དབུ་མ་ཆེན་པོའི་སྒོམ་རིམ་འཁྲུལ་སྤོང་དབྱངས་ཀྱི་རྔ་སྒྲ།

༼ང་༽༄༅། །དབུ་མ་ཆེན་པོའི་སྒོམ་རིམ་ལ་འཁྲུལ་པ་སྤོང་ཞིང་ཐལ་རང་གི་གྲུབ་པའི་མཐའ་དང་ལྟ་བའི་གནས་རྣམ་པར་བཤད་པ་ཚངས་པའི་དབྱངས་ཀྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།

ན་མཿསརྦ་ཛྙ་ཡ། དབུ་མ་ཆེན་པོའི་སྒོམ་རིམ་ལ་འཁྲུལ་པ་སྤོང་ཞིང༌། ཐལ་རང་གི་གྲུབ་པའི་མཐའ་དང་ལྟ་བའི་གནས་རྣམ་པར་བཞག་པ། ཚངས་པའི་དབྱངས་ཀྱི་རྔ་སྒྲ་ཞེས་བྱ་བ། རྗེ་བཙུན་ངག་གི་དབང་ཕྱུག་ལ་གུས་པས་ཕྱག་འཚལ་ལོ། །བརྩེ་ཆེན་ཐུགས་རྗེས་འགྲོ་འདི་རྗེས་བཟུང་ནས། །སྨྲ་མཁས་གསུང་གི་ཉི་མས་གདུལ་བྱ་ཡི། །སྙིང་གི་མུན་པ་སེལ་ལ་མཁས་བརྩོན་པ། །ས་གསུམ་སྐྱེ་རྒུའི་མགོན་ཁྱོད་ཕྱག་གི་གནས། །སྤྲོས་མེད་ཆོས་ཀྱི་དབྱིངས་ནས་ཆོས་ཀུན་སྤྲོས། །བརྗོད་མེད་གསུང་གི་ལམ་ནས་གསུང་དབྱངས་བརྗོད། །འཛིན་མེད་རྣམ་གྲོལ་ངང་ནས་རྣམ་མང་འཛིན། །རྒྱལ་བའི་ཡུམ་གཅིག་ཀུན་གྱི་ཡུམ་བཞིན་རྒྱལ། །བྱམས་པའི་ཕྱག་གིས་བདེ་བའི་གནས་སུ་འདྲེན། །ཐུགས་རྗེའི་རྒྱུན་ཆེན་འཕོངས་པའི་གནས་སུ་འབབ། །ཐེག་མཆོག་ཆོས་ཀྱི་དགའ་སྟོན་ཉེར་སྤེལ་བ། །མ་ཕམ་རྒྱལ་བའི་ཞབས་རྡུལ་སྤྱི་བོས་ལེན། །ཟབ་གསལ་རྒྱལ་བ་ཀུན་གྱི་མཁྱེན་པ་ཡི། །རང་གཟུགས་ལང་འཚོ་ལྡན་པའི་སྐུར་བཞེངས་ནས། །ཀུན་གྱི་རྨོངས་པ་སེལ་ལ་མཁས་གྱུར་པ། །རྗེ་བཙུན་གསུང་གི་དབང་ཕྱུག་ལ་ཕྱག་འཚལ། །གནས་ལུགས་ཇི་བཞིན་གཟིགས་པའི་ཀླུ་སྒྲུབ་དང༌། །སྣང་ཚུལ་ཇི་སྙེད་འཆད་ལ་ཐོགས་མེད་པའི། །བཤད་སྲོལ་ལས་བྱུང་དབུ་མའི་སྒོམ་རིམ་གང༌། །བརྒྱུད་པའི་རིམ་པ་ལས་འོངས་འདིར་བརྗོད་བྱ།།  །།དེ་ལ་འདིར་ཞི་གནས་དང་ལྷག་མཐོང་གི་རིམ་པ་གསལ་བར་ཕྱེ་ནས་དབུ་མ་ཆེན་པོའི་ལྟ་བ་སྐྱོང་བའི་གནད་མདོར་བསྡུས་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ནི་འདི་ཡིན་ཏེ། དང་པོར་ཞི་གནས་དང༌། བར་དུ་ལྷག་མཐོང་དང༌། ཐ་མར་ཟུང་དུ་འཇུག་པའི་ལམ་མོ། །དང་པོ་ལ། ངོ་བོ་ངོས་བཟུང་བ་དང༌། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། སེམས་གནས་པའི་ཐབས་གང་ཡང་རུང་བ་སྔོན་དུ་སྦྱངས་ནས། རང་གི་དམིགས་པ་ལ་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པའོ། །འདི་ལ་རྗེས་མཐུན་པ་ཤིན་ཏུ་སྦྱངས་པ་ཆེན་པོ་མ་ཐོབ་པ་དང༌། མཚན་ཉིད་པ་དེ་ཐོབ་པ་གཉིས་སོ། །གཉིས་པ་ལའང་ལྷག་མཐོང་དང་ཟུང་དུ་འབྲེལ་བས་ལྷག་མཐོང་གི་ངོ་བོར་སྐྱེས་པ་དང༌། དེ་དང་མ་འབྲེལ་བས་ཞི་གནས་རྐྱང་པར་གནས་པ་གཉིས་སོ། །དང་པོ་ལའང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལྷག་མཐོང་གི་དབྱེ་བས་གཉིས་སོ། །དང་པོ་སོ་སོ་སྐྱེ་བོའམ་འཕགས་པའི་རྒྱུད་ཀྱི་བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡིན་ལ། འདི་དག་ལའང་ཉེར་བསྡོགས་དང༌། དངོས་གཞིའི་དབྱེ་བས་གཉིས་གཉིས་སུ་འགྱུར་ལ། ཉེར་བསྡོགས་ལའང་ཞི་གནས་དང་ལྷག་མཐོང་གི་དབྱེ་བས་གཉིས་གཉིས་སུ་ཡོད་ལ། དེའི་ཚེ་ཞི་གནས་ནི་རྩེ་གཅིག་པ་ཁོ་ན་ཡིན་གྱི་ཞི་རགས་ཀྱི་རྣམ་པ་ཅན་དུ་མི་རུང་ཞིང༌། ལྷག་མཐོང་ནི་དེའི་རྣམ་པ་ཅན་ཁོ་ནའོ། །དངོས་གཞི་རྣམས་ལ་ནི་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོར་སྐྱེས་པའི་བྱ་རྫོགས་ཀྱི་སྐད་ཅིག་མ་དེ་མ་གཏོགས་གཞན་ཐམས་ཅད་ཞི་གནས་སུ་རྣམ་པར་བཞག་གོ །འདི་ལ་ལྷག་མཐོང་མི་གཞག་ཏེ། ཞི་རགས་ཀྱི་རྣམ་པ་ཅན་དང་བདེན་པའི་རྣམ་པ་ཅན་ཏེ། ལྷག་མཐོང་གི་ཚུལ་གཉིས་པོ་གང་ཡང་འདི་ལ་མི་རུང་བའི་ཕྱིར། དེའི་ཕྱིར་འདི་ནི་ཞི་གནས་རྐྱང་པ་ཅན་ནོ། །དེ་ལྟ་མོད་ཀྱི་མཉམ་གཞག་ཟག་པ་མེད་པའི་དངོས་གཞིའི་སྙོམས་འཇུག་རྣམས་ནི། ཞི་ལྷག་ཟུང་དུ་འབྲེལ་པ་ཁོ་ནར་ངེས་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་སེམས་རྩེ་གཅིག་པ་ཁོ་ནར་ངེས་པའི་ཕྱིར། ཟག་པ་མེད་པའི་ཉེར་བསྡོགས་ལ་ནི་ཟུང་དུ་འབྲེལ་པ་ཁོ་ན་ཡིན་གྱི་ཞི་གནས་རྐྱང་པར་གནས་པ་མེད་དེ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་ཐེག་ཆེན་འཕགས་པའི་རྗེས་ཐོབ་ཏུ་ཉེར་བསྡོགས་དང་དངོས་གཞིའི་སྙོམས་འཇུག་ཟག་མེད་ལྷག་མཐོང་རྐྱང་པའི་ངོ་བོར་གནས་པ་གཅིག་སྲིད་དོ། །འོ་ན་ཟག་པ་དང་བཅས་པའི་ཉེར་བསྡོགས་ཀྱི་ཞི་གནས་དང་ལྷག་མཐོང་གི་རིམ་པ་གང་ཞེ་ན། བཤད་པ། ལྷག་མཐོང་ནི། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་དང༌། ཉན་ཐོས་ཀྱི་སར་བཤད་པའི་ཡིད་ལ་བྱེད་པ་བདུན་པོ་དག་ཕལ་ཆེ་བ་ཡིན་ལ། ངོ་བོ་ནི་ས་གོང་འོག་གི་སྐྱོན་ཡོན་ལ་གསལ་སྣང་སྐྱེས་པའི་ཤེས་རབ་ཞིག་ཡིན་ཞིང༌། བྱེད་ལས་ནི་ས་འོག་མ་འོག་མ་ལ་སྲེད་པའི་འདོད་ཆགས་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་ནོ། །འཇིག་རྟེན་པའི་གཞི་གནས་ནི། བཤད་མ་ཐག་པའི་ལྷག་མཐོང་དེ་དང་དེ་བསྐྱེད་པའི་དོན་དུ། དེ་དང་རྗེས་སུ་མཐུན་པའི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །ཞི་གནས་དེ་ཡང་ཡིད་བྱེད་བདུན་པོའི་བར་བར་དག་ཏུ་སྐྱེད་པར་ཁས་བླངས་དགོས་ཏེ། འཇིག་རྟེན་པའི་རྣམ་པར་གྲོལ་བའི་ལམ་སྔ་མ་དང༌། བར་ཆད་མེད་པའི་ལམ་ཕྱི་མའི་བར་དུ། སྦྱོར་བའི་ལམ་གྱིས་ཆོད་དགོས་ལ། དེ་ཡང་ཞི་གནས་ལས་མ་འདས་པའི་ཕྱིར། འདིར་ཡིད་བྱེད་དང་པོ་ནི། མཉམ་པར་མ་བཞག་པའི་སས་བསྡུས་ཀྱི་ཤེས་རབ་ལ་ལྷག་མཐོང་དུ་བཏགས་པ་ཡིན་གྱི། ལྷག་མཐོང་དངོས་མ་ཡིན་ཏེ། སྒོམ་བྱུང་གི་བློ་མ་ཡིན་པའི་ཕྱིར། ཞེས་རྣམ་པར་དབྱེ་དགོས་ལ། དེའི་ཕྱིར་འདི་དང་ཡིད་བྱེད་གཉིས་པའི་བར་དུ། ཞི་གནས་མཚན་ཉིད་པ་བསྒྲུབས་ཏེ། འདོད་ཉོན་དང་པོའི་སྤོང་གཉེན་བར་ཆད་མེད་ལམ་དུ་གྱུར་པའི་ཡིད་བྱེད་གཉིས་པ་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་དགོས་པ་དེའི་ཕྱིར། འཇིག་རྟེན་པའི་ལྷག་མཐོང་རྣམས་ནི་དམིགས་རྣམ་གྱི་རྒྱུན་མི་གཅིག་པས། ཞི་གནས་མི་འདྲ་བའི་སྒོ་ནས་དམིགས་རྣམ་སྤོ་དགོས་ལ། ཟག་མེད་རྣམས་ལ་ནི་དེ་ལྟ་བུའི་རིམ་པ་མི་དགོས་པས། མི་འདྲ་བའི་ཁྱད་པར་གྲུབ་པ་ཡིན་ནོ། །ཡང་གངས་ཅན་པ་གཞན་དག ཡིད་བྱེད་དང་པོ་ནས་ཉེར་བསྡོགས་ཀྱི་ཐོག་མ་མི་འཛིན་པར་དེའི་སྔ་རོལ་ནས་ཡོད་པར་འདོད་པ་དེ་དག་ནི་ལེགས་པ་མ་ཡིན་ཏེ། ཉན་ཐོས་ཀྱི་སར། འདི་མཉམ་པར་མ་བཞག་པའི་ས་པར་བཤད་ཅིང༌། དེའི་ཡང་སྔ་རོལ་ན་ཉེར་བསྡོགས་གཞན་ཡོད་པར་འཆད་བྱེད་ཀྱི་གཞུང་འགྲེལ་མི་སྣང་བའི་ཕྱིར་རོ། །ཅི་ཏེ་འདི་ལྷག་མཐོང་གི་ཉེར་བསྡོགས་ཀྱི་ཐོག་མ་ཡིན་ལ། དེའི་སྔ་རོལ་དུ་ཞི་གནས་ཀྱི་ཉེར་བསྡོགས་སུ་སོང་བ་ཡིན་ནོ་ཞེས་འཆད་པ་དེ་ཡང་ལེགས་པ་མ་ཡིན་ཏེ། ཞི་གནས་མཚན་ཉིད་པས་ཐོས་བསམ་གྱི་ཤེས་རབ་བསྒྲུབ་པ་འགལ་བའི་ཕྱིར་རོ། །འོ་ན་ཡིད་བྱེད་དང་པོ་སྔོན་དུ་བཏང་ནས་བསམ་གཏན་གྱི་ཞི་གནས་བསྒྲུབ་དགོས་པ་ཡིན་ན། ཡིད་བྱེད་དང་པོ་སྔོན་དུ་མ་སོང་བའི་བསམ་གཏན་གྱི་ཞི་གནས་ཤིག་ཡོད་དམ་ཞེ་ན། དེ་ནི་ལེགས་པར་ཡོད་དོ། །ཇི་ལྟར་ཞེ་ན། ཟག་པ་མེད་པའི་རྣམ་པ་ཅན་གྱི་ཉེར་བསྡོགས་ལ་ནི་ཡིད་ལ་བྱེད་པ་བདུན་གྱི་རྣམ་པར་བཞག་པ་འདི་མེད་པས་སོ། །གང་གི་ཕྱིར་ཉེར་བསྡོགས་ཇི་སྙེད་པ་ཡིད་ལ་བྱེད་པ་བདུན་པོ་དག་གིས་བསྡུས་པ་ཁོ་ན་མ་ཡིན་པ་དེའི་ཕྱིར། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་དང་པོར་འཇུག་པ་དེའི་ཚེ། རང་རང་གི་ཉེར་བསྡོགས་སྔོན་དུ་འགྲོ་མི་དགོས་སམ་སྙམ་པའི་དོགས་པ་དེ་ཡང་བསལ་བ་ཡིན་ནོ། །དོགས་པ་དེ་སེལ་ནུས་པའི་རྒྱུ་མཚན་གཞན་ཡང་འདི་ལྟར། བསམ་གཏན་དང་པོ་སོགས་ནས་གཉིས་པ་སོགས་ལ་ཐོག་མར་འཇུག་པའི་ཚེ། ཚོར་བའི་དབང་པོ་འཕོ་བའི་བར་ཆད་མེད་པའི་ལམ་ངེས་པར་སྔོན་དུ་འགྲོ་དགོས་ཤིང༌། ཁྱད་པར་ནམ་མཁའ་མཐའ་ཡས་ཀྱི་དངོས་གཞི་ལྟ་བུ་དང་པོར་མངོན་དུ་བྱེད་པའི་ཚེ། དེ་དང་རྗེས་སུ་མཐུན་པའི་དམིགས་རྣམ་སྦྱོང་དགོས་པར་ལུང་དང་རིགས་པས་གྲུབ་པ་དང༌། དེ་ཁོ་ནར་མ་ཟད་ཀྱི་ཆོས་མངོན་པ་ལས་གཟུགས་མེད་ཀྱི་ཉེར་བསྡོགས་འཆད་པ་ན། ཞི་གནས་ཀྱི་ཆ་ནས་བཤད་པ་མང་བར་སྣང་གི ཡིད་བྱེད་བདུན་གྱི་སྒོ་ནས་བཤད་པ་ཉུང་བའི་ཕྱིར། དེ་ལྟར་གྲུབ་པ་ན། ཉེར་བསྡོགས་དག་པ་བ་དག་ཀྱང་ཡིད་ལ་བྱེད་པ་བདུན་པོ་དག་གིས་བསྡུས་པའི་ངེས་པ་མེད་པ་ཞེས་བྱ་བ་འདི་ཡང་གྲུབ་པ་ཡིན་ནོ། །ཡང་གངས་ཅན་གྱི་དབུ་མའི་སྒོམ་རིམ་འཆད་པ་གཞན་དག་ནི། རྗེ་བཙུན་གྱི་གཞང་འགྲེལ་དུ་སེམས་གནས་པའི་ཐབས་དགུར་བཤད་པའི་དགུ་པ་ལ། ཤིན་ཏུ་སྦྱངས་པ་ཐོབ་མ་ཐོབ་གཉིས་སུ་ཕྱེ་ནས་ཞི་གནས་ཡིན་མིན་གཉིས་སུ་ཡོད་ཅིང༌། དང་པོ་བརྒྱད་ཞི་གནས་མཚན་ཉིད་པ་མ་ཡིན་པ་ཁོ་ནར་ཁས་ལེན་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། ལུང་དང་འགལ་བ་དང༌། རིགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། མདོ་སྡེའི་རྒྱན་དང༌། མངོན་པ་ཀུན་ལས་བཏུས་དང༌། ཀཱ་མ་ལ་ཤི་ལའི་སྒོམ་རིམ་དང༌། མར་མེ་མཛད་ཀྱི་དབུ་མའི་མན་ངག་རྣམས་སུ་ཞི་གནས་ལ་སེམས་གནས་པའི་ཐབས་དགུར་ཕྱེ་ནས་བཤད་པའི་ཕྱིར་དང༌། ཤིན་ཏུ་སྦྱངས་པ་ཐོབ་ཕྱིན་ཆད་ཀྱང་སེམས་གནས་པའི་ཐབས་དགུའི་སྒོ་ནས་མཉམ་པར་འཇོག་དགོས་པའི་རྒྱུ་མཚན་མ་ཤེས་པར་སྣང་བའི་ཕྱིར། ཅིས་ཏེ། ཇི་སྐད་དུ་བཤད་པ་དེ། ལས་དང་པོ་པའི་རྣལ་འབྱོར་པས་དང་པོར་བརྩོན་པའི་དབང་དུ་བྱས་སོ་ཤེ་ན། དེ་ཡང་དེ་ཁོ་ན་ལྟར་མ་ངེས་པའི་རྒྱུ་མཚན་ཇི་ལྟར། དང་པོ་ནང་ཉིད་ལ་འཇོག་པའི་སྐབས་ནས་ཤིན་ཏུ་སྦྱངས་པ་མངོན་དུ་བྱེད་ནུས་པ་དང༌། བྱས་པ་སྲིད་པ་ལ་འགལ་བ་ཡོད་པ་མིན་ཏེ། སེམས་གནས་པའི་ཐབས་དགུ་པོ་རེ་རེ་ཡང་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པར་སྒོམ་དགོས་པའི་ཕྱིར། ཡང་ཤིན་ཏུ་སྦྱངས་པ་ཙམ་ཐོབ་མ་ཐོབ་ལ་འཆད་པ་ཡང་མ་ངེས་པ་ཡིན་ཏེ། མཉམ་པར་མ་གཞག་པའི་སས་སྡུས་ཀྱི་ཤིན་ཏུ་སྦྱངས་པ་མེད་པར་ཡང་མཐའ་གཅིག་ཏུ་མ་ངེས་པའི་ཕྱིར། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ཆོས་མངོན་པ་འཆད་པ་དག་ནི། ཤིན་སྦྱངས་དགེ་བའི་ས་མང་པོ་པར་བཤད་པའི་ཕྱིར་དང༌། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་གཞག་བསྒོམ་པར་བྱ། །ཅེས་བསམ་གཏན་གྱི་སེམས་མ་ཐོབ་པ་ལ་ཡང་ཞི་གནས་ཡོད་པར་བཤད་ལ། ཁྱེད་ཀྱིས་ནི་དེ་མི་འདོད་པས་སོ། །དེའི་ཕྱིར་སེམས་གནས་པའི་ཐབས་དགུ་དང་སྤོང་བའི་འདུ་བྱེད་བརྒྱད་བཤད་པ་ནི། ཞི་གནས་ཀྱི་དངོས་གཞི་ཡིན་ལ། འདི་ལ་ནི་བསམ་གཏན་གྱི་སེམས་དང་ཤིན་སྦྱངས་ཐོབ་པ་ཡང་ཡོད་མ་ཐོབ་པ་ཡང་ཡོད། ཤིན་ཏུ་སྦྱངས་པ་ལ་ཡང་དེའི་མིང་ཅན་ཙམ་ཡང་ཡོད། དེ་མཚན་ཉིད་པ་ལ་ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་ཕྱེ་བ་ཡང་ཡོད་དོ། །ཆེན་པོར་བཤད་པ་དེའི་གོང་ན་བསམ་གཏན་གྱི་དངོས་གཞིའི་ཡན་ལག་ཏུ་གཞག་པ་ཡང་ཡོད་པས། དེའི་ཕྱིར་སྤྱིར་དེང་དེ་ཐོབ་པ་དེ་དག་བཟང་བ་དང་མཚན་ཉིད་པ་ཡིན་མོད། ལས་དང་པོ་པའི་གནས་སྐབས་སུ་སྔ་མ་དེ་དག་ཀྱང་ཞི་གནས་སུ་བཤད་པ་ཡོད་ཅིང༌། དེ་དག་ཞི་གནས་རྗེས་མཐུན་པར་བཞག་དགོས་པ་ཡིན་ཏེ། དེ་ལས་ལྷག་མཐོང་རྗེས་མཐུན་པ་མངོན་དུ་བྱེད་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན། གང་དག་སེམས་གནས་པའི་ཐབས་དགུ་པ་ཤིན་ཏུ་སྦྱངས་པས་ཁྱད་པར་དུ་བྱས་པ་ལན་གཅིག་ཐོབ་ཕྱིན་ཆད་ནང་ཉིད་ལ་འཇོག་པ་སོགས་སྔ་མ་རྣམས་རྣལ་འབྱོར་གྱི་ཡན་ལག་ཏུ་མི་དགོས་སོ་སྙམ་དུ་ཞེན་པ་ནི་ཆེས་ཤིན་ཏུ་འཁྲུལ་བ་ཡིན་ནོ། །མདོར་བསྡུ་ན། ཞི་གནས་ནི། ཏིང་ངེ་འཛིན་རྒྱུན་ཆགས་སོ། །ལྷག་མཐོང་ནི་ཡིན་ལུགས་རྣམ་པར་འབྱེད་ཅིང་རྟོགས་པའི་ཤེས་རབ་བོ། །ཟུང་དུ་འབྲེལ་པ་ནི་རྣམ་པར་དུ་མར་ལྟ་སྟེ། རེས་འགའ་ནི་ཞི་གནས་དང་ཤེས་རབ་ཟུང་དུ་འབྲེལ་ལོ། །ཁ་ཅིག་ཏུ་ནི་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དང་ངོ༌། །ལ་ལར་ནི། མངོན་པར་ཤེས་པ་དང༌། ཟད་པར་དང་ཟིལ་གནོན་དང༌། རྣམ་པར་ཐར་པ་ལ་སོགས་པ་རྣམས་དང་ཟུང་དུ་འབྲེལ་ལོ། །གང་གི་ཚེ་ཞི་གནས་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བ་དང༌། ཡོན་ཏན་མངོན་པར་བསྒྲུབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང༌། སེམས་ཅན་གཞན་གདུལ་བ་དང༌། རྗེས་སུ་འཛིན་པ་ཐམས་ཅད་ལ་མེད་དུ་མི་རུང་བའི་ཡན་ལག་ཡིན་པར་མཐོང་བ་དེའི་ཚེ། ཐོག་མར་ཞི་གནས་བཙལ་བ་ལ་འབད་པར་བྱའོ། །དེ་ནས་ཞི་གནས་སྒྲུབ་པའི་རིམ་པ་བཤད་པར་བྱ་བ་ལའང་གཉིས་ཏེ། ཐོག་མར་ཞི་གནས་ཀྱི་དམིགས་པ་ལ་ཇི་ལྟར་འཇུག་པའི་ཚུལ་དང༌། དེ་ལས་བསམ་གཏན་གྱི་སེམས་ཐོབ་པའི་ས་མཚམས་བསྟན་པའོ། །དང་པོ་ལ། སྤྱིར་བཤད་པ་དང༌། རྣལ་འབྱོར་གྱི་རིམ་པ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི། གང་ཡང་གྲོལ་བ་དོན་གཉེར་བ་ལ་ལ་ནི། དེ་ཁོ་ནར་ཞི་གནས་ཐོབ་ཟིན་ནས་དེའི་འོག་ཏུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་རྗེས་སུ་ལྷག་མཐོང་གི་རིམ་པ་ལ་འཇུག་པར་བྱེད་དོ། །ཁ་ཅིག་ནི། དང་པོར་སྟོང་པ་ཉིད་ཀྱི་ལྟ་བ་རྙེད་ནས། དེའི་འོག་ཏུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། དེ་ནས་ཞི་གནས་ཚོལ་བ་ལ་འཇུག་པར་བྱེད་དོ། །ལ་ལ་ནི། བསམ་གཏན་གྱི་དངོས་གཞི་ཐོབ་ནས་ཚད་མེད་པ་བཞི་གྲུབ་པར་བྱེད་ཅིང༌། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ་སངས་རྒྱས་ཀྱི་ཆོས་ལ་འཇུག་པར་བྱེད་དོ། །གཞན་དག་ནི། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། ཚད་མེད་པ་བཞི་ལ་འཇུག་པའི་རིམ་པས་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་སྤངས་ཏེ། དེའི་འོག་ཏུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། སྟོང་ཉིད་རྟོགས་པའི་ལྷག་མཐོང་རྒྱུད་ལ་བསྐྱེད་པར་བྱའོ། །དེ་ལྟར་སྤྱིར་བཤད་ནས། གཉིས་པ་སྐབས་སུ་བབ་པ་འདིར་རྣལ་འབྱོར་དུ་བྱ་བའི་རིམ་པ་ནི། འདི་ལྟར་ལས་དང་པོ་པས་ཐོག་མར་འཁོར་བའི་ཉེས་དམིགས་དང༌། ལས་རྒྱུ་འབྲས་ལ་ངེས་པ་རྙེད་པར་བྱས་ནས། འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་རྣམ་པར་གཡེང་བ་དང༌། འདུ་འཛི་ཐམས་ཅད་ཀྱིས་དབེན་པའི་ས་ཕྱོགས་གཙང་མ་ཉམས་དགའ་ཞིང་ཡིད་དུ་འོང་བ་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གྱི་བཞུགས་སྟབས་ཀྱིས་འདུག་པར་བྱ་སྟེ། དེས་ལུས་ལས་སུ་རུང་བར་འགྱུར་རོ། །དེ་ནས་རླུང་རོ་ལན་གསུམ་དུ་བསལ་བར་བྱ་སྟེ། དེས་ནི་གནས་མིན་པར་ཞུགས་པའི་རླུང་ཉེ་བར་ཞི་བས་སེམས་ལས་སུ་རུང་བར་འགྱུར་རོ། །དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེས་ན་ཤེས་རབ་མིན་པ་དང་ཐབས་མ་ཡིན་པ་མི་འབྱུང་ཞིང༌། བདུད་དང་ཉེ་བར་འཚེ་བ་དག་གིས་གླགས་མི་རྙེད་པར་འགྱུར་རོ། །དེ་ནས་བྱམས་པ་དང་སྙིང་རྗེ་སྒོམ་པར་བྱ་སྟེ། དེ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་མང་པོ་རྫོགས་པ་དང༌། རྫོགས་པའི་བྱང་ཆུབ་ཀྱི་སེམས་རང་གི་ངང་གིས་སྐྱེ་བར་འགྱུར་རོ། །དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་འཇུག་པའི་སྡོམ་པ་ཡང་བླང་བར་བྱ་སྟེ། དེས་ནི་དེ་ཕྱིན་ཆད་ཀྱི་རྣམ་པར་དཀར་བ་ཇི་སྙེད་པ་ཐེག་པ་ཆེན་པོའི་ཆོས་སུ་འགྱུར་རོ། །དེ་ནས་དབུགས་འབྱུང་བ་དང་རྔུབ་པ་གྲངས་མ་འཆོལ་བ་གཅིག་ནས་བཅུ་གཅིག་གི་བར་བགྲང་བ་ལྟ་བུ་ལན་འགའ་ཞིག་བྱས་པ་ནི། ཚེ་རིང་བ་དང་སེམས་གནས་པའི་ཐབས་མཆོག་ཏུ་འགྱུར་རོ། །དེ་ནས་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་པར་བྱ་སྟེ། དེ་ཡང་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་མང་པོ་ལ་ཐོས་བསམ་སྔོན་དུ་སོང་བའི་སྤོང་བ་པ་ཅིག་ཡིན་ན་ནི། གཞི་དང༌། བསྐྱེད་པ་དང༌། མེ་ལོང་ལྟ་བུ་དང༌། སྣང་བ་དང༌། གནས་དེ་རྣལ་འབྱོར་གྱི་ས་ལྔའི་རིམ་པས་འཇུག་པར་རྗེ་བཙུན་གྱིས་གསུངས་ལ། དེ་ལྟ་བུའི་ཐོས་པ་སྔོན་དུ་མ་སོང་བ་ཡིན་ཀྱང་རུང་སྟེ། སེམས་གནས་པའི་ཐབས་དགུའི་སྒོ་ནས། དམིགས་པ་ལ་སེམས་གཏོད་པར་བྱེད་པ་ཡིན་ནོ། །དེ་ལ་དགུའི་གྲངས་ནི། ཇི་སྐད་དུ། ཞི་གནས་གང་ཞེ་ན། ནང་ཉིད་ལ་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བརླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་པར་ཞི་བར་བྱེད་པ་དང༌། སེམས་རྩེ་གཅིག་ཏུ་བྱེད་པ་དང༌། མཉམ་པར་འཇོག་པའོ། །ཞེས་གསུངས་སོ། །དེ་དག་སོ་སོ་རང་རང་གི་ངོ་བོ་ངོས་བཟུང་བ་ནི། ཇི་སྐད་དུ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བརླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང༌། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །ཆགས་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །ཅེས་གསུངས་པའི་དོན་ལ་རྣམ་པར་བརྟགས་པས་ཤེས་པར་འགྱུར་རོ། །དེ་ཡང་ནང་ཉིད་ལ་འཇོག་པ་ལྟ་བུ་ཅིག་ལ་མཚོན་ན། རེ་ཤིག་བསམ་གཏན་པ་དེ་ཐོས་པ་དང་མི་ལྡན་པའི་ལས་དང་པོ་པ་ཞིག་ཡིན་ན་ནི། མེ་ཏོག་གམ། མེ་ལོང་གི་གཟུགས་སམ། ཐུབ་པའི་སྐུ་གཟུགས་ལྟ་བུ་ལ་དམིགས་པ་གཏད་པར་བྱའོ། །གང་ཡང་ཟབ་མོའི་ཆོས་ལ་ཐོས་པ་བཟང་པོ་སྔོན་དུ་སོང་བ་ཡིན་ན་ནི། ཇི་ལྟར་གཅིག་དང་དུ་བྲལ་ལ་སོགས་པའི་རིགས་པ་མཆོག་གིས་གཏན་ལ་ཕབ་པ་ན། གང་དུ་ཡང་མ་རྙེད་པས་ཅིར་ཡང་མི་དམིགས་ཤིང༌། སྤྲོས་པའི་མཐའ་ཐམས་ཅད་བཀག་ཙམ་གྱི་མེད་པར་དགག་པའམ། རང་བཞིན་གྱིས་འོད་གསལ་བ་ལ་དམིགས་པ་གཏད་པར་བྱའོ། །ཡང་སྤོང་བ་པ་དེ་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པ་ཅིག་ཡིན་ན་ནི། དེ་ཉིད་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས་ནང་ཉིད་ལ་འཇོག་པ་ཙམ་དུ་མ་ཟད། དགོས་པ་ཁྱད་པར་ཅན་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ལྟར་ནང་ཉིད་ལ་འཇོག་པ་ལྟ་བུ་ཡིད་ལ་བྱེད་པ་རེ་རེའི་སྐབས་སུ་ཡང༌། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། ཞི་གནས་ཀྱི་ཁྱད་པར་ཇི་སྙེད་པ་དེ་ཐམས་ཅད་བརྒྱད་པོ་དེའི་སྒོ་ནས་ལས་སུ་རུང་བར་བྱེད་དགོས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཐོག་མར་དམིགས་པ་གང་དང་གང་ལ་སེམས་གཏོད་པའི་ལེ་ལོའི་གཉེན་པོར། འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུ་སྦྱངས་པའོ། །དེ་དག་ལས་རྩོལ་བ་ནི། གཉེན་པོ་དངོས་སོ། །འདུན་པ་ནི། དེའི་གནས་སོ། །དད་པ་ནི་རྒྱུའོ། །ཤིན་ཏུ་སྦྱངས་པ་ནི་འབྲས་བུའོ། །དེ་ལྟར་ཇི་སྐད་བཤད་པ་ཡང་གང་ལ་གཏད་ས་ཡུལ་དེའི་དམིགས་རྣམ་བརྗེད་པའི་གཉེན་པོར་དྲན་པའོ། །དེའི་ཚེ་བྱིང་རྒོད་དུ་གྱུར་ན་ཤེས་བཞིན་ནོ། །བྱིང་རྒོད་བྱུང་བ་རིག་ཀྱང་དེའི་གཉེན་པོ་འདུ་མི་བྱེད་ན། འདུ་མི་བྱེད་པ་དེའི་གཉེན་པོར་སེམས་མངོན་པར་འདུ་བྱེད་པའོ། །དེ་ལྟར་འདུ་བྱེད་པའི་རྩོལ་བ་ཧ་ཅང་ཆེས་ན། སེམས་གནས་པ་ལ་བར་དུ་གཅོད་པས་དེའི་གཉེན་པོར་འདུ་བྱེད་བཏང་སྙོམས་བསྟེན་པར་བྱའོ། །དེ་ལྟར་ཇི་སྐད་བཤད་པའི་འདུ་བྱེད་བརྒྱད་པོ་དེ་ནི་ཞི་གནས་ཀྱི་མི་མཐུན་ཕྱོགས་སྤོང་བའི་དབང་དུ་བྱས་པ་ཡིན་ལ། གཉེན་པོ་བརྩོན་འགྲུས་རྩོམ་པའི་དབང་དུ་བྱས་ན། གཉེན་པོ་ལྔ་ཡོད་པ་ཡིན་ནོ། །དེ་ཡང་གང་ཞེ་ན། འདུན་པ་བསྐྱེད། འབད། བརྩོན་འགྲུས་བརྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པའི་ཚུལ་གྱིས་བརྩོན་འགྲུས་བརྩོམ་དགོས་པ་ཡིན་ཏེ། ཡིད་ལ་བྱེད་པ་དགུ་པོ་རེ་རེ་ཡང༌། བརྩོན་འགྲུས་བརྩོམ་ཚུལ་ལྔ་པོ་དེའི་སྒོ་ནས་ལས་སུ་རུང་བར་བྱེད་དགོས་པའི་ཕྱིར་རོ། །དེ་ལ་ཡང་འདུན་པ་ནི། བཤད་མ་ཐག་པའི་དམིགས་པ་དེ་དང་དེ་ལ་སེམས་འཇོག་པར་འདོད་པའི་འདུན་པའོ། །འབད་པ་ནི། དེ་དང་དེ་ལ་སེམས་འཇོག་པར་བྱེད་པའི་བརྩོན་འགྲུས་དངོས་སོ། །བརྩོན་འགྲུས་བརྩོམ་ཞེས་པ་ནི། བྱིང་རྒོད་སེལ་བའི་བརྩོན་འགྲུས་བརྩོམ་པ་སྟེ། འདིས་དྲན་ཤེས་བཞིན་བཏང་སྙོམས་གསུམ་མཚོན་པ་ཡིན་ནོ། །འོ་ན་བརྩོན་འགྲུས་ཇི་ལྟར་བརྩོམ་ཞེ་ན། སེམས་རབ་ཏུ་འཛིན་སེམས་རབ་ཏུ་འཇོག་ཅེས་པ་སྟེ། འདི་གཉིས་ཀྱིས་སྔ་མ་བརྩོན་འགྲུས་བརྩོམ་ཞེས་པ་དེ་རྒྱས་པར་བཤད་ནས། སེམས་མངོན་པར་འདུ་བྱེད་པ་དེ་མཚོན་པ་ཡིན་ནོ། །དེ་ལྟར་ལྔ་པོ་འདི་ལ་བརྩོན་འགྲུས་བརྩོམ་པ་གནས་དང་བཅས་པ་ཞེས་བྱ་བའི་མིང་གིས་བཏགས་སོ། །མདོར་བསྡུ་ན། ཞི་གནས་ཀྱི་དབང་དུ་བྱས་པའི་ཡིད་བྱེད་ཇི་སྙེད་པ་ཉེས་པ་སྤོང་ཚུལ་དང་བརྩོན་འགྲུས་བརྩོམ་ཚུལ་ཇི་སྐད་བཤད་པ་དེས་ཁྱད་པར་དུ་བྱས་པ་ན། རྫུ་འཕྲུལ་གི་རྐང་པ་བཞིར་འགྱུར་རོ། །ཇི་ལྟར་ཞེ་ན། གནས་སྐབས་དེ་དང་དེ་དག་ན་གུས་པར་སྦྱོར་བའི་འདུན་པ་ཞིག་ཡོད་པ་དེ་ནི། འདུན་པ་བསྐྱེད་ཙམ་ན་ཏིང་ངེ་འཛིན་དུ་འགྱུར་བའི་ཕྱིར། རྫུ་འཕྲུལ་གྱི་རྐང་པར་འཇོག་པ་ཡིན་ནོ། །རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་ཤིག་ཡོད་པ་དེ་ནི། འབད་ཙམ་ན་དེར་འགྱུར་བའི་ཕྱིར་རྐང་པར་འཇོག་པ་དང༌། སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་ཤིག་ཡོད་པ་དེ་ནི། སེམས་རབ་ཏུ་འཇོག་པའི་ཚེ་ན་རྫུ་འཕྲུལ་གྱི་རྐང་པར་སོང་བ་དང༌། དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་གཅིག་ཡོད་པ་དེ་ནི་སེམས་རབ་ཏུ་འཛིན་པ་ཞེས་བྱ་བའི་དུས་ན་རྫུ་འཕྲུལ་གྱི་རྐང་པར་སོང་བ་ཡིན་ནོ། །དེ་ལྟར་སོང་བ་དེའི་ཚེ་ན། ལུས་སེམས་ཤིན་ཏུ་སྦྱངས་པ་ཐོབ་ནས་དེས་དྲངས་པའི་བདེ་བ་འདྲེན་པར་ནུས་པ་ཞེས་བྱ་བ་ཡིན་ནོ། །དེ་དག་གིས་ནི་ཞི་གནས་ཇི་ལྟར་བསྒྲུབ་པའི་ཚུལ་རྒྱས་པར་བསྟན་ཟིན་ནས། གཉིས་པ་བསམ་གཏན་གྱི་སེམས་བསྐྱེད་པའི་ས་མཚམས་བཤད་པ་ལ། དངོས་དང༌། དེ་ལས་ལྷག་མཐོང་སྐྱེ་བའི་ས་མཚམས་སོ། །དང་པོ་ནི། གོང་དུ་བཤད་པ་དེ་ལྟར་ཡིད་ལ་བྱེད་པའི་ལམ་དང་པོ་པས། གོམས་བྱེད་ཀྱི་ཡན་ལག་རྣམས་དང་མ་བྲལ་བར་ཡིད་ལ་བྱས་པས། ནང་ཉིད་ལ་འཇོག་པ་ལྟ་བུ་ཅིག་ལ་བརྟན་པ་ཅུང་ཟད་ཐོབ་པ་དེའི་ཚེ། འདོད་པ་ལ་འདུན་པ་དང༌། རྣམ་འཚེ་དྲག་པོ་འབྱུང་བ་དང་རྗེས་སུ་མཐུན་པའི་མཚན་མ་མངོན་དུ་གྱུར་ཀྱང༌། འདོད་པའི་ཆགས་སྡང་རེ་ཤིག་མངོན་དུ་མི་འགྱུར་བའི་བརྟགས་མིན་གྱི་འགོག་པ་ཐོབ་ཅིང༌། ལུས་སེམས་ཤིན་ཏུ་སྦྱངས་པ་སྔ་མ་ལ་ལྟོས་ཏེ། ཤིན་ཏུ་ཆེ་བ་ཐོབ་པ་དེའི་ཚེ། བསམ་གཏན་གྱི་སེམས་ཐོབ་པ་ཞེས་བྱ་ཞིང་མཉམ་པར་བཞག་པའི་ས་པ་ཞེས་ཀྱང་བྱ་ལ། འདིས་ཇི་སྲིད་བསམ་གཏན་དང་པོའི་དངོས་གཞི་ཐོབ་པའི་དོན་དུ་དམིགས་རྣམ་སྦྱོང་བར་མི་བྱེད་པ་དེ་སྲིད་དུ། དང་པོའི་ཉེར་བསྡོགས་ཀྱི་མཚན་ཉིད་མ་ཞུགས་ཀྱང་གཞན་དུ་བསྡུས་པ་མེད་པས། དང་པོའི་ཉེར་བསྡོགས་སུ་བསྡུས་ཤིང་མི་ལྕོགས་པ་མེད་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱང་འདི་ལས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ལ། འཇིག་རྟེན་པའི་ལྷག་མཐོང་ཐོབ་པའི་ས་མཚམས་དང༌། འཇིག་རྟེན་ལས་འདས་པའི་ལྷག་མཐོང་ཐོབ་པའི་ས་མཚམས་སོ། །དང་པོ་ནི། དེ་ལྟ་བུའི་སེམས་རྩེ་གཅིག་པ་ཐོབ་པའི་རྟེན་གྱི་གང་ཟག་དེ་ཟབ་པ་དང་རྒྱ་ཆེ་བའི་གསུང་རབ་མ་ཐོས་པའམ། ཐོས་ཀྱང་དོན་དུ་མི་གཉེར་བ་ཞིག་ཡིན་ན་ནི། ཐོག་མར་འཇིག་རྟེན་པའི་བསམ་གཏན་དང་པོ་ལ་འཇུག་གོ །ཇི་ལྟར་ཞེ་ན། འདི་ལྟར་འདོད་པ་དང་བསམ་གཏན་དང་པོ་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་སོ་སོར་རྟོག་པའི་ཐོས་སམ་འདྲེས་མའི་ཡིད་བྱེད་དང་པོ་དེ་རྒྱུད་ལ་སྐྱེད་པར་བྱེད་དོ། །དེ་ལྟར་བརྟགས་པས་འདོད་པ་ལ་འདུན་པ་དང་རྣམ་འཚེ་མི་འབྱུང་བ་དང་རྗེས་སུ་མཐུན་པའི་ཞི་བའི་མཚན་མ་ལ། སེམས་དང་པོར་འཇོག་པ་དང༌། དེའི་རྒྱུན་རྣམ་པར་མི་གཡེང་བ་དང༌། གཡེང་ན་དེ་ལ་སླར་ཡང་བརླན་པ་ལ་སོགས་པ་སེམས་གནས་པའི་ཐབས་དགུའི་རིམ་པས་ཡིད་ལ་བྱས་པས་ཞི་རགས་ཀྱི་རྣམ་པ་ཅན་གྱི་ཡིད་ལ་བྱེད་པ་བདུན་གྱི་རིམ་པས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་དོ། །དེ་ལྟར་བྱས་པ་དེའི་ཚེ། དེ་ལྟ་བུའི་ཆགས་བྲལ་དེ་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་ཞིང༌། འགོག་པ་དེས་ཁྱད་པར་དུ་བྱས་པའི་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཁྱད་པར་ཅན་སྐྱེས་པ་དེའི་ཚེ། སྦྱོར་བ་མཐའི་འབྲས་བུ་ཡིད་ལ་བྱེད་པ་ཞེས་བྱ་ཞིང༌། དེས་འཇིག་རྟེན་པའི་ལྷག་མཐོང་གི་ངོ་བོར་གྱུར་པའི་བསམ་གཏན་དང་པོའི་ཉེར་བསྡོགས་རྫོགས་ལ། དེའི་ཚེ་ཚོར་བ་བཏང་སྙོམས་ཁོ་ནར་ངེས་པས། དེ་ལས་ཚོར་བ་ཡིད་བདེའི་དབང་པོར་འཕོ་བར་བྱེད་པའི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་གཉིས་སྐྱེ་ལ། དེའི་ཚེ་གཉིས་ཀ་ཞི་གནས་རྐྱང་པ་ཡིན་པ་ལ་ཁྱད་པར་མེད་ཀྱང༌། དང་པོས་བསམ་གཏན་དང་པོའི་སྙོམས་འཇུག་གི་སྒྲིབ་པ་སེལ་བར་བྱེད་ཅིང༌། གཉིས་པ་རྣམ་པར་གྲོལ་བའི་ལམ་སྐྱེས་པ་དེའི་ཚེ། དང་པོའི་དངོས་གཞི་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་བར་དུ་སྦྱར་བར་བྱ་ཞིང༌། བཞི་པ་ཕན་ཆད་ལ་ནི་ལྷག་མཐོང་གི་ངོ་བོར་གྱུར་པའི་ཉེར་བསྡོགས་རྫོགས་པ་དང༌། དངོས་གཞི་སྐྱེས་པ་དུས་མཉམ་པ་ཡིན་ནོ། །འོ་ན་དེ་ཕན་ཆད་དུ་སྙོམས་འཇུག་གི་སྒྲིབ་པ་ཇི་ལྟར་སྤོང་ཞེ་ན། སྤྱིར་འཇིག་རྟེན་པའི་ཉེར་བསྡོགས་ལ་གཉིས་ཏེ། ལྷག་མཐོང་གི་ངོ་བོར་གྱུར་པ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ས་འོག་མའི་ཉོན་མོངས་སྤོང་བར་བྱེད་པ་དང༌། ཞི་གནས་ཀྱི་ངོ་བོར་གྱུར་པ་རྩེ་གཅིག་པའི་རྣམ་པ་ཅན་གྱིས་རང་རང་གི་དངོས་བཞི་ལ་སྒྲིབ་པར་བྱེད་པའི་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་ཉེར་བསྡོགས་གཉིས་གཉིས་སུ་ཡོད་པ་ཡིན་ནོ། །འོ་ན་དངོས་གཞི་ཐོབ་ནས་ས་དེའི་སྙོམས་འཇུག་གི་སྒྲིབ་པ་སྤོང་མི་དགོས་སམ་ཞེ་ན། སྙོམས་འཇུག་གི་སྒྲིབ་པ་ནི་གཉིས་ཏེ། རང་རང་གི་དངོས་གཞི་ལ་སྒྲིབ་པ་དང༌། རྣམ་ཐར་ལ་སྒྲིབ་པའོ། །དངོས་གཞིའི་སྙོམས་འཇུག་ཐོབ་ལ་མ་ཉམས་པས་དང་པོ་སྤོང་མི་དགོས་ཀྱང་གཉིས་པ་སྤོང་དགོས་པ་ཡོད་དེ། བསམ་གཏན་བཞི་པའི་དངོས་གཞི་ཐོབ་ནས་སྦྱོར་བ་འབད་རྩོལ་གྱིས་རྣམ་པར་ཐར་པ་བསྒྲུབ་དགོས་པའི་ཕྱིར། དེ་ལྟར་བཤད་པ་ན། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པས་སྙོམས་འཇུག་དགུ་ལ་དང་པོར་འཇུག་པ་དེའི་ཚེ། དངོས་གཞིའི་སྙོམས་འཇུག་རང་རང་ལ་ལྟོས་པའི་སྙོམས་འཇུག་གི་སྒྲིབ་པ་སེལ་བར་བྱེད་པའི་ཞི་གནས་ཀྱི་ངོ་བོར་གྱུར་པའི་ཉེར་བསྡོགས་རྣམ་པ་དགུ་ངེས་པར་རྒྱུད་ལ་སྐྱེས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གང་ཡང་མི་མཁས་པ་དག འཇིག་རྟེན་པའི་དངོས་གཞིའི་སྙོམས་འཇུག་རྣམས་ཞི་རགས་ཀྱི་རྣམ་པ་ཅན་ཁོ་ནའོ་ཞེས་ཟེར་བ་དེ་ནི་ཆོས་མངོན་པ་རྒྱ་མཚོ་ལྟ་བུ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་ཡིད་བརྟེན་པར་མི་བྱའོ། །དེ་ལྟར་བཤད་པ་ན་ཡིད་བྱེད་དགུ་པོ་འདི་གཉིས་སུ་འགྱུར་ཏེ། ཤིན་ཏུ་སྦྱངས་པ་ཆེན་པོ་མ་ཐོབ་པའི་སྔ་རོལ་ན་ཡོད་པ་ལས་དང་པོའི་ཡིད་བྱེད་དང༌། དེ་ཐོབ་ཕྱིན་ཆད་ཀྱི་ཡིད་ལ་བྱེད་པ་དང་བཅས་པའི་རྣལ་འབྱོར་པའི་ཡིད་བྱེད་ཅེས་བྱ་བ་གཉིས་སོ། །དགུ་པོ་དེ་ལ་ཉེར་བསྡོགས་ཀྱི་མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་སྔོན་དུ་སོང་བ་འཇིག་རྟེན་པའི་ཞི་གནས་དང༌། དེ་སྔོན་དུ་མ་སོང་བ་ཐུན་མོང་གི་ཞི་གནས་ཞེས་བྱ་བ་རྣམ་པ་གཉིས་ཡོད་ལ། དེའི་རྒྱུ་མཚན་གྱིས་མཚན་ཉིད་རབ་ཏུ་རིག་པ་ལ་མཉམ་པར་བཞག་པ་དང་མ་བཞག་པའི་བཤད་པ་གཉིས་འཕགས་པས་མཛད་དོ། །ད་ནི་གཉིས་པ་འཇིག་རྟེན་ལས་འདས་པའི་ལྷག་མཐོང་སྐྱེ་བའི་ས་མཚམས་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར། གོང་དུ་བཤད་པའི་ཞི་གནས་གྲུབ་ཟིན་པའི་རྣལ་འབྱོར་པ་དེས། བདག་མེད་པ་རྣམ་པ་གསུམ་ལ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྔོན་དུ་སོང་བ་ཞིག་གམ། དེ་ལྟ་བུ་མ་ཡིན་ཀྱང༌། དུས་འདིར་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒྲོ་འདོགས་ཆོད་པའི་དོན་གང་དང་གང་ཡིན་པ་དེ་ཉིད་ལ་ཡིད་ལ་བྱེད་པ་དགུའི་རིམ་པས་རྣལ་འབྱོར་དུ་བྱེད་དོ། །དེ་ལྟར་བྱས་པས་ཡིད་བྱེད་དགུ་པའི་མཐར་བདག་མེད་པའི་དོན་ལ་རྩེ་གཅིག་པས་ཁྱད་པར་དུ་བྱས་པའི་ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་ལ། དུས་དེ་ནས་ཡིད་ལ་བྱེད་པ་དང་བཅས་པའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེན་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཅེས་གསུངས་པས་སོ། །འདིར་དེ་དང་བཅས་པ་ཞེས་བྱ་བའི་དོན་ནི། ལས་དང་པོ་པའི་འཇིག་རྟེན་པ་ཡིན་ན། རང་གི་དངོས་གཞིའི་འདྲེན་ནུས་པ་ལ་བྱ་ལ། བདེན་པའི་རྣམ་པ་ཅན་གྱི་ཞི་གནས་ཡིན་ན་ནི། ངོ་སྐལ་གྱི་སྤང་བྱའི་ས་བོན་མགོ་གནོན་པའམ། དྲུངས་འབྱིན་པར་ནུས་པའི་ལྷག་མཐོང་གི་ཡེ་ཤེས་དངོས་སུ་འདྲེན་ནུས་པ་ནས་ཟུང་དུ་འབྲེལ་བའི་བར་ལ་བྱ་བ་ཡིན་ཏེ། ཇི་སྐད་དུ། དངོས་གཞིའི་གནས་པ་དེས་ཐོབ་བོ། །ཞེས་གསུངས་པས་སོ། །གངས་ཅན་གྱི་སྒོམ་རིམ་པ་གཞན་དག་ནི། ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་ཕྱིན་ཆད་ཡིད་ལ་བྱེད་པ་དགུའི་རིམ་པ་མི་དགོས་པར་འཆད་མོད། ལེགས་པ་མ་ཡིན་ཏེ། དེ་ལྟ་ཡིན་པ་དེའི་ཚེ་ཤིན་ཏུ་སྦྱངས་པ་ཆེན་པོ་ཐོབ་ཕྱིན་ཆད་རྟག་ཏུ་མཉམ་པར་འཇོག་ནུས་པའི་ཞི་གནས་ཐོབ་པར་ཐལ་བ་དང༌། ས་དང་ལམ་གོང་མ་བསྒྲུབ་པའི་ཕྱིར་དུ་འབད་མི་དགོས་པར་ཐལ་བ་དང༌། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་མི་དགོས་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་དེ་ཕྱིན་ཆད་ཞི་གནས་རྐྱང་པ་ལ་དེ་ལྟ་བུའི་རིམ་པ་མི་དགོས་ཀྱི་ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་ལ་ཡིད་ལ་བྱེད་པ་དགུའི་རིམ་པ་དགོས་པ་ཡིན་ནོ་སྙམ་ན་ནི། ཁོ་བོ་ཅག་གི་གང་འདོད་པ་དེ་ཉིད་ངེས་པར་གྲུབ་པ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་ཡིད་ལ་བྱེད་པ་དང་བཅས་པའི་ཏིང་ངེ་འཛིན་དེ་ལས་ཐེག་པ་གསུམ་གང་ཡང་རུང་བའི་དྲོད་ཀྱི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེའི་རྗེས་ཐོབ་ཏུ་རྩེ་མོ་སྐྱེ་བ་དང་རྗེས་སུ་མཐུན་པའི་དམིགས་པ་ལ་ཐོས་བསམ་སྔོན་དུ་སོང་བ་ཞིག་གམ། དེ་ལྟ་མ་ཡིན་ན་ཡང་དུས་དེར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་གཞན་ཡང་ཐེག་པ་ཆེ་ཆུང་གི་བློའི་རིམ་པ་དང་འཚམས་པའི་རྗེས་ཐོབ་ཀྱི་བྱ་བ་རྣམས་བྱས་ནས། སླར་ཡང་མཉམ་གཞག་ལ་འཇུག་པ་ན། རྩེ་མོའི་དམིགས་རྣམ་གང་དང་གང་ཡིན་པ་དེ་ཉིད་ལ་ཡིད་བྱེད་དགུའི་རིམ་པས་སྦྱངས་པས་དགུ་པའི་མཐར་ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་བ། རྩེ་མོའི་ལྷག་མཐོང་གི་ཡེ་ཤེས་དེ་སྐྱེའོ། །དེའི་རྗེས་ཐོབ་ཏུ་བཟོད་པའི་དམིགས་རྣམ་ལ་སྔར་ཐོས་བསམ་སྔོན་དུ་སོང་བ་ཞིག་ཡིན་ན་ནི་བསམ་བྱུང་འབའ་ཞིག་དང༌། དེ་ལྟ་མ་ཡིན་ན་ནི་ཐོས་བསམ་གཉིས་ཀ་བྱས་ནས་ཞི་གནས་དང་ལྷག་མཐོང་གཉིས་ཀྱི་རིམ་པས་བཟོད་པའི་ཡེ་ཤེས་སྐྱེད་པར་བྱེད་དོ། །དེ་ལྟ་བུའི་རིམ་པ་དེས་ཆོས་མཆོག་གི་ཡེ་ཤེས་སྐྱེད་པར་བྱེད་ཅིང༌། མཉམ་གཞག་དེ་ལས་མ་ལངས་པའི་ཡིད་བྱེད་དགུ་པའི་མཐར་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱད་པར་དུ་བྱས་པའི་ཤིན་སྦྱངས་ཆེན་པོ་ཐོབ་ནས། ཡིད་ལ་བྱེད་པ་དང་བཅས་པ་ཞེས་བྱ་བ་མཐོང་བའི་ལམ་གྱི་ཡེ་ཤེས་དེ་སྐྱེས་པ་ཡིན་ནོ། །དེ་ལྟར་ན་མཐོང་བའི་ལམ་གྱི་ཡེ་ཤེས་འདྲེན་བྱེད་ཀྱི་ཞི་གནས་དངོས་ནི་ཆོས་མཆོག་གི་ཡེ་ཤེས་དེ་ཉིད་ཡིན་ལ། དེའི་ཕྱིར་སྦྱོར་བའི་ལམ་མཚན་ཉིད་པ་ནི་དེ་ཁོ་ནའོ། །ངེས་འབྱེད་ཆ་བཞི་ལ་དམིགས་རྣམ་མི་འདྲ་བའི་རིམ་པས་བསྐྱེད་དགོས་པར་བཤད་མ་ཐག་པ་དེ་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་པ་ཡིན་ལ། ཉན་ཐོས་ཀྱི་ངེས་ཆ་ལ་དམིགས་རྣམ་མི་འདྲ་བའི་རིམ་པ་མེད་པར་བཤད་པ་དེའི་ལྟར་ན། དྲོད་ནས་བཅུ་དྲུག་པའི་བར་མཉམ་གཞག་ཐུན་གཅིག་ལ་སྐྱེད་པ་མི་འགལ་ཞིང༌། དེའི་ཚེ་ན་བཞི་ཀ་ཡང་སྦྱོར་བའི་ལམ་མཚན་ཉིད་པར་རྣམ་པར་བཞག་གོ །དེ་ལྟ་བུའི་མཐོང་ལམ་དེ་ལ་གཉིས་ཏེ། ཉེར་བསྡོགས་ལ་བརྟེན་པ་དང༌། དངོས་གཞི་ལ་བརྟེན་པའོ། །དང་པོའི་དབང་དུ་བྱས་ན་དྲོད་ནས་བཅུ་དྲུག་པའི་བར་དུ་བསམ་གཏན་དང་པོའི་དངོས་གཞི་ཙམ་ཡང་མི་འབྱུང་ལ། མཐོང་བའི་ལམ་གྱི་རྗེས་ཐོབ་ཏུ་སྔར་བཤད་པའི་རིམ་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲུབ་པར་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་ནི་སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་འབྱུང་ངོ༌། །ཏིང་ངེ་འཛིན་འདི་ཡང་བཅུ་དྲུག་པའི་སྔ་ལོགས་སུ་འབྱུང་བ་མི་སྲིད་དེ། མཐོང་ལམ་མཉམ་གཞག་གཟུགས་མེད་པའི་སེམས་ལ་བརྟེན་པ་ནི། ཐེག་པ་ཆེ་ཆུང་གི་གཞུང་གང་ནས་ཀྱང་མི་འབྱུང་བའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་བརྟེན་པ་དེའི་དབང་དུ་བྱས་ན་མཐོང་བའི་ལམ་གྱི་མཉམ་གཞག་ཏུ་བསམ་གཏན་གྱི་དངོས་གཞིའི་སྙོམས་པར་འཇུག་པ་བཞི་འབྱུང་བ་སྲིད་ལ། གཟུགས་མེད་པ་བཞི་དང་འགོག་པའི་སྙོམས་པར་འཇུག་པ་དང༌། རྣམ་པར་ཐར་པ་བརྒྱད་ལ་སོགས་པ་ནི་བཅུ་དྲུག་པའི་རྟོགས་པ་རྫོགས་ནས། བདག་མེད་པའི་དོན་ལ་རྩེ་གཅིག་པའི་སྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་བར་དེར་སྒྲུབ་པར་བྱེད་དོ། །དེ་ལྟར་ན་མཐོང་བའི་ལམ་གྱི་ཁྱད་པར་གྱི་ལམ་འདི་ལ་གཉིས་ཏེ། མཉམ་གཞག་དང་རྗེས་ཐོབ་བོ། །དང་པོ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པའི་མཉམ་གཞག་མ་ཡིན་གྱི། སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་ཞི་གནས་སོ། །མཉམ་གཞག་དེའི་རྗེས་ཐོབ་ཏུ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་མཐུན་པ་དང༌། མི་མཐུན་པ་ལ་རྟོག་པར་བྱེད་དོ། །དེ་ནས་སྒོམ་པའི་ལམ་གྱི་སྦྱོར་བ་སེང་གེ་རྣམ་པར་བསྒྱིངས་པ་ལ་འཇུག་ཅིང༌། དེ་ཞི་གནས་དང་སྦྱོར་བའི་ལམ་དུ་བྱས་པ་ལས་ལྷག་མཐོང་ཆོས་ཉིད་ལ་རྩེ་གཅིག་པའི་སྒོམ་ལམ་བར་ཆད་མེད་ལམ་བསྐྱེད་པར་བྱེད་དོ། །ཇི་སྐད་བཤད་པ་དེ་ཡང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་དབང་དུ་བྱས་ན་ནི་བསམ་གཏན་དང་པོའི་ཉེར་བསྡོགས་བདེན་པའི་རྣམ་པ་ཅན་གྱིས་སྦྱོར་བ་དང༌། མཐོང་བའི་ལམ་ཡོངས་སུ་རྫོགས་པར་བྱས་ནས་དང་པོའི་ཉེར་བསྡོགས་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོ་ལ་སྙོམས་པར་འཇུག་པའི་བར་ཐམས་ཅད་སྒོམ་ལམ་དུ་ཁྱད་པར་མེད་ལ། དེ་ཡང་སྲིད་རྩེ་མ་གཏོགས་པ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་གཉིས་སུ་འགྱུར་རོ། །འོ་ན་བྱང་ཆུབ་སེམས་དཔས་ཉོན་མོངས་པའི་སྒྲིབ་པ་ལམ་གྱི་གནས་སྐབས་གང་དུ་སྤོང་ཞེ་ན། འདི་ལ་ལུགས་གཉིས་ཏེ། ཐེག་པ་ཐུན་མོང་བ་དང༌། ཐུན་མོང་མིན་པ་ཤེར་ཕྱིན་གྱི་མདོའི་ལུགས་སོ། །དང་པོ་ནི། བྱང་ཆུབ་སེམས་དཔས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཅིག་ཆར་དུ་སྤོང་ལ། དེ་ཡང་ཆགས་བྲལ་སྔོན་དུ་སོང་བ་ཞིག་ཡིན་ན་ནི་ཉོན་ཡིད་འཁོར་གྱི་ཉོན་མོངས་པ་དང་དེ་གཉིས་ཅིག་ཅར་དུ་སྤོང་ལ། དེ་སྔོན་དུ་མ་སོང་བ་ཞིག་ཡིན་ན་ནི། ཁམས་གསུམ་གྱི་ཉོན་མོངས་པ་ཇི་སྙེད་པ་དང༌། ཅིག་ཅར་དུའོ། །དེ་ལའང་མཐོང་བས་སྤང་བར་བྱ་བ་དང༌། སྒོམ་པས་སྤང་བར་བྱ་བའི་དབྱེ་བས་རྣམ་པ་གཉིས་ཡིན་ལ། གཉིས་པ་ལའང་ཁམས་གསུམ་ས་དགུའི་དབྱེ་བས་དགུར་འགྱུར་ལ། དེ་ལྟར་བཅུ་པོ་དེ་དང་ས་བཅུ་རིམ་པ་བཞིན་དུ་སྦྱོར་བ་མངོན་ནོ། །དེ་ཡང་ས་བདུན་པ་མན་ཆད་དུ་ཉོན་མོངས་མཚན་ཉིད་པ་ཡོད་ལ། དག་པའི་ས་གསུམ་དུ་ནི་སྔགས་དང་སྨན་གྱིས་བསད་པའི་དུག་ལྟར་ཉོན་མོངས་པའི་ཉེས་པ་མི་བསྐྱེད་པས། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་ཞེས་བྱའོ། །དེའི་རྒྱུ་མཚན་ཡང་ཉོན་མོངས་པ་ཅན་གྱི་ཡིད་ནི་གནས་གྱུར་ཟིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡེ་ཤེས་ལ་དབང་བསྒྱུར་བ་ཐོབ་པས་སོ། སྙམ་དུ་དགོངས་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པ་ཤེར་མདོའི་ལུགས་ལ་བྱང་ཆུབ་སེམས་དཔའ་ནི་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང་མ་སོང་བའོ། །དང་པོ་ལ་གཉིས་ཏེ། སྦྱོར་ལམ་དྲོད་ཀྱི་སྔར་སོང་བ་དང༌། ཕྱིས་སོང་བའོ། །དང་པོ་ལ་ཡང༌། ཚོགས་ལམ་གྱི་སྔར་སོང་བ་དང༌། ཕྱིས་སོང་བའོ། །དང་པོ་ནི། ཕལ་ཆེར་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་དག་གོ །གཉིས་པ་ནི། ཚོགས་ལམ་གྱི་གནས་སྐབས་སུ་འཇིག་རྟེན་པའི་སྒོམ་བྱུང་གི་ངོ་བོར་གྱུར་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་བར་ཆད་མེད་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་པ་སྤོང་བར་བྱེད་དོ། །ཡང་གཉིས་པ་ནི། སྦྱོར་བའི་ལམ་གྱི་གནས་སྐབས་སུ་དེ་ལྟ་བུའི་ལམ་གྱིས་དེ་སྤོང་བར་བྱེད་དོ། །དེ་ལྟར་བཤད་པ་ན་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ལ་གཉིས་སུ་འགྱུར་ཏེ། འཇིག་རྟེན་པའི་དགེ་བ་དག་པ་པའི་ངོ་བོར་སྐྱེས་པ་དང༌། བདེན་པའི་རྣམ་པ་ཅན་གྱི་ངོ་བོར་སྐྱེས་པའོ། །འདི་གཉིས་རིམ་ཅན་དུ་སྐྱེ་དགོས་ལ་སྔོན་ལ་གང་སྐྱེའི་ངེས་པ་མེད་དོ། །གཉིས་པ་ཆགས་བྲལ་སྔོན་དུ་མ་སོང་བ་ལ་ནི་སྡུག་བསྔལ་ལ་ཆོས་བཟོད་ཉིད་ཀྱིས་ཉོན་མོངས་པ་ཅན་གྱི་མ་རིག་པའི་ས་བོན་དྲུངས་འབྱིན་པར་ནུས་པ་ཡིན་ཏེ། ཇི་སྐད་དུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན། ཐེག་ཆེན་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་ལ་ནི་ཆོས་མངོན་པ་ལས་གསུངས་པའི་ཉོན་མོངས་པ་ལྷག་གི་སྐྱེས་པ་འགའ་ཞིག་ཀྱང་ཡོད་དོ་ཞེས་ཤེས་པར་བྱའོ། །འོ་ན་འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་སུའང་སྦྱོར་བའི་ལམ་གྱི་གནས་སྐབས་བཞིན་དུ་སྒོམ་བྱུང་གི་ཡེ་ཤེས་གཉིས་སུ་འགྱུར་རམ་ཞེ་ན། མིན་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ལམ་གྱི་གནས་སྐབས་དེར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་ནི་གཉིས་སུ་འགྱུར་ཏེ། རང་གི་བྱ་བས་ཉེ་བར་གནས་པ་དང༌། གནས་པ་ལས་གྱུར་པའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་རྗེས་ཐོབ་ཀྱི་ངོ་བོར་སྐྱེ་ལ། གཉིས་པ་ནི། འཇིག་རྟེན་ལས་འདས་པའི་ཉམས་གཞག་ཡེ་ཤེས་ཀྱི་ངོ་བོར་སྐྱེ་བ་ཡིན་ནོ། །དེ་ལྟར་རྒྱས་པར་བསྟན་ཟིན་ནས། ཞི་གནས་ཀྱི་འཇོག་ཚུལ་མདོར་བསྡུ་ན། ངོ་བོ་ནི། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གང་ཡིན་ཀྱང་རུང་སྟེ། དེ་ལ་རྩེ་གཅིག་ཏུ་གནས་པའི་གསལ་ཆ་དང༌། དེ་ལས་གཞན་གང་དུ་ཡང་ཡིད་ལ་མི་བྱེད་པའི་གནས་ཆ་མ་འགགས་པ་ཞིག་ཡིན་ནོ། །འོ་ན་དོན་འདི་མཁས་པའི་དབང་པོ་ཀཱ་མ་ལ་ཤི་ལས་བཀག་པ་དེ་ཉིད་མིན་ནམ་ཞེ་ན། མིན་ཏེ། སློབ་དཔོན་དེས་ནི། ཏིང་ངེ་འཛིན་གྱིས་ཁྱད་པར་དུ་མ་བྱས་པའི་ཅི་ཡང་ཡིད་ལ་མི་བྱེད་པ་ཙམ་ཞི་གནས་ཡིན་ན། གཉིད་འཐུག་པོ་དང༌། བརྒྱལ་བ་དང༌། འདུ་ཤེས་མེད་པ་པ་སོགས་ཞི་གནས་སུ་ཐལ་བ་འཕངས་པ་ཡིན་གྱི། དེ་ལས་གཞན་དུ་ན། ཅི་ཡང་མེད་ཀྱི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ཞི་གནས་སུ་རུང་བ་ཞིག་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་སྲིད་རྩེ་དང༌། འགོག་པའི་སྙོམ་འཇུག་ཀྱང་ཅིའི་ཕྱིར་དེར་མི་རུང་ཞེ་ན། མངོན་པ་ལས། དེ་དག་དེར་མི་རུང་བར་བཤད་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བའི་ཆ་མེད་པ་ལ་དགོངས་པ་ཡིན་ལ། རྗེ་བཙུན་གྱིས་ནི་བྱང་སེམས་ཐབས་ལ་མཁས་པའི་དབང་དུ་མཛད་ནས་དེ་དག་དེར་རུང་བ་ཡང་གསུངས་སོ། །དེའི་ཕྱིར་དམིགས་པའི་རྟེན་ཡོད་དམ་མེད་ཀྱང་རུང༌། གཏི་མུག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་སོགས་པའི་འཛིན་སྟངས་ཡོད་དམ་མེད་ཀྱང་རུང༌། སྤོང་བའི་འདུ་བྱེད་བརྒྱད་ཀྱིས་ལས་སུ་རུང་བར་བྱས་པའི་སེམས་ཀྱི་གསལ་ཆ་མ་འགགས་པའི་དགེ་བ་རྩེ་གཅིག་པ་དེ་ཉིད་ལ་ཞི་གནས་སུ་འཇོག་གོ་ཅེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཞི་གནས་དེའི་གོལ་ས་ནི་གཉིས་ཏེ། བྱིང་བ་དང༌། རྒོད་པའོ། །བྱིང་བ་ནི་གཉིས་ཏེ། བྱིང་བར་མི་ཤེས་པ་རྨུགས་པ་དང༌། བྱིང་བར་ཤེས་པ་གཉིད་ལོག་པ་ལྟ་བུའོ། །རྒོད་པ་ལའང་གཉིས་ཏེ། རྒོད་པར་མི་མངོན་པ་རྟོག་པ་འོག་ཏུ་འགྱུས་པ་ཉ་ཆུ་གཏིང་དུ་ཞུགས་པ་ལྟ་བུ་དང༌། རྒོད་པར་མངོན་པ་དམིགས་རྣམ་གཞན་དུ་འཕོས་ནས་སེམས་གཡེང་གཡེང་པོར་གྱུར་པ་སྟེ། དེ་ལྟ་བུའི་བྱིང་རྒོད་མ་འོངས་པ་མི་འབྱུང་བའི་ཕྱིར་དུ། དྲན་པའི་སྲུང་མ་དང༌། བྱུང་ཟིན་ངོ་ཤེས་པའི་ཕྱིར་དུ་ཤེས་བཞིན་གྱི་མལ་ཚེ་བ་རྒྱུན་དུ་བརྟེན་པར་བྱའོ། །དེ་ལྟ་མོད་ཀྱི་དྲན་པ་ནི་ཏིང་ངེ་འཛིན་དང་དམིགས་རྣམ་མཚུངས་པས་རྒྱུན་དུ་བསྟེན་པས་ཆོག་ལ། ཤེས་བཞིན་ནི་བྱིང་རྒོད་དང་བྲལ་བའི་ཚེ་ཧ་ཅང་བསྟེན་དྲགས་ན་སེམས་རྩེ་གཅིག་པའི་གེགས་སུ་འགྱུར་བས་སེམས་མཉམ་པ་ཉིད་དུ་ལྷུན་གྱིས་གྲུབ་པར་འཇོག་དགོས་པ་ཡིན་ནོ། །ཞི་གནས་ཀྱི་རྣམ་པར་བཞག་པ་འདི་ནི་ཚད་ལྡན་གྱི་གཞུང་དང༌། སྔོན་གྱི་སློབ་དཔོན་རྣམ་བཤད་མཛད་པ་དག་གི་ཐུགས་ལ་བཞུགས་མོད། ཕྱོགས་གཅིག་ཏུ་བསྒྲིགས་ནས་གསལ་བར་བཤད་པ་མི་སྣང་བས་ལེགས་པར་བཤད་པ་ཡིན་ནོ། །གཉིས་པ་ལྷག་མཐོང་བཤད་པ་ལ། ངོ་བོ་ངོས་གཟུང༌། རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ལ་ལྷག་མཐོང་ནི་གཉིས་ཏེ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའོ། །དང་པོ་ནི། རང་གི་ཉེ་བར་ལེན་པའི་རྒྱུ་ཞི་གནས་སྔོན་དུ་སོང་ཞིང༌། རང་གི་འགལ་ཟླ་ཉོན་མོངས་པའི་ས་བོན་ནམ། མངོན་གྱུར་མགོ་གནོན་པར་ནུས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལའང་རྗེས་མཐུན་པ་མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ་ལྟ་བུ་རྣམ་པར་སུན་འབྱིན་པའི་གཉེན་པོ་དང༌། རབ་ཏུ་དབེན་པ་དང་སྦྱོར་བ་མཐའི་ཡིད་བྱེད་ལྟ་བུ་སྤོང་བའི་གཉེན་པོ་གཉིས་ཡོད་དོ། །ཁ་ཅིག་འཇིག་རྟེན་པའི་བསམ་གཏན་གྱི་དགའ་བ་དང་བདེ་བ་སོགས་ལྷག་མཐོང་གི་གོལ་སར་འཇོག་པ་མི་འཐད་དེ། འཕགས་པ་རྣམས་རྣམ་པར་ཐར་པ་བརྒྱད་དང་སྙོམས་པར་འཇུག་པ་དགུ་ལ་སོགས་པ་དགེ་བ་དག་པ་པའི་ངོ་བོར་གྱུར་པ་དེ་དང་དེ་དག་ལ་སྙོམས་པར་ཞུགས་པས་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བཤད་པའི་ཕྱིར། འཕགས་པས་ཀྱང་འཇིག་རྟེན་པའི་དེ་དང་དེ་དག་ལ་བརྟེན་ནས་ས་འོག་མ་ལ་ཆགས་བྲལ་བྱེད་པར་བཤད་པའི་ཕྱིར། འོན་ཀྱང་དངོས་གཞིའི་དགེ་བ་དག་པ་དེའི་འཇུག་ཐོགས་སུ་ས་དེ་དང་དེ་ལ་སྲེད་པའི་འདོད་ཆགས་སྐྱེ་བར་སླ་བས་དེའི་གཉེན་པོར་ཐེག་པ་དམན་པའི་འཕགས་པ་དག་གིས་ནི། ཟག་པ་མེད་པའི་ལྷག་མཐོང་དང་མི་འབྲལ་བར་བྱ་དགོས་ཏེ། གཞན་དུ་ན་འཁོར་བའི་རྒྱུར་འགྱུར་པ་སྲིད་པའི་ཕྱིར་རོ། །གཉིས་པ་ནི། རང་གི་ཉེར་ལེན་གྱི་རྒྱུ་ཞི་གནས་ཀྱི་ཡིད་ལ་བྱེད་པ་གང་ཡང་རུང་བ་སྔོན་དུ་སོང་ནས། རང་གི་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལ་རྗེས་མཐུན་པ་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང༌། མཚན་ཉིད་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་དབྱེ་བས་གཉིས། དང་པོ་ལ། ཐོས་སམ་གྱིས་རྟོགས་པ་དང༌། སྒོམ་བྱུང་གིས་རྟོགས་པའི་དབྱེ་བས་གཉིས་སོ། །གཉིས་པ་རྣམ་གཞག་གཏན་ལ་ཕབ་པ་ལ། སོ་སོར་རྟོག་པའི་ལྷག་མཐོང་གིས་སྤྲོས་པ་གཅོད་པའི་ཚུལ་དང༌། མི་གཡོ་བའི་ལྷག་མཐོང་གིས་མཉམ་པར་འཇོག་པའི་ཚུལ། མཉམ་པར་བཞག་པ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཚུལ། མཐོང་བ་དེའི་རྒྱུན་གོམས་པར་བྱས་པས་སྒྲིབ་གཉིས་ཀྱི་བག་ཆགས་སྤོང་བའི་ཚུལ་ལོ། །དང་པོ་ལ། གང་ཟག་གི་བདག་ཏུ་འཛིན་པའི་སྤྲོས་པ་གཅོད་པའི་ཚུལ། ཆོས་ཀྱི་བདག་ཏུ་འཛིན་པའི་སྤྲོས་པ་གཅོད་པའི་ཚུལ་ལོ། །དང་པོ་ལ། གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ངོས་བཟུང༌། དེ་ལས་བདག་འཛིན་ཇི་ལྟར་སྐྱེ་བའི་ཚུལ། དེ་དང་འཛིན་སྟངས་འགལ་བའི་བདག་མེད་ཇི་ལྟར་ཚོལ་བའི་ཚུལ། དེ་རྟོགས་པའི་ལྟ་བ་སྒོམ་པའི་རིམ་པའོ། །དང་པོ་ནི། གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ནི། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་ཞེན་པ་འདི་ཉིད་ཡིན་ཏེ། ཇི་སྐད་དུ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་སོགས་རྒྱ་ཆེར་འབྱུང་བས་སོ། །གཉིས་པ་ནི། ཕུང་པོའི་གནས་ཚུལ་ལམ་རང་བཞིན་མ་རྟོགས་པ་དེ་སྲིད་དུ་དེ་ལ་དམིགས་ཤིང་བརྟེན་ནས་ངའོ་སྙམ་པའི་བློ་རང་གི་ངང་གིས་སྐྱེ་བ་ཡིན་ཏེ། སྐབས་འགའ་ཞིག་ཏུ་ཐག་པ་ཁྲ་བོའི་ཀུན་རྫོབ་ཀྱི་རང་གི་ངོ་བོ་མི་ཤེས་པ་དེ་སྲིད་དུ་སྦྲུལ་འཛིན་གྱི་བློ་ངང་གིས་སྐྱེ་བ་བཞིན་ནོ། །དེ་ལྟ་བུ་དེ་ལ་ངར་འཛིན་ལྷན་སྐྱེས་ཞེས་བྱ་ལ། དེའི་འཛིན་སྟངས་ལ་ཡང་རྟག་པ་དང་གཅིག་པུ་དང་རང་དབང་ཅན་དང་ཟ་བ་པོ་དང་བྱེད་པ་པོ་མ་ཡིན་པ་ལ་སོགས་པར་ཞེན་པ་ཡོད་ལ། དེའི་སྟེང་དུ་གྲུབ་མཐས་ཀུན་ཏུ་བཏགས་པའི་བློས་སྒྲུབ་བྱེད་ཀྱི་འཐད་པ་བཅུག་ནས་དེ་དང་དེར་སྒྲོ་བཏགས་ཤིང༌། བཏགས་པ་ལྟར་ཞེན་པའི་བློ་གང་ཡིན་པ་དེ་ལ་བདག་འཛིན་ཀུན་བཏགས་ཞེས་བྱ་ལ། དེ་ལྟ་བུའི་འཛིན་པ་གཉིས་པོ་དེ་ལས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་གཞན་འབྱུང་ཞིང༌། དེའི་དབང་གིས་དགེ་བ་དང་མི་དགེ་བའི་ལས་དག་བསགས་ཏེ་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་འཁྲུངས་པ་ཡིན་ནོ། །འོ་ན་རང་རྒྱུད་ཀྱི་ཕུང་པོ་བདག་མེད་དུ་རྟོགས་པའི་རྣལ་འབྱོར་པ་ལ་བདག་འཛིན་གཉིས་པོ་དེ་སྐྱེ་བའི་གོ་སྐབས་ཡོད་པ་མིན་ནམ་ཞེ་ན། བཤད་པ། དེ་དེར་མངོན་སུམ་དུ་རྟོགས་པའི་ཚེ། ཀུན་བཏགས་ཀྱི་འཛིན་པ་དེ་འདྲ་སྐྱེ་བའི་གོ་སྐབས་མེད་ལ། ལྷན་ཅིག་སྐྱེས་པ་ནི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་གིས་ཇི་སྲིད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་པ་དེ་སྲིད་དུ་འབྱུང་ལ། དགྲ་བཅོམ་པའི་ཚེ་ནི་མ་ཡིན་ཏེ། དེས་དེའི་ས་བོན་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་ཞེན་པའི་བློ་དེ་ཉིད་ཉོན་མོངས་པ་ཅན་གྱི་མ་རིག་པར་མགོན་པོ་ཀླུ་སྒྲུབ་ཀྱིས་བཞེད་པར་ངེས་སོ། །འོ་ན་དེས་བདེན་པར་འཛིན་པའི་བློ་ཡང་ཅིའི་ཕྱིར་མ་སྤངས་ཤེ་ན། དེའི་གཉེན་པོ་བར་ཆད་མེད་ལམ་སྒོམ་པ་སྔོན་དུ་མ་སོང་བའི་ཕྱིར་རོ། །དོན་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས། ཟླ་བའི་ཞབས་ཀྱིས་ཇི་སྐད་དུ། ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་མེད་པར་གསུངས་སོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱིས་ནི་ཇི་སྲིད་ས་བརྒྱད་པའི་བར་ཆད་མེད་ལམ་སྔོན་དུ་མ་བྱས་པ་དེ་སྲིད་དུ་ཉོན་མོངས་པ་དེ་དང་དེ་དག་འབྱུང་ལ། ས་དེ་ནས་དེ་མ་ལུས་པར་སྤངས་པ་ཡིན་ནོ་ཞེས་པར་མདོ་སྡེ་ས་བཅུ་པའི་དགོངས་པར་ཟླ་བའི་ཞབས་ཀྱིས་འཆད་དོ། །སློབ་དཔོན་མཁས་པ་ལེགས་ལྡན་འབྱེད་ནི། དེ་དེའི་རྩ་བ་ཡིན་ཀྱང་དེ་ལས་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ལ་དེ་ལ་བདེན་པར་ཞེན་པའི་བློ་སྤངས་མི་དགོས་ཏེ། ས་གཞི་དང་ལྗོན་ཤིང་བཞིན་ནོ་ཞེས་བཞེད་ལ། འདི་དང་གོང་དུ་བཤད་པའི་འཕགས་པ་གྲོལ་སྡེའི་བཞེད་པ་མཐུན་པར་མངོན་ནོ། །གངས་ཅན་གྱི་དབུ་མ་པར་རློམ་པ་གཞན་དག ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་ལ་གང་ཟག་ཅེས་ཀྱང་བྱ་ལ། བདག་ཅེས་ཀྱང་བྱ་ལ། དེ་འདྲ་དེ་ཐ་སྙད་དུ་ཡོད་ཅིང༌། དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པའི་བློ་དེ་ངར་འཛིན་ལྷན་སྐྱེས་ཀྱི་མཚན་ཉིད་དང༌། གང་ཟག་རང་བཞིན་གྱིས་གྲུབ་པ་དེ་བརྟག་པ་མཐར་བཟུང་བའི་ཚུལ་གྱིས་གང་ཟག་གི་བདག་གི་མཚན་བཞིར་འདོད་དོ། །དེ་མི་རིགས་པའི་ཚུལ་འདི་ལྟར། བདག་ཐ་སྙད་དུ་ཡོད་ཚུལ་ལ་བརྟགས་ན་མི་འཐད་པའི་ཉེས་པ། གང་ཟག་གི་བདག་དང་བདག་འཛིན་ལྷན་སྐྱེས་ངོས་མ་ཟིན་པའི་ཉེས་པ། ངར་འཛིན་ཀུན་བཏགས་ལ་ལྷན་སྐྱེས་སུ་འཁྲུལ་པའི་ཉེས་པ། ངར་འཛིན་ཐམས་ཅད་ཆོས་ཀྱི་བདག་འཛིན་དུ་ཐལ་བའི་ཉེས་པ་རྣམས་འཇུག་གོ །དང་པོ་ལ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པའོ། །དང་པོ་ནི། བདག་ཐ་སྙད་དུ་ཡོད་པའི་དོན་ངར་འཛིན་ལྷན་སྐྱེས་ཀྱི་ངོར་ཡོད་པ་ལ་བྱེད་དམ། ཐ་སྙད་པའི་ཚད་མས་གྲུབ་པ་ལ་བྱེད། དང་པོ་ལྟར་ན་མེད་པའི་དོན་དུ་གསལ་བ་ཡིན་ཏེ། འདི་ལྟར། གང་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱ་ཡིན་ན། ཡོད་པ་མ་ཡིན་པས་ཁྱབ། དཔེར་ན་ཆོས་ཀྱི་བདག་བཞིན་ནོ། །གཉིས་པ་ལྟར་ན། འཇིག་རྟེན་པའི་ཚད་མས་སམ། འཕགས་པའི་ཚད་མས་གྲུབ། དང་པོ་ལྟར་ན། མངོན་སུམ་གྱི་ཚད་མ་ལ་སོགས་པ་བཞི་པོ་གང་གིས་འགྲུབ་རྣམ་པར་བརྟགས་ན་འཇིག་པ་ཡིན་ནོ། །དེའི་ཕྱིར་བདག་དང་ཤིང་རྟ་ལ་སོགས་པ་རང་གི་ཡན་ལག་ལ་བརྟེན་ནས་འདོགས་ཚུལ་མཚུངས་ཀྱང་ཐ་སྙད་དུ་ཡོད་ཚུལ་མཚུངས་པ་མ་ཡིན་ཏེ། ཅིག་ཤོས་ལ་ནི་འཇིག་རྟེན་རང་ལ་གྲགས་པའི་ཚད་མ་འཇུག་པའི་ཕྱིར། དེ་ལས་གཞན་དུ་ན། འཇིག་རྟེན་རང་ལ་གྲགས་པའི་ཡང་ལོག་གི་ཀུན་རྫོབ་གཉིས་ལ་ཐ་སྙད་དུ་ཡོད་མེད་ཀྱི་དབྱེ་བ་མི་རུང་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན། ཤིན་ཏུ་ཐ་ཆད་པ་ཡིན་ཏེ། འཕགས་པའི་ཚད་མས་དེ་མེད་པར་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། བདག་ཆོས་ཅན། ཡོད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པའི་ཕྱིར་རོ། །མ་གྲུབ་ན་ཁྱེད་ལ་ནང་འགལ་ཏེ། བརྟེན་ནས་བཏགས་པའི་ང་ཙམ་ཆོས་ཅན། བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གྱིས་ངེས་པར་མེད་པ་ཉིད་དུ་གཟིགས་པར་འགྱུར་ཏེ། བདག་ཡིན་པའི་ཕྱིར་རོ། །ཞེས་བརྗོད་ན་གསུམ་ཅར་དངོས་འགལ་དུ་ཁས་ལེན་དགོས་པས་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་རོ། །གཞན་ཡང་ཁྱེད་ཀྱིས་གང་ཟག་དང་སེམས་ཅན་བདག་གི་མཚན་ཉིད་པར་འདོད་པ་འདི་དང༌། བདག་ཏུ་སྨྲ་བ་དག་གིས། ཕུང་པོ་ལྔ་ཆར་རམ། རེ་རེ་ནས་བདག་གི་མཚན་ཉིད་པར་འདོད་པ་ལ་ཁྱད་པར་ཅུང་ཟད་ཀྱང་དབྱེ་བར་ནུས་པ་མིན་ཏེ། ཁྱེད་ཀྱིས་ཀྱང་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཕུང་པོ་ཞིག་བདག་གི་མཚན་ཉིད་པར་ཁས་ལེན་པའི་ཕྱིར། ཅི་སྟེ་དེ་དག་གིས་ནི་རིགས་པའི་དཔྱད་པ་བཅུག་ནས་ཁས་བླངས་ལ་ཁོ་བོ་ཅག་གིས་དེས་ཁས་མ་བླངས་པས་སོ་ཤེ་ན། ཁྱེད་ཀྱིས་ཀྱང་དེར་ཁས་བླངས་ཏེ། བདག་གི་མཚན་ཉིད་ཁས་བླངས་ནས། དེ་བདག་ཡིན་པར་སྒྲུབ་པ་ལ་དབུ་མ་པ་རང་ལུགས་ཀྱི་སྒྲུབ་བྱེད་བཀོད་པ་གང་ཟག་གི རིགས་པའི་དཔྱད་པ་འཇུག་ཚུལ་དེ་ལས་ལྷག་པ་དངོས་པོར་སྨྲ་བ་ལ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །མདོར་ན་གང་ཟག་དང་བདག་དང་སེམས་ཅན་ལ་སོགས་པ་དོན་གཅིག་མིང་གི་རྣམ་གྲངས་སུ་ཞེན་པ་ནི་འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་ཡོད་ཅིང༌། ཡོད་པ་ལྟར་གྲུབ་པའི་མཐའ་ངན་པས་ཀུན་ཏུ་གང་ཟག་ཉིད་བདག་གོ་ཅེས་བཏགས་པ་ཡང་ཡིན་མོད། དབུ་མ་པ་རང་ལུགས་ལ་དེ་ལྟར་ཁས་ལེན་དུ་རུང་བ་མ་ཡིན་ཏེ། བདག་ཏུ་ཞེན་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་ཀྱིས་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ངོས་འཛིན་པར་མི་ནུས་ཏེ། ངར་འཛིན་ལྷན་སྐྱེས་ངོས་མ་ཟིན་པའི་ཕྱིར། ཇི་ལྟར་ཞེ་ན། ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཐམས་ཅད་ཞལ་འཆམ་པར་ངར་འཛིན་ལྷན་སྐྱེས་སུ་བཤད་ཅིང༌། སེམས་ཅན་ཐམས་ཅད་ལ་ཐོག་མ་མེད་པ་ནས་རང་འཁྲུངས་སུ་ཡོད་པའི་ངའོ་སྙམ་པ་དང༌། བདག་གོ་སྙམ་པའི་བློ་འདི་ཞེན་ཡུལ་ལ་མ་འཁྲུལ་བའི་ཚད་མར་ཁས་བླངས་པའི་ཕྱིར། དེར་མ་བླངས་སོ་ཤེ་ན། དེ་ཆོས་ཅན། ཚད་མར་ཐལ། རང་གི་གཞལ་བྱ་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། གསུམ་ཆར་བཟློག་པར་མི་ནུས་སོ། །མདོར་ན་ཁྱེད་ཀྱིས་དབུ་མའི་གཞུང་ལུགས་འཆད་པ་ན། ངའོ་སྙམ་པའི་བློ་ལྷན་སྐྱེས་དེ་ངར་འཛིན་དུ་མི་འཆད་ཅིང༌། དེའི་ས་བོན་དྲུངས་འབྱིན་པར་ནུས་པའི་གཉེན་པོ་ཡང་མི་འཆད་པས་ཤིན་ཏུ་ནོངས་སོ། །གསུམ་པ་ནི། ང་དང་བདག་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། ལྷན་སྐྱེས་མ་ཡིན་ཏེ། གྲུབ་མཐའ་སྨྲ་བས་ཀུན་ཏུ་བཏགས་པའི་ཕྱིར། བདེན་གྲུབ་ལ་བདེན་པར་ཞེན་པའི་བློ་བཞིན་ནོ། །གཞན་ཡང་ང་ཙམ་ཞེས་བྱ་བ་ཕུང་པོ་ལ་བརྟེན་ནས་བཏགས་པ་ཡིན་ན། དེར་འདོགས་མཁན་དེ་སུ་ཞིག་ཡིན། ངར་འཛིན་ལྷན་སྐྱེས་སོ་ཤེ་ན། དེ་ནི་ཁྱེད་ཀྱིས་ལེགས་པར་མ་སྨྲས་པས་འདི་ལྟར། དེ་འདྲའི་ང་ཙམ་ཆོས་ཅན། དབུ་མ་པ་རང་ལུགས་ལ་ཐ་སྙད་དུ་ཡང་ཡོད་པ་མ་ཡིན་ཏེ། ཚད་མས་མ་གྲུབ་པ་བཞིན་དུ་ངར་འཛིན་ལྷན་སྐྱེས་ཀྱིས་བཏགས་པའི་ཕྱིར། བདེན་གྲུབ་བཞིན་ནོ། །བཞི་པ་ནི། ཁྱེད་འདོད་པའི་ངར་འཛིན་ལྷན་སྐྱེས་དེ་དག་ཆོས་ཅན། ཆོས་ཀྱི་བདག་འཛིན་ཉིད་དུ་ཐལ་བར་འགྱུར་ཏེ། ཚད་མས་གྲུབ་པའི་ཆོས་ཅན་ཞིག་ལ་དམིགས་ནས་རང་བཞིན་གྱིས་གྲུབ་པར་ཞེན་པའི་ཕྱིར། བུམ་པ་ལ་ཞེན་པའི་བློ་བཞིན་ནོ། །འདོད་པར་མི་ནུས་ཏེ། འཇིག་ཚོགས་ལ་ལྟ་བའི་བློ་ཡིན་པའི་ཕྱིར། གསུམ་ཅར་ཁྱེད་ཀྱིས་བཟློག་པར་མི་ནུས་སོ། །གལ་ཏེ་བདག་འཛིན་གཉིས་ཀྱིས་འཛིན་སྟངས་ཀྱི་བཟུང་བྱ་ལ་ཁྱད་པར་མེད་ཀྱང་ཆོས་ཅན་གྱི་སྒོ་ནས་འབྱེད་པས་ཐལ་བ་སྔ་མ་ལ་ཁྱབ་པ་མ་ངེས་སོ་ཤེ་ན། འོ་ན་རང་རྒྱུད་ཀྱི་ང་ཡི་བ་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་ཆོས་ཅན། ཆོས་ཀྱི་བདག་འཛིན་དུ་ཐལ། ཁྱེད་རང་འདོད་པའི་སྒྲུབ་བྱེད་ཞུགས་པའི་ཕྱིར། རྟགས་དང་ཁྱབ་པ་ཁས་བླངས། དམ་བཅའ་ལ་ཁས་བླངས་ཀྱི་བསལ་པ་ཞུགས་པའི་ཚུལ་འདི་ལྟར། དེ་ཆོས་ཅན། འཇིག་ཚོགས་ལ་ལྟ་བ་མིན་པར་ཐལ། ཆོས་ཀྱི་བདག་འཛིན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས། གསུམ་པ་གང་ཟག་གི་བདག་མེད་ཚོལ་བའི་རིམ་པ་ལ། གང་ཟག་གི་བདག་ལ་རིགས་པས་ཇི་ལྟར་དཔྱོད་པའི་ཚུལ། དཔྱད་པས་མ་རྙེད་པའི་དོན་དེ་ལ་བདག་མེད་ཀྱི་ཐ་སྙད་བཏགས་པའོ། །དང་པོ་ལ། ཀུན་བཏགས་ཀྱི་བདག་ལ་རིགས་པས་ཇི་ལྟར་དཔྱོད་པའི་ཚུལ་དང༌། ལྷན་སྐྱེས་ཀྱི་བདག་ལ་རིགས་པས་ཇི་ལྟར་དཔྱོད་པའི་ཚུལ་ལོ། །དང་པོ་ལ། བདག་ཕུང་རྫས་གཅིག་ཏུ་མི་རྙེད་པར་བསྟན། རྫས་ཐད་དུ་མི་རྙེད་པར་བསྟན། བརྗོད་མེད་དུ་མི་རྙེད་པར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། ང་དང་གང་ཟག་དང་བདག་ཅེས་བྱ་བ་འཇིག་རྟེན་བླུན་པོས་མ་དཔྱད་པའི་ངོར་ཁས་ལེན་པ་དེ་ཉིད་ལ། རང་གཞན་གྱི་གྲུབ་པའི་མཐའ་སྨྲ་བ་དག་གིས་བདག་ཡིན་ནོ་ཞེས་རིགས་པའི་འཐད་པ་བཅུག་ནས་ཁས་བླངས་ལ། དེའི་ཕྱིར་བདེན་པའང་ཡིན་ནོ་ཞེས་སྒྲོ་བཏགས་སོ། །དེ་ལྟ་བུའི་ཀུན་བཏགས་ཀྱི་ཞེན་ཡུལ་བཀག་པ་ན། ལྷན་སྐྱེས་ཀྱི་ཞེན་སྟངས་ཁེགས་པར་འགྱུར་བས། དེ་འགོག་པའི་ཚུལ་འདི་ལྟར། ཇི་སྐད་དུ། བདག་ཅེས་བྱ་བ་ནི་གཞན་ལ་རག་མ་ལས་པའི་ངོ་བོའི་རང་བཞིན་ཏེ། ཞེས་ཟླ་བའི་ཞབས་ཀྱིས་གསུངས་པ་ལྟར། བདག་ཅེས་བྱ་བ་གྲུབ་ན་དེ་རིགས་པས་དཔྱད་བཟོད་དགོས་པས། དེ་ཕུང་པོ་དང་རྫས་གཅིག་དང་ཐ་དད་དང་བརྗོད་དུ་མེད་པ་གང་ཡིན་ཞེས་བརྟག་པར་བྱའོ། །དང་པོ་ལྟར་ན། སྐྱེས་བུ་གཅིག་གི་བདག་མང་པོ་དང་ཕུང་པོ་གཅིག་ཏུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན། དེ་གཉིས་རྫས་ཐ་དད་དུ་དམིགས་པར་འགྱུར་རོ། །གསུམ་པ་ལྟར་ན། རྫས་སུ་མེད་པར་ཐལ་ལོ། །བཞི་པ་ནི། འོ་ན་ང་དེའི་ཚེ་དེའི་དུས་ན་ཞེས་སོགས་དང༌། རང་གིས་བྱས་པའི་འབྲས་བུ་རང་ལ་སྨིན་པ་མ་ཡིན་པར་འགྱུར་ཏེ། ང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ཡོད་པ་མིན་ཏེ། འདི་ལྟར་ང་དེའི་ཚེ་ཞེས་སོགས་ཐ་སྙད་ཀྱི་རྣམ་པར་བཞག་པ་ཐམས་ཅད་རིགས་པས་དཔྱད་པ་མ་བཅུག་པའི་དབང་དུ་བྱས་པ་ཡིན་ལ། དབུ་མ་རང་ལུགས་ཀྱི་ཚད་མས་གྲུབ་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར། དེའི་ཚུལ་ཡང་དབུ་མ་པས་བདག་མེད་པར་ཁས་བླངས་པ་ལ། འཇིག་རྟེན་གྱི་གྲགས་པས་གནོད་པ་མ་ཡིན་ཏེ། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་དང༌། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་བྱ་ཞེས་སོགས་རྒྱ་ཆེར་གསུངས་པས་སོ། །འོ་ན་འདིར་འཇིག་རྟེན་གྱི་གྲགས་པ་རང་ལུགས་ལ་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། ཇི་སྲིད་དབུ་མའི་རིགས་པས་མི་དཔྱོད་པ་དེ་སྲིད་དུ། དེ་དེ་ལྟར་ཁས་ལེན་པ་ཡིན་ལ། དེ་ལྟར་རྣམ་པར་དཔྱོད་པ་ན་ནི་འཇིག་རྟེན་གྱི་གྲགས་པ་ཉིད་ཀྱང་འགོག་པ་ཡིན་ཏེ། སྤྲོས་པའི་ཚོགས་ཇི་སྙེད་པ་འགོག་པའི་ཕྱིར་རོ། །དེའི་ཕྱིར་བདག་ཉིད་ཆེན་པོ་ཟླ་བ་གྲགས་པས། གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པའི་སྐབས་སུ། བདག་ཡོད་པར་བསྟན་ནོ་སྙམ་དུ་སེམས་པ་དེ་དག་ནི། གཞུང་ཀློག་པའི་ངལ་བ་ཙམ་དུ་ཡང་མ་བྱས་པ་སྟེ། སྐབས་དེ་ན་འགོག་རྒྱུའི་བདག་དང་ཁས་ལེན་རྒྱུའི་བདག་གི་ཕྱེ་བསལ་ཅུང་ཟད་ཀྱང་མཛད་པ་མེད་པའི་ཕྱིར་དང༌། བདག་གི་གནས་ཚུལ་སེམས་པའི་སྐབས་ཡིན་པའི་ཕྱིར། འོ་ན། ཇི་སྐད་དུ། འདི་ནི་ཕུང་པོ་རྣམ་བརྟེན་གྲུབ་པར་འགྱུར། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་གང་ཟག་གི་བདག་ཐ་སྙད་དུ་ཡོད་པར་ཁས་བླངས་ན་མཛེས་པར་འགྱུར་ཏེ། རིགས་པས་འགོག་རྒྱུའི་བདག་དེའི་དབང་དུ་བྱས་ནས། འདི་ནི་ཞེས་སོགས་དེ་སྐད་གསུངས་པའི་ཕྱིར། དེ་ལྟ་བས་ན་ལུགས་འདི་ལ་ཇི་སྐད་དུ། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལྟར། ཇི་སྲིད་འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པ་དེ་སྲིད་དུ། འཇིག་རྟེན་གྱི་ལུགས་ཁོ་ན་ཡིན་གྱི་དབུ་མ་པ་རང་གི་ལུགས་མ་ཡིན་ཏེ། དོན་དམ་བདེན་པའི་གནས་ཚུལ་སེམས་པ་ལ་མ་ཞུགས་པའི་ཕྱིར། བདག་ནི་འཇིག་རྟེན་གྱི་ཀུན་རྫོབ་བདེན་པར་ཡང་མི་རུང་སྟེ། ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར། གཞན་དུ་ན་དེ་ལ་མི་བསླུ་བའི་འཇིག་རྟེན་གྱི་ཚད་མ་ཡོད་པར་འགྱུར་ཏེ། འཇིག་རྟེན་གྱི་ཡང་དག་པའི་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ཞེས་བྱ་བའི་མིང་འདི་ཙམ་ཞིག་གིས་འཁྲུལ་གཞི་བྱས་ནས། འཇིག་རྟེན་ན་གྲགས་པ་ཐམས་ཅད་དབུ་མ་པ་རང་གི་ལུགས་ཡིན་ནོ་ཞེས་སྨྲ་བར་མི་བྱ་སྟེ། གཞན་དུ་ན། གང་དབུ་མའི་རིགས་པས་གྲུབ་པའི་དོན་ཡིན་ན། འཇིག་རྟེན་གྱི་གྲགས་པས་གནོད་དགོས་པར་འགྱུར་ཏེ། གཟུགས་སྒྲ་ལ་སོགས་པ་འཇིག་རྟེན་གྱི་གྲགས་པས་ཡོད་པར་བཞག་པ་ཇི་སྙེད་པ་དེ་དག་དབུ་མའི་རང་ལུགས་ཡིན་པ་གང་ཞིག དེ་དག་དབུ་མའི་རིགས་ངོར་ཡོད་པ་མ་ཡིན་པའི་ཕྱིར་རོ། །འོ་ན། ཇི་སྐད་དུ། ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཞེས་སོགས་གསུངས་པ་དང་འགལ་བ་མིན་ནམ་ཞེ་ན། མ་ཡིན་ཏེ། དེའི་དོན་ནི་རྣམ་པར་རིག་པ་ཙམ་དུ་སྨྲ་བས་འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་ཕྱི་རོལ་གྱི་དོན་མེད་དོ་ཅེས་གྲགས་པ་དང་འགལ་བའི་ཕྱིར་དོན་ལ་ཞུགས་པས་སོ། །དེས་དེ་ཇི་ལྟར་བླངས་ཤེ་ན། ཤེས་པ་རང་བཞིན་གྱིས་གྲུབ་པར་ཁས་ལེན་པས་སོ། །གལ་ཏེ་དེས་ཕྱི་རོལ་གྱི་དོན་རིགས་པས་འགོག་པའི་ཕྱིར་དབུ་མ་པར་ཞུགས་སོ་སྙམ་ན། འོ་ན་ཤེས་པ་བདེན་གྲུབ་ཀྱང་རིགས་པས་འགོག་ནུས་པར་འགྱུར་རོ། །ཞེས་ཟླ་བའི་ཞབས་ཀྱིས་དགོངས་པ་ཡིན་ནོ། །འོ་ན་དབུ་མའི་རིགས་པས་འཇིག་རྟེན་གྱི་གྲགས་པ་འགོག་ན། ཇི་སྐད་དུ། གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཞེས་གསུངས་པ་དང་འགལ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ཐུབ་པའི་དབང་པོ་དེ་ནི་ཇི་སྲིད་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཁས་ལེན་པ་དེ་སྲིད་དུ་ཞེས་བྱ་བའི་ཚིག་ལ་ཉེ་བར་སྦྱར་དགོས་པས་སོ། །དེ་ཡང་ཇི་སྐད་དུ། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་བཤད་པ་ལྟར་རོ། །གཞན་དུ་ན་ཇི་སྐད་དུ། རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་སོགས་སྐབས་དེར་རྒྱ་ཆེར་གསུངས་པའི་དོན་ཁྱེད་ཀྱིས་བསམ་དགོས་པ་ཡིན་ནོ། །འོ་ན་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་སོགས་ཀྱང་དབུ་མའི་རིགས་པས་འགོག་པར་ནུས་སམ་ཞེ་ན། དེ་དེ་བཞིན་ཏེ། བདེན་པས་སྟོང་པ་ཉིད་ཀྱང་དེའི་རིགས་པས་འགོག་པར་ནུས་ན། དབུ་མའི་རིགས་པས་རྣམ་པར་དཔྱད་པའི་དཔུང་བཟོད་པའི་ཆོས་ལྷག་མ་འགའ་ལུས་པ་ལྟ་ཅི་འཚལ་བའི་ཕྱིར་རོ། །འོ་ན་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཐམས་ཅད་སྤངས་པས་ཆད་པའི་མཐར་ལྷུང་བ་མིན་ནམ་ཞེ་ན། མ་ཡིན་ཏེ། ཇི་སྲིད་རྣལ་འབྱོར་པའི་ཀུན་རྫོབ་ཁས་ལེན་པ་དེ་སྲིད་དུ་ཐབས་ཀྱི་སྣང་ཆ་མི་འདོར་བའི་ཕྱིར་རོ། །དུས་ཅི་ཙམ་གྱི་བར་དུ་ཞེ་ན། ཇི་སྲིད་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་སྐུ་མངོན་དུ་མ་བྱས་པ་དེའི་བར་དུའོ། །འདི་ནི་དབུ་མའི་རྣལ་འབྱོར་པས་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར། འཇིག་རྟེན་གྱི་ལུགས་ལ་ལྟོས་ཏེ། དབུ་མ་པའི་རང་ལུགས་སུ་ཅུང་ཟད་སོང་བ་ཡིན་ཀྱང༌། དབུ་མའི་རིགས་པ་མཚན་ཉིད་པ་དང༌། དེས་དྲངས་པའི་ཚད་མས་གྲུབ་པ་ནི་མ་ཡིན་ཏེ། སྤྲོས་པ་དང་བཅས་པའི་ཕྱིར། ཇི་སྐད་བཤད་པ་འདི་ནི་ལམ་དབུ་མ་ལ་དབུ་མའི་མིང་གིས་བཏགས་པའོ། །དེ་བཞིན་དུ་བདེན་པས་སྟོང་པ་དང༌། དོན་དམ་པའི་བདེན་པ་དང་སྤྲོས་པ་དང་བྲལ་བ་སོགས་ངེས་པའི་དོན་དུ་སྒྲོ་བཏགས་ནས་བཞག་པ་གང་ཡིན་པ་དེ་ཐམས་ཅད་ཀྱང༌། རྣལ་འབྱོར་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། རྣལ་འབྱོར་པ་ལ་ལྟོས་པའི་བརྗོད་བྱེད་ཀྱི་སྒྲས་བརྗོད་པར་ནུས་ཤིང་རྟོག་པས་རྣམ་པར་བཏགས་ནུས་པའི་ཕྱིར། འོ་ན་ཀུན་རྫོབ་འདི་ཇི་ཙམ་གྱི་བར་དུ་ཁས་ལེན་ཞེ་ན། རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་ཟད་ནས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཆོས་ཀྱི་སྐུ་མངོན་དུ་མ་བྱས་པ་དེ་སྲིད་དུའོ། །དེ་ཡང་ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པ་ལྟར། ཇི་སྲིད་རྣལ་འབྱོར་པའི་ཀུན་རྫོབ་བདེན་པ་ཁས་བླངས་ནས་རྣམ་གཞག་བྱེད་པ་དེ་སྲིད་དུ་ཡིན་གྱི། དོན་དམ་པའི་བདེན་པ་ལ་བརྟེན་པའི་ཚེ་ནི་མིན་ཏེ། དེའི་ཚེ་སྤྲོས་པའི་མཚན་མ་ཅུང་ཟད་ཀྱང་འགོག་པའི་ཕྱིར། བཤད་མ་ཐག་པའི་རྣམ་གྲངས་པའི་དོན་དམ་བདེན་པ་འདི་དང༌། ལོག་པའི་ཀུན་རྫོབ་གཉིས་ལ་ཀུན་རྫོབ་བདེན་པའི་སྒྲ་བཤད་མ་ཚང་ཡང༌། བདེན་པ་གཉིས་སུ་བསྡུ་བའི་ཚེ། ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་སོ། །འོ་ན་དབུ་མ་པ་རང་གི་ལུགས་མཐར་ཐུག་པ་གང་ཡིན་ཞེ་ན། བཤད་པ། གཞིའི་དུས་སུ་བརྗོད་པ་དང་སྤྲོས་པ་ཐམས་ཅད་དང་བྲལ་བ། ལམ་གྱི་དུས་སུ་སོ་སོར་རང་གིས་རིག་པ་ཁོ་ནས་ཉམས་སུ་མྱོང་ཞིང༌། འབྲས་བུའི་དུས་སུ་ཆོས་ཀྱི་སྐུ་གློ་བུར་གྱི་དྲི་མ་མཐའ་དག་རྣམ་པར་དག་པ་ཞེས་བྱ་བའི་ཐ་སྙད་བཏགས་ཤིང༌། ངེས་པའི་དོན་དུ་བརྗོད་པ་ཐམས་ཅད་དང་བྲལ་བའོ། །འོ་ན་བློ་སྔ་མ་གནོད་བཅས་དང་རིགས་པ་ཕྱི་མ་ཐུག་མེད་དུ་འགྱུར་བ་མིན་ནམ་ཞེ་ན། མི་འགྱུར་ཏེ། བློ་སྔ་མས་བཀག་པའི་སྟོང་ཆ་དེ་རིགས་པ་ཕྱི་མས་འགོག་པ་མ་ཡིན་གྱི། སྔ་མས་དེར་ཞེན་པའི་ཆ་ཕྱི་མས་འགོག་པའི་ཕྱིར་དང༌། རྣམ་པར་རྟོག་པ་ཟད་པའི་ཚེ་ན་རིགས་པ་ཕྱི་མ་མཐར་ཐུག་པའི་ཕྱིར་རོ། །འོ་ན་དབུ་མ་པ་ལ་དམ་བཅའ་དང༌། ཁས་ལེན་གང་ཡང་མེད་དོ་ཅེས་བྱ་བའི་གྲུབ་མཐའི་ཐ་ཆད་དེ་ཉིད་འདིར་འོངས་པ་མིན་ནམ་ཞེ་ན། མིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དམ་བཅའ་དང་ཁས་ལེན་ལ་སོགས་པའི་རྣམ་པར་བཞག་པ་འཇིག་རྟེན་ན་བསྙོན་མི་ནུས་པར་སྣང་བ་ཇི་སྙེད་པ་དེ་ཐམས་ཅད་ཡོད་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་ཀྱི་བདེན་པ་རིགས་པས་བཀག་ན། ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་བ་མིན་ནམ་ཞེ་ན། དེའི་དོན་ནི་ཁྱོད་ཀྱི་མ་ཤེས་པས་གསལ་བར་བཤད་ན་འདི་ཡིན་ཏེ། གང་ཀུན་རྫོབ་ཀྱི་བདེན་པ་ཁས་བླངས་ནས། དེའི་རྣམ་གཞག་འཇིག་རྟེན་དང་མི་མཐུན་པར་ཁས་ལེན་ན། དེ་ལས་ཉམས་པས་ཁྱབ། དཔེར་ན་དངོས་པོར་སྨྲ་བ་དག་གིས་མཐའ་བཞིའི་སྐྱེ་བ་ཁས་ལེན་པ་དེའི་ཚེ། ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པ་བཞིན། དེ་ཁས་མ་བླངས་པར་དེ་འགོག་པ་ནི། དེ་ལས་ཉམས་པ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་ཟླ་བའི་ཞབས་ཀྱིས། ཁོ་བོ་ཅག་ནི་ཀུན་རྫོབ་ཀྱི་བདེན་པ་བཟློག་པ་ལ་ཚེགས་ཤིན་ཏུ་ཆེ་བར་གནས། ཞེས་གསུངས་པའི་ཕྱིར་རོ། །འོ་ན་བདག་བཀག་པའི་ཚེ་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པར་འགྱུར་ཏེ། དེ་ཉིད་འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་གྲགས་ཤིང་དེའི་ངོར་གྲུབ་པའི་ཕྱིར་ཞེ་ན། འཇིག་རྟེན་གྱི་གྲགས་པ་ཁས་བླངས་ནས་དེ་འགོག་པ་མ་ཡིན་ཞེས་ཡང་ཡང་བཤད་ཟིན་མོད་ཀྱི། སླར་ཡང་མགོ་མཚུངས་དང་རྣལ་མའོ། །དང་པོ་ནི། འོ་ན་གང་ཟག་གི་བདག་དང༌། ཆོས་ཀྱི་བདག་བཀག་པའི་ཚེ་ན་ཡང་དེ་ལས་ཉམས་པར་ཐལ། རྒྱུ་མཚན་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པར་ཁྱོད་ཀྱིས་བཟློག་པར་མི་ནུས་སོ། །གཉིས་པ་ནི། གང་ལོག་པའི་ཀུན་རྫོབ་ཁས་བླངས་ནས་དེའི་རྣམ་པར་བཞག་པ་རང་རང་གི་ཡུན་གྱི་ཤེས་པ་ལ་སྣང་ཚུལ་ལས་གཞན་དུ་ཁས་ལེན་ན་དེ་ལས་ཉམས་པས་ཁྱབ། དཔེར་ན་སྐྲ་བཤད་འཛག་སྣང་གི་དབང་ཤེས་ཀྱི་ངོར་སྐྲ་བཤད་མེད་པར་ཁས་བླངས་པ་བཞིན། བདག་འཛིན་ལྷན་སྐྱེས་ཀྱི་ངོར་བདག་མེད་པར་ཁས་བླངས་ན་ཡང་དེ་བཞིན་ནོ། །གང་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས། དེའི་རྣམ་གཞག་ཐ་སྙད་པའི་ཚད་མ་ལ་སྣང་བའི་ཚུལ་ལས་གཞན་དུ་ཁས་བླངས་ན་ཡང་དག་ཀུན་རྫོབ་ལས་ཉམས་པས་ཁྱབ། དཔེར་ན་རབ་རིབ་དང་བྲལ་བའི་མིག་ཤེས་ཀྱི་ངོར་སྐྲ་ཤད་ཡོད་པར་ཁས་ལེན་པ་བཞིན། བདག་དང་བདེན་གྲུབ་དང་གཙོ་བོ་ལ་སོགས་པ་ཡང་ཡང་དག་པའི་ཀུན་རྫོབ་ཏུ་ཁས་བླངས་ན། ཡང་དག་པའི་ཀུན་རྫོབ་ལས་ཉམས་སོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །ཅི་སྟེ་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཅེས་བྱ་བ་དེ་ནི། ཡང་དག་པའི་ཀུན་རྫོབ་ཡིན་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་འཇིག་རྟེན་པའི་བློ་ལྷན་སྐྱེས་ཀྱིས་དུས་རྟག་ཏུ་བཟུང་བར་བྱ་བ་ཡིན་པའི་ཕྱིར་སྙམ་ན། རིགས་པ་དེ་ནི་གང་ཟག་དང་ཆོས་ཀྱི་བདག་གཉིས་ལ་ཧ་ཅང་ཐལ་བར་འགྱུར་རོ། །ཡང་གལ་ཏེ་དབུ་མའི་རིགས་པས་རྣམ་པར་དཔྱོད་པའི་ཚེ། ཀུན་རྫོབ་ཀྱིས་བདེན་པ་ཁས་མི་ལེན་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་ཀྱི་བདེན་པ་ཅུང་ཟད་ཀྱང་མི་སྣང་བར་འགྱུར་ཏེ། ཡེ་ཤེས་དེ་ནི་དབུ་མའི་རིགས་པས་དཔྱད་པའི་དོན་ལ་མཉམ་པར་བཞག་པ་ལས་གཞན་དུ་ཅུང་ཟད་ཀྱང་མི་གཡོ་བའི་ཕྱིར་ཞེ་ན། མཉམ་གཞག་དེའི་ངོར་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་སྣང་བ་ཅུང་ཟད་ཀྱང་མི་འཆར་བ་ཡིན་ཏེ། གཏི་མུག་གི་ས་བོན་དྲུངས་ཕྱུང་བའི་ཕྱིར། ཇི་སྐད་དུ། གཏི་མུག་གཉིད་སད་ལས་ལ་དེ་བཞིན་ནོ། །ཞེས་གསུངས་པས་སོ། །འོ་ན་འཇིག་རྟེན་ཀུན་རྫོབ་བདེན་པ་ཆོས་ཅན། ཡོད་པ་མ་ཡིན་པར་ཐལ། ཇི་ལྟ་བ་མཁྱེན་པའི་གཟིགས་པ་ལོག་པའི་ཕྱིར། ཞེ་ན། དེ་ནི་ཁྱེད་ཀྱིས་ལེགས་པར་མ་སྨྲས་ཏེ། ཇི་སྐད་དུ། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །ཞེས་སོགས་དང༌། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་སོགས་ཀྱི་གཞུང་གིས་ལེགས་པར་མ་བཤད་པའི་དོན་དེ་ཉིད་ཁས་བླངས་པའི་ཕྱིར་དང༌། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་ཞེས་པར། ཡེ་ཤེས་དེ་དང་དེའི་ཡུལ་ཆོས་ཉིད་ལ་ཐ་དད་ཀྱི་རྣམ་པ་འཆར་རྒྱུ་ཅུང་ཟད་མེད་པའི་རྒྱུ་མཚན་གྱིས་ཡུལ་ཡུལ་ཅན་བཏགས་པ་བར་བཤད་ན། དེ་ལ་ཀུན་རྫོབ་བདེན་པའི་རྣམ་པ་འཆར་བ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །འོ་ན་ཆོས་ཀྱི་སྐུའི་ཡེ་ཤེས་དེ་ཉིད་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་དགོས་པ་མ་ཡིན་ནམ་ཞེ་ན། འདི་ནི་ཚད་ལྡན་གྱི་གཞུང་ལས་དོན་དམ་པའི་བདེན་པར་བཤད་པ་མང་ཞིང༌། དེ་ལ་གཞུང་ལས་གསུངས་པའི་ཀུན་རྫོབ་བདེན་པའི་མཚན་ཉིད་ནི་འདི་ལ་ཅུང་ཟད་ཀྱང་ཚང་བ་མ་ཡིན་ནོ། །དཀྱུས་མ་འཆད་པའི་གེགས་སུ་འགྱུར་བའི་ཕྱིར་འདིར་ནི་དེ་ཙམ་ལས་མི་སྤྲོའོ། །གཉིས་པ་ལྷན་སྐྱེས་ཀྱི་བདག་རིགས་པས་དཔྱོད་པའི་ཚུལ་ལ། གོང་དུ་བཤད་པའི་ཀུན་བཏགས་བཀག་པའི་དོན་ཉིད་ལ་མཉམ་པར་བཞག་པས་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཁེགས་པར་འགྱུར་མོད། གང་ཟག་གི་བདག་ཅེས་བྱ་བ་དེ་ལ་གྲུབ་པའི་མཐས་ཀུན་ཏུ་བཏགས་པ་དང༌། མ་བཏགས་པའི་དབྱེ་བས་གཉིས་སུ་ཕྱེ་བའི་ཕྱིར། དེ་འགོག་བྱེད་ཀྱི་རིགས་པ་ཡང་གཉིས་བཤད་པ་ལས། དང་པོ་རྣམ་པར་སུན་འབྱིན་པའི་རིགས་པ་བཤད་ཟིན་ནས། གཉིས་པ་འགོག་བྱེད་ཀྱི་རིགས་པ་བཤད་པ་ནི། གལ་ཏེ་རང་གཞན་གྱི་སྡེ་པས་བཏགས་པའི་བདག་ཁེགས་མོད། ངར་འཛིན་པའི་བློ་ལྷན་སྐྱེས་ཀྱིས་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་ཙམ་དེ་བསྙོན་མི་ནུས་པར་གྲུབ་པས་དེ་ཉིད་བདག་ཡིན་ནོ་ཞེ་ན། དེ་ཆོས་ཅན། རིགས་པས་དཔྱད་པའི་ཚེ་ཡོད་པ་མིན་ཏེ། རང་གི་ཐ་སྙད་བཏགས་པའི་བཏགས་དོན་དེ་ཚོལ་བྱེད་ཀྱི་རིགས་པ་བདུན་གྱིས་བཙལ་བའི་ཚེ་མི་རྙེད་པའི་ཕྱིར། དཔེར་ན། ཤིང་རྟ་རང་གི་ཡན་ལག་ལ་བརྟེན་ནས་བཏགས་པ་ཡིན་ཀྱང༌། བཏགས་དོན་ཚོལ་བྱེད་ཀྱི་རིགས་པ་བདུན་གྱིས་བཙལ་བའི་ཚེ་མི་རྙེད་པ་བཞིན། འདིར་རིགས་པ་བདུན་ནི། ཇི་སྐད་དུ། ཕུང་མིན་ཕུང་པོ་ལས་གཞན་མིན། །ཞེས་སོགས་སུ་རིགས་པ་ལྔ་གསུངས་པ་དེའི་སྟེང་དུ་ཟླ་བའི་ཞབས་ཀྱིས། དབྱིབས་དང་ཚོགས་པ་ལ་བཏགས་པའི་རིགས་པ་གཉིས་བསྣན་ནས་བདུན་དུ་མཛད་དོ། །མི་རྙེད་པ་ཇི་ལྟར་ཞེ་ན། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །ཞེས་སོགས་གནོད་བྱེད་ཀྱི་རིགས་པ་བདུན་སྟོན་པར་མཛད་དོ། །གངས་ཅན་གྱི་མན་ངག་པ་དག །བདག་ཅེས་བྱ་བ་ཡོད་ན། མགོའམ། ལག་པའམ། རྐང་པ་བདག་ཡིན་ཞེས་རིགས་པས་ཚོལ་བ་ནི་རྒྱ་ནག་དགེ་སློང་གི་རིགས་པའོ། །ཞེས་བོད་ཕྱི་མ་དག་ཟེར་བ་དེ་ཡང་དེ་ཁོ་ན་ལྟར་མ་ངེས་ཏེ། ཇི་སྐད་དུ། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་རྣམ་ཤེས་མིན། །ཞེས་སོགས་དང༌། སྐྲ་དང་སོ་སེན་བདག་མ་ཡིན། །ཁྲག་དང་རུས་པ་བདག་མ་ཡིན། །ཞེས་སོགས་རྒྱས་པར་གསུངས་ཏེ་རིགས་པ་འདྲ་བའི་ཕྱིར། རིགས་པ་དེ་དག་གི་སྒོ་ནས་ཀྱང་བདག་རྣམ་པར་དཔྱད་པར་བྱའོ། །དེ་ལྟར་བདག་ཁེགས་པ་ན་བདག་གི་བ་ལོགས་སུ་འགོག་མི་དགོས་ཏེ། རིགས་པ་དེ་ཉིད་ཀྱིས་བདག་གི་བ་ཁེགས་པའི་ཕྱིར། ཇི་སྐད་དུ། བདག་ཉིད་ཡོད་པ་མིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་གསུངས་པས་སོ། །འདིར་གང་དག