དུས་ཚིགས་ཀྱི་རྣམ་པར་བཞག་པ་བློ་གསལ་གྱི་མགུལ་རྒྱན།

༼ཆ༽༄༅། །དུས་ཚིགས་ཀྱི་རྣམ་པར་བཞག་པ་བློ་གསལ་གྱི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།།

སྭ་ར་སྭསྟི། དུས་ཚིགས་ཀྱི་རྣམ་པར་བཞག་པ་བློ་གསལ་གྱི་མགུལ་རྒྱན་ཞེས་བྱ་བ། སྨྲ་བའི་གཙུག་རྒྱན་ཐམས་ཅད་མཁྱེན་པའི་ཞབས་ཀྱི་པད་མོར་རྙོག་པ་མེད་པའི་མགོ་བོས་བཏུད་ནས་ཡིད་རབ་ཏུ་དྭང་བ་དང་བཅས་པའི་ངག་གིས་ཕྱག་འཚལ་ལོ། །ཁྱོད་སྐུ་བརྗིད་པ་འབྲུག་གི་ཉི་ཟེར་འཐུངས་པའི་ལི་ཁྲིའི་ལྷུན་པོ་དེ་ཇི་བཞིན། །གང་གསུང་སྙན་པ་དྲི་ཟའི་རྒྱུན་མངས་བསྒྱུར་བ་ལ་དགའི་དབྱངས་ཅན་མ་དེ་བཞིན། །ཉི་ཐུགས་ཟབ་གསལ་སྟོང་ཕྲག་ཆུ་ཀླུང་ངལ་སོའི་ཡིད་བཞིན་རྒྱ་མཚོ་ཇི་བཞིན་དུ། །འཇམ་དཔལ་ཡིད་འཕྲོག་མཁྱེན་པའི་གཏེར་དེ་དེ་རིང་སྙིང་གི་དཀྱིལ་དུ་བྱོན། །ཡིད་འོང་མར་གད་ཞུ་བ་འཁྱིལ་བའི་ཆུ་གཏེར་ཨཎྜ་ནི་ལའི་རླབས་ཕྲེང་འདྲེན་འདྲའི་འགྲམ་ངོགས་དཔག་བསམ་ཤིང་གི་གུར་ཁང་ཉམས་དགའ་བར། །ཤེལ་དཀར་འདབ་མ་སྟོང་ལྡན་གསེར་གྱི་ཟེའུ་གཡོ་བའི་པད་དཀར་ངོས་ལ་དངུལ་གྱི་ཐིགས་པ་འཁྱིལ་བའི་རབ་མཛེས་ཟླ་བའི་གདན་གྱི་སྟེང༌། །གདུགས་དཀར་ཐིག་ལེའི་བསིལ་ཡབ་རབ་འབབ་མཐོ་རིས་བུ་མོ་སྒེག་པའི་ཉམས་ལྡན་སྟོང་གི་ལག་པས་བསྐྲུན་པའི་མེ་ཏོག་གསར་པའི་ལྡིང་ཁང་ན། །ཡིད་དམ་ལྷ་མོ་ཙོག་པུའི་ཚུལ་བཞུགས་ཕྱག་གཉིས་རྒྱུད་མངས་བསྒྱུར་བ་ལ་འབྲེལ་ཀུན་གྱི་ཡིད་འོང་མ་དེ་དེ་རིང་མདུན་དུ་བྱོན། །དེ་ལྟར་མཆོད་པར་བརྗོད་ནས་རྩོམ་པར་དམ་བཅའ་བ་ནི། ཐ་སྙད་ཆུང་ངུ་ལ་ཡང་སྦྱངས་བྱས་ན། །མང་པོའི་དབུས་སུ་མཁས་པའི་གོ་འཕངས་ཐོབ། །དེ་ཕྱིར་གཞན་གྱིས་བསྐུལ་ངོར་སྡེ་སྣོད་དོན། །ཐ་སྙད་གཞུང་ལུགས་ཇི་བཞིན་འདིར་བརྗོད་བྱ། །འདི་ལ་དོན་གཉིས་ཏེ། འདུལ་མངོན་གཉིས་ནས་གསུངས་པའི་དུས་ཚིགས་ཀྱི་རྣམ་གཞག་གཙོ་བོར་བཤད་པ་དང༌། དེ་ལས་འཕྲོས་ནས་བསྟན་པའི་གནས་ཚད་སོགས་བཤད་པའོ། །དང་པོ་ལ། དུས་ཚིགས་ཀྱི་དང་པོ་དང༌། ལོའི་ཐོག་མ་གང་ནས་འཛིན་པའི་ཚུལ་འཕྲོས་དོན་དང་བཅས་པ། དེ་ལ་བརྟེན་ནས་དུས་སྒོ་བ་དང༌། དབྱར་ཁས་ལེན་དང་གསོ་སྦྱོང་སོགས་ཀྱི་རྣམ་གཞག་རྟོགས་པའི་ཚུལ་ལོ། །དང་པོ་ལ་ལོ་གཅིག་ལ་དུས་ཚིགས་སུ་འཇོག་པ་རྣམ་གྲངས་དང་བཅས་པ། ཟླ་ཤོལ་འབྱུང་བའི་རྒྱུ་མཚན་རྣམ་གྲངས་དང་བཅས་པའོ། །དང་པོ་ལ་སྤྱིར་བཤད་པའི་རྣམ་གྲངས་བཀོད་པ་དང༌། ལུགས་གཉིས་ཀྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྤྱིར་འདུལ་མངོན་གཉིས་ཀྱི་ཆོས་སྐོར་ནས་དུས་ཚིགས་གསུམ་དུ་བཤད་པ། བཞིར་བཤད་པ། ལྔར་བཤད་པ། དྲུག་ཏུ་བཤད་པ་དང༌། སྐབས་མི་འདྲ་བ་བཞི་ཡོད་དོ། །དང་པོ་ནི། དགུན་གྱི་དུས་ཟླ་བ་བཞི། དཔྱིད་ཀྱི་དུས་ཟླ་བ་བཞི། དབྱར་ཟླ་བ་བཞི་རྣམས་དུས་ཚིགས་རེ་རེར་བྱས་པ་སྟེ། ཇི་སྐད་དུ། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པའི་སྐབས་སུ་དགུན་དཔྱིད་དབྱར་གསུམ་དུ་བསྡུས་པ་དང༌། འདུལ་བ་ལས་དུས་ཚིགས་སུ་བཅད་པ་ལས་ནི་ཉིས་འགྱུར་དུའོ། །ཞེས་པའི་སྐབས་སུ་ཟླ་བ་བཞི་ལ་དུས་ཚིགས་གཅིག་གི་ཚད་དུ་བཤད་པ་ལྟ་བུའོ། །དགོས་པ་ནི་འདུལ་བ་ལས་དེ་ལྟར་བཤད་པ་ནི་ཕྱག་དར་ཁྲོད་ཀྱི་གོས་ངོས་བཟུང་བའི་ཆེད་ཡིན་ལ་ཞེས་སློབ་དཔོན་སྔ་མ་རྣམས་གསུངས་ལ། མངོན་པ་ནས་དེ་ལྟར་བཤད་པ་ནི། སྟོན་ཉིན་མཚན་མཉམ་པའི་དུས་དེ་ནས་བཟུང་བའི་ཟླ་བ་བཞི་པ་ལ་དགུན་ཉི་ལྡོག་པ་དང༌། དེ་ནས་བཟུང་བའི་ཟླ་བ་བཞི་པ་ལ་དཔྱིད་ཉིན་མཚན་མཉམ་པ་དང༌། དེ་ནས་བཟུང་བའི་ཟླ་བ་བཞི་པ་ལ་དབྱར་ཉི་ལྡོག་པ་དང༌། དེ་ནས་བཞི་པ་ལ་སྟོན་ཉིན་མཚན་མཉམ་པ་བྱུང་བའི་ཚུལ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་ནོ་ཞེས་ཁོ་བོ་སྨྲའོ། །དེ་ཡང་ཟླ་བཞིའི་ངོ་མཐོང་བ་ལ་བྱ་བ་ཡིན་ཏེ། ཟླ་བ་གསུམ་དང་ཞག་གསུམ་ཅུང་མེད་པ་དེ་ལ་དུས་བཞི་པོ་དེའི་བཞག་མཚམས་རེ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། དགུན་དཔྱིད་དབྱར་སྟོན་བཞི་པོ་ཟླ་བའི་དབང་དུ་བྱས་ན་རྭ་བ། འབྲིང་པོ་ཐ་ཆུང་གསུམ་གསུམ་དུ་ཕྱེ་བ་སྟེ་འཇིག་རྟེན་གྱི་གྲགས་པ་དང་བསྟུན་པ་ཡིན་ནོ། །གསུམ་པ་ནི་དུས་ཚིགས་གསུམ་དུ་བཞག་པ་དེ་ཉིད་གཞིར་བྱས་ནས། དེའི་ལུགས་ཀྱི་དབྱར་འབྲིང་དུས་དེ་ལ་དབྱར་གྱི་དུས་ཟླ་བ་གཅིག་དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག དབྱར་རིང་པོའི་དུས་ཟླ་བ་གསུམ་ལ་ཉིན་ཞག་གཅིག་གིས་མ་ཆོག་པ་སྟེ་གསུམ་དུ་ཕྱེ་བ་ཡིན་ཏེ། ཇི་སྐད་དུ། འདུལ་བ་ལས་དེ་དག་ནི་རྣམ་པ་ལྔའོ། །དགུན་གྱི་དུས་དང༌། དཔྱིད་ཀྱི་དུས་དང༌། དབྱར་གྱི་དུས་དང༌། དབྱར་ཐུང་ངུའི་དུས་དང༌། དབྱར་འབྲིང་པོའི་དུས་སོ། །དང་པོ་གཉིས་ནི། ཟླ་བ་བཞི་བཞིའོ། །འོག་མ་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉིན་ཞག་གཅིག་གོ །ཐ་མ་ནི་དེས་ཟླ་བ་གསུམ་དུ་མ་ཆོག་པའོ། །ཞེས་གསུངས། འདིའི་དགོས་པ་ནི་དབྱར་ཐུང་ངུ་ཤི་བ་དང་འདྲ་བ་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་ཡིན་ལ། དེ་རྟོགས་པའི་དགོས་པ་ཡང༌། དབྱར་ཕྱི་མའི་ཁས་ལེན་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་ནོ། །དབྱར་ཐུང་ངུ་ལ་ཤི་བ་དང་འདྲ་ཞེས་བྱ་སྟེ། ཤི་བའི་ལུས་ལ་རྣམ་ཤེས་སླར་མི་འཇུག་པ་བཞིན་དུ་དབྱར་སྔ་མ་གནས་པར་ཁས་མ་བླངས་པར་ཉིན་ཞག་འདི་འདས་པའི་ཚེ། ལོ་དེ་ལ་དབྱར་མེད་པར་འགྲོ་བའི་ཕྱིར་ཞེས་སློབ་དཔོན་རྣམས་གསུང་ངོ༌། །བཞི་པ་ནི། དུས་ཚིགས་གསུམ་པོ་དེ་ཉིད་གཞིར་བཞག་ནས་རེ་རེ་ལ་དུམ་བུ་གཉིས་གཉིས་སུ་བྱས་པ་སྟེ། དེ་ཡང་དགུན་སྟོད་དང༌། དགུན་སྨད་དང༌། དཔྱིད་དང༌། སོ་ཁ་དང༌། དབྱར་དང༌། སྟོན་རྣམས་ཟླ་བ་གཉིས་གཉིས་སུ་ཕྱེ་ནས་བཞག་པ་ཡིན་ནོ། །དགོས་པ་ནི། ལོ་གཅིག་ལ་ཞག་མི་ཐུབ་དྲུག་འབྱུང་བ་དེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་ནོ། །དེའི་དགོས་པ་ཡང༌། འདུལ་བ་པ་ལྟར་ན་ལོ་གཅིག་ལ་གསོ་སྦྱོང་མི་ཐུབ་པའམ་བཅུ་བཞི་པ་དྲུག་འབྱུང་བ་དེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་ལ། མངོན་པ་ལྟར་ན། ཞག་མི་ཐུབ་དྲུག་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་འཇོག་པ་དེ་རྟོགས་པའི་ཆེད་ཡིན་ནོ། །ཇི་སྐད་དུ་འདུལ་བ་ལས། ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་དང༌། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་གསུངས་པས་སོ། །དེ་ཡང་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ན་ཚེས་ཞག་གི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་ཧྲིལ་པོ་རྫོགས་པས་ལོ་གཅིག་ཏུ་བཞག་པ་ཡིན་ལ། ལོའི་རྣམ་གཞག་བྱེད་པ་ན་འདི་ཉིད་དབང་བཙན་པར་བྱེད་དགོས་ཤིང་ཟླ་ཤོལ་གང་ལ་འདོན་དགོས་པའི་ལོ་དེ་ལ་ཟླ་བ་བཅུ་གསུམ་ཚང་དགོས་པ་གཅིག་བྱེད་ཀྱང༌། དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རྫོགས་པ་ལ་ཟླ་ཤོལ་འདོན་དགོས་པ་བྱུང་བ་ཡིན་གྱི། ལོ་དེ་ཁ་ཚང་བའི་ཆེད་དུ་འདོན་དགོས་འབྱུང་བ་མིན་པས། ཤོལ་གྱི་ཟླ་བ་དེ་ཚེས་ཞག་གི་དབང་དུ་བྱས་པའི་ལོ་གཞན་གྱི་ནང་དུ་བགྲང་དགོས་ཏེ། འདུལ་བར་ཟླ་ཤོལ་རྩིས་ནས་ལོ་གྲངས་བགྲང་བར་གསུངས་པ་དང༌། དུས་འཁོར་ལས། དབྱར་དགུན་སྟོན་དཔྱིད་ཡོངས་རྫོགས་ཀྱི་ལོ་བརྒྱ་ན་ལོ་གསུམ་དང༌། ཕྱོགས་གསུམ་གྱི་འཐེབ་འབྱུང་བར་གསུངས་པའི་ཕྱིར་རོ། །དེས་ན་ཟླ་འཐེབ་སྲིད་ཀྱང་ལོ་འཐེབ་མེད་དོ་ཞེས་ཟེར་བ་ནི་གྲོང་རྩིས་པ་མི་ཤེས་པ་རྣམས་ཀྱི་གཏམ་ཡིན་ནོ། །འོ་ན་འབྲུག་གི་ལོ་ལྟ་བུ་ལ་ཟླ་ཤོལ་བྱུང་བའི་ཚེ་ལོ་དེ་ལ་ཟླ་བ་བཅུ་གསུམ་ཡོད་པར་འཆད་མི་དགོས་སམ་ཞེ་ན་མི་དགོས་ཏེ། དེའི་གོང་གི་སྟག་ཡོས་ལ་སོགས་པའི་ལོ་ལྔ་པོ་རེ་རེ་བཞིན་ཟླ་བ་བཅུ་གཉིས་རེ་དང༌། ཚེས་ཞག་དྲུག་རེ་ཡོད་པ་དེ་འབྲུག་ལོར་སླེབ་པ་ན་ཟླ་བ་གཅིག་ཏུ་ལོངས་པ་ཡིན་གྱི། འབྲུག་ལོ་རྐྱང་པ་ལ་ཟླ་བ་བཅུ་གསུམ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་འབྲུག་ལོ་ལ་སོགས་པའི་བདག་རེ་རེ་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་རྫོགས་དགོས་ལ། སྤྱིར་བཏང་གི་ལོ་རེ་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་རེས་ཆོག་པ་ཡིན་ནོ། །དེ་ཡང་འདུལ་མངོན་གྱི་སྐོར་ནས་དུས་བཞི་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུས་ཆོག་པ་ལྟ་བུ་གཅིག་བཤད་ལ། དུས་འཁོར་ལས། དུས་བཞི་རྫོགས་པ་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཚང་དགོས་ལ། དེ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་དང༌། ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་ཙམ་ཞིག་དགོས་པར་བཤད་པ་ཡིན་ནོ། །དེ་ལྟར་ན། ལོ་འཇོག་པའི་ཚེ། ཚེས་ཞག་རྩིས་པའི་ལོ་དབང་བཙན་ལ། ཉིན་ཞག་གི་ལོ་དང་ཁྱིམ་ཞག་གི་ལོ་ཞེས་པ་ནི་ལོའི་ཐ་སྙད་བཏགས་པ་བ་ཡིན་ནོ། །ཞག་འཇོག་པའི་ཚེ་ཚེས་ཞག་དང༌། ཁྱིམ་ཞག་ནི་ཞག་བཏགས་པ་བ་ཡིན་གྱི། ཉིན་ཞག་དབང་བཙན་པར་བྱེད་དགོས་ཏེ། ཡུད་ཙམ་གསུམ་བཅུར་ལྷག་ཆད་མེད་པ་གཅིག་ལ་ཞག་གཅིག་ཏུ་འཇོག་དགོས་པའི་ཕྱིར་ཏེ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུས་བསྒྱུར། །ཞེས་གསུངས་པས་སོ། །འོན་ཀྱང་དུས་འཁོར་ལས། ཞག་རེ་ཆུ་ཚོད་དྲུག་ཅུ་རེའི་ཚད་དུ་བཤད་ཀྱང༌། ཆུ་ཚོད་ལ་ཡུལ་གྱི་ཆུ་ཚོད་དང༌། དུས་ཀྱི་ཆུ་ཚོད་སོ་སོར་ཕྱེ་ནས། ཁྱིམ་ཞག་དང་ཚེས་ཞག་དང་ཚེས་ཞག་གཉིས་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རེ་ཡོད་པར་འདྲ་ཡང༌། ཡུན་རིང་ཐུང་གི་ཁྱད་པར་ཤིན་ཏུ་ཆེ་བས་ཆུ་ཚོད་ཀྱི་ཚད་ལ་རིང་ཐུང་གི་ཚད་ངེས་པ་གཅིག་སྤྱིར་བཤད་ཀྱང་དུས་ཀྱི་ཆུ་ཚོད་དབང་བཙན་པར་བྱེད་དགོས་པས་དེ་དང་ཡང་འདི་འདྲའོ། །དེ་ལྟ་ན་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་ལོ་ནི་ལོ་མཚན་ཉིད་པ་དང༌། དེའི་དུས་ཀྱི་ཟླ་བ་དེ་ཡང་ཚེས་ཞག་སུམ་ཅུ་ལ་བྱས་པ་ཡིན་ཞིང༌། འབྲུག་ལོ་ལ་སོགས་པའི་ལོ་བདག་རེ་རྫོགས་པ་ལ་ལོ་གཅིག་ཏུ་བྱས་པ་ནི། དབྱར་སོགས་ཀྱི་དུས་བཞི་རྫོགས་པའམ་ཡང་ན་སྔ་ལོའི་དགུན་ཉི་ལོག་ནས་ཕྱི་ལོའི་དགུན་ཉི་ལོག་པའི་བར་ཏེ། དུས་འཁོར་ལྟར་ན་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཚང་དགོས་པ་ཡིན་ནོ། །དེའི་ཕྱིར་ལོ་བདག་རེ་རེ་རྫོགས་པ་ལ་ལོ་རེ་རེ་བྱས་པའི་ལོ་གཅིག་དང༌། ཁྱིམ་ལོ་གཅིག་དང༌། དགུན་ཉི་སྔ་མ་ལོ་གནས་ཕྱི་མ་ལོ་ཁའི་བར་དང༌། དུས་བཞི་ཚད་མ་རྫོགས་པ་རྣམས་རྣམ་གྲངས་པ་ཡིན་ལ། འདི་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་དགོས་ཀྱང༌། དེ་ལྟ་བུའི་ཚུལ་གསལ་བར་མངོན་པ་ནས་བཤད་པ་མེད་དོ། །ཡང་ཞག་མི་ཐུབ་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོར་བྱས་པ་དེ་དང༌། འདུལ་བ་ལས་ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་རྫོགས་པར་འབྱུང་བར་བཤད་པའི་ལོ་དེ་དང༌། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །ཞེས་པ་ལྟ་བུ་དང༌། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང༌། གནས་ཉིད་དང་མི་གནས་པར་འདུག་པར་མི་བྱའོ། །ཞེས་པ་ལྟ་བུ་དང༌། དུས་འཁོར་ལས། ཚེས་ཀྱི་ལོའི་ཐ་སྙད་གསུངས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། འདུལ་མངོན་དང་གསུངས་པ་ཕལ་ཆེར་ནས་ལོ་གྲངས་ཀྱི་ཚད་བཤད་པ་ཐམས་ཅད་འདི་ཉིད་དབང་བཙན་ལ། དུས་འཁོར་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་རྒྱལ་པོ་དྲག་པོ་ཤམ་བྷ་ལ་ཞེས་བྱ་བར་འབྱུང་ཞེས་དང༌། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་ལོ་རྣམས་བསྲེས་ཀླ་ཀློའི་དབང་པོའི་ལོ་ནི་རབ་ཏུ་གྲུབ་ཅེས་སོགས་ཕལ་ཆེ་བར་ཁྱིམ་ལོ་དབང་བཙན་པར་བཤད་དོ། །གཉིས་པ་ལ། འཇིག་རྟེན་ལུགས་ཀྱི་དུས་བཞིའི་འཆད་ཚུལ་བསྟན་པ་དང༌། བསྟན་བཅོས་ལུགས་ཀྱི་དུས་གསུམ་འཆད་ཚུལ་ལོ། །དང་པོ་ལ་དུས་བཞི་ངོས་བཟུང་བ་དང༌། སྤྱིར་དུས་བཞི་འབྱུང་བའི་རྒྱུ་མཚན་དང༌། གླིང་བཞིར་དུས་བཞི་ཇི་ལྟར་འབྱུང་བའི་ཚུལ་ལོ། །དང་པོ་ནི། གསེར་འོད་དམ་པའི་མདོ་དང༌། སྨན་དཔྱད་ཀྱི་བསྟན་བཅོས་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །ཞེས་དབྱར་ཟླ་རྭ་བ་འབྲིང་པོ་ཐ་ཆུང་གསུམ་དེ་བཞིན་གཞན་ལ། གསུམ་གསུམ་དུ་སྦྱར་ཏེ་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པར་བཤད་ཅིང༌། དེས་དུས་བཞི་རྫོགས་པར་བཤད་ལ། འདི་ཡང་འཇིག་རྟེན་པས་ཟླ་བ་རེ་ལ་ཞག་སུམ་ཅུ་རེ་ཡོད་པར་འདོད་པའི་དབང་དུ་བྱས་ཤིང༌། དེ་ཡང་རགས་པའི་དབང་དུ་བྱས་པ་ཡིན་གྱི། ཞིབ་མོར་ཕྱེ་ན་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུས་དུས་བཞི་མི་རྫོགས་ཏེ། དེ་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་དགོས་པའི་ཕྱིར་རོ། །གཉིས་པ་དུས་ཚིགས་བཞི་འབྱུང་བའི་རྒྱུ་མཚན་ལ་ཉི་མའི་བགྲོད་པའི་དབང་གིས་དུས་བཞི་འབྱུང་བའི་ཚུལ་དང༌། ཟླ་བའི་བགྲོད་པའི་དབང་གིས་དུས་བཞི་ལ་ཟླ་བ་བཅུ་གཉིས་སུ་འགྱུར་བའི་ཚུལ་ལོ། །དང་པོ་ནི། ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན་ཉི་མ་ལྷོ་བྱང་གི་བགྲོད་པའི་དབང་གིས་དུས་བཞི་འབྱུང་བ་ཡིན་ཏེ། མཛོད་འགྲེལ་ལས། ཉི་མའི་འགྲོས་ཀྱི་བྱེ་བྲག་ལས། འདི་ནི་ཉིན་མོ་དང་མཚན་མོ་རིང་ཐུང་དུ་འགྱུར་ཏེ་ཞེས་དང༌། དུས་འཁོར་ལས་ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོད་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད་ཅེས་གསུངས་སོ། །དེ་ཡང་ཉི་མ་ལྷོར་གནས་པའི་ཟླ་བ་དྲུག་ལ་དགུན་དཔྱིད་ཀྱི་དུས་དང༌། ཉི་མ་བྱང་དུ་གནས་པའི་ཟླ་བ་དྲུག་ལ་དབྱར་དང་སྟོན་དུ་བྱེད་པ་ཡིན་ནོ། །འོ་ན་ཉི་མ་ལྷོ་བྱང་དུ་ཚད་ཇི་ཙམ་འགྲོ་བར་བྱེད་ཅེ་ན། མངོན་པ་ལྟར་ན། ཉི་མ་བྱང་བགྲོད་མཐར་ཐུག་པའི་ཚེ་གླིང་གི་དཀྱིལ་ན་རྒྱུ་ལ། དེ་ནས་ལྷོར་ལྡོག་ཅིང༌། ལྷོ་བགྲོད་མཐར་ཐུག་པའི་ཚེ། འཛམ་བུའི་གླིང་ལས་དཔག་ཚད་དྲུག་དང༌། བཅོ་བརྒྱད་ཆ་གཅིག་གིས་ཕྱི་རོལ་དུ་འགྲོ་བར་གདགས་པ་ལས་གསུངས་ཤིང༌། དུས་འཁོར་ལས་ཉི་མ་ལྷོར་བགྲོད་མཐར་ཐུག་པའི་ཚེ། ལན་ཚྭའི་རྒྱ་མཚོ་ལས་འགོངས་ནས་མེའི་དཀྱིལ་འཁོར་གྱི་མཚམས་ཀྱི་དང་པོའི་བར་དུ་འགྲོ་ལ། དེ་ལས་ལོག་ནས་བྱང་བགྲོད་མཐར་ཐུག་པའི་ཚེ། ཀཻ་ལ་ཤའི་བར་དུ་འགྲོ་གསུངས་ལ། འདི་ཡང་ཉི་མའི་གདུང་བྱེད་དེར་ཐུག་པ་ལ་བྱེད་པར་འཆད་དོ། །ཀཻ་ལ་ཤའི་རི་ནི་མུ་ཁྱུད་འཛིན་གྱི་རི་དང་དོན་གཅིག་གོ །ལྷོ་བྱང་གི་བར་གྱི་ཐག་ལ་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ་ཡོད་པར་བཤད་དེ། འགྲེལ་ཆེན་ལས། མེ་ནས་གངས་ཅན་གྱི་བར་སྟོང་ཕྲག་བདུན་ཅུ་རྩ་ལྔ་ནི་ལྷོ་བགྲོད་ལས་བྱང་དུ་བགྲོད་པའི་ཕྱོགས་ཀྱི་ཆའོ། །ཕྱོགས་ཀྱི་ཆ་དེ་ཟླ་བ་དྲུག་གི་རིམ་པ་བཞིན། བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་ལ་བགྲོད་དོ། །ཞེས་གསུངས་པས་སོ། །ཉི་མ་རེ་ལ་ནམ་མཁའི་རྒྱ་ཁྱོན་ཇི་ཙམ་རེ་བྱང་དུ་བགྲོད་པར་ནུས་ཞེ་ན། དཔག་ཚད་བཞི་བརྒྱ་དང་བཅུ་དང༌། རྒྱང་གྲགས་རེ་ལྷག་ཙམ་རེ་ཉི་མ་རེ་རེ་བཞིན་འདོར་བར་ནུས་ཏེ། རྒྱུད་འགྲེལ་ལས། ཕྱེད་བཅས་མིག་ཀླུ་ཟླས་ཐོབ་ཉིན་དང་ཉིན་ལ་འདོར་ཞེས་གསུངས་པས། ལྷོ་བྱང་བགྲོད་པ་གཉིས་སྡོམས་པས་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ཚང་དགོས་ཏེ། རྒྱུད་འགྲེལ་ལས། དེ་ལྟར་བགྲོད་པ་གཉིས་ཀའི་ཉིན་ཞག་གི་གྲངས་ནི། དྲུག་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱར་འགྱུར་རོ། །ཞེས་གསུངས་སོ། །འོ་ན་བགྲོད་པ་གཉིས་ཀྱི་ཚེ་ཉི་མ་ལ་མཐོ་དམན་གྱི་ཁྱད་པར་ཡོད་དམ་ཞེ་ན། ཡོད་པར་བཤད་དེ། བྱང་བགྲོད་མཐར་ཐུག་པའི་ཚེ་དཔག་ཚད་སྟོང་ཕྲག་བཅུ་གཅིག་གིས་མཐོ་བར་རྒྱུ་ཞིང༌། ལྷོ་བགྲོད་མཐར་ཐུག་གི་ཚེ་དེས་དམའ་བར་རྒྱུ་ལ། ཉི་མ་རེ་རེ་ལ་དཔག་ཚད་དྲུག་ཅུ་དང་རྒྱང་གྲགས་གཉིས་ལྷག་རེ་མཐོ་དམན་དུ་འགྲོ་ཞིང་གྱེན་དུ་འགྲོ་བའི་ཚེ་བུལ་བ་དང༌། འཐུར་དུ་འགྲོ་བའི་ཚེ་མྱུར་བའི་རྒྱུ་མཚན་གྱིས་ཉི་མ་རིང་ཐུང་བྱེད་པར་བཤད་དོ། །འོ་ན་ཉི་མའི་བགྲོད་པའི་དབང་གིས་དུས་བཞི་འཇོག་ན་རང་འགྲོས་རླུང་འགྲོས་གང་དབང་བཙན་པར་བྱེད་ཅེ་ན། གླིང་གཅིག་གི་དབྱར་དགུན་དུ་འཇོག་པ་ནི་རླུང་འགྲོས་དབང་བཙན་པ་ཡིན་ཏེ། ཉི་མ་ལྷོར་བགྲོད་པའི་ཚེ་དགུན། བྱང་དུ་བགྲོད་པའི་ཚེ་དབྱར་དུ་འཇོག་པའི་ཕྱིར། གླིང་སོ་སོ་ལ་ལྟོས་ནས་རང་འགྲོས་དབང་བཙན་པ་ཡིན་ཏེ། འཛམ་བུའི་གླིང་དུ་དགུན་གྱི་སྒྲ་མི་སྙན་དུ་དབྱར་འབྱུང་བ་སོགས་ནི་ཉི་མའི་རང་འགྲོས་ཀྱི་དབང་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་ན་ཉི་མའི་རང་འགྲོ་གཡོན་བསྐོར་དུ་བྱས་ཏེ་ཁྱིམ་བཅུ་གཉིས་འཁོར་ནས། གླིང་བཞིར་བསྐོར་བ་གཅིག་བྱས་པ་ན། ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རྫོགས་པ་དང༌། ཁྱིམ་ལོ་གཅིག་གི་ཐ་སྙད་བྱེད་པ་ཡིན་ལ། དེ་ལ་ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་དགོས་པ་ཡིན་ནོ། །རྒྱུད་འགྲེལ་ལས། གཟའ་རྣམས་ནི་ཁྱིམ་ཞག་ལ་གཡས་མིན་གྱིས་རྒྱུའོ། །ཁྱིམ་གྱི་འཁོར་ལོ་ནི་གཡས་བསྐོར་གྱིས་འཁོར་རོ་ཞེས་གསུང་ངོ༌། །དེ་ཡང་གཟའ་ཐམས་ཅད་རང་གཡས་མིན་དུ་རྒྱུ་བའི་ཁྱབ་པའང་མེད་དེ། སྒྲ་གཅན་ནི་བསོད་ནམས་དང་ལྡན་པས་གཡས་བསྐོར་ཁོ་ནར་རྒྱུ་བར་ཡང་བཤད། དེ་དག་ནི་དུས་ཀྱི་འཁོར་ལོའི་དགོངས་པ་ཡིན་ལ། མངོན་པ་ལས་ཉི་མ་ལ་རླུང་འགྲོས་མ་གཏོགས་རང་འགྲོས་ཀྱི་བཤད་པ་མེད་ལ། ཟླ་བ་ལ་རང་འགྲོས་ཁས་ལེན་དགོས་པ་ནི། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་སྒྲིབ་པར་སྣང༌། །ཞེས་པས་ཐོན་ནོ། །ཡང་ན་ཉི་ཟླ་གཉིས་ཀྱི་འཕུལ་བྱེད་ཀྱི་རླུང་ལ་དྲག་ཞན་ཡོད་པར་ཁས་ལེན་དགོས་སོ། །མདོར་ན་དབྱར་གྱི་དུས་སུ་ཉི་མའི་འོད་ཟེར་ཚ་བ་ཡིན་ཏེ། ཉི་མའི་འོད་ཟེར་གླིང་གི་དཀྱིལ་ནས་ཐད་ཀར་འབབ་པའི་ཕྱིར། ཉི་མ་རིང་བའང་ཡིན་ཏེ། ཉི་མ་གྱེན་དུ་རྒྱུ་བས་བུལ་བའི་ཕྱིར་དང༌། ཤར་ནུབ་ཀྱི་བགྲོད་ཐག་རིང་བའི་ཕྱིར། རྟགས་དང་པོ་ནི། དུས་འཁོར་གྱི་དགོངས་པ་དང༌། གཉིས་པ་ནི་མངོན་པའི་དགོངས་པ་སྟེ། འོག་ནས་ཀྱང་འཆད་དོ། །དགུན་ནི་ཉི་མའི་འོད་ཟེར་དེ་ཙམ་དུ་ཚ་བར་མི་སྣང་སྟེ། གླིང་གི་སྟེང་གི་ཐད་ཀ་ནས་མི་ཕོག་པར། ཟུར་ནས་ཕོག་པའི་ཕྱིར། ཉི་མ་ཐུང་བ་ཡིན་ཏེ། ཉི་མ་སྟེང་ནས་འོག་ཏུ་འབབ་པས་མྱུར་བ་དང༌། བགྲོད་ཐག་ཉེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། ཡང་ཉི་མའི་རླུང་འགྲོས་ཀྱིས་ཁྱིམ་བཅུ་གཉིས་འཁོར་བ་དང༌། གླིང་བར་བསྐོར་བ་གཅིག་བྱས་པ་ལ་ཉིན་ཞག་གཅིག་ཅེས་བྱ་ཞིང༌། དེ་ལ་ནི་ཡུད་ཙམ་སུམ་ཅུ་དང༌། དུས་ཀྱི་ཆུ་ཚོད་དྲུག་ཅུ་ཚང་དགོས་པ་ཡིན་ནོ། །ཟླ་བས་རླུང་འགྲོས་ཀྱིས་གླིང་བཞིར་འཁོར་བ་ཉི་མ་བས་བུལ་བར་མངོན་སུམ་གྱིས་མཐོང་བས། དེ་ལ་ཡུད་ཙམ་སོ་གཅིག་ཏུ་ཉེ་བ་གཅིག་དགོས་པ་རིགས་པས་གྲུབ་པ་ཡིན་ཞིང༌། ཟླ་བའི་རང་འགྲོས་ཀྱིས་ཉིན་ཞག་ཉི་ཤུ་རྩ་དགུ་ལྷག་ཙམ་ན་གླིང་བཞི་འཁོར་བར་མངོན་སུམ་གྱིས་གྲུབ་པ་ལྟར་ཁས་ལེན་དགོས་སོ། །འོ་ན་ཉི་ཟླ་གཉིས་ཀྱི་རང་འགྲོས་ཀྱི་ནམ་མཁའི་རྒྱ་ཁྱོན་ཇི་ཙམ་དུ་ཉིན་རེ་བཞིན་དུ་བགྲོད་པར་ནུས་ཞེ་ན། དུས་འཁོར་ལས། ཉི་མ་ཟླུམ་པོར་བསྐོར་བའི་དཔག་ཚད་འབུམ་ཕྲག་དྲུག་ཡིན་པར་བཤད་པས། ཉི་མའི་རང་འགྲོས་ཀྱིས་ཉིན་རེ་བཞིན། དཔག་ཚད་འབུམ་ཕྲག་དྲུག་ལ་ཉིན་ཞག་གསུམ་བརྒྱ་དང་དྲུག་ཅུ་རེ་ལྔས་མཉེས་པའི་ཆ་རེ་བགྲོད་པར་ནུས་ལ། རླུང་འགྲོས་ཀྱིས་འཁྱོག་པོར་ཁྱེར་བའི་དབང་དུ་བྱས་ན། དེ་བས་ཀྱང་ཆེས་ལྷག་པར་གཅིག་བགྲོད་པར་ནུས་པར་ཁས་ལེན་དགོས་སོ། །དེའི་རིགས་པས་ཟླ་བའི་རང་འགྲོས་ཀྱིས་ཉིན་རེ་བཞིན། འབུམ་ཕྲག་དྲུག་ལ་ཉིན་ཞག་ཕྱེད་དང་སུམ་ཅུ་དགོས་པའི་ཆ་རེ་བགྲོད་པར་ནུས་སོ། །གཉིས་པ་ཟླ་བའི་བགྲོད་པའི་དབང་གིས་ཟླ་བ་བཅུ་གཉིས་འགྲོ་བའི་ཚུལ་ལ། སྤྱིར་ཟླ་བའི་ཐ་སྙད་འཇོག་འཚམས་ལ་གཉིས་ཏེ། དོན་ལ་གནས་པ་དང༌། ཐ་སྙད་དུ་བཏགས་པའོ། །དང་པོ་ནི། ཉིན་ཞག་སུམ་ཅུ་ངེས་པར་ཚང་དགོས་པར་བཤད་ཟིན་པ་ཡིན་ལ། གཉིས་པ་ནི། ཟླ་བའི་དཀྱིལ་འཁོར་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་རྫོགས་པ་ན་ཟླ་བ་གཅིག་གི་ཐ་སྙད་བྱེད་པ་སྟེ། འདི་ལའང་འདུལ་མངོན་ལྟར་ན། ལོ་གཅིག་ལ་ཉིན་ཞག་སུམ་ཅུ་ཚང་བའི་ཟླ་བ་དྲུག་ཉིན་ཞག་ཉི་ཤུ་རྩ་དགུ་རེ་ལས་མེད་པའི་ཟླ་བ་དྲུག་སྟེ་བཅུ་གཉིས་བྱེད་ལ། དུས་འཁོར་ལྟར་ཉིན་ཞག་ཕྱེད་དང་སུམ་ཅུ་རེ་ལ་ཟླ་བའི་དཀྱིལ་འཁོར་གྱི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་ཚང་བར་རྫོགས་པ་ཡིན་པས་ལོ་གཅིག་ལ་ཉིན་ཞག་ཕྱེད་དང་སུམ་ཅུ་རེ་ལ་ཟླ་བར་བྱས་པའི་ཟླ་བ་བཅུ་གཉིས་འབྱུང་ལ། དེ་ལ་དཀར་ཕྱོགས་དང་ནག་ཕྱོགས་ཉི་ཤུ་རྩ་བཞི་འབྱུང་ཞིང༌། དེ་ལ་ཉིན་ཞག་གི་དབང་དུ་བྱས་ན། སུམ་བརྒྱ་དང་ལྔ་བཅུ་ང་བཞི་འབྱུང་ངོ༌། །དེ་ལྟར་ལུགས་དེ་གཉིས་ཀ་ལ་ཡང་ཟླ་བ་བཅུ་གཉིས་ཀྱི་རྣམ་གཞག་བྱེད་པ་ནི་ཟླ་བའི་རང་འགྲོས་ཉི་མའི་རང་འགྲོས་ལས་མགྱོགས་ཤིང༌། ཉི་མའི་རླུང་འགྲོས་ཟླ་བའི་རང་འགྲོས་ལས་ཆེས་མགྱོགས་པའི་རྒྱུ་མཚན་གྱིས་ཡིན་ཏེ། གནམ་སྟོང་གི་ཉིན་ཉི་ཟླ་གཉིས་བང་མཉམ་དུ་ཡོད་པ་ལ། ཚེས་གཅིག་གི་ཉིན་ཟླ་བའི་རང་འགྲོས་ཤར་ལ་ནུར་བས་ཉི་མའི་རླུང་འགྲོས་རྗེས་མ་ཟིན་པར་ཉི་མ་ནུབ་ཕྱོགས་སུ་འགྱངས་པས་ཟླ་བ་རང་གི་གྲིབ་མ་མ་ཕོག་པའི་དཀར་བའི་ཆ་ཤས་གཅིག་བྱུང་བས་ཟླ་བའི་དཀྱིལ་འཁོར་གྱི་ཆ་ཤས་གཅིག་ཚེ། དེ་བཞིན་དུ་ཚེས་གཉིས་ལ་སོགས་པ་ལ་ཟླ་བའི་རང་འགྲོས་མགྱོགས་པའི་སྟོབས་ཀྱིས་ཉི་མའི་རླུང་འགྲོས་ཀྱིས་རྗེས་མ་ཟིན་པས་ཉི་ཟླ་གཉིས་ཇེ་ཆེར་འགྱངས་པས་ཚེས་བཅོ་ལྔའི་ཉིན་ཉི་མའི་འོད་ཟེར་ཟླ་བའི་དཀྱིལ་འཁོར་ལ་མ་ཕོག་ཅིང༌། དེའི་སྟོབས་ཀྱི་ཟླ་བ་ལ་ཉི་མས་སྒྲིབ་པའི་ཆ་མེད་པར་ཆ་ཤས་རྫོགས་པར་ཉ་གང་བ་འཇིག་རྟེན་དུ་སྣང་བ་ཡིན་ནོ། །འདིའི་རིགས་ཅན་ཉིན་ཞག་བཅོ་ལྔ་ཚང་བའི་ངེས་པ་མེད་དོ། །དེར་རྗེས་ཚེས་བཅུ་དྲུག་གི་ཉིན་ཟླ་བའི་རང་འགྲོས་ཀྱིས་ཉི་མའི་རླུང་འགྲོས་ཀྱི་མདུན་དུ་སླེབ་སྟེ། ཉི་མའི་འོད་ཟེར་ཤར་ཕྱོགས་ནས་ཟླ་བ་ལ་ཕོག་པས་ཟླ་བ་ལ་རང་གི་གྲིབ་པ་ཅུང་ཟད་གཅིག་བྱུང་སྟེ་དེས་དཀར་ཆ་གཅིག་འགྲིབ་པ་ཡིན་ལ། དེ་བཞིན་དུ་ཚེས་བཅུ་བདུན་ལ་ཆ་ཤས་གཅིག་འགྲིབ་པ་སོགས་སྦྱར་བར་བྱའོ། །དེ་ནས་འཇིག་རྟེན་པས་ཉེར་དགུའི་ཐ་སྙད་བྱེད་པ་དེའི་ཉིན་ནམ་ལངས་ཁར་ཟླ་བའི་ཆ་ཤས་ཅུང་ཟད་གཅིག་སྣང་ལ། ཉི་མ་ནུབ་ཙམ་ན་ཟླ་བའི་རང་འགྲོས་ཉི་མའི་རླུང་བགྲོས་ཀྱི་སར་སླེབ་པས་དོན་དུ་ན་གནམ་སྟོང་ཡིན་ལ། འཇིག་རྟེན་པ་རྣམས་དེའི་ཕྱི་ཉིན་པར་གནམ་སྟོང་ཟེར་བས། འདིར་ཉིན་ཞག་གཅིག་གིས་ཕྱེད་དེ་ཟླ་བ་རེ་རེ་ཞིང་ཆད་པ་ཡིན་ཀྱང༌། འདི་འཇིག་རྟེན་པས་མ་བརྟགས་ན་ཇི་བཞིན་མི་རིག་པ་ལྟར་མངོན་པ་ལས་ཀྱང་ཟླ་བ་དྲུག་ལ་འདི་བཞིན་སྦྱར་ཞིང་དྲུག་ལ་མ་སྦྱར་ཞིང༌། དུས་འཁོར་དུ་ཟླ་བ་བཅུ་གཉིས་པོ་ཐམས་ཅད་ལ་སྦྱར་བས། ཟླ་བ་བཅུ་གཉིས་པོ་ཐམས་ཅད་ལ་ཞག་མི་ཐུབ་ཕྱེད་རེ་འདོད་དགོས་པ་ཡིན་ནོ། །དེ་ལྟར་མངོན་པའི་ལུགས་ཀྱི་དོན་གནས་ཚོད་ཀྱི་ཟླ་བ་བཅུ་གཉིས་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ཡོད་ཅིང༌། དེས་དུས་བཞི་རྫོགས་ལ། ཟླ་བའི་འཕེལ་འགྲིབ་ལ་བརྟགས་པའི་ཟླ་བ་བཅུ་གཉིས་ཀྱིས་ནི་དུས་བཞི་མི་རྫོགས་ཏེ། དེ་རྫོགས་པ་ལ་སླར་ཡང་ཉིན་ཞག་དྲུག་བསྣོན་དགོས་པས་སོ། །དུས་འཁོར་གྱི་དགོངས་པས་ནི། དུས་བཞི་རྫོགས་པ་ལ་གནས་ཚོད་ཀྱི་ཟླ་བ་བཅུ་གཉིས་ཀྱི་སྟེང་དུའང་ཉིན་ཞག་ལྔ་བསྣན་དགོས་པ་ཡིན་ཏེ། དེ་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་རེ་ལྔ་ཚང་དགོས་པའི་ཕྱིར་རོ། །ཚེས་ལ་བརྟགས་པའི་ཟླ་བ་བཅུ་གཉིས་ཀྱི་སྟེང་དུ་ཉིན་ཞག་བཅུ་བསྣོན་དགོས་པ་ཡིན་ཏེ། དེ་རྫོགས་པ་ལ་ཚེས་ཞག་སུམ་བརྒྱ་དང་དོན་གཅིག་ཚང་དགོས་པའི་ཕྱིར། དེ་ལྟར་བྱས་ན་ལུགས་གཉིས་ཀ་ལ་ལོ་གཅིག་འཁོར་བ་ལ་ཟླ་བ་བཅུ་གཉིས་ལས་ལྷག་པ་དགོས་པ་མིན་ལ། དུས་བཞི་རྫོགས་པ་དང༌། འབྲུག་གི་ལོ་ཞེས་པ་ལྟ་བུའི་ལོ་བདག་རེ་རྫོགས་པ་ལ་ཟླ་བ་བཅུ་གཉིས་དང་ཚེས་བཅུ་གཅིག་རེས་ལྷག་པ་རེ་དགོས་རྒྱུ་ཡིན་པ་ལ། ལོ་རེ་རེ་ཞིང་ལྷག་མ་མ་སྟོན་པར་བསགས་པས་ཟླ་བར་ལོངས་པ་ན་ཟླ་ཤོལ་བྱུང་བ་ཡིན་ནོ། །མདོར་ན་དུས་བཞི་འབྱུང་བ་ཉི་མའི་བགྲོད་པ་ལ་རག ཟླ་བ་བཅུ་གཉིས་ཀྱི་རྣམ་གཞག་བྱེད་པ་ཟླ་བའི་བགྲོད་པ་ལ་རག་ལས་སོ། །ཞེས་བློ་དང་ལྡན་པ་དག་གིས་ཤེས་པར་བྱ་དགོས་སོ། །གསུམ་པ་གླིང་རྣམས་སུ་དུས་བཞི་ཇི་ལྟར་འབྱུང་བའི་ཚུལ་ལ། མངོན་པ་བ་རྣམས་ཇི་ལྟར་བཞེད་པའི་ཚུལ། དུས་འཁོར་ལས་ཇི་ལྟར་གསུངས་པའི་ཚུལ་ལོ། །དང་པོ་ལ། བཞེད་པའི་རྣམ་གྲངས་བཀོད་པ། རང་གི་ལུགས་སོ། །དང་པོ་ནི། ཆོས་མངོན་པ་འཆད་པའི་སློབ་དཔོན་གླིང་བཞིར་དུས་བཞི་མཉམ་པོར་འདོད་པ་དག་ན་རེ། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པ་གླིང་བཞིར་དུས་བཞི་མཉམ་དུ་འབྱུང་བར་བསྟན་པ་ཡིན་ཏེ། དུས་བཞི་འཆོལ་བར་འདོད་པ་ལ་དེ་མི་འགྲིག་ཅིང༌། འགྲིག་པའི་སྐབས་གཅིག་ཀྱང་མེད་པའི་ཕྱིར་ཏེ། བྱང་བགྲོད་མཐར་ཐུག་པའི་དུས་ཀྱི་འཛམ་བུའི་གླིང་གི་ཕྱི་དྲོ་ཡུད་ཙམ་དགུ་ཡོད་པ་དེ་དང༌། བ་ལང་སྤྱོད་ཀྱི་སྟོན་ཉིན་མཚན་མཉམ་པའི་སྔ་དྲོ་ཡུད་ཙམ་ཕྱེད་དང་བརྒྱད་ཡོད་པ་དེ་མི་མཉམ་པ་ལ་སོགས་པའི་ཕྱིར་རོ། །འོ་ན་དུས་བཞི་མཉམ་པོར་འདོད་པ་ལའང་མི་འགྲིག་ཅིང༌། གལ་ཏེ་འགྲིག་ན་དགུན་གྱི་དུས་ཉིན་ཞག་ཕྲུགས་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་བཞི་ལས་མེད་པ་དང༌། དབྱར་གྱི་དུས་སུ་ཉིན་ཞག་ཕྲུགས་གཅིག་ལ་ཡུད་ཙམ་སུམ་རྩ་དྲུག་ཡོད་པར་ཐལ་བའི་ཕྱིར་རོ། །ཞེ་ན་སྐྱོན་མེད་དེ། དུས་ཐམས་ཅད་དུ་དེ་ལྟར་ཁས་མི་ལེན་གྱི། སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་དེར་ཉི་མ་ཕྱེད་དང་འཆར་དུས་གཅིག་པར་ཁས་ལེན་པའི་ཕྱིར་ཞེས་གསུངས་སོ། །ཡང་གླིང་བཞིར་དུས་བཞི་འཆོལ་མར་འདོད་པའི་སློབ་དཔོན་ལ་ལ་དག་ན་རེ། ལུགས་སྔ་མ་འདི་མི་འཐད་དེ་ཉི་མ་གླིང་བཞི་ཀར་བགྲོད་ཐག་རིང་ཞིང་བསྐོར་རྒྱ་ཆེ་བའི་ཚེ་ཉི་མ་ཐུང་ལ། ཉི་མས་གླིང་བཞི་བསྐོར་རྒྱ་ཆུང་ཞིང་བགྲོད་ཐག་ཉེ་བའི་ཚེ་ཉི་མ་རིང་བར་འདོད་པ་ནི་མངོན་སུམ་ལ་སྙོན་པར་འདོད་པའི་ཕྱིར་དང༌། ལྷོ་བགྲོད་དང་བྱང་བགྲོད་ཀྱི་ཚེ་འཕུལ་བྱེད་ཀྱི་རླུང་དྲག་ཞན་ཁྱད་པར་ཡོད་དོ། །ཞེས་ཀྱང་འཆད་མི་ནུས་པའི་ཕྱིར། དེས་ན་གླིང་བཞིར་དུས་བཞི་འཆོལ་བ་ཡིན་ཏེ། འཛམ་བུའི་གླིང་དུ་དགུན་ལྷོ་བགྲོད་མཐར་ཐུག་དང༌། ཤར་དུ་སྟོན་ཉིན་མཚན་མཉམ་པ་དང༌། བྱང་སྒྲ་མི་སྙན་དུ་དབྱར་བྱང་བགྲོད་མཐར་ཐུག་དང༌། ནུབ་བ་ལང་སྤྱོད་དུ་དཔྱིད་ཉིན་མཚན་མཉམ་པ་དུས་བཞི་ཡིན་པའི་ཕྱིར། ལུགས་འདི་ལ་ཉི་མ་ཕྱེད་དང་འཆར་དུས་གཅིག་པ་མི་འགྲིག་པའི་སྐྱོན་མེད་དེ། གླིང་འདིར་ལྷོ་བགྲོད་མཐར་ཐུག་པའི་སྔ་དྲོ་ཕྱི་དྲོ་ལ་ཡུད་ཙམ་དགུ་རེ་མཉམ། ཤར་གྱི་སྟོན་ཉིན་མཚན་མཉམ་པའི་དུས་ཀྱི་སྔ་དྲོ་ཡུད་ཙམ་དགུ། ཕྱི་དྲོ་ཡུད་ཙམ་དྲུག ནུབ་བ་ལང་སྤྱོད་ཀྱི་དཔྱིད་ཉིན་མཚན་མཉམ་པའི་སྔ་དྲོ་ཡུད་ཙམ་དྲུག