སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ།

༼ཆ༽༄༅། །སྡོམ་པ་གསུམ་གྱི་རྣམ་པར་བཞག་པ་བརྒལ་ལན་གྱི་སྒོ་ནས་གཏན་ལ་ཕབ་པ་བཞུགས་སོ།།

བསྟན་པའི་སྙིང་པོ་སྡོམ་པ་གསུམ། །བསྟན་པ་ཇི་བཞིན་ལེགས་གསུངས་ནས། །བསྟན་ལ་བྱ་བ་མཛད་གྱུར་པ། །བསྟན་པའི་བདག་པོ་དེ་རྒྱལ་གྱུར། །དཔྱིད་དུས་ཉམ་ངའི་ཐང་ཆེན་དུ། །ཡུན་རིང་འཁྱམས་པའི་གཞོན་ནུ་དག །སྨིན་རྒྱུའི་ཆུ་གཏེར་ལ་ཆགས་པས། །རང་ཉིད་ངལ་བ་བྱེད་དེ་བཞིན། །མི་མཁས་རྣམས་ཀྱི་ཆེར་བཅོས་པའི། །མཁས་པའི་རྗེས་འཇུག་གཞོན་ནུ་དག །ཉེས་པར་བཤད་པས་ཐང་ཆད་ནས། །བདུད་རྩིའི་ཆུ་གཏེར་ག་ལ་འཐུང༌། །མཁས་པ་འཇིག་རྟེན་བྱོན་པའི་ཚེ། །འཆད་རྩོད་རྩོམ་པའི་ཚུལ་མེད་ན། །གང་ཞིག་གང་གི་མཁས་པར་འཇོག །དེ་ཕྱིར་ཕྲག་དོག་མེད་པར་ཉོན། །དེ་ལ་འདིར་ཕྱི་རབས་པ་དག གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་དབང་ལྡན་རྒྱུན་ཆགས་པ་དེ། སོ་ཐར་སྡོམ་པའི་མཚན་ཉིད། གཞན་ལ་ཕན་པ་གཞི་དང་བཅས་པ་བསྒྲུབ་པའི་སེམས་པ་དབང་ལྡན་རྒྱུན་ཆགས་དེ། བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད། ལྷ་དང་ཡེ་ཤེས་ཀྱི་རྣམ་པར་བྱིན་གྱིས་བརླབས་ནས་ཉམས་སུ་ལེན་པའི་ཚུལ་ཁྲིམས་དེ། སྔགས་ཀྱི་སྡོམ་པའི་མཚན་ཉིད། དེ་ཡང་སོ་སོར་ཐར་པའི་སྡོམ་པ་ནི་ཤི་འཕོས་པས་མི་གཏོང་ཞིང༌། སྡོམ་པ་གསུམ་རིམ་མནོས་པའི་དགེ་སློང་གི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་ཡང་དེའི་རྒྱུད་ཀྱི་བྱང་སེམས་དང་སྔགས་ཀྱི་སྡོམ་པ་ཡིན་ཏེ། དེ་དེར་གནས་གྱུར་པའི་ཕྱིར། དེ་ལྟར་འཆད་པ་དེ་ནི་རྗེ་བཙུན་ས་སྐྱ་པ་ཆེན་པོ་གྲགས་པའི་ཞབས་ཀྱི་བཞེད་པའི་དགོངས་པ་ཡིན་ནོ་ཞེས་ཟེར་བ་དག་ཡོད་པར་ཐོས་སོ། །དེ་ནི་ཆེན་པོ་ལ་དམོད་པར་བྱེད་པ་ཡིན་ཏེ། མདོ་རྒྱུད་དང་འགལ་བའི་དོན་ཞིག་ངོས་བཟུང་ནས། དེ་ཉིད་དེའི་དགོངས་པར་འཆད་པའི་ཕྱིར་རོ། །དེ་ཡང་འདི་ལྟར་མཚན་ཉིད་མི་འཐད་པ་དང༌། གཞི་མཐུན་སྲིད་པ་མི་འཐད་པའོ། །དང་པོ་ལ་སོ་ཐར་གྱི་དང༌། བྱང་སེམས་ཀྱི་དང༌། གསང་སྔགས་ཀྱི་སྡོམ་པའི་མཚན་ཉིད་མི་འཐད་པའོ། །དང་པོ་ནི། འོ་ན་སོ་ཐར་གྱི་སྡོམ་པའི་མཚན་ཉིད་དེ། འདུལ་བའི་ལུགས་སམ། མངོན་པའི་ལུགས་སམ། མདོ་སྡེའི་ལུགས་སམ། གསང་སྔགས་ཀྱི་ལུགས་གང་ཡིན་བརྟག དང་པོ་ལྟར་ན་གཞན་ལ་གནོད་པ་སྤོང་བའི་ཡིད་ཀྱི་སྡོམ་པས་མ་ངེས། རབ་བྱུང་བར་མས་མ་ངེས་པ་དང༌། མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པའི་རྒྱུད་ཀྱི་གཞན་ལ་གནོད་པ་གཞི་བཅས་སྤོང་བའི་སེམས་འབྱུང་སེམས་པ་རྣམས་ཀྱིས་མ་ངེས་སོ། །དེ་ཡང་དང་པོ་འདོད་མི་ནུས་ཏེ། སོ་ཐར་སྡོམ་པ་དང་ཡིད་ཀྱི་སྡོམ་པའི་གཞི་མཐུན་མི་སྲིད་པའི་ཕྱིར། ཆོས་ཅན་མ་གྲུབ་བོ་སྙམ་ན། སོ་ཐར་གྱི་མདོ་ལས། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་གསུང་བ་དང་འགལ། དེ་ཉིད་དེ་ཡི་སྡོམ་པ་ཡིན་ནོ་སྙམ་ན། འོད་ལྡན་ལས་སོ་སོར་ཐར་པའི་སྡོམ་ལ་ཡིད་ཀྱི་སྡོམ་པ་མེད་དོ། །ཞེས་གསུང་པ་དང་འགལ། གཉིས་པ་འདོད་ན། དེ་ཆོས་ཅན་སྡོམ་པ་མ་ཡིན་པར་ཐལ། བར་མ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་བོ་སྙམ་ན། སོ་སོར་ཐར་པ་ལས། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང༌། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསུང་པ་དང་འགལ། གསུམ་པ་ལ་འདོད་ན། མདོ་རྩ་བ་ལས། མི་མ་ཡིན་པའི་འགྲོ་བ་པ་དང༌། བྱང་གི་སྒྲ་མི་སྙན་པ་སྡོམ་པའི་ཞིང་མ་ཡིན་ནོ། །ཞེས་གསུང་པ་དང་འགལ་རྩ་བའི་རྟགས་གྲུབ་སྟེ། དེ་འདྲ་ཡོད་པའི་ཕྱིར། དེ་ཡོད་དེ། རྟེན་དེ་ལ་འཕགས་པ་ཡོད་པའི་ཕྱིར། གཞན་ཡང་ཚེ་འདིའི་རྟེན་ལ་སྲོག་གཅོད་ཕམ་འདྲའི་སྦྱོར་བ་བྱས། ཚེ་ཕྱི་མའི་རྟེན་ལ་དེ་མཐར་ཐུག་གྲུབ་པའི་ཚུལ་ཁྲིམས་དེ་ཆོས་ཅན། ཁྱོད་ཀྱི་ཚེ་ཕྱི་མའི་རྟེན་ལ་སྲོག་གཅོད་ཀྱི་རྩ་ལྟུང་འབྱུང་བར་ཐལ། ཆོས་ཅན་དེ་གང་ཞིག ཁྱོད་ཀྱིས་སོ་ཐར་གྱི་སྡོམ་པ་དེ་ཤི་འཕོས་ནས་ཀྱང་རྗེས་སུ་འབྲང་བའི་ཕྱིར། གཞན་ཡང་དགེ་སློབ་མའི་སྡོམ་པ་དང༌། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྲོག་གཅོད་དང་མ་བྱིན་ལེན་སྤོང་བའི་སྡོམ་པར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་གསུམ་པོ་གང་རུང་དུ་ཐལ་ལོ། །འདོད་མི་ནུས་ཏེ་དེ་དང་དེ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། བསམ་གཏན་སྡོམ་པའི་ངོ་བོར་གྱུར་པའི་ལུས་ངག་གི་སྤོང་བ་བདུན་དང༌། ཟག་མེད་སྡོམ་པའི་ངོ་བོར་གྱུར་པའི་སྤོང་བ་བདུན་ལ་ཁྱབ་ཆེས་ཤིང༌། སོ་ཐར་སྡོམ་པའི་ངོ་བོར་གྱུར་པའི་སེམས་པ་མངོན་གྱུར་པ་རྣམས་ལ་ཁྱབ་ཆུང་ངོ༌། །དེ་ཡང་འདི་ལྟར། དང་པོ་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། འདོད་པར་མ་གཏོགས་པའི་ཕྱིར་དང༌། གཟུགས་ཀྱི་སས་བསྡུས་པའི་ཕྱིར། གཉིས་པ་དེ་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། ཟག་བཅས་མ་ཡིན་པའི་ཕྱིར་དང༌། ཟག་མེད་ཡིན་པའི་ཕྱིར་དང༌། ཡང་དག་པར་བླང་བ་ལས་བྱུང་བ་མ་ཡིན་པའི་ཕྱིར་དང༌། ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར། རྟགས་རྣམ་གྲངས་སོ། །དེ་གཉིས་ཀ་ཆོས་ཅན། རྩ་བའི་རྟགས་གྲུབ་སྟེ། སྡོམ་པ་གང་ཞིག ལུས་ངག་གི་མི་དགེ་བ་བདུན་སྤོང་བའི་སེམས་བྱུང་སེམས་པ་ཡིན་པའི་ཕྱིར། གཉིས་པ་ནི། དེའི་ངོ་བོར་གྱུར་པའི་སེམས་པ་མངོན་གྱུར་པ་དེ་ཆོས་ཅན། ལུས་ངག་གི་མི་དགེ་བ་བདུན་སྤྱོད་པའི་སེམས་པ་མངོན་གྱུར་བ་དང་ལྷན་ཅིག་མི་གནས་འགལ་མ་ཡིན་པར་ཐལ། ཁྱོད་དེ་འདྲའི་སེམས་པ་དབང་ལྡན་དེ་ཡིན་པའི་ཕྱིར། མངོན་པ་གོང་མ་ལྟར་ན་ནི་དེ་ཆོས་ཅན། ཀུན་གཞིའི་ངོ་བོར་གྱུར་པའི་སེམས་པ་དེ་ཡིན་པར་ཐལ། སེམས་པ་དབང་ལྡན་ཡིན་པའི་ཕྱིར། འདོད་ན་ལུང་མ་བསྟན་དུ་ཐལ་ལོ། །གསུམ་པ་ལྟར་ན། སྡོམ་པས་མ་ཟིན་པའི་སྨོན་སེམས་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་དང༌། སྨོན་སེམས་ཀྱི་སྡོམ་པའི་ངོ་བོར་གྱུར་པའི་སྨོན་པ་སེམས་བསྐྱེད་དང་འཇུག་སྡོམ་གྱི་ངོ་བོར་གྱུར་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྣམས་ཀྱིས་མ་ངེས་སོ། །དེ་ཡང་དང་པོ་ཆོས་ཅན། སོ་ཐར་གྱི་སྡོམ་པ་མ་ཡིན་ཏེ། སྡོམ་པས་མ་ཟིན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཡང་ན་དེ་ཆོས་ཅན། སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པར་ཐལ། སྡོམ་པ་གང་ཞིག སེམས་བསྐྱེད་ཡིན་པའི་ཕྱིར། འདོད་ན། སྨོན་སེམས་ཀྱི་སྡོམ་པར་ཐལ་ལོ། །ཡང་གཉིས་པ་དེ་ཆོས་ཅན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་ཐལ། སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པར་ཐལ། འདོད་པ་གང་ཞིག སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། གསུམ་པ་ལ་འདོད་ན། དེ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེ་ཡིན་ན་སོ་ཐར་གྱི་སྡོམ་ལྡན་ཡིན་དགོས་པར་ཐལ། ཁྱོད་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། སེམས་ཙམ་ལུགས་ཀྱི་ཆོ་ག་ཁོ་ནས་ཐོབ་པའི་སེམས་བསྐྱེད་ཀྱི་སྡོམ་པ་ཐམས་ཅད་ཆོས་ཅན། དེར་ཐལ་དེའི་ཕྱིར། ཡང་དེ་ཆོས་ཅན། སོ་ཐར་སྡོམ་པའི་རྟེན་དུ་མི་རུང་བའི་གང་ཟག་གི་རྒྱུད་ལ་ཁྱོད་མི་སྐྱེ་བར་ཐལ། ཁྱོད་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པར་ཐལ། འདོད་པ་གང་ཞིག སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང་དབུ་མ་ལུགས་ཀྱི་འཇུག་སྡོམ་གཉིས་ལ་སྐྱེ་བའི་རྟེན་གྱི་སྒོ་ནས་རྒྱ་ཆེ་ཆུང་གི་ཁྱད་པར་མེད་པར་ཐལ། ཁྱོད་དང་དེ་གཉིས་ཀ་སོ་ཐར་གྱི་སྡོམ་པའི་སྣོད་མ་ཡིན་པའི་གང་ཟག་གི་རྒྱུད་ལ་མི་སྐྱེ་བར་མཚུངས་པའི་ཕྱིར། གལ་ཏེ་སྡོམ་པ་དེ་གཉིས་ཀྱི་རྟེན་དུ་སོ་ཐར་གྱི་སྡོམ་པ་དགོས་མི་དགོས་བཤད་པ་དེ་སོ་ཐར་རིས་བདུན་གང་རུང་ལ་དགོངས་པ་ཡིན་སྙམ་ན། འོ་ན་མི་མ་ཡིན་པའི་འགྲོ་བ་པའི་རྒྱུད་ལ་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་མི་སྐྱེ་བར་ཐལ། དམ་བཅའ་དེའི་ཕྱིར། རྗེ་བཙུན་གྱིས་མཛད་པའི་སྡོམ་གསུམ་ཉི་ཤུ་པའི་ཊཱི་ཀ་དང་འགལ་ལོ། །བཞི་པ་སྔགས་ཀྱི་ལུགས་ལའང་དེ་ལྟར་ཁས་ལེན་ན། སྔར་བཤད་པའི་ཉེས་པ་གསུམ་འཇུག་སྟེ། སྤྱིར་མ་ངེས་པ་དང༌། རྣལ་འབྱོར་རྒྱུད་ལ་མ་ངེས་པ་དང༌། རྣལ་འབྱོར་བླ་མེད་ལ་མ་ངེས་པའོ། །དང་པོ་ནི། རྣམ་སྣང་མངོན་བྱང་ལས་གསུང་པའི་མི་དགེ་བ་བཅུ་སྤོང་བའི་སྡོམ་པ་དེ་ཆོས་ཅན། སོ་ཐར་གྱི་སྡོམ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། གསང་སྔགས་ཀྱི་དབང་བསྐུར་ལ་ངེས་པར་ལྟོས་པའི་སྡོམ་པ་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་སྣང་མ་གཏོགས་པའི་དེ་བཞིན་གཤེགས་པ་གཞན་བཞི་པོ་སོ་སོའི་སྡོམ་པ་རྣམས་ཆོས་ཅན། སོ་ཐར་གྱི་སྡོམ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རྣམ་སྣང་གི་སྡོམ་པར་ཐལ། རྒྱུད་སྡེ་གོང་མ་གཉིས་པོ་གང་རུང་དུ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་གང་ཞིག སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། རིགས་ལྔ་སོ་སོའི་སྡོམ་པ་རྣམས་གཅིག་ཏུ་འདུས་པར་འགྱུར་རོ། །གསུམ་པ་ནི། བརྟག་པ་གཉིས་པའི་ཕྱི་མར་གསུངས་པའི་སྔགས་ཀྱི་སྡོམ་པ་ཆོས་ཅན། སོ་ཐར་གྱི་སྡོམ་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རགས་པ་བརྡ་ལས་བྱུང་བའི་སྡོམ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྫོགས་རིམ་གྱི་ཡེ་ཤེས་ཀྱི་ངོ་བོར་གནས་པའི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང་ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཕ་རོལ་བུད་མེད་བརྟེན་པར་བྱ། །ཞེས་པའི་རྒྱུད་ལ་དྲང་དོན་གྱི་བཤད་པ་བྱས་པའི་དུས་ཀྱི་དམ་ཚིག་དང་སྡོམ་པ་ཆོས་ཅན། མཚན་ཉིད་དེར་ཐལ། སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། དེར་ཐལ། གསང་སྔགས་བླ་མེད་ཀྱི་སོ་ཐར་སྡོམ་ཡིན་པའི་ཕྱིར། ཤེས་བྱ་འདིར་ཆོས་ཅན། དེ་དེར་ཐལ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །ཞེས་པའི་གཞུང་ལ་སྒྲ་ཇི་བཞིན་པའི་དུས་ཀྱི་སྡོམ་པ་དེ་ཐེག་པ་ཐུན་མོང་སོ་ཐར་སྡོམ་པ་ཡིན་པའི་ཕྱིར་རོ། །གཉིས་པ་བྱང་སེམས་ཀྱི་སྡོམ་པའི་མཚན་ཉིད་བརྟག་པ་ལ་གཉིས་ཏེ། མཚན་ཉིད་དེ་མདོ་སྡེའི་ལུགས་ལ་མི་འཐད་པ་དང༌། སྔགས་ཀྱི་ལུགས་ལ་མི་འཐད་པའོ། །དང་པོ་ལ། ཉན་རང་འཕགས་པའི་རྒྱུད་ཀྱི་གཞན་ཕན་གཞི་བཅས་སྒྲུབ་པའི་སེམས་པས་མ་ངེས་པ་དང༌། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དེས་མ་ངེས་པ་དང༌། ཕྱི་རོལ་པའི་རྒྱུད་ཀྱི་དེས་མ་ངེས་པ་དང་གསུམ་འཇུག་གོ །དེ་གསུམ་ཡོད་པ་ཡིན་ཏེ། བྱམས་སོགས་ཚད་མེད་བཞི་རྒྱུད་ལ་ལྡན་པའི་གང་ཟག་དེ་གསུམ་གྲུབ་པའི་ཕྱིར། སངས་རྒྱས་འཕགས་པའི་རྒྱུད་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་པ་ཐེག་པ་ཆེན་པོའི་མདོ་སྡེའི་ལུགས་མ་ཡིན་ཏེ། ཁས་བླང་པའི་དུས་ལས་འདས་པའི་ཕྱིར་དང༌། དེར་འཆལ་ཚུལ་གྱི་གཉེན་པོ་མི་དགོས་པའི་ཕྱིར། དེར་མ་ཟད། སྡོམ་པས་མ་ཟིན་པའི་སྨོན་འཇུག་གི་སེམས་པ་གཉིས་ཀྱིས་ཀྱང་མ་ངེས་སོ། །གཞན་ཡང་དེ་ལྟར་འདོད་པ་དེས་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་གཉིས་ཀྱང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཅིག་པུར་ཁས་བླངས་པས་མཚན་ཉིད་རྒྱ་ཆུང་བ་ཡིན་ནོ། །གཉིས་པ་ལ། སྤྱིར་མི་འཐད་པ་དང༌། རྒྱུད་སྡེ་གོང་མ་ལ་མི་འཐད་པའོ། །དང་པོ་ནི། སྔགས་སྡོམ་གྱིས་ཟིན་པའི་དགེ་སློང་གི་སྡོམ་པ་དང༌། དོན་དམ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་གཞན་ལ་ཕན་པ་གཞི་བཅས་སྒྲུབ་པའི་སེམས་འབྱུང་སེམས་པ་ཆོས་ཅན། དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་གྲུབ་སྟེ། དེ་གཉིས་དང་མཚུངས་པར་ལྡན་པའི་ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གྲུབ་པའི་ཕྱིར། འདོད་ནུས་པ་མ་ཡིན་ཏེ། དོན་དམ་སེམས་བསྐྱེད་ཡིན་པའི་ཕྱིར་དང༌། ཤི་འཕོས་པ་དེ་ཁྱོད་ཀྱི་གཏོང་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། མི་བསྐྱོད་པ་དང་འོད་དཔག་མེད་ཀྱི་སྡོམ་པ་བླང་བའི་སྟོབས་ཀྱིས་ཐོབ་པའི་སྡོམ་པ་དེ་གཉིས་ཆོས་ཅན། སེམས་བསྐྱེད་ཀྱི་སྡོམ་པར་ཐལ། མཚན་ཉིད་དེའི་ཕྱིར། དེ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེས་རྣམ་སྣང་གི་སྡོམ་པ་ལེན་པའི་ཆོ་གས་ཐོབ་པའི་སྡོམ་པར་ཐལ། རྒྱུད་སྡེ་གོང་མའི་ཐུན་མོང་མ་ཡིན་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ་བོ། །སྡོམ་པ་གཉིས་ཀྱི་མཚན་ཉིད་ཀྱི་བརྒལ་ལན་བསྟན་ཟིན་ཏོ། །གསུམ་པ་སྔགས་སྡོམ་ཀྱི་མཚན་ཉིད་བརྟག་པ་ལ། དངོས་དང༌། ཞར་ལ་སྔགས་སྡོམ་གྱི་ཐོབ་མཚམས་དཔྱད་པའོ། །དང་པོ་ནི། སྔགས་སྡོམ་གྱི་མཚན་ཉིད་དེ། རྒྱུད་སྡེ་འོག་མ་གཉིས་ཀྱི་ལུགས་ལ་ཡང་ཁས་ལེན་པ་ཡིན་ནམ། རྒྱུད་སྡེ་གོང་མ་གཉིས་ཀྱི་ཐུན་མོང་གི་ཆོས་སུ་ཁས་ལེན་པ་ཡིན་ནམ། རྣལ་འབྱོར་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་ཁས་ལེན་པ་ཡིན། དང་པོ་ལྟར་ན། བྱ་རྒྱུད་རང་རྐང་ལ་རང་ཉིད་སངས་རྒྱས་སུ་སྐྱེད་པ་ཡོད་པར་ཐལ། དེའི་རང་རྐང་ལ་སྔགས་ཀྱི་སྡོམ་པ་ཡོད་པ་གང་ཞིག དེ་ཡིན་ན་ལྷའི་རྣམ་པར་བྱིན་གྱིས་བརླབས་པས་ཁྱབ་པའི་ཕྱིར། ཡང་རྒྱུད་སྡེ་འོག་མ་གཉིས་ཀྱི་རང་རྐང་ལ་དབང་གི་ཆོ་གས་བདེ་ཆེན་གྱི་ཡེ་ཤེས་འདྲེན་ནུས་པ་ཡོད་པར་ཐལ། དེ་ལ་སྔགས་སྡོམ་ཡོད་པ་གང་ཞིག དེ་ཡིན་ན་ལྷ་དང་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པས་ཁྱབ་པའི་ཕྱིར། འདོད་ན། ལུགས་དེའི་རང་རྐང་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་མཚན་ཉིད་པ་ཡོད་པར་ཐལ་ལོ། །གཞན་རྒྱུད་སྡེ་འོག་མ་གཉིས་ཀྱི་རང་རྐང་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་བྱིན་གྱིས་རློབས་པ་ཡོད་པར་ཐལ། ལུགས་དེ་ལ་རང་རྒྱུད་ཀྱི་སྡོམ་པ་ཇི་སྙེད་ལྷ་དོན་ཡོད་གྲུབ་པ་དང༌། བྱ་གྲུབ་ཡེ་ཤེས་སུ་བྱིན་གྱིས་རློབས་པ་ཡོད་པའི་ཕྱིར། དེར་ཐལ། དེ་ལ་སྔགས་སྡོམ་ཡོད་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །རྩ་བར་འདོད་ན། ལུགས་དེ་ལ། རིགས་ལྔའི་དོན་དང་ཐ་སྙད་གཉིས་ཀ་གྲུབ་པར་ཐལ་ལོ། །ཞེས་བྱ་བའི་ཐལ་བ་གསུམ་འཇུག་གོ །གཉིས་པ་ལྟར་ན། རྣལ་འབྱོར་རྒྱུད་ཀྱི་སྔགས་སྡོམ་དང་ལྡན་པའི་གང་ཟག་ཡིན་ན། དུས་རྟག་ཏུ་ལྷའི་ང་རྒྱལ་དང་ལྡན་པས་ཁྱབ་པར་ཐལ། དེའི་རྒྱུད་ཀྱི་སྔགས་སྡོམ་ཡིན་ན་ལྷ་དང་ཡེ་ཤེས་ཀྱི་རྣམ་པར་བྱིན་གྱིས་བརླབས་པས་ཁྱབ་པའི་ཕྱིར། ཡང་དེ་ཡིན་ན། ཇི་སྲིད་སྡོམ་པ་དང་ལྡན་པ་དེ་སྲིད་དུ་ལྷག་པའི་ལྷའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་དང་ལྡན་པས་ཁྱབ་པར་ཐལ། སྔགས་སྡོམ་ཡིན་ན་དེ་དང་དེར་བྱིན་གྱིས་བརླབས་པས་ཁྱབ་པའི་ཕྱིར། དེ་གཉིས་ཀ་ལ་འདོད་མི་ནུས་ཏེ། ཇི་སྐད་དུ། དེས་ན་རང་ཉིད་ཐ་མལ་འགྱུར། །ཞེས་གསུང་པ་དང་འགལ་བའི་ཕྱིར་རོ། །གསུམ་པ་ལྟར་ན། གསང་སྔགས་བླ་མེད་ཀྱི་དམ་ཚིག་ཇི་སྙེད་ཡོད་པ་ཆོས་ཅན། གསང་སྔགས་ཀྱི་སྡོམ་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། གསང་སྔགས་བླ་མེད་ཀྱི་དམ་ཚིག་ཡིན་པའི་ཕྱིར། འདོད་ན། སྔགས་བླ་མེད་ཀྱི་དམ་ཚིག་ཡིན་ན་སྡོམ་པ་ཡིན་པས་ཁྱབ་པར་ཐལ་ལོ། །འདོད་ན། སྔོན་འགྲོ་དམ་ལ་གཞག་པ་བཞིའི་སྐབས་ནས་ཐོབ་པའི་དམ་ཚིག་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱུ་དབང་བསྐུར་ལ་མི་ལྟོས་པའི་ཕྱིར། གཞན་ཡང་བཟའ་བའི་དམ་ཚིག་དང༌། མི་འབྲལ་བའི་དམ་ཚིག་སོགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བུམ་དབང་ལ་ལྟོས་པའི་དམ་ཚིག་ཏུ་ཐལ། གསང་སྔགས་བླ་མེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། དེའི་ཁྱབ་པ་ཁྱོད་ཀྱིས་ཁས་བླང་པ་ཡིན་ཏེ། བུམ་དབང་མཐའ་བརྟེན་དང་བཅས་པ་རྫོགས་པར་ཐོབ་པ་དང་སྔགས་སྡོམ་རྫོགས་པར་ཐོབ་པ་དུས་མཉམ་པ་ཁྱོད་ཀྱི་ལུགས་ཡིན་པའི་ཕྱིར། གཉིས་པ་ལ། སྔ་རབས་པ་མང་པོ་ན་རེ། རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པའི་མཐར་སྔགས་སྡོམ་རྫོགས་པར་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་སྨིན་བྱེད་དབང་གི་ཆོ་ག་དང་མ་འབྲེལ་བར་སྡོམ་བཟུང་ལན་གསུམ་བྱས་པ་ཙམ་གྱིས་སྔགས་སྡོམ་རྫོགས་པ་གཅིག་སྐྱེས་པ་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་འདྲའི་