ལྷ་སྦྱིན་གྱི་མིག་རྣ་དང༌། ཟས་གོས་ལ་སོགས་པ་བདག་གི་བའི་མཚན་གཞིར་འདོད་པ་ནི་མ་ཤེས་པ་ཡིན་ཏེ། བདག་གི་བར་ཞེན་པའི་བློ་དེ་ཐ་སྙད་དུ་ཞེན་ཡུལ་ལ་མ་འཁྲུལ་བར་ཐལ་བ་དང༌། བདག་གི་རྫས་སུ་འགྱུར་ཞིང་དེར་ལྟ་བ། རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཞེས་དང༌། ཁྱོད་ཀྱིས་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །ཞེས་སོགས་ཀྱི་རིགས་པ་གནོད་བྱེད་དུ་འཇུག་པའི་ཕྱིར་རོ། །མདོར་བསྡུ་ན། དགག་བྱ་གང་ཟག་གི་བདག་ནི་འདི་ལྟར་ངོ་ཤེས་དགོས་ཏེ། འདོགས་སོ་ཞེས་པ་བཤད་པའི་གཞི། དོན་གང་ཞིག་ན་བདག་ཅེས་བྱ་བའི་ཐ་སྙད་དེའོ། །བྱ་བ་གང་ལ་ན། རང་རྒྱུད་ཀྱི་ཕུང་པོ་ལའོ། །བྱེད་པ་པོ་གང་གིས་ན། ལྷན་སྐྱེས་ཀྱིས་ནི་དགོས་པ་མ་མཐོང་བར་སྒྲོ་འདོགས་ལ། ཀུན་བཏགས་ཀྱིས་ནི་གཞུང་ལུགས་ངན་པ་ནས་བཤད་པའི་དོན་དེ་དང་དེ་གྲུབ་པའི་ཕྱིར་དུའོ། །རྒྱུ་གང་ལ་བརྟེན་ནས་ཚུལ་ཇི་ལྟར་དུ་སྒྲོ་འདོགས་ཅེ་ན། རང་རྒྱུད་ཀྱི་ཕུང་པོ་ལ་བརྟེན་ནས་གང་གི་བྱེད་པ་པོ་ཞེས་བྱ་བའི་ཚུལ་གྱིས་སོ། །གནས་གང་ལ་གནས་ན་ཕུང་པོ་ལ་གནས་སོ་ཞེས་རྣམ་དབྱེ་བདུན་དང་སྦྱར་ན་ངོས་ཟིན་པར་འགྱུར་རོ། །དེ་ལྟར་ན། གང་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན། བདག་དང་བདག་གི་བ་གང་རུང་མ་ཡིན་པས་ཁྱབ། དཔེར་ན་ཐག་ཁྲ་ལ་སྦྲུལ་འཛིན་གྱི་དམིགས་པ་ཡིན་ན་སྦྲུལ་མིན་དགོས་པ་བཞིན། རང་རྒྱུད་ཀྱི་འཇིག་ཚོགས་ཕུང་པོ་ལྔ་ཡང་དེའི་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི། འོ་ན་ཟླ་བའི་ཞབས་ཀྱིས་ངར་འཛིན་གྱི་བདག་ལ་དམིགས་པར་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་འཛིན་སྟངས་ལ་དམིགས་པའི་སྒྲས་བསྟན་པ་ཡིན་ཏེ། སྙིང་རྗེ་གསུམ་གྱི་དམིགས་པ་བཞིན་ནོ། །གཉིས་པ་དེ་ལྟར་བཙལ་ཡང་མ་རྙེད་པའི་དོན་ལ་བདག་མེད་ཀྱི་ཐ་སྙད་འདོགས་པར་བསྟན་པ་ནི། འདི་ལྟར་དགག་བྱ་གང་ཟག་གི་བདག་བཀག་པའི་ཤུལ་དུ། བདག་མེད་པ་ཞེས་བྱ་བའི་ཆོས་འཕངས་པ་དང༌། བློ་ལ་རང་དབང་ཅན་དུ་འཆར་རྒྱུ་ཞིག་ཡོད་པ་ནི་མ་ཡིན་ཏེ། སྔར་ཇི་སྐད་བཤད་པའི་རིགས་པས་བཙལ་བ་ན་ཅི་ཡང་མ་རྙེད་པ་ཞིག་ལ། རྗེས་ཀྱི་ཤེས་པས་བདག་མེད་པ་རྙེད་དོ་ཅེས་པའི་ཐ་སྙད་འདོགས་པའི་ཕྱིར་དང༌། དགག་བྱ་བདག་བཀག་ཤུལ་དུ་བདག་མེད་པ་སྒྲུབ་ན་མཚན་མར་འཛིན་པའི་གཞིར་སོང་བའི་ཕྱིར། དཔེར་ན་ས་ཕྱོགས་སུ་བུམ་པ་མ་དམིགས་པ་ཙམ་ལ་མེད་པའི་ཐ་སྙད་བཏགས་པ་བཞིན་ནོ། །དེ་ནི་ཡུལ་བདག་མེད་ཀྱི་འཇོག་ཚུལ་ལོ། །ཡུལ་ཅན་རིག་ཤེས་ཀྱི་འཛིན་ཚུལ་ནི། ཇི་སྐད་བཤད་པའི་རིགས་པ་ལ་བརྟེན་ནས་བདག་མེད་པའི་དོན་རྟོགས་པའི་རིགས་ཤེས་རྗེས་དཔག་ལ་ནི་དགག་བྱ་བདག་ཕུང་གཉིས་དང་རྫས་ཐ་དད་སོགས་བཀག་ཙམ་མ་གཏོགས་བདག་མེད་པའི་མཚན་མ་མངོན་གྱུར་དུ་མི་འཆར་ཏེ། རྟོག་པ་ལ་དེ་ལྟར་དུ་ཤར་ན་མཚན་འཛིན་དུ་སོང་བས་རིག་ཤེས་སུ་བཞག་པར་མི་ནུས་པའི་ཕྱིར། ཇི་སྐད་དུ། བདག་མེད་དོ་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཅེས་གསུངས་པས་སོ། །ཡང་བདག་མེད་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་བསྒྲུབ་ཀྱི་རིགས་པ་ལ་བརྟེན་པའི་རྗེས་དཔག་ལ་ནི། བདག་མེད་པའི་ཐ་སྙད་ཀྱི་མཚན་མ་འཆད་མོད། དེ་རིགས་ཤེས་གོ་ཆོད་པོར་མ་བཞག་སྟེ། མཚན་མར་བཟུང་བའི་ཕྱིར་དང༌། ཐ་སྙད་གྲུབ་ཀྱི་རྗེས་དཔག་དེའི་རིགས་རྒྱུན་གོམས་པ་ལས་རྣལ་འབྱོར་མངོན་སུམ་སྐྱེ་བ་མ་ཡིན་གྱི། གང་ཡང་མ་རྙེད་པའི་དོན་རྣམས་མེད་དེ་གོམས་པར་བྱས་པས་རྣལ་འབྱོར་མངོན་སུམ་སྐྱེ་བ་ཡིན་པའི་ཕྱིར། དེ་ལྟར་རྟོགས་པའི་རྣལ་འབྱོར་མངོན་སུམ་ལ་ནི་བདག་མེད་པའི་དོན་དང་ཐ་སྙད་ཀྱི་ཡང་མཚན་མ་ཅུང་ཟད་ཀྱང་མི་འཆར་མོད། མ་ཤར་བ་དེ་ཙམ་ལ་དེ་མངོན་སུམ་དུ་རྟོགས་པའི་ཐ་སྙད་བྱས་སོ། །དེ་སྐད་དུ་ཡང༌། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལ་གསུངས། །ཞེས་བཤད་པ་ལྟར་རོ། །དེའི་ཕྱིར་བྱང་སེམས་སྦྱོར་ལམ་པའི་རྒྱུད་ལ་བདག་མེད་པའི་དོན་རྟོགས་པའི་བློ་དང༌། བདག་མེད་དུ་ཞེན་པའི་རྟོག་པ་གཉིས་ཀ་ཡོད་མོད། དང་པོ་རྟོགས་པའི་ཆ་ནས་ལམ་དུ་འཇོག་ལ། གཉིས་པ་ཞེན་པའི་ཆ་ནས་ལམ་དུ་མི་འཇོག་སྟེ། ཤེས་བྱའི་སྒྲིབ་པ་ཡིན་པའི་ཕྱིར། གཞན་དག་ན་རེ། འདིར་བདག་མེད་དོ་སྙམ་དུ་ཞེན་པ་མེད་ན། བདག་ཏུ་འཛིན་པའི་རྟོག་པ་དང་འཛིན་སྟངས་མི་འགལ་བའི་ཕྱིར། དེའི་གཉེན་པོར་ཇི་ལྟར་རུང་ཞེས་ཟེར་བ་ནི་མ་གོ་བ་ཡིན་ཏེ། དེ་ལྟ་ན་ནི་མཐོང་བའི་ལམ་ཡང་དེར་ཐལ་བར་འགྱུར་རོ། །འདོད་ན་ནི་སྒྲ་དོན་འཛིན་པའི་རྟོག་པར་ཧ་ཅང་ཐལ་ལོ། །བཞི་པ་བདག་མེད་རྟོགས་ནས་ཇི་ལྟར་སྒོམ་པའི་ཚུལ་ལ། མཉམ་གཞག་ཏུ་ཇི་ལྟར་སྒོམ་པའི་ཚུལ་དང༌། རྗེས་ཐོབ་ཏུ་ཡིད་ལ་བྱ་བའི་རིམ་པའོ། །དང་པོ་ནི། ཇི་སྐད་བཤད་པའི་རིགས་པ་ལ་མ་བརྟེན་པར་བདག་མེད་དོ་ཅེས་ཞེན་པ་ཙམ་ནི་ཐེ་ཚོམ་ལས་མ་འདས་པའི་ཕྱིར། དེའི་རྒྱུན་གོམས་པར་བྱས་པས་རྣལ་འབྱོར་པའི་མངོན་སུམ་ལྟ་ཞོག རྟོག་པར་གྱུར་པའི་ཚད་མ་ཙམ་ཡང་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་སྔར་བཤད་པའི་རིགས་པ་ལ་བརྟེན་ནས་རང་རྒྱུད་ཀྱི་ཕུང་པོ། གང་ཟག་གི་བདག་གི་དོན་དང་ཐ་སྙད་གཉིས་ཀས་སྟོང་པར་རྟོགས་པའི་རྗེས་དཔག་ཚད་མ་སྐྱེ་ལ། དེའི་རྒྱུན་ཞི་གནས་ཀྱི་ཡིད་ལ་བྱེད་པ་དགུ་སྤོང་བའི་འདུ་བྱེད་བརྒྱད་དང་མ་བྲལ་བར་ཡིད་ལ་བྱས་པས། བདག་མེད་ལ་གསལ་སྣང་མཆེད་པའི་ངེས་འབྱེད་ཡན་ལག་སྐྱེ་བར་འགྱུར་རོ། །འདིས་དེ་ལ་རྩེ་གཅིག་ཏུ་འཇོག་ནུས་པ་མ་ཡིན་ཏེ། སྐབས་འདིར་རྟོག་པ་འོག་ཏུ་འགྱུར་བ་ཉ་ཆུ་གཏིང་ན་ཞུགས་པ་ལྟ་བུ་འབྱུང་བའི་ཕྱིར། དེ་ལྟ་བུའི་གསལ་སྣང་གི་རྒྱུན་དེ་ཉིད་ལ་ཡིད་ལ་བྱེད་པ་དགུ་ལ་སོགས་པའི་རིམ་པས་མཉམ་པར་བཞག་པ་ན། བདག་མེད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་སྐྱེ་བར་འགྱུར་རོ། །མཐོང་བའི་རྒྱུན་དེ་ཉིད་སྔ་མ་བཞིན་དུ་སྒོམ་པས་བདག་ཏུ་འཛིན་པའི་ས་བོན་དྲུངས་འབྱིན་པའི་ནུས་པ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་ཡིན་ནོ། །དེ་ལྟར་ན་སྦྱོར་ལམ་གྱི་མཉམ་གཞག་ཏུ་མཚན་མར་འཛིན་པ་དང༌། མཚན་མེད་ཀྱི་རྣལ་འབྱོར་འདྲེས་ནས་འབྱུང་ལ། མཐོང་སྒོམ་གྱི་མཉམ་གཞག་ཏུ་ནི་སྣང་མེད་ནམ་མཁའི་དཀྱིལ་ལྟ་བུ་འབྱུང་གི་ཀུན་རྫོབ་ཀྱི་མཚན་མ་ཅུང་ཟད་ཀྱང་མི་སྣང་སྟེ། དེའི་ཚེ་མི་གཡོ་བའི་ལྷག་མཐོང་གི་ངོ་བོར་སྐྱེས་པའི་ཕྱིར། དེ་ཡང་བདག་མེད་ལ་མཉམ་པར་བཞག་པའི་དབང་དུ་བྱས་ཀྱི། མཉམ་གཞག་ཙམ་ལ་ནི་དེར་མ་ངེས་ཏེ། ལྷག་པའི་ལྷའི་མཉམ་པར་བཞག་པ་དག་ཀྱང་དམིགས་པའི་ཕྱིར། གཉིས་པ་ལ། ལམ་དུ་འགྱུར་བ་རྗེས་ཐོབ་དག་པ་འཇིག་རྟེན་པ་དང༌། ལམ་དུ་མི་འགྱུར་བ་མ་དག་འཇིག་རྟེན་པའོ། །དང་པོ་ལ་མཉམ་གཞག་རང་དང་དམིགས་རྣམ་རྗེས་སུ་མཐུན་པ་རྣལ་འབྱོར་མངོན་སུམ་གྱི་ངོ་བོར་སྐྱེས་པ་དང༌། མི་མཐུན་པ་རྟོག་པའམ་རྟོག་མེད་འཁྲུལ་པའི་ངོ་བོར་སྐྱེས་པའོ། །དང་པོ་ནི། མིག་གི་རྣམ་པར་ཤེས་པ་ལ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྣ་བའི་རྣམ་པར་ཤེས་པ་ལ་གྲགས་པ་ཐམས་ཅད་བྲག་ཆ་ལྟ་བུ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཤར་བ་ཐམས་ཅད་ཆུ་བུར་ཡིད་ལ་བྱེད་ཅིང༌། ཀུན་རྫོབ་སྣ་ཚོགས་ཀྱི་རྣམ་པ་ཤར་ཡང་དེར་ཞེན་པ་མེད་པའི་རྣལ་འབྱོར་མངོན་སུམ་མོ། །གཉིས་པ་ནི། ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་ལེན་པ་ལ་སོགས་པའོ། །གཉིས་པ་ནི། འགྲོ་བ་དང་འཆག་པ་ལ་སོགས་པའི་སྤྱོད་ལམ་སྣ་ཚོགས་དང༌། འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པའི་གནས་སྐབས་སུ། ལམ་དུ་མི་འགྱུར་བའི་ཤེས་པ་ཇི་སྙེད་སྐྱེས་པ་རྣམས་སོ། །དེ་ཡང་མ་དག་སའི་རྗེས་ཐོབ་ཏུ་ནི་ལམ་མངོན་གྱུར་དུ་མེད་པའི་སྐབས་སྲིད་ལ། དག་པ་སར་ནི་དེ་མི་སྲིད་དེ། རྗེ་བཙུན་གྱིས་དེར་ལམ་གྱི་དངོས་པོའི་རྒྱུན་དང་ལྡན་པར་གསུངས་པའི་ཕྱིར། གཉིས་པ་ཆོས་ཀྱི་བདག་ཏུ་འཛིན་པའི་སྤྲོས་པ་ཇི་ལྟར་གཅོད་པའི་ཚུལ་ལ། རྩ་བ་བདེན་འཛིན་ངོས་བཟུང༌། དེ་ལས་སྒྲིབ་པ་གཞན་ཇི་ལྟར་སྐྱེ་བའི་ཚུལ། དེ་དང་འཛིན་སྟངས་འགལ་བའི་ལྟ་བ་ཚོལ་བའི་རིམ་པ། ལྟ་བ་རྟོགས་ནས་ཇི་ལྟར་སྒོམ་པའི་ཚུལ་ལོ། །དང་པོ་ནི། བྱིས་པ་རྣམས་ཀྱིས་ཐོག་མ་མེད་པ་ནས་དེ་དང་དེར་རང་བཞིན་གྱིས་གྲུབ་པར་ཞེན་པའི་བློ་དེའོ། །འདི་ནི་རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཁོ་ནར་བཞེད་ལ། ཟླ་བའི་ཞབས་ཀྱིས་ནི། དེ་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་སུ་འབྱེད་དོ། །དེ་གང་ཞེ་ན། སོ་སོ་སྐྱེ་བོ་དང༌། ཉན་རང་སློབ་པ་དང༌། མ་དག་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་ཞེན་པའི་བློ་གང་ཡིན་པ་དེ་དང༌། ཡང་གང་ཟག་དེ་དག་དང༌། ཐེག་དམན་དགྲ་བཅོམ་པས་རང་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་ལ་སོགས་པ་ལ་བདེན་པར་ཞེན་པའི་བློ་གང་ཡིན་པ་དེའོ། །དེ་ལ་དེ་མེད་དོ་སྙམ་ན་མ་ཡིན་ཏེ། གཞན་དུ་ན། དགྲ་བཅོམ་ཐེག་པ་ཆེན་པོར་ཞུགས་པའི་མ་དག་ས་བདུན་གྱི་གནས་སྐབས་སུ་སྤང་བྱ་ཅུང་ཟད་ཀྱང་སྤོང་རྒྱུ་མེད་པས་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་གྱི་རྣམ་པར་བཞག་པ་ཅི་ཡང་མེད་པར་འགྱུར་རོ། །གཞན་ཡང་ཉོན་མོངས་པ་ཅན་མིན་པའི་མ་རིག་པ་དེའི་མཚན་གཞི་གང་ཡིན། གཉིས་སྣང་འཁྲུལ་པའི་བག་ཆགས་སོ་ཤེ་ན། ལྡན་པ་མིན་པའི་འདུ་བྱེད་ཞིག་མ་རིག་པའི་མཚན་གཞིར་བཞག་ན་ཤིན་ཏུ་འཕོངས་པར་འགྱུར་རོ། །གང་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དེ་ཆོས་ཅན། བདེན་འཛིན་དང་ངར་འཛིན་གང་རུང་དུ་ཐལ། རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་ཡིན་པའི་ཕྱིར། ཞེས་འཕངས་ན་ཁྱེད་ཀྱིས་བཟློག་ཏུ་མེད་དོ། །དེ་ལྟ་མོད་ཀྱི་དག་པ་སར་ནི་མ་རིག་པ་དེ་གཉིས་ཀའི་བག་ཆགས་ཡོད་ཀྱི། དེ་གཉིས་ཀ་མངོན་གྱུར་པ་མེད་དེ། དེར་ངར་འཛིན་ཟད་ཅིང་བདེན་འཛིན་མངོན་པར་འབྱུང་བའི་གོ་སྐབས་མི་རྙེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟ་བུའི་ཞེན་བློ་དེ་ལས་འདི་ནི་གཟུགས་སོ་སྒྲའོ་ཞེས་སོགས་ངོ་བོར་ཞེན་པའི་བློ་དང༌། འདི་ནི་བཟང་པོའོ། །འདི་ནི་ངན་པའོ་ཞེས་ཁྱད་པར་དུ་ཞེན་པ་དང༌། འདི་ནི་སྤང་བྱའོ། །འདི་ནི་གཉེན་པོའོ་ཞེས་བླང་དོར་དུ་ཞེན་པའི་བློ་དང༌། འདི་ནི་སངས་རྒྱས་སོ། །འདི་ནི་སེམས་ཅན་ནོ་ཞེས་འཁོར་འདས་སུ་ཞེན་པའི་བློ་དང༌། འདི་ནི་སྟོང་པ་ཉིད་དོ། །འདི་ནི་མཚན་མ་མེད་པའོ་ཞེས་སྟོང་པ་ཉིད་དུ་མངོན་པར་ཞེན་པ་སོགས་མདོར་ན་ཤེས་བྱ་ཡོངས་སུ་གཅོད་པའི་གེགས་སུ་གྱུར་པ་མཐའ་དག་སྐྱེ་བ་ཡིན་ནོ། །འདི་ལ་ཀུན་བཏགས་དང༌། ལྷན་སྐྱེས་ཀྱི་དབྱེ་བས་རྣམ་པ་གཉིས་སོ། །གསུམ་པ་ལ། མཚན་འཛིན་གྱིས་ཇི་ལྟར་སྒྲོ་བཏགས་པའི་བཏགས་དོན་ཚོལ་བྱེད་ཀྱི་རིགས་པ་བསམ། རིགས་པ་དེས་ཅི་ཡང་མ་རྙེད་པ་ལ་ཆོས་ཀྱི་བདག་མེད་རྙེད་པའི་ཐ་སྙད་འདོགས་པར་བཤད། དེའི་ཡུན་གྱི་ཤེས་པ་དེ་དབུ་མའི་ལྟ་བར་བསྟན་པའོ། །དང་པོ་ལ། བདེན་འཛིན་གྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད། བདེན་སྟོང་གི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད། སྤྲོས་བྲལ་གྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད། དེས་ན་བརྗོད་བྲལ་དུ་བསྟན་པའོ། །དང་པོ་ལ། ཀུན་བཏགས་ཀྱི་བདེན་འཛིན་འགོག་བྱེད་ཀྱི་རིགས་པ་བཤད། ལྷན་སྐྱེས་ཀྱི་བདེན་འཛིན་འགོག་བྱེད་ཀྱི་རིགས་བཤད་པའོ། །དང་པོ་ལ། ཡོད་པ་སྒྲོ་འདོགས་ཀྱི་མཐའི་གཉེན་པོ་བཤད། མེད་པ་སྐུར་འདེབས་ཀྱི་མཐའི་གཉེན་པོ་བཤད་པའོ། །དང་པོ་ལ། བདེན་པ་སྤྱི་ལྡོག་ནས་འགོག་བྱེད་ཀྱི་རིགས་པ་གཅིག་དུ་བྲལ་དང༌། རྟེན་འབྲེལ་གྱི་གཏན་ཚིགས་ཀྱི་ཆ་གཅིག་རྣམས་སོ། །སྐྱེ་བ་བདེན་པ་བ་འགོག་བྱེད་ཀྱི་རིགས་པ་ནི་རྡོ་རྗེ་གཟེགས་མ་མུ་བཞི་སྐྱེ་འགོག་དང༌། ཡོད་མེད་སྐྱེ་འགོག་ལ་སོགས་པ་གསུམ་མོ། །གཉིས་པ་ནི། རྟེན་འབྲེལ་གྱི་གཏན་ཚིགས་ཏེ། སྔ་མ་རྣམས་དགག་པའི་གཏན་ཚིགས་དང༌། འདི་ནི་བསྒྲུབ་པའི་གཏན་ཚིགས་སོ། །གཉིས་པ་ནི། གཏན་ཚིགས་ལྔ་པོ་དེའི་ཕྱོགས་ཆོས་གྲུབ་པ་ན་ཀུན་གྱི་འཛིན་པ་ཁེགས་ཤིང༌། བསྒྲུབ་བྱ་གྲུབ་པ་ན་ལྷན་སྐྱེས་ཀྱི་འཛིན་པ་ཁེགས་པའི་ཐ་སྙད་བྱས་སོ་ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ། ཐལ་རང་གཉིས་ཀ་ལ་གྲགས་པའི་རིགས་པ་ཕྱོགས་ཙམ་བཤད། ཐལ་འགྱུར་བ་ལ་གྲགས་པའི་རིགས་པ་བྱེ་བྲག་ཏུ་ངོས་བཟུང་བའོ། །དང་པོ་ལ། ཐལ་འགྱུར་བས་ཀྱང་གཅིག་དང་དུ་བྲལ་ལ་སོགས་པ་ཁས་ལེན་དགོས་ཏེ། རྟེན་འབྲེལ་དང་རྡོ་རྗེ་གཟེགས་མའི་གཏན་ཚིགས་གཉིས་ནི་གཞུང་རྩ་བར་གསུངས་ཤིང༌། གཅིག་དུ་བྲལ་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པད་མོ་བཞིན། །ཞེས་དང༌། མུ་བཞི་སྐྱེ་འགོག་ནི། ཞི་བའི་ལྷས། གཅིག་གིས་དུ་མ་བྱེད་མིན་ཏེ། །དུ་མས་གཅིག་བྱེད་པ་ཡང་མིན། །ཅེས་སོགས་གསུངས་ཤིང༌། ཡོད་མེད་སྐྱེ་འགོག་ནི། ཟླ་བའི་ཞབས་ཉིད་ཀྱིས་གཞུང་ལས་འབྱུང་བའི་ཕྱིར། དེ་ལྟ་མོད་ཀྱི་རྩ་བའི་གཏན་ཚིགས་འགོད་པ་དང༌། མི་འགོད་པ་ནི་ཐལ་རང་གི་ཁྱད་པར་ཡིན་ལ། ཚུལ་གསུམ་རྒོལ་བའི་བློ་ངོར་གྲུབ་ཟིན་ནས་རྗེས་དཔག་གི་བརྟེན་གཏན་ཚིགས་ཡང་དག་འགོད་པར་ནི་གཉིས་ཀ་མཐུན་ནོ། །དེའི་ཚེ་ན་ཁྱད་པར་ནི་གཅིག་གིས་ནི་རང་རྒྱུད་དུ་འདོད་ལ་གཅིག་ཤོས་ཀྱིས་ནི་གཞན་གྲགས་སུ་ཁས་ལེན་པའོ། །འདིར་གལ་ཆེ་བའི་གཏན་ཚིགས་གསུམ་འཆད་པ་ལས། དང་པོ་ལ། གཏན་ཚིགས་འགོད། རྟགས་ཆོས་དོན་གསུམ་ངོས་བཟུང༌། ཚུལ་གསུམ་བསྒྲུབ་བྱེད་ཀྱི་རིགས་པ་བཤད། དེའི་རྗེས་སུ་སྒྲུབ་པའི་ངག་བཀོད་ནས་རྗེས་དཔག་སྐྱེ་བའི་ཚུལ་ལོ། །དང་པོ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱི་མེད་དེ། རིགས་པས་རྣམ་པར་དཔྱད་པའི་ཚེ་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །འདི་ལྟར་འགོད་པ་ཟླ་བའི་ཞབས་ཀྱིས་མི་བཞེད་དེ། དུས་འདིར་ཚུལ་གསུམ་རང་ལ་མ་གྲུབ་ཅིང་གཞན་ལ་མ་གྲགས་པའི་ཕྱིར། འདི་ལྟར་བཞེད་ན་རང་རྒྱུད་པ་ཁོ་ནར་སོང་སྟེ། རང་རྒྱུད་པར་འཇོག་བྱེད་ཀྱི་རང་རྒྱུད་ཀྱི་གཏན་ཚིགས་ནི་འདི་ལས་རིགས་གཞན་མེད་པའི་ཕྱིར་རོ། །གཞན་དག འདི་ལ་ཆོས་ཅན་མཐུན་སྣང་མེད་པར་འདོད་པ་དང༌། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་རང་ལུགས་ཀྱི་ཚད་མས་གྲུབ་པར་འདོད་པ་ནང་འགལ་ཞིང༌། འདི་ལ་ཆོས་ཅན་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཅིག་དགོས་སོ་ཞེས་ཟེར་བ་དེ་འདྲ་དེ་ནི། དངོས་པོར་སྨྲ་བའི་གཞུང་ན་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དངོས་པོར་སྨྲ་བས་སྤྱི་མཚན་མཐའ་དག་དངོས་མེད་དུ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པར་ཐལ་བའི་ཕྱིར་རོ། །ཟླ་བའི་ཞབས་ཀྱིས་ཀྱང་རང་རྒྱུད་ཀྱི་གཏན་ཚིགས་གཏན་མི་བཞེད་པ་ནི་མ་ཡིན་ཏེ། ཇི་སྐད་དུ། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ་ཞེས་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ནས་དེ་ཁས་ལེན་པར་བཤད་པའི་ཕྱིར་དང༌། རང་ཤ་སྟེར་ལའང་གུས་པར། ཞེས་སོགས་དུ་མར་གསུངས་པའི་ཕྱིར། འོ་ན་སྒྲ་མི་རྟག་པ་ལྟ་བུ་འཇིག་རྟེན་གྱི་གྲགས་པས་གྲུབ་པའི་ཀུན་རྫོབ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་དག་རིགས་པས་རྣམ་པར་དཔྱད་ནས་བཞག་པའི་ཕྱིར། དེ་ལྟ་ན་ཡང་རྟོག་གེ་པའི་རིགས་པས་དཔྱད་ནས་བཞག་པའི་དོན་འགའ་ཞིག་དང༌། རྣལ་འབྱོར་པའི་ཀུན་རྫོབ་མི་འགལ་བའི་དེ་ལྟར་དུ་བཤད་དོ། །གཉིས་པ་ཆོས་ཅན་གྱི་དོན་ནི། མཁས་པ་ནས་བྱིས་པའི་བར་ལ་མཐུན་སྣང་དུ་གྲུབ་པའི་མྱུ་གུ་ཙམ་མོ། །ཐལ་བ་པས་ནི། གང་དཔྱད་གཞིར་བཟུང་ནས་དེ་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིག་ངོར། དཔྱད་གཞི་དེ་གྲུབ་ན་རིགས་པས་དཔྱད་བཟོད་དུ་ཐལ་བས། འདིའི་ཆོས་ཅན་ཚད་མས་གྲུབ་པར་མི་འདོད་དོ། །རང་རྒྱུད་པས་ནི་དེའི་ངོར་དེ་གྲུབ་པར་མི་བཞེད་ཀྱང༌། སྐབས་ཀྱི་རྒོལ་བའི་རྒྱུད་ལ་དེ་གྲུབ་བྱེད་ཀྱི་ཐ་སྙད་པའི་ཚད་མ་གཞན་ཡོད་པས་ཆོས་ཅན་གྲུབ་པར་བཞེད་དོ། །ཐལ་བ་པས་ནི། སྐབས་འདིར་འཇིག་རྟེན་པའི་ཚད་མ་གཞན་གྱིས་གྲུབ་པ་ཁས་མི་ལེན་ཏེ། ཇི་སྐད་དུ། དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་པས་སོ། །གཉིས་པ་གཏན་ཚིགས་ཀྱི་དོན་ནི། བདེན་པའི་གཅིག་དང་དུ་མ་དང་བྲལ་བ་རྟགས་སུ་འགོད་ཅེས་པ་ཡང་ཚིག་ཙམ་ཡིན་གྱི། དོན་ནི་གནས་ཚུལ་སེམས་པའི་རིགས་ངོར་སྤྱིར་གཅིག་དང་དུ་མ་དང་བྲལ་བའི་ཉིད་རྟགས་སུ་བཀོད་པ་ཡིན་ནོ། །དེའི་ཕྱིར་གནས་ཚུལ་སེམས་པའི་རིགས་པ་ལ་ཞུགས་ཕྱིན་ཆད་ཀྱང༌། དོན་དམ་པར་ཞེས་དང༌། བདེན་པར་ཞེས་དགག་བྱ་ནན་གྱིས་སྦྱོར་བ་ནི་མ་ཤེས་པ་ཡིན་ཞིང༌། སྟོང་པ་ཉིད་ཀྱི་དོན་གོ་བའི་གེགས་ཆེན་པོར་འགྱུར་རོ། །གསུམ་པ་ཆོས་ཀྱི་དོན་ལ། བསྒྲུབ་བྱའི་ཆོས་ཀྱི་དོན་དང༌། དགག་བྱའི་ཆོས་ཀྱི་དོན་ནོ། །དང་པོ་ལ། རང་རྒྱུད་པས་ནི། ཆོས་ཅན་དེའི་སྟེང་དུ་བདེན་མེད་ཀྱི་ཐ་སྙད་བསྒྲུབ་པར་བྱེད་ཅིང༌། དེའི་ཚེ་བསྒྲུབ་བྱ་དང་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་བཞག་པ་རྟོག་གེ་དང་མཐུན་པར་བཞེད་དོ། །ཐལ་བ་པས་ནི། ཆོས་ཅན་མྱུ་གུའི་སྟེང་དུ། བདེན་གྲུབ་བཀག་པ་ལ་བདེན་མེད་བསྒྲུབ་ཅེས་པ་དབུ་མའི་ཐ་སྙད་མ་ཡིན་པའི་ཐ་སྙད་གཞན་གྱིས་སྒྲོ་བཏགས་པ་ཡིན་གྱི། རང་ལུགས་ལ་དེའི་ཚེ་བསྒྲུབ་བྱ་དང་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་བཞག་པ་མཁས་མི་ལེན་ཞིང༌། དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཀྱང་ཁས་ལེན་པ་མ་ཡིན་ཏེ། ཇི་སྐད་དུ། སུན་འབྱིན་པས་སུན་དབྱུང་བྱ་འཕྲད་ནས་འབྱིན་ནམ་མ་ཕྲད་པར་ཞེས་སོགས་རྩོད་ལེན་གྱི་གཞུང་འགྲེལ་རྒྱས་པ་རྣམས་བཀླགས་པ་ཙམ་གྱིས་དོན་དེ་ཉིད་གྲུབ་པའི་ཕྱིར་དང༌། ཇི་སྐད་དུ། འདིར་ནི་ཡོད་འགོག་འདོད་ཀྱིས། །མེད་ཉིད་སྒྲུབ་པར་མི་བྱེད་དོ། །ཅེས་དང༌། གལ་ཏེ་ངས་དམ་བཅའ་འགའ་ཡོད། །ཅེས་སོགས་ཀྱི་གཞུང་ཐམས་ཅད་ཀྱིས་གོམས་པས་འདོན་པའི་ཕྱིར། གལ་ཏེ་གཞུང་དེའི་དོན་གཅིག་དང་དུ་བྲལ་སོགས་ཀྱི་བསྒྲུབ་བྱ་མེད་པའི་དོན་མ་ཡིན་གྱི། དོན་དམ་པར་བསྒྲུབ་བྱ་སོགས་མེད་པ་ལ་དགོངས་པ་ཡིན་ནོ་སྙམ་ན། དེ་ཡང་མ་ཤེས་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བསྒྲུབ་བྱ་བསྒྲུབ་པ་དབུ་མའི་རང་ལུགས་སུ་ཁས་ལེན་པ་དང༌། དོན་དམ་པར་བསྒྲུབ་བྱ་སོགས་མེད་པ་རང་ལུགས་སུ་འདོད་པ་ནང་འགལ་བའི་ཕྱིར་རོ། །འོ་ན། བདེན་ཡོད་བཀག་པ་དང་བདེན་མེད་བསྒྲུབ་པ་དོན་གཅིག་ལ་འདུ་བ་མིན་ནམ་ཞེ་ན། དེ་ཡང་རྟོག་གེ་ལ་གྲགས་པ་ཡིན་གྱི། འདིར་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་བདེན་པར་ཡོད་པ་མ་ཡིན་པ་ཆོས་ཅན། མ་ཡིན་དགག་ཏུ་ཐལ། དགག་པ་གང་ཞིག དགག་བྱ་བཀག་ཤུལ་དུ་བསྒྲུབ་པར་བྱ་བའི་ཆོས་འཕངས་པའི་ཕྱིར། འདོད་ན་བདེན་མེད་སྒྲུབ་པའི་གཏན་ཚིགས་ཀྱིས་མིན་དགག་བསྒྲུབ་བྱའི་ཆོས་སུ་བྱེད་དོ། །ཅེས་ཟེར་བ་ནི། ཟླ་བའི་ཞབས་ཀྱིས་ལུགས་མ་ཡིན་ཏེ། སྤྲོས་པ་གཅིག་བཀག་ཤུལ་དུ་སྤྲོས་པ་གཞན་ཞིག་འཕངས་ན་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན། བདེན་ཡོད་དུ་ཞེན་པའི་གཉེན་པོར་རེ་ཤིག་ཐོག་མར་བདེན་མེད་དུ་ཞེན་པར་བྱེད་དགོས་པ་མིན་ནམ་ཞེ་ན། མ་ཡིན་ཏེ། སྨན་ཉིད་དུག་ཏུ་སོང་བའི་དཔེས་བསྟན་པ་གང་ཡིན་པ་དེ་ནི་ཁྱོད་ཀྱི་ཁས་བླང་པ་འདི་ཉིད་ཡིན་པའི་ཕྱིར་རོ། །འདི་ལ་ཡང་བདེན་པར་ཞེན་པ་ཞེས་བྱ་བའི་དགག་བྱ་སྦྱོར་མོད། རིགས་ངོར་དེར་ཞེན་པ་དང༌། བདེན་པར་ཞེན་པ་གཉིས་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེས་ན་ཞེན་པ་དེའི་གཉེན་པོར་སྟོང་པ་ཉིད་སྟོང་པ་ཉིད་གསུངས་པ་ཡིན་ནོ། །གཉིས་པ་དགག་བྱའི་ཆོས་ཀྱི་དོན་ལ། མི་འཐད་པའི་ཆ་དགག་པ་དང༌། འཐད་པའི་ཆ་བཞག་པའོ། །དང་པོ་ལ་གཞན་དག་ན་རེ། དགག་བྱ་བདེན་གྲུབ་ཀྱི་དོན་སྤྱི་མ་ཤར་ན། བདེན་མེད་ངོས་མི་ཟིན་པ་ཡིན་ཏེ། ཇི་སྐད་དུ། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པས་སོ། །དེ་བས་ན་རང་རྒྱུད་པའི་ལུགས་ལ། བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་མ་ཡིན་པའི་ཡོད་པ་དེ། བདེན་ཚད་དང༌། དེ་ལྟར་ཞེན་པའི་བློ་དེ་བདེན་འཛིན་ལྷན་སྐྱེས་ཡིན་པར་དབུ་མ་སྣང་བ་ལས་གསུངས་སོ། །ལུགས་དེ་ལ། གང་ཡོད་པ་ཡིན་ན། བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཡིན་པས་ཁྱབ་བོ། །ཐལ་འགྱུར་བའི་ལུགས་ལ་ནི། རྟོག་པས་སྒྲོ་བཏགས་པ་ཙམ་མ་ཡིན་པའི་ཡོད་པ་དེ། བདེན་ཚད་དང༌། དེ་ལྟར་ཞེན་པའི་བློ་དེ་བདེན་འཛིན་ལྷན་སྐྱེས་སོ་ཞེས་ཟེར་རོ། །འདི་མི་རིགས་པ་ལ་གཉིས་ཏེ། ལུགས་དང་པོ་སྤྱིར་མི་རིགས་པ་དང༌། ཕྱི་མ་གཉིས་སོ་སོར་མི་རིགས་པའོ། །དང་པོ་ནི། གང་ཚད་མས་གྲུབ་པའི་དོན་ཞིག་ངོས་ཟིན་པའི་སྔ་རོལ་དུ། ཚད་མས་མ་གྲུབ་པའི་དོན་ཞིག་ངོ་ཤེས་པ་སྔོན་དུ་འགྲོ་དགོས་སོ་ཞེས་ཟེར་བ་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། དང་པོར་བདེན་གྲུབ་ངོ་ཤེས་པར་བྱེད་མཁན་གྱི་བློ་དེ་ཚད་མ་ཞིག་གམ་ཚད་མ་མིན་པ་ཞིག་ཅེས་རྣམ་པར་བརྟགས་ན་འཇིག་པའི་ཕྱིར་དང༌། དབུ་མའི་གཞུང་ལ་ཐོས་བསམ་གྱི་ཞུགས་ནས་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དང་ཚད་མ་ངོ་བོ་བཟང་ཞིང་གྲངས་མང་བར་གསུངས་པ་དེ་དག་ལ། དང་པོ་ཉིད་ནས་མི་འཇུག་པར་ཐོག་མར་བདེན་གྲུབ་ངོས་འཛིན་པའི་ལུང་དང་རིགས་པ་ཚོལ་བ་ནི་ཤིན་ཏུ་སྐལ་བ་ངན་པའི་ཕྱིར་དང༌། དེ་ལྟར་རིགས་སུ་ཆུག་ཀྱང་དགག་བྱ་ངོས་ཟིན་པ་ན་བསྒྲུབ་བྱ་གྲུབ་ཟིན་པར་ཐལ་བའི་ཕྱིར་རོ། །སྤྱོད་འཇུག་གི་དོན་ནི། དགག་བྱ་བདེན་གྲུབ་ཁེགས་པ་ན་དེ་བཀག་པའི་བདེན་མེད་ཀྱང་ཡོད་པ་མ་ཡིན་ཏེ། བཏགས་པའི་དངོས་པོ་བདེན་གྲུབ་ལ་མ་རེག་པར་ཏེ་རག་མ་ལས་པར་དེ་བཀག་པའི་དངོས་མེད་འཛིན་པར་མི་ནུས་པའི་ཕྱིར། ཞེས་པ་སྟེ། གཞུང་དེ་ཉིད་ཀྱི་འཕྲོས་ལས་ཤེས་སོ། །གཉིས་པ་ནི། རང་རྒྱུད་པའི་ལུགས་སུ་རློམ་པ་དེ་དགག ཐལ་འགྱུར་བའི་ལུགས་ཡིན་ནོ། །ཞེས་ཟེར་བ་དེ་མི་འཐད་པའོ། །དང་པོ་ནི། ལུང་མེད་པ་དང༌། རིགས་པ་དང་འགལ་བའོ། །དང་པོ་ནི། ཁྱེད་ཀྱི་ཤེས་བྱེད་དུ་དྲངས་པའི་དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང༌། ཞེས་སོགས་དབུ་མ་སྣང་བའི་ལུང་དེ་ནི་ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་བློ་ཀུན་རྫོབ་པ་ངོས་འཛིན་གྱི་ལུང་ཡིན་ལ། དེ་ལྟར་ཡིན་པ་དེའི་ཚེ་དོན་དམ་པའི་བདེན་པ་ཐམས་ཅད་བདེན་གྲུབ་ཏུ་ཐལ་བར་འགྱུར་ཏེ། བློ་ཀུན་རྫོབ་པ་དེ་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པའི་ཡོད་པའམ་ཆོས་ཡིན་པའི་ཕྱིར། ཡང་དབུ་མ་སྣང་བའི་ལུང་གི་སྐབས་དེ་ནས་བསྟན་པའི་བློ་དེ་ནི་བདེན་འཛིན་ལ་བྱེད་དགོས་ལ། དེ་ལྟ་ཡིན་པས་དེའི་ཚེ། ཆོས་ཐམས་ཅད་མ་རིག་པ་བདེན་འཛིན་ལ་སྣང་བའི་དབང་གིས་ཕར་བཞག་པ་ཡིན་པར། ཧ་ཅང་ཐལ་བས་ཁྱེད་ལ་ལུང་མེད་ལ། རིགས་པ་དང་འགལ་བ་ནི། ལོག་པའི་ཀུན་རྫོབ་ཏུ་གྱུར་པའི་ཡོད་པ་ཐམས་ཅད་ཆོས་ཅན། བློ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པར་ཐལ། ཡོད་པའི་ཕྱིར་རོ། །ཁྱབ་པ་ཁས་བླངས་ཤིང༌། ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་སོ། །ཁས་བླངས་པ་དང་འགལ་བ་ནི། རང་བཞིན་གྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཇི་སྙེད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཡུལ་རང་ངོས་ནས་མ་གྲུབ་པར་ཐལ་ལོ། །འདིའི་ཁྱབ་པ་ཚད་མས་གྲུབ་ཅིང༌། དམ་བཅའ་དང་ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་སོ། །གཉིས་པ་ལ། ལུང་མེད་པ་དང༌། རིགས་པས་གནོད་པའོ། །དང་པོ་ནི། ཁྱེད་ཀྱིས་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཡིན་པའི་ཤེས་བྱེད་དུ་དྲངས་པའི་ལུང་དེ་དག་གི་སྐབས་ཀྱི་རྟོག་པ་དེ་དག་ནི། བདེན་འཛིན་ལ་འཆད་དགོས་པ་ཤ་སྟག་དང༌། དེས་རྣམ་པར་བཏགས་པའི་དོན་ཡང་ལས་དང་ཉོན་མོངས་པ་དང༌། དེའི་དབང་གི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་བདེན་པ་ཇི་སྙེད་པ་བདེན་འཛིན་ལས་བྱུང་བར་སྟོན་པ་འབའ་ཞིག་ཏུ་སྣང་བ་ནི། ལུང་དེ་དང་དེའི་ངོ་བོ་ལ་རྣམ་པར་བརྟགས་པས་ཤེས་ལ། དེ་ལྟ་ཡིན་པ་དེའི་ཚེ། དོན་དམ་པའི་བདེན་པ་དང་ལམ་གྱི་བདེན་པ་ཇི་སྙེད་པ་ཆོས་ཅན། འཇིག་རྟེན་མ་རིག་རྐྱེན་ཅན། །ཞེས་སོགས་དང༌། རྣམ་རྟོག་མེད་པར་འདོད་ཆགས་ལས། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རྟོག་པ་དེས་སྒྲོ་བཏགས་སུ་ཐལ། ཡོད་པའི་ཕྱིར། འདོད་ན། བདེན་འཛིན་གྱིས་སྒྲོ་བཏགས་སུ་ཐལ་ལོ། །སྔ་མའི་ཁྱབ་པ་ཁས་བླངས་ཤིང༌། ཕྱི་མའི་ཐལ་ཆོས་ལ་ཚད་མའི་བསལ་བ་ཞུགས་པས་ཁྱེད་ལ་ལུང་མེད་དོ། །གཉིས་པ་ནི། སྤྲོས་བྲལ་ཆོས་ཅན། བདེན་གྲུབ་ཏུ་ཐལ། རྟོག་པས་སྒྲོ་བཏགས་པ་མ་ཡིན་པར་ཡོད་པའི་ཕྱིར། མ་གྲུབ་ན། སྤྲོས་བཅས་སུ་ཐལ་ལོ། །ཁས་བླངས་པ་དང་འགལ་བ་ནི། བདེན་པའི་གཅིག་དང་དུ་མ་གང་རུང་དུ་གྲུབ་པ་དང་མཐའ་བཞིའི་སྐྱེ་བ་སོགས་གང་རུང་དུ་ཞེན་པའི་བློ་ཆོས་ཅན། བདེན་འཛིན་ལྷན་སྐྱེས་སུ་ཐལ། ཡུལ་རང་ངོས་ནས་གྲུབ་པར་ཞེན་པའི་བློ་ཡིན་པའི་ཕྱིར་ཏེ། བདེན་འཛིན་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས་སོ། །འདིར་ཉེ་བར་མཁོ་བའི་དོན་གཞན་ཞིག་བརྗོད་པ་ནི། བདེན་འཛིན་ལྷན་སྐྱེས་ཀྱིས་བདེན་པར་བཟུང་ངོ་ཞེས་པ་དང༌། གང་ཟག་གི་བདག་འཛིན་ལྷན་སྐྱེས་ཀྱིས་བདག་ཏུ་བཟུང་བ་ཡིན་ནོ་ཞེས་བྱ་བ་འདི་ནི་རང་གཞན་ཐམས་ཅད་ལ་རླུང་ལྟར་གྲགས་པས། རང་གིས་ཀྱང་ཐ་སྙད་སྦྱར་བདེ་བའི་དབང་དུ་བྱས་ནས་ཡང་ཡང་འཆད་མོད། སྒྲ་ཇི་བཞིན་པ་འདི་ནི་ཟླ་བའི་ཞབས་ཀྱི་དགོངས་པ་མིན་ཏེ། བདག་དང་བདེན་པ་ཞེས་བྱ་བ་ནི་རིགས་པས་དཔྱད་པ་བྱས་པའི་རྣམ་གཞག་ཡིན་ལ། འཇིག་རྟེན་པའི་བློ་ལྷན་སྐྱེས་ཀྱིས་དེ་ལྟར་མི་དཔྱོད་པའི་ཕྱིར། དཔེར་ན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་བྱ་བ་འཇིག་རྟེན་པའི་བློ་ལྷན་སྐྱེས་ལ་མ་གྲགས་པ་བཞིན་ནོ། །དེ་སྐད་དུ་ཡང༌། གལ་ཏེ་རང་གི་མཚན་ཉིད་རྟེན་གྱུར་ན། །ཞེས་སོགས་ཕྱོགས་སྔ་མར་བཞག་ནས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པས་སོ། །འོ་ན་དེའི་འཛིན་སྟངས་ལ་ཅི་ཞིག་ཡོད་ཅེ་ན། གཉིས་པ་རང་གི་ལུགས་ལ། དགག་བྱ་ལ་གཉིས། ཆེད་དུ་བྱ་བའི་དགག་བྱ་ནི། བདེན་པར་འཛིན་པའི་བློ་ཀུན་བཏགས་དང་ལྷན་ཅིག་སྐྱེས་པ་ཐམས་ཅད་དོ། །དངོས་ཀྱི་དགག་བྱ་ནི་མྱུ་གུ་བདེན་པར་གྲུབ་པའོ། །འདི་ཇི་ལྟར་ཤེས་པར་བྱ་ཅེ་ན། འདོགས་སོ་ཞེས་པ་བཤད་པའི་གཞི། དོན་གང་ཞིག་ན། ཆོས་ཀྱི་བདག་ཅེས་བྱ་བའི་ཐ་སྙད་དེའོ། །བྱ་བ་གང་ལ་ན། ཤེས་པར་བྱ་བའི་ཆོས་ཐམས་ཅད་ལའོ། །བྱེད་པ་པོ་གང་གིས་ན། བདེན་པར་འཛིན་པའི་བློས་སོ། །དགོས་པ་ཅིའི་ཕྱིར་དུ་ན། ལྷན་སྐྱེས་ཀྱིས་ནི་དགོས་པ་མ་མཐོང་བར་སྒྲོ་འདོགས་ལ། ཀུན་བཏགས་ཀྱིས་ནི་རང་རང་གི་གྲུབ་པའི་མཐས་བཞག་པའི་དོན་དེ་དང་དེ་གྲུབ་པར་བྱ་བའི་ཕྱིར་དུའོ། །རྒྱུ་མཚན་གང་ལས་ན་ཐོག་མ་མེད་པ་ནས་འཁྲུལ་པའི་བག་ཆགས་གོམས་པ་ལས་སོ། །ཚུལ་ཇི་ལྟར་དུ་ན། འདི་ནི་ཕྱི་རོལ་དུ་ནི་དོན་ནོ། །འདི་ནི་ནང་གི་ཤེས་པའོ། །འདི་ནི་ཤིང་རྟའི་ཡན་ལག་གོ །ཅེས་བྱ་བའི་ཚུལ་གྱིས་སོ། །གང་ལ་གནས་ན། ཇི་སྲིད་བདེན་འཛིན་གྱི་ས་བོན་དང་མ་བྲལ་བ་དེ་སྲིད་དུ་ཤེས་བྱ་ཐམས་ཅད་ལ་གནས་སོ། །ཞེས་རྣམ་དབྱེ་བདུན་དང་སྦྱར་ན། ངོས་ཟིན་པར་འགྱུར་རོ། །ཡང་ན་ནི། མྱུ་གུ་བདེན་མེད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱ་དེའི་འགལ་བ་མི་མཐུན་ཕྱོགས་སོ། །འོ་ན་བསྒྲུབ་བྱ་མྱུ་གུ་བདེན་མེད་དེའི་དོན་གང་ཞེ་ན། མྱུ་གུ་བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པ་དེའོ། །ཞེས་བཤད་ན་དགག་བྱ་བདེན་ཚད་ངོས་ཟིན་པར་འགྱུར་གྱི། དེ་ལས་གཞན་དུ་འཆད་པ་ནི་ངལ་བ་དོན་མེད་པ་ཁོ་ནའོ། །གཉིས་པ་ཚུལ་སྒྲུབ་པ་ལ། ཐལ་བ་པའི་ལུགས་རྒྱས་པར་ནི་འོག་ནས་འཆད་ཅིང༌། འདིར་ནི་བདེན་པའི་གཅིག་དང་དུ་མ་གང་རུང་ལ་འགལ་བ་བརྗོད་པའི་ཐལ་འགྱུར་འཕངས་ནས། གཞན་གྱི་ལོག་རྟོག་བཟློག་པ་ཙམ་ལ་ཕྱོགས་ཆོས་སྒྲུབ་པ་ཞེས་བྱ་བའི་ཐ་སྙད་འདོགས་ཀྱི། དེ་དེར་སྒྲུབ་པའི་གཏན་ཚིགས་འགོད་པར་མི་མཛད་དོ། །འོ་ན་ཐལ་འགྱུར་གྱི་རིགས་པ་གང་ཞེ་ན། ཇི་སྐད་དུ། ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་རིན་ཆེན་ཕྲེང་བར་གསུངས་པ་ཙམ་ཞིག་ལས་མ་བཏོགས་པར། གཞན་ནི། ཐལ་འགྱུར་བའི་གཞུང་ན་མེད་དོ། །གཉིས་པ་རང་རྒྱུད་པའི་ལུགས་ལ། གཅིག་བྲལ་སྒྲུབ་པ་དང༌། དུ་བྲལ་སྒྲུབ་པའོ། །དང་པོ་ལ། ཕྱི་རོལ་གྱི་དོན་ལ་དང༌། ཤེས་པ་ལ་སྒྲུབ་པའོ། །དང་པོ་ལ། རགས་པ་ལ་དང༌། རྡུལ་ཕྲ་རབ་ལ་གཅིག་བྲལ་སྒྲུབ་པའོ། །དང་པོ་ནི། ཕྱོགས་སྔ་མ་རིགས་པ་ཅན་པའི་འདོད་པ་སྟེ། ལག་སོགས་གཡོ་ན། ཅེས་སོགས། མདོ་སྡེ་པའི་རིགས་པས་འགོག་པ་ཡིན་ནོ། །གཉིས་པ་ནི། ཉན་ཐོས་སྡེ་པའི་འདོད་པ་སྟེ། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཞེས་སོགས་རྣལ་འབྱོར་སྤྱོད་པའི་རིགས་པས་འགོག་ལ། དབུ་མ་རྒྱན་དུ་འབྱུང་བ་ཡང་རིགས་པ་འདི་ལས་མ་འདས་སོ། །གཉིས་པ་ལ། བློ་རྣམ་བཅས་དང༌། རྣམ་མེད་ལ་གཅིག་བྲལ་གྲུབ་པའོ། །དང་པོའི་ཕྱོགས་སྔ་མ་ནི་སེམས་ཙམ་རྣམ་བདེན་པ་སྟེ། དེའི་འདོད་པ་ནི་ཇི་སྐད་དུ། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ཅེས་སོགས་རྣམ་རྫུན་པའི་རིགས་པས་བཀག་པ་ཡིན་ནོ། །གཉིས་པ་ལ། ཕྱོགས་སྔ་མ་ནི་རྣམ་རྫུན་པ་སྟེ། འདོད་པ་དེ་ནི་ཇི་སྐད་དུ། ཐོག་མ་དབུས་དང༌། ཞེས་སོགས་དབུ་མ་པའི་ཐུན་མོང་མིན་པའི་རིགས་པས་འགོག་པར་མཛད་དོ། །དེ་ལྟར་ན། རགས་རྒྱུན་བདེན་པ་པ་འགོག་བྱེད་ཀྱི་རིགས་པ་ནི་རང་སྡེ་དངོས་པོར་སྨྲ་བ་དང་ཐུན་མོང་བར་སྣང་ངོ༌། །གཉིས་པ་ཁྱབ་པ་སྒྲུབ་པ་ལ། ལྡོག་ཁྱབ་ནི། ཡོད་པ་ལ་གཅིག་དང་དུ་བྲལ་འགོག་ཀྱི་རིགས་པས་འགྲུབ་ལ། རྗེས་ཁྱབ་ནི། བདེན་པའི་གཅིག་དང་དུ་བྲལ་ལ། བདེན་མེད་ཀྱིས་ཁྱབ་པ་དཔེ་གཟུགས་བརྙན་གྱི་སྟེང་དུ་ཚད་མས་ངེས་པར་བྱེད་དོ། །ཚད་མ་ཡང་གང་ཞེ་ན། བྱད་བཞིན་གྱི་གཟུགས་བརྙན་བྱད་བཞིན་དངོས་སུ་མི་བདེན་པ་ནི་ཐ་མལ་པའི་མངོན་སུམ་གྱིས་ཀྱང་འགྲུབ་ལ། རང་གི་ངོ་བོས་མི་བདེན་པར་ནི་རྗེས་སུ་དཔག་པས་ངེས་པར་བྱེད་དེ། འདི་ལྟར་བྱད་བཞིན་གྱི་གཟུགས་བརྙན་ཆོས་ཅན། རང་བཞིན་གྱིས་མེད་དེ། ཤེས་པར་ཡང་མེད་དོན་དུ་ཡང་མེད་པའི་ཕྱིར། དང་པོར་མེད་དེ། ཕྱི་རོལ་གྱི་དོན་དུ་སྣང་བའི་ཕྱིར། དོན་དུ་མེད་དེ། མེ་ལོང་གི་དོན་དུ་ཡང་མེད། དེ་ལས་རྫས་གཞན་པའི་དོན་དུ་ཡང་མེད་པའི་ཕྱིར། ཞེས་པའི་རིགས་པ་ལ་བརྟེན་ནས་སོ། །འདི་ལ་གངས་ཅན་གྱི་དབུ་མ་པར་རློམ་པ་གཞན་དག་ན་རེ། དེ་སྐབས་ཀྱི་ཕྱིར་རྒོལ་ཆོས་ཅན། དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པར་ཐལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་པའི་ཕྱིར། ཞེས་སུན་འབྱིན་བརྗོད་ནས་དཔེ་གཟུགས་བརྙན་ནི། རྟགས་དེའི་ཆ་མཐུན་གྱི་དཔེ་ཙམ་ཡིན་གྱི་མཐུན་དཔེ་དངོས་མིན་ནོ། །ཞེས་ཟེར་བ་དེ་ནི་རིགས་པ་མིན་ཏེ། རིགས་པས་གནོད་པ་དང་ཁས་བླངས་ནང་འགལ་བའི་ཕྱིར་རོ། །དང་པོ་ནི། མདོ་སྡེ་པ་ཆོས་ཅན། དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པར་ཐལ། རགས་པ་ཡན་ལག་ཅན་བདེན་མེད་དུ་ཚད་མས་རྟོགས་པའི་ཕྱིར་ཏེ། གཅིག་ཏུ་ཡང་མི་བདེན་དུ་མར་ཡང་མི་བདེན་པར་རྟོགས་པའི་ཕྱིར། ཚད་མ་གང་ལས་རྟོགས་ཞེས་ན། གཅིག་ཏུ་མི་བདེན་པ་ནི། ལག་སོགས་གཡོ་ན་ཞེས་སོགས་ཀྱི་རིགས་པས་རྟོགས་ལ། དུ་མར་མི་བདེན་པ་ནི། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཞེས་པའི་རིགས་པ་ལ་བརྟེན་པའི་ཚད་མས་སོ། །དོན་དེ་ལ་དགོངས་ནས། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །ཞེས་གསུངས་པ་ཡིན་ནོ། །རགས་པ་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པ་དབུ་མ་པ་ལའང་འདི་ལས་ཞིབ་པ་གཞན་མེད་དོ། །ཡང་སེམས་ཙམ་རྣམ་བདེན་རྫུན་གཉིས་ཆོས་ཅན། དེར་ཐལ། ཕྱི་རོལ་གྱི་དོན་དང༌། གཟུང་རྣམ་སྤྱིར་ཚད་མས་གྲུབ་པ་གང་ཞིག རིམ་པ་བཞིན་དེ་གཉིས་ཀྱིས་བདེན་མེད་དུ་རྟོགས་པའི་ཕྱིར། རྟགས་དང་པོ་ཁྱེད་ཀྱིས་ཁས་བླངས། གཉིས་པ་གྲུབ་སྟེ། ཕྱི་དོན་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་ལ་བརྟེན་པའི་ཚད་མ་རྣམ་བདེན་པ་ལ་ཡོད་པ་ལས་ལྷག་པ་ཞིག ངོ་བོ་ཉིད་མེད་པར་སྨྲ་བ་ལ་མེད་པའི་ཕྱིར་དང༌། གཟུང་རྣམ་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་ལ་བརྟེན་པའི་ཚད་མ་རྣམ་རྫུན་པ་ལ་ཡོད་པ་ལས་ལྷག་པ་ཞིག ངོ་བོ་ཉིད་མེད་པར་སྨྲ་བ་ལ་མེད་པའི་ཕྱིར། དེ་བས་ན་དབུ་མ་པས་ནི་རྣམ་རྫུན་པའི་ངོར་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཁོ་ན་དང་འགྱུར་མེད་ཡོངས་གྲུབ་ཁོ་ན་བདེན་མེད་དུ་སྒྲུབ་པ་ལས་ལྷག་པའི་འབད་རྩོལ་ཅུང་ཟད་ཀྱང་དགོས་པ་ཡིན་ནོ། །དོན་འདི་ནི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དང༌། བཙུན་པ་རྟ་དབྱངས་ཀྱི་བྱང་ཆུབ་ཀྱི་སེམས་སྒོམ་པའི་རིམ་པ་ལས་གསལ་བས་དེར་བལྟ་བར་བྱ་ཞིང༌། སློབ་དཔོན་སེང་གེ་བཟང་པོས་ཀྱང༌། རྣལ་འབྱོར་ས་བཞིའི་རིམ་པ་བཤད་པ་ལས་ཤེས་སོ། །གཉིས་པ་ཁས་བླངས་ནང་འགལ་བ་ནི། དེ་སྐབས་ཀྱི་ཕྱི་རྒོལ་དེ་ཆོས་ཅན། དབུ་མའི་ལྟ་བ་རང་རྒྱུད་ལ་སྐྱེས་པར་ཐལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་པའི་ཕྱིར། བདེན་པའི་གཅིག་དང་དུ་བྲལ་དེ་བདེན་མེད་དུ་རྟོགས་པའི་ཕྱིར་ཏེ། དེའི་རྟགས་ཀྱིས་དེ་ལྟར་སྒྲུབ་པའི་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཚད་མས་ངེས་པའི་ཕྱིར། ཞེས་བྱ་བ་འདི་ནི་ཁྱོད་ཀྱིས་བཟློག་པར་མི་ནུས་སོ། །གསུམ་པ་རྗེས་དཔག་སྐྱེས་ཚུལ་ནི། དེ་ལྟར་ཚུལ་གསུམ་རྒོལ་བའི་ཚད་མས་ཤེས་ཟིན་པའི་འོག་རོལ་ཏུ། གཏན་ཚིགས་ཀྱི་ངག་འདི་ལྟར་འགོད་དེ། གང་རིགས་ངོར་གཅིག་དང་དུ་མ་དང་བྲལ་ན་རང་བཞིན་གྱིས་མེད་པས་ཁྱབ། དཔེར་ན་གཟུགས་བརྙན་བཞིན། མྱུ་གུ་ཡང་དེ་དང་བྲལ་བས་དེར་མེད་དོ་ཅེས་བྱ་བའི་བསྒྲུབ་པའི་ངག་བཀོད་པས་ཚུལ་གསུམ་རྒོལ་བའི་དྲན་ལམ་དུ་འཕངས་ཏེ། རིགས་ཤེས་རྗེས་དཔག་སྐྱེ་བའི་ཚུལ་ལ་ཐལ་རང་གཉིས་ཀ་ཁྱད་པར་མེད་དོ། །འོན་ཀྱང་རྟེན་གཏན་ཚིགས་དེ་རང་རྒྱུད་དང་གཞན་གྲགས་སུ་འདོད་པ་ནི་ཁྱད་པར་རོ། །འོ་ན། རིག་ཤེས་རྗེས་དཔག་དེའི་འཛིན་སྟངས་དང་གཞལ་བྱ་ཇི་ལྟ་བུ་ཅེ་ན། རྗེས་དཔག་གི་འཛིན་སྟངས་ནི་མྱུ་གུ་བདེན་མེད་དུ་ཞེན་པའི་རྣམ་པ་ཅན་ནོ། །དེའི་གཞལ་བྱ་ནི་མྱུ་གུ་བདེན་པར་མེད་པ་དེ་ཉིད་དོ། །རིགས་ཤེས་ཀྱི་འཛིན་སྟངས་ནི། བདེན་པ་བཀག་ཙམ་མ་གཏོགས་གང་དུ་ཡང་ཞེན་པ་མེད་པའི་རྣམ་པ་ཅན་ནོ། །དེའི་གཞལ་བྱ་ནི་མེད་དགག་རྣམ་མེད་རྟོག་པའི་བཟུང་བྱར་མ་གྲུབ་པ་ཞིག་ལ་ཤེས་པ་དང་བརྗོད་པ་གཞན་གྱིས་སྤྲོས་བྲལ་ཞེས་ཐ་སྙད་དུ་བྱས་པ་དེའོ། །དེ་ལ་འདི་སྙམ་དུ། མྱུ་གུ་བདེན་པར་མེད་པ་དེ་ཆོས་ཅན། དོན་དམ་པའི་བདེན་པ་ཡིན་པར་ཐལ། མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་གི་འཛིན་སྟངས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་སྙམ་ན། རྣམ་གྲངས་པའི་དོན་དམ་བདེན་པར་ཐལ་བ་ནི་འདོད་ལ། རྟོག་པའི་བཟུང་བྱ་ཡིན་པའི་རྟགས་ཀྱིས་རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པར་ཐལ་བ་ནི་འགལ་ལོ་ཞེས་བཤད་ཟིན་ཏོ། །དེ་ལྟར་ན་ཡང་སྤྲོས་བྲལ་ཆོས་ཅན། དོན་དམ་པའི་བདེན་པར་ཐལ། རིགས་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེ་ན། གང་རིགས་ཤེས་ཀྱི་བཟུང་བྱ་ཡིན་ན་ཚིག་ཏུ་བརྗོད་པར་མི་ནུས་དགོས་པ་ལས་འདི་ཚིག་ཏུ་བརྗོད་པའི་ཕྱིར་གཏན་ཚིགས་མ་གྲུབ་ལ། མཐུན་པའི་དོན་དམ་དུ་ཐལ་བ་ནི་འདོད་པའང་ཡིན་ནོ། །དེ་ལྟར་གཏན་ཚིགས་དེ་ལ་བརྟེན་པའི་རིགས་ཤེས་དང་རྗེས་དཔག་རྫས་དབྱེར་མེད་ཡིན་ཀྱང༌། གང་ལ་རིགས་ཤེས་སུ་སོང་ས་དེ་ལ་རྗེས་དཔག་ཏུ་མ་སོང༌། ཡང་དེར་སོང་ས་དེ་ལ་ཅིག་ཤོས་སུ་མ་སོང་བ་ཡིན་ཏེ། དཔེར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ། མངོན་སུམ་དང་རྗེས་དཔག་ཏུ་སོང་སའི་ཡུལ་ཐད་པ་བཞིན་ནོ། །ཞེས་བྱ་བ་འདི་ནི་སློབ་དཔོན་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་ལེགས་པར་བཤད་པའོ། །དེ་ལྟར་བཤད་པ་ན། དོན་འདི་འབྱུང་སྟེ། རློམ་ཚོད་ཀྱི་བསྒྲུབ་བྱ་ནི། མྱུ་གུ་བདེན་པར་མེད་པ་ཞེས་བྱ་བར་སྒྲས་བརྗོད་ཅིང༌། བློས་ཞེན་པ་དགག་བྱ་བདེན་གྲུབ་བཀག་ཤུལ་དུ་འཕངས་པའི་མིན་པར་དགག་པ་དེ་ཉིད་ཡིན་ལ། སོང་ཚོད་ནི་བདེན་གྲུབ་བཀག་ཤུལ་དུ་བདེན་མེད་ཙམ་ཡང་མ་འཕངས་པའི་མེད་པར་དགག་པ་དེ་ཉིད་ཡིན་ནོ། །དེ་ལྟར་གྲུབ་པ་ན། དཔལ་གངས་པ་ཤེའུ་ལ་སོགས་པ་རིགས་ཤེས་ཀྱི་གཞལ་བྱ་དང༌། རྟགས་ཀྱི་བསྒྲུབ་བྱ་ནི་མཐུན་པའི་དོན་དམ་དང༌། རྣམ་གྲངས་པའི་དོན་དམ་ཞེས་བྱ་བ་སྤྲོས་པའི་མཚན་མ་དང་བཅས་པ་དེ་ཁོ་ན་ཡིན་ལ། དོན་དམ་པའི་བདེན་པ་དངོས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དེ་དང་དེའི་གཞལ་བྱར་མི་རུང་ངོ༌། །ཞེས་བྱ་བ་དེ་ཡང་སོ་སོར་ཕྱེད་དགོས་པ་ཡིན་ཏེ། མཚན་མའི་སྤྲོས་པ་གོམས་པར་བྱས་པས་སྤྲོས་བྲལ་མངོན་སུམ་དུ་མཐོང་བ་མི་རིགས་པའི་ཕྱིར་རོ། །གཉིས་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ལ། གཏན་ཚིགས་འགོད། ཚུལ་སྒྲུབ། རྗེས་དཔག་སྐྱེ་བའི་ཚུལ་ལོ། །དང་པོ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། མཐའ་བཞི་པོ་གང་རུང་གི་སྐྱེ་བ་དང་བྲལ་བའི་ཕྱིར། སྦལ་པའི་རལ་པ་བཞིན་ནོ། །གཉིས་པ་ལ། རྒྱུ་མེད་དུ་སྐྱེ་བ་ནི། རྒྱང་འཕེན་གྱི་འདོད་པ་སྟེ། དེ་འགོག་བྱེད་ཀྱི་རིགས་པ་ནི། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །ཞེས་སོགས་མདོ་སྡེ་པའི་གཞུང་ན་ཡང་ཡོད་དོ། །བདག་ལས་སྐྱེ་བ་ནི་གྲངས་ཅན་གྱི་འདོད་པ་སྟེ། དེ་འགོག་བྱེད་ཀྱི་རིགས་པ་ནི་བྱེ་མདོ་གཉིས་ཀའི་གཞུང་ན་ཡོད་དོ། །གཉིས་ཀ་ལས་སྐྱེ་བ་ནི་གཅེར་བུ་པའི་འདོད་པ་སྟེ། དེ་འགོག་བྱེད་ཀྱི་རིགས་པ་ནི། ཇི་སྐད་དུ། ཐམས་ཅད་གཉིས་ཀའི་ངོ་བོ་ཉིད། །ཅེས་སོགས་དངོས་པོར་སྨྲ་བའི་གཞུང་ན་ཤིན་ཏུ་གསལ་ལོ། །གཞན་ལས་སྐྱེ་བ་ནི། སེམས་ཙམ་པ་མན་ཆད་དངོས་པོར་སྨྲ་བ་ཐམས་ཅད་ཀྱི་འདོད་པ་སྟེ། འདི་འགོག་བྱེད་ཀྱི་རིགས་པ་ནི། བདག་ཉིད་ཆེན་པོ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་ལུགས་སོ། །དེ་ཡང་སློབ་དཔོན་གྱིས་བསྟན་བཅོས་བརྩོམ་པའི་ཐོག་མར། བདག་ལས་མ་ཡིན། ཞེས་ཤླཽ་ཀ་ཅིག་གསུངས་སོ། །འདིའི་དོན་འཆད་པ་ལ་མཁས་པ་ཆེན་པོ་བྷ་བྱ་ཀཱ་ར་ནི། རྩ་བའི་གཏན་ཚིགས་བཀོད་ནས་ཕྱོགས་ཆོས་སྒྲུབ་བྱེད་དུ་རང་རྒྱུད་ཀྱི་གཏན་ཚིགས་བཞི་འགོད་པར་མཛད་དོ། །བསྙེངས་བྲལ་ཟླ་བའི་ཞབས་ཀྱིས་ནི། མཐའ་བཞིའི་སྐྱེ་བ་བཀག་ཙམ་ལ་དམ་བཅའི་མིང་གིས་བཏགས་ནས། དེའི་ལོག་ཕྱོགས་ལ་འགལ་བ་བརྗོད་པའི་ཐལ་འགྱུར་དང༌། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི་སྒོ་ནས་གནོད་པ་སྟོན་པར་མཛད་ཀྱི་རྩ་བའི་གཏན་ཚིགས་འགོད་པར་མི་མཛད་ཅིང༌། ཕྱོགས་ཆོས་རང་ལུགས་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་མི་མཛད་དོ། །འདི་ཙམ་ལ་བརྟེན་ནས་ཐལ་རང་གཉིས་སུ་གྱེས་པ་ཡིན་གྱི། གཉིས་པོའི་ལྟ་བ་ལ་བཟང་ངན་གྱི་ཁྱད་པར་ཡོད་པ་ནི་མིན་ཏེ། གཉིས་ཀས་ཀྱང་སྤྲོས་པའི་ཚོགས་མ་ལུས་པ་བཀག་པའི་སྤྲོས་བྲལ་ཁས་ལེན་ལ། དེ་གཉིས་ཀྱི་སྤྲོས་པ་འགོག་པའི་ཚུལ་ལ་བཟང་ངན་གྱི་ཁྱད་པར་ཀུན་མཁྱེན་གྱིས་ཀྱང་མ་གཟིགས་པའི་ཕྱིར་རོ། །ཅི་སྟེ་རང་རྒྱུད་པའི་ལྟ་བ་ལ་སྤྲོས་པའི་ལྷག་མ་ཅུང་ཟད་ལུས་སོ་སྙམ་ན། མ་ཡིན་ཏེ། སྤྲོས་བྲལ་སྟོན་པའི་ཚུལ་ལ་ཟླ་བའི་ཞབས་ཀྱི་གཞུང་ལས་ཀྱང༌། རང་རྒྱུད་པའི་གཞུང་ཤིན་ཏུ་གསལ་བའི་ཕྱིར། ཇི་ལྟར་ཞེ་ན། དབུ་མའི་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡིས། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །སྐྱེ་བ་ལ་སོགས་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་དང༌། ཡུལ་མེད་པ་ལ་དགག་པའི་སྒྲ། །སྦྱོར་བ་སྲིད་པ་ཡོད་མ་ཡིན། །ཞེས་དང༌། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཕྱིར་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །བཏགས་པའི་རང་གི་ངོ་བོ་ཡི། །བཀག་པ་བཏགས་མིན་ཇི་ལྟར་འགྱུར། །དེ་བས་འདི་ནི་ཀུན་རྫོབ་སྟེ། །ཡང་དག་དོན་ཡིན་ཡང་དག་མིན། །ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཅེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པའི་གཞུང་དུ་སྤྲོས་པ་དང་བྲལ་བ་ཞེས་གསུངས་པ་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་པའི་ཡེ་ཤེས་དེའི་ངོར་སྤྲོས་བྲལ་མཚན་ཉིད་པ་ཡིན་མོད། སྤྱིར་སྤྲོས་པའི་ལྷག་མ་མ་ལུས་པའི་ཕྱིར་ཁྱབ་པའི་སྤྲོས་བྲལ་མ་ཡིན་ནོ། །དེས་ན་ཐལ་རང་གི་ཁྱད་པར་ནི་འདི་ཡིན་ཏེ། གཞིའི་དུས་སུ་ཀུན་རྫོབ་ཀྱི་རྣམ་གཞག་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་ནས་འཇོག་པ་དང༌། འཇིག་རྟེན་གྲགས་པ་དང་བསྟུན་པའོ། །དོན་དམ་པའི་བདེན་པ་རྣམ་པར་འཇོག་པ་ན། ཆོས་ཅན་ཀུན་རྫོབ་པ་ཁས་ལེན་པ་དང་མི་ལེན་པའོ། །དེ་ནི་ཡུལ་གྱི་འཇོག་ཚུལ་ལོ། །ཡུན་གྱི་འཇོག་ཚུལ་ནི། ཐ་སྙད་ཀྱི་བདེན་པ་ལ་མི་བསླུ་བའི་ཚད་མ་ཁས་ལེན་པ་དང་མི་ལེན་པའོ། །དེ་སྐད་དུ་ཡང་ཆོས་ཀྱི་རྗེས། དབུ་ཚད་གཉིས་ཀྱི་ཁྱད་པར་ནི། །ཐ་སྙད་དུ་ཡང་མི་བསླུ་བ། །འདོད་པ་ཚད་མའི་ལུགས་ཡིན་ཏེ། །རང་རྒྱུད་ཕལ་ཆེར་དེ་དང་མཐུན། །ཞེས་གསུངས་སོ། །ཀུན་རྫོབ་ཀྱི་རྣམ་གཞག་གྲུབ་མཐའ་སྨྲ་བ་དང་སྒོ་བསྟུན་ཀྱང༌། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་རྣམས་གྲུབ་མཐའ་སྨྲ་བའི་རིགས་པས་དཔྱད་ནས་ཁས་ལེན་པ་ནི་མ་ཡིན་ཏེ། བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །ཅེས་གསུངས་པས་སོ། །ཐལ་རང་གཉིས་ཀས་རྣལ་འབྱོར་པའི་ཀུན་རྫོབ་འགའ་ཞིག་རིགས་པས་རྣམ་པར་དཔྱད་ནས་ཁས་ལེན་དགོས་པ་ཡང་ཡོད་དེ། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱ་བཞི་དང༌། བདེན་སྟོང་སྤྲོས་བྲལ་གྱི་རྣམ་པ་བཞིན་ནོ། །འདི་ཡང་རིགས་པས་དཔྱད་པའི་ཆ་ནས་ཀུན་རྫོབ་ཏུ་སོང་བ་མིན་གྱི། དཔྱད་པའི་དོན་ལ་མཚན་མར་བཟུང་བའི་ཆ་ནས་ཀུན་རྫོབ་ཏུ་བཞག་པ་ཡིན་ནོ། །ལམ་གྱི་དུས་སུ་ནི། སྣང་སྟོང་ནམ་མཁའ་ལྟ་བུ་ལ་མཉམ་པར་འཇོག་པ་དང༌། བདེན་སྟོང་སྒྱུ་མ་ལྟ་བུ་ལ་མཉམ་པར་འཇོག་པའི་ཁྱད་པར་ཡོད་དོ། །སྒྱུ་མ་ལྟ་བུ་ལ་ཡང་གཉིས་ཏེ། ཀུན་རྫོབ་ཀྱི་མཚན་མ་དང་བཅས་པའི་སྒྱུ་མ་ལྟ་བུ་དང༌། བདེན་མེད་ཀྱི་མཚན་མ་དང་བཅས་པའི་སྒྱུ་མ་ལྟ་བུའོ། །དང་པོ་ནི། ས་བཅུའི་མཉམ་གཞག་ཏུ་འབྱུང་བར་འཕགས་པ་གྲོལ་སྡེ་བཞེད་ལ། གཉིས་པ་ནི། ཆོས་མཆོག་མན་ཆད་ཀྱི་མཉམ་གཞག་ཏུ་འབྱུང་བར་རང་རྒྱུད་པ་ཀུན་མཐུན་ནོ། །འདིར་བླ་མ་རེ་མདའ་བའི་གསུང་གིས། རང་རྒྱུད་པའི་ལྟ་བ་ཐེག་ཆེན་གྱི་མཐོང་ལམ་དུ་དོར་བ་དང༌། ཐལ་འགྱུར་གྱི་ལྟ་བ་སངས་རྒྱས་ཀྱི་སར་འདོར་དགོས་སོ་ཞེས་གསུང་བ་ནི་ལེགས་པ་མིན་ཏེ། དེ་ལྟ་ན་ལྟ་བ་དེ་གཉིས་སྤྲོས་བཅས་སུ་ཐལ་བའི་ཕྱིར་རོ། །གཅིག་ཤོས་དེར་ཐལ་བ་འདོད་དོ་ཅེ་ན། རང་རྒྱུད་ཀྱི་གཞུང་དྲངས་མ་ཐག་པ་དེ་དག་མ་གཟིགས་པའམ། གཟིགས་ཀྱང་གཟུ་བོར་མི་གནས་པའི་ཐུགས་ཀྱིས་འཁྱོག་པོར་བཤད་པ་ཁོ་ནར་ཟད་དོ། །འབྲས་བུའི་དུས་སུ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རང་སྣང་ལ་འཇིག་རྟེན་ཀུན་རྫོབ་བདེན་པའི་རྣམ་པ་འཆར་བ་དང་མི་འཆར་བར་བཞེད་པའི་ཁྱད་པར་ཡོད་དོ། །ལུགས་དེ་གཉིས་ཀ་ལ་ཡང༌། དོན་དམ་པ་ཆོས་ཀྱི་སྐུའི་ཡེ་ཤེས་ལ་ཀུན་རྫོབ་ཀྱི་མཚན་མ་ཅུང་ཟད་ཀྱང་མི་འཆར་བར་བཞེད་པ་ལ་ཁྱད་པར་མེད་དོ། །རེ་ཤིག་ཐལ་རང་གི་ཁྱད་པར་ནི་དེ་ཙམ་མོ། །གསུམ་པ་རྗེས་དཔག་སྐྱེ་བའི་ཚུལ་ནི་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །གསུམ་པ་རྟེན་འབྲེལ་གྱིས་གཏན་ཚིགས་ལ་གསུམ་སྟེ། རྟགས་དགོད། ཚུལ་སྒྲུབ་རྗེས་དཔག་སྐྱེ་བའི་ཚུལ་ལོ། །དང་པོ་ལ། སྒྲོ་འདོགས་ཀྱི་གཉེན་པོར་དགག་པའི་གཏན་ཚིགས་བཀོད་པ་དང༌། སྐུར་འདེབས་ཀྱི་གཉེན་པོར་སྒྲུབ་པའི་གཏན་ཚིགས་བཀོད་པའོ། །དང་པོ་ནི། སྣ་ཚོགས་སུ་སྣང་བ་འདི་ཆོས་ཅན། རང་བཞིན་མེད་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ། །གཉིས་པ་ནི། དེ་ཆོས་ཅན། ཐ་སྙད་དུ་མེད་པ་མིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ནོ། །གཉིས་པ་ལ། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ། རྟེན་ཅིང་འབྲེལ་པར་འབྱུང་ཚུལ་ལ་གཉིས་ཏེ། ངོ་བོ་བལྟོས་པ་དང༌། རྣམ་འཇོག་བལྟོས་པའོ། །དང་པོ་ནི། ས་བོན་ལས་མྱུ་གུ་འབྱུང་བ་ལྟ་བུའོ། །གཉིས་པ་ནི། རིང་པོ་ལ་བལྟོས་ནས་ཐུང་ངུ་བཞག་པ་ལྟ་བུའོ། །དེ་སྐད་དུ་ཡང་རིན་ཆེན་འཕྲེང་བ་ལས། འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་སྐྱེས་པས་འོད་བཞིན་ནོ། །འདི་ཡོད་ན་ནི་འདི་འབྱུང་དཔེར། །ཐུང་ངུ་ཡོད་ན་རིང་པོ་བཞིན། །ཞེས་གསུངས་པས་སོ། །འདི་གཉིས་ལ་རིམ་བཞིན་བརྟེན་ནས་སྐྱེས་པའི་རྟེན་འབྲེལ་དང༌། བརྟེན་ནས་བཏགས་པའི་རྟེན་འབྲེལ་ཞེས་བྱ་ལ། དེ་གཉིས་གང་རུང་དུ་མ་གཏོགས་པའི་ཤེས་བྱ་མེད་པའི་ཕྱིར་ཆོས་ཐམས་ཅད་རྟེན་འབྲེལ་དུ་གྲུབ་བོ། །གཉིས་པ་ཁྱབ་པ་སྒྲུབ་པ་ལ་གཉིས་ཏེ། རང་བཞིན་ལ་རྟེན་འབྱུང་དགག་པ་དང༌། རྟེན་འབྱུང་ལ་རང་བཞིན་དགག་པའོ། །དང་པོ་ལ། རང་བཞིན་ནི་གཉིས་ཏེ། ཀུན་རྫོབ་ཀྱི་རང་བཞིན་དང༌། དོན་དམ་པའི་རང་བཞིན་ནོ། །དང་པོ་ནི། མེའི་ཚ་བ་ལྟ་བུའོ། །གཉིས་པ་ལ་ཡང་གཉིས་ཏེ། ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་ལྟ་བུ་དབུ་མ་པའི་ལུགས་དང༌། དངོས་པོ་རྣམས་ཀྱི་རང་བཞིན་རིགས་པས་དཔྱད་བཟོད་ལྟ་བུ་དངོས་སྨྲ་བའི་ལུགས་ཀྱི་རང་བཞིན་ནོ། །དེ་ཡང་ཁྱད་པར་གསུམ་གྱི་སྒོ་ནས་རང་བཞིན་ཏུ་འཇོག་དགོས་ཏེ། ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་དང༌། ཕྲེང་བར། མེ་ཡི་རང་བཞིན་ཚ་བ་དང༌། །བུ་རམ་རང་བཞིན་དངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བརྗོད། །ཅེས་གསུངས་སོ། །དེ་ལྟར་གསུམ་ལས། དང་པོ་གཉིས་ནི་རང་བཞིན་ལ་རྟེན་འབྲེལ་ལ་རྟེན་འབྲེལ་འགོག་པའི་སྐབས་འདིར་རང་བཞིན་དངོས་མ་ཡིན་ཏེ། ཀུན་རྫོབ་ཀྱི་ངོ་བོ་དང་རང་བཞིན་མེད་པ་ཉིད་ལ་རང་བཞིན་དུ་སྒྲོ་བཏགས་ནས་བཤད་པའི་ཕྱིར། དེ་གཉིས་ནི་རྟེན་འབྲེལ་དང་རང་བཞིན་འགལ་བའི་ཆ་མཐུན་གྱི་དཔེ་ཡིན་ལ། འདིར་རྟེན་འབྲེལ་དང་འགལ་རྒྱུའི་རང་བཞིན་དེ་ནི་བརྟག་པ་མཐར་བཟུང་བའི་ཚུལ་གྱིས་གསུམ་པ་རིགས་པས་དཔྱད་བཟོད་དེ་ཉིད་ཡིན་ནོ། །འོ་ན། དཔེར་འགྱུར་བའི་ཚུལ་ཇི་ལྟར་ཞེ་ན། མེའི་ཚ་བ་དེ་རྟེན་འབྲེལ་ཡིན་ན། ཆུའི་ཚ་བ་བཞིན་དུ་རྐྱེན་གཞན་གྱིས་སྐྱེད་པ་དང༌། རིང་ཐུང་བཞིན་དུ་རྣམ་འཇོག་གཞན་ལ་ལྟོས་པར་འགྱུར་ལ། དེ་ལྟ་ན་ནི་ལྷན་ཅིག་སྐྱེས་པའི་བློས་མེའི་ཚ་བ་ཡིན་ནོ། །ཞེས་དབང་བསྒྱུར་བའི་ཚུལ་གྱིས་བདག་གིར་བྱེད་པ་མ་ཡིན་པར་འགྱུར་རོ། །ཞེས་པའོ། །གཉིས་པ་རྟེན་འབྲེལ་ལ་རང་བཞིན་དགག་པ་ནི། ཇི་སྐད་དུ། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ཞེས་སོགས་དོན་དམ་པར་ལྟོས་པ་འགོག་བྱེད་ཀྱི་རིགས་པ་རྣམས་ལ་བརྟེན་ནས་ཤེས་པར་འགྱུར་རོ། །གསུམ་པ་ནི། སྔ་མ་ཁོ་ནར་བལྟ་བར་བྱ་ཞིང༌། འདིར་ཕྱོགས་ཆོས་ཚད་མས་ངེས་པ་དེའི་ཚེ་ན་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཁོ་ནར་འགྱུར་ལ། ཕྱོགས་ཆོས་དང་ཁྱབ་པ་རྗེས་མཐུན་པ་ཙམ་ལས་མ་ངེས་པ་དེའི་ཚེ་ན་ནི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་གཏན་ཚིགས་སུ་འགྱུར་རོ། །རྟེན་འབྲེལ་སྒྲུབ་པའི་གཏན་ཚིགས་སུ་སོང་བ་དེའི་ཚེ་ན་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་པ་མ་ཡིན་ཏེ། ཞེས་འདོད་ལ་སྤྲོས་པ་སྒྲུབ་བྱེད་ཀྱི་རིགས་པར་སོང་བའི་ཕྱིར། ཞར་ལ་རང་རྒྱུད་པ་དག་གིས་ནི། མེད་པ་སྐུར་འདེབས་ཀྱི་གཉེན་པོར་ཐ་སྙད་ཁྱད་པར་གསུམ་ལྡན་ཞེས་བྱ་བ་གཅིག་བཞེད་དེ། དེ་ཡང་འདི་ལྟར། གྲུབ་པའི་མཐས་བཏགས་པ་མ་ཡིན་པ་དང༌། རྒྱུ་རྐྱེན་ལས་སྐྱེས་པ་དང༌། བྱིས་པ་ནས་མཁས་པའི་བར་ལ་ཐུན་མོང་དུ་གྲགས་པའོ། །དེ་ཡང་ཇི་སྐད་དུ། བཏགས་པའི་དོན་གྱིས་དབེན་གྱུར་པ། །ཇི་ལྟར་སྣང་བ་འདི་ཁོ་ན། །རྟེན་ནས་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་གསུམ་གཟིགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐལ་འགྱུར་བའི་རིགས་པ་བྱེ་བྲག་ཏུ་བཤད་པ་ལ། འོ་ན་དོན་དམ་པའི་གནས་ཚུལ་སེམས་པའི་ཚེ། ཐལ་འགྱུར་བས་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་ན། སྔར་བཤད་པའི་གཏན་ཚིགས་ཆེན་པོ་དེ་དག་གི་བསྒྲུབ་བྱ་དང་ཚུལ་གསུམ་རྒོལ་བའི་བློ་ངོར་སྒྲུབ་བྱེད་ཀྱི་རིགས་པ་ཇི་ལྟ་བུ་ཅེ་ན། དེའི་རིགས་པ་ནི་བཞི་སྟེ། གཞན་ལ་གྲགས་ཀྱི་རྗེས་དཔག་འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་བཞི་ཡིན་ནོ། །དང་པོ་ནི། ཇི་སྐད་དུ། དེ་ཉིད་དུ་ན་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་དང༌། །རྒྱུ་ལ་མ་ལྟོས་ཡོད་མིན་པས་ན་དངོས་རྣམས་རང་བཞིན་བྲལ། །ཞེས་གསུངས་པ་ལྟ་བུའོ། །དབུ་མ་པར་ཁས་འཆེ་བ་གཞན་དག གཏན་ཚིགས་འདིའི་ཚུལ་གསུམ་རང་ལུགས་ཀྱི་ཚད་མས་གྲུབ་ཅིང༌། དེ་ལྟ་ན་ཡང་གཞན་གྲགས་ཀྱི་གཏན་ཚིགས་ཡིན་ནོ་ཞེས་ཟེར་བ་དེ་ནི་ཅི་ཡང་མི་རུང་སྟེ། དོན་དམ་ལ་སྤྱོད་པའི་སྐབས་སུ་ཚུལ་གསུམ་རང་ལུགས་ལ་ཚད་མས་གྲུབ་པར་ཁས་བླངས་པའི་ཟླ་བའི་ཞབས་ཀྱི་ལུགས་ལས་ཉམས་པའི་ཕྱིར་དང༌། ཁྱེད་འདོད་པ་འདི་ལ་རང་རྒྱུད་ཀྱི་དོན་ཤིན་ཏུ་མ་ཚང་བའི་ཕྱིར་དང༌། གཞན་དུ་ན་རང་རྒྱུད་ཀྱི་གཏན་ཚིགས་སུ་དངོས་སྨྲ་བས་འདོད་པ་དེ་དག་ཀྱང་གཞན་གྲགས་སུ་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། ཇི་སྐད་དུ། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ནི། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །བཞི་པ་ནི། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཟག་གི་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ལྡོག་པ་གཅིག་པའི་དཔུང་ཕུལ་ཞེས་པ་གཅིག་ཡོད་པར་གྲགས་པ་དེ་ནི་གཞུང་ན་ཟིན་པ་མི་སྣང་ཞིང༌། སློབ་དཔོན་ཕྱྭ་པས། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ལ་རྩོད་པ་བྱས་པའི་ལན་དུ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་སྨྲས་པའོ། །དེ་ལྟར་བཞིའི་ནང་ནས་གཉིས་ནི། གཞན་ཕྱོགས་འཇོམས་པར་བྱེད་པ་ཁྱབ་འཇུག་གི་མདུང་ཐུང་ལྟ་བུའི་རིགས་པ་ཡིན། གཅིག་ནི་རང་ཕྱོགས་བསྲུང་བར་བྱེད་པ་བརྒྱ་བྱིན་གྱི་གོ་ཆ་ལྟ་བུའི་རིགས་པ་ཡིན། གཅིག་ནི་རྒོལ་བ་གཉིས་རྒྱུད་གཅིག་ཏུ་བྱེད་པ་ལྷ་ཡུལ་གྱི་བདུད་རྩི་ལྟ་བུའི་རིགས་པའོ། །ཞེས་ཞང་ཐང་སག་པ་འབྱུང་གནས་ཡེ་ཤེས་ཀྱིས་གསུངས་པར་གྲགས་སོ། །འདིར་རང་བསྲུང་བའི་རིགས་པ་འདི་ལ་གཉིས་སུ་འགྱུར་ཏེ། དཔེར་ན། དབུ་མ་པས། མྱུ་གུ་རང་བཞིན་གྱིས་མི་སྐྱེ་བར་ཁས་བླངས་པ་ལ། དངོས་སྨྲ་བས་སུན་འབྱིན་པའི་ཚུལ་ནི་གཉིས་ཏེ། རང་རྒྱུད་དང༌། ཐལ་འགྱུར་རོ། །དང་པོ་ནི། དབུ་མ་པའི་ངོར་སྒྲུབ་བྱེད་བསྒྲུབ་བྱ་མཚུངས་པའི་མ་གྲུབ་པ་ཁོ་ནར་འགྱུར་ལ། གཉིས་པ་ནི། དམ་བཅའ་དང་མཚུངས་པའི་འདོད་པ་ཁོ་ནར་འགྱུར་བ་ཡིན་ནོ། །ཚུལ་དེ་གཉིས་ནི་ཇི་སྐད་དུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་དང༌། བཤད་བྱས་ཚེ། ཞེས་པའི་གཞུང་གཉིས་ཀྱིས་སྟོན་པ་ཡིན་ནོ། །འོ་ན་ཇི་སྐད་དུ་བཤད་པའི་རྗེས་སུ་དཔག་པ་དེ་དག་ཚད་མ་ཡིན་ནམ་མ་ཡིན། དང་པོ་ལྟར་ན། མི་བསླུ་བར་འགྱུར་ལ། དེ་ཡང་འདོད་ན། རྗེས་དཔག་དེས་མྱུ་གུ་དེར་གནས་པ་ལྟར་དེར་གཞལ་བར་འགྱུར། དེ་ཡང་འདོད་ན། མྱུ་གུ་བདེན་སྟོང་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། ཁྱོད་རང་གི་གནས་ཚུལ་དང༌། རིགས་ཤེས་ཀྱིས་གཞལ་ཚུལ་མཚུངས་པའི་ཕྱིར། གཉིས་པ་ལྟར་ན། རྗེས་དཔག་དེའི་རྒྱུན་གོམས་པར་བྱས་པས་གནས་ཚུལ་མངོན་སུམ་དུ་མཐོང་བའི་ཚད་མ་མི་སྐྱེ་བར་འགྱུར་ཏེ། ཚད་མ་མིན་པས་ངེས་པའི་དོན་གོམས་པར་བྱས་པས་ཚད་མས་གྲུབ་པའི་དོན་མཐོང་ན་ཧ་ཅང་ཐལ་བའི་ཕྱིར་ཞེ་ན། དེ་ལྟར་རྣམ་པར་དཔྱོད་པ་དང་ལྡན་པ་དེ་ལ་ལན་གཉིས་ཏེ། མཚན་འཛིན་གྱི་བློ་ཐམས་ཅད་ཚད་མ་མ་ཡིན་པར་བསྟན། མཚན་མེད་ཀྱི་བློ་ཉག་གཅིག་ཚད་མར་བསྟན། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འཇིག་རྟེན་ན་ཚད་མར་གྲགས་པ་ནི་གཉིས་ཏེ། མངོན་སུམ་དང༌། རྗེས་སུ་དཔག་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་པ་དང༌། རྣལ་འབྱོར་པ་མིན་པའི་འོ། །དང་པོ་ལ་གཉིས་ཏེ། མཚན་མ་དང་བཅས་པ་དང༌། མཚན་མ་མེད་པའོ། །གཉིས་པ་ལ་ཡང་གཉིས་ཏེ། དོན་དུ་སྣང་བ་དང༌། རང་རིག་རང་གསལ་བའོ། །རྗེས་སུ་དཔག་པ་ལ་ཡང་གཉིས་ཏེ། ཀུན་རྫོབ་དཔོག་པ་དང༌། དོན་དམ་དཔོག་པའོ། །དང་པོ་ལ་གཉིས་ཏེ། དུ་བས་ལ་མེ་ལྡན་དུ་དཔོག་པ་ལྟ་བུ་འཇིག་རྟེན་གྱི་ཀུན་རྫོབ་དཔོག་པ་དང༌། སྒྲིབ་པ་དང་བདག་མེད་དུ་དཔོག་པ་ལྟ་བུ་རྣལ་འབྱོར་པའི་ཀུན་རྫོབ་དཔོག་པ་ལྟ་བུའོ། །དོན་དམ་དཔོག་པ་ལ་གཉིས་ཏེ། སྤྲོས་བྲལ་དུ་ཞེན་པ་དང༌། སྤྲོས་པ་བཀག་ཙམ་ལྟ་བུའོ། །དེ་ལྟར་ཇི་སྐད་བཤད་པ་དེ་དག་ལས་མཚན་མར་སྣང་བ་དང་ཞེན་པའི་བློ་ཇི་སྙེད་པ་དེ་དག་ནི། ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཚད་མ་ཡིན་ཀྱང༌། དབུ་མ་པ་རང་གི་ལུགས་ལ་ཚད་མ་མིན་ཏེ། རང་གི་ལུགས་ལ་སྤྲོས་པའི་མཚན་མ་ཅི་ཡང་མེད་བཞིན་དུ། དེར་སྣང་བ་དང་ཞེན་པའི་ཕྱིར། རྨི་ལམ་གྱི་ཤེས་པ་བཞིན་ནོ། །རྣལ་འབྱོར་པའི་ཀུན་རྫོབ་དཔོག་པའི་རྗེས་དཔག་དང༌། སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པའི་མངོན་སུམ་ཀྱང་རྣལ་འབྱོར་པ་རང་གི་ཀུན་རྫོབ་ལ་ཚད་མ་ཡིན་ཀྱང༌། འཇིག་རྟེན་གྱི་ཀུན་རྫོབ་ལ་མ་ཡིན་ཏེ། འཇིག་རྟེན་ན་མ་གྲགས་པའི་དོན་གསལ་བར་སྣང་བའི་ཕྱིར་དང༌། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་ཕྱིར་རོ། །ཅིག་ཤོས་ཀྱང་དེ་ལ་ཚད་མ་མིན་ཏེ། དེས་དེ་ལ་གནོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་རྗེས་དཔག་གིས་སྤྲོས་བྲལ་དུ་ཞེན་པའི་ཆ་གོམས་པས་རྣལ་འབྱོར་མངོན་སུམ་སྐྱེ་བ་མ་ཡིན་གྱི། སྤྲོས་པ་བཀག་ཙམ་གྱི་ཆ་གོམས་པར་བྱས་པས་རྣལ་འབྱོར་མངོན་སུམ་སྐྱེ་བའི་ཕྱིར་ཉེས་པ་དེ་དག་མེད་དོ། །དེ་ཡང་ཇི་སྐད་དུ། བཙུན་པ་རྟ་དབྱངས་ཀྱིས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྒོམ་པའི་མན་ངག་ལས། སྒྱུ་མ་ཙམ་དུ་བཏགས་པས་བསླུས། །འདིས་ཀྱང་ཚིག་ཏུ་བརྗོད་སྤངས་པའི། །སྤྲོས་བྲལ་འཇམ་དབྱངས་མཐོང་བ་མིན། །ཞེས་དང༌། ཐམས་ཅད་ནམ་མཁའ་འདྲ་བ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དབྱངས་མཐོང༌། །ཞེས་བཤད་པས་སོ། །གཉིས་པ་ནི། ཐ་ན་དུད་འགྲོའི་རྟེན་གྱི་ཤེས་པ་ཡིན་ཀྱང་རུང༌། །རང་བཞིན་གྱི་འོད་གསལ་བ་དེ་དང༌། རྗེས་དཔག་སྟེང་གི་རིགས་ཤེས་སུ་སོང་བའི་ཆ་དེ་དང༌། སྣང་མེད་ཀྱི་རྣལ་འབྱོར་མངོན་སུམ་ཇི་སྙེད་པ་དང༌། སྣང་བཅས་ཡིན་ཀྱང་རུང་སངས་རྒྱས་རང་སྣང་གི་ཤེས་པ་ཇི་སྙེད་པ་དེ་དག་ཆོས་ཅན། ཚད་མ་ཡིན་ཏེ། མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་ཏེ། འཕྲལ་དང་ཕུགས་ཀྱི་འཁྲུལ་རྒྱུ་གང་གིས་ཀྱང་འཁྲུལ་པར་མ་བསྐྱེད་པའི་རིག་པ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་དེ་དག་ཆོས་ཅན། རང་གི་གཞལ་བྱ་ལ་མི་བསླུ་བར་ཐལ་ལོ། །ཞེ་ན། ཉེས་པ་དེ་ཡོད་པ་མིན་ཏེ། གཞལ་བྱ་འཇལ་བའི་ཆ་ནས་ཚད་མར་འཇོག་པ་མ་ཡིན་གྱི། སྤྲོས་པའི་མཚན་མ་འཐག་བཅད་ནས་བློ་རང་ཉིད་སྤྲོས་མེད་ཀྱི་ངོར་སྐྱེས་པ་ལ་ཚད་མར་འཇོག་པའི་ཕྱིར། ཞེས་བྱ་བ་འདིས་ནི་དབུ་མའི་རང་ལུགས་དང༌། འཇིག་རྟེན་ལུགས་ཀྱི་གཞུང་བཞིན་མི་སྲིད་པར་གྲུབ་པ་ཡིན་ཏེ། འཇིག་རྟེན་ནི་མཐའ་གཉིས་པོ་གང་རུང་ལ་གནས་པའི་ཕྱིར་དང༌། དབུ་མ་པའི་རང་གི་ལུགས་ཞེས་བྱ་བ་འདི་ནི་གྲུབ་མཐའ་ལ་བརྟེན་པའི་རིགས་པས་རྣམ་པར་དཔྱད་ནས་འཇོག་དགོས་པ་ཡིན་པས། འཇིག་རྟེན་ཐ་སྙད་ཀྱི་བདེན་པའང་རིགས་པས་དཔྱད་ནས་འཇོག་པ་ཧ་ཅང་ཐལ་བའི་ཕྱིར་རོ། །སྔོན་གྱི་བོད་བགྲེས་པོ་ཁ་ཅིག རང་རྒྱུད་པ་ལ་སྒྱུ་མ་རིགས་སྒྲུབ་པ་དང༌། ཐལ་འགྱུར་བ་ལ་རབ་ཏུ་མི་གནས་པའི་དབུ་མ་པ་ཞེས་པའི་ཐ་སྙད་འདོགས་པ་ནི། རང་གི་ཕྱོགས་འཛིན་གྱིས་ངན་རྟོག་གིས་རང་གར་སྦྱར་བར་ཟད་ཀྱི། ཡིད་ཆེས་པའི་ཁུངས་ཡོད་པ་མ་ཡིན་ཏེ། སྒྱུ་མ་རིགས་ཤེས་ཀྱིས་གྲུབ་པར་སྟོན་པའི་རང་རྒྱུད་པའི་གཞུང་མི་སྣང་བའི་ཕྱིར་དང༌། བདེན་གྲུབ་འགོག་པའི་གཏན་ཚིགས་ཀྱིས་བདེན་མེད་སྒྲུབ་ཅེས་པ་ཙམ་ཞིག་རང་རྒྱུད་པའི་གཞུང་ན་ཡོད་ཀྱང༌། ཀུན་རྫོབ་སྒྱུ་མ་ལྟ་བུ་བསྒྲུབ་བྱར་སྟོན་པའི་གཞུང་མེད་པའི་ཕྱིར་དང༌། སྒྱུ་མ་སྤྲོས་བྲལ་དུ་སྟོན་པ་རང་རྒྱུད་ཀྱི་གཞུང་ན་ཤིན་ཏུ་གསལ་བའི་ཕྱིར། དེ་སྐད་དུ་ཡང༌། རྔོག་ལོ་ཆེན་པོས་སྤྲིང་ཡིག་བདུད་རྩིའི་ཐིགས་པ་ལས། སྒྱུ་མ་གཉིས་མེད་ཆོས་ཀུན་མི་གནས་དབུ་མ་པའི། །ལུགས་གཉིས་རྣམ་འབྱེད་དེ་ཡང་རྨོངས་པ་མཚར་སྐྱེད་ཡིན། །ཞེས་གསུངས་སོ། །འོ་ན་ཐལ་རང་གི་ལྟ་བ་རང་གི་ངོ་བོ་ལ་ཁྱད་པར་མེད་ན། གྲུབ་པའི་མཐའ་གཉིས་ལ་བརྟེན་ནས་ལྟ་བ་རྟོགས་པ་ལ་མྱུར་བུལ་གྱི་ཁྱད་པར་ཡོད་དམ་མེད་ཅེ་ན། དེ་ནི་ཡོད་པ་མིན་ཏེ། ལྟ་བ་རྟོགས་པའི་སྐལ་བ་དང་ལྡན་པ་འགའ་ཞིག་ལ་དང་པོ་ཉིད་ནས་ཐལ་འགྱུར་གྱི་རིགས་པས། སྤྲོས་བྲལ་ནམ་མཁའ་ལྟ་བུ་བསྟན་ན་ཆེས་མྱུར་ཞིང༌། གདུལ་བྱ་དེ་ལ། སྤྲོས་པའི་ཆ་འགའ་ཞིག་ཁས་བླངས་ནས་སྤྲོས་པའི་གཙོ་བོ་འགོག་པའི་རང་རྒྱུད་ཀྱི་རིགས་པ་བསྟན་ན་བུལ་བའི་ཕྱིར། འོན་ཀྱང་སྐལ་བ་དང་མི་ལྡན་པ་རྣམས་རིམ་གྱིས་བཀྲི་བའི་ཐབས་ལ་རང་རྒྱུད་ཁྱད་པར་དུ་འཕགས་པ་ཡིན་ཏེ། དངོས་པོར་སྨྲ་བའི་ངོར། ཀུན་རྫོབ་ཀྱི་ཆོས་རྣམས་ཁས་བླངས་ནས་བདེན་མེད་བསྒྲུབ་བྱར་བྱས་ན་དེ་ལ་མྱུར་དུ་འཇུག་པར་འགྱུར་བའི་ཕྱིར་དང༌། དང་པོ་ཉིད་ནས་མཚན་མ་ཐམས་ཅད་བཀག་ན། སྐྲག་པ་སྐྱེས་ནས་དེ་ལ་འཇུག་པར་མི་འགྱུར་བའི་ཕྱིར། དེ་ལྟ་བས་ན་སྤྲོས་པ་རིམ་གྱིས་འགོག་པ་དང༌། ཅིག་ཆར་དུ་འགོག་པ་ཞེས་བྱ་བ་འདི་ཡང་ཐལ་རང་གི་ཁྱད་པར་གཅིག་ཡིན་ནོ། །དེའི་རྒྱུ་མཚན་ཡང༌། རང་རྒྱུད་པས་ནི་བདེན་མེད་སྒྲུབ་པའི་རྟགས་ཡང་དག་གི་བསྒྲུབ་བྱར་གང་བཟུང་བ་དེ་ཉིད་ལ་རྗེས་དཔག་གིས་དེར་ཞེན་པ་ཡིན་ཞིང༌། ཞེན་པའི་ཆ་དེ་དོན་དམ་པའི་བདེན་པ་དངོས་སུ་མ་སོང་བས་ཞེན་པ་དེ་བཅད་པར་བྱ་བའི་ཕྱིར་དུ་རིགས་པ་གཉིས་པ་དགོས་ལ། ཟླ་བའི་ཞབས་ལྟར་ན། དང་པོར་བདེན་ཡོད་བཀག་པ་ཡིན་གྱི། བདེན་མེད་མ་བསྒྲུབས་པས་སྤྲོས་པ་ཕྱི་མ་གཅོད་བྱེད་ཀྱི་རིགས་པ་གཉིས་པ་དགོས་པར་མི་བཞེད་དོ། །གཞུང་ཕྱི་མའི་དབུ་མ་ན་ནི། རིམ་གྱིས་འགོག་པ་ཉིད་གསལ་བར་ཞུགས་ལ། ཟླ་བའི་ཞབས་ཀྱིས་ནི། སྤྲོས་པ་ཐམས་ཅད་གཅིག་ཏུ་འགོག་པར་མཛད་པ་ཡིན་ཏེ། དོན་དམ་ལ་དཔྱོད་པའི་སྐབས་སུ་ཀུན་རྫོབ་ཀྱི་མཚན་མ་ཅུང་ཟད་ཀྱང་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། །མཁས་པ་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་ནི། མིག་སོགས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཤེས་པ་ཡོད་པ་ཉིད་བཞིན། ཞེས་འགོད་པར་མཛད་པ་དེའི་ཚེ། ཐ་སྙད་དུ་བདག་སྐྱེ་ཁས་ལེན་པའི་རྒྱུ་མཚན་གྱིས་དོན་དམ་པར་ཞེས་བྱ་བའི་ཁྱད་པར་སྦྱར་བ་མ་ཡིན་གྱི། སྐབས་འདིར་ཆོས་ཅན་དང་རྟགས་དང་དཔེ་རྣམས་ཀུན་རྫོབ་ཀྱི་དབང་དུ་བྱས་པ་ཡིན་ལ། ཆོས་ཅན་གྱི་སྟེང་དུ་བསྒྲུབ་བྱའི་ཆོས་ཁོ་ན་རིགས་པས་དཔྱད་པའི་དབང་དུ་བྱས་པ་ཤེས་པའི་ཕྱིར་ཡིན་ནོ། །ཟླ་བའི་ཞབས་ཀྱིས་ནི། དོན་དམ་ལ་དཔྱོད་པའི་སྐབས་སུ་དགག་བྱའི་ཁྱད་པར་ཅུང་ཟད་ཀྱང་མི་སྦྱོར་ཏེ། དེའི་སྐབས་ཡིན་པ་ཉིད་ཀྱིས་དེ་གྲུབ་ཟིན་པའི་ཕྱིར་དང༌། གྲུབ་ཟིན་ཀྱང་ཚིག་ཟིན་ལ་སྦྱར་ན་ཆོས་གཞན་འཕེན་པའི་སྐྱོན་ཡོད་པའི་ཕྱིར། དེ་ན་དོན་དམ་ལ་དཔྱོད་པའི་ཚེ་དགག་བྱ་སྦྱོར་བ་དང་མི་སྦྱོར་བ་ཞེས་བྱ་བ་འདི་ཡང་ཐལ་རང་གི་ཁྱད་པར་གཅིག་ཡིན་ནོ། །འོ་ན་ཐལ་འགྱུར་བའི་གཞུང་གི་སྐབས་མང་པོར་དོན་དམ་ལ་དཔྱོད་པའི་ཚེ་དགག་བྱ་དངོས་སུ་སྦྱར་བ་ཇི་ལྟར་ཡིན་ཞེ་ན། དེའི་དོན་ནི་བདེན་པ་གཉིས་ཀྱི་འཇོག་མཚམས་སོ་སོར་འབྱེད་པར་བྱ་བའི་ཕྱིར་དུ། རིགས་ཤེས་མ་ཡིན་པའི་ཤེས་པ་དང་བརྗོད་པ་གཞན་གྱིས་ཐ་སྙད་བྱས་པ་སྟེ། དེ་ཡང་འདི་ལྟར། ཐལ་བ་པ་ལ་གཞན་དག་གིས་དྲིས་པ། འཆག་པར་འགྲོའམ། འབྲས་ཆེན་ཟའམ། མཆིལ་ལྷྭམ་ཡོད་དམ། ཞེས་དྲིས་པའི་ཚེ་ན་འགྲོའོ་དང༌། ཟའོ་དང༌། ཡོད་དོ་ཅེས་བརྗོད་དགོས་ལ་དེ་ལ་ནི་ཀུན་རྫོབ་འཇིག་རྟེན་གྱི་གྲགས་པ་དང་བསྟུན་པ་ཞེས་ཀྱང་བྱ། ཐ་སྙད་དུ་ཡོད་པ་ཞེས་བྱ་བའི་མིང་གི་གདགས་སོ། །ཡང་གཞན་དག་གིས་སྨྲས་པ། སོང་ཟིན་པའི་ལམ་ལ་འགྲོའམ། མ་སོང་བའི་ལམ་ལ་འགྲོའམ། འགྲོ་བཞིན་པའི་ལམ་ལ་འགྲོ་ཞེས་དང༌། ཟོས་ཟིན་པ་ཟའམ། མ་ཟིན་པའམ། ཟ་བཞིན་པ་ཟ་ཞེས་དང༌། མཆིལ་ལྷྭམ་ཡོད་ན་གཅིག་དང་དུ་མ་གང་དུ་ཡོད་ཅེས་དྲིས་པའི་ཚེ་ན་ནི། མི་འགྲོའོ་ཞེས་དང༌། མི་ཟའོ་ཞེས་དང༌། ཡོད་པ་མ་ཡིན་ནོ་ཞེས་བརྗོད་དགོས་པ་ཡིན་ལ། དེ་ལ་ནི་ཤེས་བརྗོད་གཞན་གྱིས་ཐ་སྙད་བྱེད་པའི་ཚེ། རིགས་ངོར་དང༌། དོན་དམ་པར་དང༌། རང་བཞིན་གྱིས་མེད་པ་ཞེས་བྱ་བའི་བརྡ་བཏགས་ནས་བཞག་པ་ཡིན་གྱི། སྔར་གྱི་དྲི་བ་དེ་ལ་ལན་འདེབས་པ་ན་དེ་ལྟར་དཔྱད་པའི་ཚེ་ཡང༌། སྤྱིར་འགྲོ་བ་དང༌། ཟ་བ་སོགས་ཡིན་ཀྱང༌། དོན་དམ་པར་མི་འགྲོ། དོན་དམ་པར་མི་ཟ་ཞེས་བརྗོད་ན་ཐ་སྙད་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་བུམ་པ་རང་བཞིན་གྱིས་མེད་ཅེས་པ་ནི་བསྟན་བཅོས་སུ་ཐ་སྙད་བཞག་ཚོད་ཡིན་ལ། དེའི་གོ་དོན་ནི། བུམ་པ་གཅིག་དང་དུ་མ་གང་དུ་ཡོད་དཔྱད་པའི་ཚེ། བུམ་པ་ཡོད་པ་མ་ཡིན་པ་ཉིད་ལ་བྱའོ། །འདི་ལ་གཞན་དག་ན་རེ། ཐ་སྙད་པའི་ཚད་མས་གྲུབ་པའི་དོན་ལ། དོན་དམ་པའི་ཚད་མས་གནོད་པ་ཐལ། བུམ་པ་ཐ་སྙད་པའི་ཚད་མའི་ངོར་ཡོད། རིགས་ཤེས་ཀྱི་ངོར་མེད་པའི་ཕྱིར། དང་པོ་མ་གྲུབ་ན་ཐ་སྙད་དུ་ཡོད་པ་ཉམས་སོ། །རྩ་བར་འདོད་ན། ཚད་མ་ཐམས་ཅད་ལ་ཡིད་བརྟན་མི་རུང་བར་འགྱུར་རོ། །ཞེས་ཟེར་རོ། །འོ་ན་ཁྱོད་ལ་ཡང་དེར་ཐལ། བུམ་པ་ཐ་སྙད་དུ་ཡོད། དོན་དམ་པར་མེད་པའི་ཕྱིར། རབ་རིབ་ཅན་གྱི་ངོར་སྐྲ་ཤད་ཚད་མས་གྲུབ་པར་ཐལ། དེའི་ངོར་དེ་ཡོད་པར་ཟླ་བས་བཞེད་པའི་ཕྱིར། ཡང་རིགས་ཤེས་གཅིག་གིས་གྲུབ་པའི་དོན་ལ་རིགས་ཤེས་གཞན་གྱིས་གནོད་པར་ཐལ། རིགས་ཤེས་སྔ་མས་གྲུབ་པའི་བདེན་སྟོང་དེ་ཉིད་ཁྱད་གཞིར་བཟུང་ནས་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་ངོར་སྔ་མ་དེ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་རྟགས་ཀྱང་བླངས་མོད་མ་གྲུབ་ན། བདེན་སྟོང་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། ཁྱོད་རང་དཔྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོར་ཁྱོད་ཡོད་པའི་ཕྱིར། དེ་བས་ན་ཚད་མ་ཐམས་ཅད་ལ་ཡིད་བརྟེན་མི་རུང་བའི་ཉེས་པ་འདི་ནི་ཁྱེད་ཅག་ལ་ཡོད་ཀྱི་ངེད་ལ་ཡོད་པ་མིན་ཏེ། ཁོ་བོ་ཅག་ལྟར་ན་དབུ་མ་པ་རང་ལུགས་ལ་ཐ་སྙད་ཀྱི་བདེན་པ་ཚད་གྲུབ་ཏུ་མི་འདོད་པའི་ཕྱིར་དང༌། རིགས་པ་སྔ་མས་བདེན་གྲུབ་བཀག་པ་ཡིན་གྱི། བདེན་སྟོང་གྲུབ་པ་མ་ཡིན་པའི་ཕྱིར་དང༌། དེས་གྲུབ་བོ་ཞེས་ཟེར་བ་དེ་ཡང་དབུ་མའི་ཐ་སྙད་མ་ཡིན་གྱི། ཤེས་བརྗོད་གཞན་གྱིས་བྱས་པའི་ཕྱིར། གང་དག་བཀག་པ་དང༌། བདེན་མེད་གྲུབ་པ་དོན་གཅིག་ལ་འདུ་བ་ཡིན་ནོ་ཞེས་ཟེར་བ་དེ་དག་ནི། ཟབ་མོའི་དོན་བསམ་པར་མི་ནུས་པའི་རྟོག་གེ་པ་ཞེས་བཤད་པ་དེ་འདིར་འོངས་པ་ཡིན་པས་དེ་དང་ལྷན་ཅིག་གཏམ་གླེང་བར་བྱ་བ་མ་ཡིན་ནོ། །གཉིས་པ་བདེན་སྟོང་གི་མཚན་མ་འགོག་བྱེད་ཀྱི་རིགས་པ་རྒྱས་པར་བཤད་པ་ལ། བདེན་སྟོང་ལ་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་དང༌། སྤྲོས་མེད་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། བདེན་སྟོང་ཁྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོར་ཆོས་ཅན། བདེན་གྲུབ་བཀག་ཤུལ་དུ་འཕངས་པའི་བདེན་སྟོང་ཡོད་པ་མ་ཡིན་ཏེ། དགག་བྱ་བདེན་གྲུབ་ཡོད་པ་མ་ཡིན་པའི་ཕྱིར། རི་བོང་གི་རྭ་མེད་ན་དེའི་ཞིག་པ་ཡོད་པ་མིན་པ་བཞིན་ནོ། །རིགས་པ་འདི་ནི་ཇི་སྐད་དུ། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པ་ག་ལ་འགྱུར། །ཞེས་དང༌། བདེན་གཉིས་སུ། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་དུ་ན་བཀག་མེད་གསལ། །ཞེས་པའི་རིགས་པའོ། །གཉིས་པ་ནི། བདེན་སྟོང་ཆོས་ཅན། སྤྲོས་མེད་ཀྱི་ངོ་བོ་མིན་ཏེ། སྒྲས་བརྗོད་ཅིང་རྟོག་པས་མཚན་མར་བཟུང་བའི་ཕྱིར། གསུམ་པ་སྤྲོས་བྲལ་གྱི་མཚན་མ་འགོག་བྱེད་ཀྱི་རིགས་པ་བཤད་པ་ལ། དེ་ལ་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་བཤད་པ་དང༌། སྤྲོས་མེད་འགོག་བྱེད་ཀྱི་རིགས་པའོ། །དང་པོ་ནི། སྤྲོས་བྲལ་ཁྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོ་དེར་ཆོས་ཅན། སྤྲོས་པ་ཐམས་ཅད་བཀག་ཤུལ་དུ་འཕངས་པའི་སྤྲོས་བྲལ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། དགག་བྱ་སྤྲོས་པ་ཡོད་པ་མིན་པའི་ཕྱིར། གཉིས་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་དེ་ཆོས་ཅན། སྤྲོས་མེད་ཀྱི་ངོ་བོ་མ་ཡིན་ཏེ། སྒྲས་བརྗོད་ཅིང་རྟོག་པས་མཚན་མར་གཟུང་བའི་ཕྱིར། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་སྤྲོས་བྲལ་སྒྲུབ་པའི་རིགས་པ་འདི་ལྟར་བཞེད་དེ། སྣང་བ་སེམས་སུ་སྒྲུབ། སེམས་སྒྱུ་མར་སྒྲུབ། སྒྱུ་མ་བརྗོད་བྲལ་དུ་སྒྲུབ་པའོ། །དོན་འདི་ནི་བཀའ་འཁོར་ལོ་ཐ་མ་དང༌། རྣལ་འབྱོར་དཔྱོད་པའི་དབུ་མ་པ་ཆེན་པོའི་གཞུང་ལུགས་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལས་བྱུང་ཞིང༌། ཀླུ་སྒྲུབ་ཞབས་ཀྱིས་བྱང་ཆུབ་སེམས་འགྲེལ་ཞེས་བྱ་བའི་བསྟན་བཅོས་ལས་གསལ་བར་གསུངས་ལ། དེ་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བསྡུས་ནས་འཇིགས་མེད་དཔལ་ལྡན་ཆོས་སྐྱོང་ཞབས་ཀྱིས་ཤིང་རྟའི་སྲོལ་རྣམ་པར་ཕྱེ་བ་ལས་བྱུང་བའི་ལེགས་པར་བཤད་པ་བླ་ན་མེད་པ་སྟེ། རྗེ་བཙུན་མཆོག་གི་གཞུང་ལུགས་ལས་གསལ་བའི་ཕྱིར་འདིར་སྤྲོ་དགོས་པ་མིན་ནོ། །དེ་ལྟར་སྤྲོས་པ་འགོག་ཚུལ་གྱི་རིམ་པ་གསུམ་འབྱུང་བའི་རྒྱུ་མཚན་ནི། ཇི་སྐད་དུ། སྟོང་ངོ་ཞེས་ཀྱང་མི་བྱ་ཞིང༌། །མི་སྟོང་ཞེས་ཀྱང་མི་བྱ་ལ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཅེས་དང༌། བདག་ལས་མ་ཡིན། ཞེས་སོགས་ཀྱིས་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་དང༌། གལ་ཏེ་སྟོང་མིན། ཞེས་སོགས་ཀྱིས་སྟོང་པ་འགོག་བྱེད་ཀྱི་རིགས་པ་དང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་པས་སྤྲོས་བྲལ་དུ་ཞེན་པ་ཡང་འགོག་པར་གསུངས་པའི་ཕྱིར་དང༌། ཡང་ཇི་སྐད་དུ། རང་བཞིན་གྱིས་ནི་སྟོང་དེ་ལ། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་པ་མིན་པའང་ཅི་ཞིག་ཡིན། །ཞེས་དང༌། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་བཟློག་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནས་སྤོང་བར་འགྱུར། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོའི་མདོར། མཁས་པས་དབུས་ལའང་གནས་མི་བྱ། །ཅེས་གསུངས་པ་རྣམས་ལས་ཤེས་པ་ཡིན་ནོ། །མདོར་ན་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་ལ་འཇུག་པའི་ལམ་གྱི་རིམ་པ་ནི་གསུམ་སྟེ། ཇི་སྐད་དུ། བསོད་ནམས་མ་ཡིན་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང༌། །ཐ་མར་ལྟ་ཞིག་ཀུན་བཟློག་པ། །ཞེས་གསུངས་པའི་རིམ་པས་འཇུག་པར་བྱའོ། །བཞི་པ་དེས་ན་བརྗོད་བྲལ་དུ་བསྟན་པ་ལ། དོན་དམ་པའི་བདེན་པ་ཞེས་བྱ་བའི་མིང་ཅན་ནི་གཉིས་ཏེ། ཐོས་བསམ་གྱི་ཤེས་པས་གཏན་ལ་ཕབ་པ་རྗེས་མཐུན་པ་དང༌། སྒོམ་པས་ཉམས་སུ་མྱོང་བ་མཚན་ཉིད་པའོ། །དང་པོ་ནི། ཡང་དག་པའི་རིགས་པས་སྤྲོས་པ་བཅད་ཙམ་གྱི་མེད་པར་དགག་པ་དོན་ལ་སྒྲས་བརྗོད་པར་མི་ནུས་ཤིང༌། རྟོག་པ་ལ་མཚན་མ་འཆར་རྒྱུ་མེད་པ་ཞིག་ཡིན་ཀྱང༌། ཐོས་བསམ་ལ་སོགས་པའི་ཐ་སྙད་གཞན་གྱིས་བདེན་སྟོང་ཞེས་དང༌། སྤྲོས་བྲལ་ཞེས་ཐ་སྙད་དུ་གདགས་པ་དེ་ཉིད་དོ། །དེ་ལྟར་ཐ་སྙད་འདོགས་དགོས་པ་ཡང་ཡིན་ཏེ། ཇི་སྐད་དུ་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །ཞེས་གསུངས་ཤིང༌། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང༌། དོན་དེ་ཉིད་ཀྱང་མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །དེ་ནི་ཉན་ཞིང་སྟོན་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། དོན་ལ་བརྗོད་དུ་མེད་པ་ལྟར་ཐ་སྙད་གང་གི་སྒོ་ནས་ཀྱང་གདགས་པར་བྱ་བ་མ་ཡིན་ཏེ། ཐ་སྙད་ནི་སྒྲ་རྟོག་ལས་མ་འདས་ལ་དེའི་ཡུལ་དུ་བྱེད་པ་ནི་ཐོས་བསམ་ལས་མ་འདས་པའི་ཕྱིར། ཇི་སྐད་དུ། གཞན་ལས་ཤེས་མིན་ཞི་བ་དང༌། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཅེས་དང༌། བརྗོད་པར་བྱ་བ་བཟློག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་བཟློག་པས་སོ། །ཞེས་པ་དང༌། བརྟག་མིན་ཕྱིར་དང་བརྗོད་མི་ཕྱིར། །ཞེས་དང༌། ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །ཞེས་སོགས་དང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང༌། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང༌། ཆོས་ཀྱི་རྗེས། བརྗོད་བྲལ་བརྗོད་པར་བྱས་པ་ནི། །མཁས་པའི་དགོངས་པ་མིན་ཞེས་བྱ། །ཞེས་གསུངས་པས་སོ། །དེ་ལྟ་མོད་ཀྱི་དོན་དམ་པའི་བདེན་པ་ལ་མཚན་ཉིད་མེད་དོ་ཞེས་དང༌། དོན་དམ་བདེན་པ་ཤེས་བྱ་མ་ཡིན་ནོ་ཞེས་དང༌། གང་གཞི་གྲུབ་པ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་ནི་བརྗོད་པར་མི་བྱ་སྟེ། གང་ཡོད་པ་ཐམས་ཅད་སྒྲ་རྟོག་གིས་བསྟན་པར་ནུས་པས་མ་ཁྱབ་པའི་ཕྱིར་དང༌། དེ་ལྟ་ན་ནི་མདོ་རྒྱུད་བསྟན་བཅོས་མཐའ་དག་དང་འགལ་བ་མཁས་བླངས་པའི་ཕྱིར། འདིར་བརྗོད་བྲལ་གྱི་དོན་ཤེས་པ་ལ་འདི་ལྟར་བཤད་དགོས་ཏེ། རིགས་ཤེས་ཀྱིས་སྤྲོས་པ་གཅོད་པ་དང༌། ཤེས་བརྗོད་ཀྱིས་ཐ་སྙད་འདོགས་པའོ། །དང་པོའི་དབང་དུ་བྱས་ན། མྱུ་གུ་ལྟ་བུ་དཔྱད་གཞིར་བཟུང་ནས་གང་དུ་གྲུབ་དཔྱོད་པའི་རིགས་ངོར། མྱུ་གུ་དེ་ཡོད་པ་ཡང་མིན། མེད་པ་ཡང་མ་ཡིན། གཉིས་ཀ་ཡང་མིན། གཉིས་ཀ་མིན་པ་ཡང་མིན། སྤྲོས་པ་དང་བྲལ་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན་ཞེ་ན། གང་དུ་ཡང་མ་གྲུབ་པའི་ཕྱིར་ཅི་ཡང་མིན་ནོ། །མིན་པ། དེའི་ཕྱིར་སྒྲས་གང་དུ་ཡང་མི་བརྗོད་ཅིང་རྟོག་པས་ཅི་ཡང་མི་འཛིན་ནོ། །འོ་ན་སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱིས་ཀྱང་ཉམས་སུ་མི་མྱོང་ངམ་ཞེ་ན། དེ་ནི་བརྗོད་པར་མི་ནུས་ཏེ། གཞོན་ནུ་མའི་བདེ་བ་དང༌། ལྐུག་པའི་རྨི་ལམ་བཞིན་ནོ། །གཉིས་པའི་དབང་དུ་བྱས་ན། མྱུ་གུ་སྤྲོས་བྲལ་ཡིན་ནོ་ཞེས་དང༌། སྤྲོས་བྲལ་དེ་ཉིད་དོན་དམ་པའི་བདེན་པའོ་ཞེས་དང༌། དེ་ཉིད་སོ་སོར་རང་གི་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་ངོ་ཞེས་པའི་ཐ་སྙད་འདོགས་སོ། །དེའི་ངོར་དེ་ཆོས་ཅན། དོན་དམ་པའི་བདེན་པ་དང་སྤྲོས་བྲལ་མིན་པར་ཐལ། སྒྲས་བརྗོད་པའི་ཕྱིར་དང༌། རྟོག་པས་མཚན་མར་བཟུང་བའི་ཕྱིར། ཞེས་པ་ནི་ཆོས་ཅན་ལ་སྐྱོན་ཆགས་པ་དང་ཀུན་རྫོབ་དང་དོན་དམ་གྱི་སྐབས་མ་ཕྱེད་པས་ཁྱབ་པ་མ་ངེས་པ་ཡིན་ནོ། །དེ་ལྟ་བུའི་རིམ་པ་གཉིས་ཡོད་པར་ནི། དྲངས་མ་ཐག་པའི་ཏིང་ངེ་འཛིན་རྒྱལ་པོའི་ལུང་ལས་ཤེས་སོ། །བོད་ཀྱི་སློབ་དཔོན་གཞན་སྟོང་པ་དག་ནི། མཉམ་གཞག་ལ་བཟློ་བ་དང༌། རྗེས་ཐོབ་ཤན་འབྱེད་པ་ཞེས་བྱ་བའི་མིང་གིས་འདོགས་པ་ཡོད་དེ། ཧ་ཅང་མི་ལེགས་པ་མ་ཡིན་ནོ། །འདི་ལ་གཞན་དག་ན་རེ། དེ་ལྟར་དུ་ཁས་ལེན་པ་དེ་ནི་ཆད་པའི་མཐར་ལྷུང་བ་ཡིན་ནོ་ཞེས་ཟེར་བ་དང༌། ཡང་རིགས་པ་དེའི་ངོར་མྱུ་གུ་ཆོས་ཅན། མེད་པ་ཡིན་པར་ཐལ། ཡོད་པ་མ་ཡིན་པའི་ཕྱིར། རྟགས་ཆོས་དངོས་འགལ། ཁྱབ་པ་ཚད་མས་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །ཉེས་པ་དང་པོས་གནོད་པ་མིན་ཏེ། མེད་པར་ཁས་བླངས་ན་དེར་ལྷུང་བ་ཡིན་དུ་ཆུག་ཀྱང་དེ་ཡང་བཀག་པའི་ཕྱིར། དོན་དེ་ཉིད་ཇི་སྐད་དུ་རིན་ཆེན་འཕྲེང་བར། ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །ཉེས་པ་གཉིས་པས་ཀྱང་མི་གནོད་དེ། ཡོད་པ་བཀག་ཤུལ་དུ་མེད་པ་འཕངས་སོ། །ཞེས་ཟེར་བ་དེ་ནི་ཀུན་རྫོབ་ཏུ་གནས་པ་དང༌། དངོས་པོར་སྨྲ་བའི་ཕྱོགས་ཡིན་གྱི་ངོ་བོ་ཉིད་མེད་པར་སྨྲ་བའི་ཕྱོགས་ལ་མ་ཡིན་པའི་ཕྱིར། ཁོ་བོ་ཅག་ཀྱང་དེ་ལྟར་འདོད་དོ་ཅེ་ན། འོ་ན་ཁྱོད་ཀྱི་ཁྱབ་པ་དེ་ཚད་མས་གྲུབ་པའི་རྒྱུ་མཚན་ཅི་ཡིན། དོན་དེ་ཉིད་ཀྱང་ཇི་སྐད་དུ། གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པ་སུན་ཕྱུང་བས། །ཡོད་པ་ཅི་ཡི་ཕྱིར་མི་བསླན། །ཞེས་གཞན་གྱི་འདོད་པ་བརྗོད་ནས། དེ་ཉིད་སུན་འབྱིན་པ་ན། གང་དག་དོན་གྱིས་མེད་ཉིད་དུ། །དམ་མི་བཅའ་ཞིང་མི་སྤྱོད་ལ། །ཞེས་དང༌། འཇིག་རྟེན་གྲངས་ཅན་འུག་སྤྲུག་དང༌། །གོས་མེད་བཅས་པ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །ཞེས་གསུངས་པ་དེ་ཉིད་ཡིན་ནོ། །དེས་ན་རང་གི་ལུགས་འཇོག་པ་ན། དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བཤད་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་སོ། །ཇི་སྐད་དུ། འཕགས་པ་ལྷས་ཀྱང༌། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡི་རིག །ཞེས་གསུངས་སོ། །དེའི་དོན་ལ་གཞན་དག་ན་རེ། བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པ་ཞེས་སྦྱོར་བར་བྱེད་དོ། །འོ་ན་ཁྱེད་ལྟར་ན། མྱུ་གུ་ཆོས་ཅན། བདེན་པར་ཡོད་པ་དང་ཐ་སྙད་དུ་མེད་པ་གཉིས་ཀ་ཡིན་པར་ཐལ། གཉིས་ཀ་མ་ཡིན་པ་མ་ཡིན་པའི་ཕྱིར། གསུམ་དངོས་འགལ། ཡང་ལ་ལ་ནི། སྒྲ་ཇི་བཞིན་པ་ཁས་བླངས་ན་སྐྱོན་ཡོད་པས། ཡོད་པར་ཡང་མི་འཛིན་མེད་པར་ཡང་མི་འཛིན་ཞེས་སོགས་སྨྲ་བར་བྱེད་དོ། །འོ་ན་དེ་ལྟར་མི་འཛིན་པའི་བློ་བཞི་པོ་དེ་ཆོས་ཅན། ལོག་ཤེས་སུ་ཐལ། རང་གི་འཛིན་སྟངས་ཀྱི་བཟུང་བྱ་ལ་རིགས་པས་གནོད་པའི་བློ་ཡིན་པའི་ཕྱིར། རྟགས་ཁས་བླངས། ཡང་མི་མཁས་པ་དག་ན་རེ། ཡོད་པ་ཡང་བདེན་པར་གྲུབ་པ་མིན། མེད་པ་ཡང་དེར་གྲུབ་པ་མ་ཡིན། གཉིས་ཀ་ཡིན་པའི་ཕུང་གསུམ་ཡང་དེར་གྲུབ་པ་མིན། གཉིས་མིན་གྱི་ཕུང་གསུམ་ཡང་དེར་གྲུབ་པ་མ་ཡིན། ཞེས་བྱ་བའི་དོན་ཡིན་པས་ཁོ་བོ་ཅག་ལ་རྒུད་པ་ཅི་ཡང་མེད་དོ་ཞེས་ཟེར་རོ། །འོ་ན་དེ་འདྲའི་མཐའ་བྲལ་རྟོགས་པའི་ཤེས་རབ་དེ་ཆོས་ཅན། དབུ་མའི་ལྟ་བ་མིན་ཏེ། ཁྱོད་རྒྱུད་ལ་མ་སྐྱེས་པའི་རང་སྡེ་དངོས་པོར་སྨྲ་བ་སུ་ཡང་མེད་པའི་ཕྱིར། ཞེས་སྨྲས་ན་ཁྱེད་ཅག་རྒུད་པར་མི་འགྱུར་རམ། ཡང་ཁྱོད་རང་གིས་སྨྲས་པའི་ཉེས་པ་དེ་དག་ཁྱོད་ཉིད་ལ་འཇུག་པའི་ཚུལ་འདི་ལྟར། ཡོད་པ་མ་ཡིན་ན་མེད་པ་ཡིན་པས་ཁྱབ་པ་དེ། རྒོལ་བ་ཁྱོད་ཀྱིས་ཚད་གྲུབ་ཏུ་ཁས་བླངས་པས་ཉེས་པ་ཡིན་ཏེ། དོན་དམ་ལ་དཔྱོད་པའི་སྐབས་ཀྱི་རྟགས་དང་ཁྱབ་པ་ཐམས་ཅད་གཞན་གྲགས་སུ་བཞེད་པ་ཟླ་བའི་ཞབས་ཀྱི་དགོངས་པ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་འདི་ལྟར་ཁྱབ་པ་དེ་ཆོས་ཅན། མཐུན་པའི་དོན་དམ་དང་རིགས་པས་དཔྱད་བཟོད་གང་རུང་དུ་ཐལ། ཁྱོད་སྤྱིར་ཡོད། རིགས་ཤེས་ཀྱི་ངོར་ཡང་ཁྱོད་ཡོད་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་མོད། མ་གྲུབ་ན། རིགས་ཤེས་ཀྱི་ངོར་ཡོད་མེད་དངོས་འགལ་མ་ཡིན་པར་ཐལ་ལོ། །ཞེས་བརྗོད་ན་འཁོར་གསུམ་ཁྱོད་ཀྱིས་ཁས་བླངས་དགོས་སོ། །བཞི་པ་རིགས་པ་དེས་ཅི་ཡང་མ་རྙེད་པ་ལ་ཆོས་ཀྱི་བདག་མེད་རྙེད་པར་ཐ་སྙད་འདོགས་པ་ནི། སྤྲོས་པ་གཅོད་པའི་རིག་ཤེས་ཀྱི་ཅི་ཡང་མ་རྙེད་པ་ལ་ཐ་སྙད་འདོགས་པའི་ཤེས་བརྗོད་ཀྱིས་བདེན་མེད་རྙེད་དོ་ཅེས་འདོགས་པ་ཡིན་ཏེ། ཇི་སྐད་དུ། མདོ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་དང༌། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང༌། །ཞེས་པ་ནས། དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །ཞེས་དང༌། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་དང༌། རྗེ་བཙུན་གྱིས། མ་མཐོང་སྟོན་པར་མཛད་པ་གང༌། །ཞེས་དང༌། ཀླུ་སྒྲུབ་ཞབས་ཀྱིས། སེམས་འགྲེལ་དུ། གང་ལ་རྟོགས་བྱ་རྟོགས་བྱེད་ཡོད་དོ། །དེ་ལ་བྱང་ཆུབ་ཡོད་མིན། །ཞེས་དང༌། ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་སྒོམ་པར་གསུངས། །ཞེས་དང༌། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །ཞེས་དང༌། ཇོ་བོ་འདི་པཾ་ཀཱ་རས། འདི་ལྟར་སྣང་བའི་དངོས་པོ་འདི། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེའི་དུས་ཀྱི་ཐ་སྙད་དེ་ཡང་རྣལ་འབྱོར་པ་ལ་གྲགས་པའི་ཐ་སྙད་ཡིན་གྱི་འཇིག་རྟེན་གྱི་ཐ་སྙད་ནི་མ་ཡིན་ཏེ། འཇིག་རྟེན་ན་དེ་ལྟར་མ་གྲགས་པའི་ཕྱིར་དང༌། གལ་ཏེ་གྲགས་ན་ཐ་སྙད་བདེན་པ་རིགས་པས་དཔྱད་ནས་ཁས་ལེན་དགོས་པར་ཐལ་བའི་ཕྱིར་རོ། །ལྔ་པ་དེ་ཉིད་དབུ་མའི་ལྟ་བར་བསྟན་པ་ལ། ཡུལ་ཅན་ལྟ་བ་ངོས་བཟུང་ནས་དེ་ལ་འཁྲུལ་པ་དགག ལྟ་བའི་ཡུལ་གྱི་རྣམ་གྲངས་གཉིས་པ་བསྟན་ནས་དེ་ལ་འཁྲུལ་པ་བསལ་བའོ། །དང་པོ་ནི། དཔེར་ན་མྱུ་གུ་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་པས། གང་དུ་ཡང་མ་རྙེད་པའི་ཡུན་གྱི་ཤེས་རབ་དེ་ཉིད་ཆོས་ཅན། དབུ་མའི་ལྟ་བ་ཞེས་བྱ་སྟེ། རང་རྒྱུ་དབུ་མའི་རིགས་པས་དྲངས་པའི་ཤེས་རབ་གང་ཞིག སྤྲོས་པའི་མཐའ་གང་ལ་ཡང་མི་གནས་པའི་ཕྱིར། འདི་ལ་གཉིས་ཏེ། མཚན་ཉིད་པ་མངོན་སུམ་གྱི་ངོར་སྐྱེས་པ་དང༌། རྗེས་མཐུན་པ་རྟོག་པའི་ངོར་སྐྱེས་པའོ། །དང་པོ་ལ། སྣང་མེད་མཉམ་གཞག་གི་རྣལ་འབྱོར་མངོན་སུམ་དང༌། སྣང་བཅས་རྗེས་ཐོབ་ཀྱི་རྣལ་འབྱོར་མངོན་སུམ་གཉིས་སོ། །དང་པོ་ལ། དུས་རྟག་ཏུ་སྣང་བ་མེད་པ་སངས་རྒྱས་ཀྱི་ཆོས་སྐུའི་ཡེ་ཤེས་དང༌། རེས་འགའ་སྣང་བ་མེད་པ་སློབ་པའི་མཉམ་གཞག་གོ །གཉིས་པ་ལ། སྒྱུ་མར་འཛིན་པའི་སྤྲོས་པ་དང་བཅས་པ་སློབ་པའི་རྗེས་ཐོབ་དང༌། དེ་མེད་པ་སངས་རྒྱས་ཀྱི་གཟུགས་སྐུའི་ཡེ་ཤེས་སོ། །གཉིས་པ་རྗེས་མཐུན་པ་ལ། བསམ་བྱུང་གི་ངོ་བོར་སྐྱེས་པ་དང༌། སྒོམ་བྱུང་གི་ངོ་བོར་སྐྱེས་པའོ། །དང་པོ་ནི། རིགས་ཤེས་རྗེས་དཔག་དང༌། དེས་དྲངས་པའི་དཔྱད་ཤེས་རྣམས་སོ། །གཉིས་པ་ནི། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་དག་གོ །འདི་དག་ཀྱང་དེ་དང་དེར་ཞེན་པའི་ཆ་ནས་ལྟ་བར་འཇོག་པ་མ་ཡིན་གྱི། དེ་དང་དེ་རྟོགས་པ་དང་དེ་དང་དེ་ལ་གསལ་སྣང་མཆེད་པའི་ཆ་ནས་ལྟ་བར་འཇོག་པ་ཡིན་ནོ། །མདོར་ན། བདེན་སྟོང་ལ་སོགས་པར་ཞེན་པ་ལྟ་ཞོག དེར་འཛིན་པ་དང་དེའི་མཚན་མ་ཅུང་ཟད་གཅིག་ཤར་ན་ཡང༌། དེའི་ཆ་ནས་ལྟ་བ་མ་ཡིན་པ་ཁོ་ནར་འཇོག་དགོས་ཏེ། དེ་དང་དེའི་ཆ་ནས་སྤྲོས་བཅས་ཁོ་ནར་སོང་བའི་ཕྱིར། དེ་ལྟར་ན་འཕགས་པའི་མཉམ་གཞག་བར་ཆད་མེད་ལམ་གྱི་དུས་སུ་ནི། ལྟ་བའི་ངོ་བོར་མ་སྐྱེས་པའི་ཤེས་རབ་མི་སྲིད་ལ་རྣམ་པར་གྲོལ་བའི་ལམ་དང་རྗེས་ཐོབ་ཀྱི་དུས་སུ་ལྡོག་ཆ་སོ་སོར་ཕྱེད་དགོས་སོ། །སློབ་དཔོན་འཕགས་སེང་གཉིས་ཀྱིས་ནི། ཀུན་རྫོབ་སྒྱུ་མ་ལྟ་བུ་ལྟ་བའི་ཡུལ་དུ་གསུང་མོད། དེའི་ཚེ་ཡང་མཚན་འཛིན་དང་བྲལ་བའི་ཆ་ནས་ལྟ་བར་འཇོག་དགོས་ཏེ། ཇི་སྐད་དུ། འཁྲུལ་པའི་མཚན་མ་མཐའ་དག་སྤངས་པ། ཞེས་གསུངས་པའི་ཕྱིར། ཆོས་ཀྱི་སྤྱན་ལྡན་རྔོག་ལོ་ཆེན་པོ་ཡང་དོན་འདི་ཉིད་བཞེད་པ་ཡིན་ཏེ། ཇི་སྐད་དུ། དེས་ན་ཤེས་བྱའི་མཚན་མ་ལས། །བློ་ཡི་གཡོ་བ་རྣམས་བཟློག་སྟེ། །སྤྲོས་ཚོགས་ཉེར་ཞི་བདག་མེད་པའི། །དོན་ལ་བློ་ནི་ལེགས་བཞག་བྱ། །དེ་ལྟར་སྟོང་ཉིད་གོམས་པ་ལས། །དངོས་འཛིན་རབ་ཏུ་ཞི་བ་དང༌། །བདག་མེད་ཉིད་ཀྱང་འཛིན་མེད་པ། །དེ་ཚེ་ཡང་དག་མཐོང་ཞེས་བྱ། །ཅེས་གསུངས་སོ། །རྗེ་ས་སྐྱ་པ་ཆེན་པོ་ཡབ་སྲས་ཀྱང་དོན་འདི་ཉིད་བཞེད་པ་ཡིན་ཏེ། ཇི་སྐད་དུ། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་དང༌། སྒྱུ་མ་བརྗོད་བྲལ་དུ་བསྒྲུབ་པ་དང༌། དེའི་དོན་ལ་མཉམ་པར་འཇོག་པའི་ཚུལ་རྒྱས་པར་གསུངས་པའི་ཕྱིར་རོ། །དོན་འདི་ལ་གངས་ཅན་གྱི་དབུ་མ་པར་རློམ་པ་ཕྱིས་བྱོན་པ་དག་ན་རེ། གང་དུ་ཡང་འཛིན་པ་མེད་པ་འདི་ནི། ཅི་ཡང་ཡིད་ལ་མི་བྱེད་པ་ཁོ་ན་ཡིན་པས་ཧ་ཤང་གི་ལྟ་བ་དང་ཁྱད་པར་མེད་ལ། འོན་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་སོང་མ་སོང་གི་ཁྱད་པར་ཡོད་དོ་སྙམ་ན། དེ་ལྟ་ན་ནི་དེའི་དཔྱད་པ་ཚར་གཅིག་སྔོན་དུ་བཏང་ནས། གཉིད་ལོག་ན་ཡང་བདེན་མེད་རྟོགས་པའི་ཤེས་རབ་དུ་ཧ་ཅང་ཐལ་བར་འགྱུར་རོ། །མདོར་ན། བདག་འཛིན་གྱི་གཉེན་པོར་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་པ་འདི་ནི། འདྲེ་ཤར་སྒོར་གནས་པ་ལ་གླུད་ནུབ་སྒོར་གཏོང་བ་དང་འདྲའོ། །དེའི་ཕྱིར་མ་རིག་པ་དང་འཛིན་སྟངས་དངོས་སུ་འགལ་བའི་གཉེན་པོ་ནི། གཅིག་དང་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱི་ལེགས་པར་གཏན་ལ་ཕབ་པའི་དོན་ལ། ཡང་དང་ཡང་དུ་སེམས་འཇལ་ངེས་པར་རྟོག་པར་བྱེད་པའི་ཤེས་རབ་ཞིག་ཡིན་ལ། མཉམ་པར་འཇོག་པའི་ཚེ་ཡང༌། འཕྲལ་དང་འཕྲལ་དུ་དཔྱད་ཅིང་དཔྱད་ཅིང་བདག་མེད་དོ་ཅེས་དང༌། བདེན་པར་མེད་དོ་ཅེས་དྲན་འཛིན་གྱི་ཤུགས་རྒྱུན་ན་རེ་བ་དང་མ་བྲལ་བས་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱེད་ཅིང༌། ངག་ཏུ་ཡང་དེ་སྐད་ཅེས་ཡང་དང་ཡང་དུ་བརྗོད་དགོས་པ་ཡིན་ཏེ། ཇི་སྐད་དུ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་གོམས་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་སོ། །དེ་ལྟ་བུའི་ལྟ་བ་སྐྱོང་ཚུལ་འདི་ནི། གངས་རིའི་ཁྲོད་འདིར་སྔོན་ཆད་མ་བྱུང་ཡང༌། དུས་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་རྗེ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་གདམས་པ་ཁྱད་པར་ཅན་ཡིན་ནོ་ཞེས་ཟེར་བ་དག་བྱུང་ངོ༌། །འདི་མི་འཐད་པ་ལ་གསུམ་སྟེ། ལུང་དང་འགལ་བ་དང༌། རིགས་པ་དང་འགལ་བ་དང༌། ཁས་བླངས་ནང་འགལ་བ། དེ་དག་གི་ཉེས་སྤོང་ལ་དཔྱད་པའོ། །དང་པོ་ལ། སངས་རྒྱས་ཀྱི་མདོ་དང་འགལ་བ། རྗེ་བཙུན་གྱི་བསྟན་བཅོས་དང་འགལ་བ། དབུ་མའི་གཞུང་དང་འགལ་བ། གངས་ཅན་གྱི་ཤིང་རྟ་ཆེན་པོའི་གསུང་དང་མི་མཐུན་པའོ། །དང་པོ་ལ། དཀོན་མཆོག་བརྩེགས་པའི་ལུང་དང་འགལ་བ། ཤེར་ཕྱིན་གྱི་མདོ་དང་འགལ་བའོ། །དང་པོ་ནི། ཇི་སྐད་དུ། འོད་བསྲུངས་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི། གང་དག་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ། །ལྟ་བ་དེ་དག་ནི་དེ་ལྟ་མ་ཡིན་ཏེ། གསོར་མི་རུང་ངོ༌། །ཞེས་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཅེས་དང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་ནི། ཇི་སྐད་དུ། གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། །ཞེས་པར། སྟོང་ཉིད་ལ་ཞེན་པ་གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་སུ་བསྟན་པ་དང༌། དེ་མ་རྫོགས་དང་རབ་རྫོགས་ལ། །སྤྱོད་པ་བཀག་པའི་སྦྱོར་བ་ཞེས་གསུངས་པ་དང༌། གཟུགས་ལས་སོགས་ལ་རློམ་མེད་པ། །ཞེས་པར། རློམ་པ་རྣམ་བཞི་བཀག་དགོས་པར་གསུངས་སོ། །གསུམ་པ་ནི། ཇི་སྐད་དུ། གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས་ཞེས་དང༌། བྱང་ཆུབ་སེམས་འགྲེལ་དུ། སྐྱེ་མེད་ཅེས་དང་སྟོང་ཞེས་དང༌། །བདག་མེད་ཅེས་བྱར་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྒོམ་པ། །དེ་ནི་འདི་ན་བདག་སྒོམ་པའོ། །ཞེས་དང༌། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །ཞེས་དང༌། བརྒྱ་པ་ལས། བླུན་པོ་མཁས་པའི་ང་རྒྱལ་ཅན། །སྟོང་ལ་མངོན་པར་ཞེན་མི་བྱ། །ཞེས་དང༌། ཞི་བ་ལྷས། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་བདེན་སྟོང་དུ་ཞེན་པ་སྤང་དགོས་པར་གསུངས་པ་དང༌། ཟླ་བའི་ཞབས་ཀྱིས། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་བཞེད། །ཅེས་སོགས་རྒྱ་ཆེར་གསུངས་པ་དང༌། འགལ་བ་ཡིན་ནོ། །བཞི་པ་ནི། ཆོས་ཀྱི་སྤྱན་ལྡན་རྔོག་ལོ་ཆེན་པོས། ཇི་སྐད་དུ། དོན་རྣམས་རིགས་པའི་སྟོབས་ཀྱིས་རྣམ་འགར་གནས་འདོད་དང༌། །འདུས་བྱས་ལམ་འདས་དེ་ཉིད་ཚད་མས་ངེས་འཛིན་པ། །གཉིས་ཀ་དངོས་འཛིན་གདོན་ཆེན་མི་ཟད་ཁར་སོང་ནས། །ལྟ་བའི་མཆེ་བ་རྣོན་པོས་དམ་དུ་ཟིན་པ་ཡིན། །ཞེས་གསུངས་ལ། དེ་ལྟར་སྟོན་པའི་གཞུང་དེ་ཁྱོད་ཀྱིས་ཚད་མར་ཁས་བླངས་པའི་ཕྱིར། ཁྱོད་ལ་གནོད་པ་ཡིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ནི། དེ་ལྟར་དཔྱད་ཅིང་ཡིད་ལ་བྱེད་པའི་བློ་གང་ཡིན་པ་དེ་སྒོམ་བྱུང་དངོས་མ་ཡིན་ཏེ། ཇི་ལྟར་མཐོ་ཡང་ཐོས་བསམ་གང་རུང་ལས་མ་འདས་པའི་ཕྱིར་དང༌། གཞན་དུ་ན། བདག་མེད་རྟོགས་པའི་བསམ་བྱུང་གི་བློ་ཡིན་ན། སྒོམ་བྱུང་ཡིན་པས་ཁྱབ་པ་ལ་ཉེས་པ་ཅི་ཞིག་ཡོད། རྗེ་བཙུན་གྱིས། སེམས་འཇལ་ངེས་པར་རྟོག་པ་གསུམ་གསུངས་པའི་དོན་ལ། སློབ་དཔོན་འཕགས་སེང་གཉིས་ཀྱིས། ཐོས་བསམ་ལ་སྦྱར་བ་དང༌། ཏིང་ངེ་འཛིན་གྱི་སྦྱོར་འཇུག་ལ་སྦྱར་བའི་བཤད་པ་གཉིས་མཛད་པའི་ཕྱིར། ཁྱེད་ཀྱི་ལུང་མ་ཡིན་ནོ། །གཞན་ཡང་ཁྱོད་ལྟར་ན། ས་བཅུའི་མཉམ་བཞག་ན་སྟོང་ཉིད་སྒོམ་པའི་བློ་མེད་པར་འགྱུར་ཏེ། སྟོང་པ་ཉིད་དོ་སྙམ་པའི་དྲན་འཛིན་བར་མ་ཆད་པ་དེ་འདྲ་མེད་པའི་ཕྱིར། གཞན་དུ་ན་རྣལ་འབྱོར་མངོན་སུམ་དུ་ཇི་ལྟར་འགྱུར། དེ་ཡང་འདི་ལྟར། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པར་ཐལ། མེད་དགག་གི་རྣམ་པ་འཛིན་པའི་བློ་ཡིན་པའི་ཕྱིར། དེ་ཡང་རྟོག་མེད་ཀྱི་ཤེས་པས་ལྡོག་པ་མེད་དགག་སྣང་ཡུལ་དུ་བྱས་ནས་འཛིན་པ་ནི་ཆོས་ཀྱི་གྲགས་པའི་རིགས་པ་དང་འགལ་ལོ། །དེ་ལྟ་བས་ན། སྤྱིར་ཞེན་བློ་དང༌། ཁྱད་པར་བདེན་སྟོང་དུ་ཞེན་པའི་བློ་ཡིན་ན་དབུ་མའི་ལྟ་བ་མ་ཡིན་པས་ཁྱབ། དཔེར་ན་བཏགས་འཛིན་གྱི་རྟོག་པ་བཞིན། ཞེས་བྱ་བ་འདི་ནི་རིགས་པ་ཡིན་ཏེ། ཁྱེད་འདོད་པའི་དབུ་མའི་ལྟ་བ་དེ་ཇི་ལྟར་མཐོ་ཡང༌། བཏགས་འཛིན་གྱི་རྟོགས་པ་ལས་མ་འདས་པའི་ཕྱིར། གསུམ་པ་ཁས་བླངས་དང་འགལ་བ་ནི། བུམ་པ་བདེན་སྟོང་དེ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ཞེན་ཡུལ་ཡིན་ན། བུམ་པ་བདེན་སྟོང་དཔྱད་གཞིར་གཟུང་ནས་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་ངོར། དེ་གྲུབ་བམ་མ་གྲུབ། དང་པོ་ལྟར་ན། དེ་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། རང་གི་ཐ་སྙད་བཏགས་པའི་བཏགས་དོན་ཚོལ་བར་བྱེད་པའི་རིགས་ཤེས་ཀྱི་ངོར་གྲུབ་པའི་ཕྱིར། གསུམ་ཆར་ཁྱོད་ཀྱིས་ཁས་བླངས། གཉིས་པ་ལྟར་ན། བདེན་སྟོང་དཔྱད་གཞིར་བཟུང་ནས་གཅིག་དང་དུ་མ་གང་དུ་གྲུབ་དཔྱོད་པའི་རིགས་ཤེས་དེ་ཆོས་ཅན། བདེན་སྟོང་དེ་ཁྱོད་ཀྱི་ངོར་གྲུབ་པར་ཐལ། དེ་ཁྱོད་ཀྱི་ཞལ་བྱ་ཡིན་པའི་ཕྱིར་ཏེ། ཁྱོད་དེ་འཇལ་བར་བྱེད་པའི་ཚད་མ་ཡིན་པའི་ཕྱིར གསུམ་ཆར་ཁས་བླངས་སོ། །བཞི་པ་ནི། འོ་ན་རྟོག་པ་དེ་དང་དེ་སྤོང་བ་ལ། དེ་དང་འཛིན་སྟངས་འགལ་བའི་རྣམ་པ་ཅན་ཁོ་ན་དགོས་ན། ཆགས་སྡང་གི་གཉེན་པོར་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྒོམ་པ་དོན་མེད་པར་འགྱུར་རོ། །མི་འགྱུར་ཏེ་དེས་དེའི་སོན་དྲུངས་འབྱིན་པའི་ཕྱིར་རོ་སྙམ་ན། མཚན་མ་ཅི་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཀྱང༌། བདེན་འཛིན་གྱི་ས་བོན་ལ་གནོད་པ་ཡིན་ཏེ། དེས་མཚན་འཛིན་ལ་གནོད་པ་གང་ཞིག བདེན་པར་འཛིན་པ་ཐམས་ཅད་མཚན་འཛིན་གྱི་རྩ་བ་ཅན་ཡིན་པའི་ཕྱིར། ཤར་སྒོ་དང་ནུབ་སྒོའི་དཔེ་དོན་སྦྱོར་ཚུལ་གྱི་གནོད་པ་དེ་ཁྱོད་ཉིད་ལ་འཇུག་སྟེ། བདེན་འཛིན་ལྷན་སྐྱེས་ཀྱི་དངོས་ཀྱི་འགལ་ཟླར་གྱུར་པའི་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དེས། རྟག་གཅིག་རང་དབང་ཅན་གྱི་གང་ཟག་གི་བདག་འཛིན་ལ་མི་གནོད་པར་ཐལ། དེ་དང་འཛིན་སྟངས་དངོས་སུ་མི་འགལ་བའི་ཕྱིར། ཁྱབ་པ་ཁས་བླངས། མ་གྲུབ་ན། དེ་ལྟར་འཛིན་པའི་བདག་དེ་ཆོས་ཅན། བདག་འཛིན་ལྷན་སྐྱེས་སུ་ཐལ། ཤེས་རབ་དེའི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་མ་རིག་པ་ཡིན་པའི་ཕྱིར། གསུམ་ཆར་ཁྱེད་ཀྱིས་ཁས་བླངས། ཡང་བདག་འཛིན་ཀུན་བཏགས་ཀྱི་གཉེན་པོར་ཀུན་བཏགས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་སྒོམ་དགོས་པར་སོང་བས་ཁྱེད་ལ་ནང་འགལ་བྱུང་བ་ཡིན་ནོ། །ཡང་ཁྱེད་ལྟར་ན་བུམ་པའོ་སྙམ་པའི་མཚན་འཛིན་གྱི་གཉེན་པོར། བུམ་པ་མེད་པར་མངོན་སུམ་དུ་རྟོགས་པའི་ཤེས་རབ་སྒོམ་དགོས་པ་དང༌། དེས་དེའི་ས་བོན་དྲུངས་འབྱིན་ནུས་པར་འགྱུར་ལ། དེ་ལྟ་ན་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་གང་དང་གང་ལ་མཚན་མར་འཛིན་པའི་གཉེན་པོར། དེ་ཐམས་ཅད་མེད་པར་རྟོགས་པའི་ཤེས་རབ་སྒོམ་པར་འདོད་དགོས་པས་ཧ་ཅང་ཐལ་ལོ། །ཡང་ན་ནི། བུམ་པའོ་སྙམ་པའི་མཚན་འཛིན་གྱི་གཉེན་པོར། བུམ་པ་མིན་ནོ་སྙམ་པ་དང༌། ཆོས་ཐམས་ཅད་ཡོད་དོ་སྙམ་པའི་མཚན་འཛིན་གྱི་གཉེན་པོར། ཆོས་ཐམས་ཅད་མེད་དོ་སྙམ་དུ་སྒོམ་དགོས་པར་འགྱུར་ན། དེ་ཡང་ཧ་ཅང་ཐལ་བ་ཡིན་ཏེ། དེ་ལྟར་མི་ནུས་པ་དང༌། མི་ཕན་པ་དང༌། མི་དགོས་པའི་ཕྱིར། ཁོ་བོ་ཅག་ལྟར་ན་ནི། གང་དང་གང་ལ་མཚན་མར་འཛིན་པ་དེ་དང་དེའི་གཉེན་པོར། ཁྱད་པར་གྱི་གཞི་གང་ཡིན་པ་དེའི་བཏགས་དོན་ཚོལ་བྱེད་ཀྱི་རིགས་པས་བཙལ་ནས་ཅི་ཡང་མ་རྙེད་པའི་ངང་ལ་མཉམ་པར་འཇོག་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཧྭ་ཤང་གི་ལུགས་དང་མཚུངས་པ་མིན་ཏེ། དེའི་ལུགས་ཀྱི་ཅིར་ཡང་མི་དམིགས་པ་ཞེས་བྱ་བ་དེ་ཆོས་ཅན། ཐ་སྙད་དུ་ཡང་དོན་དམ་པའི་བདེན་པ་མ་ཡིན་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་མ་སོང་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཡང་མ་ཡིན་ཏེ། དེ་ལ་གནས་ནས་དེའི་རང་བཞིན་ལ་སྐུར་པ་བཏབ་པའི་ཕྱིར། དེ་ལ་མི་གནས་སོ་ཤེ་ན། འོ་ན་བདེན་པ་གཉིས་ལས་འདས་པར་ཐལ་ལོ། །ཞེས་བྱ་བས་གནོད་ལ། ཁོ་བོ་ཅག་འདོད་པའི་ཅིར་ཡང་མི་དམིགས་པ་དེ་ནི་ཐ་སྙད་ཀྱི་ཚེ། དོན་དམ་པའི་བདེན་པ་དངོས་ཡིན་པས་སོ། །གཉིས་པ་ལྟ་བའི་ཡུལ་གྱི་རྣམ་གྲངས་གཞན་བཤད་པ་ལ། དངོས་དང༌། དེ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ནི། སྔར་བཤད་པ་དེ་དག་ནི་བཀའ་འཁོར་ལོ་བར་པ་དགོངས་འགྲེལ་དང་བཅས་པའི་དབང་དུ་བྱས་པ་ཡིན་ལ། ངེས་དོན་མཐར་ཐུག་པའི་གཞུང་བླ་མ་བཀའ་འཁོར་ལོ་ཐ་མའི་མདོ་དགོངས་འགྲེལ་དང་བཅས་པ་ལས་ནི། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སེམས་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་བ་མིན་པར་དགག་པ་དེ་ཉིད་དོ། །འདི་ལ་མིང་གི་རྣམ་གྲངས་ནི། བདེ་བར་གཤེགས་པའི་སྙིང་པོ་དང༌། དོན་དམ་པའི་བདེན་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་བྱ་བའི་སྒྲས་བསྟན་ནོ། །གཉིས་པ་ནི། དོན་འདི་ལ་གཞན་སྟོང་ཁས་ལེན་པ་དག་ན་རེ། སྔར་བཤད་པའི་ཕུང་པོ་རྣམ་བཅད་ཀྱི་སྟོང་པ་ཉིད་དམ། རང་སྟོང་དེ་ནི། ཆུ་ཤིང་བཞིན་དུ་སྙིང་པོ་མེད་པའི་ཕྱིར་བརྫུན་པ་དང་བསླུ་བ་ཡིན་ལ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དམ་གཞན་སྟོང་དེ་ནི། བདེན་པར་གྲུབ་པ་དང༌། རིགས་པས་དཔྱད་བཟོད་དུ་གྲུབ་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། ཇི་སྐད་དུ། འཇམ་དཔལ་གྱི་ལྟ་བའི་འདོད་པ་ལས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་གསུངས་པས་སོ། །ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། ཀླུ་སྒྲུབ་ཞབས་ཀྱིས། རིགས་པས་རྣམ་པར་དཔྱད་པ་ན་དཔྱད་བཟོད་པའི་ཆོས་དེ་ནི་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དང༌། ཐོག་མ་དབུས་དང་ཐ་མ་ཡང༌། །སྐད་ཅིག་བཞིན་དུ་བསམ་བྱས་ན། །ཞེས་བྱ་བའི་རིགས་པས་བརྟགས་ཤིང་དཔྱད་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱང་ལྷག་མ་ཅུང་ཟད་ཀྱང་མི་ལུས་པའི་ཕྱིར་དང༌། ཁྱེད་རང་གིས་ངེས་པའི་དོན་དུ་འདོད་པའི་བྱང་ཆུབ་སེམས་འགྲེལ་དང༌། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། སེམས་གསལ་རིག་དེ་རིགས་པས་དཔྱད་མི་བཟོད་པ་ཁོ་ནར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །རྣམ་རིག་མིང་དུ་བལྟ་བྱ་སྟེ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་དང་དེ་བཞིན་ཕྱི་རོལ་དང༌། །ཡང་ན་གཉིས་ཀའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སྒྱུ་མ་ཡིས། །རང་བཞིན་སེམས་ནི་མ་གཟིགས་སོ། །ཞེས་དང༌། མདོར་ན་སངས་རྒྱས་རྣམས་ཀྱིས་སེམས། །མི་རྟག་ཉིད་དུ་བཞེད་གྱུར་ན། །དེ་དག་སེམས་དེ་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །ཞེས་དང༌། སློབ་དཔོན་དཔའ་བོའི་ཞབས་ཀྱིས་ཀྱང༌། བདེན་པའི་དེ་ཉིད་སེམས་དེ་ལ། །འདིར་ནི་ཅུང་ཟད་རྣམས་བརྟགས་ན། །བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་རྒྱས་པར་གསུངས་པའི་ཕྱིར་དང༌། ཁྱེད་ཀྱིས་འདོད་པ་འདི་ནི་རྣམ་བརྫུན་པའི་ལྟ་བ་ལས་གོང་དུ་ཅུང་ཟད་ཀྱང་མ་འཕགས་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ལྷས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས། །ཞེས་གསུངས་ནས་དོན་དེ་ཉིད་ལ་དགག་པ་རྒྱ་ཆེར་མཛད་པའི་ཕྱིར། མདོར་ན་གངས་ཅན་གྱི་ལྗོངས་འདིར། སེམས་ཙམ་རྣམ་རྫུན་གྱི་ལྟ་བ་ལ་དབུ་མར་འདོད་པ་གཞན་སྟོང་པར་གྲགས་པ་དང༌། གྲུབ་མཐའ་བཞི་ཀ་དང་མི་མཐུན་པ་སྟོང་ཉིད་ལ་མཚན་མར་འཛིན་པའི་བློ་དབུ་མར་འདོད་པ་རང་སྟོང་གི་ལུགས་སུ་རློམ་པ་གཉིས་སོ། །དང་པོ། གཞན་སྟོང་བདེན་གྲུབ་དབུ་མར་སྨྲ་བའི་རྟོག་གེ་བ་དག་ནི། རྟག་པའི་མཐར་ལྷུང་ཞིང༌། གཉིས་པ་རིགས་ཤེས་ཀྱིས་སྤྲོས་པ་ཐམས་ཅད་བཀག་ཤུལ་དུ། རང་སྟོང་སྒྲུབ་བྱར་ཞེན་པ་དབུ་མར་འདོད་པའི་རྟོག་གེ་པ་དག་ཀྱང་དེ་དང་འདྲ་སྟེ། འདི་ལྟར་གཟུགས་ལ་སོགས་པ་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དེ་ཆོས་ཅན། རང་བཞིན་གྱིས་ཡོད་པར་ཐལ། རིགས་ཤེས་ཀྱིས་དགག་བྱ་བཀག་པའི་ཤུལ་དུ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། མདོར་ན། སྤྲོས་པ་གཅོད་པའི་རིགས་ཤེས་ཀྱི་ངོར་གྲུབ་ན། རྟག་པའི་མཐའ་ལས་མ་འདས་ཏེ། རི་བོང་གི་རྭ་ལྟར་ཆད་ན་རིགས་ཤེས་དེའི་ངོར་ཡོད་མི་སྲིད་པའི་ཕྱིར་རོ། །འདིར་རྟག་པའི་མཐའ་ཞེས་བྱ་བ་ནི། ཆོས་གང་དང་གང་དཔྱད་གཞིར་བཟུང་ནས་དཔྱད་པའི་རིགས་ཤེས་དེའི་ངོར་གྲུབ་པའོ། །ཆད་པའི་མཐའ་ཞེས་བྱ་བ་ནི། ཚད་མས་གྲུབ་པའི་དོན་ཞིག་ཕྱིས་མེད་པར་སོང་བའོ། །དེས་ན་རང་སྟོང་སྨྲ་བ་ལ་གཉིས་ཏེ། རིགས་པའི་དཔྱད་པ་སྔོན་དུ་བཏང་ནས་ཅི་ཡང་མ་རྙེད་པ་ལ་རང་སྟོང་དུ་ཐ་སྙད་འདོགས་པ་སྔོན་རབས་མཁས་པའི་ལུགས་བཟང་པོ་གཅིག་དང༌། བདེན་སྟོང་རྙེད་ཅིང་རྙེད་པ་ལྟར་དེར་ཞེན་པའི་བཅད་ཤེས་ཀྱིས་རང་སྟོང་རྟོགས་པར་འདོད་པ་ཕྱི་རབས་རང་བཟོ་མཁན་པོའི་ལུགས་གཉིས་ལས་ཕྱི་མ་འདི་ནི་རང་སྟོང་གི་ལུགས་མ་ཡིན་ཏེ། སྤྲོས་པ་གཉིས་བཀག་ཤུལ་དུ་སྤྲོས་པ་གཉིས་པ་འཕེན་པར་བྱེད་པ་འདི་ནི། དངོས་པོར་འཛིན་པའི་གདོན་གྱིས་བསྐྲུན་པའི་མི་ཟད་པའི་དུག་ཆེན་པོ་ཡིན་པའི་ཕྱིར། དེས་ན་འདི་ནི། སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ནང་ན་ཡང་མེད་དོ། །ཇི་ལྟར་ཞེ་ན། དབུ་མ་པའི་ནང་ན་མེད་དེ། ཐལ་འགྱུར་བའི་ནང་ན་ཡང་མེད། རང་རྒྱུད་པའི་ནང་ན་ཡང་མེད་པའི་ཕྱིར། དང་པོར་མེད་དེ། གཟུགས་སོགས་བདེན་སྟོང་རྟགས་ཀྱི་བསྒྲུབ་བྱར་ཁས་བླངས་པའི་ཕྱིར་དང༌། བདེན་སྟོང་ཞེས་བྱ་བའི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ནས་བཞག་པའི་ཕྱིར། གཉིས་པར་མེད་དེ། དེ་འབད་ནས་འགོག་པའི་ཕྱིར་དང༌། རང་རྒྱུད་པའི་ལུགས་བླ་ན་མེད་པ་ནི། རིགས་ཤེས་རྗེས་དཔག་གིས་བསྒྲུབ་བྱར་ཞེན་པའི་དོན་གང་ཡིན་པ་དེ་ཀུན་རྫོབ་ཏུ་བཞེད་པ་དེ་ཡིན་པ་ལས། ཁྱོད་ཀྱིས་དོན་དམ་བདེན་པར་ཁས་ལེན་པའི་ཕྱིར། དེ་བས་ན་མཚན་འཛིན་གྱི་བློ་ཞིག་ལ་གནས་ལུགས་ཀྱི་དོན་རྟོགས་པའི་ལྟ་བར་ཁས་ལེན་པའི་ཕྱིར། དངོས་པོར་སྨྲ་བ་ལས་གཞན་ན་མེད་དོ། །དེའི་ནང་ནས་ཀྱང་རང་སྡེ་རྣམ་རྫུན་པའི་ལྟ་བ་ནི་མིན་ཏེ། ཕྱི་རོལ་གྱི་དོན་ཚད་གྲུབ་ཏུ་ཁས་ལེན་པའི་ཕྱིར་དང༌། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཀུན་རྫོབ་བདེན་པར་ཁས་ལེན་པའི་ཕྱིར། རྣམ་བདེན་པའི་ལྟ་བ་ལས་ཀྱང་དམན་ཏེ། ཐ་སྙད་དུ་གཟུང་འཛིན་རྫས་གཞན་ཡིན་པ་དེ་རང་གི་ལུགས་སུ་ཁས་བླངས་པའི་ཕྱིར་དང༌། གཞི་གཅིག་ཏུ་ཆུ་དང་བདུད་རྩི་དང་རྣག་ཁྲག་ལ་སོགས་པའི་འཁྲུལ་སྣང་ཐམས་ཅད་དོན་གྱི་སྟེང་ན་གནས་པ་དང༌། ཆ་ཅན་སྐྱེས་བུ་གཅིག་གི་གཟུགས་ཀྱི་སྟེང་ན་ཡིད་འོང་མི་འོང་གི་ཆ་གཉིས་གནས་པར་ཁས་བླངས་པའི་ཕྱིར། མདོ་སྡེ་པའི་ལྟ་བ་ལས་ཀྱང་དམན་ཏེ། དོན་སྣང་གི་རྣམ་པར་ཤེས་པ་ལ་དོན་གྱི་རྣམ་པ་ཙམ་སྣང་གི