འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་རྣམ་པར་ངེས་པ་དད་པའི་རྒྱ་མཚོ།

༼ཇ༽༄༅། །འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་རྣམ་པར་ངེས་པ་དད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

ན་མ་བུདྡྷ་བོདྷི་སཏྭབྷྱ། སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་གངས་ཅན་མཚོའི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་ཞིང་གི་ངེས་པ་རྣམ་པར་བཤད་པ། དད་པའི་རྒྱ་མཚོ་ཞེས་བྱ་བ། གང་ཁྱོད་ཆོས་ཀྱི་དབྱིངས་ལ་རྟག་བཞུགས་ནས། །སྣ་ཚོགས་གཟུགས་སྐུའི་བཀོད་པ་བགྲངས་ཡས་ཀྱིས། །ཕན་དང་བདེ་བའི་སྒོ་བརྒྱ་འབྱེད་མཛད་པ། །རྣམ་སྣང་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ལོངས་སྐུའི་གནས་ངེས་པ། །འོག་མིན་གནས་ཞེས་ཚིག་ཏུ་མང་འདོན་ཡང༌། །ཇི་བཞིན་ངེས་པ་རྙེད་པ་མ་མཐོང་ནས། །མདོ་དང་རྒྱུད་སྡེའི་ལུང་བཞིན་འདིར་ངེས་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། འདི་ལ་དོན་རྣམ་པ་གསུམ་སྟེ། ལོངས་སྐུ་ཆེན་པོའི་ཞིང་གི་བཀོད་པ་དང་ཚད་རྣམ་པར་བཞག་པ། ཞིང་དེར་ཆོས་ཀྱི་སྐུས་ལོངས་སྐུ་མངོན་དུ་བྱེད་པའི་ཚུལ་ཇི་ལྟར་ཡིན་པ། དེ་དག་གི་རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པའོ། །དང་པོ་ལ་གསུམ་སྟེ། ཕལ་པོ་ཆེའི་ལུང་ལ་བརྟེན་ནས་ཞིང་འདིའི་བཀོད་པ་ངོས་བཟུང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་ལུང་ལ་བརྟེན་ནས་དེའི་ཚད་རྣམ་པར་བཞག་པ། དེ་ལས་འཕྲོས་པའི་དོན་ཞིབ་མོར་བཤད་པའོ། །དང་པོ་ནི། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དང༌། ཤིན་ཏུ་རྒྱས་པ་སངས་རྒྱས་ཕལ་པོ་ཆེའི་ལུང་ལས། འོག་མིན་སྟུག་པོ་བཀོད་པའི་མཚན་གྱི་རྣམ་གྲངས་ལ། གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་གསུངས་སོ། །དེ་ཡང་འཇིག་རྟེན་གྱི་ཁམས་དེའི་དབྱིབས་ནི། ཀུན་ནས་གྲུ་བཞིར་འདུག་པ། རྣམ་པར་དག་པ་ཤིན་ཏུ་བརྟན་པ། རྡོ་རྗེ་དང༌། ནོར་བུ་ཐམས་ཅད་ཀྱི་ཁོར་ཡུག་གིས་བསྐོར་བ། འཇིག་རྟེན་གྱི་ཁམས་དེའི་ཁོར་ཡུག་ཆེན་པོ་ནི། ནོར་བུའི་རིགས་རྒྱ་མཚོ་རྡོ་རྗེ་ལྟར་སྲ་ཞིང་འཁྲེགས་པ། སྣ་ཚོགས་པའི་རྒྱན་གྱི་དྲྭ་བས་ཀུན་ནས་བྲེས་པ། ཙནྡན་གྱི་སྤོས་ངད་ཞིམ་པོའི་དྲི་བསུང་ལྡན་པའོ། །དེ་བཞིན་དུ་དེ་ལྟ་བུའི་རིན་པོ་ཆེའི་སའི་དཀྱིལ་འཁོར་དེ་ལ་སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཡོད་དོ། །འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་གངས་ཆེན་མཚོ་རྣམ་པར་སྣང་མཛད་འདི་བཞུགས་ཤིང༌། དེའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་བཅུའི་མཚོན་བྱེད་ལྟ་བུར་སངས་རྒྱས་དེའི་སྐུ་ལ་འཇིག་རྟེན་གྱི་ཁམས་སངས་རྒྱས་སོ་སོའི་ཞིང་མི་འདྲ་བ་བརྒྱ་རྩ་བཅུ་གཉིས་ཡོད་དོ། །རྣམ་སྣང་དེའི་བ་སྤུའི་བུ་ག་ཐམས་ཅད་ན་སངས་རྒྱས་ཀྱི་ཞིང་གིས་ཡོངས་སུ་གང་ངོ༌། །སྤོས་ཆུའི་རྒྱ་མཚོ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་དེ་དག་ལ་ཡང་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་རབ་ཏུ་གནས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་རེ་རེ་ཞིང་ཡང་འཇིག་རྟེན་གྱི་ཁམས་འབྱམས་ཀླས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་དུ་ཕྲ་བ་ཇི་སྙེད་ཀྱི་འཁོར་གྱིས་བསྐོར་བའོ། །འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དེ་དག་ཀྱང་དབྱིབས་དང་རྣམ་པ་དང༌། རྣམ་པར་འཕྲུལ་པ་དང༌། བྱིན་གྱིས་བརླབས་གཞན་དང་གཞན་ཏེ། དེ་ཡང་འཇིག་རྟེན་གྱི་ཁམས་ལ་ལ་ནི་སྤོས་ཆུའི་རྒྱ་མཚོ་ལས་བྱུང་བའི་པདྨ་ལ་རབ་ཏུ་གནས་སོ། །ལ་ལ་ནི་རིན་པོ་ཆེའི་མེ་ཏོག་དང༌། མུ་ཏིག་གི་ཕྲེང་བ་དང༌། རིན་པོ་ཆེའི་དྲྭ་བ་དང༌། བྱང་ཆུབ་སེམས་དཔའི་ནོར་བུ་ཅོད་པན་དང༌། སེམས་ཅན་གྱི་ལུས་སྣ་ཚོགས་པའི་ཁོངས་དང༌། འཇིག་རྟེན་གྱི་དབང་པོ་རྣམས་ཀྱི་ལུས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ཀྱི་ཁོངས་དང༌། བ་སྤུའི་བུ་ག་དང༌། ནམ་མཁའ་དང་ཁོར་ཡུག་དང༌། དེ་བཞིན་གཤེགས་པའི་སྐུ་ལ་བརྟེན་པའོ། །དབྱིབས་ཀྱང་ལ་ལ་ནི་རི་རབ་ཀྱི་དབྱིབས་ལྟ་བུ་དང༌། ཆུ་ཀླུང་ལྟ་བུ་དང༌། རྡོ་རྗེ་དང༌། རྒྱལ་མཚན་དང༌། པདྨ་ལྟ་བུའོ། འཇིག་རྟེན་གྱི་ཁམས་དེ་དག་ཏུ་ཡང་སངས་རྒྱས་གཞན་དང་གཞན་སྐྱེ་ཞིང་གཤེགས་པ་ཤ་དག་གོ །གཞན་ཡང་རྣམ་པར་སྣང་མཛད་གང་ཆེན་མཚོ་དེའི་ཕྱག་གི་མཐིལ་ན། རྡུལ་ཤིན་དུ་ཕྲ་བའི་སྙིང་པོ་ཞེས་བྱ་བའི་ནང་ན། ཕྱག་མཐིལ་གྱི་སྙིང་པོ་ཞེས་བྱ་བའི་མིང་གིས་བཏགས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཡོད་དོ། །དེ་ན་བཅོམ་ལྡན་འདས་ཡེ་ཤེས་གངས་ཆེན་མཚོ་རྣམ་པར་སྣང་མཛད་ཞེས་བྱ་བ་བཞུགས་སོ། །དེའི་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་འདས་པ་ན། སངས་རྒྱས་ཀྱི་ཞིང་འཇིག་རྟེན་ཁམས་ཐམས་ཅད་ཀྱི་གནས་ཀྱི་སྙིང་པོ་ཞེས་བྱ་བ་ན། སེམས་ཅན་གྱི་དོན་གངས་ཅན་མཚོ་རྣམ་པར་སྣང་མཛད་ཅེས་བྱ་བ་ཡོད་དོ། །དེ་ལྟ་བུའི་ཁྱད་པར་གྱི་ངེས་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དེ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་བཀོད་པ་ཞེས་ཀྱང་བྱ། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་ཀྱང་བྱའོ། །དེ་ལྟ་བུའི་སྟུག་པོ་བཀོད་པ་དེ་ཡང་གང་ལ་བརྟེན་པའི་གཞི་ནི། པདྨ་ཆེན་པོ་སྤོས་ཀྱི་རྒྱལ་མཚན་ཁྱེར་བའི་འོད་ཟེར་དང་ཟེ་བ་སྣ་ཚོགས་པ་ཞེས་བྱ་བ་ཞིག་ཡིན་ནོ། །པདྨ་དེ་གང་ལས་བྱུང་ཞིང་གང་ལ་བརྟེན་པའི་གཞི་ནི། སྤོས་ཆུའི་རྒྱ་མཚོ་ནོར་བུ་ཀུན་ནས་སྣང་བའི་གཞིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་དེ་ཡིན་ནོ། །དེ་ལ་སོགས་པ་སྤོས་ཆུའི་རྒྱ་མཚོའི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་གཉིས་ཀྱི་གྲངས་དང་མཉམ་པའི་སྤོས་ཆུའི་རྒྱ་མཚོ་མཐའ་ཡས་པ་དེ་རྣམས་གང་ལ་བརྟེན་པའི་གཞི་ནི། རླུང་གི་དཀྱིལ་འཁོར་རི་རབ་ཀྱི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱིས་སྤོས་ཆུའི་རྒྱ་མཚོ་དེ་དག་ཡོངས་སུ་བཟུང་བ་ཡིན་ནོ། །དེ་ལ་རླུང་གི་དཀྱིལ་འཁོར་ཐམས་ཅད་ཀྱི་འོག་མ་ནི་གཞི་ཀུན་ནས་སྟོན་པ་ཞེས་བྱ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་འོད་འཕྲོ་བ་འབར་བས་བརྒྱན་པའི་གཞི་ཞེས་བྱ་བ་དང༌། དེའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་འབྱུང་བ་ཞེས་བྱ་བའི་རླུང་གི་དཀྱིལ་འཁོར་དང༌། དེ་བཞིན་དུ་རིན་པོ་ཆེའི་མཐུ་ཞེས་བྱ་བ་དང༌། འོད་འཕྲོ་མཉམ་པར་སྟོན་པ་ཞེས་བྱ་བ་དང༌། རྒྱན་ཀུན་ནས་རྣམ་པར་བྲེས་པ་ཞེས་བྱ་བ་དང༌། གཞི་ཀུན་ནས་དྲི་མ་མེད་ཅིང་ཡོངས་སུ་དག་པ་ཞེས་བྱ་བ་དང༌། ཕྱོགས་སུ་སྒྲ་སྒྲོགས་ཤིང་ཀུན་དུ་རྒྱུ་བ་དང༌། རིན་ཆེན་ཐམས་ཅད་འཛིན་པ་ཞེས་བྱ་བ་ལ་སོགས་པ་ནས། ཐམས་ཅད་ཀྱི་སྟེང་མ་ནི་རླུང་གི་དཀྱིལ་འཁོར་གཟི་བརྗིད་བཟང་པོ་དཔལ་གྱི་སྙིང་པོ་ཞེས་བྱ་བ་དེ་ཡིན་ནོ། །རླུང་གི་དཀྱིལ་འཁོར་དེ་ལ་གོང་དུ་བཤད་མ་ཐག་པ་ལྟར་སྤོས་ཆུའི་རྒྱ་མཚོ་མཐའ་ཡས་པ་སོ་སོ་བ་དག་བརྟེན་པ་ལས། སྤོས་ཆུའི་རྒྱ་མཚོ་དབུས་མར་གྱུར་པ། དེའི་ནང་ན་ནོར་བུའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལུས་རྣམ་པར་དམིགས་པའི་གཟུགས་བརྙན་གྱི་རྒྱལ་མཚན་གྱི་པདྨ་ཆེན་པོ་གཞི་སྤོས་དང་ནོར་བུའི་རྒྱལ་པོ་ཐམས་ཅད་ཀྱི་རྒྱན་གྱིས་བརྒྱན་པའི་རྒྱན་ཅན་ཞེས་བྱ་བ་མངོན་པར་བྱུང་སྟེ། དེ་ལ་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་ཕྱོགས་ཀུན་ནས་རིན་པོ་ཆེ་འབར་བའི་འོད་རྣམ་པར་སྣང་བ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བ་ཉི་ཤུ་རིམ་ཅན་དུ་རབ་ཏུ་གནས་ཏེ། དེ་དག་ཐམས་ཅད་ཀྱི་འོག་མ་ནི