་གཉིས་པོ་རེ་རེ་ནས་དྲང་ཐད་དུ་གནས་ཤིང༌། ས་དེ་དང་དེའི་དབང་རེས་ཀྱིས་ཉ་སྐར་དུ་འཇོག་པ་ཡིན་ལ། ཟླ་བའི་རང་འགྲོས་ཀྱིས་ས་ག་དང༌། ལྷན་ཅིག་ཏུ་ཉ་གང་བ་ལ་སོགས་པའི་ཚེ། དཔྱིད་ཟླ་ཐ་ཆུང་དབྱར་ཟླ་རྭ་བ་ལ་སོགས་པར་འཇོག་པ་ཡིན་ནོ། །དེ་སྐད་དུ་ཡང༌། དུམ་བུ་དུམ་བུ་དག་ཏུ་ཟླ་བར་གྱུར་ཏེ་ས་བཞི་བཅུ་གཉིས་རྩིབས་རྣམས་ལ་ནི་རིམ་པས་སོ་ཞེས་དང༌། འགྲེལ་པར་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་ཟླ་བ་བྱེད་དོ། །མེ་ཟུར་གྱི་དུམ་བུ་གཉིས་སྣྲོན་གྱི་ཟླ་བ་བྱེད་དོ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཉི་ཁྱིམ་གྱི་དབང་དུ་བྱས་ན་ལུག་ཁྱིམ་དང༌། ཉ་སྐར་གྱི་དབང་དུ་བྱས་ན་ས་ག་འཛམ་བུ་གླིང་དབུས་མའི་ཐོབ་ཐང་ཡིན་པ་སོགས་གཞན་རྣམས་ལ་ཡང་དེ་ལྟར་སྦྱར་བ་དེ་ལ་ནི་སའི་གོ་ལ་ཞེས་བྱ་བའི་རྣམ་པར་བཞག་པ་འདི་གྲུབ་པ་ཡིན་ནོ། །འོ་ན་ཉི་མས་གླིང་ཐམས་ཅད་ཀྱི་ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉི་མ་ཐུང་བ་དང༌། ཐམས་ཅད་ཀྱི་བྱང་བགྲོད་མཐར་ཐུག་པའི་ཚེ་ཉི་མ་རིང་བར་འཇོག་མི་རིགས་ཏེ། དེ་ལས་ཟློག་ནས་ཁས་ལེན་པར་རིགས་པའི་ཕྱིར། དཔེར་ན་མཆོད་རྟེན་ལ་བསྐོར་བ་བཞིན་ནོ་ཞེ་ན། ཉེས་པ་མེད་དེ། དུས་དེ་གཉིས་ཀྱི་ཉི་མའི་རྒྱུ་ལམ་ལ་རིང་ཐུང་གི་ཁྱད་པར་ཡོད་ཀྱང༌། རྒྱུ་དུས་ལ་རིང་ཐུང་གི་ཁྱད་པར་མེད་དེ། དཔེར་ན་གདུགས་དང་ཆུ་སྐོར་གྱི་ལྟེ་བ་དང་མུ་ཁྱུད་བཞིན་ནོ། །དེའི་ཕྱིར་བགྲོད་གཉིས་མཐར་ཐུག་གི་དུས་ཀྱི་ཉིན་ཞག་གཉིས་པོ་ལ་ཆུ་ཚོད་མང་ཉུང་གི་ཁྱད་ཞུགས་པར་ཐལ་བའི་སྐྱོན་མེད་དོ། །འོ་ན་བྱང་བགྲོད་མཐར་ཐུག་གི་དུས་ཀྱི་ཉི་མའི་རྒྱུ་ལམ་ཐག་རིང་བ་དང༌། གཅིག་ཤོས་ཐུང་བར་མངོན་སུམ་གྱིས་གྲུབ་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི། གླིང་འདིར་བྱང་བགྲོད་མཐར་ཐུག་པའི་ཚེ་གླིང་འདིའི་ཉི་མ་འཆར་ས་ནི། བྱང་སྒྲ་མི་སྙན་གྱི་ཉི་མ་ནུབ་པའི་དུས་ཀྱི་སྟེང་གི་ནམ་མཁའ་དེ་ནས་ཤར། འདིའི་ཉི་མ་ནུབ་པའི་ས་ནི་བྱང་གླིང་དབུས་མར་ཤར་ནས་ཅུང་ཟད་ཅིག་ལོན་པའི་དུས་ཀྱི་ཉི་མའི་གནས་ས་དེར་ནུབ་པ་དང༌། ཡང་གླིང་འདིར་ལྷོ་བགྲོད་མཐར་ཐུག་པའི་ཚེ་གླིང་འདིའི་ཉི་མ་འཆར་ས་དེ་ཤར་གླིང་དབུས་མའི་ཉི་མ་ཕྱེད་ཡོལ་ནས་འཆར། ནུབ་ས་ནི་ནུབ་གླིང་དབུས་མའི་ཉི་མ་ཕྱེད་པ་དེར་ནུབ་པ་ཡིན་པ་ལ་ཐུག་གོ །མདོར་ན་ཉི་མ་བྱང་ཤར་གྱི་མཚམས་ནས་ཤར་ན་ནུབ་བྱང་གི་མཚམས་སུ་ནུབ་པ་དང༌། ཡང་ཉི་མ་ཤར་ལྷོའི་མཚམས་ནས་ལྷོ་ནུབ་ཀྱི་མཚམས་སུ་ནུབ་པའི་དུས་ཀྱི་ཉི་མའི་རྒྱུ་ལམ་ལ་རིང་ཐུང་གི་ཁྱད་པར་འབྱུང་བ་འོས་མེད་ཀྱི་རིགས་པ་ཡིན་ནོ། །མདོར་ན་བྱང་བགྲོད་མཐར་ཐུག་གི་དུས་སུ་ཉི་མ་གླིང་གསུམ་དང༌། ས་དུམ་བུ་དགུ་ཁྱབ་པའི་དུས་སྲིད། ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉི་མས་གིང་གཅིག་ཁོ་ན་དང༌། ས་དུམ་བུ་གསུམ་ལས་མ་ཁྱབ་པའི་དུས་ཅིག་སྲིད། ཉིན་མཚན་མཉམ་པའི་ཚེ་གླིང་གཉིས་དང༌། ས་དུམ་བུ་དྲུག་ཁོ་ན་ལ་ཉི་མས་ངེས་པར་ཁྱབ་པ་ཡིན་ནོ། །རྒྱུད་ཀྱི་དགོངས་པ་རྒྱུད་འགྲེལ་གྱིས་བཀྲལ་བ། །སྔོན་གྱི་མཁས་པས་སྔོན་ནས་ལེགས་དཔྱད་ཀྱང༌། །མངོན་སུམ་ཉིད་དང་མངོན་པར་འགལ་མཐོང་ནས། །རང་ལུགས་འཇོག་ཚུལ་རང་གི་རིགས་པས་སྦྱར། །རྣམ་བཀྲ་ཤེལ་གྱི་རི་མོ་ངོ་མཚར་ཅན། །རྣམ་གསལ་ཐུགས་མཚོའི་མེ་ལོང་ལ་འཕོས་ནས། །རྣམ་དཔྱོད་གཟུ་བོའི་གསུང་གིས་འདོམས་མཁས་པ། །རྣམ་རྒྱལ་གྲགས་པའི་དྲུང་དུ་མཆིད་འདི་ཕུལ། །གང་དང་མཉམ་པའི་ཁམས་པ་མ་མཆིས་པས། །གང་གི་མཁྱེན་པའི་རྒྱ་ཁྱོན་མི་དཔོགས་ཀྱང༌། །གང་ལ་འཆམས་པའི་ལེགས་བཤད་ཐོབ་བྱའི་ཕྱིར། །གང་གསུང་དེ་ལ་དཔྱད་ནས་ལུགས་གཞན་བསྙད། །ལུགས་འདིར་ལུང་དང་རིགས་པས་གནོད་གྱུར་ན། །ལུགས་ངན་འདི་ལ་ཕངས་པ་ཅི་ཞིག་འཚལ། །ལུགས་བརྒྱ་ལྡན་པའི་རིགས་པས་འདི་གྲུབ་ན། །ལུགས་གཞན་སྔ་མ་དོར་དགོས་མ་ལགས་སམ། །ཡིད་འབབ་རྣ་བར་སྙན་ཞིང་ལུང་དང་མཐུན། །ཡིད་ལ་གཅགས་པའི་རིགས་པ་བརྒྱས་བསྐྲུན་པའི། །ཡིད་འོང་གོ་ལའི་རྣམ་གཞག་འདི་བྲིས་པས། །ཡིད་ཀྱི་ལྟད་མོ་ཅི་ཡང་འཆར་བྱེད་ཤོག །གཞན་ལ་འགྲན་དང་རང་གི་རྙེད་གྲགས་དང༌། །གཞན་གཞུང་འཇིག་པའི་ཕྱིར་དུ་འདི་མ་སྦྱར། །གཞན་དག་ཆོས་ཀྱི་གཏམ་ལ་བསྐུལ་བྱའི་ཕྱིར། །གཞན་ཕན་བློ་ཡིས་བྲིས་འདི་སྐྱོན་མ་ཡིན། །ལུང་དང་རིགས་པའི་མིག་གཉིས་རབ་བགྲད་ཅིང༌། །རྣམ་དཔྱོད་ལག་པ་མཁའ་ལ་རབ་བཏེག་ནས། །ཤེས་བྱའི་གངས་ལ་ཐོགས་མེད་འཕྱོ་བ་ཡི། །དཔལ་ལྡན་སྨྲ་བའི་སེང་གེར་བདག་གྱུར་ཅིག །ཀ་ལཱ་པ་ཡི་གྲོང་ཁྱེར་ནི། །ཁ་བའི་ཆུ་ཤེལ་དཀར་པོའི་ཁྲི། །ག་པུར་དྲི་མདངས་ཀྱིས་སྤུད་དེར། །ང་རྒྱལ་འཁོར་ལོའི་མགོན་པོ་ནི། །ཤཱཀྱའི་རིགས་ཀྱི་ཐིག་ལེ་མཆོག །དཔལ་ལྡན་ཟླ་བ་བཟང་པོ་ཡི། །ཞབས་སེན་ཡིད་འོང་ཁྱོད་གཙུག་ཏུ། །རབ་འཆང་ལེགས་པའི་བློ་ཡིས་སྦྱར། །དེ་ཡི་ལེགས་བྱས་མདངས་ཀྱིས་ནི། །ས་སྐྱོང་མཆེད་དང་བཅས་པ་ཡི། །བཞེད་པའི་དོན་ཀུན་གེགས་མེད་པར། །བདེ་བླག་ཉིད་དུ་འཆར་བྱེད་ཤོག །ཅེས་གོ་ལའི་རྣམ་པར་བཞག་པ་རྒྱུད་འགྲེལ་གྱི་ཕོ་བྲང་དུ་འཇུག་པ་ནོར་བུའི་འོད་ཀྱི་ཐེམ་སྐས་ཞེས་བྱ་བ་མངའ་རིས་སྨད་ཀྱི་སའི་ཐིག་ལེར་གྲུབ་པའོ། །ཤུ་བྷཾ།།  །། ༄༅། །རྒྱུ་སྐར་གྱི་དགེ་མཚན་བརྟག་པའི་རབ་བྱེད།།  ༄༅། །སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པའི་ཞབས་ཀྱི་རྡུལ་རྙོག་པ་མེད་པ་ལ་ཚངས་པའི་ཅོད་པཎ་གྱིས་གཏུགས་ནས་ཡིད་རབ་ཏུ་དྭང་བས་ཕྱག་འཚལ་ལོ། །འཕྲོག་བྱེད་རལ་པའི་ཆུ་གཏེར་ཉམས་དགའ་བར། །ཞབས་ཟུང་ངང་པའི་དེད་དཔོན་གར་མཛད་ཅིང༌། །ཞབས་རྟེན་པད་མོའི་ནགས་སུ་ལྷ་བརྒྱ་ཡིས། །གཙུག་རྒྱན་ཆུ་ཤེལ་དཀར་པོས་མཛེས་མཚོན་པ། །ཡོངས་ལ་ཕན་དགོངས་སྙིང་ནས་བརྩེ་བ་ཅན། །རང་དང་འཚམས་པའི་གཙུག་ལག་བརྒྱ་འཆད་ཅིང༌། །འཇིག་རྟེན་བླང་དོར་ལན་བརྒྱར་སྟོན་མཛད་པའི། །ཀུན་གྱིས་མེས་པོ་ཁྱོད་ལ་མགོས་ཕྱག་འཚལ། །ཐོས་པའི་བདུད་རྩི་བསགས་པའི་ཆུ་གཏེར་དུ། །རྣམ་དཔྱོད་ཀུ་མུད་རྒྱས་པའི་རྩེ་དགའ་དང༌། །གཞན་ཕན་མགྲིན་པའི་རྫ་རྔ་རྡུང་བྱེད་པའི། །བཤེས་གཉེན་དེ་དག་ཀུན་གྱིས་མཆོད་པར་འོས། །དེ་ལྟར་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་ནས། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས་དགེ་མཚན་བརྟག་པ། མདོ་སྡེ་སྣ་ཚོགས་ལས་ཇི་ལྟར་འབྱུང་བ་བཞིན། རང་བཟོ་སྤངས་ཏེ་གོ་བདེ་བའི་ངག་གིས་བརྗོད་པར་བྱའོ། །སྨིན་དྲུག་སྣར་མ་མགོ་ལག་དང༌། །ནབ་སོ་རྒྱལ་དང་སྐག་དང་འཆུ། །བྲེ་དབོ་མེ་བཞི་ནག་པ་དང༌། །ས་རི་ས་ག་ལྷ་མཚམས་སྣྲོན། །སྣྲུབས་ཆུ་སྟོད་སྨད་གྲོ་ཞུན་དང༌། །བྱི་བཞིན་མོན་གྲུ་མོན་གྲེ་དང༌། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་དང༌། །ཐ་སྐར་བྲ་ཉེ་ཉི་ཤུ་བརྒྱད། །སྨིན་དྲུག་སྐར་མ་དྲུག་ཡིན་སྟེ། །དབྱིབས་ནི་སྤུ་གྲི་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཞོ་ཡིན་ལྷ་ནི་མེ། །རུས་ནི་རྗེའུ་རིགས་ཡིན་ནོ། །རྒྱུ་སྐར་སྣར་མ་སྐར་མ་ལྔ། །དབྱིབས་ནི་ཤིང་རྟའི་འཕང་ལོ་གཉིས། །ཡུད་ཙམ་བཞི་བཅུ་རྩ་ལྔར་ལྡན། །ཁ་ཟས་རི་དྭགས་ཤ་ཡིན་ཏེ། །ལྷ་ནི་སྐྱེ་དགུའི་བདག་པོའོ། །རུས་ནི་བྷ་ར་དྷྭ་ཇར་བཤད། །རྒྱུ་སྐར་མགོ་ནི་སྐར་མ་གསུམ། །དབྱིབས་ནི་སར་དགས་མགོ་ལྟ་བུ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་རྩ་བ་དང་འབྲས་བུ། །ལྷ་ནི་ཟླ་བ་ཞེས་བྱ་སྟེ། །རུས་ནི་མི་ག་ཡ་ན་འོ། །རྒྱུ་སྐར་ལག་ནི་སྐར་མ་གཅིག །དབྱིབས་ནི་ཐིག་ལེ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུ་རྩ་ལྔ་ལྡན། །ཁ་ཟས་མར་གྱི་ཉིང་ཁུ་སྟེ། །ལྷ་དང་རུས་ནི་གོ་རིམ་བཞིན། །ཉི་མ་རྒྱས་པ་ཞེས་བྱའོ། །རྒྱུ་སྐར་ནབ་སོ་སྐར་མ་གཉིས། །དབྱིབས་ནི་རྐང་པ་ལྟ་བུ་ལ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་སྦྲང་རྩི་ལྷ་ཕུར་བུ། །རུས་ནི་དབང་བྱེད་ཅེས་བཤད་དོ། །རྒྱུ་སྐར་རྒྱལ་ནི་སྐར་མ་གསུམ། །དབྱིབས་ནི་རིལ་བ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་སྦྲང་རྩི་དང་ཡོས་སོ། །ལྷ་དང་རུས་ནི་གོ་རིམ་བཞིན། །ཕུར་བུ་ཡིད་ཉེ་ཞེས་བྱའོ། །རྒྱུ་སྐར་སྐག་ནི་སྐར་མ་གཅིག །དབྱིབས་ནི་ཐིག་ལེ་ལྟ་བུ་ལ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་སྦྲང་རྩི་དང་ཡོས་སོ། །ལྷ་ནི་རླུང་ལྷ་རུས་ནི་སྦྲུལ། །འདི་བདུན་ཤར་གྱིས་སྒོར་གཏོགས་སོ། །རྒྱུ་སྐར་ཆུ་ནི་སྐར་མ་ལྔ། །དབྱིབས་ནི་ཆུ་བོའི་འགྱུར་ལྟ་བུ། །ཡུད་ཙམ་གསུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཏིལ་དང་འོ་མའོ། །ལྷ་ནི་སྤེན་པར་རུས་སེར་སྐྱ། །རྒྱུ་སྐར་བྲེ་ནི་སྐར་མ་གཉིས། །དབྱིབས་ནི་རྐང་པ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་བིལ་བ་ལྷ་སྐལ་ལྡན། །རུས་ནི་གོའུ་ཏ་མའོ། །རྒྱུ་སྐར་དབོ་ནི་སྐར་མ་གཉིས། །དབྱིབས་ནི་གདན་ཁྲི་ལྟ་བུ་ལ། །ཡུད་ཙམ་བཞི་བཅུ་རྩ་ལྔར་ལྡན། །ཁ་ཟས་སྦལ་པའི་ཤ་ཡིན་ཏེ། །ལྷ་དང་རུས་ནི་གོ་རིམ་བཞིན། །འཕགས་པ་ཀོའུ་ཤི་ཀའོ། །རྒྱུ་སྐར་མེ་བཞི་སྐར་མ་ལྔ། །དབྱིབས་ནི་ལག་པ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་བྱ་དང་སྲེ་ཏ་འོ། །ལྷ་ནི་ཉི་མ་རུས་སྲེད་ལྡན། །རྒྱུ་སྐར་ནག་པ་སྐར་མ་གཅིག །པདྨའི་སྙིང་པོ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཤ་ཐོག་སྣ་ཚོགས་ཟ། །ལྷ་དང་རུས་ནི་ཉི་མ་དང༌། །ནག་པ་ཡ་ན་ཞེས་བྱའོ། །རྒྱུ་སྐར་ས་རི་སྐར་མ་གཅིག །དབྱིབས་ནི་ཐིག་ལེ་ལྟ་བུ་ལ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་མོན་སྲན་རྡེའུ་སོགས། །ལྷ་ནི་རླུང་ལྷ་རུས་ཡིད་ཅན། །རྒྱུ་སྐར་ས་ག་སྐར་མ་བཞི། །རའི་རྟེན་མགོ་ལྟ་བུ་ལ། །ཡུད་ཙམ་བཞི་བཅུ་རྩ་ལྔར་ལྡན། །ཁ་ཟས་མེ་ཏོག་ལྷ་དབང་པོ། །རུས་ནི་བསྟུས་པ་ཡ་ན་སྟེ། །བདུན་པོ་ལྷོ་སྒོར་གཏོགས་པའོ། །རྒྱུ་སྐར་ལྷ་མཚམས་སྐར་མ་བཞི། །དབྱིབས་ནི་གླང་ཆེན་སྣ་ལྟ་བུ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཤ་ཆང་ལྷ་ཕུར་བུ། །རུས་ནི་དམིགས་པ་ཡ་ན་འོ། །རྒྱུ་སྐར་སྣྲོན་ནི་སྐར་མ་བཞི། །དབྱིབས་ནི་ཐེག་སྐས་ལྟ་བུ་ལ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་འབྲས་དང་ནས་དང་གྲོ། །ལྷ་དང་རུས་ནི་དབང་པོ་དང༌། །རིང་པའི་རྒྱུད་ཅེས་བྱ་བར་བཤད། །རྒྱུ་སྐར་སྣུབས་ནི་སྐར་མ་དགུ། །དབྱིབས་ནི་སྡིག་པ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་རྩ་བ་དང་འབྲས་བུ། །ལྷ་དང་རུས་ནི་དམངས་རིགས་དང༌། །ཀ་ཏ་ཡ་ནའི་རྒྱུད་ཡིན་ནོ། །རྒྱུ་སྐར་ཆུ་སྟོང་སྐར་མ་བཞི། །བ་ལང་འཇུག་མ་སྒྲེང་ལྟ་བུ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་བྱ་གྲོ་ཏ་ཡིད་ཆུ། །ལྷ་དང་རུས་ནི་ཆུ་ལྷ་དང༌། །དུར་བའི་རྒྱུད་ཅེས་བྱ་བའོ། །རྒྱུ་སྐར་ཆུ་སྨད་སྐར་མ་བཞི། །དབྱིབས་ནི་གླང་ཆེན་འཕྱོང་ལྟ་བུ། །ཡུད་ཙམ་བཞི་བཅུ་རྩ་ལྔར་ལྡན། །ཁ་ཟས་སྦྲང་རྩི་འབྲས་ཡོས་ཏེ། །ལྷ་དང་རུས་ནི་རྒྱས་པ་དང༌། །མེ་འགལ་ཡ་ན་ཞེས་བྱའོ། །རྒྱུ་སྐར་བྱི་བཞིན་སྐར་མ་གསུམ། །དབྱིབས་ནི་བ་ལང་མགོ་ལྟ་བུ། །ཡུད་ཙམ་དྲུག་གི་ཆ་དང་ལྡན། །ཁ་ཟས་རླུང་ཡིན་ལྷ་ཚངས་པ། །རུས་ནི་ཚངས་པ་དང་ལྡན་ནོ། །རྒྱུ་སྐར་གྲོ་ཞུན་སྐར་མ་གསུམ། །དབྱིབས་ནི་ལག་རྔ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་བྱའི་ཤ་ཡིན་ཏེ། །ལྷ་དང་རུས་ནི་ཁྱབ་འཇུག་དང༌། །ཀ་ཏ་ཡ་ན་གསུམ་པའོ། །བདུན་པོ་ནུབ་ཀྱི་སྒོར་གཏོགས་སོ། །རྒྱུ་སྐར་མོན་གྲེ་སྐར་མ་བཞི། །དབྱིབས་ནི་འདབ་ཆགས་བྱ་ལྟ་བུ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་རྒྱ་སྲན་དང་ནི་ཆུ། །ལྷ་དང་རུས་ནི་ནོར་ལྷ་དང༌། །ཀ་ཏི་ན་ཞེས་བྱ་བའོ། །རྒྱུ་སྐར་མོན་གྲུ་སྐར་མ་གཅིག །དབྱིབས་ནི་ཐིག་ལེ་ལྟ་བུ་ལ། །ཡུད་ཙམ་བཅོ་ལྔའི་ཆ་དང་ལྡན། །ཁ་ཟས་ནས་དང་གྲོ་ཡིན་ཏེ། །ལྷ་དང་རུས་ནི་ཆུ་ལྷ་དང༌། །དན་ད་ཡ་ན་ཞེས་བྱའོ། །རྒྱུ་སྐར་ཁྲུམས་སྟོད་སྐར་མ་གཉིས། །དབྱིབས་ནི་རྟ་སོ་འདྲ་བ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ལུག་གི་ཁྲག་ཡིན་ཏེ། །ལྷ་ནི་ཀླུ་དང་བཟའ་ལག་ཡིན། །རུས་ནི་བྲམ་ཟེ་སྣ་ཅན་ནོ། །རྒྱུ་སྐར་ཁྲུམས་སྨད་སྐར་མ་གཉིས། །དབྱིབས་ནི་རྐང་པ་ལྟ་བུ་ལ། །ཡུད་ཙམ་བཞི་བཅུ་རྩ་ལྔར་ལྡན། །ཁ་ཟས་བལ་སྲན་ལྷ་འཕགས་པ། །རུས་ནི་ནོར་རྒྱལ་གྱི་བརྒྱུད་དོ། །རྒྱུ་སྐར་ནམ་གྲུ་སྐར་མ་གཅིག །དབྱིབས་ནི་ཐིག་ལེ་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཞོ་ཡིན་ལྷ་རྒྱལ་པོ། །རུས་ནི་སྲིན་མོ་རྒྱལ་གྱིས་རྒྱུ། །ཐ་སྐར་སྐར་མ་གཉིས་ཡིན་ཏེ། །དབྱིབས་ནི་རྟ་མཆོག་འགྲོས་ལྟ་བུ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་སྦྲང་རྩིའི་ཐུག་པའོ། །ལྷ་དང་རུས་ནི་དྲི་ཟ་དང༌། །རྦ་འཇིགས་ནས་གྱི་རྒྱུད་ཡིན་ནོ། །བྲ་ཉེ་སྐར་མ་གསུམ་ཡིན་ཏེ། །དབྱིབས་ནི་ཆོས་འབྱུང་ལྟ་བུ་ལ། །ཡུད་ཙམ་སུམ་ཅུའི་ཆ་དང་ལྡན། །ཁ་ཟས་ཏིལ་དང་འབྲས་ཡིན་ཏེ། །ལྷ་དང་རུས་ནི་ཤིན་རྗེ་དང༌། །རྒའི་རྒྱུད་ཅེས་བྱ་བའོ། །རྒྱུ་སྐར་འདི་བདུན་བྱང་རྒོར་བཞག །མདོར་ན་སྣར་མ་ནབ་སོ་གྲེ། །ས་ག་ཆུ་སྨད་ཁྲུམས་སྨད་དང༌། །དྲུག་པོ་ཡུད་ཙམ་བཞི་བཅུ་ལྔ། །ལག་དང་སྐག་དང་ས་རི་སྣྲོན། །ས་ག་དང་ལྔ་བཅུ་ལྔའི་ཆ། །བྱི་བཞིན་ཡུད་ཙམ་དྲུག་ཡིན་ཏེ། །གཞན་རྣམས་ཡུད་ཙམ་སུམ་ཅུའོ། །བདུན་ནི་མཉམ་དང་ལྷན་པས་ཏ། །ཤར་གྱི་བཞི་དང་ས་ག་དང༌། །ལྷ་འཚམས་དང་ནི་ས་རིའོ། །དྲག་པོ་གསུམ་ཡིན་ལག་དང་སྐག །བྲ་ཉེའི་མཆོད་གནས་བཞི་པོ་ནི། །བྱང་གི་གསུམ་དང་སྣར་མའོ། །འཇམ་པོ་ལྔ་སྟེ་གྲོ་བཞིན་དང༌། །ནམ་གྲུ་མོན་གྲེ་སྣྲོན་དང་སྣུབས། །འཛིན་པའི་རིགས་ལྔ་མེ་བཞི་དང༌། །ནག་པ་སྐག་དང་མཆུ་བྱི་བཞིན། །མྱུར་བར་བྱེད་བཞི་སྨིན་དྲུག་དང༌། །མགོ་དང་རྒྱལ་དང་ཐ་སྐར་རོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ། །འཇུག་པ་གསུམ་དང་ལྡན་པ་སྟེ། །ཁྱུ་མཆོག་བ་བུའི་འཇུག་པ་དང༌། །ལྷན་ཅིག་ཟུང་དུ་འཇུག་པའོ། །ཟླ་བ་རྒྱུ་སྐར་གང་དེ་ཡིད། །ཕྱིས་ནས་འགྲོ་བ་ཁྱུ་མཆོག་གིས། །འཇུག་པ་ཞེས་བྱ་དེ་ཟློག་པ། །བ་བེའུའི་འཇུག་པ་ཡིན་ཞེས་བྱ། །མཉམ་དུ་འགྲོ་བ་ལྷན་ཅིག་པ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པའོ། །གནས་ནི་འདི་ཡིན་སྨིན་དྲུག་ནི། །མ་ཀ་ཏ་དང་ཀ་ལིང་ཀ །སྣར་མ་སྐྱེད་དགུ་ཐམས་ཅད་ལ། །ལུས་འཕགས་པོ་དང་རྒྱལ་པོ་ཡི། །ཞམ་རིང་མགོ་ཡི་གནས་ཡིན་ནོ། །ལག་དང་ནབ་སོ་བརྒྱལ་དང་སྐག །ཀླུ་དང་གངས་ཅན་ལ་གནས་སོ། །ཀླུ་ནི་ཤར་ཕྱོགས་མི་རྣམས་ལ། །གྲེ་ནི་རྐུན་མ་རྣམས་ལ་སྟེ། །དབོ་ནི་ས་བོན་རིགས་རྣམས་ལ། །མེ་བཞི་ཡུལ་འཁོར་བ་རྣམས་ལ། །ནག་པ་བྱ་དང་རྐང་གཉིས་པར། །ས་རི་རབ་བྱུང་ཐམས་ཅད་ལ། །ས་ག་ཆུ་ལ་གནས་པ་ཡི། །སྲོག་ཆགས་རྣམས་ལ་རྟག་ཏུ་གནས། །ལྷ་འཚམས་ཚོང་པ་ཟོང་ལྡན་པ། །སྣྲོན་ནི་སྒོ་བསྲུང་རྣམས་ལ་གནས། །སྣུབས་ནི་མགྲོན་པོ་རྣམས་ལའོ། །ཆུ་སྟོད་འབའ་དྷིན་ཀ་པ་ལ། །ཆུ་སྨད་སྐམ་པོ་ཚེའི་གླིང༌། །གྲོ་ཞུན་རྐུན་མ་དང་ཕོ་ཉ། །བྱི་ཞུན་ལྷོ་ཕྱོགས་པ་ཀུན་དང༌། །ཟང་གླིང་བ་རྣམས་ལ་གནས་སོ། །མོན་གྲུ་ཀོ་ཀོ་ཤི་ཀ་དང༌། །སྲིད་སྲུང་བ་རྣམས་ལ་གནས་སོ། །མོན་གྲེ་ཀོ་རུ་ལྔ་ཅན་ལ། །ཁྲུམས་སྟོད་གན་ཏ་ར་པ་དང༌། །ནས་གླིང་བ་དང་སྐམ་པོ་ཚེ། །ཁྲུམས་སྨད་དྲི་ཟ་རྣམས་ལ་གནས། །ནམ་གྲུ་གྲུབ་པར་ཞུགས་པ་རྣམས། །ཐ་སྐར་ཏའི་རྫིའུ་ལ། །བྲ་ཉེ་ཞིང་ས་བཟང་པོ་ལའོ། །པ་སངས་གཟའ་ལག་སྤེན་པ་དང༌། །ཕུར་བུ་མིག་དམར་སྒྲ་གཅན་དང༌། །འཇུག་རིང་ཉི་མ་ཟླ་བ་སྟེ། །འདིར་ནི་གཟའ་རྣམས་དགུར་བཤད་དོ། །དེ་ནས་ལུང་བསྟེན་བཤད་བྱ་བ། །སྨིན་དྲུག་ལ་སྐྱེས་གྲགས་པར་ལྡན། །སྣར་མ་ལ་སྐྱེས་སྐལ་བ་བཟང༌། །མགོ་ལ་འཐབ་མོ་དོན་གཉེར་འགྱུར། །ལག་ལ་སྐྱེས་པ་ཟས་སྐོམ་རྙེད། །ནབ་སོ་ཞིང་རྨོ་བ་ལང་སྐྱོང༌། །རྒྱལ་ལ་ཚུལ་ཁྲིམས་ལྡན་པར་འགྱུར། །སྐག་ལ་སྐྱེས་པ་ཆགས་པ་ཆེ། །མཆུ་ལ་མཐུ་རྩལ་ཆེ་བར་འགྱུར། །གྲེ་ལ་སྐྱེས་པ་ཚེ་ཐུང་སྟེ། །དབོ་ལ་སྐྱེས་པ་ཚུལ་ཁྲིམས་ལྡན། །མེ་བཞི་ལ་སྐྱེས་རྐུན་མར་འགྱུར། །ནག་པ་ཀླུ་དང་གར་ལ་མཁས། །ས་རི་རྩིས་མཁས་དཔོན་དུ་འགྱུར། །ས་ག་རྒྱལ་པོའི་མངག་ཞུགས་པར། །ལྷ་མཚམས་ཚོང་པ་ཟོང་ལྡན་དུ། །སྣྲོན་ལ་ལོངས་སྤྱོད་ཆུང་པར་འགྱུར། །སྣུབས་ལ་གྲགས་ལྡན་བུ་དང་བཅས། །ཆུ་སྟོད་ལ་སྐྱེས་རྣལ་འབྱོར་པར། །ཆུ་སྨད་རིགས་བཙུན་དབང་ཕྱུག་ཆེ། །བྱེ་བཞིན་གྲགས་དང་ལྡན་པར་འགྱུར། །གྲོ་ཞུན་ལ་སྐྱེས་རྒྱལ་པོས་མཆོད། །མོན་གྲེ་ལ་སྐྱེས་རིག་པ་ཆུང༌། །མོན་གྲུ་ལ་སྐྱེས་ཕྲེང་རྒྱུད་མཁན། །ཁྲུམས་སྟོད་ཆོམ་ཀུན་དེད་དཔོན་འགྱུར། །ཁྲུམས་སྨད་ལ་སྐྱེས་དྲི་ཞིམ་པ། །ནམ་གྲུ་ལ་སྐྱེས་གྲུ་པར་འགྱུར། །ཐ་སྐར་ལ་སྐྱེས་རྟ་ཚོང་པ། །བྲ་ཉེ་གཞན་ལ་བརྟེན་པས་འཚོ། །གཞན་ཡང་ཡོན་ཏན་བཤད་བྱ་བ། །སྨིན་དྲུག་ལ་སྐྱེས་མི་ཕོ་ནི། །དཀའ་ཐུབ་ལྡན་ཞིང་བརྐུ་ལ་དགའ། །དཔའ་ཞིང་གཏུམ་ལ་གཞུང་ལུགས་ཤེས། །སྣར་མ་ལ་སྐྱེས་ནོར་དང་ལྡན། །ཆོས་ལ་དགའ་ཞིང་བརྩོན་འགྲུས་བརྟན། །དཔའ་ལ་བདེ་དང་ལྡན་པར་འགྱུར། །མགོ་ལ་འཇམ་མཛེས་ལྟ་བར་འོས། །ཁྱད་པར་བུད་མེད་དགའ་བར་འགྱུར། །ལག་ལ་ཁྲོ་གཏུམ་ཕ་རོལ་འཇིག །དྲག་པོ་ལ་སྦྱོར་ཁང་བཟང་རྙེད། །ནབ་སོ་འདོད་ཆུང་བློ་དང་ལྡན། །ཚུལ་ཁྲིམས་དང་བཅས་སྤྲོ་ཐུང་བ། །རྒྱལ་ལ་གཟི་བརྗིད་ཆེ་ལྡན་ཞིང༌། །མང་པོས་མཆོད་པའི་འོས་སུ་འགྱུར། །སྐག་ལ་སྐྱེས་པ་སྤྲོ་ཐུང་ཞིང༌། །སྐྱེས་བུ་ངན་པའི་དཔོན་དུའང་འགྱུར། །མཆུ་ལ་ཤེས་རབ་ཆེ་ལྡན་ཞིང༌། །ལག་གཙང་བསོད་ནམས་ཆེན་པོར་འགྱུར། །གྲེ་ལ་ཆོས་མིན་བློ་ལྡན་ཞིང༌། །རྟག་ཏུ་བླ་མ་སྨོད་པར་བྱེད། །དབོ་ལ་ལོངས་སྤྱོད་ཆེ་ལྡན་ཞིང༌། །མངོན་ཤེས་ཐོབ་པའི་སྐལ་ལྡན་འགྱུར། །མེ་བཞི་ཕ་རོལ་ཟིལ་གནོན་ཞིང༌། །བདག་ཉིད་གཞན་གྱི་གནོན་མི་ནུས། །ནག་པ་ལ་སྐྱེས་གཏམ་ལ་མཁས། །ཀུན་གྱིས་ཡིད་འོང་ཚུལ་ཁྲིམས་ལྡན། །ས་རི་མཉན་མངས་མཁས་ལ་འཇམ། །ས་གས་བརྗིད་ལྡན་ནོར་མང་ལ། །གཏོང་ལ་དགའ་ཞིང་ཕ་རོལ་གནོན། །ལྷ་མཚམས་གྲོགས་མང་ཁྱིམ་དང་བཅས། །རང་བཞིན་བཟང་ཞིང་བྱས་པ་བཟོ། །སྣྲོན་ལ་ཕོངས་ཤིང་བསྟན་བཅོས་མཁས། །བུད་མེད་ལ་དགའ་གྲོགས་དད་ཆེ། །སྣྲུབས་ལ་སྐྱེས་པ་བྱས་མི་བཟོ། །དཔའ་ཞིང་བརྟན་ལ་སྡིག་པ་ཅན། །ཆུ་སྟོད་ལ་སྐྱེས་སེར་སྣ་ཆེ། །དབང་པོ་རྒོད་ཅིང་ཤ་ལ་སྲེད། །ཆུ་སྨད་སྤྲོ་ཐུང་གཏོང་ལ་དགའ། །མཁས་ཤིང་གཉེན་ཤེས་མང་བར་འགྱུར། །གྲོ་ཞུན་ལ་སྐྱེས་བསྟན་བཅོས་མཁས། །བྱ་བ་དང་ལྡན་ཚེ་རིང་འགྱུར། །མོན་གྲེ་བློ་རྒོད་ནོར་མང་ལ། །ཕ་རོལ་ཟིལ་གྱིས་གནོན་པའོ། །མོན་གྲུ་ལ་སྐྱེས་ཞེ་སྡང་ཆེ། །ཆོ་འཕྲུལ་ལྡན་ཞིང་གྲགས་པ་ཉམས། །ཁྲུམས་སྟོང་བག་ཡོད་ཡོན་ཏན་ཅན། །བྱས་པ་བཟོ་ལ་མཁས་པར་འགྱུར། །ཁྲུམས་སྨད་མཁས་ཤིང་བློ་དང་ལྡན། །བུ་དང་ཆོས་དང་ནོར་མང་འགྱུར། །ནམ་གྲུ་ཆོས་ཤེས་རིགས་པ་མཁས། །དབུལ་ཞིང་ནོར་ཉུང་གཏོང་ལ་དགའ། །ཐ་སྐར་ལ་སྐྱེས་མཁས་ཤིང་དཔའ། །ཀུན་ལ་དགའ་ཞིང་སྐལ་བར་ལྡན། །བྲ་ཉེ་སྡིག་སྤྱོད་མི་མཁས་བརྡར། །སྦྱིན་ལ་དགའ་ཞིང་གཞན་ལ་བརྟེན། །དེ་ནས་ནད་ཀྱི་ལེའུ་བཤད། །སྨིན་དྲུག་ལ་ནི་སྐྱེས་པའམ། །བུད་མེད་ནད་ཀྱིས་བཏབ་གྱུར་ན། །ཞག་བཞི་ལོན་ནས་གསོས་པར་བརྟན། །ཞོ་ཡི་གཏོར་མ་བཏང་བར་བྱ། །སྣར་མ་ཞག་ལྔ་དག་ནས་གསོས། །མེ་ཏོག་འཕྲེང་བ་གཙང་མ་ཡི། །གཏོར་མ་བཏང་བས་ནད་ལས་ལྡང༌། །སྐྱེ་དགུའི་བདག་པོ་མཉེས་ཕྱིར་རོ། །མགོ་ལ་ནད་ཀྱིས་བཏབ་པ་ནི། །ཞག་བརྒྱད་ན་ཞིང་དེ་ནས་གསོས། །ཟླ་བ་མཆོད་པའི་དོན་དུ་ནི། །སྲན་སྔོན་ཁུར་བའི་གཏོར་མ་བཏང༌། །ལག་ལ་ནད་ཀྱིས་བཏབ་པ་ནི། །ཞག་བཅུའི་བར་དུ་འོ་དེ་ནས་གསོས། །དྲག་པོ་མཆོད་པའི་དོན་དུ་ནི། །འབྲས་དང་འོ་ཐུག་གཏོར་མ་གཏང༌། །ནབ་སོར་ནད་ཀྱིས་བཏབ་པ་ལ། །ཉི་མ་མཉེས་པའི་དོན་དུ་ནི། །སྤོས་དང་བྱུག་པའི་གཏོར་མ་བཏང༌། །ཞག་བརྒྱད་ལ་ནི་གསོས་པར་འགྱུར། །རྒྱལ་ལ་ནད་ཀྱིས་བཏབ་པ་ན། །ཕུར་བུ་མཉེས་པར་བྱ་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་བྱ། །ཞག་ལྔ་ཐལ་ནས་གསོས་པར་བཤད། །སྐག་ལ་ནད་ཀྱི་བཏབ་པ་ནི། །སྨན་གྱིས་གསོས་པས་མི་སོས་ཏེ། །དེ་ཡི་ལྷ་ནི་སྣྲུབས་ཡིན་ཕྱིར། །འོང་ཀྱང་ནད་ཀྱི་གསོ་བ་བྱ། །མཆུ་ལ་ནད་ཀྱིས་བཏབ་གྱུར་ན། །སྤེན་པ་མཉེས་པའི་དོན་དུ་ནི། །ཏིལ་གྱི་རིལ་བུའི་གཏོར་མ་བཏང༌། །ཞག་བརྒྱད་ལོན་ནས་གསོས་པར་འགྱུར། །བྲེ་ལ་ནད་ཀྱིས་བཏབ་པ་ན། །ཀླུ་རྣམས་མཉེས་པར་བྱ་བའི་ཕྱིར། །བྱུག་པ་ཕྲེང་བའི་གཏོར་མ་བཏང༌། །ཞག་བདུན་ལོན་ནས་གསོས་པར་འགྱུར། །དབོ་ལ་ནད་ཀྱིས་བཏབ་གྱུར་ན། །སྨན་གྱིས་གསོས་པར་མི་ནུས་ཏེ། །དེའི་ལྷག་ཤིན་རྗེ་ཡིན་ཕྱིར་རོ། །མེ་བཞི་ནད་ཀྱིས་བཏབ་གྱུར་ན། །ཉི་མ་མཆོད་པར་བྱ་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་བཏང༌། །ཞག་ལྔ་ཐལ་ནས་གསོས་པར་བཤད། །ནག་པ་ལ་ནི་ན་གྱུར་ན། །དེའི་ལྷ་ཉི་མ་དགའ་དོན་དུ། །མར་དང་སྲན་སྔོན་གཏོར་མ་བཏང༌། །ཞག་བརྒྱད་ཐལ་མ་ཐག་ཏུ་གསོས། །ས་རི་ནད་བཏབ་ཟུག་ཟེར་ཆེ། །རླུང་གི་ལྷ་དེ་མཆོད་དོན་དུ། །སྣ་ཚོགས་ཕྲེང་བའི་གཏོར་མ་བཏང༌། །ཉེར་བརྒྱད་ལོན་ནས་གྲོལ་བར་འགྱུར། །ས་ག་ལ་ནི་ནད་ལྕི་ཞིང༌། །ཉི་ཤུ་རྩ་བཞི་བར་དུ་ན། །མེ་ལྷ་དབང་པོ་མཆོད་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་བཏང༌། །ལྷ་མཚམས་ལ་ནི་ན་གྱུར་ན། །དེའི་ལྷ་ཉི་མ་མཆོད་དོན་དུ། །མར་གྱིས་གང་བའི་གཏོར་མ་འབུལ། །ཟླ་བ་ཕྱེད་ནས་གསོས་པར་འགྱུར། །སྣྲོན་ལ་ནད་ཀྱི་བཏབ་པ་ནི། །ནད་ཚབས་ཆེ་ཞིང་བཅུ་གསུམ་བར། །ལྷ་དབང་མཉེས་པར་བྱ་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་འབུལ། །སྣྲུབས་ལ་ནད་ཀྱིས་བཏབ་གྱུར་ན། །དེའི་ལྷ་དམངས་རིགས་དགའ་དོན་དུ། །ཤའི་གཏོར་མ་བཏང་བར་བྱ། །ཟླ་བ་གཅིག་ནས་གསོས་པར་བཤད། །ཆུ་སྟོད་ལ་ནི་ནད་ཚབས་ཆེ། །འབྲས་དང་ཏིལ་གྱི་གཏོར་མ་བཏང༌། །ཟླ་བ་བརྒྱད་ནས་གསོས་པར་འགྱུར། །ཆུ་སྨད་ལ་ནི་ན་གྱུར་ན། །དེའི་ལྷ་རྒྱས་པ་མཆོད་དོན་དུ། །འབྲས་དང་འོ་ཐུག་གཏོར་མ་བཏང༌། །ཞག་བདུན་ལོན་ནས་ནད་ལས་གྲོལ། །གྲོ་ཞུན་ལ་ནི་ནད་ལྕི་སྟེ། །དེའི་ལྷ་ཁྱབ་འཇུག་མཆོད་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་བཏང༌། །ལོ་གཅིག་ཐལ་ནས་གསོས་པར་བཤད། །མོན་གྲེ་ལ་ནི་ན་གྱུར་ན། །ནོར་ལྷ་མཉེས་པར་བྱ་དོན་དུ། །བྱུག་པ་ཕྲེང་བའི་གཏོར་མ་བཏང༌། །ཟླ་བ་བཅུ་གསུམ་ལོན་ནས་འཚོ། །མོན་གྲུ་ལ་ནི་ན་གྱུར་ན། །འབྲས་དང་འོ་ཐུག་གཏོར་མ་ནི། །ཆུ་ལྷ་མཉེས་པའི་དོན་དུ་བཏང༌། །ཉིན་ཞག་བཅུ་གསུམ་ལོན་ནས་གསོས། །ཁྲུམས་སྟོད་དག་ལ་ན་བ་ཡང༌། །བྱུག་པ་ཕྲེང་བའི་གཏོར་མ་ནི། །ཀླུ་རྒྱལ་མཆོད་པའི་དོན་དུ་འབུལ། །ཞག་བདུན་ལོན་ནས་གསོས་པར་འགྱུར། །ནམ་གྲུ་ལ་ནི་ནད་ཡང་ཞིང༌། །སྤོས་དང་མེ་ཏོག་གི་ཕྲེང་བ། །རྒྱལ་པོ་མཉེས་པའི་དོན་དུ་འབུལ། །ཉིན་ཞག་ཉི་ཤུ་བརྒྱད་ནས་གསོས། །ཐ་སྐར་ལ་ནི་ནད་ཡང་ཞིང༌། །དྲི་ཟ་མཆོད་པའི་དོན་དུ་ནི། །ནས་ལྗང་བུའི་གཏོར་མ་འབུལ། །ཉིན་ཞག་ཉི་ཤུ་བརྒྱད་ནས་གསོས། །བྲ་ཉེ་ལ་ནི་མི་འཚོ་སྟེ། །དེའི་ལྷ་གཤིན་རྗེ་ཡིན་ཕྱིར་རོ། །འོན་ཀྱང་ནང་གི་གསོ་བ་དང༌། །མཁས་པས་ཆོས་ལ་སྦྱར་བར་བྱ། །དེ་ནས་བཅིང་ཐར་བཤད་བྱ་བ། །སྨིན་དྲུག་དང་ནི་སྣར་མ་ལ། །བརྩོན་དུ་བཟུང་བ་ཞག་གསུམ་ནས། །མགོ་ལ་ཉིན་ཞག་ཉི་ཤུ་ནས། །ལག་ལ་ཟླ་བ་ཕྱེད་ནས་ཐར། །ནབ་སོ་ལ་ནི་ཞག་གཅིག་ནས། །རྒྱལ་དང་སྐག་ལ་ཞག་གསུམ་ནས། །མཆུ་ལ་བརྩོན་དུ་བཟུང་བ་ནི། །ཉིན་ཞག་བཅུ་དྲུག་ལོན་ནས་ཐར། །གྲེ་ལ་ཞག་བཅུ་ལོན་ནས་སོ། །དབོ་དང་ནག་པ་ཞག་བདུན་ནས། །མེ་བཞི་ལ་ནི་ཞག་ལྔ་ནས། །ས་རི་ལ་ནི་བཅུ་གཉིས་ནས། །ས་ག་ལ་ནི་བརྩོན་བཟུང་ན། །ཉིན་ཞག་ཉི་ཤུ་དྲུག་ནས་ཐར། །ལྷ་མཚམས་ཉིན་ཞག་ཉེར་དགུ་ནས། །སྣྲོན་ལ་ཉིན་ཞག་བཅུ་ནས་ཐར། །སྣྲུབས་ལ་ཉིན་ཞག་ཉེར་དྲུག་ནས། །ཆུ་སྟོད་ཆུ་སྨད་བཅུ་བཞི་ཐར། །གྲོ་ཞུན་མོན་གྲེ་མོན་གྲུ་དང༌། །ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུ་ལའང༌། །ཉིན་ཞག་བཅུ་བཞིས་གྲོལ་བར་འགྱུར། །ཐ་སྐར་ལ་ནི་ཞག་གསུམ་ནས། །བྲ་ཉེ་ལ་ནི་བརྩོན་བཟུང་ན། །སྡུག་བསྔལ་ཆེ་ཞིང་གྲོལ་བར་དཀའ། །དེ་ནས་རྒྱུ་སྐར་སོ་སོ་ཡི། །ལས་གང་ཡིན་པ་བཤད་པར་བྱ། །མེའི་བྱ་བ་གང་བྱ་བ། །སྨིན་དྲུག་ལ་ནི་འབད་ནས་བྱ། །ཞོ་དང་འོ་མའི་བྱ་བ་དང༌། །བ་གླང་ར་ལུག་བསྟེན་པ་དང༌། །ཚེ་སྤེལ་བ་དང་སྐྲ་བཀྲུ་དང༌། །བུད་མེད་རྣམས་ལ་སྒེག་པ་དང༌། །ས་བོན་དམར་སེར་གདབ་པ་དང༌། །གོས་བཟང་གསར་པ་བགོ་བྱ་ཞིང༌། །རིན་གྱིས་ཉོ་བར་མི་བྱ་ལ། །ཕ་རོལ་རྩོད་པའི་སྦྱོར་བར་སྤང༌། །སྣར་མ་ལ་ནི་ཞིང་ལས་དང༌། །ཁྱིམ་དང་གཙུག་ལག་ཁང་བཟང་དང༌། །ཕྱུག་ཀྱི་གནས་དང་ས་བོན་གདབ། །བུ་ལོན་གདབ་པར་མི་བྱ་ཞིང༌། །སྟོན་མོ་ཆང་གི་སྦྱོར་བ་སྤང༌། །མགོ་ལ་རིག་པ་སློབ་པ་དང༌། །དུས་ཀྱིས་སྒྲུབ་པའི་ལས་རྣམས་དང༌། །དལ་བའི་ལས་རྣམས་ཀུན་བྱ་ཞིང༌། །སྣར་མའི་ལས་ཀུན་འདི་ལ་སྤངས། །རྒྱལ་པོ་རྒྱལ་སར་འཇུག་པ་དང༌། །རྟ་དང་གླང་པོ་འདུལ་སྦྱོང་དང༌། །བྲམ་ཟེའི་ལས་རྣམས་ཀུན་ཀྱང་བྱ། །གོས་སར་བགོ་བར་མི་བྱ་ཞིང༌། །རྒྱན་གྱིས་བརྒྱན་པ་སྤང་མི་བྱ། །ཉི་མ་དེ་ལ་ཆར་བབས་ན། །ལེགས་པར་འབབ་པ་ཡིན་པར་བསྟན། །ལག་པ་ལ་ནི་དོན་གཉེར་དང༌། །དྲག་པོའི་ལས་རྣམས་འགྲུབ་པར་བཤད། །ཁྲོན་པ་འོབས་དང་རྫིང་བུ་དང༌། །མར་ཁུ་བཙིར་དང་ཆང་ཚོང་དང༌། །བུར་ཤིང་ས་བོན་འདེབས་པར་བཟང༌། །ཉི་མ་དེ་ལ་ཆར་བབས་ན། །མང་དུ་འབབ་པར་ཤེས་པར་བྱ། །ནབ་སོ་ལ་ནི་ཁ་དོག་རྩང༌། །བ་གླང་སྦྱིན་པར་བྱེད་པ་དང༌། །གཙུག་ཕུད་བཞག་དང་སྔགས་ཟློག་དང༌། །བུ་དོན་གཉེར་བས་ཆུང་མ་བླང༌། །ཡང་དང་ཡང་དུ་བྱ་འདོད་པའི། །ལས་དེ་འབད་ནས་སྒྲུབ་པར་བྱ། །འཆི་བའི་དོགས་པ་ཡོད་པས་ན། །གཡོ་བའི་ལས་རྣམས་མི་བྱའོ། །ཉིན་ཞག་དེ་ལ་སྐྱེས་པའི་མི། །མཆོག་ཏུ་བཤིས་ཤིང་འདོད་པ་ཆུང༌། །བུད་མེད་ལ་ཆགས་ཤེས་རྒྱ་ཆེ། །རྒྱལ་བ་བསོད་ནམས་གྲགས་པ་དང༌། །ཚེ་བསྲིང་བ་དང་མཆོད་པ་དང༌། །བྲམ་ཟེའི་ལས་རྣམས་ཀུན་བྱ་ཞིང༌། །རྒྱལ་པོས་དབང་སྐུར་བློན་པོར་གཞུག །རང་གི་བུ་ལ་རྒྱན་གདགས་དང༌། །མདུན་ན་མདུན་བསྐོས་རྒྱ་མཚན་འཇུག །ཉི་མ་དེ་ལ་ཆར་བབས་ན། །རྟག་ཏུ་བདེ་བར་འགྱུར་བ་ཡིན། །དགྲ་དང་མཁན་པོའི་སྦྱོར་བ་སྤངས། །དེ་ལ་སྐྱེས་པ་ཚེ་རིང་ཞི། །གྲགས་དང་ལོངས་སྤྱོད་ཆེ་བར་འགྱུར། །སྐག་ལ་དྲག་པོའི་ལས་རྣམས་འགྲུབ། །རྒྱན་ཆོས་པ་དང་རྭ་བ་སྐོར། །རྫིང་སྐྱིལ་བ་དང་ལམ་འགོག་པ། །དེ་ལ་སྐྱེས་པ་ཁྲོ་ཞིང་གདུག །ཆར་འབབ་གནོད་པ་ཆེ་བར་བཤད། །མཆུ་ལ་ས་བོན་འཇུག་པ་དང༌། །མཛོད་དུ་གཞུག་དང་དབང་དུ་བསྡུ། །དད་པས་བྱ་བ་ཀུན་བྱ་ཞིང༌། །དྲག་པོའི་ལས་རྣམས་མཁས་པས་སྤང༌། །ཉི་མ་དེ་ལ་ཆར་བབས་ན། །འབྲུ་རྣམས་འཕེལ་བར་འགྱུར་བ་ཡིན། །ཉི་མ་དེ་ལ་སྐྱེས་པའི་མི། །ཚེ་རིང་བུ་མང་བུད་མེད་ལ། །ཆགས་པ་ཆེ་ཞིང་ཟས་ལ་སྲེད། །གཡུལ་དུ་ཐོག་མར་འགྲོ་ཞིང་རྒྱལ། །བྲེ་ལ་དགེ་དང་ཞི་བ་ཡིན། །ལས་རྣམས་དོན་དུ་གཉེར་བར་བྱ། །ཉི་མ་དེ་ལ་ཆར་འབབ་པ། །ལེགས་པར་འབབ་པར་བསྟན་པ་ཡིན། །དབོ་ལ་ཁང་རྙིང་གསོ་བ་སོགས། །ཞི་དང་རྒྱས་པའི་ལས་ཀུན་བཟང༌། །དེ་ལ་སྐྱེས་པ་ཡིད་གཞུང་བརྟན། །གྲགས་དང་ལྡན་ཞིང་གཟི་བརྗིད་ཆེ། །ཉི་མ་དེ་ལ་ཆར་འབབ་ན། །ཕུན་སུམ་ཚོགས་པར་ཤེས་པར་བྱ། །མེ་བཞི་ལ་ནི་ལས་ཕྲན་ཀུན། །བཟང་ཞིང་བྲམ་ཟེའི་ལས་ཀུན་བྱ། །རྟ་དང་གླང་པོ་བཞོན་པ་དང༌། །རྫིང་བུ་བྱ་དང་བསྐུས་ན་ཐོབ། །མཁས་པས་ལས་ཆེན་སྤང་བར་བྱ། །ཉི་མ་དེ་ལ་ཆར་འབབ་ན། །མཆོག་ཏུ་གྲུབ་པར་འགྱུར་བ་ཡིན། །དེ་ལ་སྐྱེས་པ་དཔའ་ཞིང་རྐུ། །བློ་ལྡན་རིག་པ་ཐམས་ཅད་མཁས། །ནད་མེད་རིང་དུ་འཚོ་བའོ། །ནག་པ་ལ་ནི་གོས་བགོ་དང༌། །རྒྱན་གདགས་དམག་ལ་ཆས་པ་བཟང༌། །ནོར་གྱིས་ལས་དང་གྲོང་འཇུག་དང༌། །གླུ་གར་རོལ་མོ་བྱ་བ་དང༌། །དྲི་དང་སྤོས་ཀྱི་བྱུག་པ་དང༌། །ལག་གིས་བཟོ་རྣམས་ཀུན་བཟང་ཞིང༌། །ཉི་མ་དེ་ལ་ཆར་བབ་པས། །ལས་རྣམས་སྣ་ཚོགས་འགྲུབ་པར་བསྟན། །དེ་ལ་སྐྱེས་པ་ཡིད་གཞུང་མཁས། །འདོད་ཆུང་ཚོལ་བའི་ངང་ཚུལ་ཅན། །བློ་རྒོད་ཚེ་རིང་བསོད་ནམས་ཆེ། །བུད་མེད་ལ་དགའ་ལྐལ་བར་ལྡན། །ས་རི་རྟ་བོ་བྱ་བ་དང༌། །ཚོགས་ལ་སྟོན་མོ་སྦྱིན་པ་དང༌། །ཁ་ཟས་ཕྲ་མོ་འགྱེད་པ་དང༌། །གླུ་དང་རོལ་མོའི་ལས་རྣམས་འགྲུབ། །བག་མ་གཏོང་ལེན་གཉེན་བྱ་དང༌། །གནས་དང་མགྲོན་པོ་ལམ་བྱ་དང༌། །ཁྱིམ་དུ་འཇུག་པ་ཀུན་བཟང་ངོ༌། །ཉི་མ་དེ་ལ་ཆར་འབབ་ན། །རླུང་ཡང་རྒྱུན་མི་ཆད་པར་སྡང༌། །དེ་ལ་སྐྱེས་པ་ཡིད་གཞུང་ཤིང༌། །ནད་མང་བ་དང་མཁས་པར་འགྱུར། །ས་ག་ལ་ནི་ཞིང་ལས་དང༌། །ནས་དང་གྲོའི་ལས་མཐའ་དང༌། །གང་བུ་བྱ་རྣམས་སྤང་བྱ་ཞིང༌། །འབྲས་དང་ཏིལ་དང་སྲན་མ་དང༌། །ཤིང་དང་མཆོད་པ་རྣམས་གདབ་ཅིང༌། །ཁང་པའི་ལས་རྣམས་བྱ་བ་དང༌། །གཙང་སྦྲ་བྱ་བ་ཀུན་བཟང་ངོ༌། །ཉི་མ་དེ་ལ་ཆར་བབས་ན། །བསྐལ་བའི་ཆུ་དང་འདྲ་བར་ཤེས། །དེ་ལ་སྐྱེས་པ་ཡིད་བདེ་ཞིང༌། །བློ་རྣོ་ཁྲོ་ཞིང་སྐལ་བ་དམན། །ལྷ་མཚམས་ལ་ནི་བསྡུམས་བྱ་ཞིང༌། །དལ་བའི་ལས་དང་བརྩོན་འགྲུས་བརྩོམ། །སྐྲ་འདྲེགས་པ་དང་ཚོན་གྱིས་ལས། །བསྡུ་བའི་སྦྱོར་བ་ཐམས་ཅད་འགྲུབ། །ཉི་མ་དེ་ལ་ཆར་འབབ་པ། །ལེགས་པར་འབབ་པ་ཡིན་པར་བསྟན། །དེ་ལ་སྐྱེས་པ་གཉེན་གྲོགས་དང༌། །ཆོས་དང་ཚུལ་ཁྲིམས་ལྡན་པའོ། །སྣྲོན་ལ་རྒྱལ་པོ་དབང་སྐུར་དང༌། །རྒྱལ་པོའི་ལས་ཀུན་བྱ་བ་བཟང༌། །དེ་ལ་སྐྱེས་པ་སྤུན་རྣམས་ཀྱིས། །ཕོ་བོར་འགྱུར་ཞིང་ཚེ་རིང་འགྱུར། །གྲགས་ལྡན་ངོ་མཚར་མཁས་པར་འགྱུར། །དེ་ལ་རྨས་པ་མི་འཚོ་ཞིང༌། །དྲག་པོའི་ལས་རྣམས་འགྲུབ་པར་བསྟན། །ཉི་མ་དེ་ལ་ཆར་འབབ་པ། །ལེགས་པར་འབབ་པར་ཡིན་ཞེས་བྱ། སྣྲུབས་ལ་རྩ་བ་ལ་ཕུག་སོགས། །རྩ་བའི་ས་བོན་འཛུགས་པ་དང༌། །བུད་མེད་རྩོམ་པ་ཐམས་ཅད་དང༌། །གསོ་བའི་རིགས་དང་ཁྲུས་བྱ་དང༌། །བཀྲ་ཤིས་དྲག་པོའི་ལས་རྣམས་འགྲུབ། །བུ་ལོན་རྙིང་པ་བདས་གྱུར་ན། །མདུན་ན་ནོར་གྱིས་གང་བར་འགྱུར། །ཕྱེ་དང་ཆང་གི་སྦྱོར་བ་བཟང༌། །དེ་ལ་སྐྱེས་པ་ནོར་ལྡན་ཞིང༌། །བུ་མང་བ་དང་སྐལ་བ་བཟང༌། །དེ་ལ་རྨས་པ་མི་འཚོ་ཞིང༌། །ཆར་འབབ་ལེགས་པར་བབས་པ་ཡིན། །ཆུ་སྟོད་ཆུའི་ལས་ཀུན་དང༌། །སློང་དང་དྲག་པོའི་ལས་རྣམས་འགྲུབ། །རིམས་ཀྱིས་བཏབ་པ་འཚོ་བར་དཀའ། །དེ་ལ་སྐྱེས་པ་ཚེ་རིང་ཞིང༌། །ཁྲིམས་ལྡན་ལྟ་ན་སྡུག་པར་འགྱུར། །ཆུ་སྨད་ཕྱུགས་ཀྱིས་གནས་དང་ནི། །གྲོང་དཔོན་ཚོང་དཔོན་བསྐོ་བ་དང༌། །རྒྱལ་པོའི་ལས་ཀུན་བྱ་བར་བཟང༌། །དགྲ་དག་མི་བྱ་གསོ་གྲུབ་ཅིང༌། །བསྒོ་མི་བྱ་ལ་བསྟུས་ཀྱིག་དང༌། །ཁྱིམ་ཡང་འབུབས་པར་མི་བྱའོ། །དེ་ལ་སྐྱེས་པ་འཁོར་མང་ཞིང༌། །བྱས་པ་བཟོ་ལ་གྲོགས་པོར་ལྡན། །བསོད་ནམས་དམན་ཞིང་མཁས་པར་འགྱུར། །རིམས་ཀྱིས་བཏབ་པ་གསོས་པར་དཀའ། །ཆར་པ་ལེགས་པར་བབ་པ་ཡིན། །བྱི་བཞིན་ལྷ་མཆོད་མི་བྱ་ཞིང༌། །གྲོ་ཞུན་ལ་ནི་གཡུལ་སྤྲད་དང༌། །ཀློག་དང་རོལ་མོའི་ལས་ཀུན་དང༌། །རྒྱལ་པོ་དབང་བསྐུར་རྒྱན་འདོགས་དང༌། །བྲམ་ཟེའི་ལས་ཀུན་དེ་ལ་བྱ། །དེ་ལ་སྐྱེས་པ་ནད་མེད་ཅིང༌། །སྟོབས་ལྡན་མཆོད་སྦྱིན་ངང་ཚུལ་ཅན། །སྟོར་བ་མྱུར་དུ་རྙེད་པར་འགྱུར། །ཆར་པ་ལེགས་པར་འབབ་པ་ཡིན། །མོན་བྲེ་མཆོད་པའི་ལས་ཀུན་དང༌། །བྲམ་ཟེ་རིག་བྱེད་ལས་ཀུན་དང༌། །ཁྲུས་དང་རྒྱལ་པོ་དབང་བསྐུར་དང༌། །ཚོང་དཔོན་གྲོང་དཔོན་བསྐོ་བ་དང༌། །བྲམ་ཟེའི་ལས་ཀུན་བྱ་བར་བཟང༌། །དེ་ལ་སྐྱེས་པ་ཡིད་གཞུང་ཤིང༌། །གྲགས་ལྡན་ལོངས་སྤྱོད་ཆེ་བ་དང༌། །བུ་མང་དུལ་བའི་བདག་ཉིད་ཅན། །སྟོར་དང་ཅིང་པ་དལ་བུས་རྙེད། །ཆར་བབས་ཞག་བཞིའི་བར་དུ་འབབ། །མོན་གྲུ་ལ་ནི་སྨན་སྦྱོར་དང༌། །སྲིད་སྲུང་ལས་དང་ཚོང་བྱེད་དང༌། །ཆང་དང་ཆུའི་ལས་ཀུན་བཟང༌། །ཡི་གེ་འབྲི་དང་སྨན་བཏུ་དང༌། །གཏེར་གཞུག་པ་དང་སྨན་བཟའོ། །སྟོར་བ་རིང་ནས་རྙེད་པར་འགྱུར། །ཆར་བབས་ལེགས་པར་འབབ་པ་ཡིན། །སྐྱེས་པ་ནད་མེད་ཁོ་གཉེར་ཆེ། །ཁྲུམས་སྟོད་གྲག་པོའི་ལས་ཀུན་འགྲུབ། །ནད་ཀྱིས་བཏབ་པ་མི་འཚོ་ཞིང༌། །དེ་ལ་སྐྱེས་པ་རྣ་བ་སང༌། །སྤྲོ་ཐུང་ནོར་མང་ཡིད་དུ་འོང༌། །མཐུན་པའི་ལས་ཀུན་བྱེད་པར་འགྱུར། །ཁྲུམས་སྨད་རྒྱས་པའི་ལས་ཀུན་བྱ། །ལྷོ་ཡིས་ཕྱོགས་སུ་འགྲོ་མི་བྱ། །དེ་ལ་སྐྱེས་པ་ཚེ་རིང་ཞིང༌། །གྲགས་ལྡན་འཇིགས་མེད་ལྟོ་བ་ཆེ། །ཆར་བབས་བདེ་བར་འབབ་པའོ། །ནམ་གྲུ་མཛོད་འགེངས་རིགས་རྒྱུད་སྤེལ། །འབྲུ་དང་རིན་པོ་ཆེའི་ལས། །བྱ་ཞིང་བཏང་པའི་ལས་མི་བྱ། །ལམ་སྲོལ་བཏོད་དང་ཆུ་བསྒྱུར་དང༌། །ཁང་གསར་འཇུག་དང་མིག་སྨན་སྦྱོར། །གོས་གསར་བགོ་དང་ནོར་སློང་བྱ། །དེ་ལ་སྐྱེས་པ་སློང་ཞིང་རྙེད། །ཁྲིམས་ལྡན་ཕོངས་ཤིང་གཉེན་གྱིས་མཆོད། །ཆོས་ཤེས་ཆར་ལེགས་འབབ་པའོ། །ཐ་སྐར་སྐྱེས་པ་བུད་མེད་ཀྱིས། །བྱ་བ་གསར་པ་གང་རྩོམ་དང༌། །རྟ་རྒྱུག་མེ་ཐབ་བྱ་བ་དང༌། །བུ་ལོན་བཏང་དང་ས་བོན་གདབ། །སྨན་སྦྱོར་བ་དང་འཐུང་བ་བཟང༌། །དེ་ལ་སྐྱེས་པ་ལྟ་ན་སྡུག །ཡིད་གཞུང་རྒྱལ་པོའི་གནང་ཆེན་ཐོབ། །ནད་མེད་བུ་མང་སྐལ་བ་བཟང༌། །སྟོར་བ་རྙེད་ཅིང་ཆར་ལེགས་འབབ། །བྲ་ཉེ་དྲག་པོའི་ལས་ཀུན་དང༌། །བྲན་དང་བླ་བ་སྐོ་བ་དང༌། །གཡོག་པོ་ཚོལ་དང་ཆུང་མ་སླང༌། །དེ་ལ་སྐྱེས་པ་འཐབ་དཀྲོལ་ཅན། །སྡིག་སྤྱོད་གཙང་སྦྲ་ཆུང་བ་དང༌། །བསླུས་བྱེད་གྱ་གྱུར་རྫུན་ཆེ་བ། །ལོག་པའི་ཤེས་རབ་རྣོ་བར་འགྱུར། །ཆར་བབས་ཉེས་པར་འབབ་པ་ཡིན། །དེའི་ལྷ་གཤིན་རྗེ་ཡིན་པས་ན། །ཤི་བའི་དོན་དུ་ཟས་སྦྱིན་ནོ། །དེ་ལ་སྐྱེས་པ་ཚུལ་ཁྲིམས་ཉམས། །བླ་མ་ལ་གནོད་རྐམ་ཆགས་ཆེ། །ཕ་རོལ་དག་ལ་རྒོལ་བར་འགྱུར། །རྒྱུ་སྐར་ངེས་པ་བསྟན་བྱ་བ། །སྨིན་དྲུག་ལ་ནི་གྲོང་ཁྱེར་དང༌། །གྲོང་དང་རྒྱལ་པོའི་ཕོ་བྲང་དང༌། །གཙུག་ལག་ལ་སོགས་གང་བརྩམས་ན། །དཔལ་དང་ལྡན་ཞིང་རིན་པོ་ཆེའི། །འོད་ཀྱི་ཕྱོགས་ཀུན་གསལ་བར་འགྱུར། །སྣར་མ་ལ་ནི་རང་བཞིན་གྱིས། །རིགས་པ་དང་ལྡན་ཆོས་སྟོན་ཅིང༌། །ཆོས་དང་ལྡན་པའི་སྐྱེ་བོ་ཡིས། །གང་ཞིག་ནོར་མང་རྙེད་པར་འགྱུར། །མགོ་ལ་དཔལ་ལྡན་བ་ལང་དང༌། །ནོར་དང་ཕྲེང་བ་ལོངས་སྤྱོད་ལྡན། །ཁྱུ་མཆོག་དག་གིས་གང་བར་འགྱུར། །ལག་ལ་བཟའ་བཅའ་མང་པོ་དང༌། །སྐྱེ་བོ་རྨོངས་པས་གང་བར་འགྱུར། །ནབ་སོ་ནོར་དང་འབྲུ་མང་ལྡན། །དཔལ་དང་ལྡན་ཞིང་ཕྱི་ནས་འཇིག །རྒྱལ་ལ་དཔལ་ལྡན་ཁྲོས་པ་ཞི། །ཆོས་དང་བརྗིད་ལྡན་སྐྱེ་བོས་གང༌། །ཕྱིས་ནས་འབྲུ་བཅུད་ནུབ་པར་འགྱུར། །སྐག་ལ་བསོད་ནམས་སྐལ་བ་དམན། །མཆུ་ལ་ནོར་དང་རིག་པ་ཆེ། །སྐྱེས་བུ་མཆོག་ཏུ་རྒྱལ་བར་གནས། །གྲེ་ལ་ཟས་གོས་བུད་མེད་དང༌། །ཕྲེང་བ་བ་ལང་ནོར་ལྡན་འགྱུར། །དབོ་ལ་ནོར་དང་འབྲུ་ལྡན་ཞིང༌། །སྐྱེ་བོ་རྨོངས་པས་གང་བར་འགྱུར། །མེ་བཞི་རིག་པ་ནོར་མང་ཞིང༌། །ཕན་ཚུན་ཡིད་གཅུགས་མཛའ་བར་འགྱུར། །ནག་པ་ལ་ནི་དཔལ་ལྡན་ཞིང༌། །ཕྱིས་ནས་གྲོང་ཁྱེར་མེ་ཡིས་འཚིག །ས་རི་ལ་ནི་ནོར་མང་ཞིང༌། །གྲོ་ཞིང་རྐམ་ཆགས་རྨོངས་པས་གང༌། །ས་ག་ལ་ནི་དཔལ་འབར་ཞིང༌། །མཆོད་སྦྱིན་བྱེད་ཅིང་བསྟན་བཅོས་མཁས། །ཀུན་གྱིས་ཡིད་འོངས་ཕྱི་ནས་གསུ། །འབྲུ་བཅུད་མེ་ཡིས་འཇིག་པར་འགྱུར། །ལྷ་མཚམས་ལ་ནི་དམ་ཆོས་དང༌། །ཚུལ་ཁྲིམས་ལྡན་ཞིང་མཆོག་ཤེས་ལ། །སྐྱེ་བོ་རྣམས་ལ་འདས་པ་དང༌། །སྦྱིན་སྲོག་གིས་ནི་ཕན་འོང་བྱེད། །སྣྲོན་ལ་འབྲུ་དང་རིན་ཆེན་དང༌། །རིག་བྱེད་ཤེས་པས་གང་བར་འགྱུར། །སྣྲུབས་ལ་ནོར་དང་འབྲུ་སོག་ཅིང༌། །ཁྲིམས་འཆལ་ཕྱིས་ནས་ས་ཡིས་འཇིག །ཆུ་སྟོད་ནོར་གྱི་སྐལ་ལྡན་ཞིང༌། །མ་དུལ་སྐྱེ་བོས་གང་བར་འགྱུར། །ཆུ་སྨད་ནོར་དང་འབྲུ་མང་ཞིང༌། །རིན་ཆེན་རིགས་པ་ཕུན་ཚོགས་ལྡན། །སྐྱེ་བོ་རྩོད་ལ་དགའ་བར་འགྱུར། །གྲོ་བཞིན་ནོར་མང་ནད་མེད་ལ། །བསྟན་བཅོས་ཤེས་པས་གང་བར་འགྱུར། །མོན་གྲེ་བུད་མེད་ལས་རྒྱལ་ཞིང༌། །འདོད་པའི་ལོངས་སྤྱོད་ཉུང་བར་འགྱུར། །མོན་གྲུ་རིགས་པ་མི་ཤེས་ཤིང༌། །གཡོ་ལ་དགའ་ཞིང་བུད་མེད་དང༌། །བཏུང་བ་དང་ལྡན་ཆུ་ཡིས་འཇིག །ཁྲུམས་སྟོད་རང་ཉིད་བདེ་འདོད་ཅིང༌། །ཕ་རོལ་གཞན་ལ་གནོད་བྱས་པས། །རང་གི་བདེ་བ་སྤང་བར་འགྱུར། །ཁྲུམས་སྨད་ནོར་དང་འབྲུ་ལྡན་ཞིང༌། །ཟས་དང་སྐོམ་གྱིས་ཕྱུག་པར་འགྱུར། །ནམ་གྲུ་ཀུན་གྱིས་ལྟ་ན་སྡུག །ནོར་དང་འབྲུ་མང་ལྡན་པར་འགྱུར། །ཐ་སྐར་གཟོ་བོའི་རིགས་ཞིང༌། །ནད་མེད་ལྟ་ན་སྡུག་པ་མང༌། །བྲ་ཉེ་རྩེ་དགའ་སྐལ་བ་ངན། །ཚུལ་ཁྲིམས་འཆལ་ཞིང་མ་དུལ་བའི། །སྐྱེ་བོའི་ཚོགས་ཀྱིས་གང་བ་ཡིན། །དེ་ནས་ཆར་འོག་བརྟག་པ་བཤད། །སོས་ཀའི་ཟླ་བ་ཐ་མ་ཡིས། །སྨིན་དྲུག་ལྡན་པའི་ཉིན་མ་ལ། །འབྲུག་ལྡན་ཆར་པ་བབས་གྱུར་ན། །དེ་ནས་ཨོཾ་ཀ་དྲུག་བཅུའི་ཆར། །ནུབ་བཅུའི་བར་དུ་འབབ་འགྱུར་ཞིང༌། །པ་སངས་མདུན་དུ་གནས་གྱུར་ན། །མཚན་མོ་རྒྱུན་ཆད་མེད་པར་འབབ། །སྣར་མ་ལྡན་ལ་ཆར་འབབ་ན། །ཨོཾ་ཀ་ཉི་ཤུ་རྩ་གཅིག་འབབ། །དུས་དེར་འབྲུ་རྣམས་འཕེལ་འགྱུར་ཞིང༌། །ཕོ་བའི་ནད་དང་མིག་ནད་དང༌། །ཡུལ་དུ་རྐུན་མ་མང་བར་འགྱུར། །མགོ་དང་ལྡན་ལ་ཆར་བབས་ན། །ཨཾ་ཀ་དྲུག་བཅུ་རྩ་བཞིར་འབབ། །ཕྱིས་ཀྱང་འབབ་པར་ཤེས་བྱ་ཞིང༌། །ཡུལ་ལྗོངས་འཕེལ་བར་འགྱུར་བ་ཡིན། །ལག་ལ་ཆར་པ་གང་བབས་པ། །ཨཾ་ཀ་བཅོ་ལྔ་འབབ་པ་འགྱུར་ཞིང༌། །ནད་གསུམ་སྟོབས་དང་ལྡན་པ་དང༌། །ཡུལ་དུ་རྐུན་མ་མང་བ་དང༌། །དུས་དེར་ཞིང་ལས་བྱེད་པ་ཡི། །ཀམ་པ་དག་ནི་སྤང་བར་བྱ། །ནབ་སོ་ལྡན་ལ་ཆར་འབབ་ཅིང༌། །ཨཾ་ཀ་དགུ་བཅུའི་ཆར་འབབ་ཅིང༌། །སྤྲིན་ཆེན་འབྱུང་ཞིང་རྒྱུན་དུ་འབབ། །རྒྱལ་པོའི་ཆད་པ་མེད་པར་འགྱུར། །མཐོ་ཞིང་སྐམ་སར་ས་བོན་གདབ། །རྒྱལ་དང་ལྡན་ལ་ཆར་འབབ་ན། །ཨཾ་ཀ་དྲུག་ཅུ་རྩ་གཉིས་འབབ། །དམའ་ཞིང་རློན་སར་ས་བོན་གདབ། །ལོ་ཐོག་ཕུན་སུམ་ཚོགས་པར་འགྱུར། །རྒྱལ་དང་བྲམ་ཟེ་རྩོད་པར་བྱེད། །མཆེ་བ་ཅན་རྣམས་སྟོབས་ལྡན་ཞིང༌། །ནད་གསུམ་སྟོབས་དང་ལྡན་པར་འགྱུར། །སྐག་དང་ལྡན་ལ་ཆར་བབས་ན། །ཨཾ་ཀ་ཉི་ཤུ་རྩ་གཅིག་འབབས། །དམའ་ཞིང་རློན་སར་ཞིང་ལས་བྱ། །ལོ་ཐོག་ཕུན་སུམ་ཚོགས་འགྱུར་ཞིང༌། །རྒྱལ་པོ་བློན་པོ་འཁྲུག་པ་དང༌། །རིག་པ་ལྡན་ལ་བར་ཆད་འབྱུང༌། །རླུང་ལྡན་མི་ཟད་ལྡང་བར་འགྱུར། །མཆུ་དང་ལྡན་ལ་ཆར་འབབ་པ། །ཨཾ་ཀ་དྲུག་ཅུ་རྩ་བཞིར་འབབ། །ཆར་དེས་འབྲུ་རྣམས་ཕུན་ཚོགས་ཤིང༌། །བྱ་དང་ཕྱུགས་དང་རི་དྭགས་ཀྱིས། །མངལ་རྣམས་འཇིག་ཅིང་འཆི་བར་འགྱུར། །གྲེ་དང་ལྡན་ལ་ཆར་འབབ་ནི། །ཨཾ་ཀ་དྲུག་ཅུའི་འཆར་འབབ་ཅིང༌། །ཆར་དེས་འབྲུ་རྣམས་འཕེལ་འགྱུར་ཞིང༌། །ཡུལ་གཞན་དམག་གིས་འཁྱེར་བར་འགྱུར། །མི་རྣམས་སྡུག་བསྔལ་དང་ལྡན་ཞིང༌། །མི་དང་ཕྱུགས་ཀྱིས་མངལ་འཇིག་འགྱུར། །དབོ་དང་ལྡན་ལ་ཆར་བབས་པ། །ཨཾ་ཀ་ལྔ་བཅུ་རྩ་དགུའི་ཆར། །འབྲུ་རྣམས་འཕེལ་བར་བྱེད་པ་སྟེ། །རྒྱལ་པོས་མཚོན་གྱིས་ཆད་པ་འབེབས། །བྲམ་ཟེ་རྒྱལ་རིགས་རྩོད་པ་བྱེད། །སྐྱེ་དགུ་མྱུར་དུ་བརླག་པར་འགྱུར། །མེ་བཞི་ལྡན་ལ་ཆར་འབབ་པ། །ཨཾ་ཀ་ལྔ་བཅུ་རྩ་དགུར་འབབ། །དེ་ཚེས་མི་རྣམས་བདེན་པ་མེད། །ནད་ཀྱིས་གནོད་ཅིང་འབྲས་བུ་ཆུང༌། །ཆུ་དཀོན་ལོ་ཐོག་སྐམ་པར་འགྱུར། །ནག་པར་ལྡན་ལ་ཆར་འབབ་པ། །དེ་སྙེད་དྲུག་ཅུ་རྩ་བཞིས་བསྒྱུར། །ཕྱིས་ཀྱང་འབབ་ཅིང་འབྲུ་རྣམས་འཕེལ། །རྒྱལ་པོའི་ཆད་པའི་ལས་སྤང་ཞིང༌། །ལྗོངས་རྣམས་འཕེལ་བར་འགྱུར་བ་ཡིན། །ས་རི་ལྡན་ལ་ཆར་བབས་པ། །ཨཾ་ཀ་ཉི་ཤུ་རྩ་གཅིག་འབབ། །རྒྱལ་པོ་མཚོན་དང་བྲལ་འགྱུར་ཞིང༌། །རྐུན་མ་སྟོབས་དང་ལྡན་པར་འགྱུར། །ས་ག་ལྡན་ལ་ཆར་བབས་པ། །ཨཾ་ཀ་ལྔ་བཅུའི་ཆར་འབབ། །འབྲུ་རྣམས་ཐམས་ཅད་ཕུན་སུམ་ཚོགས། །མཆེ་བ་ཅན་རྣམས་སྟོབས་ལྡན་ཞིང༌། །མེ་དང་གློག་གིས་འཇིགས་པ་ཡིས། །སྐྱེ་འགྲོ་སྔངས་པར་བྱེད་པ་ཡིན། །ལྷ་མཚམས་ལྡན་ལ་ཆར་བབས་པ། །དེ་སྙེད་དྲུག་ཅུའི་ཆར་འབབ་ཅིང༌། །རྩི་ཤིང་ལོ་ཐོག་རྒྱས་པར་འགྱུར། །སྣྲོན་དང་ལྡན་ལ་ཆར་འབབ་པ། །ཨཾ་ཀ་བཅུ་དྲུག་གིས་བསྒྱུར་ཞིང༌། །དུས་དེར་ལས་ཀྱིས་མཐའ་སྤང་ཞིང༌། །ཐོང་གཤོལ་འཛིན་པ་བར་བྱ། །དེ་ནས་ཡུལ་དེའི་འགྲོ་བ་པ། །ཕ་རོལ་དམག་གིས་འཇོམས་པར་འགྱུར། །སྣྲུབས་དང་ལྡན་ལ་ཆར་བབས་ན། །ཨཾ་ཀ་དྲུག་ཅུ་རྩ་བཞིས་བསྒྱུར། །འབྲུ་རྣམས་འཕེལ་ཞིང་རྐུན་མ་མང༌། །ཕོལ་དང་རྩིབ་ལོགས་གཟེར་བ་དང༌། །མིག་ནད་འབྱུང་ཞིང་རྒྱལ་པོ་ཡིས། །མཚོན་ཆའི་ལས་སྤང་བར་བྱ། །ཆུ་སྟོད་ལྡན་ལ་ཆར་བབས་ན། །ཨཾ་ཀ་དྲུག་ཅུ་རྩ་བཞིར་འབབ། །ལྟོ་བའི་ནད་དང་མིག་གི་ནད། །སྟོབས་དང་ལྡན་ཞིང་འབྲུ་རྣམས་འཕེལ། །ཆུ་སྨད་ལྡན་ལ་ཆར་བབས་ན། །ཨཾ་ཀ་བརྒྱའི་ཆར་བབས་ཅིང༌། །འབྲུ་རྣམས་འཕེལ་ཞིང་གཡན་པ་དང༌། །འབྲུམ་བུ་ཕོལ་མིག་སྟོབས་དང་ལྡན། །ཆུ་ཆེན་འབབ་ཅིང་འབྲུ་རྣམས་འཕེལ། །གྲོ་བཞིན་ལྡན་ལ་ཆར་བབས་པ། །ཨཾ་ཀ་དྲུག་ཅུ་རྩ་བཞིར་འབབས། །ཡུལ་གཞན་བབས་པའི་ཆར་ཆུ་ཡིས། །ཆུ་ལ་གནས་པ་རྣམས་ལ་གནོད། །ནད་མང་བ་དང་རྒྱལ་པོ་ཡིས། །ཆད་པ་དྲག་པོ་འབྱུང་བར་འགྱུར། །མོན་གྲེ་ལྡན་ལ་ཆར་བབས་པ། །ཨཾ་ཀ་ལྔ་བཅུ་རྩ་གཅིག་འབབས། །ཆར་བཞོད་སྙོམས་པར་མི་འབབས་པས། །དམའ་ཞིང་བརླན་སར་ཞིང་ལས་བྱ། །འབྲུ་རྣམས་འཕེལ་ཞིང་གཞན་ནད་དང༌། །རྒྱལ་པོ་མཚོན་ཆད་ལེམ་པར་འགྱུར། །མོན་གྲུར་ལྡན་ལ་ཆར་བབས་པས། །འབྲུ་རྣམས་ཕུན་སུམ་ཚོགས་གྱུར་ཀྱང༌། །དམག་གི་ཚོགས་ཀྱིས་ཡུལ་བཅོམ་པས། །མི་རྣམས་ཡུལ་གཞན་སྟེན་པར་བྱེད། །ཁྲུམས་སྟོད་ལྡན་ལ་ཆར་བབས་པ། །ཨཾ་ཀ་དྲུག་ཅུ་རྩ་བཞིར་འབབ། །ཆར་བབས་དུས་ནས་ཟླ་གཅིག་བར། །འཐབ་མོ་འབྱུང་ཞིང་མེ་ཏོག་དང༌། །འབྲུ་རྣམས་ཉམས་པར་འགྱུར་བ་ཡིན། །རྐུན་མ་མང་ཞིང་ནད་གཉིས་འབྱུང༌། །དང་པོ་མཁྲིས་པའི་རིམས་ཡིན་ཏེ། །གཉིས་པ་བཟའ་ཆེན་པོ་ཡི་ནད། །ཁྲུམས་སྨད་ལྡན་ལ་ཆར་བབས་པ། །ཨཾ་ཀ་བརྒྱའི་ཆར་བབས་ཅིང༌། །ཆུ་ཆེན་འབབ་ཅིང་འབྲུ་རྣམས་འཕེལ། །ནད་བཞི་སྟོབས་དང་ལྡན་འགྱུར་ཏེ། །ཕོ་བའི་ནད་དང་མིག་ནད་དང༌། །ཆམ་པ་མཁྲིས་པའི་རིམས་ཀྱིས་ནི། །ཁྱེའུ་བུ་མོ་འཆི་བར་འགྱུར། །ནམ་གྲུ་ལྡན་ལ་ཆར་བབས་པ། །ཨཾ་ཀ་དྲུག་ཅུའི་ཆར་བབས་ཅིང༌། །ཆར་དེས་ལོ་ཐོག་ཕུན་སུམ་ཚོགས། །འབྲུ་རྣམས་གཉེན་དང་འཛའ་བོ་དང༌། །ཡུལ་མི་རྣམས་ཀྱིས་ལོངས་སྤྱོད་ཅིང༌། །ལྗོངས་ལ་གནོད་མེད་བདེ་བར་འཚོ། །རྒྱལ་པོས་མཚོན་ཆའི་ཆད་པ་སྤང༌། །ཐ་སྐར་ལྡན་ལ་ཆར་བབས་པ། །ཨཾ་ཀ་བཞི་བཅུ་རྩ་བཞིར་འབབ། །ཆར་དེས་ལོ་ཐོག་ཕུན་ཚོགས་ཤིང༌། །ཚོང་པ་འདུ་ཞིང་རྐུན་མ་རྣམས། །སྟོབས་དང་ལྡན་པར་འགྱུར་བ་ཡིན། །བྲ་ཉེ་ལྡན་ལ་ཆར་བབས་པ། །ཨཾ་ཀ་བརྒྱའི་ཆར་འབབ་ཅིང༌། །ལོ་ཉེས་སྐྱེ་འགྲོ་འཆི་བ་དང༌། །རྒྱལ་པོ་འཐབ་ཅིང་ཁྱེའུ་དང༌། །བུ་མོ་འཆི་བར་འགྱུར་བ་ཡིན། །དེ་ནས་ས་རྣམས་གཡོ་བའི་རྒྱུ། །གཡོས་པའི་འབྲས་བུ་གང་ཡིན་དང༌། །གང་གིས་གཡོ་བ་བཤད་པར་བྱ། །དགུན་ཉི་ལོག་ནས་ཟླ་ཕྱེད་ཀྱིས། །གཉིས་པ་དྲུག་པ་དགུ་པ་དང༌། །བཅུ་གཉིས་པའི་བཞག་མཚམས་ལ། །མཚན་མོ་འཛིན་པའི་རྒྱལ་བ་བཞི། །ཤིན་ཏུ་ཆིངས་དང་རྣམ་དག་དང༌། །འཕེལ་བ་ཐ་དད་རིམས་པ་ཞེས། །བྱ་བ་དེ་དག་འཐབ་པ་ལས། །ས་ཆེན་པོ་འདི་འགུལ་བར་འགྱུར། །ཆུ་དང་དབང་པོ་རླུང་དང་མེ། །ལེགས་ལྡན་རྣམ་པ་བཞི་པ་ཡང༌། །ཟླ་གཅིག་ལན་དྲུག་གཡོས་གྱུར་ན། །ཕ་རོལ་དམག་ཚོགས་འོང་པར་འགྱུར། །དཔྱིད་ཟླ་འབྲིང་ལ་ས་གཡོས་ན། །ཞག་བཅུའི་བར་དུ་འཇིགས་པ་ཆེ། །སོས་ཀའི་ཟླ་བ་གཉིས་པ་དང༌། །ཟླ་བ་གཉིས་པ་ལ་གཡོས་ན། །རིམ་བཞིན་ཉིན་ཞག་བཅུ་གཉིས་དང༌། །ཉེར་ལྔའི་བར་དུ་འཇིགས་པ་འབྱུང༌། །དབྱར་ཟླ་རྭ་བ་ལ་གཡོས་ན། །བདུན་ཅུ་རྩ་ལྔའི་བར་དུ་འཇིགས། །དབྱར་ཟླ་འབྲིང་པོར་ས་གཡོས་ན། །ཟླ་བ་གསུམ་དང་ཞག་བཅུ་བར། །འཇིགས་པ་ཆེན་པོ་འབྱུང་བར་བཤད། །སྟོན་ཟླ་ཐ་ཆུང་ལ་གཡོས་ན། །ཞག་ལྔའི་བར་དུ་འཇིགས་པ་འབྱུང༌། །དགུན་ཟླ་གཉིས་པ་ལ་གཡོས་ན། །ཉིན་ཞག་ལྔ་བཅུ་རྩ་ལྔའི་བར། །དཔྱིད་ཟླ་རྭ་བ་ལ་གཡོས་ན། །ཉིན་ཞག་སུམ་ཅུའི་བར་དུ་འཇིགས་པ་འབྱུང༌། །སྨིན་དྲུག་ལྡན་པའི་ཉིན་ཞག་ལ། །ས་གཡོས་ན་གྲོང་དང་གྲོང་ཁྱེར་རྣམས། །མེ་ཡིས་འཚིག་ཅིང་མེ་ཁམས་པའི། །མི་རྣམས་སྔུག་བསྔལ་འགྱུར་བ་ཡིན། །སྣར་མ་ལ་གཡོས་འབྲུ་རྣམས་ཉམས། །བུད་མེད་སྦྲུམ་མའི་མངལ་འཇིག་འགྱུར། །མུ་གེ་འབྱུང་ཞིང་ནད་མི་འཚོ། །ཆེན་པོ་དག་ལ་ནད་འབྱུང་འགྱུར། །མགོ་ལ་གཡོས་ན་སྨན་མཐུ་ཆུང༌། །སྨན་པ་རྣམས་དང་བྲམ་ཟེ་དང༌། །དཀའ་ཐུབ་པ་ལ་ནད་འབྱུང་འགྱུར། །ལག་ལ་གཡོས་ན་ཟས་སྐོམ་དཀོན། །མགྲོན་པོ་རྣམས་དང་སྡིག་པ་ཅན། །རྐུན་མ་རྣམས་ལ་ནད་འབྱུང་འགྱུར། །ནབ་སོ་ལ་ནི་ས་གཡོས་ན། །གྲོང་ལ་གནས་པའི་ཚོང་པ་དང༌། །ཤིང་མཁན་དང་ནི་མཚོན་ཆ་མཁན། །ལམ་དུ་ཆས་པའི་མགྲོན་པོ་དང༌། །གཤེད་མ་རྣམས་ལ་མ་རུང་འགྱུར། །རྒྱལ་ལ་གཡོས་ན་བྲམ་ཟེ་དང༌། །གཙོ་བོ་རྣམས་དང་ཚོང་དཔོན་དང༌། །རྒྱལ་པོའི་མཆོད་གནས་དག་ལ་གནོད། །སྐག་ལ་གཡོས་ན་ཀླུ་རྣམས་དང༌། །སྦྲུལ་དང་ཁྱི་དང་དུག་སྦྱོར་མཁན། །རྨོངས་པ་རྣམས་ལ་ངན་པར་འགྱུར། །མཆུ་ལ་གཡོས་ན་རྒྱལ་པོ་དང༌། །མཁས་པའི་མཆོག་དང་གཙུག་ལག་མཁན། །རྣམས་ལ་ངན་ཞིང་མཆོད་སྦྱིན་དང༌། །རིག་སྔགས་ཐམས་ཅད་བཟློག་པར་འགྱུར། །རྒྱུ་སྐར་བྲེ་ལ་ས་གཡོས་ན། །དུས་ཚིགས་ལོག་ཅིང་རླུང་ལྡང་འགྱུར། །བརྟན་པར་བཅས་པ་མ་རུངས་དང༌། །སྨད་འཚོང་མ་དང་ཆོས་པ་དང༌། །ཐག་པ་ལ་གནོད་པར་འགྱུར། །དབོ་ལ་གཡོས་ན་ཚོང་པ་དང༌། །གླིང་ཕྲན་མི་དང་མགྲོན་པོ་དང༌། །སྦྲུལ་གྱིས་མཚོན་པའི་རྣམས་དང༌། །བག་མ་སོགས་ལ་གནོད་པར་འགྱུར། །མེ་བཞི་ལ་ནི་རྫ་མཁན་དང༌། །སྨན་པ་རྣམས་དང་གཙོ་བོ་དང༌། །བློན་པོ་ཆེ་དང་དམག་དཔོན་དང༌། །རྐུན་མ་རྣམས་ལ་གནོད་པར་འགྱུར། །ནག་པ་ལ་ནི་རི་མོ་མཁན། །ཤིང་མཁས་བཟོ་བོ་གསེར་མགར་དང༌། །ཚོང་པ་མིག་སྨན་མཁན་ལ་གནོད། །ས་རི་ལ་ནི་ཆོམ་རྐུན་དང༌། །གར་མཁན་ལམ་འཕྲང་འཛོམ་པ་དང༌། །རོལ་མོ་མཁན་དང་དཀའ་ཐུབ་པ། །སྡིག་པ་ཅན་ལ་མ་རུངས་འགྱུར། །ས་ག་ལ་ནི་ལས་མི་དང༌། །བྲམ་ཟེ་ས་བོན་འདེབས་པའི་མི། །ཏིལ་མཁན་བུ་རམ་ཤིང་མཁན་དང༌། །རྒན་པོ་རྣམས་ལ་གནོད་པར་འགྱུར། །ལྷ་མཚམས་ལ་ནི་མཛའ་བོ་དང༌། །ཆུང་མ་ནོར་གྱི་བྱ་བ་དང༌། །བྲམ་ཟེ་དཀའ་ཐུབ་ཅན་རྣམས་དང༌། །འབྱོར་ལྡན་རྣམས་ལ་གནོད་པར་འགྱུར། །སྣྲོན་ལ་གཡོས་ན་རི་ཆེན་ཉིལ། །འཇིག་པའི་རླུང་ཆེན་རབ་ཏུ་ལྡང༌། །གཡོ་ཅན་རྣམས་དང་རྐུན་མ་དང༌། །མཐའ་འཁོབ་པ་ལ་དགེ་མི་འགྱུར། །སྣྲུབས་ལ་གཡོས་ན་མུ་གེ་འབྱུང༌། །ཆུ་ཡང་མྱུར་དུ་སྐམ་པ་དང༌། །རི་དང་ཕུག་ན་གནས་པ་དང༌། །རྐང་བཞི་པ་ལ་ནད་རྣམས་འབྱུང༌། །ཆུ་སྟོད་ལ་ནི་ཚོང་པ་དང༌། །མགྲོན་པོ་ལམ་ལ་གནས་པ་དང༌། །ཆུའི་མཚོ་དང་ཆུ་ལ་གནས། །ཆེ་བཙུན་དག་ལ་འཇིགས་པ་འབྱུང༌། །ཆུ་སྨད་ལ་ནི་མགར་བ་དང༌། ཆ་མཁན་ཤིན་མཁན་འདྲེག་མཁན་དང༌། །ཕྱུག་པོ་རྣམས་དང་རྐུན་མ་དང༌། །སྙན་དངགས་མཁན་ལ་གནོད་པ་དང༌། །གྲོ་ཞུན་ལ་ནི་ས་གཡོས་ན། །རྒྱལ་པོས་བཀུར་བའི་མི་རྣམས་དང༌། །རིག་བྱེད་ཀློག་དང་བསྟན་བཅོས་མཁན། །ཀླུ་དང་མཐའ་འཁོབ་རྒྱལ་པོ་ལ། །གནོད་པ་ཆེན་པོ་འགྱུར་བ་ཡིན། །མོན་གྲེ་ལ་ནི་ཕྱུག་པོ་དང༌། །ར་ལུག་བོང་བུ་རྔ་མོ་དང༌། །རི་དྭགས་རྣམས་དང་འདུན་ཁང་དང༌། །གྲོང་གིས་ཚོང་དཔོན་རྣམས་ལ་གནོད། །མོན་གྲུ་ལ་ནི་ས་འོག་དང༌། །མཚོ་དང་ཆུ་ལ་བརྟེན་པ་དང༌། །དམངས་མི་རྣམས་ལ་གནོད་པ་ཡིན། །ཁྲུམས་སྟོད་ལ་ནི་བ་ལང་དང༌། །ནོར་བུ་ཚོང་དང་སྤྱོད་པའི་མི། །དམངས་རིགས་རོལ་མོ་མཁན་རྣམས་དང༌། །རིགས་ངན་རྣམས་ལ་གནོད་པ་ཡིན། །ཁྲུམས་སྨད་ལ་ནི་ཚོང་པ་དང༌། །ལམ་དུ་ཞུགས་དང་རྒྱ་མཚོར་ཆས། །སངས་རྒྱས་ལ་གནོད་པ་དང༌། །དད་པ་ཅན་ལ་གནོད་པ་ཡིན། །ནམ་གྲུ་ལ་ནི་འཐབ་མོ་འབྱུང༌། །གྲོང་དང་གྲོང་གི་མི་རྣམས་དང༌། །རོལ་མོ་མཁན་དང་སྨད་འཚོང་མ། །རྣམས་ལ་གནོད་པ་འབྱུང་བ་ཡིན། །ཐ་སྐར་ལ་ནི་ས་གཡོས་ན། །རྟ་ལ་ནད་རྣམས་འབྱུང་བ་དང༌། །གྲོང་གི་མི་རྣམས་གསོད་པ་དང༌། །སྤུན་ཡང་ནང་དུ་དགེ་མི་འགྱུར། །བྲ་ཉེ་ལ་ནི་ས་གཡོས་ན། །རྐུན་མོ་རྣམས་དང་དུག་སྦྱོར་མཁན། །རྒྱན་པོ་འགྱེད་དང་ཕྲ་མ་བྱེད། །གདོལ་པ་རིགས་ངན་རྣམས་ལ་གནོད། །གཡོས་ནས་ཞག་བདུན་ཚུན་ཆད་དུ། །སྤྲིན་སྔོན་འཁྲིག་ཅིང་འབྲུག་སྒྲ་སྒྲོགས། །སྤྲིན་གྱི་གཟུགས་མཛེས་རླུང་འཇམ་ལྡང༌། །ཉི་ཟླ་འཆར་ནུབ་བྱེད་པའི་ཚེ། །སྤྲིན་མི་སྒྲིབས་ལ་འོད་གསལ་ན། །ལྷའི་དབང་པོས་ས་གཡོས་པའི། །དགེ་བའི་མཚན་མ་བསྟན་པ་ཡིན། །ཡང་ན་ཞག་བདུན་ཚུན་ཆད་དུ། །མཁའ་ལ་སྤྲིན་གཟུགས་སྦལ་པ་དང༌། །ཉ་དང་ཆུ་སྲིན་ལྟ་བུ་དང༌། །ཉི་ཟླ་འཆར་ཚེ་མི་སྒྲིབ་ན། །ཆུ་ཡིས་གཡོས་པ་ཞེས་བྱ་སྟེ། །དགེ་བའི་མཚན་མ་བསྟན་པ་ཡིན། །ཡང་ནི་ཞག་བདུན་ཚུན་ཆད་དུ། །རླུང་དྲག་ལྡན་ཞིང་ནང་པར་དང༌། །ནུབ་ཀར་ཉི་ཟླ་དམར་སེར་དུ། །སྣང་ན་རླུང་གིས་གཡོས་པ་སྟེ། །མི་དགེ་མཚན་མ་བསྟན་པ་ཡིན། །ཕ་རོལ་དམག་གི་འཇིགས་འབྱུང་བས། །ཤེས་རབ་ཅན་གྱིས་ཆོས་ལ་སྦྱར། །ཡང་ནི་ཞག་བདུན་ཚུན་ཆད་དུ། །སྐར་ཟླ་དྲག་ལྟུང་ཉི་ཟླ་དམར། །ནང་ནུབ་དམར་པོའི་འོད་མཐོང་ན། །མེ་ཡིས་གཡོས་པ་ཞེས་བྱ་སྟེ། །ཁྱིམ་རྣམས་མེ་ཡིས་འཚིག་པ་དང༌། །ཟླ་དགུ་ཆར་པ་མི་འབབ་སྟེ། །ཞིང་རྣམས་ཐ་བར་ལུས་པར་འགྱུར། །སྔ་གྲོ་གཡོས་ན་རྒྱལ་པོ་དང༌། །བློན་པོ་དམག་དཔོན་རྣམས་ལ་གནོད། །ཉི་མ་གུང་ལ་ས་གཡོས་ན། །ནད་ཀྱིས་བཏབ་པར་བཤད་པ་ཡིན། །ཕྱེ་ཕྱེད་ཕྱུགས་དང་རིགས་ངན་ལ། །ནང་ནུབ་ནམ་གུང་རྐུན་པོ་ལ། །མཚན་མོ་ཞིང་ས་ཚོང་པ་ལ། །གནོད་དོ་ཟླ་བ་མར་གྱི་ངོའི། །ནམ་བུ་ཆུང་ལ་ས་གཡོ་ན། །གཏུམ་པོ་དྲག་ཤུལ་བྱེད་ལ་ངན། །ཡར་ངོའི་ནམ་ཆུང་ལ་གཡོས་ན། །བྲམ་ཟེ་མཆོད་སྦྱིན་བྱེད་ལ་ངན། །ལམ་དུ་འཇུག་དང་དོན་གཉེར་བའི། །སྐར་མ་བཟང་ངན་བཤད་པར་བྱ། །མགོ་ལག་ནབ་སོ་རྒྱལ་མོན་གྲུ། །མོན་གྲེ་ཁྲུམས་སྟོད་ཁྲུམས་སྨད་དང༌། །ནམ་གྲུ་ཐ་སྐར་རྣམས་ལ་ནི། །ཤར་དང་བྱང་དུ་འགྲོ་བ་དང༌། །དོན་གཉེར་གང་བསམས་འགྲུབ་པར་བཤད། །དུས་དེར་ལྷོ་དང་ནུབ་ཏུ་མིན། །མེ་བཞི་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་ལ། །ལྷོ་དང་ནུབ་ཏུ་དོན་འགྲུབ་ཅིང༌། །དུས་དེར་ཤར་དང་བྱང་དུ་མིན། །ནག་པ་ས་རི་ས་ག་དང༌། །བྲ་ཉེ་སྨིན་དྲུག་མཆུ་སྐག་སྟེ། །བདུན་པོ་འདི་ལ་དོན་མི་རྙེད། །ཡང་ནི་ཚེས་གསུམ་བདུན་བཅུ་གཅིག །བཅུ་བདུན་བཅུ་དགུ་ཉི་ཤུ་གསུམ། །ཉེར་བདུན་རྣམས་ལ་ལམ་འཇུག་བཟང༌། །གལ་ཏེ་རིང་བས་ལོང་མེད་ན། །ཤར་དུ་ལྕགས་དང་ལྷོ་རུ་ཆུ། །ནུབ་དུ་སོལ་མེ་བྱང་དུ་ས། །ཅུང་ཟད་འཁྱེར་ཏེ་དོར་བར་བྱ། །མོན་གྲེ་མེ་བཞི་མོན་གྲུ་རྣམས། །ལྷ་མཆོད་པ་ཡིས་སྐར་མ་སྟེ། །དབོ་དང་ལྷ་མཚམས་མེ་བཞི་དང༌། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང༌། །ནམ་གྲུ་གཉེན་བྱའི་སྐར་མ་སྟེ། །གཞན་ལ་མི་རུང་བྱེད་པར་འགྱུར། །སྣྲོན་སྣྲུབས་ལྷ་མཚམས་ཆུ་སྟོད་དང༌། །ཆུ་སྨད་བྱི་ཞུན་རྣམས་ལ་ནི། །ས་བོན་གདབ་པར་བྱ་བ་སྟེ། །བྲ་ཉེ་སྨིན་དྲུག་རྒྱལ་ལ་མིན། །མགོ་དང་མེ་བཞི་མོན་གྲེ་རྣམས། །ཁྲུམས་སྨད་ནམ་གྲུ་ཐ་སྐར་རྣམས། །གཤིན་གྱི་སྐར་མ་བཟང་པོ་སྟེ། །བྲ་ཉེ་སྨིན་དྲུག་ནབ་སོ་དབོ། །ས་ག་མཆུ་སྨད་ལྷ་མཚམས་རྣམས། །གཤིན་གྱིས་སྐར་མ་ངན་པར་བཤད། །སྐབས་འདིར་མིག་དམར་འཇུག་ཚུལ་བཤད། །རྒྱུ་སྐར་དཀྱིལ་འཁོར་གང་གང་དུ། །ཟླ་བ་བདུན་ནམ་བརྒྱད་ཀྱི་བར། །མིག་དམར་ཞུགས་ཤིང་འདུག་པ་ལ། །བོང་དང་ཁ་དོག་མི་འཚམས་དང༌། །མདོག་དང་འོད་ཟེར་ཉམས་པ་དང༌། །རྒྱུ་སྐར་གཞན་དང་འདྲེས་པ་དང༌། །ཉི་མ་བཞིན་དུ་འབར་བ་དང༌། །ཕན་ཚུན་འཕོ་ཞིང་འགྲོ་བ་རྣམས། །རྒྱུ་སྐར་གང་གང་གནས་པ་ཡིས། །སྐྱེ་འགྲོ་དེ་ལ་གནོད་པ་དང༌། །ཡུལ་གྱིས་རྒྱལ་པོ་འཆི་བར་འགྱུར། །མིག་དམར་ཡོན་པོར་འཇུག་པ་ལས། །ཚ་བ་ཞེས་དང་མཆི་མ་ཅན། །སྦྲུལ་དང་གདོང་དམར་ཅན་ཞེས་བྱ། །དྲག་ཤུལ་ཅན་དང་གཏུམ་པོ་ཞེས། །བྱ་བ་རྣམ་པ་དྲུག་ཡིན་ནོ། །མིག་དམར་རྒྱུ་སྐར་བདུན་དང་ནི། །བརྒྱད་ཀྱི་ནང་ལས་ཕྱིར་ལོག་ནས། །རྒྱལ་བ་བཞིན་དུ་འདུག་གྱུར་ན། །མེ་དང་རིམས་ནད་དྲག་པོ་འབྱུང༌། །དེ་ནི་ཚ་བ་ཞེས་བྱའོ། །རྒྱུ་སྐར་བཅུའམ་བཅུ་གཉིས་ཀྱིས། །ནང་དུ་ཞུགས་ཏེ་ཕྱིར་ལོག་ནས། །རྒྱལ་བ་བཞིན་དུ་འདུག་གྱུར་ན། །ཆར་ཆེན་འབབ་ཅིང་མི་རྣམས་ཀྱི། །ལུས་ཟུང་ཟད་པར་འགྱུར་བ་ཡིན། །དེ་ནི་འཆི་མ་ཅན་ཞེས་བྱ། །རྒྱུ་སྐར་བཅུ་བཞི་ནང་ཚུན་ཆད། །ཞུགས་སྟེ་སླར་ལོག་འདུག་གྱུར་ན། །སྦྲུལ་གྱིས་བཏབ་པ་ཞེས་བྱ་སྟེ། །མཚོན་གྱིས་བཏབ་པ་མི་གསོས་ཤིང༌། །སྦྲུལ་གྱིས་གནོད་པ་འབྱུང་བར་འགྱུར། །སྨན་དང་འབྲས་བུ་ལེགས་པར་སྨིན། །རྒྱུ་སྐར་བཅུ་དྲུག་ཚུན་ཆད་དུ། །ཞུགས་ཤིང་སླར་ཡང་འདུག་གྱུར་ན། །གདོང་དམར་པོ་ཞེས་བྱ་བ་སྟེ། །རྒྱལ་པོ་ཕན་ཚུན་འཁྲུག་ཅིང་འགྱེད། །ཁྲག་གི་ཆུ་བོ་འབབ་པར་འགྱུར། །མིག་དམར་རྒྱུ་སྐར་བཅུ་བདུན་གྱི། །ནང་དུ་ཞུགས་ཏེ་ཕྱིར་ལོག་ན། །གཏུམ་པོ་དྲག་པོ་ཞེས་བྱ་སྟེ། །ཆོས་ལུགས་མེད་ཅིང་བཀའ་ཁྲིམས་མེད། །དུས་དེར་སྐྱེ་འགྲོ་གཅིག་ལ་གཅིག །རྩེ་བ་མེད་པར་འགྱུར་བ་ཡིན། །གཞན་ཡང་མིག་དམར་གཟའ་དྲུག་ལ། །འཁོར་ཞིང་འགྲོ་བ་ཚང་བ་འདྲ། །དེ་མིག་དམར་སོང་ངམ་འདུག །ཡོད་དམ་མེད་ཅེས་བྱར་མི་རུང༌། །ཟླ་གསུམ་བར་དུ་རབ་སོང་ན། །དེ་ཚེ་རིམས་ནད་དྲག་པོ་དང༌། །སའི་བཅུད་རྣམས་ཟད་པར་འགྱུར། །ཞར་ལ་ཆར་ལྟས་བཤད་བྱ་བ། །གང་ཚེ་དགུན་ཟླ་འབྲིང་པོ་ན། །མཁའ་ལ་སྤྲིན་ཆེན་འདུས་གྱུར་ཅིང༌། །སྤྲིན་ཏུམ་སྣུམ་པར་གྱུར་པ་ན། །ཟླ་དྲུག་ཐལ་ནས་དབང་པོ་ཡིས། །ཆར་པ་འབབ་པར་འགྱུར་བ་ཡིན། །དགུན་ཟླ་ཐ་ཆུང་དེ་ལྟ་ན། །དབྱར་ཟླ་འབྲིང་པོ་ཆར་ཆེན་འབབ། །དཔྱིད་ཟླ་ར་བ་སྤྲིན་ཏུམ་དུ། །གྱུར་ན་དབྱར་ཟླ་ཐ་ཆུང་ལ། །གང་ཚེ་དགུན་ཟླ་ཐ་ཆུང་དང༌། །དཔྱིད་ཟླ་འབྲིང་པོར་སྤྲིན་ཞིག་ན། །ཟླ་བ་དྲུག་ན་ཆར་མི་འབབ། །དེ་ཚེ་སྤྲིན་ཆེན་རླུང་རུམ་ཅན། །ཁ་བ་སྟོང་བར་མི་བྱེད་ན། །དུས་དེར་ཆར་ཆེན་འབབ་པར་འགྱུར། །གང་ཚེ་བྱང་ཤར་མཚམས་དག་ན། །གློག་འབྱུང་བ་ནི་ཆར་པའི་རྒྱུ། །ཕྱོགས་རྣམས་ཀུན་ནས་གློག་འབྱུང་ན། །ནམ་མཁའ་ཁེབས་པའི་ཆར་ཆེན་འབབ། །གང་ཚེ་གློག་གི་འོད་དམར་ཞིང༌། །ཐ་མ་སྔོན་པོར་གྱུར་པའི་ཚེ། །མེ་ཡི་ཕྱོགས་ནས་ཅུང་ཟད་འབབ། །གང་ཚེ་ནུབ་ཀྱི་ཆར་སྤྲིན་གྱི། །ཕྱོགས་ནས་དབང་པོའི་གཞུ་བྱུང་ཞིང༌། །ནུབ་ཀྱི་རླུང་གིས་སྐྱོད་གྱུར་ན། །ཞག་བདུན་བར་དུ་ཆར་ཆེན་འབབ། །ཤར་རམ་བྱང་ནས་རླུང་བྱུང་ལ། །ཁ་བ་བབ་ཅིང་ཕྱོགས་རྣམས་ནི། །དུད་ཁའམ་སྔོ་སངས་གྱུར་པའི་ཚེ། །ཆར་ཆེན་འབབ་པར་འགྱུར་བ་ཡིན། །ཉི་མ་འཆར་ཁའི་དུས་འདུག་ཚེ། །ཆར་པའི་ཚིགས་པ་བབས་འགྱུར་ན། །ངེས་པར་ཆར་ཆེན་འབབས་པར་འགྱུར། །ཉི་མ་ཤར་ཚེ་སྣལ་པ་ཡིས། །སྐད་སྙན་འབྱིན་པ་འབབ་པའི་རྒྱུ། །མི་ཞིག་ལག་ན་མདུང་ཐོགས་ནས། །ཆར་པའི་མཚན་མ་འདྲི་ན་འབབ། །ཆུ་དང་བཅས་པས་གནས་ནའང་འབབ། །བྱི་ལ་སྲེ་མོང་སྦྲུལ་རྣམས་ནི། །གནས་གཞན་དག་ཏུ་རྒྱུག་བྱེད་ན། །མདོ་ལ་ཆར་པ་འབབ་པ་ཡིན། །བྱིས་པ་ལུས་ལ་འཇིམ་པས་བྱུགས། །མགོ་ལ་མེ་ཏོག་འཕྲེང་དཀྲིས་པ། །གང་ན་འདུག་དེར་ཆར་ཆེན་འབབ། །བྱིས་པ་འཇིམ་པས་ལུས་བྱུགས་ཤིང༌། །ཡུར་བ་འགེངས་པར་བྱེད་པ་ནི། །འཕྲལ་དུ་ཆར་པ་འབབ་པའི་རྟགས། །གང་ཚེ་སྤྲིན་དང་ཆར་མེད་པ། །ཤིན་ཏུ་བསིལ་པའི་རླུང་བྱུང་ནས། །ལུས་ཅན་གྲང་བར་བྱེད་པ་ནི། །ཕྲལ་དུ་ཆར་པ་འབེབས་པའི་རྒྱུ། །གང་ཚེ་ཆུ་ལ་གནས་པའི་བྱ། །ཤིང་གི་ཡལ་ག་ལ་ཞོན་ན། །འདམ་མ་སྐེམ་པར་བྱེད་པ་ནི། །ཤིན་ཏུ་ཆར་པ་འབབ་པའི་རྒྱུ། །དེ་ནས་འབྲུག་གི་ལྟས་བཤད་བྱ། །གང་ཚེ་དབྱར་ཟླ་འབྲིང་པོ་ལ། །དབང་པོའི་ཕྱོགས་ནས་འབྲུག་ཟེར་ཞིང༌། །ཕྱོགས་དེ་ཉིད་ནས་རླུང་བྱུང་ན། །ཆར་དང་ཆུ་ཆེན་མྱུར་འབབ་ཅིང༌། །ལོ་ལེགས་པ་དང་བདེ་སྐྱེད་དང༌། །རྒྱལ་པོ་ནད་མེད་འགྱུར་བ་ཡིན། །མེ་ཡི་ཕྱོགས་ནས་འབྲུག་དང་གློག །འབྱུང་ཞིང་རླུང་ཡང་ལྡང་གྱུར་ན། །དེ་ཚེ་མེའི་འཇིགས་པ་དང༌། །ཆོམ་རྐུན་རྣམས་ཀྱིས་གནོད་པ་དང༌། །ལོ་ཉེས་དང་ནི་མི་ནད་དང༌། །རྒྱལ་པོ་དག་ལ་ངན་པར་འགྱུར། །གཤིན་རྗེའི་ཕྱོགས་ནས་དེ་ལྟ་ན། །རྒྱལ་པོ་ཆོམ་རྐུན་མེ་དག་དང༌། །ནད་ཀྱི་འཇིགས་པ་འབྱུང་བ་དང༌། །མུ་གེ་དང་ནི་མི་ནད་དང༌། །མི་རྣམས་ཕན་ཚུན་གསོད་པ་དང༌། །སྤྱང་གི་སྟག་གི་འཇིགས་པའང་འབྱུང༌། །བདེན་བྲལ་ཕྱོགས་ནས་དེ་ལྟ་ན། །དབང་པོའི་མྱུར་དུ་ཆར་འབེབ་ཤིང༌། །ལོ་ཐོག་ཕུན་སུམ་ཚོགས་མི་འགྱུར། །གང་ཚེ་དབྱར་ཟླ་འབྲིང་པོ་ལ། །ཆུ་ལྷའི་ཕྱོགས་ནས་འབྲུག་དང་གློག །འབྱུང་ཞིང་རླུང་ཡང་ལྡང་གྱུར་ན། །དེ་ཚེ་ཆར་ཆེན་འབབ་འགྱུར་ཞིང༌། །ལོ་ལེགས་ནད་མེད་བདེ་ཞིང་སྐྱིད། །ཆོས་ཀྱི་བློ་ཡང་འབྱུང་བར་འགྱུར། །རླུང་གི་ཕྱོགས་ནས་དེ་ལྟ་ན། །ཆར་པ་རླུང་གིས་ཉམས་པར་བྱེད། །ལོ་ཐོག་སྐྱེ་བར་མི་འགྱུར་ཞིང༌། །རླུང་ནད་མིག་ནད་འབྱུང་བ་དང༌། །འཇིག་རྟེན་གནོད་པ་ཐམས་ཅད་འབྱུང༌། །གནོད་སྦྱིན་ཕྱོགས་ནས་དེ་ལྟ་ནའང༌། །དབང་པོས་རྟག་ཏུ་ཆར་ཆེན་འབེབས། །ལོ་ཐོག་ཕུན་སུམ་ཚོགས་པ་དང༌། །སྨན་དང་འབྲས་བུ་མཐུ་དང་ལྡན། །རྒྱལ་པོ་རང་གིས་ཆོས་ལ་གནས། །སྐྱེ་དགུ་ཆོས་ལ་དགའ་ཞིང་མཐུན། །རྩི་བཅུད་འོ་མ་མང་བར་འགྱུར། །དབང་ལྡན་ཕྱོགས་ན་དེ་ལྟ་ན། །ཆུ་ཆར་ཆེན་པོ་འབབ་འགྱུར་ཞིང༌། །ནད་མེད་བདེ་དང་ལོ་ལེགས་དང༌། །སྐྱེ་དགུ་ནད་མེད་ཕན་ཚུན་བྱམས། །རྒྱལ་པོ་མི་མཐུན་ཕྱོགས་ལས་རྒྱལ། །ཡམས་ཀྱི་ནད་ཀུན་ཞི་བར་འགྱུར། །དེ་ནས་གཞན་ཡང་བཤད་བྱ་བ། །ཐུབ་པ་དྲང་སྲོང་ཀརྨ་ཡིས། །ཉི་མ་དཔག་ཚད་བརྒྱ་སྟོང་དུ། །བརྗོད་དོ་ཟླ་བ་བཅུ་དྲུག་དང༌། །སྒྲ་གཅན་འཛིན་ནི་ཉིས་འགྱུར་རོ། །སྣར་མ་གྲོ་བཞིན་རྒྱལ་དང་མགོ །བྱི་བཞིན་ནག་པ་ས་རི་དང༌། །ས་ག་ལག་པ་སྣྲོན་དང་སྣུབས། །ནབ་སོ་དང་ནི་བཅུ་གཉིས་པོའི། །དཀྱིལ་འཁོར་དཔག་ཚད་གཉིས་གཉིས་སོ། །དེ་ལས་གཞན་པའི་སྐར་མ་རྣམས། །རྒྱང་གྲགས་རེ་རེའི་ཚད་དུ་བཤད། །གྲངས་ནི་དུང་ཕྱུར་ཕྲག་གཉིས་སོ། །བྱེ་བ་ཕྲག་བརྒྱ་ས་ཡ་ལྔ། །མེ་བཞི་ནག་པ་ས་རི་མགོ །ཐ་སྐར་ནབ་སོ་དབོ་རྣམས་ནི། །རླུང་གི་དཀྱིལ་འཁོར་དུ་བརྗོད་དོ། །དེའི་དུས་སུ་ས་གཡོས་ན། །སྐར་མདའ་ལྟུང་དང་སྒྲ་གཅན་འཛིན། །མི་ཟད་སེར་བ་བབས་གྱུར་ན། །རླུང་འཁྲུགས་པ་ལས་བྱུང་བ་ཡི། །གནོད་པས་འཇིག་རྟེན་མ་རུང་བྱེད། །ཞག་བདུན་ཚུན་དུ་ཆར་བབས་ན། །གནོད་པ་དེ་ཡང་མི་འབྱུང་འགྱུར། །ས་ག་སྨིན་དྲུག་རྒྱལ་ཁྲུམས་སྟོད། །བྷ་གའི་ལྷ་གང་ཡིན་པ་དང༌། །ཆུ་དང་གཤིན་རྗེའི་ལྷ་གང་ཡིན། །མེའི་དཀྱིལ་འཁོར་དུ་བརྗོད་དེ། །འདི་དག་དུས་སུ་དེ་ལྟ་ནའང༌། །ཁྲག་དང་མཁྲིས་པ་ལས་བྱུང་བའི། །གནོད་པས་འཇིག་རྟེན་མ་རུང་བྱེད། །ཞག་བདུན་ཚུན་དུ་ཆར་བབས་ན། །གནོད་པ་དེ་ཡང་ཆུང་བར་འགྱུར། །ཁྲུམས་སྨད་ཆུ་ལྷ་ནམ་གྲུ་དང༌། །བདེན་བྲལ་ལྷ་དང་སྐག་དང་ལག །ཆུའི་དཀྱིལ་འཁོར་དུ་བརྗོད་དེ། །དེ་དག་དུས་སུ་དེ་ལྟ་ན། །འཇིག་རྟེན་དགེ་བར་འགྱུར་བ་ཡིན། །མོན་གྲུ་སྣར་མ་སྣྲོན་ལྷ་མཚམས། །བྱི་བཞིན་གྲོ་ཞུན་ཆུ་སྨད་ནི། །དབང་པོ་ཆེན་པོའི་དཀྱིལ་འཁོར་སྟེ། །དེ་དག་དུས་སུ་དེ་ལྟ་ན། །འཇིག་རྟེན་དགེ་བར་འགྱུར་བ་ཡིན། །དེ་ནས་དུས་རྣམས་བཤད་པར་བྱ། །མིག་འབྱེད་པ་དང་འཛུམ་པ་གཉིས། །ཐང་ཅིག་ཚད་དུ་བརྗོད་པ་སྟེ། །ཐང་ཅིག་བཞི་ལ་མཆོག་དགའ་གཅིག །མཆོག་དགའ་གསུམ་ལ་ཆུ་ཚོད་གཅིག །ཆུ་ཚོད་གཉིས་ལ་ཡུད་ཙམ་གཅིག །ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག །ཟླ་བ་བཅུ་གཉིས་ལོ་ཡིན་ནོ། །ཡང་ནི་འབྱེད་འཛུམ་བཅུ་དྲུག་ལ། །མཆོག་གཅིག་བཅུ་ནི་བཤད་པ་སྟེ། །མཆོག་དགའ་བཅུ་དྲུག་དུས་ཚོད་གཅིག །དུས་ཚོད་དྲུག་ཅུ་རྩ་བཞི་ལ། །ཡུད་ཙམ་གཅིག་ཏུ་བཤད་པའང་སྣང༌། །ཡང་ནི་བུད་མེད་མཁས་མཛངས་པས། །ཧ་ཅང་དལ་མིན་རིངས་མིན་པས། །རས་བལ་དུལ་བ་འཕང་གིས་ནི། །ལན་གཅིག་འདྲེན་པ་སྐད་ཅིག་སྟེ། །སྐད་ཅིག་དེ་འདྲ་བརྒྱ་ཉི་ཤུ། །དེའི་སྐད་ཅིག་ཏུ་བརྗོད་དོ། །དེ་འདྲ་དྲུག་ཅུ་ཐང་ཅིག་སྟེ། །ཐང་ཅིག་སུམ་ཅུ་ཡུད་ཙམ་གཅིག །ཞར་ལ་ཆུ་ཚོད་བཤད་པར་བྱ། །བུམ་པར་བླུགས་པའི་ཆུ་སྲང་བརྒྱ། །གསེར་ནི་འོ་མ་སེ་གཅིག་པོ། །སོར་བཞི་སྙོད་པའི་ཐུར་མ་ནི། །ཟླུམ་པོས་བུམ་པའི་ཞབས་བརྟོལ་ནས། །ཆུ་ཟད་ཚེ་ན་ཆུ་སྲང་གཅིག །དེ་ནས་སྲང་གི་ཚད་བཤད་པ། །ནས་རྡོག་གཉིས་ཀྱིས་ལྷག་པའི་ཆུ། །མ་ཤ་ཀ་གཅིག་ཚད་དུ་བརྗོད། །མ་ཤ་བཅུ་དྲུག་གསེར་ཞོ་སྟེ། །མ་ཤ་དྲུག་ཅུ་རྩ་བཞི་ལ། །མ་ག་ཏའི་སྲང་གཅིག་འདོད། །སྲང་དེ་ཉི་ཤུ་རྩ་བཞི་ལ། །མ་ག་ཏ་ཡི་བྲེ་གང་འདོད། །དེ་ནི་ཁུ་བ་གཞལ་བ་སྟེ། །འབྲས་བུས་ཁྱད་པར་གཞལ་བའི་ཚེ། །སྲང་ནི་ཉི་ཤུ་རྩ་དགུ་དང༌། །ཞོ་གཉིས་ལ་ནི་མ་ག་ཏའི། །བྲེ་གང་ཚད་དུ་བཤད་པའང་སྣང༌། །ཞར་ལ་རྒྱང་གྲགས་ཚད་བཤད་པ། །ཕྲ་རགས་རྡུལ་ཕྲན་ཉི་ཟེར་རྡུལ། །རི་བོང་ལུག་གླང་སྲོ་མ་ཤིག །ནས་རྣམས་རིམ་བཞིན་བདུན་བསྒྱུར་བ། །སོར་མོ་གཅིག་གི་ཚད་དུ་བརྗོད། །སོར་མོ་བཅུ་གཉིས་མཐོ་གང་སྟེ། །མཐོ་དོ་ཁྲུ་གང་ཁྲུ་བཞི་ལ། །གཞུ་ཡིན་དེ་སྟོང་རྒྱང་གྲགས་གཅིག །རྒྱང་གྲགས་བཞི་ལ་དཔག་ཚད་དོ། །དཔག་ཚད་བཞི་ལ་རྡུལ་ཕྲ་རབ། །བྱེ་བ་འབུམ་ཕྲག་ཉི་ཤུ་བཞི། །བྱེ་བ་བརྒྱ་སྟོང་ཕྲག་གསུམ་ཅུ། །རྩ་དགུ་ཡོད་པར་བཤད་པ་ཡིན། །ཡུད་ཙམ་སུམ་ཅུའི་མིང་བཤད་པ། །བཞི་མཐུན་དཀར་དང་འཇམ་བཅས་དང༌། །ཉི་སྐྱེས་བཞིན་ལེགས་སྤོང་བྱེད་དང༌། །རི་ཧོ་སྟོབས་ལྡན་རྣམ་རྒྱལ་དང༌། །ཐམས་ཅད་བོས་ནོར་དང་ནི། །མན་ད་ར་དང་གཞན་འཇིགས་དང༌། །དྲག་པོ་དང་ནི་སྐར་མ་སྤྱོད། །ཡང་དག་བཟུང་དང་ད་ལྟར་དང༌། །མཐའ་ཡས་དང་ནི་བོང་བུ་དང༌། །སྲིན་པོ་ཆ་ཤས་བྲམ་ཟེ་དང༌། །ཨརྒ་དང་ནི་སྒྲུབ་པ་དང༌། །མེ་དང་མེ་ཡིས་གདུངས་པ་དང༌། །བྱི་བཞིན་ཞེས་ནི་བྱ་བ་རྣམས། །ཡུད་ཙམ་རྣམས་ཀྱི་མིང་ཡིན་ནོ། །ནག་པ་དང་ནི་ཐ་སྐར་གྱི། །ཟླ་བ་གཉིས་ལ་ཉིན་དང་མཚན། །མཉམ་པར་འགྱུར་བ་དེ་ཡི་ཚེ། །ཡུད་ཙམ་བཅོ་ལྔ་བཅོ་ལྔ་ཡིན། །དེ་ཚེ་ཉི་མ་ཤར་མ་ཐག །སོར་དྲུག་ཐུར་མའི་གྲིབ་མ་ནི། །སྐྱེས་བུ་དྲུག་ཅུ་རྩ་དགུ་འབྱུང༌། །དེ་ཚེ་བཞི་མཐོན་ཞེས་བྱའོ། །དེ་ནས་སྐྱེས་བུ་དྲུག་ཅུའི་ཚེ། །དཀར་པོ་ཞེས་བྱའི་ཡུད་ཙམ་ཡིན། །གྲིབ་མ་སྐྱེས་བུ་བཅུ་གཉིས་ལ། །འཇམ་བཅས་ཞེས་བྱའི་ཡུད་ཙམ་ཡིན། །སྐྱེས་བུ་དྲུག་གི་གྲིབ་མ་ལ། །ཉི་སྐྱེས་ཞེས་བྱའི་ཡུད་ཙམ་ཡིན། །སྐྱེས་བུ་ལྔའི་གྲིབ་མ་ལ། །མངོན་པར་འཕེལ་བ་ཞེས་བྱ་ཡིན། །སྐྱེས་བུ་བཞི་ཡི་གྲིབ་མ་ལ། །ཡང་གསུམ་ཞེས་བྱའི་ཡུད་ཙམ་ཡིན། །ཉི་མ་དགུང་ལ་གནས་པ་ནི། །རྡོ་རྗེར་ཞེས་བྱའི་ཡུད་ཙམ་ཡིན། །དེའི་རྗེས་ལ་སྲིན་པོ་ཞེས། །དེ་ནས་ཅུང་ཞིག་ཡོལ་བ་ན། །སྐྱེས་བུ་གཅིག་གི་གྲིབ་མའི་ཡུན། །རོ་ནི་ར་ཞེས་པར་འགྱུར། །སྐྱེས་བུ་བཞིའི་གྲིབ་མའི་ཡུན། །སྟབས་ཤེས་བྱ་དང་སྐྱེས་བུ་ལྔ། །རྣམ་རྒྱལ་ཞེས་བྱ་སྐྱེས་བུ་དྲུག །ཐམས་ཅད་རོ་ཞེས་བྱ་བ་ཡིན། །སྐྱེས་བུ་བཅུ་གཉིས་ནོར་ཞེས་བྱ། །སྐྱེས་བུ་བརྒྱད་ལ་ལྟ་ན་སྡུག །སྐྱེས་བུ་དྲུག་ཅུ་རྩ་དགུ་ལ། །གཞན་འཇིགས་ཞེས་བྱའི་ཡུད་ཙམ་འགྱུར། །དེ་དག་ཉིན་མོའི་ཡུད་ཙམ་ཡིན། །ཉི་མ་ནུབ་པ་དྲག་པོ་དང༌། །དེ་ནས་སྐར་མ་རྒྱུ་བ་དང༌། །དེ་ནས་ཡང་དག་ཟུང་ཞེས་བྱ། །དེ་ནས་ད་ལྟ་མཐའ་མེ་དང༌། །བོང་བུ་སྲིན་མོ་རྣམས་རིམ་བཞིན། །ནམ་གྱི་གུང་ལ་ཆ་ཤས་དང༌། །གུང་འདས་བྲམ་ཟེ་ཉི་སྐྱེས་དང༌། །ཨརྒ་མུན་འཇིགས་དེ་ནས་མེ། །མེའི་གདུང་དང་བྱི་བཞིན་རྣམས། །རིམ་པ་བཞིན་དུ་འབྱུང་བ་ཡིན། །སྐར་མ་རྒྱལ་གྱིས་ཉ་བ་ལ། །ཉི་མ་ཡུད་ཙམ་བཅུ་གཉིས་ལ། །མཚན་མོ་ཡུད་ཙམ་བཅོ་བརྒྱད་འབྱུང༌། །ཆུ་སྟོད་ལྡན་པའི་ཟླ་བ་ལ། །ཉིན་མོ་ཡུད་ཙམ་བཅོ་བརྒྱད་དང༌། །མཚན་མོ་ཡུད་ཙམ་བཅུ་གཉིས་འབྱུང༌། །དེ་ནས་ཟླ་བ་རེ་རེ་བཞིན། །ཡུད་ཙམ་རེ་རེ་འཕེལ་འགྲིབ་བྱེད། །དབྱར་ཉི་ལོག་པའི་ཉི་ཕྱེད་ཚེ། །སོར་དྲུག་ལྡན་པའི་ཐུར་མ་ཡི། །གྲིབ་མ་སོར་མོ་ཕྱེད་དུ་འདོད། །དེ་ནས་ཟླ་བ་གཅིག་འདས་ཚེ། །གྲིབ་མ་སོར་མོ་གཅིག་ཏུ་འདོད། །དེ་ནས་ཟླ་བ་རེ་རེ་ལ། །གྲིབ་མ་སོར་མོ་རེ་རེ་འཕེལ། །དགུན་ཉི་ལོག་པའི་ཉི་ཕྱེད་དུས། །གྲིབ་མ་སོར་མོ་དྲུག་ཏུ་འདོད། །དེ་ནས་ཟླ་བ་དྲུག་ལ་ནི། །གྲིབ་མ་སོར་མོ་རེ་རེ་འགྲིབ། །ཉི་མ་འཕེལ་བ་ཡིན་ཞེས་བྱ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོའི། །གོང་དུ་བཤད་པའི་ཡུད་ཙམ་གྱི། །གྲང་དང་སྦྱར་སྟེ་ཞག་རེ་བཞིན། །སླར་ཡང་སྐར་མ་གཉིས་འཁོར་བ། །ཟླ་བ་གཅིག་གི་ལོངས་སྤྱོད་ཡིན། །དེ་ནས་མ་འཁྲུགས་རིམ་སྦྱར་བས། །མགོ་རྒྱལ་མཆུ་དང་དབོ་ནག་པ། །ས་སྣྲོན་ཆུ་སྟོད་གྲོ་བཞིན་དང༌། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་རྣམས། །ཉ་རྒྱལ་ཟླ་བའི་སྐར་མར་འབྱུང༌། །དེ་ལྟར་ཤེས་ནས་མཁས་པ་ཡིས། །གསལ་ཞིང་མཛངས་པས་བསྟན་གྱུར་ན། །འཇིག་རྟེན་ཀུན་གྱི་སྟོན་པ་དང༌། །རྒྱལ་པོས་མཆོད་འོས་མཆོག་ཏུ་འགྱུར། །བདེ་འབྱུང་ཁྱབ་འཇུག་མེས་པོའི་ངག་གྲུབ་པའི། །ཐུག་པ་དྲང་སྲོང་གདོལ་པའི་དབང་པོ་དང༌། །ཀརྐ་དང་ནི་རྔ་བོང་ཞེས་གྲགས་པ། །སྔོན་ཚེ་ལྷར་བཅས་འགྲོ་བའི་སྟོན་པ་ཡིན། །དེ་ནས་རིང་ཞིག་ལོན་ཚེ་ཐུབ་དབང་འཁྲུངས། །དེས་ཀྱང་སྔོན་གྱི་དྲང་སྲོང་གཙུག་ལག་རྣམས། །རང་སོར་བཞག་ནས་འགྲོ་ལ་ཇི་བཞིན་འདོམས། །ཐམས་ཅད་མཁྱེན་པའི་ལམ་དུ་འཇུག་པའི་སྒོ །ཀུན་གྱི་མེས་པོ་ཐུབ་དབང་སྙིང་རྗེ་ཅན། །ཆོས་དབྱིངས་ནགས་སུ་གཟིམས་ནས་རིང་ཞིག་ལོན། །དིང་སངས་དམ་པའི་ཆོས་ཀྱི་སྐུར་བསྟན་ནས། །སྐྱེ་འགྲོ་འདི་དག་སྡུག་པའི་བུ་བཞིན་སྐྱོང༌། །སངས་རྒྱས་གསུང་རབ་ལྷ་སྲས་མཚར་དགུ་ཞིག །རྣམ་དཔྱོད་མེ་ལོང་ལྡན་པའི་སྙིང་ལ་འཆར། །ཤེས་རབ་མཚར་སྡུག་ལྡན་པའི་མཛའ་བོ་ནི། །གསུང་རབ་སྒེག་མོས་སྙིང་གི་རྩི་ཡང་ལེན། །ཡིད་འོང་དགེ་མཚན་ལྡན་པའི་རི་མོ་འདི། །བློ་གྲོས་ཆུ་ཤེལ་དཀར་པོའི་ངོས་ལ་བྲིས། །དོན་གཉེར་ཀུ་མུད་རྒྱས་པའི་ཆུ་གཏེར་དུ། །ཐ་སྙད་གཞུང་བརྒྱའི་ཟླ་བ་འདི་འཆར་གྱི། །སྙན་གྲགས་མགྲིན་པའི་རྒྱུད་མང་བསྒྱུར་འདོད་ན། །ངོ་མཚར་འདོད་དགུའི་མཚོ་ཆེན་འདིར་ཞུགས་ཤིག །ཅེས་པ་འདི་ནི་ཡུལ་དབུས་ཀྱི་ཐོས་པ་འཛིན་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ། མཆུས་ཉ་བའི་ཡར་ཚེས་བཅུ་ལ། མངའ་རིས་སྨད་ཀྱི་སའི་ཐིག་ལེ་ཐུབ་བསྟན་དར་རྒྱས་གླིང་གི་གཙུག་ལག་ཁང་དུ་སྦྱར་བ་ཡིན་ནོ། །དགེ་ལེགས་འཕེལ་བར་གྱུར་ཅིག།  །།དགེའོ། །མངྒ་ལཾ། ཤུབྷཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*