ཕྱི་དྲོ་ཡུད་ཙམ་དགུ་ཡོད་པར་འདོད་དགོས་པའི་ཕྱིར། དེ་དགོས་པའི་རྒྱུ་མཚན་ཡང་དཔྱིད་ཀྱི་དུས་ཕྱི་དྲོ་རིང་བ་དང༌། སྟོན་གྱི་དུས་སྔ་དྲོ་རིང་བ་དང༌། དབྱར་དགུན་གཉིས་ཀྱི་སྔ་དྲོ་ཕྱི་དྲོ་ལ་རིང་ཐུང་མེད་པར་མངོན་སུམ་གྱིས་གྲུབ་པའི་ཕྱིར། སྒྲུབ་བྱེད་གཞན་ལ་རག་མ་ལས་སོ། །འོ་ན་ཉི་མ་ཕྱེད་ཀྱི་ཐ་སྙད་འཁྲུལ་བར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། ཕྱི་མས་གླིང་གི་ཕྱེད་དྲང་པོར་སླེབ་པའི་ཚེ། ཉི་མ་ཕྱེད་ཀྱི་ཐ་སྙད་འདོགས་པའི་ཕྱིར། ཞེས་གསུངས་སོ། །ཡང་དུས་བཞི་ཕྱེད་འཆོལ་དང༌། ཕྱེད་མཉམ་དུ་འདོད་པའི་སློབ་དཔོན་དབུས་པ་བློ་གསལ་དང༌། འཇམ་དབྱངས་སྒེག་པོ་ལ་སོགས་པ་ན་རེ། ལུགས་དང་པོ་མི་འཐད་པའི་ཚུལ་ནི་སྔ་མ་དང་འདྲ་ལ། སྟོན་དཔྱིད་ཀྱི་སྔ་དྲོ་དང་ཕྱི་དྲོ་ལ་རིང་ཐུང་དེ་ལྟར་འདོད་པའི་ཚུལ་བྱེད་པས། ཡང་མངོན་སུམ་དང་མི་འགྲིག་སྟེ། འདིར་དགུན་ཡིན་པའི་ཚེ་ནུབ་ཏུ་དཔྱིད། ཤར་དུ་སྟོན་ཡིན་ན་དེ་ལྟར་འགྲིག་ཏུ་ཆུག་ཀྱང༌། འདིར་དགུན་ཡིན་པའི་ཚེ། ཤར་དུ་དཔྱིད་ཡིན་པ་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པར་དུས་བཞི་གཡས་བསྐོར་དུ་འཁོར་ན་ཉི་མའི་རང་འགྲོས་ཀྱང་རླུང་འགྲོས་དང་མཐུན་པར་ཐལ་བའི་ཕྱིར་རོ། །ཞེས་སྐྱོན་བརྗོད་ནས། རང་ལུགས་ལ། ལྷོ་བྱང་གཉིས་སུ་ལྷོ་བགྲོད་མཐར་ཐུག་མཉམ་དུ་འབྱུང་ལ། དེའི་ཚེ་ཤར་ནུབ་བྱང་བགྲོད་མཐར་ཐུག ལྷོ་བྱང་གཉིས་སུ་བྱང་བགྲོད་མཐར་ཐུག་མཉམ་དུ་འབྱུང་ལ། དེའི་ཚེ་ཤར་ནུབ་ཏུ་ལྷོ་བགྲོད་མཐར་ཐུག ལྷོ་བྱང་གཉིས་སུ་དཔྱིད་ཀྱི་ཉིན་མཚན་མཉམ་པ་དང༌། ཤར་ནུབ་གཉིས་སུ་སྟོན་གྱི་ཉིན་མཚན་མཉམ་པ་རྣམས་དུས་གཅིག་ཏུ་འབྱུང་བས། དུས་དེར་ཉིན་མཚན་མཉམ་པ་གླིང་བཞི་ཀ་ཡོད་པ་དེའི་ཚེ། ནམ་ཕྱེད་ཉི་མ་ནུབ་པ་དང༌། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། ཤར་ནུབ་གཉིས་སུ་ཉི་མ་རིང་བའི་རྒྱུ་མཚན་ལྷོ་བྱང་གཉིས་སུ་ལྷོ་བགྲོད་མཐར་ཐུག་པ་ལ་རག་ལས་པ་དང༌། ལྷོ་བྱང་གཉིས་སུ་ཉི་མ་རིང་བའི་རྒྱུ་མཚན་ཡང་ཤར་ནུབ་གཉིས་སུ་ལྷོ་བགྲོད་མཐར་ཐུག་པ་ལ་རག་ལས་པ་ཡིན་ཏེ། ཉི་མ་རིང་བའི་ཚེ་ཤར་ནུབ་ཏུ་རིང་བར་རྒྱུ་དགོས་པ་དང༌། ཉི་མ་ཐུང་བའི་ཚེ་ལྷོ་བྱང་དུ་རྒྱུ་བ་ཐུང་བའི་ཕྱིར་རོ། །གཉིས་པ་རང་གང་གི་རྗེས་སུ་འབྲང་བའི་ལུགས་བརྗོད་པ་ནི། དེ་ལྟར་ལུགས་གསུམ་ལས་ལུགས་དང་པོ་མི་འཐད་དེ། གླིང་བཞི་ཀར་བྱང་བགྲོད་མཐར་ཐུག་པའི་ཚེ། ཉི་མས་ནམ་མཁའ་ལ་བགྲོད་པའི་ལམ་གྱི་རྒྱ་ཁྱོན་ཆུང་བར་ཁྱོད་ཀྱིས་ཁས་བླངས་ལ། དེ་ནི་མངོན་སུམ་གྱིས་འགལ་བའི་ཕྱིར་རོ། །འཛམ་བུའི་གླིང་འདིར་བྱང་བགྲོད་མཐར་ཐུག་པའི་ཚེ་ཉི་མས་ནམ་མཁའ་ལ་བགྲོད་པའི་ལམ་གྱི་རྒྱ་ཁྱོན་ཆེ་བར་མངོན་སུམ་གྱིས་གྲུབ་ལ། དེ་ནི་གླིང་གཞན་ལའང་མཚུངས་དགོས་པའི་ཕྱིར། ལུགས་གཉིས་ལའང་སྤྱིར་ཚད་ལྡན་གྱིས་གཞུང་ལས་འབྱུང་མོད། ཁྱོད་ཀྱི་དུས་བཞི་གཡས་བསྐོར་དུ་ཁས་བླངས་པས་རྒྱུད་འགྲེལ་གྱི་དགོངས་པ་མ་ལོན་ཞིང༌། རྒྱུད་འགྲེལ་ལས་ལེགས་པར་བཤད་པ་བཞིན་ཁས་ལེན་ན་ཁྱེད་འདོད་པ་ལྟར་གྱི། ནམ་ཕྱེད་ཉི་མ་ནུབ་པའི་རྣམ་གཞག་དང༌། དབྱར་གྱི་ཟླ་བ་གཉིས་པ་ཞེས་སོགས་ཀྱི་དགོངས་པ་དང་མི་འགྲིག་པ་ཡིན་ཏེ། ཤར་གླིང་གི་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཕྱི་དྲོ་ཡུད་ཙམ་དགུ་ཡོད་པར་ཁས་ལེན་པ་དང༌། འཛམ་བུའི་གླིང་དུ་ལྷོ་བགྲོད་མཐར་ཐུག་པའི་སྔ་དྲོ་ཡུད་ཙམ་དྲུག་འབྱུང་བ་དེ་མི་འགྲིག་པའི་ཕྱིར་དང༌། དགུན་གྱི་ཟླ་བ་བཞི་པ་དང༌། དབྱར་གྱི་ཟླ་བ་གཉིས་པ་ཉི་མ་ལོག་པ་རྒྱུད་འགྲེལ་ལས་མི་འབྱུང་བའི་ཕྱིར་ཏེ། གཞུའི་ཁྱིམ་གྱི་མཐར་དགུན་གྱི་ཉི་མ་ལྡོག་པར་གསུངས་ལ། དུས་དེར་དགུན་གྱི་བཞི་པ་དགུན་ཟླ་ཐ་ཆུང་དང་དཔྱིད་ར་གང་ལ་བྱེད་ཀྱང་མི་འགྲིག་པའི་ཕྱིར་དང༌། འཁྲིག་པའི་ཁྱིམ་གྱི་མཐར་དབྱར་ཉི་ལྡོག་པར་གསུངས་ལ། དེ་ལ་དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུང་དང༌། སྟོན་ར་གང་ལ་བྱེད་ཀྱང་མི་འབྱུང་བའི་ཕྱིར་ཏེ། རྒྱུད་འགྲེལ་ལས་དགུན་ར་དང༌། དབྱར་ར་ལ་ཉི་མ་ལྡོག་པར་གསུངས་སོ། །དུས་འཁོར་ནས་གསུངས་པ་བཞིན་ཁས་ལེན་ནའང༌། ལྡོག་མི་ནུས་པའི་ཉེས་པ་འདི་ལྟར་མཐོང་སྟེ། འཛམ་བུའི་གླིང་གི་ལྷོ་བགྲོད་མཐར་ཐུག་པའི་ཉི་མ་འཆར་ས་དང༌། འཛམ་བུའི་གླིང་གི་བྱང་བགྲོད་མཐར་ཐུག་པའི་ཉི་མ་འཆར་ས་གཅིག་པར་འགྱུར་ཏེ། ཤར་ལུས་འཕགས་པོའི་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་ཕྱེད་ས་ཚོད་གཅིག་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་དང༌། དུས་བཞི་འཆོལ་མར་ཁས་བླངས་པས་སོ། །དེ་བཞིན་དུ་སྦྱར་ཏེ་འཛམ་བུའི་གླིང་དུ་བགྲོད་པ་མཐར་ཐུག་གཉིས་ཀྱི་ཉི་མ་ཕྱེད་པའི་ས་འཚམས་གཅིག་པར་འགྱུར་ཏེ། ཤར་གླིང་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་ནུབ་ས་གཅིག་པའི་ཕྱིར། ཡང་ནུབ་བ་ལང་སྤྱོད་ཀྱི་སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ཀྱི་ཉི་མ་འཆར་ས་མི་གཅིག་པར་འགྱུར་ཏེ། འཛམ་བུའི་གླིང་གི་བགྲོད་པ་མཐར་ཐུག་པ་གཉིས་ཀྱི་ཉི་མ་འཆར་ས་མི་གཅིག་པའི་ཕྱིར། ཁྱབ་པ་ཁས་བླངས་སོ། །ཞེས་པའི་ཉེས་པས་རྒྱ་ཆེར་གནོད་དོ། །དེས་ན་ལུགས་གསུམ་པ་ཁས་བླངས་པར་བྱ་སྟེ། ཇི་སྐད་བཤད་པའི་ཉེས་པ་ཐམས་ཅད་ཕྱི་མ་འདི་ལ་མི་འཇུག་པའི་ཕྱིར་དང༌། ནམ་ཕྱེད་ཉི་མ་ནུབ་པ་དང༌། །ཞེས་སོགས་གཞུང་གོང་འོག་གཉིས་དགོངས་པ་དང་ཤིན་ཏུ་འབྲེལ་བའི་ཕྱིར། ཇི་ལྟར་འབྲེལ་ཞེ་ན། འདི་ལྟར་རང་ལུགས་ཀྱི་གཞུང་དོན་འཆད་ཚུལ་དང༌། གཞན་གྱི་གཞུང་དོན་འཆད་ཚུལ་མི་འཐད་པར་སྟོན་པའོ། །དང་པོ་ནི། ལོ་གཅིག་ལ་གླིང་བཞིར་ཉིན་མཚན་མཉམ་པའི་དུས་གཉིས་འབྱུང་སྟེ། འདི་ལྟར། ལྷོ་བྱང་གཉིས་སུ་དཔྱིད་ཀྱི་ཉིན་མཚན་མཉམ་པ་དང༌། ཤར་ནུབ་གཉིས་སུ་སྟོན་ཉིན་མཚན་མཉམ་པ་ཅིག་ཆར་འབྱུང༌། ལྷོ་བྱང་གཉིས་སུ་སྟོན་ཉིན་མཚན་མཉམ་པ་དང༌། ཤར་ནུབ་གཉིས་སུ་དཔྱིད་ཀྱི་ཉིན་མཚན་མཉམ་པ་ཅིག་ཆར་འབྱུང་ལ། དུས་དེར་ནམ་ཕྱེད་ཉི་མ་ནུབ་པ་དང༌། ཉི་མ་ཕྱེད་དང་འཆར་དུས་གཅིག་པ་ཡིན་ཏེ། ཇི་སྐད་དུ་སའི་བསྟོད་འགྲེལ་ལས། གང་གི་ཚེ་ཉིན་མཚན་མཉམ་པ་དེའི་ཚེ། དེ་ལྟར་བགྲང་གི་གཞན་ནི་ཆ་ཡོད་པར་ལྟའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་གཞུང་འདིས་ཉིན་མཚན་མཉམ་པའི་དུས་ངོས་བཟུང་ནས། ཉི་མ་ལྡོག་པའི་དུས་སམ། བགྲོད་པ་མཐར་ཐུག་པའི་དུས་གཉིས་ངོས་འཛིན་པ་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། ཞེས་སོགས་ཏེ། དེའི་དོན་ནི། སྟོན་ཉིན་མཚན་མཉམ་པའི་དུས་དེ་ནས་བཟུང་སྟེ། ཟླ་བ་བཞི་པ་ལ་དགུན་གྱི་ཉི་མ་ལྡོག་པ་ཡིན་ཏེ། སྟོན་ཉིན་མཚན་མཉམ་པའི་དུས་ནས་ཟླ་བ་གསུམ་དང༌། ཚེས་ཞག་གསུམ་ནས་དགུན་ཉི་ལྡོག་པ་ཆོས་ལུགས་ཡིན་པའི་ཕྱིར། དཔྱིད་ཉིན་མཚན་མཉམ་པའི་དུས། དེ་ནས་བཟུང་བའི་དབྱར་ཟླ་ར་བ་དང་འབྲིང་པོ་ཐལ་ཞིང༌། དབྱར་གྱི་ཟླ་བ་གཉིས་པ་སྟེ་དབྱར་ཟླ་འབྲིང་པོའི་ཐ་མ་དབྱར་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བརྒྱད་ནས་དབྱར་གྱི་ཉི་མ་ལྡོག་པ་ཡིན་ཏེ། དཔྱིད་ཉིན་མཚན་མཉམ་པའི་དུས་ནས་ཟླ་བ་གསུམ་དང་ཞག་གསུམ་ནས་དབྱར་ཉི་ལྡོག་པ་ཆོས་ལུགས་ཡིན་པའི་ཕྱིར། དགུན་གྱི་ཟླ་བ་བཞི་པ་དགུན་ཟླ་ཐ་ཆུང་དང༌། དབྱར་གྱི་ཟླ་བ་གཉིས་པ་ནི་དབྱར་ཟླ་འབྲིང་པོ་ཡིན་ལ། དེའི་ཐ་མ་དབྱར་ཟླ་ཐ་ཆུང་ལ་བྱེད་པར་རང་འགྲེལ་དང་གདགས་པ་ལས་གསུངས་པ་ལྟར་ཁས་ལེན་དགོས་ཀྱི། དབྱར་ཟླ་ཐ་ཆུང་ལ་དབྱར་གྱི་ཟླ་བ་གཉིས་པའི་ཐ་སྙད་བྱེད་པ་ནི་དུས་ཚིགས་ཀྱི་རྣམ་གཞག་གང་དང་ཡང་མི་མཐུན་ཞིང༌། ཐ་མ་ཡར་ངོ་ལ་བྱེད་པ་ནི་ཆེས་འཁྲུལ་ཏེ། ར་བ་དང༌། འབྲིང་པོ་ཐ་ཆུང་གསུམ་གྱི་རྣམ་གཞག་བྱེད་པ་ན་ངེས་པར་ཡར་ངོ་སྔོན་འགྲོ་དང༌། རིལ་ཚེས་ཀྱི་རྣམ་གཞག་བྱེད་དགོས་པའི་ཕྱིར། ཐ་ཆུང་གཉིས་ལ་ཉི་མ་ལྡོག་པར་བཤད་ཀྱང༌། ཐ་ཆུང་གཉིས་པོ་ཟླ་བ་འདི་ཁོ་ན་ལ་བྱེད་ཀྱི་ངེས་པ་ནི་མེད་དེ། ལོ་གསུམ་གྱི་དབྱར་དགུན་གྱི་ཉི་མ་ལྡོག་པའི་དུས་ལ་ཟླ་བ་རེའི་བར་འགྱངས་བྱུང་བས་ལོ་གསུམ་གྱི་དབྱར་དགུན་གྱི་ཐ་ཆུང་གསུམ་ཀྱང་འཆོལ་བས་སོ། །དེ་ལྟར་བཤད་ན་དགུན་ཟླ་ཐ་ཆུང་ཧོར་ཟླ་བཅུ་གཅིག་པ་མགོས་ཉ་བ་ལ་འབྱུང་བ་ཡང་སྲིད། ཧོར་ཟླ་བཅུ་གཉིས་པ་རྒྱལ་གྱིས་ཉ་བ་ལ་འབྱུང་བའང་སྲིད། དབྱར་ཟླ་ཐ་ཆུང་ཧོར་ཟླ་ལྔ་པ་སྣྲོན་གྱིས་ཉ་བ་ལ་བྱེད་པའང་སྲིད། ཧོར་ཟླ་དྲུག་པ་ཆུ་སྟོད་ཀྱིས་ཉ་བ་ལའང་བྱེད་དགོས་པའང་སྲིད་པ་ཡིན་ནོ། །དགུན་གྱི་ཟླ་བ་ཞེས་པའང་སྔར་བཤད་པ་ལྟར་ཡིན་གྱིས། དུས་ཚིགས་ལ་གསུམ་དུ་བྱས་པའི་དགུན་ར་ནས་བགྲངས་པའི་དགུན་ཟླ་བཞི་པ་མ་ཡིན་ཏེ། དེ་ལྟར་ན་དགུན་ཟླ་ཐ་ཆུང་ལ་ཇི་ལྟར་འགྲིག འགྲེལ་པ་རྒྱལ་སྲས་ལས། དགུན་གྱི་བཞི་པ་དཔྱིད་ཟླ་ར་བ་དང༌། །དབྱར་གྱི་ཟླ་བ་གཉིས་པ་སྟོན་ར་ལ་བཤད་པ་ལྟར་ཁས་ལེན་ནོ་ཞེ་ན། རྒྱལ་སྲས་ལས་དེ་ལྟར་བཤད་མོད། དེ་ལྟར་བཤད་པ་དེ་ནི་གདགས་པ་དང་རང་འགྲེལ་དང༌། འདུས་བཟང་གིས་མཛད་པའི་འགྲེལ་པ་དང༌། ཕྱོགས་གླང་གིས་མཛད་པའི་འགྲེལ་པ་ཐམས་ཅད་དང་མི་མཐུན་ཞིང༌། མངོན་པ་བ་ལ་གྲགས་པའི་ལོ་མགོ་འཛིན་ཚུལ་གསུམ་པོ་གང་བྱས་ཀྱང་དཔྱིད་ར་དང་སྟོན་ར་ལ་ཉི་མ་ལྡོག་པ་མི་སྲིད་པའི་ཕྱིར་རོ། །འདུལ་བ་ལས་དབྱར་གྱི་དུས་ནི་ཟླ་བ་གཅིག་གོ །དེའི་འོག་མ་ནི་ཉི་མ་ཞག་གཅིག་གོ །ཞེས་དགུན་དཔྱིད་དབྱར་གསུམ་པོ་ལ་ཟླ་བ་བཞི་བཞིར་ཕྱེ་ནས་དེའི་དབྱར་གྱི་ཟླ་བ་གཉིས་པ་ལ། དབྱར་ཕྱི་མའི་ཁས་ལེན་འབྱུང་བར་བཤད་ཅིང༌། སྟོན་ཟླ་ར་བ་ལ། དབྱར་ཕྱི་མའི་ཁས་ལེན་གྱི་བཤད་པ་འདུལ་བའི་ཡི་གེ་གང་ནའང་མེད་པའི་ཕྱིར་དང༌། གལ་ཏེ་ལོ་དྲི་སོགས་ཀྱི་ཡི་གེ་ཁ་ཅིག་ནས་བར་འགྱུར་བ་ཡིན། །ཉི་མ་དེ་ལ་སྐྱེས་པའི་མེ། །ཚེ་རིང་བུ་མང་བུད་མེད་ལ། །ཆགས་པ་ཆེ་ཞིང་ཟས་ལ་སྲེད། །གཡུལ་དུ་ཐོག་མར་འགྲོ་ཞིང་རྒྱལ། །བྲེ་ལ་དགེ་དང་ཞི་བ་ཡིན། །ལས་རྣམས་དོན་དུ་གཉེར་བར་བྱ། །ཉི་མ་དེ་ལ་ཆར་འབབ་པ། །ལེགས་པར་འབབ་པར་བསྟན་པ་ཡིན། །དབོ་ལ་ཁང་རྙིང་གསོ་བ་སོགས། །ཞི་དང་རྒྱས་པའི་ལས་ཀུན་བཟང༌། །དེ་ལ་སྐྱེས་པ་ཡིད་གཞུང་བརྟན། །གྲགས་དང་ལྡན་ཞིང་གཟི་བརྗིད་ཆེ། །ཉི་མ་དེ་ལ་ཆར་འབབ་ན། །ཕུན་སུམ་ཚོགས་པར་ཤེས་པར་བྱ། །མེ་བཞི་ལ་ནི་ལས་ཕྲན་ཀུན། །བཟང་ཞིང་བྲམ་ཟེའི་ལས་ཀུན་བྱ། །རྟ་དང་གླང་པོ་བཞོན་པ་དང༌། །རྫིང་བུ་བྱ་དང་བསྐུས་ན་ཐོབ། །མཁས་པས་ལས་ཆེན་སྤང་བར་བྱ། །ཉི་མ་དེ་ལ་ཆར་འབབ་ན། །མཆོག་ཏུ་གྲུབ་པར་འགྱུར་བ་ཡིན། །དེ་ལ་སྐྱེས་པ་དཔའ་ཞིང་རྐུ། །བློ་ལྡན་རིག་པ་ཐམས་ཅད་མཁས། །ནད་མེད་རིང་དུ་འཚོ་བའོ། །ནག་པ་ལ་ནི་གོས་བགོ་དང༌། །རྒྱན་གདགས་དམག་ལ་ཆས་པ་བཟང༌། །ནོར་གྱིས་ལས་དང་གྲོང་འཇུག་དང༌། །གླུ་གར་རོལ་མོ་བྱ་བ་དང༌། །དྲི་དང་སྤོས་ཀྱི་བྱུག་པ་དང༌། །ལག་གིས་བཟོ་རྣམས་ཀུན་བཟང་ཞིང༌། །ཉི་མ་དེ་ལ་ཆར་བབས་པས། །ལས་རྣམས་སྣ་ཚོགས་འགྲུབ་པར་བསྟན། །དེ་ལ་སྐྱེས་པ་ཡིད་གཞུང་མཁས། །འདོད་ཆུང་ཚོལ་བའི་ངང་ཚུལ་ཅན། །བློ་རྒོད་ཚེ་རིང་བསོད་ནམས་ཆེ། །བུད་མེད་ལ་དགའ་སྐལ་བར་ལྡན། །ས་རི་རྟ་བོ་བྱ་བ་དང༌། །ཚོགས་ལ་སྟོན་མོ་སྦྱིན་པ་དང༌། །ཁ་ཟས་ཕྲ་མོ་འགྱེད་པ་དང༌། །གླུ་དང་རོལ་མོའི་ལས་རྣམས་འགྲུབ། །བག་མ་གཏོང་ལེན་གཉེན་བྱ་དང༌། །གནས་དང་འགྲོན་པོ་ལམ་བྱ་དང༌། །ཁྱིམ་དུ་འཇུག་པ་ཀུན་བཟང་ངོ༌། །ཉི་མ་དེ་ལ་ལ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་གསུངས་པ་ཡིན་ལ། དེའི་རང་འགྲེལ་ལས། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་དབྱར་ཟླ་ཐ་ཆུང་གི་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ངོ་ཞེས་དགུན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་དགུ་ནས་སོ་ཞེས་གསུངས་པའི་ཕྱིར། ཉིན་མཚན་རིང་ཐུང་དུ་འགྱུར་བའི་ཚད་ཇི་ཙམ་ཞེ་ན། ཉིན་མཚན་རིང་བ་ཐང་གཅིག་གོ་ཞེས་ཏེ། ཉིན་ཞག་གཅིག་གི་དགུ་བརྒྱའི་ཆས་རིང་ཐུང་དུ་བྱེད་པ་སྟེ། དུས་འཁོར་བ་ལྟར་ན་དབུགས་འཇུག་གནས་འབྱུང་གསུམ་ལ་གཅིག་ཏུ་བྱས་པའི་དབུགས་ཉི་ཤུ་རྩ་བཞི་རེས་རིང་ཐུང་དུ་བྱས་པ་ཡིན་ཏེ། ཆུ་སྲང་བཞི་བཞིས་བྱེད་པར་བཤད་ཅིང༌། ཆུ་སྲང་རེ་རེ་ལ་དབུགས་དྲུག་དྲུག་ཡོད་པའི་ཕྱིར་རོ། །གཉིས་པ་དུས་ཀྱི་འཁོར་ལོའི་དགོངས་པ་འཆད་པ་ནི། གླིང་བཅུ་གཉིས་དུས་བཞི་དང༌། ཟླ་བ་བཅུ་གཉིས་གཡོན་བསྐོར་གྱི་ཚུལ་གྱིས་འབྱུང་བ་ཡིན་ཏེ། ཇི་སྐད་དུ། རྒྱུད་འགྲེལ་ལས། ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས། དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །མེ་ཟུར་གྱི་དུམ་བུ་གཉིས་པ་ལ་སྣྲོན་གྱི་ཟླ་བ་བྱེད་དོ། །མེ་ཟུར་གྱི་དུམ་བུ་གསུམ་པ་ལ་ཆུ་སྟོད་ཀྱི་ཟླ་བ་བྱེད་དོ། །ཤར་གྱི་དུམ་བུ་ལ་ལུས་འཕགས་པོར་གྲོ་ཞུན་གྱི་ཟླ་བ་བྱེད་དོ། །ལྔ་པ་དབང་ལྡན་གྱི་ཕྱེད་ཀྱི་དུམ་བུར་ཁྲུམས་ཀྱི་ཟླ་བ་བྱེད་དོ། །དབང་ལྡན་གྱི་དུམ་བུ་དྲུག་པར་ཐ་སྐར་གྱི་ཟླ་བ་བྱེད་དོ། །རླུང་གི་དུམ་བུ་བརྒྱད་པར་མགོའི་ཟླ་བ་བྱེད་དོ། །རླུང་ཟུར་གྱི་དུམ་བུ་དགུ་པར་རྒྱལ་གྱི་ཟླ་བ་བྱེད་དོ། །ནུབ་ཏུ་དུམ་བུ་བཅུ་པར་མཆུའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་དུམ་བུ་བཅུ་གཅིག་པ་ལ་དབོའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་དུམ་བུ་གཞན་ལ་ནག་པའི་ཟླ་བ་བྱེད་དོ། །དེ་བཞིན་དུ་ཟླ་བ་གཉིས་ཀྱི་དུམ་བུ་གཉིས་སུ་དུས་སུ་འགྱུར་རོ། །དུམ་བུ་སོ་སོར་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་ཕྱོགས་གཉིས་སུ་འགྱུར་ཏེ། དེ་ལྟར་ན་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་དུམ་བུ་བཅུ་གཉིས་ལ་འཁོར་ལོའི་རྣམ་པས་འཁོར་བར་ཤེས་པར་བྱའོ། །ཞེས་གསུངས་ཤིང༌། གཡས་བསྐོར་དུ་དབྱུག་གུ་ལྔ་ལྔས་ཉི་མ་འཆར་བ་སྔ་བར་བཤད། ཉི་མ་རི་རབ་ལ་ཐག་རིང་བའི་ཚེ་མགྱོགས་པ་དང༌། རི་རབ་ལ་ཐག་ཉེ་བའི་ཚེ་བུལ་བའི་རྒྱུ་མཚན་ཡང༌། སོ་བ་འཆག་པའི་བ་ལང་ཀ་བ་ལ་བརྟགས་པ་ན་ཐག་རིང་བ་དང་ཐུང་བའི་དཔེ་ཡང་གསུངས་སོ། །ཞར་ལ་ཉི་མ་ལྡོག་པའི་ཚུལ་བརྗོད་པར་བྱ་སྟེ། ཉི་མ་ལྡོག་པའི་དོན་ལྷོ་བྱང་གི་བགྲོད་པ་གཉིས་མཐར་ཐུག་ནས་སླར་ཡང་ལྷོ་བྱང་གང་རུང་དུ་འཁོར་བ་སྟེ། དུས་འཁོར་གྱི་དགོངས་པ་ལ་གཞུའི་ཁྱིམ་མཐར་དགུན་གྱི་ཉི་མ་ལྡོག