་དཔལ་འབྱུང་བའི་འོད་ཟེར་རྣམ་པར་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཏེ་སངས་རྒྱས་ཞིང་རྡུལ་ཤིན་དུ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་བའོ། །དེ་ན་དེ་བཞིན་གཤེགས་པ་ཚུལ་རྣམ་པར་དག་ཅིང་དྲི་མ་མེད་པའི་མར་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་གི་འཇིག་རྟེན་གྱི་ཁམས་གཉིས་པ་སྤོས་སྣ་ཚོགས་ཀྱི་པདྨའི་དཔལ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་སེང་གེ་འོད་ཟེར་མཆོག་གི་འོད་ཅེས་བྱ་བ་བཞུགས་སོ། །ཞེས་པ་ནས། བཅུ་གསུམ་པ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་འདི་བཞུགས་སོ། །ཞེས་པ་ནས་ཉི་ཤུ་པ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་འོད་འཕྲོ་འཁྱིལ་བའི་དཔལ་ཡང་དག་པར་འབྱུང་བ་ན། དེ་བཞིན་གཤེགས་པ་བསོད་ནམས་ཀྱི་སྤྲིན་གྱིས་ཤིན་དུ་འཕགས་པའི་གཟི་བརྗིད་བཞུགས་སོ། །དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རླུང་གི་དཀྱིལ་འཁོར་གཟི་བརྗིད་བཟང་པོའི་དཔལ་གྱི་སྙིང་པོ་ཞེས་བྱ་བ་དེ་ལ་བརྟེན་པའི་སྤོས་ཆུའི་རྒྱ་མཚོ་སོ་སོ་མཐའ་ཡས་པ་གྲངས་ཀྱི་བགྲང་བར་མི་ནུས་པ་དག་ལས་དབུས་མར་གྱུར་པ་ལ་རིན་པོ་ཆེའི་པདྨ་གྲངས་ལས་འདས་པ་དག་འཁོད་པ་ལས་དེའི་དབུས་མ་གཅིག་ལ་འཇིག་རྟེན་གྱི་ཁམས་ཉི་ཤུ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ། སྤོས་ཆུའི་རྒྱ་མཚོ་རེ་རེ་ལ་ཡང་པདྨ་སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཡོད་ཅིང༌། པདྨ་རེ་རེའི་ཟེ་བ་ལ་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཉི་ཤུ་ཉི་ཤུ་ཡོད་དོ། །ཞེས་གསུངས་ལ། ཞིང་ཁམས་ཉི་ཤུ་ཚན་སོ་སོ་ཐ་དད་པ་མང་པོ་དེ་དག་ལས་དབུས་མར་གྱུར་པ་རྣམ་སྣང་གངས་ཆེན་མཚོའི་སྐུའི་བཀོད་པ་གང་ན་བཞུགས་པ་དེ་ཁོ་ན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་བཞག་ལ། དེ་ལས་གཞན་ཞིང་ཁམས་ཀྱི་རྣམ་གྲངས་མི་འདྲ་བ་དེ་ཐམས་ཅད་སྤྲུལ་སྐུའི་ཞིང་ཁམས་སུ་བཤད་ལ། དེར་མ་ཟད་བདེ་བ་ཅན་དང༌། མངོན་པར་དགའ་བ་དང༌། པདྨ་ཅན་དང་ལ་སོགས་པ་ཡང་སྟུག་པོ་བཀོད་པའི་ཞིང་དེའི་རྒྱ་ཁྱོན་གྱི་ནང་དུ་ཚུད་པར་འཆད་དགོས་པ་ནི། དེ་ཉིད་བསྡུས་པའི་གླེང་གཞི་ལས་གསལ་ལོ། །གཉིས་པ་སྟུག་པོ་བཀོད་པའི་འཇིག་རྟེན་གྱི་ཁམས་དེའི་ཚད་བཤད་པ་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་འདི་ལྟར་གསུངས་ཏེ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང༌། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང༌། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང༌། ཟླ་བ་དང༌། ཉི་མ་བྱེ་བ་ཕྲག་བརྒྱ་དག་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་བཀོད་པ་དང་ལྡན་པ་རབ་འབྱམ་གྱི་འཚམས་སྦྱོར་བ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་གང་གིས་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་ནི་གཞི་དང་མེ་ཏོག་གི་རྒྱན་གྱི་བཀོད་པ་རབ་འབྱམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་དང་པོའོ། །དེ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་པ་དེ་ནི་གཞི་དང་མེ་ཏོག་གིས་རྒྱན་གྱི་བཀོད་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་བར་མ་གཅིག་གོ །དེ་བྱེ་བ་ཕྲག་བརྒྱ་གང་གི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པ་དེ་ནི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱི་བཀོད་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་གཅིག་སྟེ། དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡོངས་སུ་སྦྱངས་སོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་པུ་དེ་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་འཕྲོས་པའི་དོན་ལ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེ་ལ་ཆ་ཤས་སུ་ཕྱེ་ན་འོག་མིན་ཁོ་ན་ཡིན་པ་དང༌། །དེ་ལས་གཞན་པ་གཉིས་སོ། །དང་པོ་ནི་བཤད་ཟིན་ལ། གཉིས་པ་ནི་སྟུག་པོ་བཀོད་པའི་ནང་གི་སྤོས་ཆུའི་རྒྱ་མཚོ་སོ་སོ་ལ་གནས་པ་རྣམས་དང༌། རྣམ་སྣང་དེ་ཉིད་ཀྱི་སྐུ་དང་ཕྱག་མཐིལ་གྱི་རྡུལ་ལ་གནས་པ་རྣམས་དང༌། སྟུག་པོ་བཀོད་པའི་ཕྱི་རོལ་གྱི་སྤོས་ཆུའི་རྒྱ་མཚོ་སོ་སོ་ལ་གནས་པ་རྣམས་སོ། །བོད་དུ་བྱོན་པའི་སྔོན་གྱི་སློབ་དཔོན་ཕལ་ཆེ་བ་དག རྣམ་སྣང་གངས་ཆེན་མཚོའི་ཕྱག་མཐིལ་གྱི་ནོར་བུ་ལ་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་གནས་པའི་བཅུ་གསུམ་པ་འཇིག་རྟེན་གྱི་ཁམས་འདི་ཡིན་ནོ་ཞེས་ཟེར་བ་ཡང་གོང་དུ་དྲངས་པའི་ལུང་གི་དོན་རྣམས་ཀྱིས་ཁེགས་ཤིང༌། རིན་པོ་ཆེ་བུ་སྟོན་པ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེ་རྣམ་སྣང་གི་ཞིང་ཁམས་ཡིན་པ་དང༌། དེ་ཡང་རྣམ་སྣང་གང་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲན་གཅིག་ལ་གནས་སོ། །ཞེས་གསུངས་པ་ཡང་མི་འཐད་པར་གོ་ནུས་ཤིང་སངས་རྒྱས་དེའི་ཞིང་ཁམས་སངས་རྒྱས་དེ་ཉིད་ཕྱག་མཐིལ་གྱི་རྡུལ་ཕྲན་ལ་གནས་པར་འཆད་པ་ནི་ཡི་གེ་མ་དག་པར་གོ་སླ་བ་ཡིན་ནོ། །དེ་ནས་གལ་ཆེ་བའི་དོན་འདི་ལྟར་ཤེས་པར་བྱ་སྟེ། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་དེ་དང༌། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་བཀོད་པ་གཅིག་ཅེས་བྱ་བ་དེའི་ཁྱད་པར་དབྱེ་བར་བྱའོ། །དེ་ཡང་དང་པོ་ནི་གོང་དུ་བཤད་མ་ཐག་པའི་རླུང་གི་དཀྱིལ་འཁོར་གྱིས་ཡོངས་སུ་བཟུང་བའི་སྤོས་ཆུའི་རྒྱ་མཚོ་སོ་སོ་ལ་འཁོད་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་ཆེན་པོ་དེ་ཉིད་ལ་བྱ་ལ། གཉིས་པ་ནི། དེ་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་ཉི་ཤུ་པ་ཚན་པ་མི་འདྲ་བ་དེ་དག་སོ་སོའི་ནང་ཚན་དུ་གྱུར་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་རེ་རེའི་ཚད་དོ། །དེའི་ནང་ནས་ཀྱང་འོག་མིན་ནི་སྤོས་ཆུའི་རྒྱ་མཚོ་དབུས་མ་ནོར་བུ་རིན་པོ་ཆེ་ལ་གནས་པའི་འཇིག་རྟེན་གྱི་ཁམས་ཉི་ཤུ་པ་གཅིག་གི་ནང་ཚན་དུ་གྱུར་པའི་བཅུ་གསུམ་པ། བཅོམ་ལྡན་འདས་གངས་ཆེན་མཚོ་གང་ན་བཞུགས་པ་དེ་ཉིད་དོ། །དེ་ཡང་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རྒྱ་མཚོ་ཆེན་པོ་དེ་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་གི་ཞིང་ཁམས་དང༌། ཞིང་ཁམས་དེ་ལ་ཡང་སྔོན་དང་ཐོག་མའི་མཐའ་མེད་ཅིང་ལོངས་སྐུ་ཆེན་པོ་དེའི་ཡང་ཐོག་མ་བཟུང་བ་དང་བརྗོད་པར་མི་ནུས་ཏེ། ལོངས་སྐུ་དེའི་སྔ་རོལ་དུ་སངས་རྒྱས་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཞིག་དང་དེའི་ཞིང་ཁམས་ཀྱི་བཀོད་པ་འདི་ལྟ་བུའོ་ཞེས་འཆད་དགོས་པ་ལས། དེ་འདྲའི་བཤད་པ་བཀའ་དང་བསྟན་འཆོས་དག་ལས་རྙེད་པར་དཀའ་བའི་ཕྱིར་རོ། །ཡང་ལོངས་སྐུ་དེའི་ཞིང་ཁམས་ན་སངས་རྒྱས་ཀྱི་ཞིང་ཁམས་ཇི་སྙེད་ཡོད་པ་དེ་དག་གི་ཞིང་གི་བདག་པོར་གྱུར་པའི་སངས་རྒྱས་དེ་ཐམས་ཅད་ཀྱང༌། ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་དེ་ཉིད་ཀྱི་རྣམ་རོལ་དུ་གྱུར་པའི་ལོངས་སྐུ་ཆུང་བའམ། སྤྲུལ་པའི་སྐུ་གང་རུང་ལས་མ་འདས་ཏེ། དཔེར་ན་འཛམ་བུའི་གླིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཤཱཀྱའི་རྒྱལ་པོ་དེ་དང༌། དེ་ཉིད་རི་རབ་ཀྱི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་རིགས་ཀྱི་བདག་པོར་བཞུགས་པའི་རྣམ་པར་སྣང་མཛད་དེ་གཉིས་ཀ་ཡང༌། འོག་མིན་སྟུག་པོ་ཁོ་ན་ལས་གཞན་དུ་མི་གཡོ་བའི་རྣམ་སྣང་ཆེན་པོ་དེའི་རྣམ་རོལ་དུ་འཆད་དགོས་པ་བཞིན་ནོ། །དེ་ལྟར་ན། སྔོན་བྱོན་ཟིན་པའི་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ་ནི་གཅིག་ཁོ་ན་ཡིན་པ་དང༌། དེའི་གནས་འོག་མིན་སྟུག་པོ་བཀོད་པའི་རྣམ་པར་བཞག་པ་ཡང་གཅིག་པུ་དེ་ཁོ་ན་ཡིན་པར་གྲུབ་ལ། དེ་ལྟར་གྲུབ་པ་ན་མ་འོངས་པ་ན་སངས་རྒྱ་བར་འགྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུ་ཇི་སྙེད་པ་ཡང་རྟེན་དེ་ཉིད་དང༌། གནས་དེ་ཉིད་ཀྱི་ངེས་པས་ལོངས་སྐུ་ཆེན་པོ་མངོན་དུ་བྱས་པར་གྲུབ་བོ། །དེ་ལས་གཞན་དུ་སེམས་ཅན་རེ་རེ་སངས་རྒྱས་པའི་འོག་མིན་གྱི་བཀོད་པ་སྔར་བཤད་པ་དེ་འདྲ་རེ་རེ་གསར་དུ་བསྐྲུན་དགོས་ན་ནི། ཤེས་བྱེད་ཀྱི་ལུང་རིགས་རྙེད་པར་དཀའ་ལ། ཁྱད་པར་དེ་དང་དེ་དག་མ་ཚང་བའི་སྟུག་པོ་བཀོད་པའི་རྣམ་པར་བཞག་པ་ནི། མདོ་རྒྱུད་བསྟན་བཅོས་ནས་བཤད་པ་མེད་དོ་ཞེས་གོང་མའི་གོང་མར་གྱུར་པ་དག་མཐུན་པར་གསུང་ངོ༌། །དེ་ལས་གཞན་དུ་ན་རྣམ་སྣང་ཆེན་པོ་དེ་ཤཱཀྱ་ཐུབ་པའི་ལོངས་སྐུར་བཞག་དཀའ་བ་ཡིན་ཏེ། སྟོན་པ་འདིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སོགས་སློབ་པ་ལམ་གྱི་མཛད་པ་རྣམས་རྣམ་སྣང་ཆེན་པོ་དེའི་ཞིང་གི་ནང་དུ་ཚུད་པའི་འཇིག་རྟེན་གྱི་ཁམས་དག་ཏུ་མཛད་པ་ཡིན་གྱི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ལས་འཇིག་རྟེན་གཞན་དུ་མཛད་པར་བཤད་དཀའ་བའི་ཕྱིར་དང༌། སྟོན་པས་སློབ་ལམ་གྱི་མཛད་པ་རྣམས་མཛད་པའི་དུས་དེར་རྣམ་སྣང་ཆེན་པོ་དེས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་དེ་མ་བཟུང་ན་ནི་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལྟར་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདི་ན་སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་གཅིག་པུ་དེ་ཁོ་ནར་ངེས་སོ། །དེའི་ཕྱིར་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ཀྱི་ནང་དུ་ཚུད་པའི་སྤྲུལ་སྐུའི་ཞིང་ཁམས་སོ་སོ་བ་རྣམས་འཆགས་འཇིག་བྱེད་ཀྱང༌། སྟུག་པོ་བཀོད་པོ་ཉིད་དང་དེའི་རྟེན་དུ་གྱུར་པའི་སྤོས་ཆུའི་རྒྱ་མཚོ་གང་ན་འཁོད་པའི་འཇིག་རྟེན་གྱི་ཁམས་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་དེ་ནི་འཇིག་པའི་སྐབས་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་བཀོད་པ་ཉམས་དགའ་ནི། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེ་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པར་ལོངས་སྤྱོད་ཚུལ་འདི་འབྱུང༌། །ཞེས་གསུངས་སོ། །མདོར་བསྡུ་ན། སྟུག་པོ་བཀོད་པར་སངས་རྒྱས་གསར་པ་རེས་ལོངས་སྐུ་མངོན་དུ་བྱས་པའི་ཚེ་ལོངས་སྐུ་སྔ་མ་དེ་གཞན་དུ་གཤེགས་ནས་དེའི་རྒྱལ་ཚབ་ཀྱི་རྣམ་པ་ལྟ་བུར་བཞུགས་པ་ཡང་མ་ཡིན། སྟུག་པོ་བཀོད་པའི་ཞིང་དེའི་བདག་པོར་གྱུར་པའི་ལོངས་སྐུ་ཆེན་པོའི་ཆ་ལུགས་སོ་སོ་ཐ་དད་དུ་འཛིན་པ་དུས་མ་མགོ་དཔོན་ཐ་དད་ཀྱི་ཚུལ་དུ་བཞུགས་པ་ཡང་མ་ཡིན། སངས་རྒྱས་རེ་རེས་འོག་མིན་རེ་རེ་གསར་དུ་བསྐྲུན་པ་ཡང་མ་ཡིན་ཏེ། དཔེར་ན་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་སྤྲུལ་སྐུར་སངས་རྒྱས་པའི་གནས་རྡོ་རྗེའི་གདན་བཞིན་ནོ། །དེའི་ཕྱིར་རྣམ་སྣང་གངས་ཆེན་མཚོ་ལྟ་བུ་གཟུགས་སྐུ་གཅིག་གི་རྟེན་ལ་ཡེ་ཤེས་ཀྱི་སྐུ་རབ་འབྱམས་རྒྱ་མཚོ་དུ་མ་ངོ་བོ་དབྱེར་མེད་པའི་ཚུལ་གྱིས་བཞུགས་སུ་མི་རུང་བར་སྨྲ་ན། སྔགས་གཞུང་རྒྱ་མཚོ་ལྟ་བུ་ལྟ་ཅི་སྨོས། མདོ་སྡེའི་གཞུང་ལུགས་དུ་མ་དག་དང་འགལ་བའི་ཚུལ་འོག་ནས་འབྱུང་ངོ༌། །གཉིས་པ་རྒྱུན་མཐའ་ལ་གནས་པའི་སེམས་དཔས་གནས་འོག་མིན་དུ་ལོངས་སྐུ་མངོན་དུ་མཛད་པའི་ཚུལ་ལ་གཉིས་ཏེ། སློབ་དཔོན་ཀུན་དགའ་སྙིང་པོའི་བཞེད་པ་དང༌། ཤཱཀྱ་བཤེས་གཉེན་གྱི་བཞེད་པ་དང༌། ངེས་པའི་དོན་ངོས་བཟུང་བའོ། །དང་པོ་ནི། དེ་ཉིད་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་འོག་མིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་མཛད་པ་ཞིག་ཡོད་པར་བཤད་པ་དེ། ཟས་གཙང་གི་སྲས་དོན་གྲུབ་ནི་མ་ཡིན་ཏེ། སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དོན་གྲུབ་ཞེས་བྱ་བ་འོག་མིན་དུ་བྱོན་ནས་སྟུག་པོ་བཀོད་པའི་ཞིང་ཁམས་ཆོས་ཀྱི་མེ་ལོང་གི་མཛོད་ཆེན་པོ་ཀ་བ་ས་ཡ་ཕྲག་ཕྱེད་དང་བཅུ་གསུམ་ཡོད་པའི་ཁང་པའི་དབུས་པདྨའི་སྡོང་བུ་ལ་བརྫུས་ཏེ་སྐྱེས་པ་པ་ལ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་གདམས་ངག་བསྟན་པའི་དོན་བསྒོམ་པ་ཉིད་ཀྱི་སངས་རྒྱ་བར་དགོངས་ནས་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས་དེས་འབྲས་བུ་མངོན་དུ་བྱ་བར་མ་ནུས་པ་ན་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྤྲུལ་ཞིང་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་བསྒོམས་པས་རྣམ་པར་སྣང་མཛད་ཀྱི་སྐུ་རུ་སངས་རྒྱས་པར་གྱུར་པ་ལ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་ནས་རི་རབ་ཀྱི་རྩེ་མོར་མི་བསྐྱོད་པ་ལ་སོགས་པ་བཞི་དང་ལྷན་ཅིག་ཏུ་བྱོན་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་པ་ལ་སོགས་པ་རྣལ་འབྱོར་རྒྱུད་ཀྱི་གཞུང་དུམ་བུ་བཞིའི་དཀྱིལ་འཁོར་རྣམས་རྡོ་རྗེ་སེམས་དཔའ་འཁོར་ལོས་བསྒྱུར་བ་བཞིར་སྤྲུལ་ནས། དེ་དག་གིས་སྤྲུལ་བཤད་བྱས་ནས་འདོད་ཁམས་ཀྱི་ལྷ་རྣམས་དབང་བསྐུར་ཞིང༌། སླར་བསྡུས་ཏེ་འོག་མིན་དུ་ལོངས་སྐུའི་ཐུགས་ཁར་ཐིམ་མོ། །དེ་ནས་བསྐལ་པ་གསུམ་ལྡན་དང་གཉིས་ལྡན་གྱི་དུས་སུ་ཆོས་གསུངས་པར་བཞི་པ་རྩོད་དུས་ཀྱི་ཐོག་མར་རྣམ་པར་སྣང་མཛད་ཀྱི་ཐུགས་ཁ་ནས་རྡོ་རྗེ་སེམས་དཔའ་བྱེ་བ་ཕྲག་བརྒྱ་སྤྲུལ་ཏེ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྤྲུལ་ནས། མ་ཕམ་པ་རྒྱལ་ཚབ་ཏུ་དབང་བསྐུར་ཞིང༌། དེ་ནས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་རྒྱལ་པོ་ཟས་གཙང་མ་དང་ལྷ་མོ་སྒྱུ་འཕྲུལ་མའི་སྲས་སུ་སྐྱེ་བ་ལེན་པ་སོགས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་སངས་རྒྱ་བའི་ཚུལ་སྟོན་པར་བཞེད་དོ།།  །།གཉིས་པ་ཤཱཀྱ་བཤེས་གཉེན་གྱི་ལུགས་ལ་གཉིས་ཏེ། དེ་ཉིད་བསྡུས་པའི་རྒྱུད་དང་མཐུན་པར་འཆད་པ་དང༌། གསང་བ་འདུས་པའི་ལུགས་དང་མཐུན་པར་འཆད་པའོ། །དང་པོ་ནི། ཀུན་སྙིང་གི་བཞེད་པ་དེ་ཐེག་པ་ཐུན་མོང་གི་ལུགས་དང་མཐུན་ཀྱང༌། རྣལ་འབྱོར་རྒྱུད་ཀྱི་ལུགས་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་ཞེས་བྱ་བ་ཟས་གཙང་གི་སྲས་མ་ཡིན་པ་ཞིག་དེར་སངས་རྒྱས་པ་དང༌། དེ་ནས་དམ་པ་ཏོག་དཀར་དུ་སྐྱེ་བར་བཤད་པའི་ཁུངས་མེད་པ་དང༌། རྫོགས་ལྡན་གྱི་ཚེ་གསང་སྔགས་ཀྱི་གདུལ་བྱ་མེད་པ་དང༌། རི་རབ་ཀྱི་རྩེ་མོར་སྤྲུལ་བཤད་བྱས་པའི་ཚེ། ཟས་གཙང་གི་སྲས་སུ་འཁྲུངས་པ་མ་ཟིན་ན་ཤཱཀྱ་ཐུབ་པ་དང༌། ཤཱཀྱ་སེང་གེ་ལ་སོགས་པར་འགལ་བ་ལས། དེ་ལྟར་ཡང་འདོད་ནུས་པ་མ་ཡིན་ཏེ། དེ་ཉིད་བསྡུས་པ་ལས། བཅོམ་ལྡན་འདས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་ཞེས་པ་དང༌། དུམ་བུ་གསུམ་པ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་གདབ་པའི་ཚིག་ཐོས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་མངོན་དུ་ཕྱོགས་ནས་ཞེས་དང༌། རྒྱུད་ཕྱི་མའི་མཚན་བརྒྱ་ལས། ཤཱཀྱ་སེང་གེ་ཤཱཀྱ་ཆེ། །ཤཱཀྱ་ཤཱཀྱ་ཐུབ་པ་ཆེ། །ཞེས་བཤད་ལ། འཛམ་བུའི་གླིང་དུ་མ་བྱོན་པར་ཤཱཀྱའི་མིང་འོང་དོན་མེད་པའི་ཕྱིར། གཞན་ཡང་རི་རབ་ཀྱི་རྩེ་མོ་ནས་འོག་མིན་དུ་སླར་ལོག་པ་མིན་ཏེ། སྤྲུལ་བཤད་ཀྱི་རྗེས་ལ་འཛམ་བུའི་གླིང་དུ་བྱོན་ནས་དཀའ་ཐུབ་ཀྱི་ལུས་ལ་ཞུགས་ཤིང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱོན་པར་གསུངས་པའི་ཕྱིར་རོ། །དེས་ན་ཟས་གཙང་གི་སྲས་པོ་དོན་གྲུབ་ཏུ་འཁྲུངས་ནས་ཆུ་བོ་ནེ་རཉྫ་ནའི་དྲུང་དུ་དཀའ་བ་སྤྱོད་པའི་ཚུལ་སྟོན་པའི་དུས་དེར་རྣམ་སྨིན་གྱི་ལུས་དེར་བཞག ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ནས་མངོན་པར་བྱང་ཆུབ་པ་ལྔས་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་གསུངས་ནས་སླར་ཡང་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱ་བའི་ཚུལ་སྟོན་པར་བཞེད་དོ། །གཉིས་པ་ནི། གསང་བ་འདུས་པའི་རིམ་པ་ལྔ་པར་རྒྱ་ཆེར་རོལ་པའི་མདོ་དྲངས་ནས་ལོངས་སྐུ་མངོན་དུ་བྱེད་པའི་ཚུལ་བཤད་པ་དེ་ཡང༌། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་བཞེད་པ་གོང་དུ་བཤད་མ་ཐག་པ་དེ་དང་མཐུན་པ་ཡིན་ཏེ། ལུགས་འདི་ལ་ཆུ་བོ་ནེ་རཉྫ་ནའི་དྲུང་དུ་དཀའ་ཐུབ་ཀྱི་ལུས་ལ་བཞུགས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་ཏེ། འོད་གསལ་མངོན་དུ་མཛད་དེ། འོག་མིན་དུ་གཤེགས་ནས་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས་སླར་ཡང་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུར་སངས་རྒྱ་བར་བཞེད་པས་སོ། །འོ་ན་དེར་དེའི་མདོ་དྲངས་པ་དེ་གང༌། མདོ་དེའི་དོན་ཅི་ཞེ་ན། དང་པོ་ནི། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདི་བཞེད་ནས། །སྟོང་པ་ཆེན་པོས་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནེ་རཉྫ་ནའི་ཆུ་འགྲམ་དུ། །མི་གཡོའི་ཏིང་འཛིན་ལ་བཞུགས་པ། །དེ་ཚེ་རྒྱལ་བ་མཁའ་རྡོ་རྗེ། །ཏིལ་གྱི་གང་བུ་བཞིན་དུ་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང༌། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ནི་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་ཐོབ་སྟེ། །ནམ་མཁའི་ངོས་ལྟར་ཕྱོགས་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བའི་གནས་ཐོབ་ནས། །རབ་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་ཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང༌། །དེ་ནས་ཏིང་འཛིན་མི་གཡོ་གཏང༌། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་ཉིད་མིན་ཞིང༌། །མི་དྲང་བ་ནི་མ་ཡིན་ཏེ། །དབུགས་གཏོང་བ་དང་རྔུབ་པ་དང༌། །གསུང་བ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམ་པ་མ་ཡིན་ཞིང༌། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨད་པོ་ཆེ། །དད་ཅིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནི་དེ་ནས་གསལ་མཐོང་འགྱུར། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང༌། །འོད་གསལ་བ་ནི་ཡང་དག་འཆང༌། །རྡོ་རྗེ་ལྟ་བུའི་རང་བཞིན་གྱིས། །སྐྱ་རེངས་འཆར་བའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་སྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །དེས་ནི་བདུད་རྣམས་བཅོམ་པར་མཛད། །ཞེས་པའོ། །གཉིས་པ་མདོ་དེའི་དོན་ལ། སྒྲ་ཇི་བཞིན་པ་དང༌། རིམ་ལྔའི་དགོངས་པའོ། །དང་པོ་ནི། དཀའ་བ་སྤྱོད་པའི་དུས་དེར་འཇིག་རྟེན་པའི་བསམ་གཏན་བཞི་པའི་སྙོམས་འཇུག་ལ་སྙོམས་པར་ཞུགས་པ་དེ་ཡང་དག་པ་མ་ཡིན་པས། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་དྲུངས་འབྱིན་པར་བྱེད་དགོས་པའི་དོན་ནོ། །གཉིས་པ་ནི། མི་གཡོ་བའི་ཏིང་ངེ་འཛིན་ཞེས་བྱ་བ་དབུགས་འབྱུང་རྔུབ་བཀག་པ་ཙམ་གྱི་ཏིང་ངེ་འཛིན་དེ་བཏང་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཏིང་ངེ་འཛིན་དེ་དཀའ་ཐུབ་ཀྱི་གནས་དེ་ཉིད་དུ་བསྒོམ་པར་བྱས་ནས། དེའི་འོག་ཏུ་རབ་དགའི་གཟུགས་དང་རྡོ་རྗེའི་སྐུ་ཞེས་བྱ་བ་ཟུང་དུ་འཇུག་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་མངོན་དུ་བྱོས་ཤིག་པར་བསྐུལ་ཞིང༌། བསྐུལ་བ་ལྟར་དེ་མངོན་དུ་མཛད་ནས་སླར་ཡང་དཀའ་ཐུབ་ཀྱི་ལུས་ལ་ཞུགས་པའི་དོན་ཏོ། །དེ་ཡང་འོད་གསལ་ལ་སློབ་པའི་ལམ་གྱི་དང་མི་སློབ་པའི་ཆོས་ཀྱི་སྐུ་གཉིས་ལས་ཕར་ཕྱིན་ཐེག་པ་ལྟར་ན། གཉིས་པ་དེ་འབྲས་བུའི་མཐར་ཐུག་ཏུ་ཁས་ལེན་ཀྱང༌། ལུགས་འདིར་ནི་འོད་གསལ་ཆོས་ཀྱི་སྐུ་དེ་ལ་ཚོར་བ་བཏང་སྙོམས་ཀྱིས་བྱང་ཆུབ་པ་ཡིན་པས། འབྲས་བུའི་མཐར་ཐུག་མ་ཡིན་ལ། ཟུང་དུ་འཇུག་པའི་སྐུ་ནི་ཚོར་བ་བདེ་ཆེན་གྱིས་བྱང་ཆུབ་པའི་སྐུ་ཡིན་པས་འབྲས་བུའི་མཐར་ཐུག་ཡིན་ལ། དེ་མངོན་དུ་བྱེད་པ་ལ་དབང་བཞི་བསྐུར་ཞིང༌། ལམ་བཞི་བསྒོམས་པས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པ་ནི། འབྲས་བུའི་མཐར་ཐུག་ཡིན་ལ་དེ་མངོན་དུ་བྱེད་པའི་གནས་ཀྱང་འོག་མིན་ཁོ་ནར་ངེས་པའོ། །དེ་སྐད་དུ་ཡང༌། རིམ་ལྔ་ལས། སྒྱུ་མ་ལྟ་བུའི་ཏིང་འཛིན་ནི། །ཡང་དག་མཐས་ནི་རྣམ་པར་སྦྱངས། །ཡང་དག་མཐའ་ལས་ལངས་ནས་ནི། །གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར། །ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །རྡོ་རྗེ་འཛིན་པ་ཆེ་དེ་ཡང༌། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པ་དེ་ནས་འགྱུར། །ཞེས་གསུངས་སོ། །དེ་ཡང་ཕར་ཕྱིན་ཐེག་པ་ལྟར་ན་ཆོས་ཆོས་ཀྱི་སྐུ་མཐར་ཐུག་མངོན་དུ་མཛད་པའི་གནས་ནི་འོག་མིན་ཁོ་ནར་ངེས་ལ། གསང་བ་འདུས་པ་ལྟར་ན། འཛམ་བུའི་གླིང་དུ་སྒྱུ་ལུས་ལ་འོད་གསལ་མཐར་ཐུག་མངོན་དུ་བྱས་པ་ཞིག་གིས་ཀྱང་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་མངོན་དུ་བྱེད་པའི་གནས་ནི་འོག་མིན་ཁོ་ནར་ངེས་སོ། །ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོ་ནི། དང་པོ་སེམས་བསྐྱེད་པ་ནས་ས་བདུན་པའི་བར་དུ་ཀུན་རྫོབ་ཀྱི་བདེན་པ་རྫོགས་པར་མཛད། ས་བརྒྱད་པ་ནས་བཅུ་པའི་བར་དུ་དོན་དམ་པའི་བདེན་པ་ལྷུན་གྱིས་གྲུབ་སྟེ། བཅུ་གཅིག་པ་ཀུན་ཏུ་བཟང་པོའི་ས་ལ་བཞུགས་པ་དེའི་ཚེ། དགའ་ལྡན་ནས་འཛམ་བུའི་གླིང་དུ་བབས་ཏེ་དཀའ་ཐུབ་ཀྱི་ལུས་མི་ཡུལ་དུ་བཞགས་ནས། ཡིད་ཀྱི་ལུས་འོག་མིན་དུ་གཤེགས་ཏེ་མངོན་པར་བྱང་ཆུབ་པ་ལྔས་སྔགས་ཀྱི་སངས་རྒྱས་མངོན་དུ་བྱས་ནས་རི་རབ་ཀྱི་རྩེ་མོ་ལ་སོགས་པར་དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་རྣམས་གསུངས་ཤིང༌། སླར་རྡོ་རྗེའི་གདན་དུ་སྤྲུལ་པའི་སྐུར་སངས་རྒྱས་ནས་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་བཞེད་དོ། །གསུམ་པ་ངེས་པའི་དོན་ངོས་བཟུང་བ་ནི། དེ་ལྟར་འཆད་པ་དེ་ཐམས་ཅད་ཀྱང་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་ལས་སྔོན་བྱུང་སྟོན་པའི་རྣམ་ཐར་དང༌། རྗེས་འཇུག་གདུལ་བྱ་ལམ་ལ་འཇུག་པའི་རིམ་པ་གཉིས་ཆ་མཐུན་དུ་སྦྱར་ནས་གསུངས་པ་ཤིན་དུ་མང་བ་ལས། རྗེས་འཇུག་ལམ་ལ་སློབ་པ་གཙོ་ཆེ་བའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། ངེས་པའི་དོན་དུ་ན་གཞོན་ནུ་དོན་གྲུབ་ཟས་གཙང་གི་སྲས་སུ་འཁྲུངས་པའི་འོག་རོལ་དུ་སངས་རྒྱས་པ་ནི་མ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། སྟོན་པ་འདི་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པའི་གོང་རོལ་དུ། དེ་བཞིན་གཤེགས་པ་དབང་པོའི་མེ་ཏོག་ཅེས་བྱ་བར་སངས་རྒྱས་ཟིན་པར་བཤད་པ་དང༌། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་དག་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཁྲག་ཁྲིག་བརྒྱ་སྟོང་ལྔ་བཅུའི་སའི་ཁམས་རྡུལ་ཕྲ་རབ་དག་ལ་རྡུལ་ཕྲ་རབ་གཅིག་མི་ལ་ལ་ཞིག་གིས་ཁྱེར་ཏེ། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གྲངས་སྔ་མ་དེ་སྙེད་འདས་ནས་རྡུལ་དེ་བཞག་ལ་མི་དེས་རྣམ་གྲངས་འདིས་འཇིག་རྟེན་གྱི་ཁམས་དེ་དག་གི་སའི་ཁམས་རྣམས་ཟད་པར་བྱས་ནས། རྡུལ་དེ་དག་ཐམས་ཅད་རྣམ་གྲངས་འདི་དང༌། བཞག་པའི་ཚུལ་འདིས་ཤར་ཕྱོགས་སུ་བཞག་ན་རིགས་ཀྱི་བུ་དག་འཇིག་རྟེན་གྱི་ཁམས་དེ་དག་གྲངས་ཀྱིས་བགྲང་བར་ནུས་སམ། གསོལ་པ། དེ་ནི་བགྲང་བའམ་བརྟག་པར་ཡང་མི་ནུས་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་སྤྱོད་ཡུལ་ལས་ཀྱང་འདས་སོ། །བཀའ་བསྩལ་པ། མི་དེས་རྡུལ་ཕྲ་རབ་དེ་དག་བཞག་པ་དང༌། གང་དག་མདུན་དུ་མ་བཞག་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ཐམས་ཅད་ན་རྡུལ་ཕྲ་རབ་ཀྱི་རྡུལ་ཡོད་པ་དེ་དག་ནི་ང་མངོན་པར་སངས་རྒྱས་པའི་བསྐལ་པ་བྱེ་བ་ཕྲག་བརྒྱ་སྟོང་ཕྲག་ཇི་སྙེད་པ་དེ་སྙེད་ན་མེད་དོ། །རིགས་ཀྱི་བུ་དག ངས་གང་ཚུན་ཆད་ནས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་དང༌། འཇིག་རྟེན་གྱི་ཁམས་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་ཏུ་སེམས་ཅན་རྣམས་ལ་ཆོས་སྟོན་པ་དེའི་བར་དུ། ངས་མར་མེ་མཛད་ལ་སོགས་པ་གང་དག་ཡོངས་སུ་བརྗོད་པའི་དེ་བཞིན་གཤེགས་པ་དེ་དག་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར། ངས་ཐབས་ལ་མཁས་པའི་ཆོས་བསྟན་པ་དེ་དག་སྤྲུལ་ཏོ་ཞེས་གསུངས་པ་དང༌། དཔའ་བར་འགྲོ་བའི་མདོ་ལས་ཀྱང༌། འཇིག་རྟེན་གྱི་ཁམས་སྒྲོན་མ་གཅིག་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བ་བཞུགས་པ་དེ་དང༌། འཇིག་རྟེན་གྱི་ཁམས་རྣམ་པར་བསྡུད་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ང་ཡིན་ལ། ངས་ཞིང་དེ་དག་ཡོངས་སུ་སྦྱངས་སོ་ཞེས་དང༌། དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས་འདི་ནས་ཕྱོགས་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་དེ་དང་དེ་ཞེས་བྱ་བ་རང་ཉིད་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དེ་དང་དེ་ཞེས་བྱ་བར་གྱུར་ཏོ། །ཞེས་དང༌། ཕལ་པོ་ཆེའི་མདོ་ལས་ཀྱང་དེ་ལྟར་གསུངས་ལ། ཇི་སྐད་དུ་གསུངས་པ་དེ་ཐམས་ཅད་ཀྱང་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེའི་ནང་དུ་ཚུད་པའི་སངས་རྒྱས་ཀྱི་ཞིང་ཤ་དག་ཡིན་གྱི། དེར་མ་ཚུད་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་བཞག་པ་མདོ་སྡེ་ལས་གསུངས་པ་མེད་དོ། །དོན་དེ་དག་ཐུགས་ལ་ཉེ་བར་བཞག་ནས། སློབ་དཔོན་ཟླ་བ་གྲགས་པས་ཀྱང༌། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཤིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་གཤེགས་པའི་བསྐལ་པ་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པ་ན། མདོ་སྡེ་སྣ་ཚོགས་པ་དག་ལས་འབྱུང་བའི་སངས་རྒྱས་ཀྱི་ཞིང་གི་རྣམ་གྲངས་མི་འདྲ་བ་དག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཇི་སྙེད་འཛིན་པ་དེ་ཐམས་ཅད་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ཀྱི་རྣམ་འཕྲུལ་དུ་བཤད་ལ། དེའི་དགོངས་པ་ཡང༌། འོག་མིན་ཆེན་པོ་ན་བཞུགས་པའི་ལོངས་སྐུ་ཆེན་པོ་དེ་ཉིད་ཀྱི་སྤྲུལ་པའི་སྐུ་ཡིན་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ཡང་སྟོན་པ་འདི་དང་པོར་སེམས་བསྐྱེད་པ་ནས་ས་བཅུ་པའི་བར་གྱི་རྣམ་གཞག་ཇི་སྙེད་མདོ་སྡེ་ལས་གསུངས་པ་དེ་ཐམས་ཅད་རང་རྒྱུད་པ་མ་ཡིན་གྱི་རྣམ་སྣང་ཆེན་པོར་སངས་རྒྱས་ཟིན་པའི་འོག་རོལ་དུ་དེ་དང་དེའི་ཚུལ་བསྟན་པའོ་ཞེས་པ་ནི་སྟོན་པ་འདིའི་དབང་དུ་བྱས་པའི་ངེས་པ་ཡིན་ལ། མ་འོངས་པ་ན་སངས་རྒྱ་བར་འགྱུར་བའི་ཆོས་ཀྱི་སྐུ་ཇི་སྙེད་པ་ཡང་རྣམ་སྣང་དེ་ཉིད་ཀྱིས་མངོན་དུ་མཛད་ནས་སྤྲུལ་པས་ཞིང་སྣ་ཚོགས་སུ་དོན་མཛད་པའོ་ཞེས་བྱ་བ་འདི་ཡིན་ནོ། །གསུམ་པ་དེ་དག་གི་རྣམ་གཞག་ཞིབ་མོར་གཏན་ལ་ཕབ་པ་ལ་གསུམ་སྟེ། བཤད་མ་ཐག་པའི་ཞིང་ཁམས་དེ་འོག་མིན་སྟུག་པོ་བཀོད་པ་མ་ཡིན་པར་འདོད་པའི་ལོག་པར་རྟོག་པ་བསལ་བ། སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་དང་འོག་མིན་ཆེན་པོ་གཅིག་ཁོ་ན་མ་ཡིན་པར་འདོད་པའི་ལོག་པར་རྟོག་པ་བསལ་བ། ལོངས་སྐུ་ཆེན་པོ་དེས་ཐེག་པ་ཆེན་པོའི་ཆོས་ཇི་ལྟར་གསུངས་པའི་ཚུལ་མདོ་ཙམ་ཞིག་བརྗོད་ནས་ཞར་ལ་གཞན་དག་གི་ལོག་པར་རྟོག་པ་དུ་མ་ཞིག་བསལ་བའོ། །དངོས་དང༌། འོག་མིན་གྱི་ངོས་འཛིན་གཞན་དུ་འདོད་པ་མི་འཐད་པའོ། །དང་པོ་ནི། རྗེ་བཙུན་ས་སྐྱ་པའི་གསུང་གིས་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་དེ། འོག་མིན་སྟུག་པོ་བཀོད་པའི་ངོས་འཛིན་དུ་བཞེད་པ་ལ། སློབ་དཔོན་གཞན་དག་ན་རེ། དེ་ནི་འཐད་པ་མ་ཡིན་ཏེ། ཞིང་ཁམས་དེ་ཤཱཀྱ་ཐུབ་པ་མིན་པའི་སངས་རྒྱས་གཞན་ཞིག་གི་ལོངས་སྐུའི་ཞིང་ཁམས་སུ་མདོ་ལས་བཤད་པའི་ཕྱིར་ཞེས་གསུངས་པ་དེ་ནི་རྣམ་པར་མ་བརྟགས་པ་ཡིན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གཞི་དང་སྙིང་པོ་མེ་ཏོག་གི རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་འདི་ངའི་སྨོན་ལམ་གྱིས་ཡོངས་སུ་བཟུང་ངོ་ཞེས་ཞིང་དེ་ཉིད་རྣམ་སྣང་སངས་རྒྱས་པའི་ཞིང་དུ་གསུངས་ལ། དེར་ང་ཞེས་བཤད་པ་དེ་ཤཱཀྱ་ཐུབ་པའི་ལོངས་སྐུ་ལ་མི་འཆད་ན། རྣམ་སྣང་མངོན་བྱང་གི་རྒྱུད་གསུང་བ་པོའི་རྣམ་སྣང་དེ་ཤཱཀྱ་ཐུབ་པ་མ་ཡིན་པ་སངས་རྒྱས་གཞན་ཞིག་གི་ལོངས་སྐུར་ཁྱེད་ཀྱིས་ཁས་ལེན་དགོས་པར་ཐལ་བའི་ཕྱིར་དང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་གང་ལ་ལ་དག་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་བཀོད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་ངེས་པར་སྟོན་པ་འདི་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྤྱོད་པ་ལ་ནན་ཏན་བྱེད་པ་དང༌། བསྒྲུབ་པ་དང༌། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་སྟོན་པ་དེ་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ། །མདོར་ན་སེམས་ཅན་གང་ལ་དགེ་བ་མངོན་པར་འདུ་བྱ་བ་དེ་དང་དེ་ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་བསྡུས་པ་ཤ་དག་སྟེ་ཞེས་རྣམ་པར་སྣང་མཛད་དེ་ཉིད་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་འདིའི་སྣོད་བཅུད་ཀྱི་ཞིང་སྦྱོང་བ་པོ་དང༌། ཞིང་འདིར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སངས་རྒྱས་དེ་ཐམས་ཅད་རྣམ་སྣང་དེའི་སྤྲུལ་པར་བཤད་ལ། ཁྱེད་ལྟར་ན་ཤཱཀྱ་ཐུབ་པ་མ་ཡིན་པའི་སངས་རྒྱས་གཞན་ཞིག་གིས་ཞིང་འདི་སྦྱངས་པར་ཐལ་བ་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་ཞིང་འདིའི་སྤྲུལ་སྐུ་རྣམས་རང་རང་གི་ལོངས་སྐུ་མ་ཡིན་པའི་ལོངས་སྐུ་དེའི་སྤྲུལ་སྐུ་ཐལ་བ་དང༌། ཡང་ན་སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེའི་ནང་དུ་མ་ཚུད་པར་ཐལ་བས་སོ། །གཉིས་པ་ལ། སྔ་རབས་པ་ཁ་ཅིག གནས་གཙང་མའི་འོག་མིན་གྱི་སྟེང་ན་ལྷའི་བུ་དབང་ཕྱུག་ཆེན་པོའི་གནས་འོག་མིན་ཞེས་བྱ་བ་ཞིག་བཤད་པ་དེ་ལོངས་སྐུའི་གནས་འོག་མིན་སྟུག་པོ་བཀོད་པའོ་ཞེས་ཟེར་བ་དེ་ནི་ཡང་དག་པ་མ་ཡིན་ཏེ། སྟོང་གསུམ་རེ་རེ་ལ་ཡང་དེ་འདྲའི་འོག་མིན་རེ་རེ་ཡོད་པས། འོག་མིན་ཐུག་མེད་དུ་ཐལ་བར་འགྱུར་བ་དང༌། དེ་ལ་འདོད་མི་ནུས་པའི་ཤེས་བྱེད་ཀྱང༌། འཇིག་རྟེན་གྱི་ཁམས་ཉི་ཤུ་གོང་ནས་གོང་དུ་བརྩེགས་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་རེ་རེ་ན་འོག་མིན་སྟུག་པོ་བཀོད་པ་ཡང་གྲངས་ལས་འདས་པར་ཡོད་པར་འགྱུར་ཏེ། དེ་རེ་རེ་ན་སྟོང་གསུམ་གྲངས་ལས་འདས་པ་ཡོད་པའི་ཕྱིར། ཡང་གསང་སྔགས་པ་དག