བདེན་པ་གཉིས་ཀྱི་གནས་ལ་འཇུག་པ་ངེས་དོན་བདུད་རྩི་ཐིགས་པ།

༼ང་༽༄༅། །བདེན་པ་གཉིས་ཀྱི་གནད་ལ་འཇུག་པ་ངེས་དོན་བདུད་རྩིའི་ཐིགས་པ་སོགས་དབུ་མའི་ཆོས་སྐོར་འགའ་ཞིག་བཞུགས་སོ།།

སྭསྟི་པྲ་ཛཱ་བྷྱ། སྙེངས་བྲལ་ཟླ་བའི་འོད་རིས་གཞོན་ནུ་ནི། །ཉེ་བར་སིམ་པའི་སྙིང་གི་ཆུ་གཏེར་དུ། །གསལ་བར་འཁྲུངས་པའི་ཀུ་མུད་ཕྲེང་བ་ནི། །མཆོད་པར་ཕུལ་ནས་གུས་པས་ཕྱག་བགྱིའོ། །ཞེས་ཕྱག་འཚལ་བ་སྔོན་དུ་བཏང་སྟེ། ཟླ་བའི་ཞབས་ཀྱི་གཞུང་བཟུང་ནས་ངེས་དོན་གྱི་ཁང་བཟངས་ཆེན་པོར་འཇུག་པའི་སྒོ་ཆེན་པོ་གཉིས་དབྱེ་བར་བྱའོ། །གཉིས་གང་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས་སྤྱོད་པ་ལ་འཇུག་པ་དང༌། དོན་དམ་པའི་བདེན་པ་ཁས་བླངས་ནས་ལྟ་བ་ལ་འཇུག་པའི་སྒོ་གཉིས་སོ། །དང་པོ་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་ཁས་ལེན་པ་ཡིན་ལ། འཇིག་རྟེན་པ་དེ་ཡང་སོ་སོ་སྐྱེ་བོ་ཁོ་ན་ལ་ཟེར་བ་མ་ཡིན་གྱི། ཇི་སྲིད་མ་རིག་པའི་བག་ཆགས་མ་ཕྱུང་བ་དེ་སྲིད་དུ་དེའི་མཐུ་ལས་བྱུང་བའི་མཚན་མར་འཛིན་པའི་བློ་ལྷན་ཅིག་སྐྱེས་པ་རྣམས་སོ། །བདེན་པ་དང་པོ་ཁས་ལེན་པའི་བློ་འདི་ཉིད་དབང་བཙན་པར་བྱས་ནས་བཤད་པར་བྱ་བ་ལ། འཇིག་རྟེན་པ་རྣམས་ནི་བློ་ངོར་སྣང་བ་ནི་གཉིས་ཏེ། ལོག་པར་སྣང་བ་དང༌། ཡང་དག་པར་སྣང་བའོ། །དང་པོ་ནི་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་ཤེས་པ་ལ་སྣང་བ་རྣམས་ཏེ། དབང་ཤེས་འཁྲུལ་པ་ལ་སྣང་བ་སྐྲ་ཤད་དང་ཟླ་གཉིས་ལྟ་བུ་དང༌། གྲུབ་མཐའ་ངན་པས་བསླད་པའི་ཡིད་ཤེས་འཁྲུལ་པས་སྒྲོ་བཏགས་གང་ཞིག བདག་དང་མཐའ་བཞིའི་སྐྱེ་བ་ལྟ་བུའོ། །གཉིས་པ་ནི། འཁྲུལ་རྒྱུས་བསླད་པ་ལ་མ་ལྟོས་པར་མ་རིག་པའི་དབང་གིས་ལྷན་ཅིག་སྐྱེས་པའི་ཤེས་པ་ལ་སྣང་བ་རྣམས་ཏེ། དེ་ཡང་དབང་ཤེས་ལ་སྣང་བ་ཕྱི་རོལ་གྱི་དོན་ལྔ་དང༌། ཡིད་ཤེས་ལ་སྣང་བ་བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་ང་ཙམ་དང༌། མྱུ་གུ་རང་བཞིན་གྱིས་གྲུབ་པ་དང༌། རང་བཞིན་གྱིས་སྐྱེ་བ་ལྟ་བུའོ། །ཡང་ལོག་འདི་གཉིས་ནི་གོ་རིམ་བཞིན་དུ་འཇིག་རྟེན་ཉིད་ལ་ལྟོས་པའི་ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་ཞེས་བྱ་ལ། དེ་གཉིས་ལས་དང་པོ་ནི་འཇིག་རྟེན་ཉིད་ལས་ཀྱང་ཡོད་པར་ཁས་མི་ལེན་ཏེ། མེད་བཞིན་དུ་འཁྲུལ་པའི་དབང་གིས་ལོག་པར་སྣང་བའི་ཕྱིར། གཉིས་པ་ནི། ལུགས་འདི་ལ་ཡོད་པར་ཁས་ལེན་ཏེ། དེ་དང་དེ་དག་ལུགས་དེའི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། བདེན་གཉིས་ཀྱི་རང་འགྲེལ་དུ་མདོ་དྲངས་པ་ལས། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་འདོད། །གཞན་གྱི་མར་བྱས་གང་ཡིན་པ། །དེ་ནི་གཞན་གྱི་ཆུང་མར་འདོད། །ཅེས་གསུངས་པའང་དོན་དེ་ཉིད་ལ་དགོངས་པའོ། །དེ་ལྟར་བཤད་པ་ན་གྲུབ་མཐས་བཏགས་པའི་བདག་གཉིས་ནི་འཇིག་རྟེན་དུ་ཡང་ཡོད་པར་མི་གཞག་སྟེ། འཇིག་རྟེན་པས་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པའི་ཕྱིར། ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པའི་བདག་གཉིས་ནི་འཇིག་རྟེན་ཉིད་ལ་ལྟོས་ཏེ་ཡོད་པར་ཁས་ལེན་དགོས་ཏེ། དེ་དག་འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་བླངས་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི་འཇིག་རྟེན་པ་རྣམས་ཀྱི་དོན་དམ་པའི་བདེན་པ་འཇོག་བྱེད་ནི། ལྷན་ཅིག་སྐྱེས་པའི་མ་རིག་པའོ། །འཕགས་པ་རྣམས་ཀྱི་དོན་དམ་པའི་བདེན་པ་འཇོག་བྱེད་ནི་རིག་པ་ཡེ་ཤེས་སོ། །འཇིག་རྟེན་གྱི་དོན་དམ་པའི་བདེན་པ་དེ་དང་དེའི་ལུགས་ཀྱིས་བདེན་པར་བཞག་པ་དེ་གཉིས་ཀ་ལ་ཡང་འཕགས་པ་རྣམས་ཀྱི་ཐ་སྙད་དུ། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་བྱ་སྟེ། བློ་དེ་དང་དེའི་ངོར་ནི་གཉིས་ཀ་བདེན་པར་མཚུངས་ལ། རིག་པ་ཡེ་ཤེས་ཀྱི་ངོར་ནི་གཉིས་ཀ་མི་བདེན་པར་མཚུངས་པའི་ཕྱིར། དེ་བས་ན་དེ་གཉིས་ཀ་ལ་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་པར་ཡོད་པ་མ་ཡིན་ནོ། །མདོར་ན། འཕགས་པའི་ཐ་སྙད་དུ་ཡང་དག་ཀུན་རྫོབ་ཀྱི་མིང་གིས་བཏགས་ཤིང་འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་བླངས་པ་དེ་ཡིན་ན་འཇིག་རྟེན་དུ་ཡོད་པས་ཁྱབ། དཔེར་ན་ཤིང་རྟ་བཞིན། བདག་འཛིན་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་བཟུང་བྱར་གྱུར་པའི་བདག་ཉིད་ཀྱང༌། དེ་དང་དེ་ཡིན་ནོ་ཞེས་བྱ་བ་ནི་རིགས་པའོ། །འོ་ན་ཤིང་རྟ་ཡོད་ལ་བདག་མེད་དོ་ཞེས་བྱ་བའི་གྲུབ་པའི་མཐའ་འདི་སུ་ཞིག་ལ་གྲགས་པ་ཡིན་ཞེ་ན། རང་སྡེ་དངོས་པོར་སྨྲ་བ་རྣམས་ལའོ། །དབུ་མ་པ་རང་གི་ལུགས་ལ་ནི་མ་ཡིན་ཏེ། ལུགས་དེ་ལ་གཉིས་ཀ་ཡོད་པ་མ་ཡིན་པར་མཚུངས་པའི་ཕྱིར་རོ། །འཇིག་རྟེན་གྱི་ལུགས་ལས་སངས་རྒྱས་ཀྱི་གྲུབ་པའི་མཐའ་སྨྲ་བ་དེ་དག་བདག་དང་ཤིང་རྟ་སོགས་ཀྱི་རྣམ་གཞག་འཇོག་ཚུལ་གོང་ནས་གོང་དུ་ཁྱད་པར་དུ་འཕགས་པའི་ཚུལ་དེ་ལྟ་བུ་མི་ཤེས་པའི་གངས་ཅན་པ་དག་གིས་སྨྲས་པ་ནི། འཇིག་རྟེན་པས་གང་ཁས་བླངས་པ་དེ་ཉིད་དབུ་མའི་ལུགས་ཡིན་ནོ་ཞེས་ཟེར་བ་དང༌། འཇིག་རྟེན་གྱི་ཐ་སྙད་བདེན་པ་འཇོག་པ་ན། བདག་ནི་ཡོད་ལ་བདེན་པ་ནི་མེད་དོ་ཞེས་ཟེར་བ་དང༌། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ནི་ཡོད་ལ། གང་ཟག་གི་བདག་ནི་མེད་དོ་ཞེས་ཟེར་བ་དེ་དག་གིས་ནི་ཟླ་བའི་ཞབས་ཀྱིས་ལེགས་པར་བཤད་པའི་འོད་ཟེར་དཀར་པོའི་ཕྲེང་བ་ལ། བློ་གྲོས་ཀྱི་མིག་གིས་བལྟ་བའི་ངལ་བ་ཅུང་ཟད་ཀྱང་མ་བྱས་པའམ། ཡང་ན་ནི་ངན་རྟོག་གིས་དཀྲུགས་པའི་ཚོན་རྩི་ནག་པོ་དེ་ཉིད་རྣམ་དཔྱོད་འཁྱོག་པོའི་པིར་གྱིས་བླངས་ནས། ཟླ་བའི་ཞལ་མདངས་ནག་པོར་བྱས་པ་དེ་ཉིད་འཇིག་རྟེན་ལ་གསལ་བར་བསྟན་པའོ། །གཉིས་པ་དོན་དམ་པའི་བདེན་པ་ཁས་བླངས་ནས། ངེས་དོན་གྱི་ཁང་བཟངས་སུ་འཇུག་པའི་ཚུལ་ནི་འདི་ལྟར། ལྟ་བས་སྤྲོས་པ་གཅོད་པའི་ཚེ་ཇི་ལྟར་ཉམས་སུ་ལེན་པ་དང༌། འཕགས་པའི་ཤེས་བརྗོད་ཀྱིས་ཐ་སྙད་འདོགས་པའི་ཚེ་ཇི་ལྟར་ཁས་ལེན་པའོ། །དང་པོ་ལ་ཡང་གཉིས་ལས། ཐོག་མར་བདེན་འཛིན་གྱི་སྤྲོས་པ་གཅོད་པའི་ཚེ། སྤྲོས་པ་ཕྱོགས་རེ་བཀག་ནས་མཐུན་པའི་དོན་དམ་ཉམས་སུ་ལེན་པ་དང༌། དེའི་འོག་ཏུ་བདེན་མེད་ཀྱི་སྤྲོས་པ་གཅོད་པའི་ཚེ། སྤྲོས་པའི་ཚོགས་མཐའ་དག་བཀག་ནས་མཐར་ཐུག་པའི་ངེས་དོན་ཉམས་སུ་ལེན་པའོ། །གཉིས་པ་ཐ་སྙད་འདོགས་ཚུལ་ལ་ཡང་གཉིས་ཏེ། འཇིག་རྟེན་གྱི་བློས་བཏགས་པ་འགོག་པའི་རིགས་པ་དབང་བཙན་པར་བྱས་པ་དང༌། རྣལ་འབྱོར་པའི་བློས་བཏགས་པ་འགོག་པའི་རིགས་པ་དབང་བཙན་པར་བྱས་པའོ། །དང་པོ་དེའི་སྐབས་སུ་ནི་གོང་དུ་བཤད་མ་ཐག་པའི་ཡང་དག་པའི་ཀུན་རྫོབ་གང་ཡིན་ཐམས་ཅད་ལོག་པའི་ཀུན་རྫོབ་ཏུ་བཞག་སྟེ། ཡོད་པ་མ་ཡིན་བཞིན་དུ་མ་རིག་པའི་མཐུ་ལས་སྣང་བའི་ཕྱིར། ཡོད་པ་མ་ཡིན་པ་ཅི་ཞེ་ན་འཕགས་པའི་རིགས་པས་བརྟགས་ན་མི་རྙེད་པའི་ཕྱིར་དང༌། མ་རིག་པ་ཁོ་ནའི་མཐུ་ལས་སྣང་བའི་ཕྱིར། དེ་ལས་གཞན་པའི་ཡང་དག་པའི་ཀུན་རྫོབ་ནི་འདིར་ཁས་མི་ལེན་པས། དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་འཇོག་ལ། དེའི་མིང་ནི་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་བྱའོ། །སྐབས་འདིའི་དོན་དམ་པའི་བདེན་པ་ནི་མྱུ་གུ་བདེན་པས་སྟོང་པ་དང་རང་བཞིན་གྱིས་སྟོང་པ་སོགས་ཡིན་ལ། དེ་དག་ནི་འཕགས་པའི་ཐ་སྙད་དུ་ཡོད་པར་ཁས་ལེན་པ་ཡིན་ཏེ། འཕགས་པ་ལ་གྲགས་པའི་ཚད་མས་གྲུབ་པའི་ཕྱིར་རོ། །རིགས་པ་གཉིས་པ་དེའི་སྐབས་སུ་ནི་བཤད་མ་ཐག་པའི་དོན་དམ་པའི་བདེན་པར་གང་བཤད་པ་དེ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པར་འཆད་དགོས་པ་ཡིན་ཏེ། སྒྲ་དང་རྟོག་པའི་ཡུལ་དུ་བྱས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ལོག་པའི་ཀུན་རྫོབ་དུ་ནི་ཁས་མི་ལེན་ཏེ། མ་རིག་པའི་དབང་གིས་གཞག་པ་མ་ཡིན་པའི་ཕྱིར། དེའི་མིང་རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་དང༌། ཡང་དག་པའི་ཀུན་རྫོབ་ཅེས་བྱ་ལ། ཇི་སྐད་དུ། ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང༌། ཟླ་བའི་ཞབས་ཀྱིས་དོན་དམ་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ་ཞེ་ན། དེ་དེ་བཞིན་ཏེ། ཞེས་གསུང་བ་ཡང་དོན་དེ་ལ་བསམས་པའོ། །འོ་ན་འདིར་ཀུན་རྫོབ་ཀྱི་བདེན་པ་དེ་ལྟ་ན་དོན་དམ་པའི་བདེན་པ་གང་ཞེ་ན། དོན་དམ་པའི་བདེན་པ་ནི་བརྗོད་པ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བ་ཡིན་གྱི། དོན་དམ་བདེན་པའི་མཚན་གཞི་ནི་འདི་ཡིན་ནོ་ཞེས་ཚིག་ཏུ་བརྗོད་པ་མི་བྱའོ། །དེའི་ཚེ་ངེས་དོན་གྱི་ཁང་བཟང་ཆེན་པོ་གང་ཡིན་པ་དེར་བདེ་བར་ཕྱིན་ཟིན་པ་ཡིན་ནོ། །དབུ་མ་ཆེན་པོའི་ཁང་བཟངས་སུ། །འཇུག་པར་བྱེད་པའི་ལམ་བདེ་བ། །བདེན་པ་གཉིས་ཀྱི་སྒོ་ཆེན་པོ། །མགྱོགས་པར་ཕྱེ་བ་འདི་ཡིན་ནོ། །བདེན་པ་གཉིས་ཀྱི་གནད་ལ་འཇུག་པ་ངེས་དོན་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི། དབུས་འགྱུར་ཚལ་གྱི་ཡུལ་ལྗོངས་སུ་སྐྱེས་ནས་དབུ་མའི་གཞུང་ལུགས་ལ་རྣམ་དཔྱོད་ཀྱིས་ཉེ་བར་སྤྱོད་པའི་བློ་མིག་ཅན། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་གཙང་གཡས་རུའི་སའི་ཐིག་ལེར་གྲུབ་པའོ།།  །།མངྒ་ལཾ།།  ༈ །དབུ་མ་འཇུག་པའི་ཚིག་རྐང་གཉིས་ཀྱི་རྒྱ་ཆེར་བཤད་པ་བཞུགས་སོ།།  ༄། །སྭསྟི་པྲ་ཛཱ་བྷྱ། དབུ་མའི་རྒྱ་མཚོར་བཞུགས་ལ་ཀླུ་དབང་བཞིན། །ཕ་རོལ་རྒོལ་བ་གནོན་ལ་སྲིད་གྲུབ་ལྟར། །རྟག་ཆད་ལྟ་བ་རིང་དུ་འདོར་མཁས་པའི། །བསྟན་བཅོས་མཛད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། དབུ་མ་ལ་འཇུག་པའི་ཚིག་རྐང་པ་གཉིས་ཀྱི་དོན་དགྲོལ་བར་བྱས་ཏེ། གཉིས་པོ་གང་ཞེ་ན། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་པའི་བར་གྱི་ཆོས་རྣམས། ཐ་སྙད་དུ་ཡོད་ཅེས་བྱ་བ་དང༌། དོན་དམ་པར་མེད་ཅེས་བྱ་བ་གཉིས་སོ། །འདིའི་དོན་རྣམ་པར་བཤད་པ་ལ། རང་གི་འདོད་པ་གཞག་པ་དང༌། གཞན་གྱིས་བཏགས་པའི་མཐའ་དགག་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས་པོ་དེ་ལས་དབུ་མའི་ལུགས་གང་ཡིན་བཙལ་བ་དང༌། དེ་རྙེད་པ་ན་རྟག་ཆད་ཀྱི་ལྟ་བ་འདོར་མཁས་པའི་ཚུལ་ལོ། །དང་པོ་ནི་འདི་ལྟར། ཐ་སྙད་དུ་ཡོད་པ་ཞེས་བྱ་བ་ནི་རང་གི་ལུགས་མ་ཡིན་ཏེ། དེར་ཡོད་པས་ཡོད་པའི་གོ་ཆོད་པ་མ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཐ་སྙད་ཅེས་པ་བྱ་བ་ནི་མཚན་མར་འཛིན་པའི་རྟོག་པ་དང༌། དེས་ཀུན་ནས་སླང་བའི་སྒྲ་ལ་བྱ་བ་ཡིན་ལ། དེའི་ངོར་ཡོད་ན་དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་དགོས་ཏེ། དཔེར་ན་ལྷན་ཅིག་སྐྱེས་པའི་མ་རིག་པས་བཟུང་བའི་གང་ཟག་དང་ཆོས་ཀྱི་བདག་བཞིན་ནོ། །དེ་ལས་གཞན་དུ་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་རང་ལུགས་ལ་ཡོད་པར་ཁས་ལེན་ན། འཇིག་རྟེན་གྱི་མཐོང་བ་ཚད་མ་ཉིད་དུ་ཁས་ལེན་དགོས་པར་འགྱུར་བ་དང༌། འཇིག་རྟེན་གྱི་ཐ་སྙད་བདེན་པ་རྣམས་དབུ་མའི་རིགས་པ་ལ་བརྟེན་པའི་ཚད་མས་གཞག་པར་འགྱུར་རོ། །དེའི་ཕྱིར་གང་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་དེ་ཡིན་ན། དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་འཇིག་རྟེན་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་དེ་ཡིན་ན་དེའི་རང་ལུགས་ལ་ཡོད་པ་མ་ཡིན་དགོས་པ་བཞིན་འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་བླངས་པའི་ཆོས་རྣམས་མཐའ་དག་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པར་ཁས་བླངས་པ་བཞིན་ནོ་ཞེས་པ་རིགས་པའི་རྣམ་གྲངས་དང་པོའོ། །ཡང་དབུ་མ་པ་ལ་གྲགས་པའི་ཀུན་རྫོབ་ཡིན་ན་རང་ལུགས་ལ་བདེན་པ་ཞེས་བྱ་བའི་སྒྲ་མི་སྦྱོར་བས་ཁྱབ། དཔེར་ན་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཡིན་ན་དེའི་ལུགས་ལ་དེ་མི་སྦྱོར་བ་བཞིན། རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་འདི་ལ་དབུ་མ་པས་ཀུན་རྫོབ་ཙམ་པོ་ཞེས་བྱ་ཡི། བདེན་པ་ཞེས་ནི་མི་བྱའོ་ཞེས་པ་ནི་ལུང་ལ་བརྟེན་པའི་རིགས་པ་གཉིས་པའོ། །ཡང་འཇིག་རྟེན་དང་འཕགས་པ་གང་རུང་ལ་གྲགས་པའི་ཀུན་རྫོབ་ཡིན་ན། དེ་ལ་དབུ་མ་པས་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཞེས་བྱ་བའི་སྒྲ་སྦྱོར་བས་ཁྱབ། དཔེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་ངོར་ཟླ་གཉིས་བདེན་པར་འཇོག་པ་བཞིན། མི་ཤེས་གཉིད་ཀྱིས་རབ་བསྐྱོད་ཅེས་སོགས་ཀྱི་སྐབས་ནས་བསྟན་པའི་འཇིག་རྟེན་ལ་ཀུན་རྫོབ་ཏུ་གྲགས་པ་དེ་དང༌། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ་ཞེས་པའི་སྐབས་ནས་བསྟན་པའི་འཕགས་པ་ལ་ཀུན་རྫོབ་ཏུ་གྲགས་དེ་གཉིས་ཀ་ལ། དབུ་མ་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་གསུམ་པའོ། །ཡང་དབུ་མའི་རང་ལུགས་ལ་ཡོད་པ་ཡིན་ན་རང་བཞིན་གྱིས་ཡོད་པས་ཁྱབ་དགོས་པ་ཡིན་ཏེ། དེ་ཡིན་ན་དབུ་མའི་རིགས་པས་རྣམ་པར་དཔྱད་ནས་གཞག་དགོས་པའི་ཕྱིར། དཔེར་ན་དངོས་པོར་སྨྲ་བའི་རིགས་པས་དཔྱད་ནས་གཞག་པ་བཞིན་གྲུབ་ན་རང་བཞིན་གྱིས་གྲུབ་དགོས་པ་བཞིན། དེའི་ཕྱིར་གཟུགས་ལ་སོགས་པ་ཀུན་རྫོབ་པའི་ཆོས་ཐམས་ཅད་ཆོས་ཅན། དབུ་མའི་ལུགས་ཀྱིས་ཡོད་པ་མ་ཡིན་ཏེ། དེའི་ལུགས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་རིགས་པ་བཞི་པའོ། །ཡང་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཡིན་ན་ཡོད་པས་མ་ཁྱབ་སྟེ། གང་ཟག་དང་ཆོས་རང་བཞིན་གྱིས་གྲུབ་པར་ཞེན་པའི་འཛིན་སྟངས་ཀྱི་གཟུང་བྱ་བཞིན་ནོ་ཞེས་བྱ་བའི་རིགས་པ་རྣམ་པ་ལྔ་ལ་བརྟེན་ནས་ཀུན་རྫོབ་ཀྱི་བདེན་པ་ནི་དབུ་མ་པ་རང་གི་ལུགས་ལ་ཡོད་པ་མ་ཡིན་པར་ངེས་སོ། །འོ་ན་རང་གི་ལུགས་ལ་ཡོད་པ་ཞེས་བྱ་བའི་ཆོས་ནི་གང༌། བདེན་པ་ཞེས་བྱ་བའི་ཐ་སྙད་ནི་གང་ལ་སྦྱོར་ཞེ་ན། རང་ལུགས་ལ་ཡོད་པ་ཞེས་བྱ་བའི་ཆོས་ནི་ཅུང་ཟད་ཀྱང་ཁས་མི་ལེན་ཏེ། མཚན་མའི་ཚོགས་མ་ལུས་པ་འགོག་པའི་ཕྱིར། དོན་དམ་པའི་བདེན་པ་ཚད་མས་གྲུབ་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། འཕགས་པའི་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་དེ་ལྟར་ཁས་ལེན་ནོ། །ཀུན་རྫོབ་ཀྱི་བདེན་པ་ནི་དེའི་ཚེ་ཡང་ཚད་མས་གྲུབ་པར་ཁས་མི་ལེན་པ་ནི་འདིར་ཁྱད་པར་ཡིན་ནོ། །བདེན་པ་ཞེས་བྱ་བའི་ཐ་སྙད་ནི་དོན་དམ་པའི་བདེན་པ་གཅིག་པོ་ལ་སྦྱོར་བ་ཡིན་ཏེ། མི་སླུ་བའི་ཆོས་ནི་དེ་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར། དོན་དམ་པའི་བདེན་པ་ཡིན་ན་ཡོད་དགོས་སོ་སྙམ་དུ་སེམས་པར་མི་བྱ་སྟེ། དེ་ཡིན་ན་སྤྲོས་པའི་ཚོགས་མཐའ་དག་དང་བྲལ་དགོས་པའི་ཕྱིར། ཐ་སྙད་དུ་ཡོད་ན་ཡོད་མི་དགོས་པ་དེའི་ཕྱིར། ཆོས་ཐམས་ཅད་དོན་དམ་པར་མེད་དོ་ཞེས་བྱ་བ་འདི་ཁོ་ན་དབུ་མའི་རང་ལུགས་སུ་ངེས་སོ། །དེ་ཡང་ཡོད་པ་བཀག་པ་ཙམ་ལ་བྱ་བ་ཡིན་གྱི། མེད་པར་བསྒྲུབ་པ་ནི་མ་ཡིན་ཏེ། དེར་བསྒྲུབས་ན་སྤྲོས་པའི་མཚན་མར་སོང་བའི་ཕྱིར་རོ། །གཉིས་པ་ལ་རྟག་ཆད་ཀྱི་ལྟ་བ་ངོས་བཟུང་བ་དང༌། གོང་གི་རིགས་པ་དེ་ཤེས་ན་དེ་དག་རང་གི་ངང་གིས་འདོར་ནུས་པའི་ཚུལ་ལོ། །དང་པོ་ནི། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་འགའ་ཞིག་དབུ་མ་པ་རང་གི་ལུགས་ལ་ཡོད་ན། དེ་རྟག་པར་ཁས་ལེན་དགོས་ཏེ། དེའི་ལུགས་ན་ཡོད་ན་དེ་མེད་པར་སོང་བའི་དུས་གཅིག་ནམ་ཡང་མི་སྲིད་དགོས་པའི་ཕྱིར། དེ་ལས་གཞན་དུ་མྱུ་གུ་ལྟ་བུ་དབུ་མའི་ལུགས་ལ་ཡོད་པར་ཁས་བླངས་ནས། དེ་གཅིག་དང་དུ་མ་གང་དུ་གྲུབ་རིགས་པས་རྣམ་པར་དཔྱོད་པའི་ཚེ། ཡོད་པ་མ་ཡིན་པར་ཁས་ལེན་ན་ནི་སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཁས་བླངས་པ་ཞེས་བྱ་བ་དེ་ཡིན་ནོ། །དེའི་ཕྱིར་དེ་དག་ཡོད་པར་ཞེན་པའི་ཤེས་རབ་ཉོན་མོངས་ཅན་དེ་ལ་རྟག་པའི་ལྟ་བ་ཞེས་བྱ་སྟེ། ཆོས་འགའ་ཞིག་གྲུབ་མཐའ་ལ་གྲགས་པའི་རིགས་པས་དཔྱད་ནས་ཡོད་པར་ཞེན་པའི་ཤེས་རབ་ཡིན་པའི་ཕྱིར། དཔེར་ན་བདེན་སྟོང་ཡོད་པར་ཞེན་པའི་བློ་བཞིན་ནོ། །འཇིག་རྟེན་གྱི་ལྷན་ཅིག་སྐྱེས་པའི་བློས་ཡོད་པར་ཞེན་པ་ནི་རྟག་པའི་ལྟ་བ་མ་ཡིན་ཏེ། མ་བརྟགས་གཅིག་པུར་ཉམས་དགའ་བའི་རྟོག་པས་ཁས་བླངས་པ་ཡིན་གྱི། གྲུབ་མཐའ་ལ་གྲགས་པའི་ཚད་མས་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཡོད་པར་ཁས་བླངས་པ་མ་ཡིན་པའི་ཕྱིར་རོ། །གང་ཐ་སྙད་ཀྱི་བདེན་པ་གྲུབ་མཐའ་ལ་གྲགས་པའི་ཚད་མས་གྲུབ་པར་ཁས་ལེན་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་གྲུབ་པར་ཁས་ལེན་པས་ཁྱབ། དཔེར་ན་དངོས་པོར་སྨྲ་བ་དག་བཞིན་ནོ་ཞེས་བྱ་བ་རིགས་པའོ། །དེ་ལྟར་རྟག་པའི་ལྟ་བ་ངོས་བཟུང་ནས། གཉིས་པ་ཆད་པའི་ལྟ་བ་ནི། གང་ཚད་མས་གྲུབ་པའི་ཆོས་ཞིག་རིགས་པས་དཔྱད་པའི་ཚེ་མེད་པར་སོང་བ་ཡིན་ན་ཆད་པས་ཁྱབ་སྟེ། སྔར་ཡོད་པ་ཞིག་ཕྱིས་མེད་པར་སོང་བའི་ཕྱིར། དཔེར་ན་ཆུ་བོའི་རྒྱུན་ཆད་པ་བཞིན་ནོ། །དེ་ལྟར་ལྟ་བའི་ཤེར་འཆལ་དེ་ལ་ཆད་པའི་ལྟ་བ་ཞེས་བྱ་སྟེ། སྔོན་ཡོད་པ་ཞིག་ཕྱིས་མེད་པར་ཞེན་པའི་ཤེས་རབ་ཉོན་མོངས་ཅན་ཡིན་པའི་ཕྱིར། དབུ་མ་པས་ཆོས་ཐམས་ཅད་ཡོད་པར་མ་ཡིན་པར་བལྟ་བ་ནི། ཆད་པའི་ལྟ་བ་མ་ཡིན་ཏེ། སྔོན་ཡོད་པའི་ཆོས་ཞིག་ཕྱིས་མེད་པར་ཁས་བླངས་པ་མ་ཡིན་པའི་ཕྱིར། གང་མེད་པར་ལྟ་བ་ཐམས་ཅད་ཆད་ལྟར་ཁས་ལེན་པ་མ་ཡིན་ཏེ། རི་བོང་གི་རྭ་མེད་པར་ཁས་བླངས་པ་བཞིན་ནོ། །གཉིས་པ་ནི་གོང་དུ་རྒྱས་པར་བཤད་པ་དེ་ལྟར་ཤེས་ན་རྟག་ཆད་ཀྱི་མཐའ་གཉིས་པོ་རང་གི་ངང་གིས་སེལ་ནུས་པ་ཡིན་ཏེ། རང་གི་ལུགས་ལ་ཡོད་པའི་ཆོས་ཅུང་ཟད་ཀྱང་ཁས་མ་བླངས་པས། རྟག་པའི་ལྟ་བ་སེལ་ཞིང༌། སྔོན་ཡོད་པ་ཞིག་ཕྱིས་མེད་པར་སོང་བ་ཁས་མ་བླངས་པས་ཆད་པའི་ལྟ་བ་རང་གི་ངང་གིས་སེལ་བའི་ཕྱིར་རོ། །འོ་ན་ཅི་ལྟ་བས་སྤྲོས་པ་གཅོད་པའི་ཚེ་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་དོན་དམ་བདེན་པ་སོགས་ཡོད་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། ཡིན་མོད། ཤེས་བརྗོད་ཀྱི་ཐ་སྙད་དེ་ཡང་དོན་དམ་པའི་བདེན་པ་ལ་འཇུག་པའི་ཐབས་ཡིན་གྱི། དབུ་མའི་ལུགས་དངོས་མ་ཡིན་ཏེ། མཚན་འཛིན་ལས་མ་འདས་པའི་ཕྱིར། དེའི་ཐུན་མོང་མ་ཡིན་པའི་རང་ལུགས་ནི་ལྟ་བས་སྤྲོས་པ་གཅོད་པ་ཁོ་ནའོ། །ཐབས་ཀྱི་ཚོགས་རྒྱ་ཆེན་པོ་དག་ནི་རྣལ་འབྱོར་སྤྱོད་པའི་ཐེག་པ་ཆེན་པོ་པ་དག་གིས་ཁས་བླངས་པ་ལས་ལྷག་པ་གཞན་འདི་ལ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ལྟ་བས་སྤྲོས་པ་གཅོད་པའི་ཚེ། སྤྱིར་ཆོས་ཐམས་ཅད་ཡོད་པ་མ་ཡིན་པ་དང༌། འཕགས་པའི་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་དོན་དམ་པའི་བདེན་པ་ཡོད་ལ། ཐ་སྙད་ཀྱི་བདེན་པ་ཡོད་པ་མ་ཡིན་ནོ་ཞེས་རང་གི་ལུགས་གཞག་ནས། གཞན་གྱིས་བརྟགས་པའི་མཐའ་དགག་པ་ལ། བོད་ཕྱི་མ་དག་གིས་སྨྲས་པ་ནི། ཐ་སྙད་དུ་ཡོད་ན་ཡོད་དགོས་པ་ཡིན་ཏེ། ཐ་སྙད་དུ་ཡོད་པའི་དོན་ནི་ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ་འཆད་དགོས་པའི་ཕྱིར། གཞན་དུ་ན་མོ་གཤམ་གྱི་བུ་ཡང་ཡོད་པར་འགྱུར་རོ་ཞེས་ཟེར་རོ། །འདི་ནི་ཤིན་ཏུ་མ་གོ་བ་ཡིན་ཏེ། དབུ་མ་པ་དག་གིས་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པའི་དོན་ཡང་ཚད་མས་གྲུབ་པ་ལ་མི་འཆད། འཕགས་པའི་ཐ་སྙད་དུ་ཡོད་པའི་དོན་ཡང་ཚད་མས་གྲུབ་པའི་དོན་ལ་མི་འཆད་པའི་ཕྱིར། གཏན་ཚིགས་དང་པོ་གྲུབ་སྟེ། དེར་ཡོད་པའི་དོན་ནི་འཇིག་རྟེན་པའི་བློ་ལྷན་སྐྱེས་ཀྱི་ངོར་ཡོད་པ་ཡིན་ལ། དེའི་བློ་ལྷན་སྐྱེས་དང་ཚད་མའི་གཞི་མཐུན་ཡོད་པ་ནི་དབུ་མའི་ལུགས་མ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། འཕགས་པའི་ཐ་སྙད་ནི་དོན་དམ་པའི་བདེན་པ་ངེས་པའི་རྟོག་པ་དང༌། དེས་ཀུན་ནས་སླང་བའི་ངག་ལྟ་བུ་ལ་བྱ་བ་ཡིན་ལ། ཐ་སྙད་དེའི་ངོར་དོན་དམ་པའི་བདེན་པ་ཡོད་པ་ཡིན་མོད། དེར་དེ་ཡོད་པར་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་ཏེ། དེར་དེ་ཡོད་པར་འཛིན་པའི་ཆ་ནས་མཚན་འཛིན་ལས་མ་འདས་པའི་ཕྱིར། གཞན་དུ་ན་བདག་ཏུ་འཛིན་པའི་བློ་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཚད་མས་གྲུབ་པར་འགྱུར་ཏེ། ཐ་སྙད་དུ་བདེན་པ་ཡིན་པའི་ཕྱིར་དང༌། མུ་སྟེགས་བྱེད་ཀྱིས་བཏགས་པའི་བདག་དང་གཙོ་བོ་སོགས་ཀྱང་ཚད་མས་གྲུབ་པར་འགྱུར་ཏེ། ཐ་སྙད་ཀྱི་བདེན་པ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་ཡང་ལོག་གཉིས་སུ་འབྱེད་པ་དེ་དག་མི་མཁས་པ་ཉིད་དུ་འགྱུར་རོ། །ཡང་གང་དག་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་འཇོག་བྱེད་ཀྱི་ཚད་མར་སྨྲ་བ་དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། དེ་ལྟ་ན་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་མཐོང་བ་ཡང་དག་པའི་རྙེད་དོན་དུ་འགྱུར་རོ། །མདོར་བསྡུ་ན། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཚད་མས་གྲུབ་བོ་ཞེས་བྱ་བ་འདི་ནི། ཟླ་བའི་ཞབས་དང༌། ཡེ་ཤེས་སྙིང་པོའི་ཞབས་གཉིས་ཀས་གསལ་བར་བཀག་པ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །ཞེས་པའི་འགྲེལ་པར། རབ་རིབ་ཅན་གྱིས་སྐྲ་ཤད་ཡོད་པར་མཐོང་བ་དང༌། རབ་རིབ་མེད་པས་དེ་ཡོད་པ་མ་ཡིན་པར་མཐོང་བ་དཔེར་བྱས་ནས། མ་རིག་པའི་སླད་པ་དང་མ་བྲལ་བ་རྣམས་ཀྱིས་ཕུང་ཁམས་སྐྱེ་མཆེད་སོགས་ཡོད་པར་མཐོང་ལ། དེ་དང་བྲལ་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དག་ཡོད་པ་མ་ཡིན་པ་ཉིད་དུ་གཟིགས་པར་བཤད་པའི་ཕྱིར་དང༌། བདེན་གཉིས་ལས་ཀུན་རྫོབ་ནི་ཇི་ལྟར་སྣང་བཞིན་ཡིན་ལ། དེ་ཡང་གལ་ཏེ་ཁས་མི་ལེན་ན་མངོན་སུམ་ལ་སོགས་པ་དང་འགལ་བར་ཐལ་བར་འགྱུར་བ་སེམས་ན། མངོན་སུམ་ལ་སོགས་པ་དང་འགལ་བ་དེ་ཅི་ཞེས་དང༌། མཚན་ཉིད་དང་ལྡན་པ་ལ་གནོད་ན་མཚན་ཉིད་སུན་ཕྱུང་བར་འགྱུར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱང་དགག་པར་མི་ནུས་པ་ཁོ་ནའོ་སྙམ་དུ་སེམས་ན་ཞེས་དོགས་པ་བསུ་ནས། དེའི་ལན་དུ། གང་ཞིག་ཡང་དག་དངོས་མི་འདོད། །དེ་ལ་ཀུན་རྫོབ་ཅི་ཞིག་སྨོས། །ཞེས་སོགས་རྒྱས་པར་གསུངས་སོ། །གསུམ་པ་རྩོད་པ་སྤང་བ་ནི། དབུ་མ་པའི་རང་ལུགས་ཀྱི་ཐ་སྙད་ལ་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་མི་འདོད་ན། དཀོན་མཆོག་གསུམ་དང་འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པར་ཁས་བླངས་པས་ཆད་པའི་མཐར་ལྷུང་ངོ་ཞེ་ན། དེའི་ལན་ནི་འདི་ཡིན་ཏེ། ཆད་པའི་མཐར་ལྟུང་བའི་ཉེས་པ་དེ་ཁྱེད་ལ་ཡོད་པ་ཡིན་གྱི། ཁོ་བོ་ཅག་ལ་ཡོད་པ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་སྔར་ཡོད་པར་ཁས་བླངས་ནས་ཕྱིས་རིགས་པས་དཔྱད་པ་བྱས་པའི་འོག་ཏུ་མེད་པར་ཁས་ལེན་པ་དེ་དག་ནི་ཆད་པའི་མཐར་ལྷུང་བ་ཡིན་པའི་ཕྱིར་དང༌། ཁོ་བོ་ཅག་ནི་འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་གནས་ནས་འཕགས་པའི་བདེན་པ་བཞི་ལ་འཇུག་པའི་ཕྱིར། རང་ལུགས་ལ་དེ་ཡོད་པར་ཁས་མི་ལེན་ན་དེ་ལ་ཇི་ལྟར་གནས་ཤེ་ན། ཇི་སྲིད་མ་རིག་པའི་བག་ཆགས་མ་སྤངས་པ་དེ་སྲིད་དུ། ཀུན་རྫོབ་ཀྱི་ཆ་མཐའ་དག་འཇོག་བྱེད་ཀྱི་ཚད་མ་ལ་མ་ལྟོས་པར་མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད་དུ་ཁས་ལེན་དགོས་པ་ཡིན་ཏེ། ཇི་སྐད་དུ། དགེ་མི་དགེ་མེད་བློ་ཅན་མཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་པ་བཞིན་ནོ། །ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཡོད་པ་མ་ཡིན་པར་ཁས་ལེན་ཀྱང༌། བོང་བུའི་རྭ་བཞིན་དུ་མེད་པར་ཁས་ལེན་པ་མ་ཡིན་ཏེ། དེ་ལྟར་ཁས་ལེན་ན་སྟོང་པ་ཉིད་ལ་བལྟ་ཉེས་པ། །ཞེས་བྱ་བ་དེར་འགྱུར་བའི་ཕྱིར་རོ། །དེ་ལྟར་བྱས་ན་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཚད་མས་མི་ཤེས་ཀྱང༌། རྣལ་འབྱོར་ཀུན་རྫོབ་འགའ་ཞིག་དང༌། དོན་དམ་པའི་བདེན་པ་ནི་ཚད་མས་ཤེས་སོ། །དེ་ལྟར་ཤེས་པའི་དོན་དེ་དང་དེ་ཡང་འཕགས་པའི་ཐ་སྙད་དུ་ཡོད་མོད། དེ་ཡོད་པ་དབུ་མའི་ལུགས་མ་ཡིན་ཏེ། དེ་ཡོད་པར་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་འཕགས་པའི་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་པའི་དོན་ནི། དེར་ཚད་མས་མ་གྲུབ་པའི་དོན་ཏོ། །དེའི་ཡང་དོན་ནི། དེ་ལ་འཕགས་པའི་རིགས་པས་མི་དཔྱོད་པའི་དོན་ཏོ། །དེའི་དོན་ཡང་མ་བརྟགས་གཅིག་པུར་ཉམས་དགའ་བའི་དོན་ཏོ། །དེའི་དོན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་དོན་ནོ། །གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཐམས་ཅད་ནི་སྟོང་པ་ཉིད་དུ་བཤད་དེ། འཕགས་པ་རྣམས་ཀྱིས་ཚད་མས་བརྟགས་པའི་ཚེ་གང་དུ་ཡང་མ་གཟིགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་ཅིང༌། དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་དབུ་མའི་རྒྱ་མཚོ་ཆེན་པོར་འཇུག་པའི་ལམ་གྱི་རིམ་པ་གཉིས་ཕྱེ་བ་ཡིན་ནོ། །དེ་ཡང་ཐ་སྙད་དུ་ཡོད་ཅེས་བྱ་བ་ནི་རིམ་པ་དང་པོ་སྟེ། དེས་དང་པོར་བསོད་ནམས་མ་ཡིན་པའི་ལས་ཟློག་པར་བྱེད་དོ། །དེ་ནས་དོན་དམ་པར་མེད་ཅེས་བྱ་བ་ནི་རིམ་པ་གཉིས་པ་སྟེ། དེས་ནི་མཚན་མར་འཛིན་པའི་ལྟ་བ་ཐམས་ཅད་ཟློག་པར་བྱེད་དོ། །དེའི་འོག་ཏུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངེས་དོན་གྱི་རྒྱ་མཚོ་ཆེན་པོར་རོ་གཅིག་པ་ཉིད་དུ་འགྱུར་རོ། །འདིར་སྨྲས་པ། ཐ་སྙད་བདེན་པ་འཇོག་པའི་ཚེ། །ཐ་སྙད་དུ་ནི་ཡོད་ཅེས་སྨྲོས། །བདེན་པར་མེད་ཅེས་མ་སྨྲ་ཤིག །སྨྲས་ན་ཐ་སྙད་བདེན་ལས་ཉམས། །ངེས་པའི་བདེན་པ་བསྒྲུབ་པའི་ཚེ། །དམ་པའི་དོན་དུ་མེད་ཅེས་སྨྲོས། །དེ་ཚེ་ཡོད་པར་མ་སྨྲ་ཞིག །སྨྲས་ན་ངེས་པའི་དོན་ལས་ཉམས། །ཐ་སྙད་དང་ནི་དམ་པའི་དོན། །འཇོག་ཚུལ་གཉིས་ཀ་འཕགས་པ་ཡི། །ཚད་མས་གྲུབ་ན་འགལ་བ་ལ། །མི་འཁྲུལ་ཚད་མ་ཡོད་པར་འགྱུར། །དེ་ཕྱིར་ཐོག་མར་མཚན་འཛིན་གྱི། །བློ་ཡིས་ཀུན་རྫོབ་ཁས་བླངས་ནས། །དེ་ནས་དབུ་མ་བསམ་པར་བྱ། །སྤྲོས་པའི་ཚོགས་རྣམས་མཐའ་དག་ལས། །རྣམ་གྲོལ་གྲུབ་པའི་མཐའ་བསམས་ན། །དེ་ནས་བརྗོད་པ་ཐམས་ཅད་དང༌། །བྲལ་བའི་རྒྱ་མཚོ་མཐོང་བར་འགྱུར། །ཅེས་དབུ་མ་ལ་འཇུག་པའི་ཚིག་རྐང་པ་གཉིས་ཀྱི་རྒྱ་ཆེར་བཤད་པ། ངེས་དོན་གྱི་སྙིམ་པའི་མེ་ཏོག་ཅེས་བྱ་བ་འདི་ནི། ཡུལ་དབུས་ཀྱི་ལྗོངས་སུ་སྐྱེས་ནས་དབུ་མའི་གཞུང་ལ་རྣམ་དཔྱོད་ཀྱིས་ཉེ་བར་དཔྱོད་པ། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས་གཙང་གཡས་རུའི་སའི་ཐིག་ལེར་གྲུབ་པའོ།།  །།མངྒ་ལཾ།། ༈ །སྤྲིངས་ཡིག་ཚངས་པའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ།། ༄། །སྭསྟི། ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་པའི་སྙིང་པོ་དབུ་མའི་གཞུང་ལུགས་པ་ཆེན་པོ་རྣམས་ཀྱི་སྙན་དུ་སྤྲིངས་པ་ཚངས་པའི་འཁོར་ལོས་རང་བཟོའི་དྲེགས་པ་ཉམས་བྱེད་ཅེས་བྱ་བ། ཆོས་ཀུན་སྒྱུ་མར་གཟིགས་པའི་རལ་པ་སྔོན་པོའི་ཁུར་ཆེན་གྱིས་བརྗིད་ཅིང༌། །དཔལ་ལྡན་ལུང་དང་རིགས་པའི་མིག་རྩ་དམར་པོ་བགྲད་ནས་ཕྱོགས་ཀུན་ལས། །རྣམ་རྒྱལ་གྲགས་པའི་སྒྲ་དབྱངས་སྲིད་གསུམ་རི་བོའི་སྤོ་ལ་ཆེར་བསྒྲགས་པས། །དྲེགས་ལྡན་གླང་ཆེན་ཁྲོས་པའི་སྙིང་རབ་མྱོས་མཁས་ཀུན་ལ་ཕྱག་བགྱིད་དོ། །མང་དུ་གསན་པས་རང་གི་རྒྱུད་སྦྱངས་ཤིང༌། །གཟུ་བོར་གནས་པས་གཞན་ལ་ཕན་དགོངས་པའི། །རིགས་དང་རིགས་མིན་འབྱེད་པའི་རྣམ་དཔྱོད་ཅན། །གངས་ཅན་མཁས་པ་རྣམས་ལ་འདི་སྤྲིངས་སོ། །འདི་ན་རང་བཟོའི་ཆང་གིས་རབ་མྱོས་པའི། །རྣམ་དཔྱོད་གླང་ཆེན་གཟུ་བོར་སྤྱོད་པ་ཡིས། །སྲབ་སྐྱོགས་མེད་པར་ཀུན་དུ་འཕྱན་པ་ལས། །ཀླུ་སྒྲུབ་སློབ་མར་བཅས་པའི་གཞུང་ལུགས་ཀྱི། །རྒྱ་མཚོ་དཀྲུགས་པའི་གཏམ་གྱི་སྦྱོར་བ་ཡིས། །གཉིས་མེད་གསུང་བའི་བཀའ་དང་བསྟན་བཅོས་ཀུན། །རང་བློ་ཁོ་ནས་གཞན་དུ་བཀྲལ་མཐོང་ནས། །ཅུང་ཟད་དཔྱད་ལ་མཁས་རྣམས་གསན་པར་རིགས། །གང་ལ་བདག་ཏུ་འཛིན་པས་དམིགས་གཏད་པའི། །བདག་དེ་བཅིངས་གྲོལ་ཀུན་གྱི་བྱེད་པོར་སྨྲ། །མུ་སྟེགས་གཞུང་དང་ཁྱད་པར་མ་རྙེད་པའི། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང༌། །གང་ལ་བདག་ཏུ་འཛིན་པས་བཟུང་གྱུར་པའི། །བདག་དེ་ཕུང་པོའི་སྟེང་དུ་ཞུགས་གྱུར་ན། །བདག་ལྟ་ཡུལ་གྱི་གནས་ལ་ཞུགས་པའི་ཕྱིར། །བདག་མེད་རྟོགས་པའི་ཡེ་ཤེས་ཇི་ལྟར་བསྐྱེད། །བརྟེན་ནས་བཏགས་པའི་ང་ཙམ་བདག་ཡིན་ན། །བདག་མེད་མངོན་སུམ་མཐོང་བའི་རྣལ་འབྱོར་བློས། །བཏགས་པ་ཙམ་དེའང་མེད་པར་གཟིགས་གྱུར་པས། །ལས་འབྲས་ཀུན་གྱི་རྟེན་དུ་ཇི་ལྟར་འཐད། །ང་དང་ང་ཡིར་ཞེན་པའི་རྣམ་པ་ཅན། །ཐོག་མེད་དུས་ནས་འཁྲུངས་པའི་རྨོངས་ཆེན་འདི། །ཉེས་པའི་རྩ་བ་མིན་པར་སྒྲོག་བྱེད་ཅིང༌། །བརྟེན་ནས་བཏགས་པའི་བདག་ཙམ་བདེན་ནོ་ཞེས། །གྲུབ་མཐས་བཏགས་པའི་ཉེས་པའི་ཆ་ཙམ་ཞིག །ཆགས་སོགས་ཉེས་པའི་འབྱུང་ཁུངས་ཡིན་པར་སྨྲ། །དེ་སྐད་འདི་ནི་སྲིད་དང་ཞི་བ་ཡི། །གནད་རྣམས་གཞན་དུ་འཆོས་པའི་གསང་ཚིག་ཡིན། །འཇིག་ཚོགས་ཕུང་པོར་བདག་ཏུ་རྟོག་པ་དེ། །ཉེས་ཀུན་སྐྱེད་བྱེད་འཇིག་ལྟ་མིན་གྱུར་ན། །རྒྱ་ཆེན་གཞུང་ལུགས་ཀུན་དང་མི་མཐུན་ཞིང༌། །དཔལ་ལྡན་ཟླ་བའི་ལེགས་བཤད་ཚོགས་དང་འགལ། །བདག་ལ་བདེན་པར་རྟོག་པས་འཆིང་ནུས་ན། །བདག་ལ་བདག་ཏུ་རྟོག་པས་ཅིས་མི་འཆིང༌། །བདག་ཙམ་བདེན་མེད་རྟོགས་པས་གྲོལ་ནུས་ན། །མོ་གཤམ་བུ་ལའང་ཅི་ཕྱིར་ཐལ་མི་འགྱུར། །འཇིག་ཚོགས་ལྟ་བས་བདག་ལ་དམིགས་གྱུར་ན། །བདག་གིར་འཛིན་པས་བདག་ལ་ཅིས་མི་དམིགས། །དེ་ལྟར་འདོད་ན་བདག་དང་བདག་གི་བའི། །ཁྱད་པར་གང་ཡིན་ཁྱེད་ཀྱིས་སྟོན་མི་ནུས། །བདག་ཏུ་འཛིན་པས་བདག་ལ་དམིགས་དགོས་ན། །བདེན་པར་འཛིན་པས་བདེན་གྲུབ་ཅིས་མ་དམིགས། །བདག་མེད་ན་ནི་བྱེད་དང་མྱོང་བ་པོའི། །སེམས་ཅན་ཉིད་ཀྱང་མེད་ཅེས་རྩོད་པའི་ལན། །དཔལ་ལྡན་ཟླ་བས་བཏགས་པ་ཙམ་གྱི་བདག །ཕུང་པོའི་སྟེང་ན་རྣམ་སྨིན་མྱོང་བ་པོར། །ཐ་སྙད་བདེན་པའི་དོན་དུ་གསུངས་མོད་ཀྱི། །དེ་ཉིད་བདག་ལྟའི་དམིགས་པར་ཡོད་གྱུར་ན། །རྣལ་འབྱོར་པ་ཡིས་བདག་ནི་ཇི་ལྟར་འགོག །ཕུང་པོར་བདག་ཡོད་ཅེས་པ་འཇིག་ཚོགས་ལ། །ལྟ་བའི་རི་བོ་ཀུན་གྱི་གཙོ་བོར་གསུངས། །མིང་ཙམ་མཐུན་པས་དོན་ལ་བདག་ཡིན་ན། །མིང་ཙམ་མཐུན་རྣམས་དོན་ལ་ཅི་མི་བདེན། །བྱེད་པོ་དེ་ལ་འཇིག་རྟེན་པ་རྣམས་ཀྱིས། །བདག་ཅེས་ཐ་སྙད་འདོགས་པ་ཡིན་མོད་ཀྱང༌། །དེ་ཉིད་བདག་ཏུ་སྨྲ་དང་བདག་མེད་དུ། །སྒྲུབ་པ་ཕྱི་ནང་གཞུང་གི་ཁྱད་པར་ཡིན། །གང་ཟག་བདག་ཏུ་འདོད་ཅིང་གང་ཟག་གི །བདག་མེད་ཅེས་པ་འདི་ཡང་བཞད་གད་གནས། །དེ་ཕྱིར་བདག་དང་གང་ཟག་རྣམས་གྲངས་སུ། །འདོད་པ་འདི་ནི་མུ་སྟེགས་གཞུང་ལུགས་ཡིན། །གང་ཟག་ཉིད་ལ་བདག་ཏུ་འཛིན་པ་ནི། །ཐོག་མེད་དུས་ནས་འཁྲུངས་པའི་རྨོངས་ཆེན་ཏེ། །འདི་ཉིད་དབུ་མའི་ལྟ་བ་རང་རྒྱུད་ལ། །བསྐྱེད་པའི་གེགས་ཀྱི་གཙོ་བོར་མཁས་རྣམས་བཞེད། །སེམས་ཙམ་གཞུང་དང་དབུ་མའི་གཞུང་འགའ་ཞིག །རང་གིས་ཕྱིན་ཅི་ལོག་ཏུ་བཀྲོལ་བྱས་ནས། །དེ་ལ་ནའང་འགལ་ཡོད་ཅེས་སྨྲ་བ་ལ། །ཅིར་ཡང་མི་འཛེམ་གཞན་གྱིས་རང་ཉིད་ལ། །ཅུང་ཟད་རྒོལ་ན་ཁྲོ་དང་ཕྲག་དོག་དང༌། །ཁོང་ཁྲོའི་སྤྲིན་ཕུང་ནག་པོ་ཆེར་གཡོས་ཏེ། །ཚིག་ངན་མི་ཟད་འབྲུག་གི་སྒྲ་ཆེན་གྱིས། །དཔལ་ལྡན་འདུས་པའི་ཚོགས་རྣམས་ཕྱོགས་བརྒྱར་འབྱེད། །འདི་འདྲ་འདི་ནི་དམ་པའི་ལུགས་མ་ཡིན། །འཁྱོགས་པོའི་བློ་གྲོས་སྤངས་ནས་མཁས་པའི་གཞུང༌། །དྲང་པོའི་བློ་ཡིས་ཚུལ་བཞིན་འཆད་པ་དང༌། །བརྒལ་ཞིང་བརྟགས་པས་རིགས་པའི་གཞུང་འཛུགས་པ། །འདི་འདྲ་འདི་ནི་མཁས་པའི་ལུགས་བཟང་ཡིན། །དེ་ཕྱིར་ཅུང་ཟད་དཔྱད་ལ་དཔྱོད་ལྡན་དག རྣ་བ་གླགས་ཏེ་ལེགས་པར་ལན་ཐོབ་ཅིག ཀླུ་སྒྲུབ་གཞུང་གི་རྟགས་ཀྱི་དགག་བྱ་ཡི། །མཐར་ཐུག་རིགས་པས་སྒྲུབ་ཅིང་ལོག་ཕྱོགས་ལ། །རིགས་པའི་གནོད་བྱེད་འཕེན་བཞིན་དབུ་མ་པར། །ཁས་ལེན་དེ་འདྲ་དངོས་པོར་སྨྲ་བའི་གཞུང༌། །ཡིན་གྱི་ལེགས་ལྡན་ཡེ་ཤེས་སྙིང་པོ་སོགས། །ཡིན་ལུགས་སྟོན་པར་རྒྱལ་བས་ལུང་བསྟན་པ། །ཚུལ་བཞིན་བརྙེས་པའི་མཁས་རྣམས་ག་ལ་ཡིན། །ཆོས་རྣམས་ངོ་བོ་ཉིད་ཀྱིས་ལེགས་གྲུབ་ཅིང༌། །རང་བཞིན་གྱིས་གྲུབ་རང་གི་མཚན་ཉིད་ཀྱིས། །རབ་ཏུ་གྲུབ་པའི་གཞུང་ཆེན་ལེགས་གཙུགས་ནས། །མཐའ་དག་བདེན་པར་མེད་ཅེས་འདོན་པ་ཡི། །དབུ་མའི་གཞུང་ལུགས་འདི་དང་འདི་དག་གིས། །ཆོས་ལྟར་བཅོས་ནས་ཆོས་མིན་སྟོན་ནོ་ཞེས། །ཡང་ཡང་སྒྲོགས་པའི་གླེགས་བམ་མང་མཐོང་ཚེ། །དཔྱོད་མེད་དོན་གཉེར་མང་པོས་འཕགས་རྣམས་ལ། །སྐུར་པ་བཏབ་ཅིང་ཚད་ལྡན་མཁས་པའི་གཞུང༌། །རྩྭ་བཞིན་དོར་ནས་རང་བཟོའི་གཞུང་ཆེན་ལ། །ཉིན་མཚན་ཀུན་ཏུ་འབད་པར་རབ་སྒྲིམས་ཀྱང༌། །དུས་དང་བློ་གྲོས་གྲོན་དུ་གྱུར་བར་ཟད། །རང་བཞིན་གྱིས་གྲུབ་བདེན་པར་མེད་དོ་ཞེས། །ནང་འགལ་ཁུར་གྱིས་རིང་ནས་དུབ་པ་ཡི། །རང་རྒྱུད་གཞུང་གི་དབུ་མའི་ལྟ་བ་ལ། །རིམ་གྱིས་བཀྲི་ཞེས་སྨྲ་བ་ངོ་མཚར་གནས། །ངོ་བོ་ཉིད་དང་རང་བཞིན་རང་མཚན་སོགས། །ཐ་སྙད་སྟོན་པའི་གཞུང་གིས་ཀླུ་སྒྲུབ་ཀྱི། །རྟགས་ཀྱི་དགག་བྱ་སྟོན་པ་ག་ལ་ཡིན། །ཅི་སྟེ་ཡིན་ན་ཟླ་བའི་ཞབས་ཀྱིས་ཀྱང༌། །རང་གི་མཚན་ཉིད་རང་བཞིན་ངོ་བོ་ཉིད། །སྟོང་ཉིད་གསུམ་གྱི་སྟོང་གཞིའི་ཆོས་ཅན་ལ། །རང་བཞིན་ངོ་བོ་ཉིད་སོགས་ལུང་རིགས་ཀྱིས། །ལེགས་པར་བསྒྲུབས་ཅིང་དེའི་ལོག་ཕྱོགས་ལ། །གནོད་བྱེད་མང་དུ་བསྟན་པ་གཟིགས་ལགས་སམ། །ལྟ་བའི་ཚེ་ན་རང་རྒྱུད་གཞུང་མང་དུ། །དགག་བྱའི་ཁྱད་པར་མེད་པར་ཆོས་རྣམས་ཀུན། །རང་བཞིན་མེད་ཅིང་རང་གི་མཚན་ཉིད་ཀྱིས། །མེད་ཅིང་ངོ་བོ་ཉིད་ཀྱིས་མེད་པར་གསུངས། །དེ་ཕྱིར་ཐལ་རང་གཞུང་གི་གྲུབ་མཐའ་ལ། །མི་འདྲའི་རྣམ་དབྱེ་ཤིན་ཏུ་མང་མོད་ཀྱང༌། །ཀླུ་སྒྲུབ་ཞབས་ཀྱིས་གཟིགས་པའི་ལྟ་བ་དེ། །རྙེད་དང་མ་རྙེད་རྣམ་དབྱེ་བྱར་མི་རུང༌། །རང་རྒྱུད་རྟགས་ཀྱི་དོན་གོ་རང་དབང་དུ། །གྲུབ་པའི་དོན་ལ་བྱེད་པ་རང་རྒྱུད་ཀྱི། །གཞུང་ལུགས་གང་ནའང་མེད་ཅིང་དངོས་སྨྲ་བ། །རྟགས་དང་ཆོས་ཅན་བསྒྲུབ་བྱའི་ཆོས་ལ་སོགས། །རང་རྒྱུད་རྟགས་ཀྱི་རྣམ་གཞག་ཕལ་ཆེ་བ། །རྟོག་པས་སྒྲོ་བཏགས་ཙམ་དུ་ཁས་ལེན་པར། །ཚད་ལྡན་མཁས་པའི་སྐྱེ་བོ་ཀུན་གྱིས་བཞེད། །མདོ་སེམས་གཉིས་ཀྱིས་རྒྱུན་དང་རགས་པ་ཀུན། །རང་མཚན་ཉིད་ཀྱིས་གྲུབ་པར་ཁས་མི་ལེན། །དེ་དང་གཞན་དག་རྩོད་ཚེ་རང་མཚན་གྱིས། །གྲུབ་པའི་ཆོས་ཅན་མཐུན་སྣང་ཇི་ལྟར་རྙེད། །དེ་ཕྱིར་འདི་དག་རང་བཟོའི་ཆོས་ལུགས་ཡིན། །ཤེར་ཕྱིན་མདོ་དང་མངོན་པར་རྟོགས་པའི་རྒྱན། །སེམས་ཙམ་འགྲེལ་པའི་སྲོལ་འགའ་མ་གཏོགས་པ། །མངོན་པར་རྟོགས་པའི་རྒྱན་གཞུང་དྲང་དོན་དུ། །འགྲེལ་བྱེད་དབུ་མའི་གཞུང་ལུགས་སྔོན་མ་བྱུང༌། །ཤེས་སྒྲིབ་སྤངས་པའི་ཉན་ཐོས་ཡོད་ཅེས་པའི། །རང་རྒྱུད་ལུགས་འདི་ཤིན་ཏུ་མཛེས་མ་ཡིན། །བདེན་གྲུབ་རིགས་པས་བསྒྲུབ་པའི་དབུ་མ་པ། །ཡོད་ཅེས་སྨྲ་བ་རང་ཚིག་འགལ་བའི་ཁུར། །རང་རྒྱུད་གཞུང་ནས་བཤད་པའི་ལྟ་བ་དེ། །ཇི་བཞིན་དབུ་མའི་ལྟ་བ་མིན་གྱུར་ན། །དེ་ནས་ཇི་སྐད་བཤད་པའི་བདེན་འཛིན་ཡང༌། །ཆོས་ཀྱི་བདག་ཏུ་འཛིན་པར་ག་ལ་འགྱུར། །རང་རང་གཞུང་ནས་བཤད་པའི་སྒྲིབ་པ་ཀུན། །དེ་ནས་བཤད་པའི་གཉེན་པོས་མི་སེལ་ན། །རྒྱལ་བས་དབང་པོར་འཚམ་པའི་ཆོས་བསྟན་པ། །ཚད་ལྡན་མཁས་པའི་གཞུང་གིས་བཀྲལ་བར་འགལ། །རང་རྒྱུད་གཞུང་གི་རྗེས་འབྲང་ལྟ་བ་དེས། །ཀུན་ཏུ་བརྟགས་པའི་བདེན་འཛིན་ཙམ་འཇོམས་ན། །དེའི་རིགས་རྒྱུན་རིང་དུ་གོམས་པའི་བློས། །ལྷན་སྐྱེས་བག་ཆགས་བཅས་པ་ཅིས་མི་འཇོམས། །ཀུན་བརྟགས་སྒྲིབ་པའི་ས་བོན་སེལ་ནུས་པའི། །གཉེན་པོ་ཉིད་དང་དེ་རྒྱུན་གོམས་པའི་བློ། །མཐོང་དང་གོམས་པའི་ལམ་ཞེས་སྟོན་པ་ནི། །འཛམ་གླིང་མཁས་པ་ཀུན་གྱི་བཞེད་གཞུང་ཡིན། །བདེན་མེད་མངོན་སུམ་གཟིགས་པའི་རང་རྒྱུད་པ། །མེད་ཅིང་བདག་མེད་མངོན་སུམ་གཟིགས་པ་ཡི། །སེམས་ཙམ་འདོད་པ་འདི་ཡང་འགལ་བའི་ཁུར། །དགྲ་བཅོམ་ཐེག་པ་ཆེན་པོར་ཞུགས་པ་ན། །མཐོང་དང་སྒོམ་པར་བྱ་བའི་ས་བདུན་དུ། །སྤང་བར་བྱ་དང་གཉེན་པོའི་རིམ་པ་ཀུན། །མེད་ཅེས་འདོད་པའི་ཐལ་འགྱུར་ལུགས་མཆོག་མཚར། །བདག་འཛིན་གཉིས་དང་དེ་སྐྱེས་ཉེས་པའི་ཚོགས། །མ་ལུས་ཉོན་མོངས་སྒྲིབ་པར་ཁས་བླངས་ན། །ཤེས་བྱའི་སྒྲིབ་པ་གཟུང་དུ་མེད་པ་ཡི། །ཐལ་འགྱུར་ལུགས་མཆོག་འདི་ཡང་ངོ་མཚར་གནས། །གཉེན་པོའི་ཚོགས་རྣམས་མ་ལུས་གཅིག་བསྡུས་ནས། །གཞོམ་པར་སླ་བའི་ཉོན་མོངས་གཞོམ་ལ་སྒྲིམ། །ཤིན་ཏུ་རྒལ་དཀའི་ཤེས་བྱའི་སྒྲིབ་པ་ལ། །གཉེན་པོའི་ངོས་བཟུང་མེད་པ་ཤིན་ཏུ་མཚར། །འཇིག་རྟེན་ལམ་གྱི་སྲིད་པའི་རྩེ་མོ་ལ། །ཆགས་བྲལ་བྱེད་ཅེས་སྨྲ་བ་ནང་པའི་གཞུང༌། །གང་ནའང་མེད་ཅིང་སོ་སོ་སྐྱེ་བོ་ལ། །རྣལ་འབྱོར་མངོན་སུམ་འདོད་པ་སེར་སྐྱའི་ལུགས། །སྟོང་ཉིད་རྟོགས་པ་མེད་ན་ཕྱི་རོལ་པའི། །དྲང་སྲོང་ཇི་བཞིན་སྲིད་པའི་རྩེ་མོ་ལ། །ཆགས་བྲལ་མེད་པར་དཔལ་ལྡན་ཟླ་བས་བཤད། །དེ་དང་འདི་ཡི་འགལ་བ་ཇི་ལྟར་སྤོང༌། །ཟག་མེད་ལམ་གྱིས་བསྡུས་པའི་འཇིག་རྟེན་པ། །འདི་འདྲ་འདི་ཡང་རྒྱལ་བ་གཞན་གྱི་ལུགས། །དགྲ་བཅོམ་ཆགས་བྲལ་སྔོན་སོང་ཡོད་ཅེས་པ། །འདི་ནི་སྔོན་མེད་ཤིང་རྟའི་སྲོལ་འབྱེད་ཡིན། །འཇིག་རྟེན་ལམ་གྱིས་མཐོང་སྤངས་ཀུན་སྦྱོར་གསུམ། །འགོག་ཅེས་བཤད་པ་སངས་རྒྱས་ཆོས་ལ་མེད། །གང་ཟག་གཞན་ལ་བདག་ཏུ་འཛིན་པ་ནི། །འཇིག་རྟེན་སྨྱོན་པ་མིན་ལ་འབྱུང་མི་སྲིད། །འཇིག་རྟེན་མ་ལུས་སེམས་ཀྱིས་བྱས་པ་དང༌། །ཀུན་གྱི་བྱེད་པོ་བདག་ཏུ་འདོད་པ་འགལ། །བདེན་འཛིན་བློ་ལ་སྲིད་པའི་ཡན་ལག་གིས། །བསྡུས་དང་མ་བསྡུས་གཉིས་སུ་ཟླ་བས་བཤད། །བདེན་འཛིན་མ་ལུས་སྲིད་པའི་ཡན་ལག་ཏུ། །འཆད་པ་དེ་ཡང་ཟླ་བའི་གཞུང་མ་ཡིན། །མངོན་པའི་གཞུང་ལས་འཇིག་རྟེན་འདས་ལམ་དུ། །བཤད་པ་དེ་དག་ཇི་བཞིན་མ་ཡིན་ན། །དེ་ནས་བཤད་པའི་ཆགས་བྲལ་དེ་དག་ལ། །དཔྱོད་ལྡན་སུ་ཞིག་ཡིད་བརྟན་བྱེད་པར་ནུས། །རྒྱ་ཆེན་མངོན་པའི་གཞུང་ལས་བཤད་པ་ཡི། །ཐར་པ་དག་ལ་ཡིད་བརྟན་མི་རུང་ན། །ཟབ་མོའི་མདོ་སྡེར་བཤད་པའི་ཀུན་མཁྱེན་ལ། །ཡིད་བརྟན་བྱེད་པའི་སྐལ་ལྡན་སུ་ཞིག་འབྱུང༌། །ཐལ་འགྱུར་མ་གཏོགས་ཤིང་རྟའི་སྲོག་ཀུན་གྱི། །ཐམས་ཅད་མཁྱེན་པའི་ལམ་བཟང་སྨོས་ཅི་དགོས། །ཐར་པར་སྒྲོད་པའི་ལམ་ཡང་མ་བསྟན་ཕྱིར། །འདི་དག་ཐར་འདོད་འཇུག་པའི་སྒོ་མིན་ཞེས། །དམ་ཆོས་ཕལ་ཆེར་སྤོང་བའི་སྡིག་ཆེན་ལ། །བློ་གསལ་སྐྱེ་བོ་ཀུན་གྱིས་བག་ཡོད་མཛོད། །རྒྱལ་བ་འདས་ཚུལ་བསྟན་ནས་རིང་ཞིག་ཏུ། །ཉན་ཐོས་བསྟན་པ་འབའ་ཞིག་དར་ཞིང་རྒྱས། །དུས་དེར་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཅི། །གང་ཞིག་ཉམས་སུ་བླངས་པས་སུ་ཞིག་གྲོལ། །ཉན་ཐོས་གཞུང་གི་ཐར་པའི་ལམ་ཞུགས་པས། །སྲིད་པའི་རྩེ་ལ་ཆགས་བྲལ་བྱེད་མིན་ན། །ཕྱི་རོལ་གཞུང་དང་ནང་པའི་གཞུང་ལུགས་ཀྱི། །ཐོབ་བྱའི་ཁྱད་པར་གང་ཡིན་སྨྲ་བར་རིགས། །གང་ཟག་བདག་མེད་བསྒོམས་པས་ཆོས་རྣམས་ཀྱི། །གནས་ཚུལ་མཐོང་ཞིང་དེ་ཡིས་ཉོན་མོངས་པ། །མ་ལུས་སྤངས་པའི་ཐར་པ་ཐོབ་པ་ནི། །གྲུབ་མཐའ་བཞི་ཀའི་ལམ་དུ་ཟླ་བས་བཞེད། །དབུ་མའི་གྲུབ་མཐར་མ་ཞུགས་གང་ཟག་འགས། །ཐར་པ་ཙམ་ཡང་ཐོབ་པའི་སྐབས་མེད་ན། །ཀུན་ཀྱང་ཐེག་པ་ཆེན་པོར་རིགས་གཅིག་པས། །ཐེག་པ་གསུམ་གྱི་རྣམ་གཞག་འདོད་པ་ཉམས། །ཐེག་པ་ཆེ་ཆུང་ལྟ་བས་མི་འབྱེད་པར། །ཐལ་རང་གཉིས་པོ་ལྟ་བས་འབྱེད་དོ་ཞེས། །སྨྲ་བ་འདི་ཡིས་རང་གི་འདོད་པ་ཡི། །དེ་ཉིད་སྟོན་གྱི་མཁས་པའི་གཞུང་དང་འགལ། །རྟོག་པས་སྒྲོ་བཏགས་མིན་པའི་ཡོད་པ་དེ། །དོན་དམ་བདེན་པའི་དོན་དུ་མཁས་རྣམས་བཞེད། །དེ་ཕྱིར་བདེན་པར་གྲུབ་པའི་ཚད་ཡིན་ཞེས། །སྨྲ་བ་ཚད་ལྡན་མཁས་པའི་གཞུང་གིས་བཀག །ཀུན་རྫོབ་བདེན་པའི་དོན་ལྡོག་བཤད་པ་ན། །དེ་ཡི་ལོག་ཕྱོགས་བདེན་པར་གྲུབ་པ་ཡི། །ཚད་དུ་རང་རྒྱུད་གཞུང་གིས་བཤད་དོ་ཞེས། །འདོད་པ་འདི་ཡང་དོན་དམ་བདེན་པ་ཀུན། །རྟགས་ཀྱི་དགག་བྱར་འདོད་པའི་གསང་ཚིག་ཡིན། །ཡིན་ལུགས་ཀུན་ཀྱང་རྟོག་པས་སྒྲོ་བཏགས་ན། །བཅོས་མ་མིན་པའི་གནས་ཚུལ་གང་ཞིག་ཡིན། །འགྱུར་མེད་ཡོངས་གྲུབ་རྟོག་པས་སྒྲོ་བཏགས་སུ། །འདོད་པ་ཚད་ལྡན་མཁས་པའི་གཞུང་ན་མེད། །ཆོས་འགའ་རྟོག་པས་བརྟགས་པ་ཤེས་པ་གང༌། །དེ་ཡིས་དེ་ཉིད་ཐུགས་སུ་ཆུད་གྱུར་ན། །རྣམ་རིག་སྨྲ་བས་གཟུགས་སོགས་སྒྲོ་བཏགས་སུ། །ཤེས་ཕྱིར་དེས་ཀྱང་དོན་དམ་ཅིས་མ་རྟོགས། །ཆོས་རྣམས་ཀུན་གྱི་གནས་ལུགས་ཡོད་པ་དང༌། །ཡུལ་གྱི་སྡོད་ལུགས་མེད་པར་འདོད་པའི་ཡང༌། །ཁྱད་པར་འདི་ཡང་ཀུན་མཁྱེན་གྱིས་མ་གཟིགས། །བཏགས་དོན་བཙལ་བས་རྙེད་པའི་དོན་ཡོད་ན། །བདེན་པ་གྲུབ་པའི་ཚད་དུ་འཇོག་པ་དང༌། །གང་གི་གནས་ཚུལ་དཔྱོད་པའི་རིག་ཤེས་ཀྱིས། །རྙེད་དོན་འདོད་པ་འདི་ཡང་ཅིས་མི་འགལ། །མཐར་ཐུག་དཔྱོད་པའི་བློ་ཡིས་སྟོང་པ་ཉིད། །བཙལ་བས་རྙེད་ཅེས་མང་དུ་སྒྲོག་པ་དང༌། །སྟོང་པ་ཉིད་ཀྱི་བཏགས་དོན་མི་རྙེད་པར། །འདོད་པ་འདི་ཡི་ཁྱད་པར་གང་ཡིན་སྨྲོས། །མཐོང་བས་སྤང་བྱའི་ཤེས་སྒྲིབ་མེད་གྱུར་ན། །རྒྱ་ཆེན་གཞུང་ལུགས་ཀུན་དང་འགལ་བར་དོགས། །ཞིག་པ་དངོས་པོར་འདོད་པ་རང་བཞིན་གྱི། །རྟག་དངོས་སྨྲ་བའི་གཞུང་གི་དེ་ཉིད་ཡིན། །དུས་གསུམ་རྫས་སུ་གྲུབ་པ་བྱེ་བྲག་ཏུ། །སྨྲ་བའི་གཞུང་གི་ནོར་པའི་རྩ་བ་ཡིན། །ཆུ་དང་བདུད་རྩི་རྣག་ཁྲག་ལ་སོགས་པའི། །ཡུལ་སྣང་མ་ལུས་ཕྱི་རོལ་དངོས་པོའི་སྟེང༌། །ཡོད་པར་འདོད་པ་ཕྱི་དོན་བདེན་གྲུབ་ཏུ། །འདོད་པའི་ལུགས་ཡིན་ཐེག་ཆེན་ཆོས་ལ་མེད། །གྲུབ་མཐས་བཏགས་པའི་བདེན་གྲུབ་བཀག་པ་ཡིས། །ལྷན་སྐྱེས་འཛིན་པའི་ཡུལ་ལ་མི་གནོད་ན། །མཐའ་བཞིའི་སྐྱེ་བ་བཀག་པས་སྐྱེ་མེད་དུ། །འགྲུབ་པར་འགྱུར་ཞིང་བདེན་པའི་གཅིག་སོགས་ལ། །གནོད་བྱེད་བསྟན་པས་ཆོས་ཀུན་བདེན་མེད་དུ། །གྲུབ་ཅེས་སྨྲ་བ་འདི་ཡང་ངོ་མཚར་ཆེ། །སྔོན་ཚེ་ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ་ཆེན་དཔལ་ལྡན་ཟླ་བའི་ལེགས་བཤད་ཟེར་གྱིས་རབ་ཕྱེ་མོད། །དིང་སང་འདི་ན་རང་བཟོའི་སྒྲ་གཅན་དབང་པོས་ཟླ་བའི་ལེགས་བཤད་མཐའ་དག་ནག་པོར་བྱས་པ་གང༌། །ཀུན་རྟོག་པིར་གྱིས་བྲིས་པའི་རི་མོ་རྣམ་བཀྲའི་བརྒྱ་བྱིན་གཞུ་ཡི་གུར་ཁང་མཛེས་པར་བཅིངས་པ་འདི། །ལུང་རིགས་རྩེ་བརྒྱ་གདེངས་པའི་ཚངས་པའི་འཁོར་ལོས་དྲལ་ནས་འོད་དཀར་སྣང་བས་ཕྱོགས་ཀུན་མཛེས་བྱེད་ཤོག །ཅེས་པ་འདི་ནི། ཡུལ་གངས་ཅན་གྱི་ལྗོངས་སུ་བྱུང་བའི་དབུ་མ་སྨྲ་བ། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས། མཁས་པའི་འབྱུང་གནས་དཔལ་གསང་ཕུ་ནེའུ་ཐོག་གི་གཙུག་ལག་ཁང་དུ་སྦྱར་བའོ།།  ༈ །དབུ་མ་ཐལ་རང་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་བསྟན་བཅོས། ངེས་དོན་གྱི་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱི་གྲུ་ཆེན་ཅེས་བྱ་བ་བཞུགས་སོ།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། གཞན་ཡིད་འཕྲོག་པའི་དབྱངས་ཅན་གཏམ་གྱིས་ནི། །རྟག་ཏུ་ལེགས་བཤད་ཚོལ་ལ་འདུན་གང་གི །ཡིད་ཀྱི་བཞོན་པ་གོང་ནས་གོང་འདྲེན་པའི། །ཤིང་རྟའི་སྲོལ་འབྱེད་ཀུན་ལ་ཕྱག་བགྱིའོ། །རྒྱན་དྲུག་མཁས་པའི་དྲང་ངེས་གཡོ་བྱེད་པའི། །དབུ་མའི་སྲོལ་འབྱེད་རྣམ་བཞིའི་རིང་ལུགས་མཆོག །གཞན་གྱིས་མ་ཤེས་དེང་འདིར་བཤད་པ་ན། །འཛམ་གླིང་མཛེས་པའི་རྒྱན་ཆེན་བཅུ་ཡིན་གྲང༌། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ལས་འབྱུང་བའི་ངེས་པའི་དོན་དེ་ཉིད་འགྲེལ་པར་བྱེད་པའི་ཤིང་རྟའི་སྲོལ་ཆེན་པོ་ནི་ཐོག་མར་གཉིས་ཤིག་བྱུང་སྟེ། གང་ཞེ་ན། རྣལ་འབྱོར་སྤྱོད་པའི་གཞུང་དང༌། མཐུན་པར་འགྲེལ་པ་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དང་མཐུན་པར་འགྲེལ་བའོ། །དང་པོ་ནི། སློབ་དཔོན་དབྱིག་གཉེན་དང༌། དཔལ་ལྡན་ཆོས་སྐྱོང་ཞབས་དང༌། ཕྱིས་བྱོན་པའི་ཤཱནྟི་པ་ལ་སོགས་པའོ། །གཉིས་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་ལ་སོགས་པའོ། །ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་འགྲེལ་ཚུལ་ལ་དེ་ལྟ་བུ་གཉིས་ཡོད་པར་ཡང༌། སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མའི་རྒྱན་ལས། ཚུལ་གཉིས་ཤིང་རྟ་ཞོན་ནས་སུ། །རིགས་པའི་སྲབ་སྐྱོགས་འཇུག་བྱེད་པ། །དེ་དག་དེ་ཕྱིར་ཇི་བཞིན་དོན། །ཐེག་པ་ཆེན་པོ་པ་ཉིད་ཐོབ། །ཅེས་དང༌། ཤཱནྟི་པས་མཛད་པའི་དབུ་མ་རྒྱན་དུ་གྲགས་པ་ལས། བྱམས་པ་ཐོགས་མེད་ཀྱིས་གསུངས་ཤིང༌། ཀླུ་སྒྲུབ་ཀྱང་ནི་བཞེད་གྱུར་པའི། །ཚད་མ་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་པོ་འདིར་བཤད་བྱ། །ཞེས་དང༌། ཇོ་བོ་ཨ་ཏི་ཤས། ཀླུ་སྒྲུབ་དང་ནི་ཐོགས་མེད་ཀྱང༌། །གྲུབ་པའི་མཐའ་ནི་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་བཤད་པའི་ཕྱིར་རོ། །དེ་ལྟ་བུའི་སྲོལ་འབྱེད་དང་པོ་དེས་སློབ་དཔོན་ཀླུ་སྒྲུབ་ཀྱི་མཐར་ཐུག་གི་དགོངས་པ་མ་རྟོགས་པར་བཤད་ནས། ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་དུ་འགྲེལ་བའི་སྲོལ་འབྱེད་ཀྱི་དང་པོ་ནི། རྒྱལ་སྲས་ཞི་བ་ལྷ་དང༌། སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་དང༌། ཟླ་བ་གྲགས་པའི་ཞབས་རྣམས་སོ། །དེ་དག་གི་ནང་ནས་རྒྱལ་སྲས་ཞི་བ་ལྷས་ནི། ཀླུ་སྒྲུབ་ཀྱི་དགོངས་པ་སེམས་ཙམ་དུ་འགྲེལ་བ་བཀག་ཀྱང༌། ཐལ་རང་གི་ཤིང་རྟའི་སྲོལ་ཕྱེ་བ་མེད་ལ། ཐལ་རང་གི་སྲོལ་ནི། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་ཀྱིས་ཐོག་མར་ཕྱེ་ཞིང༌། ཟླ་བ་གྲགས་པས་གསལ་བར་མཛད་པ་ཡིན་ནོ། །ཞེས་མདོར་བསྟན་ནས། དེ་ཉིད་རྒྱས་པར་འཆད་པ་ལ། །ཐལ་རང་ཇི་ལྟར་གྱེས་པའི་ཚུལ། དེ་དག་གི་གྲུབ་མཐའི་ཁྱད་པར་བཤད་པའོ། །དང་པོ་ནི། བསྟན་བཅོས་ཀྱི་ཐོག་མར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་གསུངས་པ་དེའི་དོན་འཆད་པ་ན། ཐོག་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། དངོས་པོ་གང་དག་གང་ན་ཡང་ཆོས་ཅན། བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། བདག་ལས་སྐྱེ་ན་སྐྱེ་བ་དོན་མེད་པ་དང་ཐུག་པ་མེད་པར་ཐལ་བའི་ཕྱིར་ཞེས་སོགས་ཐལ་འགྱུར་རྣམ་པ་བཞིའི་སྒོ་ནས། མཐའ་བཞིའི་སྐྱེ་བ་སུན་འབྱིན་པར་མཛད་ཀྱི་མཐའ་བཞིའི་སྐྱེ་མེད་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་འགོད་པར་མ་མཛད་དོ། །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ནི། མིག་སོགས་ཀྱི་དངོས་པོ་གང་དག་གང་ན་ཡང་ཆོས་ཅན། བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ། །དེ་ཆོས་ཅན། དོན་དམ་པར་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་སྣམ་བཞིན། ཞེས་སོགས་རང་རྒྱུད་ཀྱི་གཏན་ཚིགས་རྣམ་པ་བཞི་འགོད་པར་བྱེད་ཅིང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས། མཐའ་བཞིའི་སྐྱེ་བ་འགོག་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་པར་མ་མཛད་པ་ལ། སུན་འབྱིན་གྱི་རིགས་པ་མང་དུ་འཕེན་པར་མཛད་དོ། །དེའི་འོག་ཏུ་སློབ་དཔོན་ཟླ་བ་གྲགས་པས་སངས་རྒྱས་བསྐྱངས་ཀྱི་ཕྱོགས་བཟུང་ནས། ལེགས་ལྡན་འབྱེད་ཀྱི་ཕྱོགས་ལ་སུན་འབྱིན་མང་དུ་འཕེན་པར་མཛད་ཅིང༌། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་བརྗོད་པའི་སྐྱོན་དེ་དག་མི་འཇུག་པའི་ཚུལ་རྒྱས་པར་བཤད་པ་འདི་ཙམ་ལ་བརྟེན་ནས་དབུ་མ་ཐལ་རང་གཉིས་སུ་གྱེས་སོ། །དེ་སྐད་དུ་ཡང༌། དབུ་མ་ཚིག་གསལ་ལས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང༌། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ། །དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་ལ། འདི་ལ་སློབ་དཔོན་ལེགས་འབྱེད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང༌། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང༌། དེའི་ཆོས་བཟློག་པའི་དོན་མངོན་པས། དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པ་ཉིད་དུ་འགྱུར་བའི་ཕྱིར། གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་སྐྱོན་སྨྲས་ཏེ། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ༌། །ཞེས་པ་ནས། དབུ་མ་པ་ཡིན་ན་ནི། རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས་དང༌། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང༌། ཕ་རོལ་པོ་ཉིད་འབྲེལ་བ་ཡིན་གྱི། ཁོ་བོ་ཅག་མ་ཡིན་ཏེ། རང་ལ་དམ་བཅའ་བ་དག་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ལ། རང་གི་ལུགས་གཞག་པ་དང༌། གཞན་གྱི་ལུགས་མི་འཐད་པའོ། །དང་པོ་ལ། སྒྲུབ་བྱེད་རྟགས་ཀྱི་ཁྱད་པར་བསྒྲུབ་བྱ་དམ་བཅའི་ཁྱད་པར། འཇལ་བྱེད་ཚད་མའི་ཁྱད་པར། གཞལ་བྱ་ཡུལ་གྱི་ཁྱད་པར། གནས་སྐབས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་ཚུལ། མཐར་ཐུག་གི་ལྟ་བ་མཐུན་པས་མཇུག་བསྡུ་བའོ། །དང་པོ་ནི། རང་རྒྱུད་པ་ལྟར་ན། བདེན་མེད་དང་རང་བཞིན་སྐྱེ་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་རྣམ་པ་ལྔ་སྟེ། གཅིག་དང་དུ་བྲལ་གྱི་གཏན་ཚིགས། རྡོ་རྗེ་གཟིགས་མའི་གཏན་ཚིགས། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། མུ་བཞི་སྐྱེ་འགོག་གི་གཏན་ཚིགས། རྟེན་འབྲེལ་གྱི་གཏན་ཚིགས་རྣམས་སོ། །ཐལ་འགྱུར་བ་ལྟར་ན། འདི་དག་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་ཏེ། ཚུལ་གསུམ་དང་ཆོས་ཅན་མཇལ་བའི་ཚད་མ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་མེད་པའི་ཕྱིར་དང༌། ཆོས་ཅན་མིག་སོགས་ཀྱི་སྟེང་དུ། བདེན་ཡོད་འགོག་པ་ཡིན་གྱི་བདེན་མེད་མི་སྒྲུབ་པའི་ཕྱིར་དང༌། དོན་དམ་ལ་དཔྱོད་པའི་སྐབས་སུ་རང་ལུགས་ཀྱི་དམ་བཅའ་མེད་པའི་ཕྱིར། དེ་དང་དེ་མཇལ་བའི་ཚད་མ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་མེད་པ་ཅི་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དབུ་མ་པ་རང་ལུགས་ཀྱི་ཚད་མ་ཡིན་ན། དོན་དམ་མཇལ་བའི་ཚད་མ་ཡིན་པས་ཁྱབ། གཅིག་དང་དུ་བྲལ་སོགས་ཀྱི་གཏན་ཚིགས་ཀྱི་ཚུལ་གསུམ་དང་ཆོས་ཅན་ནི། ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར། ཞེས་སུན་ཕྱུང་ནས། རང་ལུགས་ལ། བདེན་གྲུབ་འགོག་པའི་རིགས་པ་ནི་རྣམ་པ་བཞི་སྟེ། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་ནི། ཇི་སྐད་དུ། དེ་ཉིད་དུ་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེས་དང༌། །རྒྱུ་ལ་མ་ལྟོས་ཡོད་མིན་པས་ན་དངོས་རྣམས་རང་བཞིན་བྲལ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། ཇི་སྐད་དུ། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང༌། །ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་སྐྱེ་བར་འགྱུར་ན་ནི། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང༌། ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཞེས་གསུངས་པ་ལྟ་བུའོ། །བཞི་པ་ནི། དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོས་མིག །བརྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླངས། །འདི་ཡི་ལན་ནི་གང་དང་གང་བཏབ་པ། །དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་བས། །རྩོད་འདི་སེལ་བྱེད། ཅེས་གསུངས་པ་ལྟ་བུའོ། །གཉིས་པ་བསྒྲུབ་བྱ་དམ་བཅའི་ཁྱད་པར་ལ། རང་རྒྱུད་པ་ལྟར་ན། དོན་དམ་པའི་བདེན་པ་ལ་འཇུག་པའི་རིགས་པ་གཉིས་ཏེ། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པ་དང༌། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་རིགས་པའོ། །དང་པོའི་སྐབས་སུ་ནི། རང་རྒྱུད་ཀྱི་དམ་བཅའ་དང༌། རྟགས་ཡང་དག་གི་བསྒྲུབ་བྱ་དང༌། དེ་ཡུལ་དུ་བྱེད་པའི་རྗེས་དཔག་གསུམ་ཀ་ཡོད་ཅིང༌། དེའི་ཚེ་ན་ཡུལ་དུ་གྱུར་པའི་མེད་དགག་དེ་རྣམས་དོན་དམ་པའི་བདེན་པ་མཚན་ཉིད་པ་ཡིན། དེ་ཡུལ་དུ་བྱེད་པའི་རྗེས་དཔག་ཚད་མ་རྣམས་ཡུལ་ཅན་གྱི་དོན་དམ་མཚན་ཉིད་པར་འདོད་དོ། །ཐལ་འགྱུར་བ་ལྟར་ན། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་ཚེ། བདེན་ཡོད་འགོག་པ་ཡིན་གྱི། བདེན་མེད་སྒྲུབ་པར་མི་བྱེད་དེ། སྤྲོས་པ་གཅིག་བཀག་ཤུལ་དུ་སྤྲོས་པ་གཞན་ཞིག་བསྒྲུབས་ན། སྤྲོས་པ་གཅོད་མི་ནུས་པའི་ཕྱིར་དང༌། ཐུག་མེད་དུ་ཐལ་བའི་ཕྱིར། དེས་ན་དབུ་མའི་གྲུབ་མཐའ་ལ་ཞུགས་ཕྱིན་ཆད། དོན་དམ་ལ་དཔྱོད་པའི་སྐབས་སུ། དམ་བཅའ་དང་ཁས་ལེན་གང་ཡང་མེད་པར་བཞེད། མདོར། སྤྲོས་པ་རིམ་གྱིས་གཅོད་པ་རང་རྒྱུད་པའི་ལུགས། སྤྲོས་པ་ཅིག་ཅར་དུ་གཅོད་པ་ཐལ་འགྱུར་བའི་ལུགས་ཞེས་བྱའོ། །གསུམ་པ་མཇལ་བྱེད་ཚད་མའི་ཁྱད་པར་ལ། རང་རྒྱུད་པས་ནི། བདེན་པ་གཉིས་ཀའི་སྐབས་སུ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པར་བཞེད། ཐལ་འགྱུར་བས་ནི། བདེན་པ་གཉིས་ཀའི་སྐབས་སུ། དཔེ་ཉེར་འཇལ་དང༌། ལུང་ཚད་མ་གཉིས་བསྣན་ནས་བཞིར་བཞེད། བཞི་པ་གཞལ་བྱ་ཡུལ་གྱི་ཁྱད་པར་ལ། རང་རྒྱུད་པས་ནི། བུམ་པ་བདེན་སྟོང་ལྟ་བུའི་སྤྲོས་པ་ཕྱོགས་གཅིག་བཀག་པའི་མེད་དགག་དེ། གནས་སྐབས་སུ་དོན་དམ་པའི་བདེན་པ་གོ་ཆོད་པོར་འདོད། ཐལ་འགྱུར་བས་ནི། བུམ་པའི་སྟེང་དུ་སྤྲོས་པ་མཐའ་དག་མ་བཀག་ན། སྤྲོས་པ་ཕྱོགས་གཅིག་བཀག་པའི་མེད་དགག་དེ། ཀུན་རྫོབ་བདེན་པ་ཁོ་ན་ཡིན་པས། གནས་སྐབས་སུ་ཡང་དོན་དམ་བདེན་པའི་གོ་མི་ཆོད་པར་འདོད། ལྔ་པ་གནས་སྐབས་ལྟ་བའི་ཁྱད་པར་ལ། རང་རྒྱུད་པ་ལྟར་ན། གཅིག་དང་དུ་བྲལ་གྱི་རྟགས་ལས། མྱུ་གུ་བདེན་མེད་དུ་ཞེན་པའི་ཞེན་བློ་དེ་གནས་སྐབས་དབུ་མའི་ལྟ་བ་གོ་ཆོད་པོ་ཡིན་པར་འདོད་ཅིང༌། ཞེན་བློ་དེའི་རྒྱུན་དེ་ཉིད་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་ཉམས་སུ་བླང་བྱ་ཡིན་པར་བཞེད། ཐལ་འགྱུར་པ་ལྟར་ན། དེ་ལྟར་ཞེན་པའི་བློ་དེ། དབུ་མའི་ལྟ་བ་གོ་ཆོད་པོ་མ་ཡིན་ཏེ། མཚན་འཛིན་ཡིན་པའི་ཕྱིར། དེའི་ཡུལ་དེ་ཡང་དོན་དམ་པའི་བདེན་པ་གོ་ཆོད་པོ་མ་ཡིན་ཏེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཞེས་བཞེད། དྲུག་པ་མཐར་ཐུག་གི་ལྟ་བ་མཐུན་པར་བསྟན་པས་མཇུག་བསྡུ་བ་ནི། མཐར་ཐུག་ཐལ་རང་གཉིས་ཀ་ལྟ་བ་མཐུན་པ་ཡིན་ཏེ། རང་རྒྱུད་པས་ཀྱང༌། སྤྲོས་པ་ཕྱོགས་གཅིག་བཀག་པའི་མེད་དགག་དེ། གནས་སྐབས་དོན་དམ་པའི་བདེན་པར་འདོད་ཀྱང༌། མཐར་ཐུག་ཡང་དག་པའི་ཀུན་རྫོབ་དང༌། རྣམ་གྲངས་པའི་དོན་དམ་དུ་འདོད་པའི་ཕྱིར་དང༌། དེ་ལྟར་རྟོགས་པའི་བློ་དེ་ཡང་གནས་སྐབས་སུ་དབུ་མའི་ལྟ་བར་འདོད་ཀྱང༌། མཐར་ཐུག་མཐུན་པའི་དོན་དམ་དུ་འདོད་པའི་ཕྱིར། དེ་སྐད་དུ་ཡང༌། དབུ་མ་བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་མཐུན་ཕྱིར་འདོད། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཞེས་དང༌། དབུ་མ་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཅེས་དང༌། དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།  །།གཉིས་པ་གཞན་གྱི་ལུགས་དགག་པ་ལ། བཞེད་པའི་རྣམ་གྲངས་དགོད་པ་དང༌། མི་འཐད་པའི་ཆ་དགག་པའོ། །དང་པོ་ནི། རྒྱ་གར་བ་ཁ་ཅིག་ན་རེ། སྒྱུ་མ་རིགས་སྒྲུབ་ཏུ་འདོད་པའི་དབུ་མ་པ་དང༌། རབ་ཏུ་མི་གནས་པའི་དབུ་མ་པའོ། །གཉིས་པ་ལ་ཡང༌། རྒྱུན་ཆད་རབ་ཏུ་མི་གནས་པ་དང༌། ཟུང་འཇུག་རབ་ཏུ་མི་གནས་པའི་དབྱེ་བས་གཉིས་ཡོད་དོ། །ཞེས་གསུང་ངོ༌། །པ་ཙབ་ལོ་ཙཱ་བ་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཁས་ལེན་པ་རང་རྒྱུད་པ། དེ་ཁས་མི་ལེན་པ་ཐལ་འགྱུར་བ་ཡིན་ནོ། །ཞེས་གསུང་ངོ༌། །ས་སྐྱ་པཎྜི་ཏའི་བཞེད་པས། ཇི་སྐད་དུ། ཐ་སྙད་དུ་ཡང་མི་སླུ་བ། །འདོད་པ་ཚད་མའི་ལུགས་ཡིན་ཏེ། །རང་རྒྱུད་ཕལ་ཆེར་དེ་དང་མཐུན། །ཅེས་བཞེད་དོ། །རྔོག་ལོ་ཙཱ་བ་ནི། ཇི་སྐད་དུ། རབ་ཏུ་མི་གནས་པ་དང་སྒྱུ་མ་ལྟ་བུ་ཡི། །ལུགས་གཉིས་རྣམ་འབྱེད་དེ་ཡང་རྨོངས་པ་མཚར་སྐྱེད་ཡིན། །ཞེས་གསུང་ངོ༌། །གངས་ཅན་པ་ཕྱི་མ་དག་ན་རེ། །དབུ་མ་པ་གཞིར་བྱས་པ་ལ། །ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་ལེན་པ་དེ་རང་རྒྱུད་པ་དང༌། དེ་ལྟར་ཁས་མི་ལེན་པ་དེ། ཐལ་འགྱུར་བ་ཡིན་ནོ། །ཞེས་གསུང་ངོ༌། །གཉིས་པ་ནི། ལུགས་ཕྱི་མ་འདི་འཐད་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཅེས་བྱ་བ་ཅི་ལ་ཟེར། ཆོས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་འཇོག་བྱེད་ལ་ཟེར་བ་ཡིན་ནམ། རྟགས་ཀྱི་དགག་བྱར་གྱུར་པའི་རང་གི་མཚན་ཉིད་ལ་འདོད་པ་ཡིན། དང་པོ་ལྟར་ན་ནི། སློབ་དཔོན་ཟླ་བ་གྲགས་པས་ཀྱང་ཁས་བླངས་ཏེ། འཇུག་པ་ལས། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཞེས་སོགས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་མཚན་ཉིད་ཁས་བླངས་པའི་ཕྱིར། གཉིས་པ་ལྟར་ན། རང་རྒྱུད་པས་རྟགས་ཀྱི་དགག་བྱ་ཀུན་རྫོབ་བདེན་པ་འཇོག་པའི་ཚེ་ཁས་བླངས་པ་ཡིན་ནམ། དོན་དམ་བདེན་པ་འཇོག་པའི་ཚེ་ཁས་བླངས་པ་ཡིན། གཉིས་པ་ལྟར་ན། དབུ་མ་རང་རྒྱུད་པ་ཆོས་ཅན། བདེན་གྲུབ་ཁས་བླངས་པར་ཐལ། དོན་དམ་པར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པའི་ཕྱིར། རྟགས་ཁས་བླངས་སོ། །དང་པོ་ལྟར་ན། སློབ་དཔོན་ཟླ་བ་གྲགས་པ་ཆོས་ཅན། དབུ་མའི་རྟགས་ཀྱི་དགག་བྱ་ཁས་བླངས་པར་ཐལ། ཀུན་རྫོབ་བདེན་པ་འཇོག་པའི་ཚེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པའི་ཕྱིར། ཁྱབ་པ་ཁས་བླངས། རྟགས་གྲུབ་སྟེ། འཇིག་རྟེན་པ་རྣམས་ཀྱིས་འཇིག་རྟེན་རང་ལུགས་ཀྱི་དོན་དམ་པའི་བདེན་པ་འཇོག་པའི་ཚེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པ་གང་ཞིག ཟླ་བ་གྲགས་པས་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་ན་ཇི་ལྟར་གྲགས་པ་བཞིན་དུ་ཁས་ལེན་པའི་ཕྱིར་རོ། །ཐལ་རང་ཉི་ཟླའི་འགྲོས་ཆེན་ལ་བརྟེན་ནས། །ངེས་དོན་གླིང་བཞིའི་དེ་ཉིད་བལྟ་འདོད་ན། །གཞན་ལ་མེད་པའི་རྣམ་དཔྱོད་ཁ་ལོ་པས། །གང་དྲངས་ཤིང་རྟའི་འཁོར་ལོ་འདི་ལོང་ཤིག །ཅེས་དབུ་མ་ཐལ་རང་གི་གྲུབ་པའི་མཐའ་རྣམ་པར་དབྱེ་བའི་བསྟན་བཅོས། ངེས་དོན་གྱི་རྒྱ་མཚོར་འཇུག་པའི་རྣམ་དཔྱོད་ཀྱི་གྲུ་ཞེས་བྱ་བ་འདི་ཡང༌། སྟན་གཅིག་པ་བློ་གྲོས་བརྟན་པས་བསྐུལ་བའི་ངོར་བགྱིས་ནས། ཡུལ་དབུས་ཀྱི་དབུ་མ་པ། འཇམ་དཔལ་དགའ་བའི་བཤེས་གཉེན་གྱིས། །གཙང་གཡས་རུའི་སའི་ཐིག་ལེར་གྲུབ་པའི་ཡི་གེ་པ་ནི། བཤེས་གཉེན་ཀུན་དགའ་བཀྲ་ཤིས་སོ།།  །།མངྒ་ལཾ།།  ༈ །།གཞན་ལུགས་ཀྱི་ནི་དབུ་མ་ལ། །རྟོག་གེས་བརྟགས་པའི་ནོར་པའི་ཕྲང༌། །བརྒྱ་དང་རྩ་བརྒྱད་ཡོད་པ་ཡི། །ངོས་འཛིན་གསལ་པོ་འདི་ན་བཞུགས།།  ༄། །ལྷ་གཞོན་ཡིད་འཕྲོག་གྲགས་པའི་ལང་ཚོ་ཅན། །ལྷ་མིན་གྱིས་སྦྱར་ལོག་པའི་གཞུང་ལུགས་ཀུན། །ལྷ་དང་བྲལ་བ་བཞིན་དུ་མཐར་མཛད་པའི། །ལྷ་མཆོག་ཡོངས་ཀྱི་མགོན་དེར་ཕྱག་བྱས་ནས། །ཕྱི་རབས་བྱོན་པའི་གྲགས་པ་གསལ་ལྡན་དག །བསྙེངས་བྲལ་ཟླ་བའི་དགོངས་པ་ལྟར་བཅོས་ནས། །རྟོག་གེས་བཏགས་པའི་ནོར་པའི་ཕྲང་ཆེན་ནི། །བརྒྱ་དང་རྩ་བརྒྱད་འཛིན་པ་འདིར་བགྲང་བྱ། །དེ་ཡང་འདི་ལྟར། དབུ་མ་ཐལ་རང་གི་ཁྱད་པར། སྤྱིར་རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་མི་ལེན་ལ་འཆད་པ་འཁྲུལ། རང་རྒྱུད་དུ་འཇོག་པ་ལ་ཤེས་འདོད་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་དགོས་པར་འདོད་པ་ནོར། ཐལ་འགྱུར་བ་དང་དངོས་སྨྲ་བ་རྩོད་པའི་ཚེ་ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པར་འདོད་པ་འཁྲུལ། རང་རྒྱུད་དང་གཞན་གྲགས་ཀྱི་ཁྱད་པར་ཤེས་འདོད་ཆོས་ཅན་རང་བཞིན་གྱིས་གྲུབ་པ་ཡོད་མེད་ཀྱིས་འབྱེད་པ་ནོར། དོན་དམ་ལ་དཔྱོད་པའི་སྐབས་སུ་ཚུལ་གསུམ་རང་ལུགས་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་ཁས་ལེན་པ་འཁྲུལ། གཞན་ལ་གྲགས་ཀྱི་གཏན་ཚིགས་ཚུལ་གསུམ་རྒོལ་བ་གཉིས་ཀའི་ཚད་མས་གྲུབ་པར་ཁས་ལེན་པ་ནོར། མྱུ་གུ་དཔྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོར། མྱུ་གུ་དང་བདེན་མེད་ཀྱི་ཚོགས་དོན་བསྒྲུབ་བྱར་འདོད་པ་འཁྲུལ། དེའི་ཚེ་རྟགས་བསྒྲུབ་བྱའི་ཆོས་ལ་རྗེས་སུ་འགྲོ་བ་ཁས་ལེན་པ་ནོར། དཔེ་གཟུགས་བརྙན་དེ་དེ་དུས་ཀྱི་མཐུན་དཔེ་ཡང་དག་མ་ཡིན་པར་འདོད་པ་འཁྲུལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་ན། དེའི་རིགས་པ་རྐྱང་པས་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ནུས་པ་དང༌། དེ་རྟོགས་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པས་ཁྱབ་པ་དང༌། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱི་ཕྱོགས་ཆོས་ཚད་མས་ངེས་པའི་དུས་སུ། དབུ་མའི་ལྟ་བ་མ་སྐྱེས་བར་འདོད་པ་རྣམས་ནི་བཅུ་ཚན་དང་པོའོ།།  །།རྟགས་ཀྱི་དགག་བྱ་ངོས་མ་ཟིན་པར་བདེན་མེད་ངོས་འཛིན་པར་འདོད་པ་དང༌། བདེན་མེད་ཀྱི་དོན་སྤྱི་འཆར་བ་བདེན་གྲུབ་ཀྱི་དོན་སྤྱི་འཆར་བ་ལས་ཟེར་བ་གཉིས་ཀ་འཁྲུལ། བློ་གནོད་མེད་ལ་སྣང་བའི་དབང་གིས་བདེན་པར་བཞག་པ་མ་ཡིན་པའི་ཡོད་པ་དེ་རང་རྒྱུད་པའི་ལུགས་ཀྱི་བདེན་ཚད་ཡིན་ཟེར་བ་དང༌། དེའི་ཤེས་བྱེད་དུ་དབུ་མ་སྣང་བའི་ལུང་དྲངས་པ་གཉིས་ཀ་ནོར། རྟོག་པས་སྒྲོ་བཏགས་མིན་པར་འདོད་པ་དེ་ཐལ་འགྱུར་བའི་བདེན་ཚད་དུ་འཇོག་པ་དང༌། དེའི་ཤེས་བྱེད་ཀྱི་ཁུངས་སུ་བཞག་པ་ཐམས་ཅད་མ་འབྲེལ། སྤྱིར་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་དང༌། བྱེ་བྲག་དུ་དོན་དམ་པའི་བདེན་པ་དེས་བཏགས་པར་འདོད་པ་གཉིས་ཀ་འཁྲུལ། ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཡིན་པ་དབུ་མ་སྣང་བའི་ལུང་དེའི་དོན་དུ་འཆད་པ་ཡིན་པ་དང༌། སྤྱིར་ཡང༌། ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་བདེན་པར་གཞག་པ་ཙམ་ཡིན་པ་དབུ་མ་རང་རྒྱུད་པའི་འདོད་པར་འཆད་པ་འཁྲུལ་ལོ་ཞེས་བྱ་བ་འདི་དག་ནི་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་གཉིས་པའོ།།  །།ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་བཀག་པའི་རིགས་པ་རྣམས་ཀྱི་དགོངས་པ་འཆད་མ་ཤེས་པས་ནོར། ཟླ་བས་དེ་ལ་སྐྱོན་སྤོང་མཛད་པའི་དགོངས་པ་འཆད་ལུགས་ཤིན་ཏུ་འཁྲུལ། ཀུན་རྫོབ་བདེན་པའི་འཇོག་བྱེད་སྤྱིར་ཐ་སྙད་པའི་ཚད་མ་དང༌། བྱེ་བྲག་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་འཆད་པ་འཁྲུལ། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་དབུ་མ་རང་ལུགས་ལ་གྲགས་པའི་ཚད་མས་གྲུབ་པར་འཆད་པ་ནོར། སྤྱིར་ཀུན་རྫོབ་བདེན་པ་དང༌། བྱེ་བྲག་ལོག་པའི་ཀུན་རྫོབ་ཡིན་ནའང་ཡོད་པས་ཁྱབ་པར་འདོད་པ་འཁྲུལ། ཐལ་འགྱུར་བའི་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ལ་ཡང་གཉིས་སུ་མི་འབྱེད་ཟེར་བ་ནོར། ཐལ་འགྱུར་བ་རང་ལུགས་ལ་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་འཆད་མ་ཤེས་པས་ནོར། མྱ་ངན་ལས་འདས་པ་དང་དོན་དམ་པའི་བདེན་པ་སོགས་ཐ་སྙད་དུ་བྱ་བ་ཇི་སྙེད་པ་དབུ་མའི་རང་ལུགས་ལ་སྤྱིར་ཀུན་རྫོབ་དང༌། བྱེ་བྲག་ཡང་དག་ཀུན་རྫོབ་དུ་འཆད་མ་ཤེས་པས་ནོར། འཇིག་རྟེན་པ་ཉིད་ལ་གྲགས་པའི་དོན་དམ་དང༌། ཀུན་རྫོབ་གཉིས་སུ་འབྱེད་མ་ཤེས་པས་ནོར། འཇིག་རྟེན་གྲགས་པའི་དོན་དམ་ཐམས་ཅད་དབུ་མའི་ཐ་སྙད་ཁོ་ན་ཡིན་པ་དང༌། དབུ་མའི་ཐ་སྙད་མངོན་སུམ་དུ་གྲགས་པ་ཐམས་ཅད་ལྟ་བས་སྤྲོས་པ་གཅོད་པའི་དུས་ཀྱི་ཀུན་རྫོབ་ཏུ་འཇོག་དགོས་པའི་རྣམ་གཞག་མ་ཤེས་པས་འཁྲུལ་ཞེས་བྱ་བ་འདི་ཡང་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་གསུམ་པའོ།།  །།དོན་དམ་པའི་བདེན་པར་དཔྱད་གཞིར་བཟུང་ནས་དཔྱོད་པའི་རིགས་པས་དོན་དམ་བདེན་པ་རྙེད་པར་འཆད་པ་དང༌། དོན་དམ་བདེན་པ་རྟོགས་པའི་རྟོག་པ་ཡོད་པར་འདོད་པ་དང༌། དོན་དམ་པའི་བདེན་པ་བརྗོད་བྲལ་དུ་འཆད་མ་ཤེས་པ་གསུམ་ཀ་ནོར། སྤྲོས་པའི་མཚན་མ་ཐམས་ཅད་འགོག་པའི་དུས་སུ་དངོས་འགལ་དུ་ཁས་ལེན་པ་དང༌། དགག་པ་གཉིས་ཀྱི་རྣལ་མར་གོ་བར་འདོད་པ་དང༌། དུས་དེར་སྤྱིར་ཚད་མས་གྲུབ་པའི་ཆོས་གཅིག་ཁས་ལེན་པ་གསུམ་ཀ་ནོར། གཟུགས་ནས་རྣམ་ཀུན་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་ཅིང༌། དོན་དམ་པར་མེད་པ་དེ་དབུ་མའི་ལུགས་སུ་འཆད་པ་དང༌། དོན་དམ་ལ་དཔྱོད་པའི་སྐབས་སུ་ཅི་ཡང་ཡོད་པ་མིན་པར་ཁས་བླངས་ན་ཆད་པའི་ལྟ་བར་སོང་ཞེས་ཟེར་བ་དང༌། ཐ་སྙད་བདེན་པ་ལ་རིགས་པས་མི་དཔྱོད་ཟེར་བ་བཞིན་དུ། ཀུན་རྫོབ་ཀྱི་བདེན་པ་ཡོད་པར་ཐལ་འགྱུར་བའི་རང་ལུགས་ཀྱི་རིགས་པས་གྲུབ་པ་ནོར། བཏགས་དོན་བཙལ་བས་རྙེད་པའི་ཆོས་མེད་ཟེར་བཞིན་དུ་མྱུ་གུ་གཅིག་དང་དུ་མར་མ་གྲུབ་པའི་རིགས་པས་དཔྱད་པའི་ཚེ་ཡོད་པར་ཁས་ལེན་པ་འཁྲུལ་ལོ་ཞེས་བྱ་བ་འདི་ཡང་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་བཞི་པའོ།།  །།དབུ་མ་པས་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས། ཐབས་ཀྱིས་རྒྱ་ཆེན་པོ་ལ་འཇུག་པ་དེའི་ཚེ། འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པའི་བདེན་པ་དེ་ཉིད་ཁས་ལེན་གྱི། དངོས་སྨྲ་བ་ལ་གྲགས་པའི་ཀུན་རྫོབ་ནི་ཐ་སྙད་དུ་ཡང་ཁས་མི་ལེན་པའི་རྣམ་བཞག་མ་ཤེས་པས་ནོར། གང་ཟག་གི་བདག་དང་ཆོས་ཀྱི་བདག་གཉིས་ལ་དོན་དམ་དང་ཐ་སྙད་གཉིས་གཉིས་སུ་བཏགས་པ་ལས། དོན་དམ་གྱི་ཆ་ཡང་དག་ཀུན་རྫོབ་དང༌། ཐ་སྙད་ཀྱི་ཆ་ལོག་པའི་ཀུན་རྫོབ་དུ་འཇོག་པའི་རྣམ་བཞག་མ་ཤེས་པས་ནོར། དེ་དུས་ཀྱི་ཡང་དག་ཀུན་རྫོབ་དེ་འཇིག་རྟེན་གྱི་དོན་དམ་བདེན་པ་དང༌། དབུ་མའི་རང་ལུགས་ཀྱི་ལོག་པའི་ཀུན་རྫོབ་དུ་ཡང་མེད་པ་དང༌། ལྷན་ཅིག་སྐྱེས་པའི་མ་རིག་པས་བཏགས་པའི་བདག་གཉིས་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པར་བཤད་པའི་རྣམ་དབྱེ་མ་ཕྱེད་པར། ཆོས་བདག་ཐ་སྙད་དུ་ཡང་མེད་པ་དང༌། འཇིག་ལྟའི་དམིགས་པར་གྱུར་པའི་བདག་ཐ་སྙད་དུ་ཡོད་པར་ཁས་བླངས་པས་ནོར། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དང༌། གང་ཟག་གི་བདག་གཉིས་ལ་ཡོད་མེད་ཁྱད་པར་ཕྱེ་བས་ནོར། བདག་དང་ཤིང་རྟ་ཐ་སྙད་དུ་ཡོད་མཉམ་དུ་སྟོན་པ་དང༌། རང་ལུགས་ལ་མེད་མཉམ་དུ་བསྟན་པའི་ཁྱད་པར་མ་ཕྱེད་པས་ནོར། གང་ཟག་གི་བདག་ཏུ་འཛིན་པའི་རྟོག་པས་བདག་གི་ཐ་སྙད་འདོགས་ཚུལ་དང༌། ཤིང་རྟ་འཛིན་པའི་རྟོག་པས་ཤིང་རྟའི་ཐ་སྙད་འདོགས་ཚུལ་མཚུངས་པར་བཤད་མ་ཤེས་པས་ནོར། འདུ་བྱེད་ཀྱི་ཕུང་པོའི་བདག་ཞིག་བདག་གི་མཚན་གཞིར་ཁས་བླངས་པས་ནོར། གང་བདག་ཡིན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པ་ཁྱབ་པར་བཤད་པ་མ་ཤེས་པས་ནོར། ཞེས་བྱ་བ་འདི་ཡང་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་ལྔ་པའོ།།  །།བདག་གཉིས་ཀྱི་འཇོག་མཚམས་ལས་མ་གཏོགས་པའི་བདག་ཕུང་གསུམ་པའི་རྣམ་བཞག་ཁས་བླངས་པས་ནོར། ང་དང་བདག་ཡིན་ན་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་མ་ཡིན་པས་ཁྱབ་པར་འཆད་པ་དང༌། ཕུང་པོ་ལ་བཏགས་པའི་ང་ཙམ་མེད་པར་མ་རྟོགས་ཀྱང་གང་ཟག་གི་བདག་མེད་པར་མ་རྟོགས་པར་འཆད་པ་དང༌། དེར་འདོགས་མཁན་དེ་ངར་འཛིན་ལྷན་སྐྱེས་ཡིན་པར་འཆད་མ་ཤེས་པ་གསུམ་ཀ་ནོར། ཤིང་རྟ་དང་བདག་གཉིས་མེད་མཚུངས་སུ་འདོད་པ་དབུ་མའི་ལུགས་དང༌། གཉིས་ཀ་ཡོད་མཚུངས་སུ་འདོད་པ་མུ་སྟེགས་རྟག་སྨྲ་བའི་ལུགས་དང༌། བདག་མེད་ལ་ཤིང་རྟ་ཡོད་པར་རང་སྡེ་དོན་སྨྲ་བའི་ལུགས་ཡིན་པར་འཆད་མ་ཤེས་པས་ནོར། གནས་ཚུལ་ལ་སེམས་པའི་ཤེས་རབ་ཀྱིས་ཤིང་རྟ་མེད་པར་མ་རྟོགས་བཞིན་དུ་ཤིང་རྟ་ལ་བདེན་པར་འཛིན་པའི་བློ་སྤོང་ནུས་པར་འཆད་པ་ནོར། བདག་གི་མཚན་གཞིར་ཁས་ལེན་པ་དེ་མེད་པར་མ་རྟོགས་བཞིན་དུ་བདག་མེད་རྟོགས་པར་ཁས་ལེན་པ་ལ། སྦྲུལ་དང་གླང་ཆེན་གྱི་དཔེས་གནོད་པ་བསྟན་པ་དེ་འཇུག་པར་མ་ཤེས་པས་ནོར། བདག་དངོས་པོར་ཁས་བླངས་ན་རིགས་པས་དཔྱད་བཟོད་དུ་ཐལ་བར་གཞུང་ལས་བཤད་པ་དེ་འཆད་མ་ཤེས་པས་ནོར། བདག་དང་འཇིག་རྟེན་རྟག་མི་རྟག་དུ་ཡང་ལུང་བསྟན་དུ་མེད་པ་དེ་དབུ་མའི་རང་ལུགས་ཡིན་པར་འཆད་མ་ཤེས་པས་ནོར། མ་བརྟགས་གྲགས་པར་ཁས་ལེན་པ་དེའི་ཚེ། རྟག་མི་རྟག་སོགས་ཀྱི་དཔྱད་པ་མི་འཇུག་པར་འཆད་མ་ཤེས་པས་ནོར། བྱེད་པའི་སྐྱེས་བུ་བཅུ་གཉིས་ཞེས་བྱ་བ་རིག་བྱེད་ཀྱི་བསྟན་བཅོས་ལས་འབྱུང་བ་གཞན་འཇིག་རྟེན་ན་གྲགས་པ་དེ་ཉིད་སངས་རྒྱས་ཀྱི་གསུང་རབ་ལས་ཐ་སྙད་བྱས་པ་དེ་ཉིད་རང་ལུགས་ཡིན་པར་ཁས་བླངས་པས་ནོར། སངས་རྒྱས་ཀྱི་ས་ན་བདག་ཡོད་པར་ཁས་བླངས་པས་ནོར་རོ། །ཞེས་བྱ་བ་འདིས་ནི་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་དྲུག་པའོ།།  །།བདག་མེད་གཉིས་ཀྱི་འཇོག་མཚམས་ཆོས་ཅན་རྐྱང་པའི་སྒོ་ནས་འབྱེད་པ་མ་གཏོགས་དེར་འཛིན་གྱི་བློ་ལྷན་སྐྱེས་གཉིས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ལ་ཁྱད་པར་མེད་པ་འཁྲུལ། ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་བདག་འཛིན་གང་དུ་ཡང་འཆད་མ་ཤེས་པས་ནོར། མིག་སྣ་སོགས་ང་ཡི་བའི་མཚན་གཞིར་ཁས་བླངས་པས་འཁྲུལ། ཆོས་ཀྱི་བདག་འཛིན་མཐའ་དག་ཉོན་སྒྲིབ་དུ་ཁས་བླངས་པས་ནོར། ཐེག་དམན་དགྲ་བཅོམ་པས་ཉོན་སྒྲིབ་མ་ལུས་པ་སྤངས་སོ་ཞེས་འཆད་པས་འཁྲུལ། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྒྱས་པ་མི་སྒོམ་པའི་དོན། སྒྲུབ་བྱེད་ཀྱི་རིགས་པ་རྒྱས་བསྡུས་ལ་འཆད་པ་ནོར། བདེན་འཛིན་ཡིན་ན་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡིན་པས་ཁྱབ་པར་འཆད་པ་འཁྲུལ། བདེན་འཛིན་གྱི་ས་བོན་དྲུངས་ཕྱུངས་ནས་ཤེས་སྒྲིབ་མ་སྤངས་པར་འཆད་པ་འཁྲུལ། ཐེག་དམན་དགྲ་བཅོམ་པས་ས་དང་པོ་ནས་ཉོན་མོངས་ཅན་གྱི་མ་རིག་པ་སྤངས་པར་བཤད་པའི་དགོངས་པ། ཡང་སྲིད་འཕེན་འགྲུབ་ཀྱི་ལས་ཀུན་སློང་གི་མ་རིག་པ་དང་སྲེད་པ་སོགས་དང་མཚུངས་པར་ལྡན་པའི་བདེན་འཛིན་སྤངས་པ་ལ་འཆད་མ་ཤེས་པར་ས་དང་པོ་ནས་བདུན་པའི་བར་དུ་ཉོན་མོངས་པ་ཅན་གྱི་མ་རིག་པ་ཞེས་བྱ་བ་ཀུན་རྫོབ་བདེན་པ་འཇོག་བྱེད་དེ་ཡོད་པར་ཁས་བླངས་པས་འཁྲུལ། འཇུག་འགྲེལ་དུ་ཆགས་སོགས་ཉོན་མོངས་དང་མཚུངས་པའི་བདེན་འཛིན་དེ་རང་གི་ངོ་བོ་ཤེས་སྒྲིབ་ཡིན་ཀྱང༌། ཡང་སྲིད་འཕེན་འགྲུབ་ཀྱི་ཉོན་མོངས་དང་མཚུངས་པར་ལྡན་པ་ཙམ་ལ་ཉོན་མོངས་ཅན་དུ་བཏགས་པའི་དགོངས་པ་འཆད་མ་ཤེས་པས་འཁྲུལ་ཞེས་བྱ་བ་འདི་དག་ནི་ནོར་པའི་འཕྲང་ཆེན་པོ་རྣམ་པར་བཤད་པའི་བཅུ་ཚན་བདུན་པའོ།།  །།སངས་རྒྱས་ཀྱི་ས་ན་དངོས་ཀུན་ཡང་དག་བརྫུན་པ་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་ཀུན་རྫོབ་ཀྱི་བདེན་པ་ཡོད་པར་འཆད་པ་འཁྲུལ། སངས་རྒྱས་རང་སྣང་ལ་སྐབས་དེ་ནས་བསྟན་པའི་ཀུན་རྫོབ་ཀྱི་སྣང་བ་འཆར་བར་འདོད་པ་ནོར། སངས་རྒྱས་ལ་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཡོད་པར་འདོད་པ་འཁྲུལ། གཉིས་སྣང་གི་ཤེས་པ་ལ་འཁྲུལ་མ་འཁྲུལ་གཉིས་སུ་འབྱེད་པ་ལ་ཁུངས་མེད་པས་ནོར། དོན་དམ་པའི་བདེན་པ་སྨྲ་བསམ་བརྗོད་མེད་དང༌། རྟོག་པའི་ཡུལ་ལས་འདས་པ་དང༌། རྟགས་དང་དཔེ་ལ་བརྟེན་ནས་ཇི་ལྟ་བ་བཞིན་དུ་མི་རྟོགས་པར་འཆད་པ་གསུམ་ཀ་ནོར། ཡུལ་སྟོང་པ་ཉིད་དང༌། དེའི་ཡུལ་ཅན་ཡེ་ཤེས་གཉིས་ཐ་དད་དུ་སངས་རྒྱས་ཀྱིས་གཟིགས་པར་འཆད་པ་འཁྲུལ། དེ་གཉིས་ངོ་བོ་གཅིག་ཅིང་ལྡོག་པ་ཐ་དད་དུ་གནས་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་དེ་ལྟར་དུ་གཟིགས་པར་འཆད་པ་གཉིས་ཀ་ནོར། བདེན་པ་གཉིས་ཕན་ཚུན་དུ་འགལ་བར་འདོད་པ་ཡང་འཁྲུལ་ལོ་ཞེས་བྱ་བ་འདི་ནི་ནོར་པའི་འཕྲང་ཆེན་པོ་ངོས་འཛིན་པའི་བཅུ་ཚན་བརྒྱད་པའོ།།  །།ཐ་སྙད་དུ་ཡོད་ན་ཡོད་པས་ཁྱབ་པར་འཆད་པ་འཁྲུལ། དོན་དམ་དུ་ཡོད་པ་མ་ཡིན་པས་ཡོད་པ་ཡིན་པའི་གོ་མི་ཆོད་པར་འདོད་པ་འཁྲུལ། ཚད་མས་གྲུབ་པའི་དོན་ཞིག་རིགས་པས་དཔྱད་པའི་ཚེ་མེད་པར་ཁས་བླངས་ན་ཆད་པའི་མཐར་འགྲོ་བའི་ཚུལ་འཆད་མ་ཤེས་པས་ནོར། དབུ་མའི་རང་ལུགས་ལ་ཡོད་པའི་ཆོས་ཞིག་ཁས་བླངས་ན་རྟག་པའི་མཐར་འགྲོ་བའི་ཚུལ་འཆད་མ་ཤེས་པས་ནོར། དབུ་མའི་རང་ལུགས་ལ་ཡོད་པ་ཡིན་ན་འཕགས་པའི་མངོན་སུམ་མམ། འཕགས་པའི་རིགས་པ་ལ་བརྟེན་པའི་ཚད་མ་གང་རུང་གིས་འགྲུབ་དགོས་པའི་རྣམ་བཞག་འཆད་མ་ཤེས་པས་ནོར། ཚད་མས་གྲུབ་ན་ཡོད་དགོས་སོ་ཞེས་འཆད་པ་འཁྲུལ། རིགས་ངོར་མེད་པ་དང་སྤྲོས་པའི་མཐའ་བཞི་པོ་གང་རུང་གི་ཟླས་ཕྱེ་བའི་མེད་པ་གཉིས་པོའི་ཁྱད་པར་འབྱེད་མ་ཤེས་པས་ནོར། བདེན་པ་གཉིས་པོ་གང་རུང་ཡིན་ན་སྤྲོས་པའི་མཐའ་དང་བྲལ་བ་ཡིན་ནོ། །ཞེས་འཆད་མ་ཤེས་པར་དེ་ཡིན་ན་ཡོད་དགོས་སོ་ཞེས་འཆད་པས་འཁྲུལ། ཡེ་ཤེས་ཀྱི་ངོ་བོར་མེད་པ་དང༌། མ་རིག་པའི་ངོར་མེད་པ་གཉིས་གཅིག་དུ་འཁྲུལ་ནས་དབུ་མའི་རང་ལུགས་མཐར་ཐུག་ལ་ཅི་ཡང་ཡོད་པ་མ་ཡིན་ན། ལས་འབྲས་ལ་བསྐུར་པ་བཏབ་པར་སོང་ཞེས་འཆད་པ་འཁྲུལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཁས་ལེན་པ་དང༌། རྟེན་འབྲེལ་དུ་ཁས་ལེན་པ་མི་འགལ་བ་ཡིན་ནོ། །ཞེས་ཚིག་ཏུ་འདོན་བཞིན་དུ་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པ་དང༌། རང་ལུགས་ལ་ཅི་ཡང་ཡོད་པ་མ་ཡིན་པ་གཉིས་ཁས་ལེན་པ་མིན་པར་འཁྲུལ་ལོ། །ཞེས་བྱ་བ་འདི་ནི་ནོར་པའི་འཕྲང་ཆེན་པོ་ངོས་བཟུང་བའི་བཅུ་ཚན་དགུ་པའོ།།  །།ཀུན་གཞིའི་སྟེང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་བཞག་ནས། ནམ་ཞིག་དེ་ཡོངས་སུ་སྨིན་པ་ལས་འཁོར་འདས་ཀྱི་ཆོས་རྣམས་མངོན་དུ་འགྱུར་བ་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པའི་གཞུང་ལས་འབྱུང་བ་དེ་དེ་ལྟར་དུ་ཁས་མི་ལེན་པ་དང༌། སྤྱིར་ཀུན་གཞི་ཁས་མི་ལེན་པ་གཉིས་གཅིག་དུ་འདྲེས་པས་ནོར། དབུ་སེམས་གཉིས་ཀ་ཡང་ཀུན་གཞི་ངོས་འཛིན་ལུགས་གཅིག་ཡིན་པ་ལ། དེ་ཉིད་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཅན་དང༌། དེའི་རྣམ་སྨིན་དུ་འདོད་པ་དང་མི་འདོད་པ་དབུ་སེམས་ཀྱི་ཁྱད་ཡིན་པ་དེ་མ་ཤེས་པས་ནོར། དོན་དམ་བདེན་པ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཐམས་ཅད་རང་རིག་པའི་ཡེ་ཤེས་ཡིན་པ་དང༌། སངས་རྒྱས་ཀྱི་སའི་འགོག་ལམ་གཉིས་རང་སྤྱི་གང་གི་སྒོ་ནས་ཀྱང་ཐ་དད་མ་ཡིན་པའི་ཚུལ་འཆད་མ་ཤེས་པར་ལུགས་འདི་ལ་རང་རིག་ཁས་མི་ལེན་ནོ། །ཞེས་ཟེར་བ་འཁྲུལ། ཞེས་པ་རང་བཞིན་གྱིས་གྲུབ་པའི་ཕྱོགས་ལ་མྱོང་དྲན་གཉིས་ཀ་མི་འཐད་ཅིང༌། དེ་མ་གྲུབ་པའི་ཕྱོགས་ལ་དེ་གཉིས་ཀ་འཐད་ཅེས་པ་གཞུང་གི་དགོངས་པ་ཡིན་པ་ལ་དེར་འཆད་མ་ཤེས་པས་ནོར། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ཅེས་བྱ་བ་ལ། ཀུན་རྫོབ་པའི་མཚན་ཉིད་དང༌། དོན་དམ་པའི་མཚན་ཉིད་གཉིས་གཉིས་སུ་འབྱེད་པ་དེ་མ་ཤེས་པར་རང་གི་མཚན་ཉིད་ཀྱིས་གྲུབ་ན་དོན་དམ་པའི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་བོ་ཞེས་ཟེར་བ་འཁྲུལ། ཚུར་མཐོང་གི་མིག་ཤེས་ལ་མེ་དང་ཆུ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་ངོ་ཞེས་ཟེར་བ་འཁྲུལ། སྣང་བ་ལྟར་དོན་བྱེད་ནུས་པ་ཁས་བླངས་ན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པས་ཁྱབ་ཅེས་ཟེར་བ་ཤིན་ཏུ་ནོར། ཕྱི་རོལ་གྱི་དོན་དང་དོན་སྣང་གི་ཤེས་པ་དེ་གཉིས་ཀ་རང་ལུགས་ལ་མེད་མཚུངས་སུ་བཤད་པ་དེ་མ་གོ་བར། ཕྱི་རོལ་གྱི་དོན་ཡོད་པ་ཐལ་འགྱུར་བའི་རང་ལུགས་ཡིན་ཟེར་བ་འཁྲུལ། གཞི་གཅིག་གི་སྟེང་དུ་རིགས་དྲུག་གི་འགྲོ་བ་ལ་མཐོང་སྣང་དྲུག་བྱུང་བ་དེའི་ཚེ། དྲུག་ཀ་གཞི་དེའི་སྟེང་དུ་མེད་མཚུངས་སུ་བཤད་པ་མ་གོ་བར་ཆ་ཅན་བརླན་ཞིང་གཤེར་པ་ཕོར་གང་གི་སྟེང་ན་བདུད་རྩི་དང་ཆུ་དང་རྣག་ཁྲག་གསུམ་ཀ་ཡོད་པར་ཁས་ལེན་པ་འཁྲུལ། དངོས་པོ་ཞིག་པ་དངོས་མེད་དུ་ལན་གྲངས་བརྒྱ་ཕྲག་དུ་མར་བཤད་ནས། རྒྱུ་རྐྱེན་གྱིས་བྱས་པར་བཤད་པའི་ཤན་མ་ཕྱེད་པ་ཞིག་པ་དངོས་པོར་འཆད་པ་ཤིན་ཏུ་འཁྲུལ་ཞེས་བྱ་བ་འདི་ནི་ནོར་པའི་འཕྲང་ཆེན་པོ་ངོས་བཟུང་བའི་བཅུ་ཚན་བཅུ་པའོ།།  །།ཉན་རང་འཕགས་པས་བདེན་མེད་རྟོགས་པ་དང༌། སྤྲོས་བྲལ་རྟོགས་པའི་རྩིང་ཞིབ་མ་ཕྱེད་པར། འཕགས་པ་ཡིན་ན་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པས་ཁྱབ་པར་འཆད་པ་འཁྲུལ། བདེན་མེད་མ་རྟོགས་པར་གང་ཟག་གི་བདག་མེད་མི་རྟོགས་པ་དང༌། དེ་མ་རྟོགས་པར་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤོང་མི་ནུས་པའི་རྒྱུ་མཚན་གྱིས། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་ཡོད་པར་བཤད་པ་མ་གོ་བར་ཇི་སྲིད་བདེན་འཛིན་མ་སྤངས་པ་དེ་སྲིད་དུ་ངར་འཛིན་གྱི་དབང་གིས་ལས་བསགས་ནས་འཁོར་བར་སྐྱེ་བ་ལེན་དགོས་པ་ཤེས་བྱེད་དུ་བཀོད་ནས་དེ་ལ་དེ་རྟོགས་པ་ཡོད་པར་འཆད་པ་འཁྲུལ། ཇི་སྲིད་མཐའ་བྲལ་མ་རྟོགས་པ་དེ་སྲིད་དུ་བདེན་འཛིན་གྱི་ས་བོན་སྤོང་མི་ནུས་པའི་རྣམ་བཞག་མ་གོ་བར། ཉན་རང་དགྲ་བཅོམ་པས་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་ས་བོན་སྤངས་བར་འཆད་པ་འཁྲུལ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དུ་དྲང་ངེས་ཀྱི་རིམ་པ་གསུམ་གསུངས་པ་དེ་མ་གོ་བར། བདེན་པ་གཉིས་གཙོ་བོར་བྱས་ནས་སོ་སོར་སྟོན་པའི་རྒྱུ་མཚན་ཁོ་ནས་དྲང་ངེས་འབྱེད་པ་འཁྲུལ། གསུམ་པོ་དེ་གང་ཞེ་ན། བདག་གོ་ཞེས་ཀྱང་བསྟན་གྱུར་ཅིང༌། །ཞེས་དང༌། བསོད་ནམས་མ་ཡིན་དང་པོར་བཟློག །ཅེས་དང༌། གང་ཞིག་གང་གང་ལ་དགའ་བ། །དེ་ལ་དེ་དེ་སྔར་བཤད་བྱ། །ཞེས་བཤད་པ་ལས་ནི་ལྷན་ཅིག་སྐྱེས་པའི་མ་རིག་པས་ཇི་ལྟར་བཟུང་བ་དང་མཐུན་པའི་བདག་གཉིས་དང༌། ཤིང་རྟ་ལ་སོགས་པའི་ཀུན་རྫོབ་ཐམས་ཅད་ཡོད་པར་ཁས་ལེན་ཏོ། །འདི་ཡང་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་པ་ལ་ཁྱེད་ཀྱིས་སྒྲ་ཇི་བཞིན་པར་ཁས་བླངས་པས་འཁྲུལ། ཡང་ཇི་སྐད་དུ། བདག་མེད་ཅེས་ཀྱང་བསྟན་གྱུར་ཞིང༌། །ཅེས་དང༌། བར་དུ་བདག་ནི་བཟློག་པ་དང༌། །ཅེས་ལས་འབྲས་ལ་ཡིད་ཆེས་རྙེད་པའི་འོག་ཏུ་བདག་མེད་གཉིས་བསྟན་དགོས་ཤིང༌། འདི་ཡང་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་སྟོན་པའི་ཆ་ནས་གནས་སྐབས་ཀྱི་ངེས་དོན་ཡིན་ཀྱང༌། མཐར་ཐུག་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་འཆད་དགོས་ཤིང༌། མཐར་ཐུག་ལ་ལྟོས་པའི་ཀུན་རྫོབ་བདེན་པ་གཙོ་བོར་བསྟན་པས་དྲང་དོན་དུ་འཆད་དགོས་པ་ལས་ཁྱེད་ཀྱིས་མཐའ་གཅིག་དུ་ངེས་དོན་ཁོ་ནར་བཤད་པས་འཁྲུལ། ཡང་ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །ཞེས་དང༌། ཐ་མར་ལྟ་ཞིང་ཀུན་བཟློག་པ། །ཞེས་མཐུན་པའི་དོན་དམ་ལ་ངེས་པ་རྙེད་པ་དེའི་འོག་དུ་བརྗོད་པ་ཐམས་ཅད་དང་བྲལ་ཞིང༌། རྟོག་པ་ཐམས་ཅད་ཀྱི་ཡུལ་ལས་འདས་པའི་ངེས་དོན་མཐར་ཐུག་དེ་ཉིད་སྟོན་པར་གསུངས་པ་ལས། ཁྱེད་ཀྱིས་ནི། དོན་འདི་ལ་རྒྱ་ནག་མཁན་པོའི་ལུགས་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྒོམ་དང༌། རྫོགས་པ་ཆེན་པོའི་བསྒོམ་ཞེས་དྲི་མ་ཅན་དུ་བྱས་ཏེ་བོར་ནས་སྟོང་པ་ཉིད་ལ་ལྟ་བའི་དུག་ཅེས་པ་དང༌། རྗེ་བཙུན་མ་ཕམ་པས་བཏགས་འཛིན་རྟོག་པ་ཞེས་པའི་མིང་དང༌། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས། སྟོང་པ་ཉིད་ལ་ལྟ་ཉེས་པའི། ལྟ་བ་ཞེས་པའི་མིང་གིས་བཏགས་པའི་ཤེས་རབ་འཆལ་བ་དེ་དག་ལ་དབུ་མའི་ལྟ་བ་མཐར་ཐུག་དུ་ཁས་བླངས་པའི་རྣམ་པར་འཁྱམས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་སྙེངས་བྲལ་ཟླ་བ་གྲགས་པའི་ཞབས་ཀྱི་ལུགས་འཆད་པ་ལ་ནོར་བའི་འཕྲང་ཆེན་པོ་བརྒྱ་དང་བརྒྱད་སྣང་བ་དེ་རྣམ་དཔྱོད་ཀྱི་མིག་དང་ལྡན་པ་རྣམས་ལ་གསལ་བར་བརྡ་སྤྲད་པ་ཡིན་ནོ།།  །།དེ་སྐད་འདི་ནི་རང་དང་གཞན་གྱི་སྡེ་གཉིས་སོ་སོར་ཕྱེ་ནས་ཆགས་དང་སྡང་བའི་ལམ་དུ་དྲངས་ཕྱིར་མིན། །གཞན་ཟེར་མ་གཏོགས་རང་བློའི་གོམས་སྟོབས་འདོར་བའི་མཐུ་མེད་དེ་དག་རིགས་པའི་ལམ་ལ་དྲང་ཕྱིར་ཡིན། །ལུང་དང་རིགས་པའི་ཤེས་བྱེད་མེད་པའི་དམ་འཆའ་ཇི་བཞིན་ཞེན་པས་ཞུགས་ཏེ་ཁྲེལ་ཉམས་སྤངས་ནས་གཅམ་བུར་སྨྲས་པ་མིན། །དོན་གྱི་མདོ་ཆེན་འདི་ཀུན་བཟུང་ནས་ལུང་དང་རིགས་པའི་ཤེས་བྱེད་ཚོལ་བའི་ཤེས་ལྡན་ཡོད་ན་དྲི་བའི་གོ་སྐབས་ཡངས་པར་ཕྱེ་བ་ཡིན། །ཞེས་ཡུལ་དབུས་ཀྱི་སློབ་དཔོན་འཇམ་དཔལ་དགེས་པའི་བཤེས་གཉེན་གྱིས་གསང་ནེའུ་ཐོག་དུ་ཉེ་བར་སྦྱར་བ་ཡིན།།  །།མངྒ་ལཾ།།  ༈ །རྟེན་འབྲེལ་བསྟོད་པ་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ་ལུང་དང་རིགས་པའི་འཕྲུལ་འཁོར་ཞེས་བྱ་བ་བཞུགས་སོ།།  ༄། །ན་མོ་མཉྫུ་ཤྲཱི་ཡེ། རྟེན་ཅིང་འབྲེལ་འབྱུང་སྤྲོས་པ་ཡི། །མཐའ་བྲལ་སྟོང་པ་ཉིད་དོན་དུ། །སྟོན་མཛད་རིགས་ཅན་གསུམ་ཀ་ཡང༌། །བདུད་རྩིར་མཛད་ལ་ཕྱག་འཚལ་ལོ། །གངས་ཅན་ལྗོངས་འདིར་ཤིང་རྟའི་སྲོལ། །དབྱེ་མཛད་གྲགས་པ་གསལ་ལྡན་འགའ། །སྔོན་རབས་འཁྲུལ་པར་བགྲང་བྱའི་ཕྱིར། །རྟེན་འབྲེལ་བསྟོད་མཛད་འདིར་དཔྱད་བྱ། །གང་ཞིག་གཟིགས་ཤིང་གསུང་བ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་པར་འབྱུང༌། །གཟིགས་ཤིང་འདོམས་པ་ཡིན་ཞེས་ཟེར། །རྟེན་འབྲེལ་སྣ་ཚོགས་གཟིགས་པ་ཡིས། །མཁྱེན་པ་བླ་ན་མེད་པ་ནི། །ཟླ་བར་གྲགས་པའི་ལུགས་མིན་ཏེ། །དེ་ཡིས་དེ་མ་གཟིགས་པ་ནི། །ལན་གཅིག་མིན་པར་བཤད་ཕྱིར་དང༌། །དེ་ཡིས་དེ་མ་མཐོང་བ་ལ། །གཟིགས་ཞེས་ཐ་སྙད་འདོགས་པ་ནི། །ཁྱེད་ལ་རུང་བ་མིན་ཕྱིར་རོ། །རྟེན་ཅིང་འབྲེལ་བྱུང་གསུང་བ་ནི། །འཇིག་རྟེན་མུ་སྟེགས་ཅན་ལ་ཡང༌། །ཡོད་ཕྱིར་ཧ་ཅང་ཐལ་འགྱུར་ཏེ། །རྒྱུ་ལས་འབྲས་འབྱུང་བཤད་ཕྱིར་རོ། །འཇིག་རྟེན་རྒུད་པ་ཇི་སྙེད་ཀུན། །དེ་ཡི་རྩ་བ་མ་རིག་སྟེ། །གང་ཞིག་མཐོང་བས་དེ་ལྡོག་པ། །རྟེན་ཅིང་འབྲེལ་འབྱུང་ཡིན་ཞེས་ཟེར། །རྟེན་འབྲེལ་མངོན་སུམ་མཐོང་བའི་བློས། །མ་རིག་ལྡོག་ན་སྣ་ཚོགས་པ། །དམ་པའི་དོན་དུ་ཐལ་འགྱུར་ཏེ། །ཀུན་རྫོབ་ཡུལ་ཅན་འཁྲུལ་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན། །མཐོང་ལ་དེ་མཐོང་ཞེས་འདོགས་ན། །འོ་ན་ཀུན་རྫོབ་མཐོང་བས་ཀྱང༌། མ་རིག་འཁྲུལ་པ་ལྡོག་འགྱུར་ཏེ། །དེ་དོན་མཐོང་ལ་དེ་མཐོང་བར། །ཐ་སྙད་འདོགས་པ་ཡིན་ཕྱིར་རོ། །དེ་ཚེ་བློ་དང་ལྡན་པ་ཡིས། །རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ། །ཁྱོད་ཀྱི་བསྟན་པའི་གནད་ཉིད་དུ། །བདེ་བླག་ཁོང་དུ་ཆུད་ཅེས་ཟེར། །འོ་ན་ཀུན་རྫོབ་སྣ་ཚོགས་པ། །བསྟན་པའི་གནད་དུ་ཐལ་འགྱུར་ཏེ། །དེ་དོན་མཐོང་བས་མ་རིག་པ། །ལྡོག་པའི་གཏན་ཚིགས་ཞུགས་ཕྱིར་རོ། །མདོར་ན་རྟེན་འབྲེལ་གཟིགས་པ་དང༌། །རྟེན་འབྲེལ་སྟོང་ཉིད་དུ་གཟིགས་པའི། །ཁྱད་པར་དབྱེ་བ་མ་ཕྱེད་ཅིང༌། །སྟོང་དང་རྟེན་འབྲེལ་དོན་གཅིག་དུ། །སྟོན་དང་རྟེན་འབྲེལ་ཙམ་སྟོན་པའི། །ཤན་མ་ཕྱེད་པས་ནོངས་གྱུར་ཏེ། །རྟེན་འབྲེལ་ཡོད་པར་ཁས་ལེན་པའི། །གྲུབ་མཐས་བརྟགས་པ་ཡིན་ཕྱིར་རོ། །རྟེན་འབྲེལ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པ་ལྟ་བ་ནི། །ཐལ་བར་འགྱུར་ཏེ་རྟེན་འབྲེལ་དག །རྟག་དང་མི་རྟག་འགྱུར་ཕྱིར་རོ། །མདོར་ན་རྟེན་འབྲེལ་མཐའ་བྲལ་ལམ། །མཐའ་བྲལ་ངེས་པའི་སྒྲུབ་བྱེད་དུ། །གསུང་བའི་ཆ་ནས་བསྟོད་མཛད་ཀྱི། །དེ་ཉིད་གསུང་བ་ཙམ་གྱིས་མིན། །དཔེར་ན་འདུས་བྱས་ཟག་བཅས་དག །སྡུག་བསྔལ་བ་དང་མི་རྟག་པར། །གསུང་བ་མཆོག་ཡིན་དེ་དང་དེ། གསུངས་པ་ཙམ་གྱིས་མིན་པ་བཞིན། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །གསུང་བ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་མེད་ཅེས་ཟེར། །འདི་ཡང་ཁྱེད་ལ་མི་རུང་སྟེ། །རྐྱེན་ལས་སྐྱེས་གང་མ་སྐྱེས་དང༌། །དེ་ཡང་ཡོད་པ་མིན་པ་ཉིད། །སྐབས་ཀྱི་ལུང་དོན་ཡིན་ཕྱིར་རོ། །གང་དུ་བཟུང་བས་བྱིས་པ་རྣམས། །མཐར་འཛིན་འཆིང་བ་བརྟན་བྱེད་པ། །དེ་ཉིད་མཁས་ལ་སྤྲོས་པ་ཡི། །དྲྭ་བ་གཅོད་པའི་སྒོ་ཡིན་ཟེར། །བྱིས་པས་རྟེན་འབྲེལ་དུ་བཟུང་བས། །མཐར་འཛིན་དྲྭ་བ་བརྟན་བྱེད་ན། །རྟེན་འབྲེལ་མིང་ཙམ་སྟོང་པ་ཉིད། །ངེས་པའི་རྒྱུ་ཡིན་ཟེར་བ་འགལ། །རྟེན་འབྲེལ་རྟགས་ཀྱིས་མཁས་པའི་ངོར། །ལྟ་ངན་དྲྭ་བ་སེལ་གསུངས་པ། །རྟགས་དེ་མི་མཐུན་ཕྱོགས་གཞན་ལ། །འགོག་བྱེད་ཤེས་པའི་དབང་བྱས་སོ། །ཕན་མཛད་ཁྱོད་ཀྱིས་འགྲོ་བ་ལ། །སྨན་པའི་སླད་དུ་བཀའ་སྩལ་པ། །བསྟན་པའི་སྙིང་པོ་སྟོང་པ་ཉིད། །ངེས་པའི་རྒྱུ་མཚན་ཟླ་མེད་པ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ། །འགལ་བ་དང་ནི་མ་གྲུབ་པར། །མཐོང་བ་འདི་ཡིས་ཁྱོད་ཀྱི་ལུགས། །ཇི་ལྟར་ཁོང་དུ་ཆུད་ཅེས་ཟེར། །རྟེན་འབྲེལ་སྟོང་ཉིད་སྒྲུབ་པ་ཡི། །འགལ་བའི་རྟགས་སུ་འདོད་ཡོད་ན། །རྟེན་འབྲེལ་ངེས་པའི་བློ་དེ་ཉིད། །སྟོང་ཉིད་ངེས་བློར་འདོད་པ་འགལ། །སྤྱིར་ནི་རྟེན་འབྲེལ་ཡིན་གྱུར་ན། །སྟོང་ཉིད་ཡིན་པར་འགལ་བ་སྟེ། །སྟོང་དང་མི་སྟོང་ལ་སོགས་པའི། །སྤྲོས་དང་བྲལ་བ་ཉིད་ཕྱིར་རོ། །རྟེན་འབྲེལ་ཡིན་པའི་གཏན་ཚིགས་ཀྱང༌། །ལུགས་འདིར་འགྲུབ་པ་མ་ཡིན་ཏེ། །ཡིན་དང་མ་ཡིན་ལ་སོགས་པའི། །མཐའ་དང་བྲལ་བ་ཉིད་ཕྱིར་རོ། །མདོར་ན་རྟེན་འབྲེལ་གཏན་ཚིགས་འདི། །བདེན་དང་ཐ་སྙད་དུ་མེད་པ། །འགོག་བྱེད་གཞན་གྲགས་ཉིད་ཡིན་གྱི། །སྟོང་ཉིད་ངེས་པའི་སྒྲུབ་བྱེད་མིན། །ཚུལ་གསུམ་རང་གི་ཚད་མ་ཡིས། །གྲུབ་པའི་སྒྲུབ་བྱེད་བཀོད་བྱས་ནས། །བསྒྲུབ་བྱ་སྒྲུབ་པའི་རྟགས་གང་ཡིན། །དེ་ནི་རང་རྒྱུད་གཏན་ཚིགས་སོ། །ཁྱོད་ནི་ནམ་ཞིག་སྟོང་པ་ཉིད། །རྟེན་འབྱུང་དོན་དུ་མཐོང་བ་ན། །རང་བཞིན་གྱིས་ནི་སྟོང་པ་དང༌། །བྱ་བྱེད་འཐད་པའང་མི་འགལ་ཞིང༌། །དེ་ལས་བཟློག་པར་མཐོང་བ་ན། །སྟོང་ལ་བྱ་བ་མི་རུང་ཞིང༌། །བྱ་དང་བཅས་ལ་སྟོང་མེད་པས། །ཉམ་ངའི་གཡང་དུ་ལྟུང་ཞེས་ཟེར། །སྟོང་ཉིད་རྟེན་འབྱུང་དོན་ཡིན་ན། །རྟེན་འབྲེལ་རྟགས་ཀྱིས་སྟོང་པ་ཉིད། །སྒྲུབ་ཅེས་ཟེར་བ་མི་རུང་སྟེ། །གྲུབ་ཟིན་བསྒྲུབས་པར་འགྱུར་ཕྱིར་དང༌། །སྟོང་པ་ཉིད་དང་རྟེན་འབྲེལ་ཡང༌། །རྟོགས་པ་ཕན་ཚུན་བརྟེན་པར་འགྱུར། །རྟེན་འབྲེལ་སྟོང་ཉིད་དོན་ཞེ་ན། །ཀུན་རྫོབ་དོན་དམ་དོན་དུ་འགྱུར། །རྐྱེན་ལས་སྐྱེས་གང་རྣམ་བརྟགས་པ། །དེ་ཚེ་ཅི་ཡང་མ་མཐོང་བ། །དེ་ཚེ་རྟེན་འབྲེལ་མཐོང་བ་དང༌། །སྟོང་ཉིད་མཐོང་ཞེས་བཏགས་པར་ཟད། །འདི་ནི་ཁྱེད་ལ་མི་རུང་སྟེ། །རྟེན་འབྲེལ་མཐོང་བའི་དོན་གང་ནི། །རང་བཞིན་མེད་དང་ཡོད་པ་ཡི། །ཚོགས་པ་མཐོང་ལ་འཆད་ཕྱིར་རོ། །མདོར་ན་རྟེན་འབྲེལ་སྟོང་ཉིད་དང༌། །དོན་གཅིག་དེ་དོན་སྤྲོས་པ་ཡིས། །ཚོགས་རྣམས་ཉེ་བར་ཞི་བ་དང༌། །རྟེན་ནས་བཏགས་པ་ཞེས་བྱར་བཤད། །དོན་གཅིག་ན་ཡང་གཅིག་རྟོགས་བློས། །ཅིག་ཤོས་རྟོགས་པར་ཐལ་བ་དང༌། །དེ་དེའི་དོན་དུ་མི་འགྱུར་ཏེ། །བྱས་དང་མི་རྟག་ཇི་བཞིན་ནོ། །སྟོང་དང་བྱ་བ་འཐད་གཉིས་ཀ །དབུ་མའི་ལུགས་སུ་ཁས་ལེན་ན། །ཉམ་ངའི་གཡང་དུ་ལྟུང་འགྱུར་ཏེ། །བྱ་བ་བྱ་བས་མི་སྟོང་ན། །སྟོང་པ་འཐད་པར་མི་འགྱུར་ཞིང༌། །བྱ་བ་བྱས་མིན་གྱིས་སྟོང་ན། །གཞན་སྟོང་མིང་ལ་ཞེ་སྡང་ཡང༌། །དེ་དོན་མགྱོགས་པར་ཁས་བླངས་སོ། །དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང༌། །རང་བཞིན་གྱིས་ཡོད་མིན་ཞེས་ཟེར། །ཡོད་ན་རང་བཞིན་གྱིས་ཡོད་དེ། །གཞན་གྱི་ངོས་ནས་ཡོད་པ་དང༌། །ཀུན་རྫོབ་ཙམ་དུ་ཡོད་པ་ཡིས། །ཡོད་པའི་གོ་ཆོད་མིན་ཕྱིར་དང༌། །རྟེན་འབྲེལ་སྣ་ཚོགས་སྣང་བ་འདི། །ཀུན་ཏུ་ཡོད་པའང་མ་ཡིན་ཏེ། །ཡོད་ན་རྫོགས་སངས་རྒྱས་བློ་ལ། །སྣང་རུང་མ་དམིགས་ཉིད་ཕྱིར་རོ། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་རྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་རྐྱེན་ལ་ལྟོས་འགལ་ཞེས་ཟེར། །རྟེན་དང་ལྟོས་པ་ཡོད་པ་ཡི། །ཤེས་བྱེད་ཉིད་དུ་མི་རིགས་ཏེ། །ཕན་ཚུན་ལྟོས་པ་མ་གྲུབ་པའི། །གོ་བྱེད་ཉིད་དུ་གསུངས་ཕྱིར་དང༌། །ཆོས་རྣམས་ཀུན་དང་ནམ་མཁའ་ཡི། །ཨུཏྤལ་ཡོད་པ་མིན་མཚུངས་ཀྱང༌། །འཁྲུལ་པའི་བློ་ལ་སྣང་བ་དང༌། །མི་སྣང་བ་ཡི་ཁྱད་པར་ཙམ། །དཔལ་ལྡན་ཟླ་བའི་བཞེད་པ་སྟེ། །ཀུན་རྫོབ་བདེན་པའི་འཇོག་ཚུལ་ཀུན། །སྐྲ་ཤད་དཔེ་དང་སྦྱར་ཕྱིར་རོ། །ཡོད་དང་རང་བཞིན་གྱིས་ཡོད་དང༌། །མེད་དང་རང་བཞིན་གྱིས་མེད་པའི། །ཁྱད་པར་དབྱེ་བ་མི་རིགས་ཏེ། །ཡོད་ན་ཀུན་མཁྱེན་གྱིས་དམིགས་ཕྱིར། །ཀུན་མཁྱེན་གྱིས་ནི་གང་དམིགས་པ། །དམ་པའི་དོན་གྱི་བདེན་པ་སྟེ། །སེམས་དང་སེམས་བྱུང་དང་བྲལ་བས། །ཀུན་རྫོབ་སྣང་བ་མེད་ཕྱིར་རོ། །དེ་ཕྱིར་རྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་པ་ལས། །མ་གཏོགས་ཆོས་འགའ་མེད་ཅེས་ཟེར། །འདི་ནི་ཁྱེད་ལ་མི་རུང་སྟེ། །ཆོས་རྣམས་དེ་ཉིད་ཀྱིས་སྟོང་པ། །ལུང་གི་སྐབས་དོན་ཡིན་པ་ལ། །དེ་ལས་ལྡོག་ནས་བཤད་ཕྱིར་རོ། །རང་བཞིན་ལྡོག་པ་མེད་པའི་ཕྱིར། །ཆོས་རྣམས་རང་བཞིན་འགའ་ཡོད་ན། །མྱ་ངན་འདས་པ་མི་རུང་ཞིང༌། །སྤྲོས་ཀུན་ལྡོག་པ་མེད་ཅེས་ཟེར། །ཉེས་པ་འདི་ནི་ཁྱེད་ལ་སྟེ། །ཆོས་ཀུན་ཡོད་པར་ཁས་ལེན་ཞིང༌། །མོ་གཤམ་བུ་སོགས་མཐའ་གཅིག་ཏུ། །མེད་པ་ཉིད་དུ་འཆད་ཕྱིར་རོ། །དེ་ཕྱིར་རང་བཞིན་རྣམ་བྲལ་ཞེས། །སེང་གེའི་སྒྲ་ཡིས་ཡང་ཡང་དུ། །མཁས་པའི་ཚོགས་སུ་ལེགས་གསུངས་པ། །དེ་ལ་སུ་ཞིག་འགོང་ཞེས་ཟེར། །འདི་ལ་ཁྱེད་ཀྱིས་དགོངས་པ་སྟེ། །བུམ་སོགས་དགག་བྱ་དང་བྲལ་གྱི། །རང་གི་ངོ་བོས་མི་སྟོང་ཞེས། །ཁྱེད་ཀྱིས་འཆད་པ་ཡིན་ཕྱིར་རོ། །རང་བཞིན་འགའ་ཡང་མེད་པ་དང༌། །འདི་ལ་བརྟེན་ནས་འདི་འབྱུང་བའི། །རྣམ་གཞག་ཐམས་ཅད་འཐད་པ་གཉིས། །མི་འགལ་འདུ་བ་སྨོས་ཅི་དགོས། །བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས། །མཐར་ལྟ་བ་ལ་མི་རྟེན་ཞེས། །ལེགས་གསུངས་འདི་ནི་མགོན་ཁྱོད་ཀྱི། །སྨྲ་བ་བླ་མེད་རྒྱུ་ཞེས་ཟེར། །རང་བཞིན་མེད་དེ་མཁས་པ་དང༌། །ཀུན་རྫོབ་རྨོངས་པའི་དབང་བྱས་ཞེས། །ཟླ་བས་གསུངས་ཕྱིར་གཞི་གཅིག་ལ། །གཉིས་ཀ་འདུ་བ་ཇི་ལྟར་རུང༌། །བསོད་ནམས་འདོད་པས་སྟོང་པ་ཉིད། །བརྗོད་པར་བྱ་བ་མིན་ཞེས་དང༌། །ལས་འབྲས་རྣམས་ལ་རྣམ་དཔྱོད་ཀྱིས། །སེམས་དཔའ་འང་དགག་པ་མཛད་ཅེས་དང༌། །དངོས་པོ་འདི་དག་རྣམ་དཔྱད་ན། །ཡོད་པ་མིན་ལས་ཚུལ་རོལ་དུ། །གནས་རྙེད་མིན་ཕྱིར་ཐ་སྙད་ལ། །དཔྱད་བྱ་མིན་ཞེས་གསུངས་ཕྱིར་རོ། །ཁྱད་གཞི་ལས་འབྲས་ཡོད་པ་དང༌། །ཁྱད་ཆོས་བདེན་གྲུབ་མེད་པ་གཉིས། །གཅིག་ལ་མི་འགལ་འདུ་བ་ནི། །བདེན་གཉིས་ཟུང་འཇུག་ཡིན་ནོ་སྐད། །ལས་འབྲས་ཡོད་པར་ཁས་ལེན་པ། །དེ་ཚེ་སྒྱུ་མར་མི་འདོད་དེ། །ཡོད་མིན་པར་ཡང་སྣང་བ་ནི། །སྒྱུ་མའི་དོན་དུ་འཆད་ཕྱིར་རོ། །འོ་ན་དམིགས་མེད་ངང་ཉིད་ནས། །བསོད་ནམས་ཚོགས་བསོག་ཅི་ཞེ་ན། །མེད་བཞིན་དུ་ཡང་སྣང་ཙམ་ལ། །དགག་སྒྲུབ་མེད་པར་འཆད་པས་ན། །འདི་ནི་བདེན་གཉིས་ཟུང་འཇུག་སྟེ། །སྣང་ཙམ་ཀུན་རྫོབ་ཉིད་ཕྱིར་རོ། །རྟེན་འབྱུང་ཡོད་པར་ཁས་བླངས་ནས། །མཐར་ལྟ་བ་ལ་མི་རྟེན་ཞེས། །སྨྲ་བ་རང་ཚིག་འགལ་བ་སྟེ། །སྤྲོས་པའི་མཆོག་ལ་རྟེན་ཕྱིར་རོ། །འདི་ཀུན་ངོ་བོས་སྟོང་པ་དང༌། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་གང༌། །འདི་ལས་རྨད་དུ་བྱུང་བ་གང༌། །ཚུལ་འདིས་བསྟོད་ན་བསྟོད་ཅེས་ཟེར། །རྒྱུ་འབྲས་ཡོད་པར་ཁས་ལེན་པ། །ཁྱེད་ལ་འདི་ཡང་མི་རུང་སྟེ། །མེད་བཞིན་དུ་ཡང་སྣང་བ་ལ། །བླང་དོར་བྱེད་པའི་བློ་སྐྱེས་པ། །དེ་ཚེ་གཉིས་པོ་ཕན་ཚུན་དུ། །གྲོགས་བྱེད་པ་དེ་འབྱུང་ཕྱིར་རོ། །མདོར་ན་ཡོད་ཅེས་ཟེར་བ་དང༌། །ཀུན་རྫོབ་བདེན་དང་རྟེན་འབྲེལ་ཞེས། །སྨྲ་བ་ཕན་ཚུན་སྤངས་པ་སྟེ། །མེད་བཞིན་སྣང་ལ་དེར་འདོད་ཕྱིར། །རྨོངས་པས་བྲན་དུ་བཟུང་བ་ཡི། །གང་ཞིག་ཁྱོད་དང་ཞེ་འགྲས་པ། །དེ་ཡིས་རང་བཞིན་མེད་པའི་སྒྲ། །མི་བཟོད་གྱུར་ལ་མཚར་ཅི་ཡོད། །ཁྱོད་ཀྱི་གསུང་གི་གཅེས་པའི་མཛོད། །རྟེན་ནས་འབྱུང་བ་ཁས་བླངས་ནས། །སྟོང་ཉིད་ང་རོ་མི་བཟོད་པ། །འདི་ལ་ཁོ་བོ་ངོ་མཚར་གྱུར། །རང་བཞིན་མེད་ལ་བཀྲི་བའི་སྒོ། །བླ་མེད་རྟེན་ཅིང་འབྲེལ་འབྱུང་གི །མིང་ཉིད་ཀྱིས་ནི་རང་བཞིན་དུ། །འཛིན་ན་ད་ཀོ་སྐྱེ་བོ་འདི། །འཕགས་མཆོག་རྣམས་ཀྱིས་ལེགས་བགྲོད་པའི། །འཇུག་ངོགས་ཟླ་དང་བྲལ་གྱུར་པ། །ཁྱོད་དགེས་གྱུར་པའི་ལམ་བཟང་དེར། །ཐབས་གང་གིས་ནི་བཀྲི་ཞེས་ཟེར། །རྟེན་འབྲེལ་ཡོད་པར་ཁས་ལེན་པ། །གསུང་གི་གཅེས་མཛོད་མ་ཡིན་ཏེ། །རྟེན་འབྲེལ་སྟོང་ཉིད་དུ་འཆད་པ། །གསུང་གི་གཅེས་པར་གསུངས་ཕྱིར་རོ། །སྟོང་ཉིད་ཡོད་པའང་མ་ཡིན་ཏེ། །ཡོད་མེད་ལ་སོགས་སྤྲོས་པ་ཡིས། །མཐའ་བྲལ་སྟོང་པ་ཉིད་དོན་དུ། །ཚིགས་གསལ་བ་ལས་གསུངས་ཕྱིར་རོ། །ཁས་ལེན་ཡོད་ན་སྟོང་ཉིད་ཀྱི། །ང་རོ་བཟོད་པ་ལྟ་ཅི་སྨོས། །འཕགས་པ་རྣམས་ཀྱི་དོན་དམ་ནི། །ཅང་མི་གསུང་བར་བཤད་ཕྱིར་རོ། །འདི་ཉིད་རྟེན་ཅིང་འབྲེལ་འབྱུང་ཞེས། །མཚན་མར་འཛིན་པས་མི་བཀྲི་ཡང༌། །སྟོང་ཉིད་རྟེན་འབྲེལ་དུ་འཆད་པའི། །ཐབས་ཀྱིས་ལམ་དེར་བཀྲི་བྱ་སྟེ། །རྟེན་འབྲེལ་དོན་ནི་ལྟོས་གྲུབ་དང༌། །བརྟེན་ནས་སྐྱེས་དང་དེ་དེ་ཡང༌། །མ་གྲུབ་མ་སྐྱེས་པར་འཆད་པའི། །རྟགས་ཀྱིས་མཚན་འཛིན་སེལ་ཕྱིར་རོ། །རང་བཞིན་བཅོས་མིན་ལྟོས་མེད་དང༌། །རྟེན་འབྲེལ་ལྟོས་དང་བཅོས་མ་གཉིས། །ཇི་ལྟར་བུར་ན་གཞི་གཅིག་ལ། །མི་འགལ་འདུ་བ་ཉིད་འགྱུར་ཟེར། །འདི་ཡང་ཁྱེད་ལ་མི་རུང་སྟེ། །རང་བཞིན་ངོས་འཛིན་ནོར་བའི་ཕྱིར། །དེ་ཉིད་དེ་ཡི་རང་བཞིན་ནི། །ཡིན་པ་འགོག་ལ་རྟེན་འབྲེལ་གྱི། །གཏན་ཚིགས་མི་མཐུན་ཕྱོགས་དག་ཏུ། །ཞུགས་པ་འགོག་རྒྱུ་ཡིན་པ་ལ། །བདེན་གྲུབ་བུམ་སོགས་རང་བཞིན་ནི། །ཡིན་པ་འགོག་ལ་རྟེན་འབྲེལ་གྱི། །གཏན་ཚིགས་རུང་བ་མིན་ཕྱིར་རོ། །རང་བཞིན་རྟེན་འབྲེལ་འགལ་དོན་གྱིས། །བུམ་སོགས་རང་བཞིན་མེད་པ་ལ། །རྟེན་འབྲེལ་རྟགས་སུ་འགོད་ཅེ་ན། །དེ་ལྟར་འཆད་ནུས་མ་ཡིན་ཏེ། །དངོས་པོར་སྨྲ་བས་རང་བཞིན་དུ། །ཁས་བླངས་དེ་ལ་རྟེན་འབྲེལ་གྱི། །གཏན་ཚིག་འཇུག་པ་མ་ཡིན་ཞིང༌། །གང་ལ་རྟེན་འབྲེལ་རྟགས་ཞུགས་པ། །དེ་དག་རང་བཞིན་མི་འདོད་ཕྱིར། །ཀུན་རྫོབ་དོན་དམ་འགལ་དོན་གྱིས། །བུམ་སོགས་རྣམས་ལ་དོན་དམ་པ། །མེད་པར་སྒྲུབ་ལ་ཀུན་རྫོབ་ཙམ། །རྟགས་སུ་བཀོད་དང་དེ་མཚུངས་སོ། །དེ་ཕྱིར་རྟེན་ནས་འབྱུང་བ་གང༌། །རང་བཞིན་གྱིས་ནི་གདོད་མ་ནས། །རྣམ་པར་དབེན་ཡང་དེར་སྣང་བས། །འདི་ཀུན་སྒྱུ་མ་བཞིན་ཞེས་ཟེར། །འདི་ཡང་ཁྱེད་ལ་མི་རུང་སྟེ། །ཡོད་པ་མིན་བཞིན་དེར་སྣང་བ། །སྒྱུ་མའི་དོན་ཡིན་ཁྱེད་ཀྱིས་ནི། །རྟེན་འབྲེལ་ཡོད་པར་བཤད་ཕྱིར་རོ། །བདེན་པར་མེད་ཀྱང་དེར་སྣང་བས། །སྒྱུ་མ་ལྟ་བུར་འཇོག་ཅེ་ན། །དོན་དམ་བདེན་པར་ཁས་བླངས་པ། །ཀུན་ཀྱང་དེར་འགྱུར་དེ་མིན་ཏེ། །དོན་དམ་སྒྱུ་མར་འགལ་ཕྱིར་རོ། །དེ་ལྟར་འགལ་བ་མ་ཡིན་ན། །ཆོས་ཀུན་ཀུན་རྫོབ་ཏུ་འཆད་པའི། །གྲུབ་པའི་མཐའ་དེ་འོངས་པ་ལས། །དེ་ཡང་ཁྱེད་ཀྱིས་མི་འདོད་དོ། །ཀུན་རྫོབ་ཡོད་པ་མིན་པའི་ཕྱིར། །རྒྱང་ཕན་ལྟ་བར་འགྱུར་ཞེ་ན། །འདི་ལན་ཟླ་བས་ཚིགས་གསལ་དུ། །གསལ་བར་གསུངས་པ་འདི་ཡིན་ཏེ། །དབུ་མ་པ་ཡིས་ཆོས་རྣམས་ཀྱི། །གནས་ཚུལ་ཤེས་ནས་ཡོད་པ་འགོག །རྒྱང་ཕན་མཐོང་དང་མ་མཐོང་ལ། །འདོར་ལེན་བྱེད་པས་ཆད་པར་སྨྲ། །དཔེར་ན་རྐུན་པོའི་མི་ཞིག་ལ། །ཤེས་ནས་བརྐུས་ཞེས་ཟེར་བ་དང༌། །མི་ཤེས་བཞིན་དུ་དེར་སྨྲ་བའི། །དཔེ་ཡིས་གསལ་བར་བཤད་དེ་ལྟོས། །ཁྱོད་ཀྱིས་ཇི་ལྟར་བསྟན་པ་ལ། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །གླགས་མི་རྙེད་པར་གསུངས་པ་ཡང༌། །འདི་ཉིད་ཀྱིས་ནི་ལེགས་པར་འཁུམས། །ཅི་སླད་ཅེ་ན་འདི་བཤད་པས། །མཐོང་དང་མ་མཐོང་དངོས་པོ་ལ། །སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི། །གོ་སྐབས་རིང་དུ་མཛད་ཅེས་ཟེར། །འདི་ཡང་ཁྱེད་ལ་མི་རུང་སྟེ། །དངོས་པོ་ཡོད་པར་ཁས་བླངས་པས། །རྟག་དང་ཆད་པར་ལྟ་བ་ཡི། །ལྟ་བ་ཐམས་ཅད་འབྱུང་ཕྱིར་དང༌། །ཆོས་ཀུན་ཡོད་མེད་ལ་སོགས་པའི། །སྤྲོས་པའི་མཐའ་རྣམས་བཀག་པ་ན། །རྒོལ་བ་འགས་ཀྱང་ཆོས་མཐུན་དུ། །ཀླགས་མི་རྙེད་པ་ཡིན་ཕྱིར་རོ། །ཁྱོད་ཀྱི་སྨྲ་བ་ཟླ་མེད་པར། །མཐོང་བའི་རྒྱུ་མཚན་རྟེན་འབྱུང་གི །ལམ་འདི་ཉིད་ཀྱིས་གསུངས་གཞན་ཡང༌། །ཚད་མར་ངེས་པ་སྐྱེ་ཞེས་ཟེར། །རྟེན་འབྱུང་སྤྲོས་པའི་མཐའ་བྲལ་དུ། །གསུངས་པས་སྟོན་པ་མཆོག་ཡིན་པ། །མཚོན་པར་ནུས་ཀྱང་དེ་ཙམ་གྱིས། །གསུང་ཀུན་ཚད་མར་གོ་ནུས་ན། །ཕྱོགས་གཅིག་བདེན་པའི་གཏན་ཚིགས་ཀྱིས། །ཐམས་ཅད་བདེན་པར་སྒྲུབ་ནུས་འགྱུར། །གསུང་གཅིག་ཚད་མར་ངེས་པ་ཡང༌། །དཔྱད་གསུམ་དག་ལ་ལྟོས་ཕྱིར་རོ། །ཕས་རྒོལ་མཐའ་དག་འཇོམས་པ་དང༌། །ལྟག་འོག་འགལ་འདུས་སྟོང་པ་དང༌། །སྐྱེ་རྒུའི་དོན་གཉིས་སྟེར་བྱེད་པ། །ལུགས་དེར་སྤྲོ་བ་འཕེལ་ཞེས་ཟེར། །འདི་ནི་ཡོད་མིན་མེད་མིན་ལ། །འགལ་བ་འདུས་ཤེས་ཟེར་མོད་ཀྱང༌། །ཡོད་མེད་ཕན་ཚུན་སྤངས་པས་ན། །གཅིག་བཀག་པ་ན་ཅིག་ཤོས་སུ། །ཁས་བླངས་ཟེར་བ་དངོས་སྨྲ་བའི། །གཞུང་ལུགས་ཡིན་པར་བརྒྱ་པ་དང༌། །རིན་ཆེན་ཕྲེང་བ་སོགས་ལས་བཤད། །དངོས་སྨྲ་བས་ཀྱང་བསྐལ་དོན་ལ། །ཡོན་མིན་མེད་མིན་ཞེས་ཟེར་མོད། །འགལ་བ་འདུས་པར་མི་འཆད་ན། །སྤྲོས་བྲལ་ལུགས་འདིར་སྨོས་ཅི་དགོས། །འཇིག་རྟེན་གྲགས་པ་ཇི་སྙེད་པ། །ཁས་ལེན་བྱེད་པོས་ཕས་རྒོལ་ཀུན། །འཇོམས་པར་མི་རུང་དེར་གྲགས་པ། །ཀུན་ལ་ཚད་མས་གནོད་ཕྱིར་རོ། །ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་ཕྲེང་བས་གསལ་བྱས་པ། །མཐོང་བས་ངལ་གསོ་ཐོབ་ཅེས་གསུངས། །འདི་དོན་རྣམ་པར་བརྟགས་པ་ན། །སྔོན་བྱོན་ཆེན་པོའི་ལྟ་བ་ལ། །ཆད་ལྟའི་ཉེས་པར་གྱུར་བསམས་ནས། །རྟོག་དཔྱོད་ལན་མང་བཏང་བ་ན། །ཟླ་བའི་གཞུང་དུ་སྤྲོས་པའི་ཚོགས། །འགོག་པའི་ཚིག་གི་ཟུར་རྣམས་སུ། །རང་བཞིན་ཞེས་བྱ་ངེས་པར་སྦྱར། །དེ་ཡིས་དགག་བྱ་གསལ་བར་བསྟན། །དེས་ན་གཟུགས་ནས་རྣམ་མཁྱེན་གྱི། །བར་གྱི་ཆོས་རྣམས་ཚད་མས་གྲུབ། །དེ་རྣམས་བདེན་པར་མ་གྲུབ་པ། །འདི་ཡིས་མཐའ་གཉིས་སེལ་ལོ་སྐད། །འདི་ལ་ཉེས་པ་མང་པོ་ནི། །འཇུག་ཚུལ་འདི་ལྟར་བགྲང་བྱ་བ། །བདེན་པ་གཉིས་ལས་ཉམས་པ་དང༌། །རང་བཞིན་ངོས་མ་ཟིན་པ་དང༌། །སྟོང་ཉིད་དངོས་པོའི་འཇིག་རྒྱུ་དང༌། །ཐ་སྙད་རིགས་པས་དཔྱད་བཟོད་དང༌། །རྟག་ཆད་ལྟ་བར་ཐལ་བ་དང༌། །རྫོགས་སངས་རྒྱས་བློ་འཁྲུལ་འགྱུར་རོ། །བུམ་སོགས་བདེན་པར་མེད་པ་ནི། །ཐ་སྙད་བདེན་པ་ལས་ཉམས་ཏེ། །ཐ་སྙད་བདེན་པ་འཇིག་རྟེན་གྱི། །གྲགས་པ་བཞིན་དུ་འཇོག་ཕྱིར་རོ། །བུམ་སོགས་ཡོད་ན་དོན་དམ་པའི། །བདེན་པ་འཇོག་ཚུལ་ལས་ཉམས་ཏེ། །བུམ་སོགས་བཙལ་བས་མ་རྙེད་པ། །དོན་དམ་བདེན་པར་བཞག་ཕྱིར་རོ། །དེ་བས་བུམ་སོགས་གདོད་མ་ནས། །ཡོད་མ་མྱོང་བ་འཁྲུལ་བའི་བློར། །སྣང་བ་འདི་ནི་བདེན་པ་གཉིས། །ཟུང་དུ་འཇུག་པ་ཡིན་ཞེས་བྱ། །མོ་གཤམ་བུ་དང་བུམ་སོགས་ནི། །མེད་པར་མཚུངས་ཀྱང་ཐ་སྙད་ཀྱི། །བདེན་པར་འཇོག་དང་མི་འཇོག་པ། །ཡུལ་ཅན་ཀུན་རྫོབ་དབང་གིས་སོ། །བདེན་གྲུབ་བུམ་སོགས་རང་བཞིན་ཞེས། །འཆད་པ་འདི་ནི་འཁྲུལ་བ་སྟེ། །དེ་དེའི་བདེན་པ་གཉིས་ཆར་གྱི། །ངོ་བོར་རུང་བ་མེད་ཕྱིར་རོ། །བུམ་སོགས་དེ་ཉིད་བུམ་སོགས་ཀྱི། །ཐ་སྙད་བདེན་པའི་ངོ་བོ་དང༌། །དེ་ཉིད་དེ་ཡིས་སྟོང་པ་ནི། །དམ་པའི་དོན་གྱི་རང་བཞིན་ནོ། །དང་པོ་ཐ་སྙད་འཇོག་ཚེ་དང༌། །གཉིས་པ་དོན་དམ་འཆད་ཚེ་འོ། །རང་བཞིན་དང་པོ་འགོག་བྱའི་ཕྱིར། །ཕྱི་ནང་སྟོང་ཉིད་ལ་སོགས་གསུངས། །རང་བཞིན་གཉིས་པ་འགོག་ཕྱིར་དུ། །རང་བཞིན་སྟོང་ཉིད་ལ་སོགས་བཤད། །དང་པོ་བདག་འགོག་ཚེ་ན་སྟེ། །གཉིས་པ་སྤྲོས་པ་ཀུན་ཟློག་དུས། །དེ་ལྟའི་རང་བཞིན་གཉིས་ལ་ཡང༌། །རང་བཞིན་མིན་པའི་ཤེས་བྱེད་དུ། །རྟེན་འབྲེལ་གཏན་ཚིགས་འཇུག་པ་སྟེ། །རྟེན་འབྲེལ་མིན་པ་མེད་ཕྱིར་རོ། །ཆོས་ཅན་ཚད་མས་གྲུབ་པ་ལ། །དགག་བྱ་ཚད་མས་མ་གྲུབ་པ། །འགོག་པ་འདི་ནི་རང་སྟོང་གི །ཕྱོགས་ལ་རུང་བ་མ་ཡིན་ཏེ། །གཞན་དབང་ཚད་མས་གྲུབ་པ་ལ། །ཀུན་བཏགས་ཚད་མས་མ་གྲུབ་པ། །འགོག་པ་འདི་ནི་གཞན་སྟོང་གི །འཇོག་ཚུལ་བླ་མེད་ཡིན་ཕྱིར་རོ། །སྟོང་ཉིད་དངོས་པོའི་འཇིག་རྒྱུར་ཡང༌། །ཐལ་བར་འགྱུར་ཏེ་བུམ་པ་སོགས། །ཡོད་ཅིང་རིགས་པས་བཙལ་བའི་ཚེ། །ཚད་མས་མ་གྲུབ་ཉིད་ཕྱིར་རོ། །ཐ་སྙད་བདེན་པ་རིགས་པ་ཡིས། །དཔྱད་ནས་འཇོག་པ་ཉིད་འགྱུར་ཏེ། །ཐ་སྙད་ཚེ་ན་བུམ་པ་སོགས། །ཡོད་ཅིང་བདེན་གྲུབ་མེད་ཕྱིར་རོ། །སློབ་དཔོན་ཟླ་བ་གྲགས་པ་ནི། །བདེན་འཛིན་ཀུན་བཏགས་ཀྱིས་བརྟགས་པ། །འཇིག་རྟེན་ལུགས་ཀྱི་ཀུན་རྫོབ་དང༌། །ལྷན་སྐྱེས་ཀྱིས་བརྟགས་འཇིག་རྟེན་གྱི། །དམ་པའི་དོན་དུ་འཇོག་པ་དང༌། །དེ་གཉིས་ཀ་ཡང་དབུ་མ་ཡི། །ཀུན་རྫོབ་བདེན་པར་འཇོག་གོ་ཞེས། །གསལ་བར་བཞེད་པ་ཉིད་ཡིན་ནོ། །ལྟ་བས་སྤྲོས་པ་གཅོད་པའི་ཚེ། །ཡོད་པའི་ཆོས་ཤིག་ཁས་བླངས་ན། །རིགས་པས་བཙལ་རྙེད་ཡིན་ན་ནི། །རྟག་པར་ལྟ་ལས་མ་འདས་ཤིང༌། །བཙལ་བས་མ་རྙེད་པ་ཡིན་ན། །ཆད་པར་ལྟ་བ་ཉིད་འགྱུར་ཏེ། །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེ་ཉིད་འོངས་པ་ཡིན་ཕྱིར་རོ། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ཀྱང༌། །རྟག་ཏུ་མཉམ་གཞག་མིན་འགྱུར་ཏེ། །རྟེན་འབྲེལ་སྣ་ཚོགས་པ་འདི་ནི། །གསལ་བར་སྣང་བ་ཡིན་ཕྱིར་རོ། །ཟླ་བས་རྫོགས་སངས་རྒྱས་བློ་ཡིས། །ཤེས་བྱ་མཁྱེན་ཚུལ་འཆད་པ་ན། །བྱས་པ་ཅན་ལ་མ་རེག་པར། །རང་བཞིན་འབའ་ཞིག་མཁྱེན་ཞེས་གསུངས། །དེ་ལྟར་འབེལ་གཏམ་རྣམ་ངེས་པའི། །དགེ་བ་རྣམ་པར་དཀར་རྒྱས་པས། །ལེགས་བཤད་རྒྱ་མཚོ་འཕེལ་བྱས་ཏེ། །ཟླ་བའི་བཞེད་པ་དེ་སྐོངས་ཤོག །རྟེན་འབྲེལ་སྟོད་པ་ཞེས་གྲགས་པ། །དེ་ཡི་ཉེས་པའི་ཆ་ཤས་ནི། །རྟེན་འབྲེལ་དོན་གང་ཚད་མ་ཡིས། །གྲུབ་པའི་དོན་ལ་བཤད་དེ་ཡིན། །འདི་ཡིས་ཆད་མཐའ་སེལ་བ་ལ། །ཅུང་ཟད་ཕན་པ་ལྟར་སྣང་ཡང༌། །ཀླུ་སྒྲུབ་སློབ་མར་བཅས་རྣམས་ཀྱི། །གཞུང་ལུགས་ཕལ་ཆེར་འཁྱོག་པོ་ཡི། །ལམ་དུ་དྲངས་པས་ངེས་དོན་གྱི། །རྒྱ་མཚོར་སོན་པ་མེད་པའི་ཕྱིར། །ཟླ་བའི་འགྲེལ་ཚིག་སོར་གཞག་པའི། །ལམ་དུ་བདེ་བར་རྒྱུ་བྱེད་ཤོག །འདི་ནི་གཞན་གྱི་གྲུབ་པ་ལ། །སྡང་བའི་ཕྱིར་དུ་བྱས་མིན་ཏེ། །རང་དང་སྐལ་མཉམ་གཞན་དག་ཀྱང༌། །མཐར་འཛིན་ལམ་ནས་དྲང་ཕྱིར་དུའོ། །དེ་ཉིད་རྣམ་པར་བཤད་པ་ན། །གཞན་གྱི་གཞུང་ལུགས་ཞིག་པ་དང༌། །ཕས་ཀྱི་རྒོལ་བ་མ་ལུས་པ། །བཅོམ་ཡང་ཉེས་པར་མི་འགྱུར་རོ། །གང་གིས་སྟོང་དང་རྟེན་འབྱུང་དང༌། །དབུ་མའི་ལམ་གསུམ་དོན་གཅིག་པར། །གསུངས་པས་སྟོན་དང་བསྟན་པ་ནི། །མཚུངས་པ་མེད་པར་གོ་བྱེད་ཤོག །ཅེས་རྟེན་འབྲེལ་བསྟོད་པ་ལས་བརྩམས་པའི་འབེལ་གཏམ་རྣམ་པར་ངེས་པ། ལུང་དང་རིགས་པའི་འཕྲུལ་འཁོར་ཞེས་བྱ་བ་འདི་ནི། རྗེ་བཙུན་དགེས་པའི་བཤེས་གཉེན་གྱིས། གསེར་མདོག་ཅན་ཞེས་བྱ་བའི་དབེན་གནས་དམ་པར་སྦྱར་བའི་ཡི་གེ་པ་ནི་ཆོས་ཀྱི་རྒྱལ་མཚན་ནོ།།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*