འཁྲིག་པའི་ཁྱིམ་མཐར་དབྱར་གྱི་ཉི་མ་ལྡོག བུ་མོའི་ཁྱིམ་མཐར་སྟོན་གྱི་ཉིན་མཚན་མཉམ། ཉའི་ཁྱིམ་མཐར་དཔྱིད་ཀྱི་ཉིན་མཚན་མཉམ་ཞེས་བཞེད་ལ། མངོན་པར་དབྱར་དགུན་གྱི་ཐ་ཆུང་གཉིས་ལ་ཉི་མ་ལྡོག་པ་དང༌། སྟོན་དཔྱིད་ཀྱི་ཐ་ཆུང་གཉིས་ལ་ཉིན་མཚན་མཉམ་པར་བཤད་པ་ཡིན་ལ། དེ་ལྟར་བཤད་ཀྱང་སྟོན་ཟླ་ཐ་ཆུང་མཐའ་གཅིག་ཏུ་གང་ལ་བྱེད་ཀྱི་ངེས་པ་མེད་དེ། དེ་ཡང་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཧོར་ཟླ་དགུ་པའི་ཚེས་བརྒྱད་ཀྱི་བར་གང་རུང་གཅིག་ལ་སྟོན་ཉིན་མཚན་མཉམ་པ་དེ་བྱུང་ལ། དེ་གང་ལས་བྱུང་བའི་ཟླ་བ་དེ་ལ་སྟོན་ཟླ་ཐ་ཆུང་ཞེས་བྱ་ཞིང༌། དེ་ནས་རྩིས་པའི་ཚེས་ཀྱི་ཟླ་བ་གསུམ་དང་ཚེས་ཞག་གསུམ་ན་དགུན་ཉི་ལྡོག དེ་ནས་ཚེས་ཟླ་དང་ཚེས་ཞག་གསུམ་ན་དཔྱིད་ཉིན་མཚན་མཉམ། དེ་ནས་ཚེས་ཟླ་གསུམ་དང་ཚེས་ཞག་གསུམ་ན་དབྱར་གྱི་ཉི་མ་ལྡོག དེའི་ཉིན་ནས་ཚེས་ཟླ་གསུམ་དང་ཚེས་ཞག་གསུམ་ན་སྟོན་གྱི་ཉིན་མཚན་མཉམ། དེ་བཞིན་དུ་འཁོར་མོར་སྦྱར་བས་ལོ་གསུམ་ན་ཉི་མ་ལྡོག་མཚམས་དང་ཉིན་མཚན་མཉམ་པའི་དུས་ཐམས་ཅད་ལ་ཚེས་གཅིག་གི་སྔ་ཕྱིའི་ཁྱད་པར་ཞུགས་པ་ལ་མངོན་སུམ་གྱིས་གྲུབ་ཅིང༌། བྱེད་རྩིས་ལའང་དེ་ལྟར་འབྱུང་བས་སོ། །དེའི་ཕྱིར་ལོ་གསུམ་ལ་ཧོར་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ནས། བཅུ་གཉིས་པའི་ཚེས་བརྒྱད་ཀྱི་བར་གང་རུང་ལ་དགུན་ཉི་ལྡོག ཧོར་ཟླ་གཉིས་པའི་ཚེས་བརྒྱད་ནས་གསུམ་པའི་ཚེས་བརྒྱད་ཀྱི་བར་གང་རུང་ལ་དཔྱིད་ཀྱི་ཉིན་མཚན་མཉམ། ཧོར་ཟླ་ལྔ་པའི་ཚེས་བརྒྱད་ནས་དྲུག་པའི་ཚེས་བརྒྱད་ཀྱི་བར་གང་རུང་ལ་དབྱར་གྱི་ཉི་མ་ལྡོག་ལ། དེ་རྗེས་ཟླ་འཐེབ་གཅིག་བྱུང་བས་ཡང་སྔར་གྱི་ཟླ་འཚམས་སྔ་མ་དེར་སླེབ་པ་ཡིན་ནོ། །འཇིག་རྟེན་པ་རྣམས། ཉི་མ་བརྒྱད་གསུམ་དག་ལ་ལྡོག །སྔ་འགྱུར་དག་གིས་ཤེས་པར་བྱ། །ཞེས་ཟེར་ཞིང༌། དེ་ཉིད་བྱེད་རྩིས་དང་ཡང་མཐུན་པ་ཡིན་ནོ། །སྨན་གྱི་རྒྱུད་ཕྱི་མ་ལས། དགུན་ཉི་གང་ལྡོག་དགུན་ཟླ་འབྲིང་པོར་བཞག་ཅིང༌། དབྱར་ཉི་གང་ལྡོག་དབྱར་ཟླ་འབྲིང་པོར་རྩིས་པ་ཡིན་པར་བཤད་དོ། །གཉིས་པ་བསྟན་བཅོས་ལུགས་ཀྱི་དུས་གསུམ་བཤད་པ་ལ། དངོས་དང༌། དེ་ལས་ཟླ་བ་བཅུ་གཉིས་བྱེད་པའི་ཚུལ་ལོ། །དང་པོ་ལ། སྤྱིར་ལུགས་གཉིས་ཀྱི་དུས་ཚིགས་ཀྱི་འཇོག་ཚུལ་མི་འདྲ་བའི་རྒྱུ་མཚན་ནི། འཇིག་རྟེན་པ་རྣམས་དབྱར་དགུན་སྟོན་དཔྱིད་བཞི་ལ་རབ་འབྲིང་པོ་ཐ་ཆུང་གསུམ་གསུམ་དུ་ཕྱེ་ནས་དུས་ཚིགས་བཞིར་འཇོག་པ་དང༌། ཡང་དགུན་ལ་སྟོད་སྨད་གཉིས་དང༌། དཔྱིད་སོ་ཁ་དབྱར་དང་སྟོན་དྲུག་ཏུ་ཕྱེ་ནས་ཁས་ལེན་པ་ཡིན་ཞིང༌། དེ་ཉིད་གསུང་རབ་ཏུའང་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། གསེར་འོད་དམ་པ་ལས། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །ཟླ་བའི་གོ་རིམ་འདི་སྟེ་དུས་ནི་དྲུག །ཅེས་གསུངས་པ་ལྟར་རོ། །བསྟན་བཅོས་ལ། གཙོ་བོར་དུས་ཚིགས་གསུམ་དུ་བཤད་ནས་གསུམ་པོ་དེ་ཉིད་ལ་དགོས་པའི་དབང་གིས་རེས་འགའ་གསུམ་རང་རྐང་དུ་བཞག་ནས་བཤད་པ་དང༌། རེས་འགའ་གསུམ་པོ་ལ་དྲུག་ཏུ་ཕྱེ་བ་དང༌། རེས་འགའ་གསུམ་པོ་ལྔར་ཕྱེ་བ་ནས་བཤད་པ་ཡིན་ཏེ། ཇི་སྐད་དུ། རྒྱལ་པོ་སྲས་ལས། གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་ཏེ། འཇིག་རྟེན་པ་ལྟར་དྲུག་ནི་མ་ཡིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོ་ཁ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད་དོ། །སྟོན་ནི་ཆར་འབབ་པའི་ཕྱིར་དབྱར་དུ་བཤད་དོ། །དེ་ལྟར་ན་དགུན་དང་དཔྱིད་དབྱར་དག་ཡིན་ནོ། །ཞེས་གསུངས་སོ། །དེ་ཡང་ལོ་གཅིག་ལ་དུས་གསུམ་དུ་བསྡུ་བ་དང༌། དེ་ལས་ལྔར་ཕྱེ་བ་ནི་གསུང་རབས་ཁོ་ན་ལ་གྲགས་ཀྱི་འཇིག་རྟེན་ལ་མ་གྲགས་པའི་བསྟན་བཅོས་ལུགས་ཞེས་བྱ་ལ་དུས་བཞི་དང་དྲུག་ནི་གསུང་རབས་ལས་ཀྱང་ཁས་ལེན་མོད། འཇིག་རྟེན་གྲགས་པ་ལྟར་ཁས་ལེན་པས་འཇིག་རྟེན་གྱི་ལུགས་ཞེས་བྱ་བར་བཏགས་སོ། །དུས་གསུམ་ལ་དྲུག་ཏུ་འབྱེད་ཅིང་དྲུག་པོ་གསུམ་དུ་བསྡུས་པ་འདི་ན་མངོན་འདུལ་དུས་འཁོར་གསུམ་ཀ་ནས་གསུངས་པ་ཡིན་ཏེ། ཇི་སྐད་དུ། མཛོད་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་དང༌། འདུལ་བའི་མདོ་ལས། ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཞེས་དང༌། དུས་འཁོར་འགྲེལ་ཆེན་ལས། ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པས་དུམ་བུ་བཅུ་གཉིས་སུ་དུས་དྲུག་དང་ཟླ་བ་བཅུ་གཉིས་དང༌། ཕྱོགས་ཉི་ཤུ་རྩ་བཞིར་བྱེད་དེ། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་སོ། །ཞེས་གསུངས་སོ། །མདོར་ན་གསུང་རབས་ལས་དུས་ཚིགས་ཀྱི་འཇོག་འཚམས་མི་འདྲ་བ་བཞི་འབྱུང་བ་ལས། གཉིས་ནི་བསྟན་བཅོས་ཁོ་ན་ལ་གྲགས་ཤིང༌། གཉིས་ནི་འཇིག་རྟེན་གྲགས་པ་དང་ཐུན་མོང་བ་ཡིན་ནོ། །གཉིས་པ་དེ་ལ་ཟླ་བ་བཅུ་གཉིས་སུ་འཇོག་པའི་ཚུལ་ནི། འཇིག་རྟེན་པ་ལྟར་ན་དགུན་ཟླ་ར་བ་ལ་སོགས་པ་བཅུ་གཉིས་སུ་བྱེད་ཅིང་ཡར་ངོ་སྔོན་དུ་འགྲོ་བ་ཡིན་ཏེ། ཇི་སྐད་དུ། དབྱར་གནས་པར་ཁས་བླང་བར་བྱའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། འཇིག་རྟེན་ན་ཚེས་བཅོ་ལྔ་དང་ཉི་ཤུ་ལ་སོགས་པར་གྲགས་པའི་ཕྱིར་རོ། །ཉི་མའི་སྙིང་པོ་ལས་དཔྱིད་ར་འབྲིང་ཐ་ཆུང་གསུམ་ལ་མར་ངོ་སྔོན་འགྲོ་ཡང་བཤད་ཅིང༌། ཡང་འདུལ་བའི་ཆོས་བསྐོར་ནས་ར་འབྲིང་ཐ་ཆུང་གི་རྣམ་གཞག་བྱེད་པ་ནའང་མར་ངོ་སྔོན་དུ་འགྲོ་བ་གཅིག་ཀྱང་བཤད་པ་ཡོད་དེ། དགེ་ཚུལ་གྱི་ལོ་དྲི་བ་ལས། དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག་པོ་དེ་གང་ཞེ་ན། སྟོན་ཟླ་ར་བའི་ཚེས་གཅིག་གི་ཉིན་ཞག་གཅིག་གོ་ཞེས་གསུངས་ལ། འདིར་ཡང་ལུགས་གཉིས་བསྲེས་པའི་དབང་དུ་བྱས་ཀྱི། ར་འབྲིང་སོགས་ཀྱི་འཇོག་འཚམས་རང་རྐང་པ་མིན་ནོ། །ཡང་མདོ་རྩ་བར་ཡང་ངོ་སྔོན་འགྲོ་བཤད་པ་དང༌། ཕྲན་ཚེགས་འགྲེལ་པར་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུའི་དུས་ཡིན་ནོ་ཞེས་སོགས་ནི་ར་བ་འབྲིང་གསུམ་གྱི་འཇོག་འཚམས་རང་རྐང་ལ་ཡིན་ལ། འདི་ཉིད་དབང་བཙན་པར་བྱེད་དགོས་སོ། །འོ་ན་ར་འབྲིང་ཐུང་རྣམས་ཀྱི་ཉ་སྐར་ལ་སྐར་མ་གང་འཆར་ཞེ་ན། མདོ་སྡེ་ཉི་མའི་སྙིང་པོ་ལས། ཉ་སྐར་ལ་སྐར་མ་མགོ་འཆར་བའི་ཟླ་བ་ལ་དགུན་ཟླ་ར་བ་ཞེས་བྱ་བ་ནས། ཉ་སྐར་ལ་སྐར་མ་སྨིན་དྲུག་འཆར་བའི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་ཞེས་འཇིག་རྟེན་ན་གྲགས་སོ་ཞེས་གསུངས་པའང་དཔེར་བརྗོད་ཡིན་གྱི་དུས་ཐམས་ཅད་དུ་དེའི་ངེས་པ་མེད་ལ། སྟོན་ཉིན་མཚན་མཉམ་པའི་ཟླ་བ་དེའི་ཉ་སྐར་ལ་གང་བྱུང་བ་དེ་སྟོན་ཟླ་ཐ་ཆུང་གི་ཉ་སྐར་ཡིན་དགོས་པ་ནས་དགུན་ཉི་གང་ཟློག་པའི་ཟླ་བ་དེའི་ཉ་སྐར་ལ་གང་བྱུང་བ་དེ་དགུན་ཟླའི་ཉ་སྐར་ལ་བྱེད་དགོས་ཤིང་ཡར་ངོ་སྔོན་དུ་འགྲོ་བར་བྱེད་དགོས་སོ། །རྒྱལ་སྲས་ལས། སངས་རྒྱས་པ་རྣམས་ཀྱི་དུས་ཀྱི་དང་པོ་ནི་དགུན་ནོ། །གཉིས་པ་ནི་དཔྱིད་དོ། །གསུམ་པ་ནི་དབྱར་རོ། །ཞེས་གསུངས། འདི་ཡང་འཇིག་རྟེན་གྱི་ལུགས་ཡིན་ཞིང༌། བསྟན་བཅོས་ལས་ནི་སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་དགུན་ཡིན་པའི་ངེས་པ་མེད་པར་འོག་ནས་འཆད་དོ། །ལུགས་གཉིས་པ་བསྟན་བཅོས་ལས་ནི། སྨལ་པོ་རྒྱལ་དང་མཆུ་ཉ་དགུན། །དབོ་དང་ནག་པ་ས་ག་དཔྱིད། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དབྱར། །ཁྲུམས་སྟོད་ཐ་སྐར་སྨིན་དྲུག་སྟོན། །ཞེས་པ་ལྟར། ཉ་སྐར་གྱི་དབྱེ་བས་ཟླ་བའི་གྲངས་འཛིན་ཞིང་མར་ངོ་སྔོན་འགྲོ་ཁོ་ནར་ངེས་པ་ཡིན་ཏེ། ཇི་སྐད་དུ། བསྟན་བཅོས་ལས་ནི་མར་ངོ་སྔོན་དུ་འགྲོ་བ་སྟེ། འཇིག་རྟེན་པ་རྣམས་ཀྱི་ལྟར་ཡར་ངོ་སྔོན་དུ་འགྲོ་བ་ནི་མ་ཡིན་ནོ། །ཞེས་རྒྱལ་སྲས་ལས་གསུངས་སོ། །འོན་ཀྱང་དུས་འཁོར་ལས་ནི་ནག་པའི་ཟླ་བ་སོགས་ལ་ཡར་ངོ་སྔོན་དུ་འགྲོ་བའང་བཤད་པ་ཡོད་དོ། །ཇི་སྐད་དུ། ནག་པ་ལ་སོགས་འདས་པ་རྣམས་བསྲེས་ཞེས་པ་རིལ་ཚེས་ཀྱི་དབང་དུ་བྱས་ནས་བསྲེ་དགོས་པའི་ཕྱིར་རོ། །ལུགས་འདི་ལྟར་ན། ནག་པའི་ཟླ་བ་དང་དཔྱིད་འབྲིང་དོན་གཅིག་པ་དང༌། ས་གའི་ཟླ་བ་དང༌། དཔྱིད་ཐུང་དོན་གཅིག་པའི་སྐབས་སྲིད་པར་ཁས་ལེན་ཀྱང༌། མངོན་འདུལ་གྱི་ཉ་སྐར་གྱི་མིང་ཅན་གྱི་ཟླ་བའི་འཇོག་འཚམས་མར་ངོ་སྔོན་འགྲོ་ཁོ་ནར་ངེས་སོ། །གཉིས་པ་ལོ་མགོ་ག་ནས་འཛིན་རྣམ་གྲངས་དང་བཅས་པ་ལ། བཤད་པའི་རྣམ་གྲངས་བཀོད་པ་དང༌། རང་ལུགས་ངོས་བཟུང་བའོ། །དང་པོ་ལ་སྤྱིར་གསུང་རབ་ལས་བཤད་པའི་རྣམ་གྲངས་དང༌། སྔོན་གྱི་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཞེད་པའི་ཚུལ་ལོ། །དང་པོ་ནི་དུས་འཁོར་ལས། དཔྱིད་འབྲིང་ནག་པས་ཉ་བའི་ཚེས་གཅིག་ནས་ལོ་མགོ་ངོས་འཛིན་པ་ཡིན་ཏེ། ཇི་སྐད་དུ། ནག་པ་ལ་སོགས་འདས་པ་རྣམས་བསྲེས་ཞེས་བཤད་པའི་ཕྱིར། དེ་ལ་དེར་འཇོག་པའི་རྒྱུ་མཚན་ཡང༌། ནག་པའི་ཉ་ལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་གསུངས་པའི་རྒྱུ་མཚན་གྱིས་ཡིན་པར་བྱེད་དོ། །རྒྱ་རྩིས་གསར་པ་དཔྱིད་ར་སྟག་གི་ཟླ་བ་སྐར་མ་རྒྱལ་གྱིས་ཉ་བའི་ཟླ་བ་ནས་ལོ་མགོ་ངོས་འཛིན་ཅིང༌། དེའི་རྒྱུ་མཚན་རྗེ་བཙུན་འཇམ་དབྱངས་ཀྱིས་རྩིས་གསུངས་པའི་དུས་ཀྱི་དང་པོ་དེ་ཡིན་པ་ལ་ཐུག་པར་བཞེད་དོ། །གསེར་འོད་དམ་པ་ལས། དབྱར་ནས་དུས་ཀྱི་དང་པོ་ངོས་འཛིན་པར་བཤད། སོ་སོ་ཐར་པའི་མདོ་ནས། དུས་བརྗོད་པའི་དང་པོར་སོ་ཁ་རྣམས་ཀྱི་ཟླ་བ་འདས་པ་དང༌། ལྷག་མ་ཇི་ཙམ་པ་ཙམ་ཞེས་སོ་ཁས་དུས་ཀྱི་དང་པོ་ངོས་འཛིན་པར་བཤད། འདུལ་བར་དུས་སྒོ་བའི་ཐད་དུ་དུས་ཀྱི་དང་པོ་དགུན་ཡིན་པ་དང༌། དེ་ཡང་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་འཛིན་པར་འགྲེལ་པ་ལས་བཤད་ཅིང༌། མངོན་པའི་གཞུང་འགྲེལ་ཕལ་ཆེ་བ་ནས་ཀྱང་དགུན་དུས་དང་པོར་བཤད་ཅིང༌། ཡང་འཇིག་རྟེན་པ་ལྟར་ན། དགུན་ཟླ་ར་བའི་ཚེས་གཅིག་ནས་དང༌། བསྟན་བཅོས་པ་ལྟར་ན། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་དགུན་གྱི་ཐོག་མ་འཛིན་པར་བྱེད་པ་དང༌། མདོ་སྡེ་ཉི་མའི་སྙིང་པོར་སྟོན་ཟླ་ཐ་ཆུང་ལ་མར་ངོ་སྔོན་འགྲོར་བྱས་པའི་མར་ངོའི་ཚེས་བཅུ་གཅིག་ནས་ལོ་མགོ་འཛིན་པ་དང༌། ཧོར་གྱི་ཁྲིམས་ལུགས་ཀྱི་སྐར་མ་མཆུས་ཉ་བའི་ཡར་ཚེས་གཅིག་ནས་ལོ་མགོ་འཛིན་པར་བྱེད་དོ། །གཉིས་པ་སློབ་དཔོན་རྣམས་ཀྱིས་བཞེད་ཚུལ་ལ། དངོས་དང༌། དེ་ལ་དཀའ་གནས་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ལ། འདུལ་བ་འཛིན་པ་ཕལ་ཆེ་བ་དག་ན་རེ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པ་འདུལ་བའི་ཆོས་བསྐོར་ན་ཤིན་ཏུ་གསལ་ཡང༌། སྟོན་ཟླ་ཐ་ཆུང་དེ་གང་ལ་བྱེད་མི་གསལ་ལ། དེ་ནི་ཧོར་ཟླ་བཅུ་པ་སྨིན་དྲུག་གིས་ཉ་བ་དེ་ལ་བྱེད་དགོས་པར་མདོ་སྡེ་ཉི་མའི་སྙིང་པོ་ལས་གསུངས་ཏེ། དེར་བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདིར་ནི་རབ་ཏུ་གྲགས་པ་ཡིན། །ཞེས་གསུངས་པས་སོ། །ཞེས་ཟེར། དམར་སྟོན་པ་ཁ་ཅིག ཧོར་ཟླ་བཅུ་པ་ནས་ལོ་མགོ་བྱེད་པར་མདོ་སྡེ་མིག་བཅུ་གཉིས་ནས་བཤད་ཅིང༌། ཉི་མའི་སྙིང་པོའི་ལུགས་འདི་ཉིད་ཧོར་ཟླ་དགུ་པ་དབྱུག་པས་ཉ་བའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པར་བསྟན་ཞེས་ཟེར་བ་དང༌། ཡང་ཁ་ཅིག་དགེ་ཚུལ་གྱི་ལོ་དྲི་བ་ལས། སྨིན་དྲུག་ཟླ་བའི་ཡར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་གཅིག་འབྱུང་བར་བཤད་པས་ཧོར་ཟླ་དགུ་པའི་བཅུ་དྲུག་ནས་ལོ་མགོ་འཛིན་དགོས་པར་བསྟན་ཞེས་གསུང་ཞིང༌། ཡང་སློབ་དཔོན་མང་པོ་དག་ན་རེ། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་སོགས་ཀྱིས་ཧོར་ཟླ་བརྒྱད་པར་གྲགས་པ་སྐར་མ་སྒྲོག་ཁྲུམས་ཀྱིས་ཉ་བའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པར་བསྟན་ཞེས་གསུངས་ཤིང༌། ལ་ལ་ན་རེ་འདུལ་བའི་ལུགས་ཀྱི་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་དང༌། མངོན་པའི་ལུགས་ཀྱི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་དགོས་པ་ཡིན་ནོ་ཞེས་ཟེར། མཁྱེན་རབས་དབང་ཕྱུག་བུ་སྟོན་གྱི་ཞལ་ནས་མདོ་སྡེ་ཉི་མའི་སྙིང་པོར་བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། ཅེས་བཤད་པ་དེ་དྲང་སྲོང་རྔ་བོང་གི་དུས་ཀྱི་སྟོན་ཟླ་ཐ་ཆུང་ཡིན་ལ། དེ་ནས་སྟོན་པ་སངས་རྒྱས་བྱོན་པའི་བར་ལ་ཉི་མ་ཟློག་པ་ཟླ་བ་གཅིག་གིས་སྔར་སོང་བའི་སྟོབས་ཀྱིས་ཟླ་བ་གཅིག་གིས་འཆུགས་བྱུང་བས། སྟོན་པའི་དུས་དེར་དབྱུག་པའི་ཟླ་བ་ལ་སྟོན་ཟླ་ཐ་ཆུང་དུ་འཇོག་པ་ཡིན་ཏེ། རྟེན་འབྲེལ་མདོ་འབྲེལ་དུ་མདོ་དྲངས་པ་ལས། ཉ་ཚེས་དབྱུག་པ་གང་ཡིན་པ། །ངས་ནི་སྟོན་ཟླ་ཐ་ཆུང་བཤད། །ཅེས་གསུངས་པས་སོ། །སྟོན་པའི་དུས་དེ་ནས་དིང་སང་གི་བར་ལ་ཞག་བཅུ་གསུམ་ཙམ་གྱི་འཆུགས་བྱུང་ཡོད་ཅེས་གསུངས་ཤིང༌། དེའི་རྗེས་འབྲང་དག་སྟོན་པ་བྱོན་ནས་དབྱིག་གཉེན་བྱོན་པའི་བར་ལ་ཞག་ཉི་ཤུ་ཙམ་འཆུགས་པས་ཁྲུམས་ཀྱིས་ཉ་བ་ལ་སྟོན་མཐར་བྱེད་དགོས་ཏེ། ཇི་སྐད་དུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་ཉི་མ་ལྡོག་དུས་བཤད་པས་ཤེས་སོ་ཞེས་གསུངས་སོ། །གཉིས་པ་དེ་ལ་དཀའ་གནས་ཇི་ལྟར་ཡོད་པའི་ཚུལ་ནི། ཧོར་ཟླ་བཅུ་པ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ན་ཆར་ཆུའི་སྒང་ཡོལ་ནས་དབྱར་ཁས་ལེན་དགོས་པ་དང༌། སྟོན་ཐོན་ནས་དགག་དབྱེ་བྱེད་དགོས་པ་དང༌། ཧོར་ཟླ་བཅུ་པ་ལ་ཉིན་མཚན་མཉམ་པ་དང་ཤེས་བྱེད་ཀྱི་ལུང་མེད་པ་སོགས་ཀྱི་དཀའ་གནས་འབྱུང༌། ཧོར་ཟླ་དགུ་པ་ཁོ་ན་ལ་སྟོན་ཟླར་བྱེད་པ་ལ་ནི་གསོ་སྦྱོང་མི་ཐུབ་པའི་འབྱུང་དུས་འགྲིག་པའི་སྐབས་མི་སྲིད་པ་དང༌། ཤེས་བྱེད་ཀྱི་ལུང་ཁུངས་གསལ་པོ་ཁྱོད་ཀྱིས་འདྲེན་མ་ནུས་པ་དང༌། ཉ་ཚེས་དབྱུག་པ་གང་ཡིན་པ། །ཞེས་པའང་རྟེན་འབྲེལ་མདོ་འབྲེལ་ཕལ་ཆེར་ན་མི་སྣང་བས་ཡིད་བརྟན་དུ་རུང་བའི་ལུང་རང་དུའང་མི་སྣང་བ་སོགས་ཀྱི་དཀའ་གནས་འབྱུང༌། ཧོར་ཟླ་བརྒྱད་པ་ཁོ་ན་ལ་སྟོན་ཟླར་བྱེད་པ་ལ་ནི་དགུན་ཟླ་ར་བ་དགག་དབྱེ་དགོས་པ་དང༌། ཁུང་ཐུབ་ཀྱི་ལུང་མེད་ཅིང༌། མཛོད་ཀྱི་དགོངས་པ་ལའང་ཁྱོད་རང་ལྟར་ན་དེར་མ་ངེས་ཏེ། རྒྱལ་པོ་སྲས་སུ་དགུན་ཟླ་བཞི་པ་དཔྱིད་ར་ལ་བཤད་པ་ལྟར་ཁྱོད་ཁས་ལེན་པས། ཧོར་ཟླ་བདུན་པ་ལ་སྟོན་མཐར་བྱེད་དགོས་པར་ཐལ་བ་སོགས་ཀྱི་དཀའ་གནས་འབྱུང༌། མཁྱེན་རབ་དབང་ཕྱུག་གི་ལུགས་དེའང་སྟོན་པ་སངས་རྒྱས་དང་དབྱིག་གཉེན་གྱི་བར་དུ་འཆུགས་ཡོད་པའི་ཤེས་བྱེད་དུ། དབྱར་གྱི་ཟླ་བ་གཉིས་པ་ཞེས་སོགས་འདྲེན་པ་ནི་མ་འབྲེལ་ཏེ། དབྱར་གྱི་ཞེས་སོགས་ནི། གདགས་པའི་གཞུང་སོར་བཞག་པ་ཡིན་པའི་ཕྱིར་དང༌། སྟོན་པ་ནས་ད་ལྟའི་བར་དུ་འཆུགས་ཡོད་ན། འདུལ་བ་ནས་གསུངས་པའི་དབྱར་དང༌། དགག་དབྱེ་དང༌། སྲ་རྐྱང་གདིང་བའི་དུས་སོགས་འདུལ་བ་ནས་བཤད་པ་བཞིན་ད་ལྟ་ཁས་ལེན་མི་རུང་ཞེས་སོགས་འདོད་དགོས་ལ། དུས་འཁོར་ནས་གསུངས་པའང་སྟོན་པ་ནས་ད་ལྟའི་བར་དུ་འཆུགས་པར་ཁས་ལེན་དགོས་ན། ད་ལྟའི་སྐབས་སུ་གཞུའི་ཁྱིམ་མཐར་ཉི་མ་ལྡོག་པར་ཁས་ལེན་མི་རུང་བ་སོགས་དང༌། ཁྱིམ་ཞག་གི་དུས་ཚོད་ངེས་མེད་དུ་ཐལ་བས་ད་ལྟའི་རྩིས་པ་ཐམས་ཅད་མ་དག་པར་སོང་བ་སོགས་ཀྱི་དཀའ་གནས་འབྱུང་ངོ༌། །གཉིས་པ་རང་གི་ལུགས་ལ། སྤྱིར་ལོའི་འཇོག་འཚམས་བཤད། ལོ་མགོ་ངོས་འཛིན་དངོས་སོ། །དང་པོ་ལ་སྤྱིར་ལོའི་འཇོག་འཚམས་ལ་རྣམ་གྲངས་མང་པོ་སྣང་སྟེ། ཉིན་ཞག་སུམ་བརྒྱ་དང་ལྔ་བཅུ་ང་བཞི་ལ་ལོར་བྱས་པ་གཅིག་དང༌། ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ལ་ལོར་བྱས་པ་གཅིག་དང༌། ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ལ་ལོར་བྱས་པ་རྣམས་ལས། དང་པོ་ནི། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་པའི་གཞུང་གིས་བསྟན་པ་ཡིན་ལ། འདུལ་མངོན་ལས་ལོ་གྲངས་རྩིས་པ་ཕལ་ཆེ་བ་འདིའི་དབང་དུ་བྱས་སོ། །འདི་ལ་དུས་འཁོར་ལས། ཚེས་ཞག་གི་དབང་དུ་བྱས་པའི་ལོ་ཞེས་གསུངས་སོ། །གཉིས་པ་ནི་འཇིག་རྟེན་པ་རྣམས་ལ་གྲགས་པ་སྟེ། ཆོས་མངོན་པ་ལྟར་ན། ད་ལོའི་དགུན་ཉི་ལོག་པ་ནས། སང་ཕོད་དགུན་ཉི་ལོག་པའི་བར་ལོ་གཅིག་ཏུ་བྱས་པ་དང༌། དུས་བཞི་རྫོགས་པ་ལ་ལོ་གཅིག་ཏུ་བྱས་པ་ནི་འདི་ཉིད་ཡིན་ལ། འདི་ལ་ཉིན་ཞག་གཅིག་གི་ལོ་ཞེས་བྱ་ལ། དུས་འཁོར་ལས་ཀྱང༌། ཉིན་ཞག་སུམ་བརྒྱ་དང་དྲུག་ཅུས་ལོར་འགྱུར་རོ་ཞེས་སོ། །གསུམ་པ་འདུལ་མངོན་དུ་མ་གྲགས་ཤིང༌། དུས་འཁོར་ལས་གསུངས་པ་སྟེ། དྲུག་ཅུ་སྐོར་གྱི་ལོ་བདག་རེ་རེ་རྫོགས་པ་ལ་འདི་ཚང་དགོས་ཤིང༌། དོན་གནས་ཚོད་ལ་དུས་བཞི་རྫོགས་པ་ལ་ལོ་གཅིག་ཏུ་བྱས་པ་དང༌། ད་ལོའི་དགུན་ཉི་ལོག་ནས་སང་ཕོད་དགུན་ཉི་ལྡོག་པའི་བར་ལ་ཞག་གྲངས་འདི་ལ་ཚང་དགོས་ལ། འདི་ལ་ནི་ཁྱིམ་ལོ་ཞེས་བྱ་ཞིང༌། སྟོན་པ་སྐུ་བལྟམས་ནས་ལོ་དུ་སོང་རྩི་བ་དང༌། འདས་ལོ་རྩི་བ་དང༌། བསྟན་རྩིས་བྱེད་པ་རྣམས་ཀྱང་འདིའི་སྟེང་ནས་རྩི་བ་ཡིན་ནོ། །ཞར་ལ་འདི་བཤད་པར་བྱ་སྟེ། དྲུག་ཅུ་སྐོར་གྱི་སྒོ་ནས་ལོ་འཚམས་འཛིན་པ་ནི་གཙུག་ལག་གཉིས་ཀའི་ལུགས་ཡིན་ལ། དེ་ཡང་རྒྱ་གར་ན་གྲགས་པ་ནི། བདེ་མཆོག་བསྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་པོ་དང༌། །རབ་མྱོས་སྐྱེས་བདག་ཨཾ་ཀི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་དཔའ་བོ་ཁྱུ་མཆོག་དང༌། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང༌། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང༌། །གསེར་འཕྱང་རྣམ་འཕྱང་བསྒྱུར་བྱེད་དང༌། །ཀུན་ལྡན་འཕར་དང་དགེ་བྱེད་དང༌། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུར་ཕུར་བུ་དང༌། །ཞི་བ་ཐུན་མོང་འགལ་བྱེད་དང༌། །ཡོངས་འཛིན་བག་ཡོད་ཀུན་དགའ་དང༌། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲ་བོ་ཟད་པའོ། །ཞེས་གསུངས་པ་ལ། དེ་ཡང་མེ་མོ་ཡོས་ནས་མེ་ཕོ་སྟག་གི་བར་དྲུག་ཅུ་དང་རིམ་པ་བཞིན་སྦྱར་བར་བྱའོ། །རྒྱ་ནག་ལུགས་ཀྱི། བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེའུ་བྱ་ཁྱི་ཕག །ཅེས་བཅུ་གཉིས་པོ་རེ་རེ་ལ། ཤིང་མེ་ས་ལྕགས་ཆུ་ཞེས་འབྱུང་བ་ལྔ་ལྔ་སྦྱར་བའི་དྲུག་ཅུར་འགྱུར་ལ། དེ་ཡང་ཤིང་ཕོ་བྱི་བ་ཤིང་མོ་གླང་ཞེས་སོགས་ཕོ་མོ་སྤེལ་མར་སྦྱར་རོ། །དེ་ལྟར་ན་བྱི་བ་ལ་མོ་མི་སྲིད་པ་ནས། གླང་ལ་ཕོ་མི་སྲིད་པ་སོགས་ཤེས་པར་བྱ་དགོས་སོ། །ནག་རྩིས་པ་རྣམས་ནི་དྲུག་ཅུ་སྐོར་གྱི་ཐོག་མར་ཤིང་ཕོ་བྱི་བ་འཇོག་ལ། ཤིང་ཕོ་བྱི་བའི་ལོ་ལ་རྗེ་བཙུན་འཇམ་དབྱངས་རི་བོ་རྩི་ལྔར་རྩིས་ལ་སོགས་པའི་ཆོས་གསུངས་པའི་རྒྱུ་མཚན་གྱིས་ཡིན་པར་འདོད་ལ། དེ་ནས་ལོ་བཞི་པར་མེ་མོ་ཡོས་ཀྱི་ལོ་ལ་རྒྱ་གར་དུ་སྟོན་པ་ཡུམ་གྱི་ལྷུམས་སུ་ཞུགས་པས་རྒྱ་གར་བ་རབ་བྱུང་གི་ལོ་དྲུག་ཅུ་བསྐོར་གྱི་ཐོག་མར་འཇོག་པ་ཡིན་ནོ། །ཞེས་དཔལ་ལྡན་ས་སྐྱ་པ་རྣམས་གསུངས་ལ། ཇོ་བོ་ཆེན་པོ་རྗེ་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས་ནས་ཤིང་མོ་གླང་ལ་སྐུ་བལྟམས་པར་བཞེད་དོ། །ལོ་ཙྪ་བ་ནམ་མཁའ་བཟང་པོ་ནི། བཅོམ་ལྡན་འདས་མེ་ཕོ་རྟ་ལོ་པ་ཡིན་པར་བཞེད་པས་སྔ་མ་རྣམས་ལས་སྟོང་དང་སུམ་བརྒྱས་ཕྱི་བར་འདོད་དོ། །གཉིས་པ་ལོ་མགོ་ངོས་བཟུང་བ་དངོས་ལ། འདིར་སྐབས་སུ་བབ་པ་འདུལ་མངོན་གྱི་ལུགས་ལ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པར་གཞུང་འགྲེལ་ཀུན་ལས་གསལ་བར་གསུངས་ཀྱང༌། སྟོན་ཟླ་ཐ་ཆུང་འདི་ལ་བྱེད་ཀྱི་ངེས་པ་མཐའ་གཅིག་ཏུ་མ་གསུངས་སོ། །དེ་ལྟར་མི་གསུང་བའི་རྒྱུ་མཚན་ཡང་ལོ་རེ་བཞིན། སྨིན་དྲུག་གི་ཟླ་བ་གཅིག་ལ་སྟོན་ཟླ་ཐ་འབྱུང་བའི་ངེས་པ་མེད་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་རྒྱུ་མཚན་ཡང༌། དབྱར་དགུན་གྱི་ཉི་མ་ལྡོག་འཚམས་ལོ་རེ་བཞིན་འགོའི་ཟླ་བ་ལྟ་བུ་གཅིག་ལ་མ་ངེས་པ་ལ་ཐུག་པ་ཡིན་པར་ངེས་སོ། །དེས་ན་འཇིག་རྟེན་པ་དང་བསྟུན་ནས་རྩིས་ན། ཟླ་བ་གང་ལ་སྟོན་གྱི་ཉིན་མཚན་མཉམ་པ་འབྱུང་བའི་ཟླ་བ་དེ་ལ་སྟོན་ཟླ་ཐ་ཆུང་དང༌། དཔྱིད་ཀྱི་ཉིན་མཚན་མཉམ་པ་བྱུང་བའི་ཟླ་བ་དེ་ལ་དཔྱིད་ཟླ་ཐ་ཆུང་དང༌། གང་ལ་དགུན་ཉི་ལྡོག་པ་དེ་ལ་དགུན་ཟླ་ཐ་ཆུང་དང༌། དབྱར་ཉི་གང་ལ་ལྡོག་པའི་ཟླ་བ་དེ་གང་ལ་བྱུང་ཡང་དབྱར་ཐ་ཆུང་ཡིན་པར་བྱེད་དགོས་ཏེ། གདགས་པ་དང༌། མཛོད་ཀྱི་རང་འགྲེལ་དང༌། ཕྱོགས་གླང་གིས་མཛད་པའི་འགྲེལ་པ་རྣམས་སུ་དགུན་གྱི་ཟླ་བ་བཞི་པ་དང༌། དབྱར་གྱི་ཟླ་བ་གཉིས་པ་ལ་དབྱར་དགུན་གྱི་ཉི་མ་ལྡོག་པ་དང༌། དེ་གཉིས་ཀྱང་དབྱར་དགུན་གྱི་ཐ་ཆུང་གཉིས་ལ་བཤད་པ་དང༌། སྟོན་དཔྱིད་ཐ་ཆུང་གཉིས་ལ་ཉིན་མཚན་མཉམ་པར་བཤད་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོའི་དགོངས་པ་ལའང༌། སྟོན་ཉིན་མཚན་མཉམ་པའི་དུས་དེ་ནམ་སོང་བ་ཞེས་བྱ་བའི་ཐ་སྙད་བྱེད་ཅིང་ཆར་ཞོད་པའི་དུས་རྫོགས་པ་ཡིན་ལ། འདུལ་བ་ཡང་དུས་དེ་ལ་དབྱར་ཕྱི་མའི་དབང་དུ་བྱས་པའི་དགག་དབྱེ་བྱེད་པར་བཤད་པས་སོ། །འོ་ན་སྟོན་གྱི་ཉིན་མཚན་མཉམ་པ་དེ་ཟླ་བ་གང་ལ་བྱུང་ཞེ་ན། མཐའ་གཅིག་ཏུ་ངེས་པ་མེད་ལ། ཕལ་ཆེར་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཧོར་ཟླ་དགུ་པའི་ཚེས་བརྒྱད་ཀྱི་ཉི་མ་གང་རུང་གཅིག་ལ་འབྱུང་བར་ངེས་པས། རེས་འགའ་ཧོར་ཟླ་བརྒྱད་པ་ཁྲུམས་ཀྱིས་ཉ་བ་ལ་སྟོན་ཟླ་ཐ་ཆུང་དང༌། རེས་འགའ་དགུ་པ་དབྱུག་པས་ཉ་བ་ལ་སྟོན་ཟླ་ཐ་ཆུང་འབྱུང་བའང་སྲིད་དེ། དུས་དེ་དག་ཏུ་སྟོན་གྱི་ཉིན་མཚན་མཉམ་པ་འབྱུང་སྲིད་པའི་ཕྱིར་རོ། །ཞིབ་མོར་རྩིས་ན་སྟོན་གྱི་ཉིན་མཚན་མཉམ་པ་འབྱུང་བའི་ཉི་མ་དེ་ཕན་ཆད་སྟོན་ཟླ་འབྲིང་པོར་བྱེད་ཅིང༌། དེའི་ཉིན་ནས་སྟོན་ཟླ་ཐ་ཆུང་དུ་བྱེད་དགོས་ཏེ། དུས་འཁོར་ལས་ཀྱང་སྟོན་དཔྱིད་ཀྱི་ཉིན་མཚན་མཉམ་པའི་དུས་དེ་ལ་སྟོན་དཔྱིད་ཀྱི་ཕྱེད་ཡིན་པར་བཤད་པས་སོ། །དེ་སྐད་དུ་ཡང་འགྲེལ་པ་ལས། སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཀྱི་ཉིན་མཚན་མཉམ་པར་འགྱུར་ན། སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་རོ། །དེ་བཞིན་དུ་ལུག་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་ན། སྲང་གི་ཉི་མ་ལ་དཔྱིད་ཀྱི་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་རོ། །ཞེས་པ་དང༌། མངོན་པ་ལས་ཀྱང༌། སྟོན་གྱི་ཉིན་མཚན་མཉམ་པའི་དུས་དེ་ནས་ཟླ་བ་བཞི་པ་ལ་དགུན་ཉི་ལྡོག་པར་བཤད་ལ། བཞི་པོ་ཡང་སྟོན་ཟླ་ཐ་ཆུང་དང༌། དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ་དང༌། དེ་ནས་ཞག་གསུམ་ནས་དགུན་ཉི་ལྡོག་པས་དུས་དེར་ཟླ་བ་བཞི་པར་འཇོག་པའི་ཕྱིར་དང༌། དུས་དེ་ནས་བཟུང་བའི་དབྱར་གྱི་ཟླ་བ་གཉིས་པའི་ཐ་མའི་ཚེས་དགུ་ལ་དབྱར་ཉི་ལྡོག་པར་བཤད་ལ། དེ་ཡང་དབྱར་ཟླ་ཐ་ཆུང་ལ་བྱེད་པར་འགྲེལ་པ་ལས་བཤད་པ་བཞིན། དགུན་ཉི་ལོག་ནས་ཟླ་བ་དྲུག་དང་ཞག་དྲུག་ན་དབྱར་ཉི་ལྡོག་དགོས་ལ། དེ་ཡང་དབྱར་ཟླ་ཐ་ཆུང་གི་དུས་ལ་འགྲིག་པའི་ཕྱིར། མདོར་ན་སྟོན་ཉིན་མཚན་མཉམ་པ་གང་ལ་འབྱུང་བའི་ཟླ་བ། ཡར་ངོ་སྔོན་འགྲོར་བྱས་ནས་རིལ་པོ་སྟོན་ཟླ་ཐ་ཆུང་ཡིན་པར་བྱེད་པ་དེ་འཇིག་རྟེན་པའི་ལུགས་དང༌། རགས་རྩིས་ཡིན་ལ། འདུལ་བ་ལས་ཀྱང་དེའི་དབང་དུ་བྱས་ནས་དབྱར་ཁས་ལེན་དུས་སྒོ་དང༌། དགག་དབྱེ་སོགས་བྱེད་པ་ཡིན་ལ། སྟོན་ཉིན་མཚན་མཉམ་པ་གང་ལ་བྱུང་བའི་ཉིན་ཞག་གཅིག་པོ་དེ་ཚུན་ཆད་ལ། སྟོན་ཟླ་འབྲིང་པོར་བྱས་ནས་དེའི་ཕྱི་ཉིན་ཕན་ཆད་སྟོན་ཟླ་ཐ་ཆུང་དུ་བྱེད་པ་ཞིབ་མོའི་རྣམ་གཞག་དང༌། ཐ་སྙད་ཀྱི་བསྟན་བཅོས་ཀྱི་རྗེས་སུ་འབྲང་བའི་ལུགས་ཞེས་བྱ་ལ། དུས་དེ་ནས་དགུན་ཉི་ལྡོག་པའི་བར་དེ་ལ་ཟླ་བ་གསུམ་དང་ཞག་གསུམ་གྱི་ངེས་པ་ཅན་ཡིན་ཞིང༌། ལོ་འགོའི་ཚེས་གཅིག་ནས་དགུན་ཉི་ལྡོག་པའི་བར་ཟླ་བ་གསུམ་ལ་ཞག་གཅིག་མ་ཚང་བའང་སྲིད་ལ། ཟླ་བ་གསུམ་དང་ཞག་གསུམ་ལས་ཞག་ཤས་ཀྱི་ལྷག་པའང་སྲིད་དོ། །རགས་པའི་རྣམ་གཞག་ལ་ལོ་མགོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས་འཛིན་ཀྱང་ཞིབ་མོའི་རྣམ་གཞག་ལ་སྟོན་ཟླའི་ཚེས་བཅུ་དྲུག་ལས་ཞག་ཤས་ཀྱིས་སྔ་བ་སྲིད་ལ། རེས་འགའ་འཕྱི་བའང་སྲིད་པར་བཤད་ཟིན་ཏོ། །འོ་ན་མདོ་སྡེ་ཉི་མའི་སྙིང་པོ་ལས་སྨིན་དྲུག་གིས་ཉ་བའི་ཟླ་བ་དེ་ཁོ་ན་ལ། སྟོན་ཟླ་ཐ་ཆུང་དུ་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བཤད་མོད། སྨིན་དྲུག་གིས་ཉ་བའི་བཅོ་ལྔའི་དུས་དེར་ཉིན་མཚན་མཉམ་པ་ཡང་བཤད་དེ། ཟླ་གསུམ་ཟླ་བ་རངས་པའི་ཚེ། །སྨིན་དྲུག་ཀྱང་ནི་འགྲོ་བར་བགྱི། །ཞག་ནི་སུམ་ཅུ་ཟླ་བ་རངས། །ཉིན་དང་མཚན་ནི་མཉམ་པ་སྟེ། །ཡུད་ཙམ་བཅོ་ལྔ་བཅོ་ལྔ་ཡིན། །ཞེས་བཤད་པས། སྨིན་དྲུག་གི་ཟླ་བ་ལ་ཉིན་མཚན་མཉམ་པ་གཅིག་བྱུང་ན། དེ་འདྲ་དེ་སྟོན་ཟླར་ཁས་ལེན་ནུས་ལ། དེ་ལྟར་མ་བྱུང་ན་སྟོན་ཟླར་ཡང་ཁས་མི་ལེན། དེ་ལྟར་སྟོན་པའི་ལུང་དོན་ཤེད་སྙོམས་པས་སོ། །དེས་ན་མདོ་སྡེའི་དགོངས་པ་ལ། སྟོན་ཟླ་ཐ་ཆུང་ལ་ཉིན་མཚན་མཉམ་པ་དང༌། དགུན་ཟླ་ཐ་ཆུང་ལ་དགུན་ཉི་ལྡོག་པ་དང༌། དབྱར་ཟླ་ཐ་ཆུང་ལ་དབྱར་ཉི་ལྡོག་པར་བཞེད་པ་ཡིན་ཏེ། ལུང་དྲངས་མ་ཐག་པ་དང༌། དེའི་འཕྲོས་ཉིད་ནས། དགུན་ཟླ་ཐ་ཆུང་རང་བཞིན་ཡང༌། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང༌། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་བར་ཡང་ནི་བཅུ་གཉིས་ཡིན། །ཞེས་དང༌། ཟླ་རངས་ཚེས་ནི་བཅོ་བརྒྱད་ལ། །ས་ག་ཡིན་ཏེ་ས་ག་ཡི། །གོ་རིམ་ཀྱང་ནི་འདིར་བརྗོད་བྱ། །ཉིན་མཚན་མཉམ་པོར་མཚུངས་པ་སྟེ། །བཅུ་ལྔ་བཅུ་ལྔར་བཤད་པ་ཡིན། །ཞེས་དང༌། ཟླ་བ་རངས་ལ་གྲོ་བཞིན་ཏེ། །བདག་གིས་དབྱར་ཟླའི་རིམ་བརྗོད་བྱ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །ཉི་མ་གདོང་ཕྱེད་ལྟས་ཏེ་འཁོར། །ཉིན་པར་བཅོ་བརྒྱད་ཐོབ་ནས་ཀྱང༌། །མཚན་མོ་ཡང་ནི་བཅུ་གཉིས་ཏེ། །ཞེས་གསུངས་པས་སོ། །དེ་ལྟར་ན་སྨིན་དྲུག་གིས་ཉ་བའི་ཟླ་བ་དེ་ལ་ཉིན་མཚན་མཉམ་པ་མི་སྲིད་ཅིང༌། ཟླ་བ་དེ་ལ་སྡིག་པའི་ཁྱིམ་དུ་བཤད་ཀྱང་སྡིག་པའི་ཁྱིམ་དུ་ཉིན་མཚན་མཉམ་པའང་མི་སྲིད་པས། སྨིན་དྲུག་གིས་ཉ་བ་ལ་སྟོན་མཐར་བཤད་པ་ནི་དྲང་སྲོང་རྔ་བོང་གི་དུས་སུ་དེ་ལྟར་ཡིན་པ་སྲིད་ཀྱང༌། དིང་སང་གི་དུས་སུ་མངོན་སུམ་དང་ཡིད་ཆེས་པའི་ལུང་གཞན་དང་འགལ་བ་དུ་མ་འབྱུང་བས་སྒྲ་ཇི་བཞིན་པར་མི་བཟུང་ངོ༌། །མདོ་སྡེའི་ལུགས་ལ་ཡང་སྨིན་དྲུག་གི་ཟླ་བ་དེ་ཧོར་ཟླ་བཅུ་གཉིས་པར་བྱས་ན། དེ་སྟོན་ཟླ་ཐ་ཆུང་ཡིན་ན་གྲོ་བཞིན་ཅན་གྱི་ཟླ་བ་དེ་ཧོར་ཟླ་དྲུག་པ་ལ་བྱས་ནས། ཟླ་བ་དེ་དབྱར་ཟླ་འབྲིང་པོ་ཡིན་དགོས་པ་ལས། དྲངས་མ་ཐག་པའི་ལུང་དེར་ཟླ་བ་དེ་དབྱར་ཟླ་ཐ་ཆུང་དུ་བཤད་པས་ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ནས་དྲུག་པའི་ཚེས་བཅོ་ལྔའི་བར་དེ་དབྱར་འབྲིང་ཡིན་པར་གྲུབ་པས། རྣམ་པར་བརྟག་དགོས་སོ། །ཡང་མདོ་དེར་སྟོན་ཟླ་ཐ་ཆུང་ལ་ཉིན་མཚན་མཉམ་པ་སོགས་ཇི་སྐད་བཤད་པ་དེ་ནི་སྒྲ་ཇི་བཞིན་པར་བཟུང་དགོས་ཏེ། མངོན་སུམ་དང༌། དུས་འཁོར་དང༌། མངོན་པ་ནས་བཤད་པའི་འགྲིག་རྩིས་དང་མཐུན་པས་སོ། །ཡང་མདོ་སྡེ་ལས་ནི། ཐ་སྐར་གྱིས་ཉ་བའི་ཕྱི་ཉིན་བཅུ་དྲུག་གི་ལྔ་ཆ་ལ་བྲ་ཉེ་དང༌། ཕྱི་ཆ་ལ་སྨིན་དྲུག་འཆར་བ་ནས་བཟུང་སྟེ། ཟླ་བ་ཕྱི་མའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་བའི་བར་གྱི་ཟླ་བ་གཅིག་པོ་དེ་སྟོན་ཟླ་ཐ་ཆུང་དང༌། སྟོན་ཟླ་ཐ་ཆུང་གི་ཐོག་མའི་ཚེས་གཅིག་ནས་ལོ་མགོ་འཛིན་པ་གཅིག་གསལ་བར་བཤད་པས་དིང་སང་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པའི་ཤེས་བྱེད་དུ་ཉི་མའི་སྙིང་པོ་མདོ་ཁུངས་སུ་བྱེད་པ་དག་གིས་ནི། མདོ་སྡེ་དེའི་ཡི་གེ་ཙམ་ཡང་མ་མཐོང་བར་ཟད་དོ། །དེ་ལྟར་ན་ཧོར་ཟླ་དགུ་པའི་ཚེས་བཅུ་དྲུག་ནས་སྟོན་ཟླར་བྱེད་པའི་དོན་དེ་དགོངས་ནས། མདོ་དེར་བྲ་ཉེ་དང་ནི་སྨིན་དྲུག་ཀྱང༌། །ལན་གཉིས་ཡོངས་སུ་འཁོར་བར་བྱེད། །ཅེས་གསུངས་པ་ཡིན་ཏེ། དེ་ལྟ་མིན་པར། ཧོར་ཟླ་བཅུ་པའི་ཚེས་གཅིག་ནས་གནམ་སྟོང་གི་བར་ལ་སྟོན་ཟླར་བྱེད་ན་བྲ་ཉེ་དང་སྨིན་དྲུག་ལན་གཉིས་འབྱུང་བའི་ཐབས་མེད་པའི་ཕྱིར། དེ་ལྟར་རྣམ་པར་བཤད་པ་ན་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་ལོ་མགོ་ངོས་འཛིན་པ་ལ་ཤེས་བྱེད་ཀྱི་ཁུངས་ཅི་ཡང་མི་སྣང་ཞིང༌། གལ་ཏེ་ཁུངས་གཅིག་ཡོད་ན། རྒྱལ་དང་དབོ་དང་ས་ག་ཅན། །ཞེས་པ་འདི་ཡིན་དགོས་ལ། འདི་ནི་ཧོར་ཟླ་བརྒྱད་པར་གྲགས་པའི་ཚེས་བཅུ་དྲུག་ནས་ལོ་མགོ་ངོས་འཛིན་པ་ལའང་འགྲིག་ཅིང༌། རྒྱལ་དང་ཞེས་སོགས་ཀྱི་གོ་རིམ་ཡང་དེ་ཁོ་ན་ལྟར་ངེས་པ་མིན་ཏེ། མེ་ཏོག་ཕྲེང་རྒྱུད་ལས། རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པའི་མར་ངོ་བཅུ་བཞིར་བརྗོད། །ཅེས་ཐ་མར་ཡང་གསུངས་པའི་ཕྱིར་རོ། །ཉི་མའི་སྙིང་པོའི་ལུང་གིས་ནི། ཧོར་ཟླ་དགུ་པར་གྲགས་པའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པར་གྲུབ་པ་ཡིན་ཏེ། མདོ་དེ་ལས། རེ་ཤིག་དང་པོར་སྨིན་དྲུག་ཅེས། །རྒྱུ་སྐར་དཀྱིལ་འཁོར་ཐམས་ཅད་ཀྱི། །ནང་གི་དངོས་པོར་བཞག་པར་བྱ། །ཇི་ལྟར་སྨིན་དྲུག་བཞག་པ་བཞིན། །འདི་ལ་སུ་ཞིག་དད་པ་འབུལ། །ལྷའི་བུ་ནི་ཉི་མ་ཡང༌། །སྐར་མ་དྲུག་པོ་སྟོན་པར་བྱེད། །སྨིན་དྲུག་རྒྱུ་སྐར་དེ་དག་ནི། །མཁའ་ལ་རྟག་ཏུ་རྒྱུ་བར་ཤོག །ཅེས་མར་ངོའི་ཚེས་གཅིག་ལ་སྨིན་དྲུག་འབྱུང་ཞིང༌། ཡར་ངོའི་ཚེས་བཅོ་ལྔ་ལ་སྨིན་དྲུག་འབྱུང་བའི་ཟླ་བ་དེ་ལོ་སྐོར་གཅིག་གི་ཟླ་བ་དང་པོ་དང༌། སྨིན་དྲུག་རྒྱུ་སྐར་ཐམས་ཅད་ཀྱི་དང་པོ་ཡིན་པར་བཤད་ཅིང༌། ཡང་ཇི་སྐད་དུ། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་བསྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཡོངས་སུ་འཁོར་བ་དེ་ཡིས་ནི། །ལོ་ནི་དེ་ལྟར་འགྲོ་བར་བྱེད། །ཅེས་ཐ་སྐར་གྱིས་ཉ་བའི་ཉིན་ཞག་དེས་ལོ་གཅིག་གི་ཟླ་བ་དེས་ལོ་གཅིག་གི་ཟླ་བ་བཅུ་གཉིས་ཡོངས་སུ་རྫོགས་པར་བཤད་པའི་ཕྱིར་རོ། །གསུམ་པ་ཟླ་ཤོལ་འབྱུང་བའི་རྒྱུ་མཚན་རྣམ་གྲངས་བཅས་པ་ལ། མངོན་པའི་ལུགས་དང༌། དུས་འཁོར་བའི་ལུགས་སོ། །དང་པོ་ནི། ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་པའི་དབང་གིས་འབྱུང་བ་ཡིན་ཏེ། དེ་ཡང་འདི་ལྟར། ཟླ་བའི་དཀྱིལ་འཁོར་གྱི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུར་ལོངས་པ་ལ་ཚེས་ཟླ་ཞེས་བྱ་ཞིང༌། དེའི་ཆ་རེ་ལ་ཚེས་ཞག་གཅིག་ཅེས་བྱ། ཉི་མས་གླིང་བཞི་འཁོར་བའི་ཡུན་ཚད་དེ་ལ་ཉིན་ཞག་གཅིག་ཏུ་འཇོག་ཅིང༌། ཟླ་བའི་འཕེལ་འགྲིབ་ཀྱི་ཆ་རེ་རྫོགས་ཀྱང༌། ཉི་མས་གླིང་བཞི་ཅུང་མ་འཁོར་བས་ཉིན་རེ་བཞིན་ཡུད་ཙམ་ཕྱེད་ཕྱེད་ཀྱིས་ནུར་བྱུང་བས་ཉིན་ཞག་ཕྱེད་དང་སུམ་ཅུ་ལ་ཚེས་ཞག་སུམ་ཅུ་རྫོགས་ཤིང༌། དེའི་རྒྱུ་མཚན་གྱིས་ཚེས་ཞག་དྲུག་ཅུ་ན་ཉིན་ཞག་ལྔ་བཅུ་ང་དགུ་ལས་མ་སོང་བས། ཟླ་བ་གཉིས་གཉིས་ནས་ཞག་མི་ཐུབ་རེ་རེ་འབྱུང་བ་ཡིན་ཞིང༌། ཚེས་ཀྱི་ལོ་གཅིག་ན་ཞག་མི་ཐུབ་དྲུག་འབྱུང་བ་ཡིན་ནོ། །དེ་ལྟར་བྱས་པས་ཚེས་ལོ་ལྔ་ན་ཞག་མི་ཐུབ་སུམ་ཅུ་འབྱུང༌། དེ་ལྟར་བྱུང་བ་ན་ལོ་དྲུག་པའི་ནང་དུ་ཟླ་ཤོལ་གཅིག་འདོར་དགོས་པ་ཡིན་ཏེ། དེ་མ་དོར་ན་ལོ་དྲུག་གི་དུས་བཞི་རྫོགས་མི་ནུས་པའི་ཕྱིར། ཞིབ་མོར་བརྟགས་ན། ལོ་རེ་ལ་ཞག་མི་ཐུབ་དྲུག་འབྱུང་ཞེས་པ་སྟེ། ཞག་ལྷག་པོ་དྲུག་འབྱུང་བ་ནི་མ་ཡིན་གྱི་ཉིན་ཞག་ཆད་པ་ཡིན་ཏེ། ཚེས་ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དང་དྲུག་ཅུ་བོར་ཀྱང༌། ལྷོ་བྱང་གི་ཉི་མའི་བགྲོད་པ་གཉིས་རྫོགས་པ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་དགོས་པས། ཚེས་ལོ་གཅིག་གིས་དེར་སླེབ་པ་ལ་ཉིན་ཞག་བསྣན་དགོས་ཤིང༌། ཚེས་ལོ་ལྔས་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་མཐར་ཐུག་པའམ། དུས་བཞི་རྫོགས་པའི་ལོ་ལྔར་སླེབ་པ་ལ་ཉིན་ཞག་སུམ་ཅུ་བསྣན་དགོས་པས་སོ། །དོན་འདི་མ་གོ་ན་ཆད་པ་བསགས་པས། ལྷག་པོ་འབྱུང་བ་ངོ་མཚར་ཆེ་ཞེས་པ་ལ་སོགས་པའི་འཆལ་གཏམ་སྣ་ཚོགས་འབྱུང་བ་ཡིན་ནོ། །དེ་ཡང་ལོ་རེ་བཞིན་ཟླ་བ་བཅུ་གཉིས་ཀྱི་སྟེང་དུ་ཞག་དྲུག་རེ་བསྣན་དགོས་རྒྱུ་མ་བསྣན་པས་ལོ་ལྔ་སོང་བ་ན། ཐམས་ཅད་སྡོམས་ནས་བསྣན་པ་ཡིན་གྱི། ཁ་ཅིག་ལོ་རེ་ལ་ཞག་དྲུག་ལྷག་པས་ལོ་དྲུག་ན་ཤོལ་འབྱུང་ཞེས་ཟེར་བ་ནི་ཆེས་མི་རིགས་ཏེ། ལོ་རེ་བཞིན་ཞག་དྲུག་རེའི་ཤོལ་སྟོན་ཟིན་ན། ལོ་ལྔ་པའི་དྲུག་པ་ལ་འདོན་རྒྱུ་ཅི་ཡང་མེད་པའི་ཕྱིར་རོ། །དོན་དེ་དག་ནི་མངོན་པ་ལས། ཞག་མི་ཐུབ་དང་བཅས་པ་ཡིས། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་དང༌། དེའི་འགྲེལ་པར། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ཤིང༌། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་པའོ། །དེ་ལ་ཞག་མི་ཐུག་དྲུག་རེ་འབྱུང་བར་གསུངས་པ་དང༌། འདུལ་བ་ལུང་ལས། དེ་ལྟ་བས་ན་ལོ་རེ་རེ་བཞིན་ཤོལ་མ་དོར་བར་ལོ་དྲུག་དྲུག་ན་ཤོལ་དོར་ཅིག དྲུག་ལྔ་སུམ་ཅུ་སྟེ། དེ་ལྟ་བུར་ཞག་རང་ཟླ་བ་ཕྱེད་པོ་དང༌། ཟླ་བ་དང་ལོ་སྒྲེས་ནས་མཉམ་པོར་འགྱུར་རོ། །མུ་སྟེགས་ཅན་རྣམས་ཀྱིས་ཀླགས་བཙལ་ཀྱང་ཀླགས་བརྙེད་པར་མི་འགྱུར་རོ་ཞེས་གསུངས་སོ། །མདོ་རྩའི་འགྲེལ་པ་ཆུང་བ་ལས། ལོ་ཕྱེད་དང་གསུམ་ན་ཟླ་ཤོལ་འབྱུང་བར་བཤད་ཀྱང་འདུལ་བའི་རང་སྐད་ཀྱི་ཆོས་སྐད་མ་ཡིན་ནོ་ལྟར་ལོ་དྲུག་ན་ཟླ་ཤོལ་རེ་དོར་བ་ན་རྒྱལ་པོ་དང་མི་མཐུན་ཞིང༌། དེ་ཙམ་གྱི་ལོ་དྲུག་གིས་དུས་བཞི་རྫོགས་མ་ནུས་པས་མངོན་སུམ་དང་འགལ་བས་སློབ་དཔོན་དག་འཕྱ་བ་ལ་རྟེན་ནས་ཟླ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱ་བ་ཞེས་གསུངས་སོ། །འོ་ན་རྒྱལ་པོའི་ལུགས་དེ་གང་ཡིན་ཞེ་ན། འདུལ་བ་འཛིན་པ་མང་པོས། རྟ་བྱ་བྱི་བ་ཡོས་ལ་ཤོལ། །སྟོན་དབྱར་དཔྱིད་དགུན་འབྲིང་པོ་གཉིས། །སྔ་མ་ཤོལ་དེ་ཐུབ་པར་ངེས། །ཞེས་རྒྱལ་པོའི་ལུགས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྩིས་པ་ཡིན་ཟེར་ཡང་ཡིད་གཏན་ཐུབ་པར་མི་སྣང་ངོ༌། །གཉིས་པ་དུས་ཀྱི་འཁོར་ལོའི་ལུགས་བཤད་པར་བྱ་སྟེ། ཞག་ནི་གསུམ་སྟེ། ཚེས་ཞག ཉིན་ཞག ཁྱིམ་ཞག་གོ །དང་པོ་ནི། གཟའ་བདུན་ཚེས་ལ་སྤྱོད་པའི་ཡུན་ཚད་དེ། དེ་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུའི་ཐ་སྙད་བྱས་ཀྱང༌། དུས་ཀྱི་ཆུ་ཚོད་ང་དགུ་ལས་མི་འབྱུང་ལ། དེ་ཡང་ཟླ་བའི་དཀྱིལ་འཁོར་གྱི་འཕེལ་འགྲིབ་ཀྱི་ཆ་རེའི་དུས་ཚོད་དོ། །གཉིས་པ་ནི། ཉི་མས་གླིང་བཞི་འཁོར་བའི་ཡུན་ཚད་ལ་དུས་ཀྱི་ཆུ་ཚོད་དྲུག་ཅུ་ཚང་བ་ཡིན་ནོ། །གསུམ་པ་ནི། ལུག་གླང་འཁྲིག་པ་ཀརྐ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པའི་ཁྱིམ་བཅུ་གཉིས་པོ་རེ་རེ་ཉི་མ་གནས་པའི་སུམ་ཅུའི་ཆ་གཅིག་ལ་ཁྱིམ་ཞག་ཅེས་བྱ་ལ། དེའི་ཡུན་ཚད་ལ་ཁྱིམ་ཞག་རང་ལུགས་ཀྱི་ཆུ་ཚོད་དྲུག་ཅུའི་ཐ་སྙད་བྱེད་ཀྱང༌། ཚེས་ཀྱི་དབང་དུ་བྱས་པའི་ཆུ་ཚོད་དྲུག་ཅུ་རེ་གཅིག་ལོང་ལ་ཁད་པ་ཙམ་བྱུང་བ་ཡིན་ཏེ། ཉི་མས་ཁྱིམ་བཅུ་གཉིས་འཁོར་བའི་ཡུན་ཚད་དེ་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཡིན་ལ། དེ་ལ་ཚེས་ཞག་སུམ་བརྒྱ་དང་བདུན་ཅུ་དོན་གཅིག་ལྷག་ཙམ་འབྱུང་བར་བཤད་པའི་ཕྱིར། འོ་ན་ཁྱིམ་རེ་རེའི་ཚད་ལ་ཇི་ཙམ་ཡོད་ཅེ་ན། ཉི་མས་བགྲོད་པའི་ནམ་མཁའི་ལམ་འཁོར་ལོ་ཡུག་འདི་རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་དབང་རིས་ཐོབ་ཐང་གིས་ཡུལ་གྱི་ཁྱོན་ཉི་ཤུ་རྩ་བདུན་གྱིས་ཁྱབ་པར་འཁོར་བ་ལས། རྒྱུ་སྐར་གཉིས་དང་གཅིག་གི་བཞི་ཆའི་ཡུལ་གྱི་ཁྱོན་རེ་ལ་ཁྱིམ་རེ་ཞེས་བྱ་ཞིང༌། ཉི་མའི་རང་འགྲོས་ཀྱིས་དེ་ལྟ་བུའི་ཁྱིམ་དེར་ཁྱིམ་ཞག་སུམ་ཅུ་རེ་འགོར་ཞིང༌། བཅུ་གཉིས་པོ་རྫོགས་པར་འཁོར་བ་ན་ཁྱིམ་ལོ་གཅིག་ཀྱང་བྱ། དེའི་རིང་ལ་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་རྫོགས་ཤིང༌། ལོ་གཅིག་གི་དབང་དུ་བྱས་པའི་དུས་བཞི་རྫོགས་པ་ཡིན་ནོ། །དེ་ལྟར་ན། ཚེས་ཀྱི་ཟླ་བ་སུམ་ཅུ་སོ་ཕྱེད་དང་གསུམ་ན། ཚེས་ཀྱི་ཟླ་བ་རེའི་ཤོལ་འདོན་དགོས་ཏེ། དེ་མ་བཏོན་ན་ཁྱིམ་ཞག་གི་ཟླ་བ་སུམ་ཅུ་སོ་ཕྱེད་དང་གསུམ་པོ་དེ་མི་རྫོགས་ཏེ། དེ་མ་རྫོགས་ན་ལོ་རེ་བཞིན་གྱི་དུས་བཞིའི་ལོངས་སྤྱོད་མི་རྫོགས་པའི་ཕྱིར། དེ་ལྟར་བྱས་པས་ཟླ་བ་དྲུག་ཅུ་རེ་ལྔ་ན་ཟླ་བ་གཉིས་ཤོལ་འབྱུང་ལ། དེ་སྒྲེས་པས་ཚེས་ལོ་བརྒྱ་ན་ཚེས་ཟླ་སུམ་ཅུ་སོ་བདུན་དང་ཟླ་བ་ཕྱེད་ཀྱི་ཤོལ་འབྱུང༌། དེ་ལ་ལོ་གསུམ་དང་ཕྱོགས་གསུམ་འབྱུང་ཞིང༌། དེ་ཚེ་ལོ་བརྒྱ་པོ་དེ་བསྲེས་པས་ཁྱིམ་ལོ་བརྒྱར་འགྱུར་བ་ཡིན་ནོ། །དེ་དག་གི་ཤེས་བྱེད་ཀྱང་ཚེས་ཞག་གཅིག་གི་ཉིན་ཞག་གཅིག་ཏུ་དུས་ཀྱི་ཆུ་ཚོད་གཅིག་དང༌། ཆུ་སྲང་ལྔ་བཅུ་རྩ་གཉིས་དང༌། དབྱུག་གུ་གསུམ་གྱིས་མ་ལོངས་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་རྒྱུ་མཚན་ཡང༌། ནང་གི་ངེས་པའི་དབང་གིས་ཡིན་ཏེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཡུན་ཚད་གཅིག་ལ་ཞག་ཏུ་བྱས་པའི་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་ནི། ལོ་གཅིག་གི་ཉི་མའི་བགྲོད་པ་གཉིས་མཐར་ཐུག་པའི་ཚད་ཡིན་པ་ལས། ཞག་རེའི་རླུང་གི་སྟེང་ནས་དབུགས་དྲུག་བརྒྱ་དང་བདུན་ཅུ་རྩ་ལྔ་རེ་ཡེ་ཤེས་ཀྱི་ཆར་སོང་ཞིང་ཆད་པས་ཆུ་ཚོད་གཅིག་དང་ཆུ་སྲང་ལྔ་བཅུ་དང་ཕྱེད་དང་གསུམ་མ་ལོངས་པ་དེས་ཚེས་ཀྱི་ལོངས་སྤྱོད་རྫོགས་པར་འཇོག་ལ། ཁྱིམ་གྱི་ལོངས་སྤྱོད་རྫོགས་པ་ལ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་རྒྱུ་བའི་ཚད་དེ་རྫོགས་དགོས་པ་ཡིན་ནོ། །དེ་ཙམ་རེ་ཆད་པའི་རྒྱུ་མཚན་ཡང་འཕོ་ཆེན་བཅུ་གཉིས་པོ་རེ་རེའི་འཚམས་སུ་ང་དྲུག་རྐང་བཅས་ཆད་པར་བྱེད་ལ། དེའི་རྒྱུ་མཚན་ཡང་འཕོ་ཆེན་དེ་ལ་འཕོ་ཆུང་ལྔ་ལྔ་ཡོད་པའི་འཚམས་སུ་ས་རླུང་སོགས་རེ་རེ་ནས་བཅུ་གཅིག་དང་རྐང་བཅས་རེ་ཆད་པར་བྱེད་པའི་རྒྱུ་མཚན་ལ་ཐུག་གོ །གཉིས་པ་དེ་ལས་གསོ་སྦྱོང་དང་དགག་དབྱེ་སོགས་ཀྱི་རྣམ་གཞག་རྟོགས་པའི་ཚུལ་ལ། ལོ་མགོ་ངོས་འཛིན་པས་དུས་སྒོ་དང་དབྱར་གྱི་ཁས་ལེན་རྟོགས་པའི་ཚུལ་དང༌། ཟླ་ཤོལ་འབྱུང་དུས་ཤེས་པ་ན་གསོ་སྦྱོང་གི་དུས་རྟོགས་པའི་ཚུལ་ལོ། །དང་པོ་ནི། གོང་དུ་ངོས་བཟུང་བའི་ལོ་མགོ་དེ་ཡང་ལོ་མགོ་ལོ་མཚན་ཉིད་པ་ཚེས་ལོའི་དབང་དུས་བྱས་པ་ཡིན་གྱི། ལོ་བཏགས་པ་བ་ཁྱིམ་ལོའི་དབང་དུ་བྱས་པ་ནི་མིན་ཏེ། ཚེས་ལོ་ནི་ཟླ་བའི་དབང་གིས་བཞག ཁྱིམ་ལོ་ནི་ཉི་མའི་བགྲོད་པའི་དབང་གིས་བཞག་པ་ཡིན་པས་སོ། །ཁྱིམ་ལོའི་ལོ་མགོ་ནི། སྟོན་གྱི་ཉིན་མཚན་མཉམ་པའི་ཕྱི་ཉིན་ནས་བྱེད་དགོས་པ་ཡིན་ནོ། །དེ་ལྟར་ན་ཁྲུམས་ཀྱིས་ཉ་བའི་ཟླ་བ་ལ་ཉིན་མཚན་མཉམ་ན། ས་གས་ཉ་བ་ལ་དབྱར་ཟླ་འབྲིང་པོར་བྱེད་ཅིང༌། སྣྲོན་གྱིས་ཉ་བ་ལ་དབྱར་ཟླ་ཐུང་ངུར་བྱས་ནས། དེ་གཉིས་ཀྱི་ཚེས་བཅུ་དྲུག་ནས་དབྱར་སྔ་ཕྱིའི་ཁས་ལེན་བྱེད། ཐ་སྐར་གྱིས་ཉ་བ་ལ་ཉིན་མཚན་མཉམ་ན། སྣྲོན་གྱིས་ཉ་བའི་ཟླ་བ་དེ་ལ་དབྱར་ཟླ་འབྲིང་པོ་དང༌། ཆུ་སྟོད་ཀྱིས་ཉ་བའི་ཟླ་བ་དེ་ལ་དབྱར་ཟླ་ཐ་ཆུང་དུ་བྱས་ནས་དབྱར་སྔ་ཕྱིའི་ཁས་ལེན་བྱེད་ཅིང༌། སྨིན་དྲུག་གིས་ཉ་བ་ལ་ཉིན་མཚན་མཉམ་ན་ཆུ་སྟོད་ཀྱིས་ཉ་བའི་ཟླ་བ་དེ་ལ་དབྱར་འབྲིང་པོ་དང༌། གྲོ་ཞུན་གྱིས་ཉ་བ་ལ་དབྱར་ཟླ་ཐ་ཆུང་དུ་བྱེད་དགོས་ཀྱང་འདི་ནི་དིང་སང་མི་སྲིད་དོ། །དེའི་རིམ་པ་ལས། དགག་དབྱེ་འབྱུང་ཚུལ་ཡང་རྟོགས་པར་བྱ་ཞིང༌། དེ་ལྟར་ན་ཐ་སྐར་གྱིས་ཉ་བའི་བཅོ་ལྔ་ལ་དགག་དབྱེ་འབྱུང་བ་གཅིག་གྲུབ་ཅིང༌། དེ་འདྲའི་དུས་དེར་རང་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། སུམ་ཅུ་རྩ་གསུམ་གྱི་གནས་སུ་དགག་དབྱེ་མཛད་ཟིན་ནས་ལྷ་ལས་བབ་པའི་ཚུལ་བསྟན་པས་ལྷ་བབས་ཀྱི་དུས་ཆེན་དུ་གྲགས་པ་ཡིན་ནོ། །ཟླ་ཤོལ་གྱི་དབང་གིས་ལོ་གཅིག་ལ་ཟླ་བ་བཅུ་གསུམ་བྱུང་བའི་ཚེ། ཧོར་ཟླ་བཅུ་པ་ལ་ཉིན་མཚན་མཉམ་པ་གཅིག་སྲིད་ཙམ་ཡིན་ལ། དེའི་ཚེ་དེ་འདྲའི་སྨིན་དྲུག་ཅན་ནི་མ་ཡིན་ཏེ། ཟླ་ཤོལ་གྱི་ཧོར་ཟླ་བཅུ་པ་སྨིན་དྲུག་གིས་ཉ་བ་དང་མི་འགྲིག་པའི་ཕྱིར་རོ། །དེ་འདྲ་གཅིག་སྲིད་པ་ན། འདུལ་བ་ཚིག་ལེ་ལས། གྲོ་བཞིན་ཅན་གྱི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་ཀྱི་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་པའང་འགྲིག་པ་ཡིན་ཏེ། ལོ་གཅིག་ལ་ཟླ་བ་བཅུ་གསུམ་འབྱུང་བའི་ཚེ། ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ནས་དྲུག་པའི་བཅོ་ལྔའི་བར་ལ་གྲོ་བཞིན་ཅན་དུ་མིང་བཏགས་དགོས་པའི་ཕྱིར་རོ། །ཐ་སྐར་གྱིས་ཉ་བའི་ཚེས་བཅུ་དྲུག་ནས་ལོ་མགོ་འཛིན་པ་ལ་ཡང༌། རྒྱལ་དང་དབོ་དང་ཞེས་སོགས་མི་འགྲིག་པའི་སྐྱོན་ཆེར་མི་འཇུག་སྟེ། ལོ་དྲི་ལས་སྔར་གྲགས་པ་ལྟར། རྒྱལ་གྱི་ཟླ་བ་སོགས་ལ་ཡར་ངོ་སྔོན་དུ་འགྲོ་བ་གཅིག་ཀྱང་བཤད་པའི་ཕྱིར། གཞན་ཡང་ལོ་མགོ་འཛིན་ཚུལ་འདི་ལ་དཔགས་ནས་དུས་སྒོ་ཡང་རིག་པར་བྱེད་དགོས་ཏེ། སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནས། དགུན་ཟླ་བཞིའི་ཐོག་མ་འཛིན་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཚུལ་འདི་ནི་མདོ་སྡེ་ཉི་མའི་སྙིང་པོ་དང༌། རྟེན་འབྲེལ་མདོ་འགྲེལ་དུ་གྲགས་པའི་ལུང་དང༌། མཛོད་ཀྱི་ལུང་གསུམ་ཀ་དང་མི་འགལ་ཞིང་མཐུན་ལ། འདུལ་བའི་ཁྱད་པར་དང་དགག་དབྱེ་འབྱུང་དུས་དང༌། རས་ཆེན་འཆང་དགོས་པའི་དུས་སོགས་དང་ཤིན་ཏུ་འགྲིག་པ་ཡིན་པས་ཡིད་ཆེས་པའི་གནས་སུ་རྟོགས་པར་བྱ་དགོས་སོ། །ཡང་མགོའི་ཟླ་བའམ། སྨལ་པོའི་ཟླ་བ་ཞེས་པ་ཡར་ངོ་སྔོན་འགྲོར་བྱས་ནས། དེའི་ཡར་ངོའི་ཚེས་གཅིག་ནས་མཐའ་གཅིག་ཏུ་ལོ་མགོ་འཛིན་པའི་ལུགས་གཅིག་ཀྱང་ཡོད་ལ། དེ་ནི་ཕྱི་རོལ་པ་དང་ཐུན་མོང་བའི་འཇིག་རྟེན་པ་དག་གི་ལུགས་ཡིན་པར་སྣང་སྟེ། ཇི་སྐད་དུ། མངོན་བརྗོད་ཀྱི་བསྟན་བཅོས་ལས། ལོ་མགོ་ཞེས་བྱ་སྨལ་པོའི་མིང༌། །རི་དྭགས་མགོ་ཅན་མགོ་ཡི་མིང༌། །ཞེས་ཟེར། གཉིས་པ་གསོ་སྦྱོང་རྟོགས་པའི་ཚུལ་ལོ། །ཟླ་ཤོལ་གྱི་འདོན་ཚུལ་མངོན་འདུལ་ལས་དེ་ལྟར་བཤད་ཀྱང༌། དུས་འཁོར་ནས་བཤད་པ་ལྟར་ཁས་བླངས་ནས། གསོ་སྦྱོང་ལག་ལེན་དུ་བྱེད་དགོས་ཏེ། དོ་ནས་བཤད་པ་དང༌། མངོན་སུམ་གྱིས་གྲུབ་པ་དང་མཐུན་པར་སྣང་བ་དང༌། རྒྱལ་པོའི་རྗེས་སུ་འབྲང་དགོས་པར་གསུངས་པས་སོ། །དེ་ལྟར་ན་ལོ་རེ་རེ་བཞིན་ཚེས་ཞག་བཅུ་གཅིག་རེའི་ཤོལ་ཡོད་ཀྱང་མི་འདོན་པར་ལོ་གསུམ་པའི་ཕྱེད་ཡོད་ན། ཟླ་ཤོལ་རེ་འདོན་དགོས་པས་ལོ་གཉིས་ནི་ཚེས་ཟླ་བཅུ་གཉིས་རེར་ངེས་ལ། དེ་ནས་ལོ་གཅིག་ལ་ནི་ཚེས་ཟླ་བཅུ་གསུམ་འབྱུང་ངོ༌། །ཞེས་འཁོར་མོར་སྦྱར་བས། ལོ་གཉིས་ལ་གསོ་སྦྱོང་ཉི་ཤུ་རྩ་བཞི་རེ་ལོ་གསུམ་པ་ལ་གསོ་སྦྱོང་ཉི་ཤུ་རྩ་དྲུག་འབྱུང༌། ཞེས་ཤེས་པར་བྱེད་དགོས་སོ། །ཉི་ཤུ་རྩ་བཞིའི་ནང་ནས་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པ་ཁོ་ན་ཡིན་ཏེ། གསོ་སྦྱོང་སྔ་མ་བྱས་པའི་ཉིན་ཞག་དེ་ཐལ་རྗེས་སུ་ཉིན་ཞག་བཅུ་བཞི་ནི་རྫོགས་ཟིན། ཉིན་ཞག་བཅོ་ལྔ་པ་དེའི་སྟེང་དུ་བྱེད་དགོས་ཀྱི་གསོ་སྦྱོང་ཡིན་པས་སོ། །དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་སྟེ། གསོ་སྦྱོང་སྔ་མ་བྱས་པའི་ཉིན་ཞག་དེ་ཐལ་རྗེས་སུ་ཉིན་ཞག་བཅུ་གསུམ་ཐལ་ཟིན་ཅིང༌། བཅུ་བཞི་པ་དེའི་སྟེང་དུ་བྱེད་དགོས་ཀྱི་གསོ་སྦྱོང་ཡིན་པའི་ཕྱིར། དྲུག་པོ་དེ་ལ་གསོ་སྦྱོང་མི་ཐུབ་པ་ཞེས་བྱ་སྟེ། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་སྟོབས་ཀྱིས་ཚེས་བཅོ་ལྔར་སླེབ་ཀྱང༌། ཉིན་ཞག་བཅུ་བཞི་པའི་སྟེང་དུ་བྱས་པའི་གསོ་སྦྱོང་ཡིན་པའི་ཕྱིར། བཅུ་བཞི་པ་དྲུག་པོ་དེ་ཡང་ཚེས་ནི་བཅོ་ལྔ་ལ་བྱེད་དགོས་པ་ཡིན་ཏེ། རྒྱ་ཆེར་འགྲེལ་པ་ལས་ཐམས་ཅད་ཀྱང་ཚེས་གྲངས་ཀྱི་ཡང་དག་པ་ལ་བཅོ་ལྔ་པ་ཁོ་ན་ཡིན་ནོ། །ཞེས་འབྱུང་བས་སོ། །དྲུག་པོ་དེ་མར་ངོ་ཁོ་ན་ལ་འབྱུང་བས་ཁྱབ་པ་ཡིན་ཏེ། མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་དུས་ཚིགས་རེ་རེའི་ཟླ་བ་ཕྱེད་དང་གཉིས་འདས་ཀྱི་གསོ་སྦྱོང་ཡིན་པའི་ཕྱིར། དེ་ལྟར་གསོ་སྦྱོང་བཅོ་ལྔ་རྣམས་ལ་ནི། ཉིན་ཞག་བཅོ་ལྔ་རེ་ཚང་མར་ཡོད་དགོས་ཤིང༌། བཅུ་བཞི་པ་རྣམས་ལ་ནི་ཉིན་ཞག་བཅུ་བཞི་རེ་ལས་མེད་པས་ལོ་གཅིག་ལ་ཉིན་ཞག་ཉི་ཤུ་རྩ་དགུ་རེ་ལས་མེད་པས་ཟླ་བ་དྲུག་མི་འབྱུང་བ་ཡིན་ནོ། །དྲུག་པོ་དེའི་དུས་ཀྱི་ཚེས་གྲངས་རྩི་བའི་ཚུལ་ནི་སྨིན་དྲུག་གིས་ཉ་བའི་ཚེས་བཅུ་དྲུག་གི་ཉིན་ཚེས་གཅིག་ཅེས་མི་ཟེར་བས་ཚེས་གཉིས་ཞེས་རིམ་པར་བགྲངས་ནས་ཚེས་བཅོ་ལྔའི་ཉིན་བར་གསོ་སྦྱོང་བྱེད་པ་ཡིན་པའམ། ཡང་ན་ཚེས་གཅིག་ནས་རིམ་པར་བགྲངས་པའི་ཚེས་བཅོ་ལྔའི་ཉིན་གསོ་སྦྱོང་བྱས་ནས་གསོ་སྦྱོང་བྱས་པའི་ཉིན་ཞག་གཅིག་པོ་དེ་ཟླ་བ་རྟིང་མའི་གསོ་སྦྱོང་བཅོ་ལྔ་པ་དེའི་ཉིན་ཞག་གི་གྲངས་ལ་ཕན་པ་བྱེད་དགོས་པ་ཡིན་ནོ། །འདི་ན་ལ་ལ་ཉེར་དགུ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་ཞེས་སྨྲ་བ་ནི་ཆེས་མི་མཁས་པའི་གཏམ་ཁོ་ན་ཡིན་ཏེ། ཉེར་དགུ་ཞེས་པ་ནི་མར་ངོའི་ཚེས་བཅུ་བཞིའི་མིང་ཡིན་ལ། དུས་དེ་ཟླ་བའི་དཀར་ཆ་ལྷག་མ་གཅིག་འབྱུང་སྟེ། དེ་ལྟ་ན་གནམ་སྟོང་ཡིན་པར་འགལ་ལ། གནམ་སྟོང་མིན་པ་ལ་མར་ངོའི་གསོ་སྦྱོང་མི་འབྱུང་བའི་ཕྱིར་རོ། །ཡང་ཁ་ཅིག་གསོ་སྦྱོང་གི་ཆེད་དུ་སྔ་ཚེས་ཁོ་ན་རྟག་པར་བྱེད་པ་ནི་གཞུང་ལུགས་མི་ཤེས་བཞིན་དུ་མཁས་པར་རློམ་པའི་ང་རྒྱལ་གྱིས་བྱས་པར་སྣང་སྟེ། དེ་ལྟར་ན་བཅོ་ལྔ་པ་རྣམས་ཚེས་བཅུ་བཞི་ལ་བྱེད་པ་དང༌། བཅུ་བཞི་པ་རྣམས་ཉེར་བརྒྱད་ཀྱི་ཉིན་བྱེད་དགོས་པའི་ཉེས་པར་འགྱུར་བ་དང༌། དུས་རྟག་ཏུ་མངོན་སུམ་དང་མི་མཐུན་པའི་ཉེས་པ་དང༌། ལོ་གཅིག་ལ་ཞག་མི་ཐུབ་དགོས་རྒྱུ་ལ་གཅིག་ལས་མི་འབྱུང་བའི་ཉེས་པ་སོགས་འབྱུང་བ་ཡིན་ནོ། །དེའི་ཕྱིར་བཅོ་ལྔ་པ་རྣམས་ནི་ཚེས་གཅིག་ནས་རེ་རེ་ཞིང་ལྷག་ཆད་མེད་པར་བགྲང་བར་བྱ་ཞིང༌། བཅུ་བཞི་པ་དྲུག་པོ་ལ་སྔ་ཚེས་སུ་བྱས་ནས་བགྲངས་ཀྱང་འགལ་བ་མེད་དོ། །འདི་ཡང་འདུལ་བ་ནས་བཤད་ཚོད་ཙམ་ཡིན་གྱི། དཀར་རྩིས་དང་བསྟུན་ན་མི་ཐུབ་པ་འབྱུང་ངོ་སྙམ་དུ་དོགས་པར་མི་བྱ་སྟེ། དཀར་རྩིས་ཀྱི་ལུགས་ལའང་ཟླ་བ་བཅུ་གཉིས་ལ་ཉིན་ཞག་སུམ་བརྒྱ་དང༌། ལྔ་བཅུ་རྩ་བཞི་ལྷག་ཆད་མེད་པར་འབྱུང་དགོས་པའི་ཕྱིར། དེ་ལྟར་ན་གསོ་སྦྱོང་གི་རྩི་ཞག་འདུལ་བ་ན་ཇི་ལྟར་འབྱུང་བ་བཞིན་ལག་ལེན་དུ་བཀལ་བ་ན། དཀར་རྩིས་དང་མི་མཐུན་པ་ཅུང་ཟད་ཀྱང་མི་འབྱུང་ངོ༌། །ཞེས་ཤེས་པར་བྱོས་ཤིག འོ་ན་གསོ་སྦྱོང་མི་ཐུབ་པ་དྲུག་པོ་དེ་ཟླ་བ་གང་ལ་འབྱུང་ཞེ་ན། རྒྱལ་དང་དབོ་དང་ས་ག་ཅན། །ཞེས་སོགས་ནི་རྣམ་གསལ་གྱི་དཔེ་བརྗོད་ཙམ་ཡིན་གྱི་ངེས་པ་ཅན་མ་ཡིན་ཏེ། ཟླ་ཤོལ་མེད་པའི་ཚེ་འགྲིག་པ་དང༌། དེ་ཡང་ཁྲུམས་ཀྱིས་ཉ་བའི་ཚེས་བཅུ་དྲུག་ནས་ལོ་མགོ་བྱས་ན་དེ་ལྟར་ངེས་ལ། གཞན་ལ་མར་ངོ་སྔོན་འགྲོར་བྱས་ན་ངེས་པ་མེད་པ་བཤད་ཟིན་ཏོ། །ལོ་གཅིག་ལ་གསོ་སྦྱོང་ཉི་ཤུ་རྩ་དྲུག་འབྱུང་བའི་ཚེ་ན་ཐུབ་པ་བཅོ་བརྒྱད་མི་ཐུབ་པ་དྲུག་ཁོ་ནར་ངེས་སོ། །དེའི་རྒྱུ་མཚན་ཡང༌། ཟླ་ཤོལ་ཟླ་བ་དེ་ལ་ཉིན་ཞག་སུམ་ཅུ་ངེས་པར་ཚང་དགོས་སོ། །གཉིས་པ་ཞར་ལ་གཏན་ཚིགས་ཀྱི་རྣམ་གཞག་བཤད་པ་ལ་ཐུན་མོང་དུ་གྲགས་ཚོད་བཤད་པ་དང༌། ཐུན་མོང་མིན་པ་དུས་ཀྱི་འཁོར་ལོའི་ལུགས་བཤད་པ། དེ་གཉིས་ལས་དོན་ལ་གནས་ཚོད་གང་ཡིན་དཔྱད་པའོ། །དང་པོ་ལ་ཇོ་བོ་རྗེ་དང་ས་སྐྱ་པའི་ལུགས་ཐུན་མོང་དུ་བཤད། ཁ་ཆེ་པཎ་ཆེན་གྱི་བཞེད་པ་བཀོད། དེ་ལ་འཐད་མི་འཐད་ཀྱི་དགག་སྒྲུབ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ལ་སྤྱིར་བསྟན་པའི་གནས་ཚད་ལ་བཤད་ཚུལ་མང་དུ་ཡོད་ཀྱང༌། མཁས་པ་ཆེན་པོ་དབྱིག་གཉེན་གྱི་འབུམ་ཏིག་ལས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས་ལ། སློབ་དཔོན་འཇམ་དཔལ་གྲགས་པས་མངོན་པར་རྟོགས་པའི་དུས་ལྔ་བརྒྱ་ཕྲག་གསུམ། སྒྲུབ་དུས་ལྔ་བརྒྱ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་ཕྲག་གསུམ། རྟགས་ཙམ་འཛིན་པའི་དུས་ལྔ་བརྒྱ་ཕྲག་གཅིག་ཞེས་ཐ་སྙད་མཛད་དོ། །འོ་ན་སྔར་བསྟན་པ་ཇི་ཙམ་འདས། ལྷག་མ་ཇི་ཙམ་ལུས་ཞེ་ན། ཇོ་བོ་ཆེན་པོ་ལྷ་གཅིག་ནི། སྟོན་པ་ཤིང་ཕོ་བྱི་བ་ལ་ལྷུམས་སུ་ཞུགས། ཤིང་མོ་གླང་ལ་སྐུ་བལྟམས། ས་མོ་ཕག་ལ་སངས་རྒྱས། ཤིང་ཕོ་སྤྲེའུ་སྟོན་ཟླ་ཐ་ཆུང་གི་ཡར་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་བཞེད། བསྟན་པའི་བདག་པོ་དཔལ་ལྡན་ས་སྐྱ་པ་ནི་སྟོན་པ་མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་སྐུ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་གི་དཔྱིད་མཐའི་ཉའམ། སྟོན་ཟླའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་བཤད་དེ། འདིའི་ལུགས་བཞིན་རྗེ་བཙུན་བསོད་ནམས་རྩེ་མོ། ས་སྐྱ་པཎྜི་ཏ། འགྲོ་མགོན་འཕགས་པ་སོགས་ཀྱིས་རྩིས་པ་དེའི་རྗེས་སུ་འབྲངས་ནས་རྩི་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་གསུམ་སྟོང་དང་དྲུག་བརྒྱ་ཐལ་ཟིན་ནས། ད་ལྟ་རྩ་གཅིག་པ་ས་ཕོ་བྱི་བ་ལོའི་སྟེང་ན་ཡོད་པས། མངོན་པར་རྟོགས་པའི་དུས་ལྔ་བརྒྱ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་ཕྱག་གསུམ། ལུང་མངོན་པའི་དུས་ལྔ་བརྒྱ་ཕྲག་གཅིག་ཐལ། མདོ་སྡེའི་སྟེང་ནས་ལྔ་བརྒྱ་ཕྲག་གཅིག་དང་ལོ་གཅིག་ཐལ། མདོ་སྡེའི་སྟེང་ནས་ལོ་བཞི་བརྒྱ་དང༌། འདུལ་བའི་དུས་ལྔ་བརྒྱ་དང༌། རྟགས་ཙམ་འཛིན་པའི་དུས་ལོ་ལྔ་བརྒྱ་སྟེ། ལོ་སྟོང་དང་བཞི་བརྒྱ་ལུས་པ་ཡིན་ནོ། །ལུགས་སྔ་མ་དེའི་ལུགས་བཞིན་དུ་མཆིམས་ནམ་མཁའ་གྲགས་ཀྱིས་རྩིས་པའི་རྗེས་སུ་འབྲངས་ནས་རྩི་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་གསུམ་སྟོང་དང་ཉིས་བརྒྱ་དང་བརྒྱད་འདས་པ་ལྕགས་མོ་ཕག་གི་ལོ་ལ། རྔོག་ལེགས་པའི་ཤེས་རབ་ཀྱིས་གསང་ནེའུ་ཐོག་གི་གཙུག་ལག་ཁང་ཆེན་པོ་བཏབ། རྔོག་ལོ་བློ་ལྡན་ཤེས་རབ་སྐུ་འཁྲུངས་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། ཆོས་རྗེ་བླ་མ་དམ་པས། དེ་ཉིད་ཡོངས་འདས་ལོ་ནི་གསུམ་སྟོང་དང༌། །བརྒྱ་ཕྲག་གཉིས་དང་བརྒྱད་འདས་གངས་རིའི་ཁྲོད། །སྔོན་ཆད་མེད་པའི་ཆོས་སྡེ་པད་མོའི་ཚལ། །རྒྱས་མཛད་ལེགས་པའི་ཤེས་རབ་རྒྱལ་གྱུར་ཅིག །ཅེས་གསུངས་སོ། །དུས་དེ་ནས་རྩིས་པས་ས་ཕོ་བྱི་བའི་ལོ་ཡན་ཆད་ལ། གསང་ཕུའི་གཙུག་ལག་ཁང་ཆེན་པོ་བཏབ་ནས་ལོ་གསུམ་བརྒྱ་དང་དགུ་བཅུ་གོ་བརྒྱད་སོང་ཞིང་སྔ་ཕྱི་གཉིས་ཀ་སྡོམས་པས་སྟོན་པ་མྱ་ངན་ལས་འདས་ནས་ལོ་གསུམ་སྟོང་དང་དྲུག་བརྒྱ་དང་ཉག་མ་དྲུག་ཐལ་ནས་བདུན་པའི་སྟེང་ན་ཡོད་དོ། །བསྟན་པའི་གནས་ཚད་དང་འདས་ཚད་ཞིབ་མོར་ཕྱེ་ན། སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་ཆོས་བསྟན་པའི་བར་གྱི་ལོ་བཞི་བཅུ་ཞེ་དྲུག་པོ་དེ་རྩི་དགོས་སོ། །ཁ་ཆེ་པཎ་ཆེན་གྱིས་ཤིང་ཕོ་བྱི་བ་ལ་ཁྲོ་ཕུར་རྩིས་པ་དང༌། མེ་མོ་ཡོས་ལ་ཐང་ཆེན་དུ་རྩིས་པ་ལས། སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི། །ཚེས་བརྒྱད་ནམ་གུང་མཉམ་པ་ལ། །ཟླ་བ་རི་བོ་ལ་ནུབ་ཚེ། །ཐུབ་དབང་ཡོངས་སུ་མྱ་ངན་འདས། །དེར་རྗེས་ལོ་ནི་སྟོང་ཕྲག་གཅིག །བདུན་བརྒྱ་དང་ནི་ལྔ་བཅུ་དང༌། །ཟླ་བ་གཉིས་དང་ཟླ་བ་ཕྱེད། །དེ་བཞིན་ཉི་མ་སྔ་རབས་འདས། །ལོ་ནི་སྟོང་ཕྲག་གསུམ་དང་ནི། །ཉིས་བརྒྱ་དང་ནི་བཞི་བཅུ་དགུ། །ཟླ་བ་དགུ་དང་ཉི་མ་བཅུ། །མ་འོངས་བསྟན་པའི་ལྷག་མར་གནས། །ཞེས་གསུངས་ལ། མེ་མོ་ཡོས་ཀྱི་དཔྱིད་འབྲིང་ནག་པའི་ཟླ་བའི་ཡར་ཚེས་ལྔ་ལ་རྩིས་པར་སྣང་ངོ༌། །དེའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དང་བཅུ་གཉིས་ཙམ་ཞིག་ད་ལྟའི་ལོ་ས་ཕོ་བྱི་བ་ཡན་ཆད་དུ་འདས་པ་ཡིན་ཏེ། ཁ་ཆེ་པཎ་ཆེན་གྱིས་བསྟན་རྩིས་མཛད་པའི་དུས་དེ་ནས་ད་ལྟའི་ལོ་ས་ཕོ་བྱི་བ་ཡན་ཆད་ལ་དྲུག་ཅུ་སྐོར་བཞི་དང་ལོ་ཉི་ཤུ་རྩ་གཅིག་ཙམ་འདས་པས་སོ། །འདི་ལ་ས་སྐྱ་པཎྜི་ཏའི་ཞལ་ནས། ལོ་དེ་ནི་རྒྱ་གར་ན་ཉན་ཐོས་སེནྡྷ་བ་རྣམས་དུས་བརྗོད་པའི་ཚེ། སྟོན་པ་མྱ་ངན་ལས་འདས་ནས་འདི་ཙམ་སོང་ཞེས་ནུབ་རེ་བཞིན་རྩི་བ་ཞིག་ཡོད་པ་ལས། མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་དེ། སློབ་དཔོན་ཐུ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོས་མཛད་པར་བཞེད་ནས་ཙན་དན་གྱི་ལྡེ་གུ་སྤུངས་པ་ཙམ་གྱི་རང་བྱུང་དུ་བྱོན་པའི་དུས་དེ་ནས་བཟུང་བས་དུས་ཚིགས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་རྩིས་པས་དེའི་རྗེས་སུ་འབྲང་ནས་རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ཆེར་བཞེད་ཀྱང་ཡིད་བརྟན་པར་མི་བྱ་སྟེ། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་གསུངས་ལ་གདོང་དམར་ཅན་ཞེས་བོད་ཡིན་པ་དང༌། ཀླུ་སྒྲུབ་སོགས་ལུང་བསྟན་པའི་ལོ་གྲངས་དང༌། རྒྱལ་པོ་ལ་སོགས་པའི་རབས་རྩིས་ན་མི་འཐད་པའི་ཕྱིར་རོ། །ཞེས་གསུངས་སོ། །གསུམ་པ་དེ་ལ་དགག་སྒྲུབ་ཇི་ལྟར་བྱུང་བའི་ཚུལ་ལ། དུས་འཁོར་བ་ཕྱོགས་ལས་རྣམ་རྒྱལ་ན་རེ། དེ་ལྟར་བསྟན་རྩིས་ཀྱི་ལུགས་དེ་གཉིས་ཀྱི་ནང་ནས་སྔ་མ་མི་འཐད་དེ། གཏམ་རྒྱུད་དང་རྒྱ་བལ་གྱི་རྒྱལ་པོས་ལོ་བཅོས་པའི་རྣམ་གཞག་གཅིག་ནས་གཅིག་ཏུ་བརྒྱུད་པ་ཙམ་ཡིན་གྱི། ཡིད་ཆེས་ཀྱི་ཁུངས་མེད་པའི་ཕྱིར་དང༌། དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་དགོངས་པ་དང་འགལ་བའི་ཕྱིར་རོ། །ལུགས་གཉིས་པ་ཁ་ཆེ་པཎ་ཆེན་གྱི་ལུགས་དེ་ཅུང་ཟད་རྣམ་པར་དག་པ་ཡིན་ཏེ། དེའི་ལུགས་ཀྱི་འདས་ལོ་དུས་འཁོར་གྱི་ལུགས་ལས་ལོ་སུམ་བརྒྱ་དང་སུམ་ཅུ་རྩ་དྲུག་ཙམ་གྱིས་ཉུང་བ་བྱུང་ཀྱང༌། དེ་མ་ག་དྷའི་བྱང་ཆུབ་ཆེན་པོའི་སྐུ་རང་བྱོན་པའི་དུས་དེ་ནས་བཟུང་བ་ཡིན་གསུངས་པས། སངས་རྒྱས་མྱ་ངན་ལས་འདས་ནས་མ་ག་དྷའི་བྱང་ཆེན་གྱི་སྐུ་རང་བྱུང་དུ་བྱོན་པའི་བར་ལ་ལོ་སུམ་བརྒྱ་དང་སུམ་ཅུ་དྲུག་ཙམ་ཞིག་ཁོ་ན་སོང་བ་སྲིད་ཅིང༌། འདི་ལ་ཤེས་བྱེད་ཀྱང་སྣང་སྟེ། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