རང་ཉིད་གང་དུ་སངས་རྒྱས་པའི་གནས་དེ་འོག་མིན་ཡིན་པས། འོག་མིན་མཐའ་གཅིག་ཏུ་མ་ངེས་སོ་ཞེས་ཟེར་རོ། །དེ་མི་འཐད་པ་ལ་གཉིས་ཏེ། གསང་སྔགས་པ་ཞིག་ཚེ་གཅིག་ལ་གང་དུ་སངས་རྒྱས་པའི་གནས་དེ་འོག་མིན་ཡིན་པ་ལ་དཔྱད། གནས་ཀྱི་འོག་མིན་མཐའ་གཅིག་ཏུ་མ་ངེས་པ་མི་འཐད་པའོ། །དང་པོ་ནི། དེ་འདྲ་དེ་ངེས་དོན་གྱི་འོག་མིན་དུ་འདོད་པ་ལ་འགལ་བ་མེད་དེ། ངེས་དོན་གྱི་ཡུལ་ཉི་ཤུ་རྩ་བཞི་རང་གི་ལུས་ལ་ཚང་བ་བཞིན་ནོ། །དེ་དག་གནས་ཀྱི་འོག་མིན་དུ་འདོད་ན་མི་འཐད་དེ། དེའི་མཚན་ཉིད་གང་ཡང་མ་ཚང་བའི་ཕྱིར་དང༌། དེ་ཉིད་བསྡུས་པ་ལ་སོགས་པའི་རྒྱུད་ལས་འོག་མིན་དང་འཛམ་བུའི་གླིང་གི་རྣམ་གཞག་སོ་སོ་ཐ་དད་པ་གསུངས་པ་དང་འགལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུད་སྡེ་གོང་མ་གཉིས་ལྟར་ན་འཛམ་བུའི་གླིང་གི་རྣལ་འབྱོར་པ་ཚེ་གཅིག་ལ་སངས་རྒྱ་བ་དེའི་ཚེ། གཞི་ལུས་ཀྱི་རྟེན་ལ་ཆོས་ཀྱི་སྐུ་མཐར་ཐུག་མངོན་དུ་བྱས་པ་དང༌། མ་བྱས་པར་འདོད་པའི་ལུགས་གཉིས་ལས་གང་ལྟར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་འོག་མིན་གྱི་གནས་ཁོ་ནར་མངོན་དུ་མཛད་དགོས་པ་ཡིན་ཏེ། རྣལ་འབྱོར་རྒྱུད་ལྟར་ན་གནས་དེར་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་སངས་རྒྱས་དགོས་པའི་ཕྱིར་དང༌། རྣལ་འབྱོར་བླ་མ་ལྟར་ན་གནས་དེ་ཁོ་ནར་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་མངོན་དུ་མཛད་དགོས་པའི་ཕྱིར། དེ་སྐད་དུ་ཡང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་པ་འགོག་པ་མེད། །ཡན་ལག་བདུན་པོ་ཉིད་དང་ལྡན་པའི་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་གོམས་བློ་ཅན་གྱིས་ཀྱང་བསྔགས། །ཞེས་གསུངས་པ་ལ། དེའི་ཡན་ལག་དྲུག་པ་ཁ་སྦྱོར་རྒྱུན་མི་ཆད་པ་ནི་ངེས་པ་ལྔ་དང་ལྡན་པའི་ལོངས་སྐུ་ཁོ་ན་ལ་འཆད་དགོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་འཛམ་བུའི་གླིང་ཉིད་དུ་ཡན་ལག་བདུན་ལྡན་གྱི་ལོངས་སྐུ་མངོན་དུ་བྱེད་ནུས་ན། འོད་གསལ་ལས་མི་སློབ་པའི་ཟུང་འཇུག་ཏུ་ལྡང་དགོས་པ་ལ་ཤེས་བྱེད་ཅི་ཡང་མེད་དོ། །དེ་ཡང་འཛམ་གླིང་གི་ལུས་རྟེན་ལ་སངས་རྒྱས་པའི་དུས་ཀྱི་སྒྱུ་ལུས་ཀྱི་སྐུ་དེ་སངས་རྒྱས་ཀྱི་སྐུ་མཚན་ཉིད་པ་ཡིན་ཀྱང༌། སྤྱིར་ཟུང་འཇུག་གི་སྐུ་དང༌། ཁྱད་པར་ཡན་ལག་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་མ་ཡིན་གྱི་སྤྲུལ་པའི་སྐུར་བཞག་དགོས་པ་ཡིན་ནོ། །གཉིས་པ་ནི། གནས་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བ་དེ་མཐའ་གཅིག་ཏུ་མ་ངེས་ན་ལོངས་སྤྱོད་རྫོགས་པའི་སྐུ་གནས་འོག་མིན་ཁོ་ནར་བཞུགས་པ་དང༌། འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནས་བསྐོར་བ་དང༌། སོ་སོ་སྐྱེ་བོ་དང་ཉན་རང་སོགས་ལ་དངོས་སུ་མི་སྣང་བའི་རྣམ་གཞག་ཐམས་ཅད་འཁྲུགས་པར་འགྱུར་ཞིང༌། ལས་ཉོན་གྱི་དབང་གིས་གྲུབ་པའི་འཇིག་རྟེན་གྱི་ཁམས་དང་འོག་མིན་སྟུག་པོ་བཀོད་པའི་གཞི་མཐུན་ཁས་ལེན་དགོས་པ་སོགས་རིགས་པ་དང་འགལ་བ་དུ་མ་འབྱུང་བར་མ་ཟད་གོང་དུ་དྲངས་པའི་རྒྱུད་ཀྱི་ལུང་རྣམས་དང་འགལ་ལོ། །གཉིས་པ་འོག་མིན་དང་ལོངས་སྐུ་གཅིག་ཁོ་ནར་མི་འདོད་པའི་ལོག་རྟོག་བསལ་བ་ནི། བོད་སྔ་རབས་དང་ཕྱི་རབས་ཀྱི་མཁས་པ་ཕལ་ཆེ་བ་དག་མཐུན་པར། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལྟ་བུ་སློབ་པ་ལམ་གྱི་གནས་སྐབས་ཀྱི་ཤེས་རྒྱུད་མི་གཅིག་པ་སོ་སོ་བ་དག་གིས་ཐོབ་པའི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སོ་སོ་ཐ་དད་པ་ཁོ་ནར་ངེས་སོ་ཞེས་ཟེར་ལ། དེའི་གནས་འོག་མིན་ལ་ནི་གཅིག་དང་ཐ་དད་ཀྱི་དཔྱད་པ་བྱས་པ་མི་སྣང་ཞིང༌། གཅིག་ཡིན་པ་གཞིར་བྱས་ནས་མཆོད་པར་བྱེད་དོ། །འདི་མི་འཐད་པ་ལ་གཉིས་ཏེ། འོག་མིན་གཅིག་ཏུ་ལོངས་སྐུ་མང་པོའི་རྣམ་བཞག་མི་འཐད་པ་དང༌། རྟེན་དང་བརྟེན་པ་གཉིས་ཀ་མང་པོར་ཁས་ལེན་པ་མི་འཐད་པའོ། །དང་པོ་ནི། དེ་ལྟར་འཆད་པའི་ལུང་མེད་པ་དང༌། འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཅིག་པུ་དེ་ལོངས་སྐུ་རྫས་ཐ་དད་པ་མང་པོའི་ཞིང་ཁམས་སུ་འདོད་ན། སྟོང་གསུམ་མི་མཇེད་ཀྱི་ཞིང་ལྟ་བུ་ཞིང་ཁམས་གཅིག་ཀྱང་སྤྲུལ་སྐུ་མི་འདྲ་བ་མང་པོའི་བསྟན་པ་ཅིག་ཆར་དུ་གནས་པའི་ཞིང་ཁམས་སུ་ཧ་ཅང་ཐལ་བར་འགྱུར་རོ། །གཉིས་པ་ནི། སེམས་ཅན་གཅིག་གསར་དུ་སངས་རྒྱས་པའི་ཚེ་འོག་མིན་གསར་པ་གཅིག་འབྱུང་ན་གོང་དུ་བཤད་པའི་མཚན་ཉིད་ཅན་གྱི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་བཀོད་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དེ་འདྲ་ཞིག་གསར་དུ་འབྱུང་དགོས་པར་འགྱུར་ཏེ། མཚན་ཉིད་དེ་དང་མི་ལྡན་པའི་འོག་མིན་གྱི་རྣམ་པར་བཞག་པ་མདོ་རྒྱུད་ལས་མ་བཤད་པའི་ཕྱིར་རོ། །དེ་ཡང་དེ་ལྟ་ན་སེམས་ཅན་གཅིག་གསར་དུ་སངས་རྒྱས་པའི་ཚེ་སྔོན་མེད་པའི་སངས་རྒྱས་ཀྱི་ཞིང་གསར་པ་དང༌། སྔོན་མེད་པའི་སེམས་ཅན་དེ་སྙེད་གཅིག་གསར་དུ་སྐྱེ་བར་འགྱུར་དགོས་པས་ཧ་ཅང་ཐལ་ལོ། །དེས་ན་རང་གི་ལུགས་རྣམ་པར་དག་པ་ནི་འདི་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་ལས་ཆོས་ཀྱི་སྐུ་ཐམས་ཅད་གཅིག་ཏུ་འདྲེས་ཤིང༌། དེ་ལྟར་འདྲེས་པའི་ཆོས་སྐུ་དེས་རྟེན་ལོངས་སྐུ་ཡང་གཅིག་ཁོ་ན་མངོན་དུ་བྱེད་ནུས་པ་ཡིན་ཏེ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། ཀླུང་དག་སའི་འོག་ཏུ་མ་སོང་བར། །གནས་རྣམས་ཐ་དད་ཆུ་ཡང་ཐ་དད་ལ། །ཆུ་ཡང་ཆུང་ཞིང་བྱ་བ་ཐ་དད་བྱེད། །ཆུར་གནས་སྲོག་ཆགས་ཉུང་ངུའི་ཉེར་སྤྱད་འགྱུར། །རྒྱ་མཚོར་སོང་བར་གྱུར་ན་ཐམས་ཅད་ཀྱང༌། །གནས་རྣམས་གཅིག་ཅིང་ཆུ་ཡང་ཆེ་ལ་གཅིག །བྱ་བ་གཅིག་ཅིང་ཆུ་ལ་གནས་པ་ཡི། །སྲོག་ཆགས་མང་པོ་རྟག་ཏུ་ཉེར་སྤྱད་ཆེ། །སངས་རྒྱས་ཉིད་དུ་མ་ཞུགས་བརྟན་པ་རྣམས། །རྟེན་ཀྱང་ཐ་དད་བློ་གྲོས་ཐ་དད་ཅིང༌། །རྟོག་ཆུང་རང་གི་བྱ་བ་ཐ་དད་ལ། །སེམས་ཅན་ཉུང་དོན་རྟག་ཏུ་ཉེར་སྤྱད་འགྱུར། །སངས་རྒྱས་ཉིད་དུ་ཞུགས་ན་དེ་དག་ཀུན། །རྟེན་ཀྱང་གཅིག་ཅིང་རྟོགས་པ་ཆེ་ལ་གཅིག །མཛད་པ་གཅིག་ཏུ་འདྲེས་ཤིང་རྟག་པར་ཡང༌། །སེམས་ཅན་ཚོགས་ཆེའི་ཉེ་བར་སྤྱོད་པ་ཆེ། །ཞེས་གསལ་བར་གསུངས་པ་དེར་རྟེན་གཅིག་པ་ཞེས་པ་དེ་ལོངས་སྐུའི་རྟེན་གཅིག་པ་ལས་འོས་གཞན་མེད་པའི་ཕྱིར་དང༌། ཡང་དེ་ཉིད་ལས། ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་མེད་འདྲེས་ཤིང༌། །རྟག་ཏུ་བྱ་བ་གཅིག་ལ་འཇུག །འཇིག་རྟེན་ལ་ཡང་སྣང་བར་བྱེད། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང༌། །ཞེས་གསུངས་པ་དེ་ཡང་ཆོས་སྐུ་འདྲེས་པ་ལ་འཆད་དགོས་ལ། འདྲེས་པའི་ཆོས་སྐུ་དེ་ཡང་རྟེན་ལོངས་སྐུ་གཅིག་ལ་བརྟེན་དགོས་པས་སོ། །འོ་ན་སྤྲུལ་པའི་སྐུ་ཡང་གཅིག་ཁོ་ན་རེ་མཚུངས་ཏེ། རྟེན་སྤྲུལ་སྐུ་གཅིག་ལ་ཡེ་ཤེས་ཀྱི་སྐུ་དུ་མ་འཇུག་ཏུ་རུང་བའི་ཕྱིར་སྙམ་ན། དེ་མི་མཚུངས་པར་འཆད་པ་ནི། ཡང་དེ་ཉིད་ལས། རིགས་ཐ་དད་ཕྱིར་དོན་ཡོད་ཕྱིར། །རྫོགས་ཕྱིར་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའང་མིན། །ཞེས་དང༌། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལས་རྗེས་འབྲངས་པའི་ཕྱིར། །གཅིག་མིན་མང་པོ་ཉིད་མ་ཡིན། །ཞེས་གསུངས་པ་ལས་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་སྐུ་གཅིག་མ་ཡིན་པར་འཆད་དགོས་ཏེ། སྤྲུལ་སྐུ་གཅིག་གིས་འདུལ་བའི་ཞིང་ཁམས་དེ་གཞན་གྱིས་འདུལ་བའི་ངེས་པ་མེད་པའི་ཕྱིར། དེ་ལྟར་ན་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རྣམས་སེམས་ཅན་གྱི་ཞིང་དང་སྣོད་ཀྱི་ཞིང་སོ་སོ་ཐ་དད་དུ་འཛིན་པར་མཛད་པ་ཡིན་ནོ། །གཅིག་ཤོས་ལ་ནི་མི་མཚུངས་ཏེ་སངས་རྒྱས་གཅིག་གི་ལོངས་སྐུ་ཆེན་པོའི་ཕྲིན་ལས་གང་ལ་འཇུག་པའི་ཡུལ་དེ་ཉིད་ལ་གཞན་གྱིའང་དེ་འཇུག་པའི་ཕྱིར། དེའི་ཤེས་བྱེད་ཀྱང་དེ་ནི་ངེས་པ་ལྔ་དང་ལྡན་པར་འཆད་དགོས་པའི་ཕྱིར་དང༌། ས་བཅུ་པ་བའི་བྱང་ཆུབ་སེམས་དཔའ་གཅིག་གི་སྤྱོད་ཡུལ་དུ་མ་གྱུར་པའི་ལོངས་སྐུ་ཆེན་པོ་ནི་མི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་བདེ་བ་ཅན་གྱི་ཞིང་ཁམས་སུ་རྒྱལ་བ་འོད་དཔག་ཏུ་མེད་པའི་རྒྱལ་ཚབ་ཏུ་སངས་རྒྱས་པའི་སྤྲུལ་པའི་སྐུར་བཞག་དགོས་པ་ཡང་ཡོད་དོ། །ཡང་འདི་སྙམ་དུ། སངས་རྒྱས་ཐམས་ཅད་ཀྱི་ལོངས་སྐུ་ཆེན་པོ་གཅིག་ཏུ་ངེས་པ་དེ་ལྟ་ན་འོད་དཔག་མེད་ཀྱི་ལོངས་སྐུའི་ཞིང་ཁམས་སྟེང་གི་ཕྱོགས་ན་ཡོད་པར་བཤད་པ་ལྟ་བུ་དང༌། དེར་མ་ཟད་རྡོ་རྗེ་དབྱིངས་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་གཞལ་ཡས་ཁང་དང་འཁོར་གྱི་ཁྱད་པར་མི་འདྲ་བ་དང༌། གཙོ་བོ་ལོངས་སྐུ་དེ་ཉིད་ཀྱི་སྐུའི་བཀོད་པ་མི་འདྲ་བ་དག་བཤད་པ་ཅི་ཞེ་ན། དེའི་ལན་ལ་གཉིས་ཏེ། སྤྱིར་བསྟན་པ་དང༌། དངོས་ཀྱི་ལན་སོ་སོར་བཤད་པའོ། །དང་པོ་ནི། སློབ་དཔོན་དབུ་མ་པ་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་པ་ཚིག་གསལ་ལས། ལོངས་སྐུ་དང་འོག་མིན་གྱི་གནས་ལ་ཆེ་ཆུང་གཉིས་གཉིས་ལས་དང་པོ་ནི་ངེས་པ་ལྔ་ལྡན་དང༌། གཉིས་པ་ནི་ལོངས་སྐུ་དེས་སྤྲུལ་པའི་སྤྲུལ་སྐུ་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་ལུགས་ཅན་དེ་གང་ན་བཞུགས་པའི་གནས་ཀྱི་བཀོད་པའི་ཁྱད་པར་རྣམས་སོ། །གཉིས་པ་དངོས་ལན་སོ་སོར་བསྟན་པ་ནི། སྟེང་གི་ཕྱོགས་ན་ཡོན་ཏན་ཡོངས་སུ་བཀོད་པ་ཞེས་བྱ་བ་རྒྱལ་བ་ཚེ་དཔག་ཏུ་མེད་པའི་ཞིང་ཁམས་གནས་པར་བཤད་པ་དེ་ནི། སྤྲུལ་སྐུའི་ལོངས་སྐུ་ཆུང་བའི་ཞིང་ཁམས་གང་རུང་ལས་མ་འདས་ཏེ། དེ་སྟུག་པོ་བཀོད་པ་ནི་མ་ཡིན། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱིས་ཁམས་དེའི་ནང་དུ་ཚུད་པའི་ཕྱིར་རོ། །དཔེར་ན་རྣམ་སྣང་གངས་ཆེན་མཚོའི་ཕྱག་མཐིལ་གྱི་རྡུལ་ལ་གནས་པའི་གངས་ཆེན་མཚོ་རྣམ་པ་གང་དང་དེའི་ཞིང་ཁམས་བཞིན་ནོ། །དེ་དེར་མ་ཚུད་པ་སྨྲ་ན་ནི། ཞིང་དེའི་བདག་པོར་གྱུར་པའི་རྣམ་སྣང་ཆེན་པོ་མེད་པར་འགྱུར་ལ། དེ་ལྟར་ན་དེའི་དེར་གྱུར་པའི་ལོངས་སྐུ་ཆེན་པོ་མེད་པར་འགྱུར་རོ། །ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ལ་བཞུགས་པའི་རྣམ་སྣང་ལྟ་བུ་ནི། སྟོན་པ་རྡོ་རྗེའི་གདན་དུ་སངས་མ་རྒྱས་པའི་གོང་གི་ལོངས་སྐུ་ཆེན་པོ་དེ་ཉིད་ཀྱིས་མངོན་པར་སྤྲུལ་པའི་སྤྲུལ་སྐུ་ཡིན་གྱི། ལོངས་སྐུ་དངོས་མ་ཡིན་ཏེ། ངེས་པ་ལྔ་དང་མི་ལྡན་པའི་ཕྱིར། དཔེར་ན་གསང་བ་འདུས་པ་ལ་འབྱུང་བའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་དེ་བཞིན་ནོ། །དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་བཞག་པ་དེ་ལྟ་བུ་ནི་སྤྲུལ་སྐུ་མཆོག་གིས་སྤྲུལ་པའི་ཉིང་སྤྲུལ་ཡིན་གྱི་སྤྲུལ་སྐུ་དངོས་མ་ཡིན་ཏེ། རྒྱུ་མཚན་སྔ་མ་བཞིན་ནོ། །སྤྲུལ་སྐུའི་ཞིང་ཁམས་རྣམས་ལོངས་སྐུ་ཆེན་པོ་དེའི་ཞིང་ཁམས་སུ་ཚུད་པར་བཤད་པས་ལོངས་སྐུ་ཆེན་པོའི་གནས་མ་ངེས་པར་མི་འགྱུར་རམ་སྙམ་ན། དེར་མི་འགྱུར་ཏེ་ལོངས་སྐུ་ཆེན་པོའི་སྐུའི་བཀོད་པ་དེ་ཞིང་དེའི་ནང་གི་སྤྲུལ་སྐུའི་ཞིང་སོ་སོ་བ་དག་གི་ནང་དུ་ཡོངས་སུ་རྫོགས་པར་མི་འཆར་བའི་ཕྱིར་རོ། །གལ་ཏེ་སྤྲུལ་སྐུ་ལ་དེ་ལྟ་བུ་གཉིས་སུ་འཆད་པ་དང་རང་བཟོའོ་སྙམ་དུ་དོགས་པར་མི་བྱ་སྟེ། སྔགས་ཀྱི་ཐེག་པ་ལྟ་ཞོག་མཚན་ཉིད་ཀྱི་ཐེག་པ་ལས་ཀྱང་དབུ་མ་ལ་འཇུག་པར། རྒྱུ་མཐུན་གྱི་སྐུའི་རྣམ་བཞག་རྒྱས་པར་གསུང་པ་དེ་ལོངས་སྐུའི་དབང་དུ་བྱས་པའི་སྤྲུལ་སྐུ་ལས་མ་འདས་པའི་ཕྱིར་རོ། །ཡང་འོ་ན་ཅི་འོག་མིན་ན་བཞུགས་པའི་ལོངས་སྐུའི་བཀོད་པ་ཇི་ལྟ་བུ་ཞེ་ན། དེའི་ལན་ནི་སྔགས་དང་ཕ་རོལ་དུ་ཕྱིན་པའི་ལུགས་སོ་སོ་དང༌། སྔགས་ལ་ཡང་རྒྱུད་སྡེ་སོ་སོའི་བཞེད་པས་སོ་སོར་འཆད་དགོས་པ་ཡིན་མོད། དེ་ལྟ་ཡང་རྒྱུད་སྡེ་སོ་སོའི་འཁོར་ལོས་བསྒྱུར་བའི་གཙོ་བོར་བཞུགས་པའི་ལོངས་སྐུ་དེ་དང་དེ་ནི་དང་པོའི་ལོངས་སྐུ་ཆེན་པོ་དེ་ཉིད་ཀྱིས་དེ་དང་དེར་སྤྲུལ་པ་སོ་སོར་བསྟན་པ་ཡིན་གྱི་ལོངས་སྐུ་ཆེན་པོའི་སྐུའི་བཀོད་པ་འདི་ཁོ་ན་ལྟར་གནས་སོ་ཞེས་བཤད་པར་དཀའོ། །དེ་ཡང་ལོངས་སྐུ་ཆེན་པོ་དེ་ཉིད་རིགས་དྲུག་པོ་གང་རུང་དུ་བཞག་པར་ནུས་པ་མིན་ཏེ། དེའི་རྣམ་པར་བཞག་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་ཚུན་ཆད་ཀྱི་ལོངས་སྐུའི་རྣམ་རོལ་སོ་སོར་ཕྱེ་བའི་ཕྱིར་རོ། །གསུམ་པ་ལོངས་སྐུ་ཆེན་པོ་དེས་ཆོས་ཇི་ལྟར་གསུངས་པའི་ཚུལ་བཤད་པ་ལ། དངོས་དང༌། དེས་ལོག་པར་རྟོག་པ་དུ་མ་ཁེགས་པའི་ཚུལ་བཤད་པའོ། །དང་པོ་ལ་གསུམ་སྟེ། ལོངས་སྐུ་ཆེན་པོ་དེ་ཉིད་ཀྱིས་གསུངས་པ་དང༌། དེས་སྤྲུལ་པའི་ལོངས་སྐུ་ཆུང་ངུས་གསུངས་པ་དང༌། སྔ་མ་དེས་སྤྲུལ་པའི་སྤྲུལ་སྐུ་མཆོག་གིས་གསུངས་པའོ། །དང་པོ་ནི། མཚན་ཉིད་ཐེག་པ་ལྟར་ན། ཟབ་མོ་སྟོང་པ་ཉིད་དང༌། རྒྱ་ཆེ་བ་ཕ་རོལ་དུ་ཕྱིན་པ་དྲུག་གི་དབང་དུ་བྱས་པའི་ཆོས་རྣམས། འཁོར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པར་བཞེད་དོ། །སྔགས་ཀྱི་ཐེག་པ་ལྟར་ན། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལྟ་བུ་འོག་མིན་གྱི་གནས་དེ་ཉིད་དུ་འཁོར་གསང་བའི་བདག་པོ་ལ་སོགས་པ་ལ་ལོངས་སྐུ་ཆེན་པོ་དེ་ཉིད་ཀྱི་ཞལ་ནས་གསུངས་པར་བཞེད་དོ། །གཉིས་པ་ནི། འོག་མིན་གྱི་གནས་དེ་ཉིད་དུ་རྣམ་སྣང་ཆེན་པོ་དེ་ཉིད་ཀྱིས་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དབང་བསྐུར་ནས་ཕྱག་ཏུ་རྡོ་རྗེ་གཏད་པ་དེའི་མིང་ནི་ཕྱག་ན་རྡོ་རྗེ་ཞེས་བྱའོ། །འདི་ཡང་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པ་ཡིན་ཏེ། ཇི་སྐད་དུ། རྒྱལ་བ་ཀུན་གྱིས་སྲས་ཀྱི་ཐུ་བོ་པ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །ཞེས་དང༌། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་གྱུར་ཕྱིར། །ངེས་པར་འབྱུང་བའི་བར་དུ་འདི། །བདག་གིས་བསམ་པ་བརྟན་པོས་བཟུང༌། །ཞེས་གསུངས་སོ། ཕྱག་ན་རྡོ་རྗེ་དང༌། རྡོ་རྗེ་འཛིན་པ་དང༌། རྡོ་རྗེ་འཆང་ཞེས་བྱ་བ་གསུམ་སྐད་དོད་གཅིག་ལ་འགྱུར་སོ་སོ་བ་ཡིན་ལ། དེ་ཡང་དེ་དེར་དབང་བསྐུར་བ་ཚུན་ཆད་ཀྱི་མཚན་ཡིན་གྱི། ལོངས་སྐུ་ཆེན་པོ་ལ་དེའི་མཚན་མེད་དོ། །དེ་ལའང་གཉིས་ཏེ། འོག་མིན་དུ་པདྨ་ལས་འཁྲུངས་པའི་ཀུན་དུ་བཟང་པོ་དེ་ཉིད་དང༌། དེ་ཉིད་ཕྱིས་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་བུར་སྐྱེ་བ་བཞེས་ནས་ཁྲོ་བོའི་ཆ་ལུགས་ཅན་དུ་བཞུགས་པ་དེའོ། །དང་པོ་དེ་ནི་རྣམ་སྣང་ལོངས་སྐུ་ཆེན་པོ་དེ་དང་འདྲ་བར་ཐོག་མའི་ཚད་བཟུང་བར་མི་ནུས་ཤིང༌། ཁྲོ་བོའི་ཆ་ལུགས་ཅན་ཡིན་པའི་ངེས་པ་ཡང་མེད་དེ། ཞིང་དེ་ན་དེས་གདུལ་དགོས་པའི་གདུལ་བྱ་ཞེ་སྡང་ཅན་མེད་པའི་ཕྱིར། དེ་ལྟ་ན་ཡང་ལོངས་སྐུའི་ཞིང་དེ་ན་ལོངས་སྐུའི་གདུལ་བྱ་ཆགས་ཅན་མེད་པས་ལོངས་སྐུ་ཡན་ལག་བདུན་དང་ལྡན་པ་ཡང་མི་བཞུགས་པར་ཐལ་བ་ནི་མཚུངས་པ་མིན་ཏེ། ཟུང་འཇུག་གི་སྐུ་རང་ཉིད་ཀྱི་བཞུགས་ཚུལ་དང༌། གདུལ་བྱ་གཞན་དོན་དུ་སྤྲུལ་ཚུལ་ཀྱི་རྒྱུ་མཚན་དང་དགོས་པ་མི་མཚུངས་པའི་ཕྱིར་རོ། །ཕྱག་ན་རྡོ་རྗེ་དེ་ཉིད་སྤྲུལ་སྐུའི་ཞིང་གཞན་དང་གཞན་དུ་རྒྱུད་ཕལ་ཆེ་བ་ཐམས་ཅད་ཀྱི་གསུང་བ་པོ་རྡོ་རྗེ་འཆང་དེ་ཉིད་ཡིན་ལ། གནོད་སྦྱིན་དང་ཁྲོ་བོའི་ཆ་ལུགས་ཅན་དེ་ནི་རྒྱུད་ཕལ་ཆེ་བ་ཐམས་ཅད་ཀྱི་ཞུ་བ་པོའི་ཚུལ་བསྟན་པ་དེ་ཡིན་ནོ། །འདི་ཡིས་གནས་དེར་དང་པོར་བྱོན་པའི་ཚད་ནི་བཟུང་བར་ནུས་ཏེ། སྟོང་གསུམ་གྱི་འཇིག་རྟེན་འདི་དང་པོར་ཆགས་པ་ཚུན་ཆད་ནས་དེར་བྱོན་པའི་ཕྱིར། ཇི་སྐད་དུ། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས་དབུས་ན། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་ཅུང་ཟད་རྒྱས་པར་ཕྱེ་ན། དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་དེ་ནི་འོག་མིན་གྱི་རྣམ་པར་སྣང་མཛད་དེ་ཉིད་ཀྱི་ཐུགས་ཀྱི་སྤྲུལ་པ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དེ་ཉིད། དྲུག་པ་རྡོ་རྗེ་འཆང་དུ་སྤྲུལ་པ་དེ་ཉིད་ཀྱིས་སྤྲུལ་པ་ཡིན་ལ། དུམ་བུ་ལྷག་མ་གསུམ་གྱི་འཁོར་ལོས་བསྒྱུར་བ་ཡང་དེ་ཉིད་ཀྱིས་སྤྲུལ་ལོ། །དེ་བཞིན་དུ་གསང་བ་འདུས་པ་དང༌། འཁོར་ལོ་བདེ་མཆོག་དང༌། དགྱེས་པ་རྡོ་རྗེ་དང༌། གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་འཁོར་ལོས་བསྒྱུར་བ་ཡང་དེ་ཉིད་དོ། །རྒྱུད་སྡེ་དེ་དང་དེ་དག་ཀྱང་སྟུག་པོ་བཀོད་པའི་ཞིང་ཁམས་སུ་གསུངས་པ་མ་ཡིན་ཏེ། དེ་ན་དེས་གདུལ་དགོས་པའི་གདུལ་བྱ་མེད་པའི་ཕྱིར་རོ། །འོ་ན་གཤིན་རྗེའི་གཤེད་དང་འཇམ་པའི་རྡོ་རྗེ་ལ་སོགས་པ་ཡང་སྔ་མ་རྒྱུད་གསུང་བ་པོ་དེ་