སྡོམ་ལྡན་དེ་ཆོས་ཅན། གསང་སྔགས་སྡོམ་ལྡན་མ་ཡིན་ཏེ། གསང་སྔགས་ཀྱི་ཆོས་སྒོར་མ་ཞུགས་པའི་ཕྱིར། སྨིན་བྱེད་ཀྱི་དབང་གི་སྟ་གོན་གྱི་ཆོས་ཙམ་ཡང་མ་ཐོབ་པའི་ཕྱིར། ཡང་ལ་ལ་ན་རེ། སློབ་མ་སྟ་གོན་ནི། དཀྱིལ་འཁོར་དུ་འཇུག་པའི་དུས་དེར་རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པའི་མཐར་སྔགས་སྡོམ་རྫོགས་པར་ཐོབ་པ་ཡིན་ཏེ། དཔེར་ན་བརྗོད་པ་གསུམ་པ་ལ། དགེ་ཚུལ་དང་དགེ་སློང་གི་སྡོམ་སྐྱེས་པ་བཞིན་ནོ་ཞེས་ཟེར། དེ་ལྟའང༌། བླ་མེད་ཀྱི་དབང་བསྐུར་ཐོབ་མ་མྱོང་བ་ཡང་ཡིན། བླ་མེད་ཀྱི་སྡོམ་ལྡན་ཡང་ཡིན་པའི་གཞི་མཐུན་ཞིག་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་འདྲ་དེ་ཆོས་ཅན། ཁྱོད་ཀྱི་རྩ་ལྟུང་བཅུ་བཞི་བསྲུངས་དགོས་པར་ཐལ། གསང་སྔགས་བླ་མེད་ཀྱི་སྡོམ་པ་དང་ལྡན་པའི་ལས་དང་པོ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་དེ་བསྲུང་བའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར། དེ་མ་ཚང་སྟེ། ཁྱོད་ལ་རྡོ་རྗེ་སློབ་དཔོན་མེད་པའི་ཕྱིར་དང༌། རྡོ་རྗེ་སྤུན་མེད་པའི་ཕྱིར་དང༌། དམ་ཚིག་གི་རྫས་ཇི་ལྟར་རྙེད་བཞིན་དུ་བརྟེན་མི་རུང་བའི་ཕྱིར། རྟགས་གསུམ་ཀ་གྲུབ་སྟེ། ཁྱོད་ཀྱིས་གསང་སྔགས་བླ་མེད་ཀྱི་དབང་མ་ཐོབ་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། ཁྱོད་ལ་རྩ་བའི་ལྟུང་བ་བྱུང་བའི་ཚེ། བདག་ཉིད་ཀྱིས་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བླངས་པས་སྔགས་སྡོམ་སོར་ཆུད་ཅིག་སྲིད་པར་ཐལ། སྔགས་ཀྱི་སྡོམ་ལྡན་གྱི་ལས་དང་པོ་པ་ཡིན་པའི་ཕྱིར། རྟགས་ཁས་བླང༌། ཁྱབ་པ་ཚད་མའོ། །འདི་ལ་རི་བོ་དགེ་ལྡན་པ་ན་རེ། སྔགས་སྡོམ་དང་མི་ལྡན་པ་ལ་རིག་པའི་དབང་ལྔ་བསྐུར་དུ་མི་རུང་ཞིང༌། ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་དབང་མི་བསྐུར་བ་ཡིན་ནོ། །ཞེས་ཟེར་ཞིང༌། སྡོམ་པ་གསར་དུ་ཐོབ་པ་ཡང་དབང་བསྐུར་དང་སྦྲེལ་བ་ལ་ངེས་པར་ལྟོས་དགོས་པ་ཡིན་ཏེ། དེ་དང་མ་འབྲེལ་ན་སྔགས་སྡོམ་མི་ཐོབ་པའི་ཕྱིར་ཞེས་ཟེར་རོ། །འདི་ནི་ཁས་བླངས་ནང་འགལ་བས་དགག་པར་བྱ་སྟེ། འོ་ན་སྤྱོད་པའི་རྒྱུད་ཀྱི་དབང་བསྐུར་ལ་རིགས་ལྔའི་སྡོམ་བཟུང་སྔོན་འགྲོ་དགོས་པར་ཐལ། དེ་ལ་རིག་པའི་དབང་བསྐུར་བ་ཐོབ་པའི་ཕྱིར། ཁྱབ་རྟགས་གྲུབ་མཐའ་ལ་ཁས་བླང༌། འདོད་ན། སྤྱོད་རྒྱུད་ཀྱི་སྡུད་པའི་སྔགས་སྡོམ་ཡོད་པར་ཐལ། འདོད་པའི་ཕྱིར། འཁོར་སུམ་ཁས་བླངས་སོ། །གཞན་ཡང་རྣལ་འབྱོར་བླ་མེད་ཀྱི་སྡོམ་པ་མ་བཟུང་ཞིང༌། རྣལ་འབྱོར་རྒྱུད་ནས་གསུང་བའི་རིགས་ལྔའི་སྡོམ་བཟུང་ལན་གསུམ་བྱས་པའི་སྔགས་ཀྱི་སྡོམ་པ་ལེན་པར་བྱེད་པའི་རྡོ་རྗེ་སློབ་མ་དེ་ཆོས་ཅན། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་རྟེན་དུ་མི་རུང་བར་ཐལ། རྡོ་རྗེ་སློབ་དཔོན་གྱི་སྡོམ་པ་དང་མི་ལྡན་པའི་ཕྱིར། ཁྱབ་པ་ཁས་བླངས། དེར་ཐལ། བུམ་དབང་གི་སྡོམ་པ་དང་མི་ལྡན་པའི་ཕྱིར། ཁྱབ་པ་ཡོད་དེ། རྡོ་རྗེ་སློབ་དཔོན་གྱི་དབང་མཚན་ཉིད་པ་ཡིན་ན། བུམ་དབང་གི་དངོས་གཞི་ཡིན་པས་ཁྱབ་པའི་ཕྱིར། རྟགས་གྲུབ་སྟེ། བླ་མེད་དུ་མ་ཞུགས་པ་ལ་བུམ་དབང་མཚན་ཉིད་པ་ཇི་ལྟར་ཡོད། ཡང་དེ་ཆོས་ཅན། བླ་མེད་ཀྱི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་རྟེན་དུ་གྱུར་པའི་སྡོམ་པ་དེ་དང་ལྡན་པར་ཐལ། རྣལ་འབྱོར་རྒྱུད་ཀྱི་སྔགས་སྡོམ་ཡོངས་རྫོགས་དང་ལྡན་པ་གང་ཞིག རྒྱུད་སྡེ་གོང་མ་གཉིས་ཀྱི་སྔགས་སྡོམ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མ་དམིགས་པའི་ཕྱིར། རྟགས་ཕྱི་མ་ཁས་བླང་སྟེ། རྒྱུད་སྡེ་གོང་མ་གཉིས་ཀའི་སྡོམ་པ་འཛིན་པའི་ཚེ། བཤད་རྒྱུད་རྡོ་རྗེ་རྩེ་མོ་ནས་གསུང་པའི་རིགས་ལྔའི་སྡོམ་བཟུང་ལན་གསུམ་འཛིན་པ་ལས་མ་གཏོགས་པའི་ཁྱད་པར་ཅུང་ཟད་ཀྱང་མེད་པར་ཁྱེད་ཀྱིས་ཁས་བླང་བའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། བླ་མེད་ཀྱི་སྡོམ་པ་ཐོབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བླ་མེད་ཀྱི་ཆོས་སྐོར་མ་ཞུགས་པའི་ཕྱིར། གཞན་ཡང༌། སྔགས་ཀྱི་སྡོམ་པ་ཆོས་ཅན། རང་རྒྱུ་དབང་བསྐུར་གྱི་འབྲས་བུར་ཐལ། དབང་བསྐུར་ལ་ངེས་པར་ལྟོས་པའི་སྡོམ་པའི་ཕྱིར། རྟགས་བསལ་དངོས་འགལ། ཁྱབ་པ་ཡོད་དེ། རིགས་པ་མཁྱེན་པས་ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། ཅེས་གསུངས་པའི་ཕྱིར། ཡང་རང་ལུགས་ཀྱི་ཕྱོགས་འཛིན་པ་དག་ན་རེ། བུམ་དབང་གི་མཐའ་བརྟེན་རྫོགས་པ་དང༌། སྔགས་སྡོམ་རྫོགས་པ་དུས་མཉམ་ཞེས་ཟེར། འདི་ལ་ཉེས་པ་གསུམ་སྟེ། གསང་སྔགས་བླ་མེད་ཀྱི་སྡོམ་པ་ཡིན་ན། བུམ་དབང་གི་སྡོམ་པ་ཡིན་པས་ཁྱབ་པར་ཐལ་བ་དང༌། ཡང་དེ་ཡིན་ན་སྐྱེད་རིམ་གྱི་སྡོམ་པ་ཡིན་པས་ཁྱབ་པར་ཐལ་བ་དང༌། བུམ་དབང་རྫོགས་པར་ཐོབ་ན། རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་ཐོབ་པས་ཁྱབ་པར་ཐལ་བའོ། །དང་པོ་ལ། འདོད་ན། བླ་མ་བཙལ་ལ་དབང་བཞི་བླངས། །དེ་ཡིས་སྡོམ་པ་གསུམ་ལྡན་འགྱུར། །ཞེས་གསུང་པ་དང་འགལ། གཉིས་པ་ལ་འདོད་ན། བརྟག་པ་ཕྱི་མའི་གསུམ་པར། ཞུས་ལན་གྱི་སྒོ་ནས་རྒྱས་པར་གཏན་ལ་ཕབ་པའི་སྡོམ་པ་དེ་སྔགས་སྡོམ་མཚན་ཉིད་པ་མ་ཡིན་པར་འགྱུར། གསུམ་པ་ལ་འདོད་ན། རྡོ་རྗེ་སྙིང་འགྲེལ་ལས། དབང་གོང་མ་གསུམ་མ་ཐོབ་པར་རྡོ་རྗེ་སློབ་དཔོན་དུ་མི་འགྱུར་བར་བཤད་པ་དང་འགལ། དེ་ཙམ་གྱི་སྒོ་ནས་མཚན་ཉིད་ལ་དཔྱད་པ་བསྟན་ཟིན་ཏོ། །གཉིས་པ་གཞི་མཐུན་ལ་དཔྱད་པ་ནི། སྒྲུབ་བྱེད་མ་