་འབྱོན་པ་འཇམ་དཔལ་རྩ་རྒྱུད་ལས་གསུངས་ལ། ཀླུ་སྒྲུབ་ཀྱིས་རྡོ་རྗེ་གདན་གྱི་བྱང་ཆེན་གྱི་སྐུ་ལ་ཞབས་ཏོག་ཆེན་པོ་མཛད་པར་གྲགས་པ་ལྟར་དུས་འགྲིག་ལ། ལུགས་སྔ་མ་དེ་དག་ལྟར་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སྟོང་དང་ཕྱེད་དང་དྲུག་བརྒྱ་ཙམ་ན་རྡོ་རྗེ་གདན་གྱི་བྱང་ཆེན་གྱི་སྐུ་དེ་འབྱུང་ཀླུ་སྒྲུབ་དང་དུས་མི་འགྲིག་པའི་ཕྱིར་རོ། །མདོ་ལས་གདོང་དམར་ཅན་ཞེས་གསུངས་པ་དེ་བོད་ཡིན་མིན་ཡང་བརྟག་དགོས་ཏེ། གལ་ཏེ་ཡིན་ན་མཁན་རབས་བགྲངས་པ་དང་མི་མཐུན་ཏེ། ཀླུ་སྒྲུབ་མྱ་ངན་ལས་འདས་པ་ཡན་ཆད་ལ་ལོ་སྟོང་ཐིམ་ལ། དེ་ནས་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ་རྣམས་བར་མ་ཆད་པ་ཡིན་ལ། ཞི་བ་འཚོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བྱོན་པ་ཡིན་ཞིང༌། བོད་དུ་ཆོས་བྱུང་བ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་རིང་ལ་ཡིན་པས། དེ་དུས་མཁན་པོ་དཔལ་སྦས་ཙམ་ཡིན་དགོས་ཏེ། སྲོང་བཙན་ནས་ཁྲི་སྲོང་གི་བར་ལ་རྒྱལ་རབས་བཞི་ཙམ་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ལེགས་ལྡན་འབྱེད་རྐྱང་པའི་རིང་ལ། ལོ་སྟོང་དང་བརྒྱད་བརྒྱ་ཙམ་འདས་དགོས་པར་འགྱུར་བ་དང༌། མཁན་རྒྱུད་གསར་པ་ལུགས་ལའང༌། ཀླུ་སྒྲུབ། གུ་ན་མ་ཏི། རཏྣ་མི་ཏྲ། དྷརྨཱ་པཱ་ལ། གུ་ན་པ་ཏི། ཆོས་ཀྱི་ཕྲེང་བ། ཞི་བའི་འབྱུང་གནས་སྦས་པ། དེ་ནས་པཎ་ཆེན་ཤཱཀྱ་ཤྲཱི་ཡིན་པས། མཁན་རབས་བདུན་གྱི་རིང་ལ་ལོ་ཉི་སྟོང་དང་བཞི་བརྒྱ་ཙམ་འགྲོ་དོན་མེད་པའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པ། དུས་ཀྱི་འཁོར་ལོའི་ལུགས་ལ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་བསྟན་ནས་རིགས་ལྡན་དྲག་པོས། ཀླ་ཀློ་འཇོམས་པའི་བར་གྱི་བསྟན་པའི་གནས་ཚད་དང༌། རིགས་ལྡན་དྲག་པོས་ཀླ་ཀློ་བཅོམ་ནས་སླར་ཡང་བསྟན་པ་འཕེལ་བའི་གནས་ཚད་དོ། །དང་པོ་ནི་དེ་ནས་དེའི་བར་ལ་ལོ་གསུམ་སྟོང་དང་གསུམ་བརྒྱ་དང་གཅིག་འབྱུང་བ་ཡིན་ཏེ། དེ་བཞིན་གཤེགས་པས་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་ནས་ཀླ་ཀློ་འཇོམས་པའི་བར་ལ་ལོ་སྟོང་དང་ལྔ་བརྒྱ་ཡོད་ཅིང་ཀླ་ཀློའི་གནས་ཚད་ལོ་སྟོང་དང་བརྒྱད་བརྒྱ་ཡིན་པར་གསུངས་པའི་ཕྱིར་རོ། །རྟགས་དང་པོ་གྲུབ་སྟེ། སྟོན་པ་ས་གའི་ཉ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་གཅིག་ཏུ་ཐེག་པ་གསུམ་གྱི་ཆོས་སྟོན་ཞིང་སངས་རྒྱས་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་ལྡན་འབྲས་སྤུངས་སུ་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་གསུངས་པའི་ལོ་དེའི་རྗེས་ལ་རྒྱལ་པོ་ཟླ་བ་བཟང་པོས་ལོ་གཅིག་ཏུ་རྩ་བའི་རྒྱུད་གསུངས། དེ་ནས་རྩིས་པའི་ལོ་དྲུག་བརྒྱ་ན་རིགས་ལྡན་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གྲགས་པ་བྱོན་ནས་ལོ་བརྒྱར་ཆོས་བསྟན་ནས་བསྡུས་རྒྱུད་མཛད་པ་དང༌། དེ་ནས་ལོ་བརྒྱད་བརྒྱ་ནས། འཕགས་པའི་ཡུལ་དུ་ཀླ་ཀློའི་ཆོས་འཇུག་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་རྒྱལ་པོ་གྲགས་པ་ཤམྦྷ་ལ་ཞེས་བྱ་བ་འབྱུང༌། དེས་ལོ་བརྒྱར་ཆོས་བསྟན་ནས། དེ་ནས་ཀླུའི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་ནི་འཇུག་པར་འགྱུར་ཞེས་གསུངས་པས་སོ། །རྩ་བའི་རྟགས་གཉིས་པ་ནི། ཀླ་ཀློ་ཞུགས་ནས་དྲག་པོས་ཀླ་ཀློ་འཇོམས་པའི་བར་ལ་ལོ་སྟོང་དང་བརྒྱད་བརྒྱ་ཡོད་དགོས་ཏེ། ཀླ་ཀློའི་གནས་ཚད་འཆད་པ་ན། འཇིག་རྟེན་ཁམས་ལེར་གོ་སླར། དེ་ལྟར་དུམ་བུ་ཐམས་ཅད་དུ་ཡང་དུས་བཞིའི་དུས་སུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་སྟེ། ལོ་ནི་སྟོང་དང་བརྒྱད་བརྒྱར་ནི་ངེས་པར་གནས་ཏེ་དེ་ནས་ཀླ་ཀློའི་ཆོས་ནི་ཉམས་པའོ། །ཞེས་གསུངས་ཤིང༌། རྒྱུད་ཕྱི་མར། བཅོ་བརྒྱད་ལོའི་བརྒྱ་ཕྲག་རྣལ་འབྱོར་ཏེ། །བརྒྱ་ཡིས་འཕགས་པའི་ཡུལ་གྱི་ལ་སོགས་བར། །ཀླ་ཀློ་རྣམས་ཀྱིས་གྲགས་པ་གང་དང་གང་ཞིག །མུན་ཅན་གྱུར་པ་དེ་རྣམས་བདག་གིས་དྲུངས་ཕྱུང་སྟེ། །ཞེས་གསུངས་སོ། །ཞིབ་པར་རྩིས་ན་རྩ་རྒྱུད་མ་བསྟན་གོང་གི་ལོ་གཅིག་དང༌། མེ་མཁའ་རྒྱ་མཚོའི་ལྷག་མ་ལོ་གསུམ་པོ་བསྣན་པས་བཞི་འབྱུང་བ་ཡིན་ནོ། །འོ་ན་སྔར་བསྟན་པ་ཅི་ཙམ་ཞིག་འདས་ཞེ་ན། ཐུབ་པས་ཆོས་ཐོག་མར་གསུངས་ནས། མེ་མཁའ་རྒྱ་མཚོའི་བར་ལ་སྟོང་དང་ལྔ་བརྒྱ་དང༌། ལོ་གཅིག་སོང་བར་རྒྱུད་ཉིད་ཀྱིས་ཟིན་ལ། དེ་ནས་ད་ལྟའི་བར་དུ་ནི། མེ་མཁའ་རྒྱ་མཚོ་ལ་དྲུག་ཅུ་བསྐོར་བདུན་དང་ལྷག་མ་ཉི་ཤུ་རྩ་གཅིག་བསྲེ་དགོས་པ། ད་ལོ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་སྟེང་ན་ཡོད་པ། ལོ་ཉིས་སྟོང་དང་སུམ་བརྒྱ་བཞི་ཅུ་རྩ་ལྔ་འདས་ནས་ད་ལྟ་ཞེ་དྲུག་པའི་སྟེང་ན་ཡོད་དོ། །ལྷག་མ་ནི་དགུ་བརྒྱ་དང་ལྔ་བཅུ་ང་བརྒྱད་ཙམ་ཞིག་ལུས་པ་ཡིན་ནོ། །འོ་ན་ཐུབ་པ་བལྟམས་ནས་ད་ལྟའི་བར་དུ་ལོ་དུ་སོང་ཞེ་ན། སྟོན་པ་དགུང་ལོ་སོ་ལྔ་པ་ལ་སངས་རྒྱས་པར་འདོད་པ་དང༌། སོ་བདུན་པ་ལ་སངས་རྒྱས་པར་འདོད་པའི་ལུགས་གཉིས་ལས། དང་པོ་ནི། བསྟན་རྩིས་པ་ཐུན་མོང་བ་རྣམས་ཀྱི་ལུགས་ཡིན་ལ། གཉིས་པ་ནི་དུས་འཁོར་བ་འགའ་ཞིག་གི་ལུགས་ཡིན་པས་མི་མཐུན་པ་ཆེར་མེད་དོ། །འོན་ཀྱང་ལུགས་གཉིས་པ་ལྟར་ན། ཟླ་བ་གདེང་ཅན་མེ་མིག་ལ། །ཀུན་འཛིན་ལ་སོགས་འདས་ལོ་བསྲེ། །དེ་ནི་དོན་གྲུབ་བལྟམས་པ་ནས། །ད་ལྟའི་བར་གྱི་འདས་པའི་ལོ། །ཞེས་བྱ་བའོ། །དེའི་ཕྱིར་ཉིས་སྟོང་སུམ་བརྒྱ་བརྒྱད་ཅུ་རྩ་གཅིག་ཐལ་ནས་རྩ་གཉིས་པའི་སྟེང་ན་ཡོད་དོ། །ཞེས་བརྗོད་པར་བྱའོ། །གཉིས་པ་འཁོར་ལོ་ཅན་གྱི་བསྟན་པའི་གནས་ཚད་ནི། རིགས་ལྡན་གྱི་རྒྱལ་པོ་ཉི་ཤུ་རྩ་ལྔ་པ་དྲག་པོས། ལོ་བརྒྱར་ཆོས་བསྟན་པའི་རྗེས་སུ་ཀླ་ཀློ་འཇོམས་པར་བྱེད་ཅིང༌། ཀླ་ཀློ་བཅོམ་པ་ནས། དྲག་པོ་འཁོར་ལོ་ཅན་གྱིས་བསྟན་པ་གསར་དུ་སྤེལ་བའི་དུས་བཞི་སྡོམ་པས་ས་དུམ་བུ་བཅུ་གཉིས་པོར་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་གནས་ཤིང༌། ས་དུམ་བུ་རེ་རེའི་བགོ་སྐལ་ལ་སྟོང་བརྒྱད་བརྒྱ་རེ་རེ་ཐོབ་པ་ཡིན་ཏེ། དཔལ་ལྡན་རྒྱུད་ལས། ལྷུན་པོའི་རྒྱབ་ཀྱི་ཕྱོགས་རྣམས་སུ་ནི་ས་གཞི་དག་ལ་ལྷ་མིན་རྣམས་ཀྱིས་རྒྱལ་བར་དཀའ་བ་འཁོར་ཞེས་དང༌། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་ནུབ་པའི་རྩོད་པའི་དུས་ནི་ནུས་པའི་ཚད་ཀྱི་ས་གཞི་དག་ལ་རྒྱུ། །ཞེས་གསུངས་ལ། ནུས་པའི་ཚད་ཅེས་པ་འོག་མིན་པའི་ཚེ་ཚད་དོ། །དེ་ལྟར་བསྟན་པའི་གནས་ཚད་སྔ་ཕྱི་གཉིས་ཀ་སྡོམ་པས་ལྔ་སྟོང་དང༌། ཆིག་བརྒྱ་ལྷག་གཅིག་འབྱུང་བར་གསལ་ལོ། །གསུམ་པ་ལུགས་དེ་གཉིས་དོན་ལ་གང་གནས་དཔྱད་པ་ལ། བུ་སྟོན་ཐམས་ཅད་མཁྱེན་པའི་ཞལ་ནས། བསྟན་རྩིས་ཀྱི་ལུགས་གཉིས་པོ་འདི་ལ་ལོ་སྟོང་དང་བརྒྱད་བརྒྱ་ཙམ་གྱི་ཁྱད་པར་ཞུགས་པས། བློ་དང་ལྡན་པ་རྣམས་ཀྱིས་བརྟག་དགོས་ཏེ། བསྟན་རྩིས་གཞན་གྱི་ལུགས་དེ་དགོངས་པ་ཅན་ཡིན་ནམ། དུས་འཁོར་བའི་ལུགས་མེ་མཁའ་རྒྱ་མཚོའི་གོང་དུ་ཆོས་བསྟན་པའི་ལོ་གྲངས་རྣམས་དོར་བ་ཡིན་མིན་དཔྱད་པར་བྱ་ཞིང༌། མེ་མཁའ་རྒྱ་མཚོ་ཚུན་ཆད་ལ་ལྷག་ཆད་མེད་པར་ཤེས་པར་བྱའོ། །ཞེས་གསུངས། གསུང་འདི་ལ་དཔགས་ནས། ཇོ་ནང་པ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་ན་རེ། ལུགས་གཉིས་ཀྱི་ནང་ནས་དུས་འཁོར་ལུགས་འདི་དག་པར་མཁན་རབས་རྩིས་པས་གྲུབ་བོ་ཞེས་ཟེར། ལ་ལ་ནི་ཐུབ་པ་མྱ་ངན་ལས་འདས་ནས་ལོ་སྟོང་ཙམ་ན་དབྱིག་གཉེན་བྱོན་པར་གྲུབ་ཅིང་དེའི་དངོས་སློབ་འཕགས་པ་གྲོལ་སྡེས་ཡིན་ལ། དེའི་དངོས་སློབ་མཆོག་གི་སྡེ་དང༌། དེའི་དངོས་སློབ་དུལ་བའི་སྡེ་དང༌། དེའི་དངོས་སློབ་རྣམ་སྣང་མཛད་བཟང་པོ་ཡིན་ཞིང༌། དེ་ཡང་མཁན་ཆེན་ཞི་བ་འཚོ་དང་གཅིག་པ་ཡིན་ནོ། །དེའི་རྒྱུ་མཚན་གྱིས་ལུགས་གཉིས་པ་དེ་དག་པ་ཡིན་ཞེས་ཟེར། སྒྲ་པ་ནམ་མཁའ་བཟང་པོ་དང༌། དུས་འཁོར་བ་བླ་མ་རྟོགས་ལྡན་ན་རེ། དུས་ཀྱི་འཁོར་ལོའི་ལུགས་འདི་ཉིད་རྣམ་པར་དག་པ་ཡིན་ཏེ། ལུགས་འདི་ལྟར་ན་བཅོམ་ལྡན་འདས་མེ་ཕོ་རྟའི་ལོ་ལ་སྐུ་འཁྲུངས་པར་གྲུབ་ལ། དེ་ནས་སུམ་ཅུ་སོ་བདུན་པ་ཆུ་ཕོ་རྟའི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན། མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཞིང༌། ལུགས་འདིའི་རྩིས་འཕྲོ་བཙལ་ནས་རྩིས་པས་ཆུ་ཕོ་རྟའི་ས་གའི་ཉིན་ཟླ་བ་གཟས་ཟིན་འབྱུང་བར་འགྲུབ་པའི་ཕྱིར། དེའི་ཉིན་དེ་ལྟར་འབྱུང་དགོས་པ་ཡིན་ཏེ། འདུལ་བ་ལུང་གཞི་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན། གྲགས་འཛིན་མ་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ནོ། །གྲགས་འཛིན་མའི་བུའི་མིང་འདོགས་པར་བྱེད་དོ། །བཙུན་མོའི་འཁོར་གྱིས་སྨྲས་པ། འདི་བཙས་པ་ན་ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་པས། ཁྱེའུ་འདི་ལ་ཡང་སྒྲ་གཅན་ཟིན་ཞེས་བཏགས་སོ། །ཞེས་འབྱུང་བས་སོ། །ཞེས་སྤྲོས་པའི་གཞི་རྒྱ་ཆེར་འཆད་དོ། །འདི་ལ་ཕྱིས་ཀྱི་མཁས་པ་མཚུར་ཕུ་བ་ན་རེ། སྐད་གཉིས་སྨྲ་བ་ནམ་མཁའ་བཟང་པོ་ཡིས། །འདས་དུས་གསལ་བའི་སྒྲོན་མེ་འདི་རྩམ་མོད། །དག་པ་གྲུབ་མཐའི་རྩིས་འཕྲོ་ཇི་བཞིན་མིན། །དེ་ནས་འདི་ཡིས་རྒྱུ་བ་ལ་རྟགས་ཚེས། །སྐར་མ་གཉིས་ཙམ་བར་ཁྱད་འབྱུང་བས་སོ། །ཞེས་གསུངས་སོ། །དེ་ལྟར་སྟོན་པ་དགུང་ལོ་སོ་བདུན་པ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས་བཞི་ཅུ་རྩ་དྲུག་གི་བར་དུ་ཆོས་གསུངས་པས་སྟོན་པའི་སྐུ་ཚེའི་ཚད་བརྒྱད་ཅུ་རྩ་གཉིས་པ་ཡིན་པར་གྲུབ་བོ། །ཞེས་དུས་འཁོར་བ་རྣམས་གསུང་ངོ༌། །ཞར་ལ་དུས་ཆེན་བཞི་དང་བརྒྱད་དུ་གྲགས་པ་དེ་ཡང་བཤད་པར་བྱ་སྟེ། རྟ་པ་ཟླ་བའི་ཡར་ངོའི་ཚེས་ནས་བཅོ་ལྔའི་བར་ལ་ནི་བདུད་བཏུལ་ཞིང་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཡིན་པར་མདོ་སྡེ་འཛང་བླུན་ལས་གསུངས་སོ། །འདི་ལ་ཁ་ཅིག འཛང་བླུན་རྒྱ་ནག་ནས་བསྒྱུར་བ་ལས། ཆོ་འཕྲུལ་ཆེན་པོ་དཔྱིད་ར་ལ་འབྱུང་བར་བཤད་པས། དབོའི་ཟླ་བའི་ཡར་ངོ་ལ་འབྱུང་བ་ཡིན་ནོ། །ཞེས་ཟེར་བ་ནི་མི་འཐད་དེ། རྒྱ་ནག་པས་རྟ་ཆེན་ནམ་མཆུའི་ཟླ་བ་ལ་དཔྱིད་ཟླ་ར་བར་འདོད་པའི་ཕྱིར་ཏེ། ནག་རྩིས་པས་དཔྱིད་ར་རྟའི་ཐོབ་ཐང་ཞེས་འབྱུང་བས་སོ། །ཞེས་དཔལ་ལྡན་བློ་གྲོས་བསྟན་པ་བཞི་པ་གསུང་ངོ༌། །ས་གའི་ཉ་ལ་མངོན་པར་སངས་རྒྱས་པའི་དུས་ཡིན་པར་འདུལ་བ་ལུང་གཞི་ལས་གསུངས་སོ། །འདི་མྱང་འདས་ཀྱི་དུས་ཡིན་པར་ཡང་མདོ་སྡེ་མྱང་འདས་ལས་བཤད་ཅེས་ས་སྐྱ་པ་བཞེད། ཆུ་སྟོད་ཀྱི་ཡར་ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་ཡིན་པར་རྒྱ་ཆེ་རོལ་པ་ལས་གསུངས་སོ། །ཐ་སྐར་གྱིས་ཉ་བའི་བཅོ་ལྔ་ལ་སུམ་ཅུ་རྩ་གསུམ་གྱི་གནས་སུ་དགག་དབྱེ་མཛད་ནས་འཛམ་བུའི་གླིང་དུ་བབས་པའི་དུས་ཡིན་པར་ལུང་ཕྲན་ཚེགས་ལས་གསུངས་སོ། །བརྒྱད་དུ་བྱེད་ན་བཞི་པོ་དེའི་སྟེང་དུ་སྨིན་དྲུག་གིས་ཉ་བའི་ཚེས་བརྒྱད་ནི་སྟོན་པ་མྱ་ངན་ལས་འདས་པའི་དུས་ཡིན་པར་ཇོ་བོ་རྗེ་དང༌། ཁ་ཆེ་པཎ་ཆེན་བཞེད། རྒྱལ་གྱི་ཚེས་བརྒྱད་ནས་བཅོ་ལྔའི་བར་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ཏེ། བྱང་ཆུབ་ཆེན་པོའི་དུས་སོ། །དབོའི་ཚེས་གཅིག་ནས་བརྒྱད་ཀྱི་བར་ནི་དམ་པ་ཏོག་དཀར་པོ་ཡུམ་གྱི་ལྷུམས་སུ་ཞུགས་པའི་དུས་སོ། །ནག་པ་ཟླ་བའི་ཚེས་བཅོ་ལྔ་ནི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་ཆོས་འཁོར་བསྐོར་བའི་དུས་སོ། །ཞེས་གསུངས་སོ། །འདུལ་བའི་སྡེ་སྣོད་ཕྱོགས་ཙམ་ངས་ཤེས་མངོན་པའི་གཞུང་ལུགས་ཤེས་ཤིང་མཐོང་བ་དང༌། །དུས་འཁོར་ཤེས་པའི་མངོན་རློམ་གྱིས་མཐོ་གང་དེ་ང་ཡིན་དེ་སྐད་བརྗོད་དེ་ཡི། །རྣམ་དཔྱོད་གསེར་གྱི་ཉག་ཐག་ལ་རྒྱུས་མང་དུ་ཐོས་པའི་ལེགས་བཤད་མུ་ཏིག་ཕྲེང༌། །དེ་རིང་ཁྱེད་ཀྱི་མགུལ་པར་བྱིན་གྱིས་དེང་ནས་མཁས་པའི་གྲལ་མགོར་འདུག་ཅིག་གོ །ང་ཡི་ལེགས་བཤད་མངོན་པའི་ཉམས་ཀྱིས་སྒེག་ཅིང་དུལ་བའི་འཛུམ་དཀར་ཅི་ཡང་སྟོན། །དུས་འཁོར་ཤེས་པའི་དོ་ཤལ་རིང་པོས་མཛེས་བྱས་ཐ་སྙད་ལུགས་བརྒྱའི་གཞོན་ཉམས་ཅན། །ལུགས་གསུམ་གསལ་བའི་མེ་ལོང་བློ་གསལ་དགའ་བྱེད་འཆད་རྩོམ་གསར་བའི་ལང་ཚོ་མ། འདི་ཡིས་ཀུན་གྱི་ཡིད་འཛིན་འཇིགས་མེད་སྨྲ་བའི་དབང་པོར་བྱེད་ཅེས་གདོན་མི་ཟ། །ཕྲ་དོག་གདོན་གྱིས་རྟག་པར་རྒྱུད་དཀྲུགས་ཤིང༌། །མང་ཐོས་ལེགས་བཤད་མཐོང་བའི་མིག་ཉམས་པའི། །སྐལ་མེད་གཡོ་ཅན་ཁེངས་པ་ལྡན་དེ་ལ། །ངོ་མཚར་ཆོས་འདིས་ཕན་པར་ག་ལ་འགྱུར། །འདི་ལ་ཡི་རང་མགོ་བོ་འདར་བྱེད་ཅིང༌། །གཟོ་བོའི་མགྲིན་པ་དུད་པར་གུག་བྱས་ནས། །སྙན་པའི་ཚིགས་བཅད་ཕྱོགས་མཐར་སྒྲོག་བྱེད་པའི། །སྐལ་བཟང་དེ་དག་དབྱངས་ཅན་སྲས་གྱུར་ཅིག །ཐ་སྙད་ཆུང་ངུ་ལ་ཡང་ངལ་བྱེད་དེ། །མཁས་པའི་འདུག་ས་དག་ཏུ་འདུག་ལ་དབང༌། །དགེ་འདིས་བདག་ཀྱང་ཚེ་རབས་ཐམས་ཅད་དུ། །མཁས་པས་བཏེག་པའི་ཁྲི་ལ་འཁོད་གྱུར་ཅིག །ཅེས་དུས་ཚིགས་ཀྱི་རྣམ་པར་བཞག་པ་ལུགས་གསུམ་གསལ་བྱེད་བློ་གསལ་གྱི་མགུལ་རྒྱན་ཞེས་བྱ་བ། དོན་དུ་གཉེར་བ་དུ་མས་བསྐུལ་བའི་ངོར། དབུ་རུ་བྱང་ཕྱོགས་ཀྱི་རྒྱུད་དུ་བྱུང་བའི་ཐོས་པ་འཛིན་པའི་དགེ་སློང་དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་ཀུན་འཛིན་ཞེས་པས་ཕོ་བྱི་བའི་ལོ། སྨིན་དྲུག་ཅན་གྱི་ཡར་ཚེས་བརྒྱད་ལ་འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་སའི་ཐིག་ལེ། ཆོས་འཁོར་རྩེ་མོའི་གཞལ་ཡས་ཁང་དུ་སྦྱར་བ་ཡིན་ནོ།།  །།བྷ་ཝནྟུ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*