ཉིད་ཡིན་པར་ཁས་ལེན་ནུས་སམ་ཅེ་ན། ངེས་དོན་གྱི་དབང་དུ་བྱས་ན་དེ་དེ་ཡིན་པ་ལ་འགལ་བ་མེད་ཀྱང༌། གདུལ་བྱ་ལ་སྣང་ཚུལ་གྱི་དབང་དུ་བྱས་ན། དེ་དག་ལྷག་པའི་ལྷ་གཙོ་བོར་གྱུར་པ་ཡིན་པས། རྒྱུད་གསུང་བ་པོ་དང༌། འཁོར་ལོས་བསྒྱུར་བ་ཐ་དད་པའི་དབང་དུ་བྱས་པའོ། །གསུམ་པ་སྤྲུལ་སྐུ་མཆོག་གིས་གསུངས་པའི་ཚུལ་ལ། སྔགས་ཀྱི་དབང་དུ་བྱས་པ་དང༌། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་པའོ། །དང་པོ་ནི། རྣལ་འབྱོར་གྱི་རྒྱུད་འཇམ་དཔལ་ཁྲི་དྲུག་སྟོང་པ་ལྟ་བུ་ཤཱཀྱ་ཐུབ་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ཉིད་ཀྱིས་གསུངས་པ་དང༌། དུས་ཀྱི་འཁོར་ལོ་ལྟ་བུ་ཤཱཀྱ་ཐུབ་པ་ཉིད་འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་བསྒྱུར་ནས་དཀྱིལ་འཁོར་སྤྲུལ་པ་དང༌། རྒྱུད་བཤད་པ་གཉིས་ཀ་མཛད་པ་དང༌། བྱ་བའི་རྒྱུད་ཕལ་ཆེ་བ་སྟོན་པའི་ཆ་ལུགས་དེ་ཉིད་ཀྱིས་གསུངས་པ་རྣམས་སོ། །དེ་ལྟར་ན་འཁོར་ལོ་སྡོམ་པ་དང༌། དགྱེས་པ་རྡོ་རྗེ་ལ་སོགས་པ་ལྟ་བུ། ཤཱཀྱ་ཐུབ་པས་སྤྲུལ་སྐུ་མཆོག་གི་ཚུལ་མ་བསྟན་པའི་སྔ་རོལ་དུ་རྣམ་སྣང་ཆེན་པོའི་སྤྲུལ་པ་དེ་ཉིད་ཀྱིས་གསུངས་པ་དེ་ཕྱག་ན་རྡོ་རྗེས་བཟུང་ནས་རིག་པ་འཛིན་པའི་གནས་དེ་དང་དེར་བཞུགས་པ་དང༌། གསང་བ་འདུས་པ་ལྟ་བུ། སྟོན་པ་འདི་ཉིད་ཀྱིས་རྒྱལ་པོ་ཨིནྟྲ་བྷུ་ཏི་འདུལ་བའི་དོན་དུ་གསུངས། ཨཽ་ཌྱན་གྱི་གནས་ན་བཞུགས་པ་དང༌། དུས་ཀྱི་འཁོར་ལོ་ལྟ་བུ་རིགས་ལྡན་གྱི་རྒྱལ་པོས་བཟུང་ནས་ཤམྦྷ་ལའི་གནས་ན་བཞུགས་པ་རྣམས་སོ། །ཆོས་དེ་དག་འཕགས་ཡུལ་དུ་དུས་ནམ་གྱི་ཚེ་བྱོན་པ་ནི། ཇི་སྐད་དུ། མདོ་སྡེ་གདམས་ངག་འབོག་པའི་རྒྱལ་པོ་ལས། ང་ནི་འདི་ན་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ལྷོའི་ཕྱོགས་ངོས་ཀྱི། །རྒྱལ་པོ་ཛཱ་ཞེས་བྱ་བ་ལ། །ཐུགས་རྗེས་མཐུན་པའི་བྱིན་བརླབས་ཀྱིས། །ལག་ན་རྡོ་རྗེས་གནང་བར་བྱེད། །ཞེས་གསུངས་པ་དང༌། དུས་ཀྱི་འཁོར་ལོ་སླར་ཡང་འཕགས་ཡུལ་དུ་བྱོན་པའི་དུས་རྒྱུད་འགྲེལ་ལས་གསལ་བར་གསུངས་པ་བཞིན་ནོ། །གཞན་ཡང་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གྲུབ་པ་བརྙེས་པའི་སློབ་དཔོན་དག་ལ་རྒྱུད་སྡེ་གསུངས་པ་ཤིན་ཏུ་མང་སྟེ། རྒྱས་པར་གཞན་ལས་ཤེས་སོ། །གཉིས་པ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་ནི། སྟོན་པ་ཐུབ་པའི་དབང་པོ་འདི་ཉིད་རྡོ་རྗེ་གདན་དུ་སངས་རྒྱས་ནས་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་གྱི་བར་དུ་གསུངས་པ་ཁོ་ན་ཡིན་གྱི་སྔ་མ་དང་མཚུངས་པའི་བཤད་ཚུལ་མེད་དོ། །གཉིས་པ་དེས་ལོག་པར་རྟོག་པ་གཞན་ཁེགས་པ་ནི། བོད་ཀྱི་བླ་མ་ལ་ལ་དག་གི་བཞེད་པ་ལ། ལོངས་སྐུ་ཆེན་པོ་དེ་ཉིད་རྡོ་རྗེ་འཆང་དུ་འདོད་པ་དང༌། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང༌། ཕྱག་ན་རྡོ་རྗེ་རྒྱུད་མི་གཅིག་པར་འདོད་པ་དང༌། གསང་བདག་ཕྱག་ན་རྡོ་རྗེ་གང་ཡིན་ཁྲོ་བོའི་ཆ་ལུགས་ཅན་དུ་འདོད་པ་དང༌། བཀའ་བསྡུ་བ་པོའི་ཕྱག་ན་རྡོ་རྗེ་དང༌། རྒྱུད་གསུང་བ་པོའི་ཕྱག་ན་རྡོ་རྗེ་གཉིས་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་ཁྱད་པར་ཅན་དུ་འདོད་པ་དང༌། རྣལ་འབྱོར་གྱི་རྒྱུད་སྤྲུལ་བཤད་མཛད་པ་པོའི་རྣམ་སྣང་དེ་ཉིད་འོག་མིན་གྱི་རྣམ་སྣང་དེ་ཉིད་ཡིན་པར་ཁས་ལེན་པ་དང༌། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་ལོངས་སྐུ་མཚན་ཉིད་པར་ཁས་ལེན་པ་དང༌། རྣམ་སྣང་གངས་ཆེན་མཚོ་ཞེས་བྱ་བའི་མིང་ལ་འཁྲུལ་ནས་རིགས་ལྔའི་ཡ་གྱལ་གྱི་རྣམ་སྣང་དུ་ཁས་ལེན་པ་དང༌། ལོངས་སྐུ་ཆེན་པོ་དེ་ཉིད་རིགས་ལྔ་དང་དྲུག་པ་གང་དུ་ཡང་རྒྱ་ཡོངས་སུ་མ་ཆད་པར་འཇོག་མི་ཤེས་པ་དང༌། ལོངས་སྐུ་ཆེན་པོ་དེའི་འཁོར་གྱི་བྱང་ཆུབ་སེམས་དཔའ་གཅིག་ཐོག་མར་སངས་རྒྱས་པའི་ཚེ་ཞིང་ཁམས་གཞན་དུ་འགྲོ་བའམ། ཡང་ན་འོག་མིན་དེའི་ནང་དུ་ཡང་འོག་མིན་གྱི་བཀོད་པ་གཅིག་གསར་དུ་བསྐྲུན་དགོས་པའི་ལོག་པར་རྟོག་པ་དང༌། མཆོག་གི་སྤྲུལ་སྐུ་གང་ཡིན་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་འདོད་པ་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྣམས་འོག་མིན་དུ་ལོངས་སྐུ་ཡན་ལག་བདུན་ལྡན་གྱིས་གསུངས་ནས་ཕྱག་ན་རྡོ་རྗེས་བསྡུས་པར་འདོད་པ་དང༌། རྒྱུད་གསུང་བ་པོ། དཀྱིལ་འཁོར་གྱི་གཙོ་བོ་རྒྱུད་གཅིག་ཁོ་ནར་ངེས་སོ་ཞེས་འདོད་པ་དང༌། སྟོན་པ་འདིའི་བསྟན་པ་ལ་བྱུང་བའི་གསང་སྔགས་ཀྱི་ཆོས་རྣམས་ནི་སྟོན་པ་འདི་ཁོ་ནས་གསུངས་པ་ཞིག་དགོས་སོ་ཞེས་ཟེར་བ་དང༌། གསང་བ་འདུས་པའི་ལུགས་ལྟར་ན་འོད་གསལ་དོན་དམ་པ་ཆོས་ཀྱི་སྐུ་དེ་ཉིད་སྐུ་གསུམ་གྱི་གཙོ་བོ་ཡིན་པར་འདོད་པ་དང༌། སྟོན་པ་འདིའི་བསྟན་པ་ནུབ་པ་ན། སྟོན་པ་འདིའི་བསྟན་པའི་དབང་དུ་བྱས་པའི་གསང་སྔགས་ཀྱི་བསྟན་པ་ཡང་ནུབ་པ་ཞིག་དགོས་སོ། །ཞེས་ཟེར་བ་དེ་དག་ཐམས་ཅད་ལེགས་པར་ཁེགས་པ་ཡིན་ཏེ། གོང་དུ་རྣམ་གཞག་རྒྱས་པར་བཤད་ཟིན་པའི་ཕྱིར་དང༌། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་རྣམས་སུ་སྟོན་པ་འདིའི་སྔགས་ཀྱི་བསྟན་པ་རྒྱུན་ཆད་པ་མི་སྲིད་པའི་ཕྱིར་རོ། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི། །ཞིང་ཁམས་རྒྱ་མཚོ་སྟུག་པོ་བཀོད་པ་ཡི། །རྣམ་དག་ཞིང་དེ་ཇི་ལྟར་ཡིན་པའི་ཚུལ། །ཇི་བཞིན་མ་ཤེས་འོག་མིན་གང་ནས་ཚོལ། །རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆེན་པོ། །སངས་རྒྱས་ཀུན་གྱི་ལོངས་སྤྱོད་རྫོགས་པའི་སྐུ། །བགྲང་ཡས་ཆོས་སྐུ་འདུས་པའི་སྐུ་གཅིག་པུར། །ཇི་བཞིན་མ་ཤེས་ལོངས་སྐུ་གང་ནས་ཚོལ། །ལོངས་སྐུ་དེ་ལས་སྤྲུལ་པའི་ལོངས་སྐུ་ནི། །གཉིས་པ་དེ་ཡིས་གྲངས་མེད་ལོངས་སྐུའི་ཚོགས། །མཐའ་ཡས་སྤྲུལ་ནས་ཐེག་ཆེན་གསུངས་པའི་ཚུལ། །ཇི་བཞིན་མ་ཤེས་ཆོས་ཀྱི་འབྱུང་ཁུངས་ཅི། །གང་འདི་མཐའ་ཡས་མདོ་སྡེ་བལྟ་བའི་མིག །རྒྱུད་གཞུང་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཡིན། །འདི་འདྲ་ཀུན་གྱིས་ཤེས་ན་མཁས་པ་སུ། །གཞན་གྱིས་མ་བཤད་ཤེས་ན་མཁས་པ་ཡིན། །དེ་ལྟར་ཚུལ་བཞིན་བཤད་པའི་དགེ་བ་ཡིས། །ཞིང་ཁམས་རྒྱ་མཚོ་རྣམ་པར་དག་བྱས་ནས། །རྣམ་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ལས། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །འདི་བཤད་ཕལ་ཆེར་ནམ་ཡང་དབྲི་མི་དགོས། །མདོ་སྡེ་ཞིབ་ཏུ་བལྟས་པའི་སྤྱོད་ལྡན་འགས། །བསྣན་བྱ་འགའ་ཞིག་མཐོང་ན་ལེགས་པར་བསྣོན། །དཔྱོད་ལྡན་གཟུ་བོར་གནས་པས་དང་དུ་ལེན། །མཐའ་ཡས་བསྟན་པའི་བདག་པོ་ས་སྐྱ་པའི། །གསུང་རབ་ལས་བྱུང་འོག་མིན་རྣམ་གཞག་ལ། །རྣམ་དཔྱོད་གྲགས་པ་གསལ་ལྡན་འགའ་ཞིག་གིས། །འཁྲུལ་པར་བཏགས་པ་ཕལ་ཆེར་འདི་ཡིས་བསལ། །གོ་ནས་བཤད་དོ་བཤད་ནས་གོ །རྒྱལ་འདོད་རྩོད་དོ་རྩོད་འདོད་རྒྱལ། །ཤེས་ནས་བརྩམས་སོ་བརྩམས་ནས་ཤེས། །འཆད་རྩོམ་རྩོད་དོ་རྩོད་རྩོམ་འཆད། །ཅེས་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་རྣམ་པར་ངེས་པ་དད་པའི་རྒྱ་མཚོ་ཞེས་བྱ་བ་འདི་ནི། མདོ་སྔགས་རྒྱ་མཚོའི་ཆོས་ཀྱི་སྤྱན་ལྡན། ངུར་སྨྲིག་འཛིན་པ་ཡོངས་ཀྱི་གཙུག་རྒྱན་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། རྗེ་བཙུན་དམ་པ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ཕྲེང་རྙོག་པ་མེད་པ་སྤྱི་བོས་བླངས་ཤིང༌། སྡོམ་པ་གསུམ་གྱི་བཀའ་དྲིན་ནོད་པ། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། །གསེར་འཕྱང་གི་ལོ། དབོའི་ཟླ་བའི་དགའ་བ་དང་པོ་ལ་ལེགས་པར་གྲུབ་པའི། ཡི་གེ་པ་ནི་རྐོང་སྟོན་མགོན་པོ་རྒྱལ་མཚན་ནོ། །འདིས་ཀྱང་ཞིང་ཁམས་རྒྱ་མཚོ་རྣམ་པར་སྦྱངས་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོན་པོ་འཛིན་པ་ལ་མཁས་པར་གྱུར་ཅིག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*