ཉེས་པ་དང༌། བསྒྲུབ་བྱ་ལ་གནོད་བྱེད་བརྗོད་པའོ། །དང་པོ་ནི། ལྕགས་ལ་གསེར་འགྱུར་གྱི་རྩི་བྱས་པའི་དུས་དེར་ལྕགས་དང་གསེར་གྱི་གཞི་མཐུན་ཡོད་པར་ཐལ། དུས་དེར་དེ་དེར་གནས་གྱུར་པའི་ཕྱིར། སངས་རྒྱས་ཀྱི་སར་ཀུན་གཞི་རྣམ་ཤེས་དང༌། མེ་ལོང་ཡེ་ཤེས་ཀྱི་གཞི་མཐུན་ཡོད་པར་ཐལ་བ་དང༌། དེར་ཉོན་ཡིད་དང་མཉམ་ཉིད་ཡེ་ཤེས་ཀྱི་གཞི་མཐུན་ཡོད་པར་ཐལ། དེ་དེར་གནས་གྱུར་པའི་ཕྱིར། ཡང་ཇི་སྐད་དུ། རིགས་ཅན་གསུམ་གྱི་སྡོམ་པ་ཡང༌། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་པའི་ལུང་གིས་སྡོམ་པ་གསུམ་གྱི་གཞི་མཐུན་ཡོད་པར་བསྟན་པ་ཡིན་ནོ་ཞེ་ན། འོ་ན་དེའི་དུས་ཀྱི་རིགས་ཅན་གསུམ་པོ་དེ་གང་ལ་བྱེད། ཉན་ཐོས་དང་རངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འོ་སྙམ་ན། །དེ་ནི་ལེགས་པར་སྨྲས་པ་འདི་ལྟར། ཉན་ཐོས་ཀྱི་སྡོམ་དང་སྔགས་སྡོམ་ཀྱི་གཞི་མཐུན་ཡོད་པར་ཐལ་བ་དང༌། རང་སངས་རྒྱས་ཀྱི་སྡོམ་པ་དང༌། དེའི་གཞི་མཐུན་ཡོད་པར་ཐལ་བ་དང༌། རིགས་ཅན་གསུམ་ཀའི་སྡོམ་པ་ཡིན་པའི་གཞི་མཐུན་པ་གཅིག་ཡོད་པར་ཐལ། སྔར་གྱི་ལུང་དེས་དེ་དང་དེ་ཡོད་པར་བསྟན་པའི་ཕྱིར། རྟགས་ཁས་བླང༌། གལ་ཏེ་དེ་ཉན་ཐོས་ཀྱི་སྡོམ་དང་སྔགས་ཀྱི་སྡོམ་པར་གནས་གྱུར་ཞེས་འཆད་པ་ཡིན་གྱི། དེ་དེར་གནས་གྱུར་དུས་ཀྱི་ཉན་ཐོས་ཀྱི་སྡོམ་པ་སྔགས་སྡོམ་དུ་འཆད་པ་མ་ཡིན་ནོ་སྙམ་ན། རང་གིས་རང་ལ་ཅོ་འདྲི་བ་མ་ཡིན་ནམ། གཉིས་པ་གནོད་བྱེད་ནི། སྡོམ་གསུམ་རིམ་པར་མནོས་པའི་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་སྡོམ་པ་གསུམ་ཀའི་གཞི་མཐུན་དུ་ཐལ་བ་དང༌། ཡང་དེའི་རྒྱུད་ཀྱི་དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་གསུམ་ཀའི་གཞི་མཐུན་དུ་ཐལ། དམ་བཅའ་དེ་གང་ཞིག །ཆོས་ཅན་དེ་དག་ཡོད་པའི་ཕྱིར། དང་པོ་ལ་འདོད་ན། དེ་ཆོས་ཅན། རང་ཐོབ་བྱེད་ཀྱི་རྒྱུ་གསང་སྔགས་ཀྱི་དབང་བསྐུར་ལ་ལྟོས་པར་ཐལ། སྔགས་སྡོམ་ཡིན་པའི་ཕྱིར། ཁྱབ་པ་མེད་ན། གསང་སྔགས་ཀྱི་དབང་བསྐུར་ལ་མ་ལྟོས་པའི་སྔགས་སྡོམ་ཡོད་པར་ཐལ། ཁྱབ་པ་མེད་པའི་ཕྱིར། རྩ་བར་འདོད་ན། རང་རྒྱུད་ལྡན་གྱི་གང་ཟག་དེ་དབང་བསྐུར་མ་ཞུས་གོང་དུ་ཁྱོད་ཐོབ་པ་མ་ཡིན་པར་ཐལ། ཁྱོད་རང་རྒྱུ་དབང་ལ་ལྟོས་པའི་ཕྱིར། དེ་འདོད་ན། དེ་འདྲའི་གང་ཟག་དེ་སྡོམ་གསུམ་རིམ་པར་མནོས་པ་མ་ཡིན་པར་ཐལ། དེའི་རྒྱུད་ཀྱི་སྔགས་སྡོམ་དང་དགེ་སློང་གི་སྡོམ་གཉིས་ཐོབ་པའི་དུས་མཚུངས་པའི་ཕྱིར། དེར་ཐལ། དེ་གཉིས་ཀ་རང་རྒྱུད་ལྡན་གྱི་གང་ཟག་དེས་དབང་བསྐུར་ཐོབ་པའི་དུས་དེ་ཉིད་དུ་ཐོབ་པའི་ཕྱིར། གཞན་ཡང༌། ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་སྔགས་སྡོམ་བླང་བའི་དགེ་སློང་གི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་ཆོས་ཅན། ཡུལ་ཁྱིམ་པ་ལས་བླངས་པའི་སྡོམ་པར་ཐལ། ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་བླངས་པའི་སྔགས་སྡོམ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། དགེ་སློང་གི་སྡོམ་པ་ཡིན་པའི་ཕྱིར། ཡང་སྔགས་སྡོམ་བླངས་ནས་ལོ་གསུམ་སོང་རྗེས་སུ་བསྙེན་པར་རྫོགས་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེ་སྔགས་སྡོམ་ཐོབ་པའི་དུས་དེ་ཉིད་དུ་ཐོབ་པར་ཐལ། ཁྱོད་དེའི་རྒྱུད་ཀྱི་སྔགས་སྡོམ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེས་བསྙེན་རྫོགས་མ་བྱས་པའི་ལོ་གསུམ་གྱི་གོང་དུ་ཐོབ་པའི་སྡོམ་པ་ཡིན་པར་ཐལ། འདོད་པ་གང་ཞིག ཁྱོད་དེ་ཡིན་ན་ཁྱོད་དེ་ཡིན་དགོས་པའི་ཕྱིར། གཞན་ཡང་དེ་ལྟར་མནོས་པའི་དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། གསང་སྔགས་རྩ་བའི་ལྟུང་བ་བྱུང་ན་ཁྱོད་གཏོང་བར་ཐལ་བ་དང༌། ཡན་ལག་གི་ལྟུང་བས་ཁྱོད་ཀྱི་བསླབ་པ་འཁྲུལ་བཅས་སུ་ཐལ་བ་དང༌། རང་རྒྱུད་ལྡན་གྱི་གང་ཟག་ཤི་འཕོས་པ་དེ་ཁྱོད་ཀྱི་གཏོང་རྒྱུ་མ་ཡིན་པར་ཐལ། ཁྱོད་གསང་སྔགས་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཐལ་བ་སྔ་མ་ལ་ཁྱབ་པ་མེད་ན། ཁྱོད་ལ་ནང་འགལ་བ་འདི་ལྟར། རང་རྒྱུད་ལ་གསང་སྔགས་ཀྱི་རྩ་ལྟུང་བྱུང་བས་མི་གཏོང་རྒྱུའི་སྔགས་སྡོམ་དེ་གང་ཡིན། དེ་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེའོ་ཟེར་བ་ལས་འོས་མེད་པས། གསང་སྔགས་བླ་མེད་ཀྱི་རྩ་ལྟུང་བཞི་པ་དང་ལྔ་པ་བྱུང་བའི་དགེ་སློང་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་བྱམས་པ་དང་བྱང་ཆུབ་ཀྱི་སེམས་ཡོད་པར་ཐལ། ཁྱོད་གསང་སྔགས་བླ་མེད་ཀྱི་སྡོམ་ལྡན་ཡིན་པའི་ཕྱིར། རྟགས་ཁས་བླངས། འདོད་ན། ཁྱོད་ལ་རྩ་ལྟུང་བཞི་པ་དང་ལྔ་པ་མ་བྱུང་བར་ཐལ་ལོ། །གཞན་ཡང་དེ་ཆོས་ཅན། ཁྱོད་ཀྱི་གསང་སྔགས་ཀྱི་སྡོམ་པ་སྔར་མེད་གསར་དུ་ལེན་དགོས་པ་མ་ཡིན་པར་ཐལ། ཁྱོད་གསང་སྔགས་ཀྱི་སྡོམ་ལྡན་ཡིན་པའི་ཕྱིར། ཡང་རྡོ་རྗེ་སྤུན་ལ་ཁྲོས་པའི་རྩ་ལྟུང་བྱུང་བའི་དགེ་སློང་དེ་ཆོས་ཅན། ཁྱོད་ཡོངས་སུ་མ་སྨིན་སེམས་ཅན་ལ། །ཞེས་པའི་སྐབས་ནས་བསྟན་པའི་མ་སྨིན་པ་དེ་མ་ཡིན་པར་ཐལ། གསང་སྔགས་བླ་མེད་ཀྱི་སྡོམ་ལྡན་ཡིན་པའི་ཕྱིར། འདོད་ན། དེ་ཡིན་ན་བླ་མེད་ཀྱི་རྩ་ལྟུང་བྱུང་ལ་སོར་མ་ཆུད་པའི་གང་ཟག་ཡིན་པའི་ཕྱིར། རྩ་བའི་ཐལ་འགྱུར་གཉིས་པ་ལ་ཁྱབ་པ་མེད་ན། ཡན་ལག་གི་ཉེས་པ་སྦོམ་པོ་བརྒྱད་ཀྱི་འཁྲུལ་བཅས་སུ་མི་འགྱུར་བའི་བླ་མེད་ཀྱི་སྡོམ་པ་དེ་གང་ཡིན། དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེའོ་སྙམ་ན། འོ་ན་དེའི་རྒྱུད་ཀྱི་དེ་ཆོས་ཅན། དམ་ཚིག་དང་མི་ལྡན་པའི་རིག་མ་བརྟེན་པར་དགའ་བའི་ཡན་ལག་གི་ཉེས་པས་ཁྱོད་ཀྱི་བསླབ་པ་འཁྲུལ་བཅས་སུ་འགྲོ་བར་ཐལ། ཁྱོད་དགེ་སློང་གི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་པ་ཚད་མ། བསལ་བ་ཁས་བླངས། རྩ་བའི་གསུམ་པ་ལ་ཁྱབ་པ་མེད་ན། གསང་སྔགས་ཀྱི་སྡོམ་པ་ཡང་ཡིན། དུས་ཀྱི་ཁྱད་པར་ཇི་སྲིད་འཚོ་བའི་བར་དུ་བླངས་པ་ཡང་ཡིན་པའི་གཞི་མཐུན་ཞིག་གྲུབ་པར་ཐལ། རྩ་བ་ལ་ཁྱབ་པ་མེད་པའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་དེ་ཆོས་ཅན། ཁྱོད་དུས་ཇི་སྲིད་འཚོའི་བར་དུ་བླངས་པའི་ཆོ་ག་སངས་རྒྱས་ཀྱིས་མ་གསུངས་པར་ཐལ། ཁྱོད་སྔགས་སྡོམ་ཡིན་པའི་ཕྱིར་རོ། །གཞན་ཡང་ཁྱིམ་པའི་རྡོར་འཛིན་གྱི་རྒྱུད་ཀྱི་བསྙེན་གནས་ཀྱི་སྡོམ་པ་ཆོས་ཅན། གསང་སྔགས་ཀྱི་སྡོམ་པ་མ་ཡིན་ཏེ། ཉིན་ཞག་གི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར་རོ། །དེ་རྒྱུད་ཀྱི་དགེ་བསྙེན་ཡང་ཆོས་ཅན། གསང་སྔགས་ཀྱི་སྡོམ་པ་མ་ཡིན་ཏེ། ཇི་སྲིད་འཚོ་བའི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང༌། གསང་སྔགས་ཀྱི་དབང་ལས་བྱུང་བའི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྡོམ་པ་ཡིན་ན། སྔགས་སྡོམ་ཡིན་དགོས་པར་ཐལ། དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་དེ་སྔགས་སྡོམ་ཡིན་པའི་ཕྱིར། འདོད་ན། སྔགས་སྡོམ་དང་ལྡན་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་བསམ་གཏན་གྱི་སྡོམ་པ་ཆོས་ཅན། དེར་ཐལ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ས་འཕོས་པ་དང་ཤི་བའི་ཚོགས་པས་གཏོང་བར་ཐལ། བསམ་གཏན་གྱི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་པ་ཚད་མས། འདོད་ན། སྔགས་སྡོམ་དུ་ཐལ་ལོ། །རྩ་བའི་གཉིས་པ་ལ་འདོད་ན། སྡོམ་གསུམ་རིམ་པར་མནོས་པའི་རྡོར་འཛིན་གྱི་རྒྱུད་ཀྱི་སྔགས་སྡོམ་ཆོས་ཅན། རང་རྒྱུད་ལྡན་གྱི་གང་ཟག་དེས་སྔགས་སྡོམ་མ་ཐོབ་པའི་སྡོམ་པར་ཐལ། ཁྱོད་སྡོམ་གསུམ་རིམ་པར་མནོས་པའི་དགེ་སློང་གི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་གང་ཞིག ཁྱོད་སོ་ཐར་རིས་བདུན་གང་རུང་མ་ཡིན་པའི་ཕྱིར། གཞན་ཡང་དགེ་སློང་རྐྱང་པའི་སྡོམ་པ་དང་ལྡན། སོ་ཐར་རིས་བདུན་གཞན་དང་མི་ལྡན་པའི་དགེ་སློང་གི་རྒྱུད་ཀྱི་སྔགས་སྡོམ་ཆོས་ཅན། ཁྱོད་དགེ་སློང་གི་སྡོམ་པར་ཐལ། ཁྱོད་སོ་ཐར་གྱི་སྡོམ་པ་གང་ཞིག ཁྱོད་དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། ཁོ་ན་རེ། རྟགས་མ་གྲུབ་སྟེ། དེའི་རྒྱུད་ལ་རིས་བདུན་གང་རུང་མ་ཡིན་པའི་སོ་ཐར་ཙམ་པོ་ཞིག་ཡོད་པ་དེས་མ་ངེས་སོ་ཞེ་ན། འོ་ན་དེ་དེས་དུས་ནམ་གྱི་ཚེ་ཐོབ་པ་ཡིན། གལ་ཏེ་དེས་བྱང་སེམས་ཀྱི་སྡོམ་པ་བླངས་པའི་ཚེའོ་ཞེ་ན། འོ་ན་ཤེས་བྱ་ཆོས་ཅན། དགེ་སློང་གི་སྡོམ་པ་རྣམ་པར་དག་པ་དང་ལྡན་བཞིན་པའི་དགེ་སློང་ལ་སོ་ཐར་གྱི་སྡོམ་པ་སྔར་མེད་གསར་སྐྱེ་སྲིད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དགེ་སློང་གི་སྡོམ་པ་ལས་མཆོག་ཏུ་གྱུར་པའི་སོ་ཐར་གྱི་སྡོམ་པ་ཡོད་པར་ཐལ་ལོ། །འདོད་ན། དེ་འདྲའི་བཤད་པ་གང་ན་ཡོད་པ་ཁྱོད་ཀྱིས་སྟོན་ཅིག བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ་སྙམ་ན། དེ་ནི་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ཞེས་པའི་སྒྲ་གང་ལ་དངོས་མིང་དུ་འཇུག་པའི་གཞིར་གྱུར་པའི་བྱང་སེམས་ཀྱི་སྡོམ་པ་དེ་ཉིད་ཡིན་གྱི། སོ་ཐར་གྱི་སྡོམ་པ་དངོས་མ་ཡིན་ནོ། །གཞན་དུ་ན། སོ་ཐར་གྱི་སྡོམ་པ་དང༌། བྱང་སེམས་ཀྱི་སྡོམ་པའི་འཚམས་སོ་སོར་ཁྱེད་ཀྱིས་སྟོན་ཅིག གཞན་ཡང་དེ་གསུམ་རིམ་པར་མནོས་པའི་དེའི་རྒྱུད་ཀྱི་སྔགས་སྡོམ་ཆོས་ཅན། ཆོས་ཉིད་ཐོབ་པའི་སོ་ཐར་སྡོམ་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བའི་སོ་ཐར་སྡོམ་གང་རུང་དུ་ཐལ། སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། དང་པོ་ལ། འདོད་མི་ནུས་ཏེ། ཆོས་ཉིད་ཀྱིས་ཐོབ་པའི་སྡོམ་པ་མ་ཡིན་པའི་ཕྱིར་ཏེ། དབང་བསྐུར་གྱི་ཆོ་གས་ཐོབ་པའི་སྡོམ་པ་ཡིན་པའི་ཕྱིར། གཉིས་པ་ལ་འདོད་ན། དེ་ཆོས་ཅན། སོ་ཐར་སྡོམ་པའི་ཆོ་གས་ཐོབ་པར་ཐལ། འདོད་པའི་ཕྱིར། དབང་བསྐུར་དངོས་གཞིའི་ཆོ་ག་ལ་ངེས་པར་ལྟོས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་མེད་ན། སོ་ཐར་གྱི་སྡོམ་པ་ཡང་ཡིན། དབང་བསྐུར་དངོས་གཞིའི་ཆོ་ག་ལ་མ་ལྟོས་པ་ཡང་ཡིན་པའི་གཞི་མཐུན་ཁྱོད་ཀྱིས་ཁས་བླངས་པས། སྡོམ་བཟུང་གི་དུས་སུ་སྡོམ་པ་སྔ་མ་གཉིས་ཐོབ་པར་འདོད་པ་དང་འགལ། ཡང་དེ་འདྲའི་སྔགས་སྡོམ་ཆོས་ཅན། སེམས་བསྐྱེད་སྡོམ་པ་འབོགས་པའི་ཆོ་ག་ལ་ཐོབ་པར་ཐལ། སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན་དེ་ཆོས་ཅན། དབང་བསྐུར་དངོས་གཞིའི་ཆོ་ག་ལ་ངེས་པར་མི་ལྟོས་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་མེད་ན། དབང་བསྐུར་དངོས་གཞི་མ་རྫོགས་ཀྱི་བར་དུ་རྫོགས་པར་མི་ཐོབ་པའི་སེམས་བསྐྱེད་ཀྱི་སྡོམ་པ་གཅིག་ཁྱེད་ཀྱིས་ཁས་བླངས་པས། ཁས་བླངས་འགལ་བ་དང༌། མཚན་གཞི་སྟོན་རྒྱུ་མེད་པའི་ཉེས་པ་གཉིས་སོ། །གཞན་ཡང་དེ་ཆོས་ཅན། སོ་ཐར་ལ་ལྟོས་པའི་རྩ་ལྟུང་ཡིན་ན། ཁྱོད་ལ་ལྟོས་པའི་རྩ་ལྟུང་གི་རིས་སུ་གནས་པས་ཁྱབ་པར་ཐལ། འདོད་ན། སྡིག་པ་ཅན་བསྒྲལ་བའི་མངོན་སྤྱོད་ཀྱི་ལས་ཀྱི་དངོས་གཞི་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གསང་སྔགས་ཀྱི་ཉམས་སུ་བླང་བྱའི་དམ་ཚིག་ཡིན་པའི་ཕྱིར། རྩ་བའི་རྟགས་གྲུབ་སྟེ། སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་གང་ཞིག འདུལ་བ་ལས་གསུང་པའི་སྲོག་གཅོད་པའི་རྩ་ལྟུང་གི་ཡན་ལག་གི་རྩ་བ་ཐམས་ཅད་ཁྱོད་ལ་ཚང་སྲིད་པའི་ཕྱིར། ཁ་ཅིག་ན་རེ། འདུལ་བའི་ལུགས་ཀྱི་རྩ་ལྟུང་ཕོག་པའི་གསང་སྔགས་བླ་མེད་ཀྱི་རྩ་སྡོམ་ལྡན་ཡིན་ན། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་བྱུང་བས་ཁྱབ། ཅེས་ཟེར་བ་དག་སྣང་ངོ༌། །འོ་ན་བླ་མེད་ཀྱི་སྡོམ་པ་དང་ལྡན་པའི་བཅས་ལྡན་དགེ་སློང་གིས་མང་པོ་བསྐྱང་པའི་ཕྱིར་དུ་མི་གཅིག་བསད་པའི་ལས་ལམ་དངོས་གཞི་ཆོས་ཅན། བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་ཐལ། བླ་མེད་ཀྱི་སྡོམ་པ་ཐོབ་པའི་དགེ་སློང་གི་རྒྱུད་ཀྱི་འདུལ་བའི་རྩ་ལྟུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་སྡོམ་ལྡན་གྱི་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། རྩ་བར་མ་གྲུབ་ན། འདུལ་བའི་ལུགས་ཀྱི་སྲོག་ཕམ་པར་འཇོག་པ་ལ་ཡན་ལག་རྩིས་དུ་ཞིག་དགོས་ཁྱོད་ཀྱིས་སྨྲོས་ཤིག རྩ་བའི་ཐལ་བ་གསུམ་པ་ལ་འདོད་ན། སྡོམ་གསུམ་ལྡན་པའི་དགེ་སློང་གི་རྒྱུད་ཀྱི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ཆོས་ཅན། སོ་ཐར་སྡོམ་པའི་སྣོད་དུ་མི་རུང་བའི་རྒྱུད་ལ་ཁྱོད་མི་སྐྱེ་བའི་རིགས་ཅན་དུ་ཐལ། སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། འདོད་ན། དེའི་སྣོད་མ་ཡིན་པའི་འགྲོ་བ་པ་ལ་སྐྱེ་བའི་རིགས་ཅན་གྱི་སྡོམ་པར་ཐལ། དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་ཐལ། སོར་སྡོམ་དང་བྱང་སྡོམ་སྡོམ་པའི་གཞི་མཐུན་ཡིན་པའི་ཕྱིར། འདོད་ན། འཇུག་སྡོམ་དུ་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྨོན་འཇུག་གི་སྡོམ་པ་གཉིས་ཚོགས་པའི་ཚོགས་དོན་ཡིན་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་དེ་ཆོས་ཅན། གཙོ་བོར་ལུས་ངག་གི་སྤང་བྱ་སྤོང་བའི་ཚུལ་ཁྲིམས་སུ་ཐལ། སོ་ཐར་སྡོམ་པ་དངོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཙོ་བོར་ཡིད་ཀྱི་སྤང་བྱ་སྤོང་བའི་ཚུལ་ཁྲིམས་ཡིན་པའི་ཕྱིར་ཏེ། སེམས་བསྐྱེད་ཀྱི་སྡོམ་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་རྒྱུད་གསང་སྔགས་ཀྱི་དབང་བསྐུར་ལ་ལྟོས་པར་ཐལ། སྔགས་སྡོམ་ཡིན་པའི་ཕྱིར། འོ་ན་རྒྱུ་དུས་ཀྱི་དབང་དང་སེམས་བསྐྱེད་ཀྱི་ཆོ་ག་དུས་གཅིག་བྱེད་དགོས་པར་ཐལ། འདོད་པའི་ཕྱིར། དེའི་རྒྱུད་ཀྱི་སྨོན་སེམས་ཀྱི་སྡོམ་པ་ཆོས་ཅན། རབ་རྒྱུད་ལྡན་གྱི་གང་ཟག་དེས་སངས་རྒྱས་ཐོབ་ནས་ཀྱང་ཁྱོད་མི་གཏོང་བ་སྲིད་པའི་རིགས་ཅན་ཡིན་པར་ཐལ། ཁྱོད་དེའི་རྒྱུད་ཀྱི་སྔགས་སྡོམ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་པར་སྨོན་སེམས་འབྱུང་བར་ཁས་ལེན་པ་སུའི་ལུགས་ཡིན། ཡང་སྡོམ་པ་གསུམ་ལྡན་གྱི་ལས་དང་པོ་པའི་རྒྱུད་ཀྱི་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ཆོས་ཅན། བླ་མེད་ཀྱི་རྩ་ལྟུང་བཅུ་གཅིག་པས་ཁྱོད་གཏོང་བར་ཐལ། ཁྱོད་ལས་དང་པོ་པའི་རྒྱུད་ཀྱི་བླ་མེད་ཀྱི་སྔགས་སྡོམ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རྩ་ལྟུང་བཅུ་གཅིག་པའི་འགལ་ཟླ་གྱུར་པའི་ལྟ་བ་དེ་སེམས་ཙམ་པ་དང་ཐུན་མོང་གི་ལྟ་བར་ཐལ། འདོད་པའི་ཕྱིར་རོ། །རིག་དེ་ཐམས་ཅད་ཀྱི་དོན་བསྡུས་ན། ཁ་ཆེ་པཎ་ཆེན་གྱི་དྲུང་དུ་སོ་ཐར་གྱི་སྡོམ་པ་བླངས། ཁྲོ་ཕུ་ལོ་ཙཱ་བའི་དྲུང་དུ་བྱང་སེམས་ཀྱི་སྡོམ་པ་བླངས། ས་སྐྱ་པཎ་ཆེན་དྲུང་དུ་གསང་སྔགས་ཀྱི་སྡོམ་པ་བླངས་པའི་སྡོམ་པ་གསུམ་ལྡན་གྱི་སྐྱེས་བུ་དེའི་རྒྱུད་ཀྱི་སྔགས་སྡོམ་ཆོས་ཅན། སྡོམ་པ་བླངས་པའི་ཡུལ་ཁ་ཆེ་པཎ་ཆེན་ལ་གསར་དུ་ཐོབ་པའི་སྡོམ་པར་ཐལ། གང་ཟག་དེའི་རྒྱུད་ཀྱི་སོར་སྡོམ་ཙམ་པོ་དེ་ཡིན་པའི་ཕྱིར། ཁྱབ་པ་མེད་ན་ནི། སོར་སྡོམ་ཙམ་པོ་དེ་ཉིས་བརྩེགས་གསུམ་བརྩེགས་སྔར་མེད་གསར་དུ་སྐྱེ་བར་ཁྱོད་ཀྱིས་ཁས་བླངས་པས་མི་ཤེས་པའི་རྟགས་བསྟན་པ་ཡིན་ནོ། །ཡང་དེ་ཆོས་ཅན། ཁྲོ་ལོའི་དྲུང་དུ། སྔར་མ་ཐོབ་གསར་དུ་ཐོབ་པའི་སྡོམ་པར་ཐལ། ཁྱོད་དེའི་རྒྱུད་ཀྱི་བྱང་སེམས་ཀྱི་སྡོམ་པ་གང་ཞིག ཁྱོད་ས་ལོའི་དྲུང་དུ་སྔར་མེད་གསར་དུ་ཐོབ་པའི་སྡོམ་པ་དེ་མ་ཡིན་པའི་ཕྱིར། ཡང་དེའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དང༌། བྱང་སེམས་ཀྱི་སྡོམ་པ་གཉིས་ཆོས་ཅན། པཎ་ས་སྐྱ་པའི་དྲུང་དུ་ཐོབ་པའི་སྡོམ་པར་ཐལ། གང་ཟག་དེའི་རྒྱུད་ཀྱི་སྔགས་སྡོམ་ཡིན་པའི་ཕྱིར། ཆོས་ཅན་ལ་ཞིབ་བྱ་དགོས་ན་དང་དུ་སྦྱོར་ཤིག དེ་ལྟར་གནོད་བྱེད་བརྗོད་ནས། བསྒྲུབ་བྱ་འཁྲུལ་པར་བསྟན་པ་ལ་འདི་ལྟ་སྟེ། རྗེ་བཙུན་གྱི་དགོངས་པ་ལེན་པར་རློམ་པ་དག་ན་རེ། སྡོམ་གསུམ་རིམ་པར་མནོས་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། ཁྱོད་བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ཡིན་ཏེ། ཁྱོད་དེར་གནས་གྱུར་པའི་ཕྱིར། དཔེར་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བསྐུས་པ་བཞིན་ནོ། །ཞེས་ཟེར་རོ། །འོ་ན་འདུལ་བའི་ལུགས་ཀྱི་བསླབ་ཚིགས་གསུམ་རིམ་པར་མནོས་པའི་དགེ་སློང་གི་རྒྱུད་ཀྱི་དགེ་ཚུལ་ཆོས་ཅན། དགེ་སློང་གི་སྡོམ་པར་ཐལ། དེར་གནས་གྱུར་པའི་ཕྱིར། རྒྱུད་སྡེ་བཞིའི་སྡོམ་པར་རིམ་པར་མནོས་པའི་གསང་སྔགས་པའི་རྒྱུད་ཀྱི་བྱ་རྒྱུད་ཀྱི་སྡོམ་པ་ཆོས་ཅན། གསང་སྔགས་བླ་མེད་ཀྱི་སྡོམ་པར་ཐལ། དེར་གནས་གྱུར་པའི་ཕྱིར། འདོད་ན། བླ་མེད་ཀྱི་དབང་ལས་ཐོབ་པར་ཐལ་ལོ། །ཡང་དབུ་སེམས་ཀྱི་སྡོམ་པ་གཉིས་རིམ་པར་མནོས་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པ་ཆོས་ཅན། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་སྡོམ་པར་ཐལ། དེར་གནས་གྱུར་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་དེ་གཉིས་དང་པོར་བླངས་པའི་ཡུལ་མི་འདྲ། གང་གིས་ལེན་པའི་རྟེན་མི་འདྲ། ཇི་ལྟར་བླང་པའི་ཆོ་ག་མི་འདྲ། གང་བསྲུང་བའི་ཆོ་ག་མི་འདྲ། ཉམས་ན་ཕྱིར་བཅོས་མི་འདྲ་བའི་ཕྱིར། ཐལ་འགྱུར་འདི་གསུམ་ཀའི་རྩ་བའི་རྟགས་གྲུབ་ན། གང་ཟག་དེ་དག་གི་རྒྱུད་ཀྱི་སྡོམ་པ་དེ་རྣམས་ངོ་བོ་ཐ་དད་དུ་གནས་པར་ཐལ། དེ་དག་ལ་དེ་ཡོད། སྔ་མ་རྣམས་ཕྱི་མ་གནས་མ་གྱུར་པའི་ཕྱིར། འདོད་ན། སྡོམ་པ་སྔ་ཕྱི་གནས་མ་གྱུར་པའི་ངོ་བོ་གཅིག་པ་ཞེས་བྱ་བ་འདི་རྗེ་བཙུན་གྱི་དགོངས་པ་ཇི་ལྟར་ཡིན། ཡང་ལ་ལ་ན་རེ་སྡོམ་གསུམ་གནས་གྱུར་ངོ་བོ་གཅིག་པར་རྗེ་བཙུན་གྱི་སྡོམ་པ་སྔ་མ་རྣམས་ཕྱི་མར་ཁས་ལེན་དགོས་པ་མིན་ནོ་ཞེས་ཟེར། འོ་ན་བདེ་དགྱེས་གསང་གསུམ་གྱི་དབང་བསྐུར་རིམ་པར་མནོས་པའི་སྔགས་པ་དམ་ཚིག་ཅན་དེའི་རྒྱུད་ཀྱི་དགྱེས་རྡོར་གྱི་སྡོམ་པ་དེ་བདེ་གསང་གི་སྡོམ་པར་ཐལ། དེའི་རྒྱུད་ཀྱི་དེ་གསུམ་ངོ་བོ་གཅིག་པའི་ཕྱིར། འདོད་ན་དེ་ཆོས་ཅན། བདེ་མཆོག་གི་དབང་ལས་ཐོབ་པར་ཐལ་བ་དང༌། བདེ་མཆོག་གི་ཐུན་མོང་མ་ཡིན་པའི་དམ་ཚིག་ཀྱང་ཁྱོད་ཀྱི་དམ་ཚིག་ཏུ་ཐལ། ཁྱོད་བདེ་མཆོག་གི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན་རྣལ་འབྱོར་རྒྱུད་ཀྱི་སྡོམ་པར་ཐལ། གསང་འདུས་ཀྱི་སྡོམ་པ་ཡིན་པའི་ཕྱིར། གཞན་ཡང་དེ་ལྟ་བུའི་གསང་སྔགས་པ་དེ་གསང་འདུས་ཀྱི་དཀྱིལ་འཁོར་གཅིག་པོར་བདག་ཉིད་ཞུགས་ཤིང་བླང་ནས། སློབ་མ་ལ་གསང་འདུས་ཀྱི་དབང་བསྐུར་བས་སློབ་མ་དེས་བདེ་དགྱེས་གསང་གསུམ་གྱི་སྡོམ་པ་ཅིག་ཅར་དུ་ཐོབ་པར་ཐལ། རྡོ་རྗེ་སློབ་དཔོན་དེའི་རྒྱུད་ཀྱི་གསང་འདུས་ཀྱི་སྡོམ་པ་དེ་སྡོམ་པ་གསུམ་ཀ་ཡིན་པའི་ཕྱིར། ཡང་ལ་ལ་ན་རེ། སྡོམ་པ་གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་གསུམ་ལ་གཞི་མཐུན་མི་སྲིད་ན། སྡོམ་གསུམ་ངོ་བོ་ཐ་དད་དུ་ཁས་བླངས་པར་སོང་བ་ཡིན་ཞེས་ཟེར་རོ། །བདེན་གཉིས་ངོ་བོ་ཐ་དད་དུ་ཐལ་བ་དང༌། འཁོར་འདས་ངོ་བོ་ཐ་དད་དུ་ཐལ་བ་དང༌། དབྱིངས་རིག་ངོ་བོ་ཐ་དད་དུ་ཐལ་བ་དང༌། ཆོས་ཅན་དང་ཆོས་ཉིད་ཀྱི་ངོ་བོ་ཐ་དད་དུ་ཐལ་བ་དང༌། སངས་རྒྱས་ཀྱི་སྐུ་གསུམ་པོ་ངོ་བོ་ཐ་དད་དུ་ཐལ་བ་དང༌། སྐྱེས་བུ་དང་སྐྱེས་བུའི་ལུས་ཀྱི་ཡན་ལག་ལྔ་པོ་ཐ་དད་དུ་ཐལ་བ་དང༌། བུམ་པ་དང་བུམ་པའི་རྡུལ་རྫས་བརྒྱད་པོ་ངོ་བོ་ཐ་དད་དུ་ཐལ་བ་དང༌། བསྟན་བཅོས་གཅིག་གི་ལུས་ཡོངས་རྫོགས་དང༌། དེའི་ཆ་ཤས་སུ་གྱུར་པའི་ཚིག་ལེའུར་བྱས་པ་གཅིག་ངོ་བོ་ཐ་དད་དུ་ཐལ་བ་སོགས་ཀྱི་ཉེས་པ་ཁྱེད་ལ་འཇུག་གོ །ཡང་ལ་ལ་ན་རེ། སྡོམ་པ་གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་གསུམ་པོ་རྫས་ཐ་དད་དུ་བཞེད་པ་ནི་རྗེ་བཙུན་གྱི་དགོངས་པ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི་དེའི་དགོངས་པ་མ་ཡིན་པར་རྟོགས་སླ་སྟེ། དེ་ཉིད་ཀྱི་གསུང་རབ་དང་ཤིན་ཏུ་འགལ་བའི་ཕྱིར་དང༌། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་དང་འགལ་བའི་ཕྱིར་དང༌། རྗེ་བཙུན་དེ་དག་གི་གཞུང་ལུགས་དེ་དག་ཆེས་ཤིན་ཏུ་ཚད་མར་གྱུར་པའི་ཕྱིར་རོ། །འདིར་སྨྲས་པ། ལ་ལས་ལོ་བརྒྱ་བསམ་པ་གང༌། །ལ་ལའི་མགྲིན་པར་གླེང་བ་དང༌། །ལ་ལའི་དགོངས་པ་མིན་ཞེས་ནས། །ལ་ལས་དཔྱད་པ་འདི་བྱས་སོ། །ལ་ལའི་ཕྲག་དོག་མེ་ཆེན་པོ། །ལ་ལར་རྟག་ཏུ་འབར་དོགས་ནས། །ལ་ལའི་ལུང་རིགས་འདི་སྦས་ཀྱང༌། །ལ་ལས་ནན་གྱིས་བསྐུལ་ཕྱིར་བྲིས། །མི་རིགས་གཞན་གྱིས་བརྟགས་པའི་མཐའ། །མི་འཕྲོག་མཁྱེན་རབ་དང་ལྡན་པ། །མི་ཕམ་ཆོས་རྗེའི་དགོངས་པ་ཞེས། །མི་ཤེས་བཞིན་དུ་སྨྲ་བ་མཚར། །མི་བསྲུན་བསྙེན་བཀུར་ཕྲག་དོག་ཅན། །མི་མཁས་བཞིན་དུ་ཚུལ་བཅོས་ནས། །མི་རྣམས་འཆད་རྩོད་རྩོམ་པ་ལ། །མི་མཐུན་བརྒྱ་ཕྲག་གླེང་བ་ཡོད། །ཁ་ནས་མི་གཙང་ཟོས་པའི་མཆུ། །ཁ་མང་གཞན་གྱིས་སྨྲས་པ་ན། །ཁ་ཅིག་རྗེ་བཙུན་དགོངས་པ་ཞེས། །ཁ་འཆལ་རྒྱུན་མི་ཆད་པ་ཡོད། །ཡོད་མེད་ལུང་དང་རིགས་པའི་ཚུལ། །ཚུལ་བཞིན་ཤེས་པའི་མཁས་རྣམས་ལ། །ལ་མོར་དྲིས་དང་གསལ་བར་ཤེས། །ཤེས་རབ་ལྡན་པ་རྣམས་ཀྱིས་སོ། །ཡང་སྨྲས་པ། མང་ཐོས་གཉིས་འཐུང་རིགས་པའི་མཆེ་བ་ཅན། །རྒྱ་ཆེན་ཐོས་པའི་རྣ་བ་འཕྱང་བཞིན་དུ། །ལུང་དང་རིགས་པའི་ཆང་གིས་རབ་མྱོས་ནས། །ངེས་དོན་ཆུ་གཏེར་དབུས་སུ་གཉིད་ལོག་ཚེ། །བསྐུལ་བྱེད་ངག་གི་བར་མེད་བསླང་བ་ཅན། །ལུང་གི་སྣ་ཞགས་མཁའ་ལ་རབ་སྐྱོད་ཅིང༌། །རིགས་པའི་མཆེ་བ་གནམ་དུ་བསྒྲེང་བྱས་ནས། །བསྒྲུབ་དང་སུན་འབྱིན་རལ་གྲིའི་འཁྲུལ་འཁོར་གྱིས། །སྨྲ་ངན་སྦྱིན་མའི་བུ་རྣམས་རང་གནས་བསྐྲད། །གཟུ་བོའི་སྟེགས་ལ་མི་འདུག་ཅིང༌། །མགྲིན་པ་ཁ་དོག་གསུམ་ཕྲེང་ཅན། །གཞན་ལ་སྨོད་པའི་ལྕེ་བདེ་བ། །ནེ་ཙོ་དེ་ལ་འདིས་ཅི་བྱ། །ཐོས་པའི་གདུགས་མཛེས་གཡོ་ལྡན་ཞིང༌། །གཟུ་བོར་གནས་པའི་གཙུག་ཕུད་ཅན། །ཕྲག་དོག་དུག་གི་བཅུད་ལེན་པའི། །རྨ་བྱའི་ཁྲི་ལ་འདི་འཁོད་ཅིག །ཅེས་བྱ་བ་འདི་ནི་བློ་གསལ་བའི་གཞོན་ནུ་དག་གིས་ནན་གྱིས་བསྐུལ་བའི་ངོར་ཉེ་བར་སྦྱར་བ་ཡིན་ནོ།།  །།སརྦ་མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*