དོན་དངོས་སུ་མི་སྣང་བ་དེ་མདོ་སྡེ་པའི་ལུགས་ཀྱིས་ཆོས་ཀྱི་བདག་མེད་ལ་འཇུག་པའི་སྒོ་ཁྱད་པར་ཅན་ཡིན་པ་ལས། ཁྱེད་ཀྱིས་ནི་དེས་དེ་ཐུག་ཕྲད་དུ་འཛིན་པར་ཁས་བླངས་པས་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་གནས་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་གནས་ཀྱང་དམན་ཏེ། འདུ་བྱེད་ཀྱི་ཕུང་པོའི་ཁྱད་པར་ཞིག་བདག་གི་མཚན་གཞིར་ཁས་བླངས་པས། མང་པོས་བཀུར་བའི་སྡེ་པ་དག་གི་འདོད་པ་ལས་མ་བརྒལ་བའི་ཕྱིར། དེའི་ལྟ་བ་ལས་ཀྱང་དམན་པ་ཡིན་ཏེ། དེས་ནི་བདག་ཕུང་གཅིག་དང་ཐ་དད་གང་རུང་དུ་ཁས་བླངས་པའི་ཉེས་པ་མཐོང་ནས་བརྗོད་མེད་དུ་ཁས་བླངས་ལ། ཁྱེད་ཀྱིས་ནི་དེ་གཉིས་རིགས་ངོར་ཐ་དད་དུ་བརྗོད་དུ་ཡོད་པར་ཁས་བླངས་པའི་ཕྱིར། གཞན་ཡང་ལུགས་འདིས་ནི་ཟླ་བའི་ཞབས་ཀྱི་ཐུན་མོང་མ་ཡིན་པའི་གྲུབ་པའི་མཐའ་སྨྲ་བར་ཁས་བླངས་ནས། དེའི་ལུགས་ཉམས་པར་བྱེད་པ་དེ་ལྟ་བུ་དག་མཐོང་སྟེ། དེ་ཡང་ཆོས་ཀྱི་བདག་འཛིན་གང་ཡིན་ཐམས་ཅད་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་དེའི་བཞེད་པ་མ་ཡིན་ཏེ། སློབ་དཔོན་དེས་ནི་ཀུན་རྫོབ་བདེན་པའི་སྒྲ་བཤད་པའི་གཞིར་གྱུར་པའི་མཚན་འཛིན་དེ་ལ་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་ཅན་མ་ཡིན་པ་གཉིས་སུ་ཕྱེ་ནས་དང་པོ་ཡང་སྲིད་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་གྱུར་པའི་སོ་སོ་སྐྱེ་བོའི་རྒྱུད་ཀྱི་བདེན་འཛིན་ལ་འཆད་པ་དང༌། གཉིས་པ་ནི། བདེན་མེད་མངོན་སུམ་དུ་རྟོགས་པའི་འཕགས་རྒྱུད་ཀྱི་མཚན་འཛིན་ལ་འཆད་པ་དང༌། དེ་ཡང་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་མ་ཡིན་པར་འཆད་པ་ཤིན་ཏུ་གསལ་བའི་ཕྱིར་ཏེ། ཇི་སྐད་དུ། གཏི་མུག་བརྟེན་ནས་མ་ཡིན་གཏི་མུག་མེད་པར་དེ། །ཞེས་པ་རྩ་འགྲེལ་ལས་གསལ་བས་སོ། །ཡང་བདག་ཡོད་པ་དང༌། ཕྱི་རོལ་གྱི་དོན་ཡོད་པ་ཟླ་བའི་ཞབས་ཀྱི་ལུགས་ཡིན་ནོ། །ཞེས་ཟེར་བ་འདིས་ཀྱང་དེའི་ལུགས་འཇིག་པར་བྱེད་པ་ཡིན་ཏེ། དེ་གཉིས་ནི་རང་ལུགས་ཀྱི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་དང༌། གལ་ཏེ་འགྲུབ་ན། ཇི་སྙེད་པ་མཁྱེན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། བདག་མེད་པར་མངོན་སུམ་དུ་རྟོགས་པར་ཐལ། དེ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཕྱི་དོན་འགྲུབ་བྱེད་ཀྱི་ཚད་མ་མ་ཡིན་ཏེ། གཏི་མུག་གི་གཉིད་མ་ལུས་པ་ལས་སད་པའི་ཤེས་པ་ཡིན་པའི་ཕྱིར། དཔེར་ན་ཐ་མལ་གྱི་གཉིད་སད་པའི་ཤེས་པས་རྨི་ལམ་གྱི་རྟ་གླང་མི་འགྲུབ་པ་བཞིན་ནོ། །ཞིག་པ་དངོས་པོར་ཁས་ལེན་པ་འདིས་ཀྱང་དེའི་ལུགས་ཉམས་པར་བྱས་པ་ཡིན་ཏེ། དེ་དངོས་པོར་མེད་པ་ཁོ་ནར་ཀླུ་སྒྲུབ་ཞབས་ཀྱིས་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱིར་དང༌། ཞིག་པ་དང་མ་འོངས་པའི་གཞི་མཐུན་འདོད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལུགས་གཉིས་ལས་བརྒལ་བའི་ཕྱིར། ཉན་རང་འཕགས་པས་ཆོས་ཀྱི་བདག་མེད་རྟོགས་པར་བཞེད་པ་ཟླ་བའི་ཞབས་ཀྱི་ལུགས་ཡིན་པར་བསྙོན་པར་མི་ནུས་མོད། གང་ཟག་བདེན་པར་འཛིན་པ་གང་ཟག་གི་བདག་འཛིན་གྱི་དོན་དུ་བཞེད་པ་ཡིན་ནོ་ཞེས་པ་འདིས་ཀྱང་དེའི་ལུགས་འཇིག་པར་བྱེད་པ་ཡིན་ཏེ། གང་ཟག་གཞན་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་གང་ཟག་གི་བདག་ཏུ་འཛིན་པ་ཡིན་ནོ་ཞེས་བྱ་བ་འདི་ནི། ལུགས་གཉིས་བརྒལ་བའི་ཕྱིར་དང༌། གང་ཟག་གི་བདག་འཛིན་ནི་ངར་འཛིན་ཉིད་ལ་བྱ་བར་མདོ་རྒྱུད་བསྟན་ཆོས་ཐམས་ཅད་ལས་གསལ་བའི་ཕྱིར། ཡང་ཐ་སྙད་ཀྱི་བདེན་པ་ལ་རྣམ་པར་སྤྱོད་པའི་སྐབས་སུའང་རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་དོ་ཞེས་བྱ་བ་འདིས་ཀྱང་ཟླ་བའི་ཞབས་ཀྱི་ལུགས་ཉམས་པར་བྱས་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་ཕ་རོལ་འགོག་པའི་དུས་སུ་བདག་ཉིད་ནི། །ཞེས་སོགས་སུ་ཚུལ་གསུམ་འཇིག་རྟེན་ལུགས་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་ཞལ་གྱིས་བཞེས་པའི་ཕྱིར་དང༌། དུ་བས་ལ་མེ་ལྡན་དུ་སྒྲུབ་པ་ལྟ་བུ་ལ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་པར་བཞག་པ་ཇི་ལྟ་བ་བཞིན་དུ་ཞལ་གྱིས་བཞེས་པའི་ཕྱིར། གཞན་དུ་ན་ཐ་སྙད་ཀྱི་བདེན་པ་རྣམ་པར་འཇོག་པའི་ཚད་མ་ནི། མངོན་སུམ་གཅིག་བུར་འགྱུར་བའམ། ཡང་ན་ཐ་སྙད་ལ་དཔྱོད་པའི་རྗེས་དཔག་ཇི་སྙེད་པ་ཐམས་ཅད་ཀྱང་གཞན་གྲགས་ཁོ་ནར་འགྱུར་རོ། །དེ་ལྟ་ན་ནི་དེའི་དུས་ཀྱི་རྟགས་དང་རྗེས་དཔག་ཐམས་ཅད་ཆོས་ཅན། དགག་བྱ་རྒོལ་བའི་བློ་ངོར་འགོག་པ་ཙམ་དུ་ཟད་ཀྱི་བསྒྲུབ་བྱ་ཅུང་ཟད་ཀྱང་མི་སྒྲུབ་པར་ཐལ། གཞན་གྲགས་ཀྱི་རྟགས་དང་རྗེས་དཔག་ཁོ་ན་ཡིན་པའི་ཕྱིར་རོ། །ཡང་ཟླ་བའི་ཞབས་ཀྱིས་ཀུན་གཞི་དང་རང་རིག་མི་བཞེད་དོ་ཅེས་བྱ་བ་འདིས་ཀྱང༌། ལུགས་ཉམས་པར་བྱས་པ་ཡིན་ཏེ། བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས། སེམས་ཙམ་པའི་འདོད་པ་འགོག་པ་ན། ཀུན་གཞིའི་རྣམ་པར་ཤེས་པ་བདེན་གྲུབ་ཡིན་པ་བཀག་ནས་རྫུན་པ་དེ་འཁོར་བར་སྐྱེ་བ་ལེན་པ་པོར་བཤད་པའི་ཕྱིར་དང༌། ཟླ་བའི་ཞབས་ཀྱིས། ཇི་སྐད་དུ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི། རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ལ་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བརྗོད་པར་རིག་པར་བྱའོ། །སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཀུན་གཞིའི་མིང་གིས་བཏགས་ནས་གསུངས་པའི་ཕྱིར་དང༌། རང་རིག་མེད་ན་སོ་སོར་རང་གིས་རིག་པའི་ཡེ་ཤེས་ལ་སྐུར་པ་བཏབ་པར་སོང་བའི་ཕྱིར་དང༌། སེམས་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་རང་རིག་མི་འཐད་ཅིང༌། སེམས་རང་བཞིན་གྱིས་མ་གྲུབ་པའི་ཕྱོགས་ལ་རང་རིག་གི་འཇོག་ཚུལ་འཐད་དོ་ཞེས་པ་ནི་ཟླ་བའི་ཞབས་ཀྱི་དགོངས་པར་ངེས་པའི་ཕྱིར། ཡང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་ཚད་མར་སོང་བ་ཡིན་ནོ་ཞེས་བྱ་བ་འདིས་ཀྱང་ཟླ་བའི་ཞབས་ཀྱི་ལུགས་ཉམས་པར་བྱེད་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ལྷས། འདི་དག་འཁྲུལ་པའི་སྣང་བ་སྟེ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །མ་རིག་རྨོངས་པའི་གཉིད་སད་ན། །འཁོར་བ་འདི་དག་མི་དམིགས་སོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་དང༌། ཀུན་རྫོབ་ཀྱི་བདེན་པ་ཇི་སྙེད་པ་མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་ཐལ་བར་འགྱུར་པའི་ཕྱིར་རོ། །འདིར་ནི་དེ་ཙམ་ལས་མི་སྤྲོའོ། །བཞི་པ་ལྟ་བ་རྟོགས་ནས་ཇི་ལྟར་སྒོམ་པའི་ཚུལ་ལ། མཉམ་གཞག་ཏུ་སྤྲོས་པ་གཅོད་པའི་རིགས་པས་ཇི་ལྟར་དཔྱད་པའི་དོན་ལ་མཉམ་པར་བཞག་པས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བའི་ཚུལ། རྗེས་ཐོབ་ཏུ་ཐ་སྙད་འདོགས་པའི་ཤེས་བརྗོད་ཀྱིས་ཐ་སྙད་ཇི་ལྟར་བཏགས་པའི་དོན་ཡིད་ལ་བྱས་པས་མེད་པ་སྐུར་འདེབས་ཀྱི་མཐའ་སེལ་བའི་ཚུལ་ལོ། །དང་པོ་ལ། སྒྲོ་འདོགས་རིམ་གྱིས་སེལ་བ་རྟོག་བཅས་ཀྱི་སྒོམ་ཚུལ་དང༌། ས་བོན་ཅིག་ཆར་དུ་འཇོམས་པ་རྟོག་མེད་ཀྱི་སྒོམ་ཚུལ་ལོ། །དང་པོ་ནི། ངེས་འབྱེད་ཆ་བཞིའི་མཉམ་གཞག་ཏུ་སྒོམ་པའི་རིམ་པ་སྟེ། གོ་རིམ་བཞིན་དུ། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་དང༌། རྣམ་བྱང་གི་གཟུང་བ་དང༌། གང་ཟག་རྫས་ཡོད་ཀྱི་འཛིན་པ་དང༌། སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་ལ། སྔར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རང་བཞིན་བཀག་ཙམ་གྱི་མེད་པར་དགག་པ་རྣམ་པ་ཅིར་ཡང་འཆར་རྒྱུ་མེད་པ་དེ་ཉིད་ལ་སྤོང་བའི་འདུ་བྱེད་བརྒྱད་དང་མ་བྲལ་བར་མཉམ་པར་འཇོག་པ་བྱེད་དོ། །འདིར་ཞེན་པ་གཏིང་ན་ཡོད་ཀྱང་མངོན་གྱུར་དུ་དེ་དང་དེར་ཞེན་པར་བྱེད་པ་མ་ཡིན་ཏེ། དེ་དང་དེ་ལ་གསལ་སྣང་མཆེད་ཀྱི་ཕྱིར་དང༌། ཇི་སྐད་དུ། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་དང༌། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་དང༌། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མཐོང་བའི་ལམ་དང་སྒོམ་པའི་ལམ་གྱི་མཉམ་གཞག་ཏུ་ཡིད་ལ་བྱེད་པའི་རིམ་པ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་བཏང་ནས། ཆོས་ཅན་ཐམས་ཅད་ཀྱི་རང་གི་ངོ་བོ་ཅིར་ཡང་མ་རྙེད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱེད་དོ། །འདིར་ནི་སེམས་དང་དེ་ཁོ་ན་ཉིད་དང་དབྱེར་མེད་གཅིག་ཏུ་འདྲེས་པའི་ཕྱིར། མཚན་འཛིན་གྱི་རྣམ་པར་རྟོག་པ་གཏིང་དུ་ཡང་མི་འབྱུང་ངོ༌། །གཉིས་པ་ལ། ལྟ་བ་ཡིད་ལ་བྱེད་པའི་ཚུལ་དང༌། སྤྱོད་པ་རྗེས་སུ་སྒྲུབ་པའི་ཚུལ་ལོ། །དང་པོ་ལ། ཡོད་མཐའི་གཉེན་པོར་བདེན་མེད་དང་སྤྲོས་བྲལ་སོགས་ཀྱི་ཐ་སྙད་ཡིད་ལ་བྱེད་པའི་ཚུལ། མེད་མཐའི་གཉེན་པོར་རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡིད་བྱེད་པའོ། །འདིའི་རྗེས་ཐོབ་ཀྱི་རིམ་པ་འདི་དག་ནི། རྣལ་འབྱོར་པའི་ཀུན་རྫོབ་ཅེས་བྱ་བ་དེ་ཉིད་ཡིན་ལ། འདི་ལའང་གསལ་སྣང་གི་ཆ་དང༌། མཚན་འཛིན་གྱི་ཆ་གཉིས། དང་པོ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་སློབ་པའི་རྗེས་ཐོབ་དང་སྣང་ཚུལ་མཐུན་པར་གཟིགས་པ་མི་འགལ་ལ། གཉིས་པ་ནི། འཁྲུལ་སྣང་ཡིན་པའི་ཕྱིར། དེ་ལ་མི་སྣང་ངོ༌། །དེས་ན་ཇི་སྲིད་གཉིས་སྣང་གི་བག་ཆགས་དྲུང་མ་ཕྱུང་བ་དེ་སྲིད་དུ། རྗེས་ཐོབ་ཀྱི་སྣང་བ་ཐམས་ཅད་ལ་འཁྲུལ་པའི་བག་ཆགས་ཀྱིས་བསླད་པའི་ཆ་ཤས་རེ་རེ་ཡོད་པའི་ཕྱིར། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་རྙེད་དོན་དུ་བཞག་པར་མི་ནུས་སོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ལྷག་མཐོང་གིས་སྤྲོས་པ་གཅོད་པའི་ཚུལ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པ་མི་གཡོ་བའི་ལྷག་མཐོང་གིས་མཉམ་པར་འཇོག་པའི་ཚུལ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་མོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྐྱེ་བོའི་རྒྱུན་ལུགས་དང་སྒྲའི་ཚེར་མ་རྣམ་པར་སྤངས་ནས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ཏེ། ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སྔར་བཤད་པའི་སྤོང་བའི་འདུ་བྱེད་བརྒྱད་ཀྱི་སྒོ་ནས་ཏིང་ངེ་འཛིན་གྱི་ཉེས་པ་ལྔ་བསལ་ཏེ། སེམས་བཟུང་བར་བྱའོ། །དམིགས་པ་གང་ལ་བཟུང་ཞེ་ན། སྔར་ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་ཉམས་སུ་མྱོང་བའི་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་དེ་ལའོ། །ཇི་ལྟར་ཞེ་ན། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཐོག་མར་སྒྲུབ་བྱེད་ཀྱི་རིགས་པ་སེམས་པར་བྱེད། བར་དུ་གྲུབ་པའི་དོན་ལ་འཇལ་བར་བྱེད། ཐ་མར་ངེས་པ་དྲངས་པའི་སྒོ་ནས་ངེས་པར་རྟོག་པར་བྱེད་དོ། །དེ་ལྟར་ངེས་པར་བརྟགས་པ་ལས་ཏེ་བརྟག་པར་བྱ་བའི་ཡུལ་ནམ་མཁའ་ལྟ་བུར་དྭངས་ཤིང་ཐོག་མ་པ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ་ཞི་བའི་དབྱིངས་སུ་རོ་གཅིག་པར་འགྱུར་རོ། །ཡུལ་ཅན་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་ཅིར་ཡང་འཛིན་པ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་ཐམས་ཅད་ཀྱིས་མ་གོས་ཤིང༌། ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བས་ཁྱད་པར་དུ་བྱས་པའི་རང་བཞིན་འོད་གསལ་གྱི་ངོ་བོར་སྐྱེ་བར་འགྱུར་ཏེ། དཔེར་ན་ཤིང་གཉིས་དྲུད་པ་ལས་བྱུང་བའི་མེས་སླར་ཡང་ཤིང་དེ་ཉིད་སྲེག་པར་བྱེད་པ་བཞིན་ནོ། །ཇི་སྐད་བཤད་པ་དེ་ནི་སྦྱོར་བ་ལ་འཇུག་པར་བྱེད་པ་རྒྱ་མཚོར་ཆུ་བོ་བཞི་འབབ་པ་ལྟ་བུ་སྟེ། ཐོག་མར་རྟོག་པའི་དཔྱད་སྒོམ་གྱིས་བརྟགས་དཔྱད་བྱས་པའི་རྐྱེན་གྱིས་ཤེས་རབ་དེ་ཉིད་རྟོག་མེད་དུ་སོང་བའི་ས་མཚམས་བསྟན་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ། སྣང་མེད་ལ་མཉམ་པར་འཇོག་པ་ཐལ་འགྱུར་བའི་ལུགས་དང༌། སྣང་བཅས་སུ་བཞེད་པ་འཕགས་སེང་གི་ལུགས་སོ། །དང་པོ་ནི། སྔར་བཤད་པ་དེ་ལྟར། རིགས་པས་མ་རྙེད་པའི་དོན་དེ་ཉིད་ལ། ཞི་གནས་ཀྱིས་རྩེ་གཅིག་ཏུ་འཇོག་པར་བྱེད་དོ། །ཇི་ལྟར་ཞེ་ན། སྤྲོས་པའི་མཐའ་གང་དུ་ཡང་མི་རྟོག ཡུལ་གྱི་མཚན་མ་ཅི་ཡང་མི་འཛིན། འདས་པའི་དོན་གང་ཡང་མི་དྲན། མ་འོངས་པའི་རྣམ་པ་གང་ཡང་ཡིད་ལ་མི་བྱེད། ཐོས་ཆུང་གི་ཤེས་རབ་ཀྱིས་ཚིག་གང་ཡང་མི་འཛིན་བསམ་བྱུང་གི་རིགས་པས་དོན་གང་ཡང་མི་བསམ། སྒྲུབ་བྱེད་ཀྱི་རིགས་པས་འདོད་པའི་དོན་གང་ཡང་མི་བསྒྲུབ། འགོག་བྱེད་ཀྱི་རིགས་པས་མི་འདོད་པའི་དོན་གང་ཡང་འགོག་པར་མི་བྱེད། མཐའ་གཉིས་ལ་སྡང་བར་མི་བྱེད། དབུ་མའི་ལམ་ལ་ཆགས་པར་མི་བྱེད། འབྲས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རེ་བར་མི་བྱེད། བདུད་བཞི་དང་ས་གཉིས་ཀྱི་དོགས་པ་ཐམས་ཅད་དང༌། བྲལ་ནས། བདེ་བ་དང༌། གསལ་བ་དང༌། མི་རྟོག་པ་གསུམ་ཟུང་དུ་འབྲེལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱའོ། །དོན་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས། སྔོན་གྱི་གྲུབ་ཆེན་དེ་དག་གི་གཞུང་ལས། ལྟ་བ་ཁས་ལེན་དང་བྲལ་བ། སྒོམ་པ་ཡིད་བྱེད་དང་བྲལ་བ། སྤྱོད་པ་བླང་དོར་དགག་སྒྲུབ་དང་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ། ཞེས་བཤད་པ་ཡིན་ནོ། །དོན་འདི་ལ་དབུ་སེམས་ཀྱི་གཞུང་ལུགས་ཆེན་པོ་ཀུན་མཐུན་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །ཞེས་པས་ལྟ་བའི་ཡུལ་དང༌། སྒོམ་པ་རྣམ་པར་མི་ལྟ་བ། །སྒོམ་པ་དམ་པར་འདོད་པ་སྟེ། །ཞེས་པས་སྒོམ་པ་དང༌། ཐོབ་པར་ལྟ་བ་མེད་རྣམས་ཀྱི། །ཐོབ་པ་ཡང་ནི་དམ་པར་འདོད། །ཅེས་པས་འབྲས་བུ་དང༌། བླ་མ་རིང་དང་མཚན་མ་དང༌། །བདག་གི་བརྩོན་འགྲུས་ལྷག་བལྟ་བའི། །བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན། །བྱང་ཆུབ་ལས་ནི་རིང་ཞེས་བྱ། །ཞེས་པས་སྤྱོད་པ་བསྟན་པ་ཡིན་ནོ། །ད་ནི་དོན་དེ་དག་ལ་འཁྲུལ་པ་བསལ་བར་བྱ་སྟེ། ཇི་སྐད་བཤད་པ་དེ་དག་ནི། མཉམ་གཞག་དང་རྗེས་ཐོབ་གང་དུ་ཡིན་ཀྱང་རུང༌། ལྟ་བའི་ཆ་ནས་བཤད་པ་ཡིན་ཏེ། གོང་དུ་བཤད་པའི་ལོག་ཕྱོགས་འཛིན་པའི་བློ་ཇི་སྙེད་པ་དེ་དག་ནི་སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་ལ། དེའི་ཆ་ནས་ལྟ་བར་འགྱུར་བ་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར། ཇི་སྐད་དུ། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པའི་འཆིང་བ་གཞན་ནི་ཡོད་མ་ཡིན། །ཞེས་གསུངས་པས་སོ། །སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེའི་ཆ་ནས་ནི། ཁས་ལེན་མེད་པ་མ་ཡིན་ཏེ། རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་ཁས་བླངས་པའི་ཕྱིར། ཡང་དེའི་ཆ་ནས་ཡིད་བྱེད་དང༌། དགག་སྒྲུབ་དང༌། རེ་དོགས་ལ་སོགས་པ་མེད་པ་མིན་ཏེ། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་ཚིག་དོན་ཡིད་ལ་བྱེད་པ་དང༌། རྒོལ་བ་ཚར་བཅད་པ་དང༌། གཞན་རྗེས་སུ་འཛིན་པ་དང༌། ཐེག་པ་དམན་པའི་ཡིད་བྱེད་ཀྱིས་འཇིག་པ་དང༌། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རེ་བ་དང་དོན་དུ་གཉེར་བ་ཡོད་པའི་ཕྱིར། གཞན་དུ་ན། ཐབས་ཀྱི་ཆ་མཐའ་དག་ལ་སྐུར་པ་བཏབ་པས་མི་ཟད་པའི་གཡང་ས་ཆེན་པོར་ལྷུང་བར་འགྱུར་རོ། །ཡང་མཉམ་གཞག་རྒྱུན་གཅིག་ཡིན་ཀྱང་བར་བར་དུ་རྟོག་པ་མངོན་དུ་བྱེད་དགོས་པ་ཡོད་དེ། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ལྔ་བྱུང་ན། དེའི་གཉེན་པོར་དྲན་པ་དང་ཤེས་བཞིན་སོགས་མངོན་དུ་བྱེད་དགོས་ལ། དེ་ཡང་རྟོག་པ་ལས་མ་འདས་པའི་ཕྱིར། ས་བརྒྱད་པ་ཡན་ཆད་དུ་ནི་མཉམ་གཞག་གི་རྒྱུན་གཅིག་ལ་རྟོག་པས་བར་ཆོད་པ་མེད་དེ། མི་རྟོག་པའི་ཡེ་ཤེས་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་ཐོབ་པའི་ཕྱིར་རོ། །མ་དག་པར་ནི། རྗེས་ཐོབ་ཏུ་མ་ཟད་མཉམ་གཞག་ཏུའང་མཚན་འཛིན་གྱི་རྣམ་པར་རྟོག་པ་དང་མཚན་མེད་ཀྱི་ཡེ་ཤེས་སྤེལ་མར་འབྱུང་བའི་ཕྱིར། ལམ་གྱི་རྒྱུན་དང་མི་ལྡན་པ་ཞེས་བྱའོ། །དེ་ལྟར་སྔར་བཤད་པའི་དེ་ལྟ་བུའི་ཁྱད་པར་མ་ཕྱེད་པ་ལ་བརྟེན་ནས་གངས་ཅན་གྱི་ལྗོངས་འདིར་ཐེག་པ་ཆེན་པོ་པར་ཁས་འཆེ་བ་མང་པོ་དག་སྒྲོ་སྐུར་གྱི་མཐའ་གཉིས་སུ་ལྷུང་བར་གྱུར་ཏོ། །ཇི་ལྟར་ཞེ་ན། སྔོན་གྱི་དུས་སུ་ལྟ་བའི་ཆ་སྟོན་པའི་མདོ་དང་བསྟན་ཆོས་ཀྱི་སྒྲས་ཟིན་ཁོ་ན་ལ་མངོན་པར་ཞེན་པས། ཐབས་ཀྱི་ཆ་མཐའ་དག་ལ་སྐུར་པ་འདེབས་པ་དང༌། ཕྱི་མའི་དུས་འདིར་སྟོང་པ་ཉིད་སྤྲོས་པའི་ཡུལ་ཁོ་ནར་འདོད་ཅིང༌། སེམས་ཀྱི་གནས་ཆ་ཅུང་ཟད་ཀྱང་ཁས་མི་ལེན་པར་མཚན་འཛིན་གྱི་རྣམ་པར་རྟོག་པས་བར་མ་ཆད་པར་བརྟག་དཔྱད་བྱེད་དགོས་པར་འདོད་པ་ལྟ་བ་ལ་སྒྲོ་འདོགས་པར་བྱེད་པའི་གྲུབ་པའི་མཐའ་དེ་གཉིས་ཤིག་བྱུང་ངོ༌། །འདི་གཉིས་ཀ་སངས་རྒྱས་ཀྱི་བསྟན་པ་མིན་ཏེ། འདུལ་བ་ལ་མི་སྣང༌། མདོ་སྡེ་ལ་མི་འཇུག མངོན་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། རྗེ་བཙུན་བྱམས་པའི་གཞུང་ལས། ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། རྣམ་པར་འབྱེད་པའི་ཡེ་ཤེས་གཉིས་སོ། །དང་པོས་ནི། ཉོན་སྒྲིབ་ཀྱི་ས་བོན་སེལ་བར་བྱེད་ཅིང༌། སྣང་མེད་དང༌། ཕྱི་མས་ནི་ཤེས་སྒྲིབ་ཀྱི་ས་བོན་སེལ་བར་བྱེད་ཅིང་སྣང་བཅས་སོ། །འདི་ཡེ་ཤེས་སྔ་མའི་རྗེས་ལས་ཐོབ་པའི་ཤེས་པར་བཤད་ཀྱང༌། མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ནི་མིན་ཏེ། ཤེས་རབ་ཀྱི་སྤོང་བའི་བར་ཆད་མེད་ལམ་དུ་བཤད་པའི་ཕྱིར། ཇི་སྐད་དུ། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ལས་ཐོབ་པའི་ཡེ་ཤེས་འདོད། །ཅེས་དང༌། མདོ་སྡེ་རྒྱན་ལས་ཀྱང་དེ་བཞིན་ནོ། །ཐེག་ཆེན་འཕགས་པའི་མཉམ་གཞག་ཡེ་ཤེས་ནི། ཀུན་རྫོབ་ཀྱི་སྣང་བ་དང་བཅས་པ་ཡིན་ཏེ། རྗེ་བཙུན་གྱིས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཐེག་ཆེན་སྒྲུབ་པའི་དམིགས་པར་གསུངས་པའི་ཕྱིར། གཞན་དུ་ན། དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་དུ་འགྲོར་མེད་པར་འགྱུར་རོ། །ཞེས་གསུངས་ལ། འདིའི་དོན་ནི་ས་བཅུའི་མཉམ་གཞག་ཏུའང་སངས་རྒྱས་བརྒྱ་མཐོང་བ་ལ་སོགས་པའི་ཇི་སྙེད་པའི་སྣང་ཚུལ་གོང་ནས་གོང་དུ་འགྲོ་བ་ཡོད་པ་ལ་དགོངས་སོ། །འདི་ནི་ངེས་པར་ཁས་ལེན་དགོས་ཏེ། ཐེག་པ་ཆེན་པོའི་གཞུང་ལུགས་མཐའ་དག་ལས། མཉམ་གཞག་གི་ངོ་བོར་གྱུར་པའི་བྱམས་པ་དང་སྙིང་རྗེ་དང༌། སེམས་བསྐྱེད་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། མངོན་པར་ཤེས་པ་ལྔ་དང༌། ཟད་པར་དང༌། ཟིལ་གནོན་དང༌། ཉོན་མོངས་མེད་པ་དང༌། སྨོན་ནས་ཞེས་སོགས་རྒྱ་ཆེར་བཤད་པའི་ཕྱིར། དེ་ལྟ་མོད་ཀྱི་སྔ་མ་སྣང་མེད་དུ་བཤད་པ་ནི། དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་གི་དབང་དུ་བྱས་པས་མི་འགལ་ལོ། །ཡང་ན་ནི་སྣང་བཅས་དང་སྣང་མེད་ཀྱི་རྣལ་འབྱོར་གཉིས་སོ་སོར་རྟོག་པའི་ལྷག་མཐོང་དང་མི་གཡོ་བའི་ལྷག་མཐོང་གཉིས་ལ་སོ་སོར་སྦྱར་བར་བྱའོ། །ཇི་སྐད་བཤད་པ་དེ་དག་ནི། དངོས་གཞི་ལ་མཉམ་པར་འཇོག་པ་རྒྱ་མཚོ་ཆེན་པོ་གཏིང་མི་གཡོ་བ་ལྟ་བུ་སྟེ། མཚན་ཉིད་པ་མཐོང་སྒོམ་གྱི་མཉམ་གཞག་དང༌། རྗེས་མཐུན་པ་སྦྱོར་བའི་ལམ་གྱི་མཉམ་གཞག་ཀྱང་འདིས་བསྡུས་པ་ཡིན་ནོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི་གསུམ་སྟེ། སྤང་བྱ་ཐག་བསྲིང་བའི་ཕྱིར་དུ་མཉམ་གཞག་དང་དམིགས་རྣམས་མཚུངས་པ་ལྟ་བའི་རྣལ་འབྱོར་དང༌། མཐོང་ཆོས་ལ་བདེ་བར་གནས་པའི་ཕྱིར་དུ། མཐར་གནས་དང༌། རྣམ་ཐར་སོགས་ལ་སྙོམས་པར་འཇུག་པ་སྒོམ་པའི་རྣལ་འབྱོར་དང༌། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ། སེམས་ཅན་གྱི་དོན་དང་ཐོས་བསམ་ལ་འཇུག་པ་སྤྱོད་པའི་རྣལ་འབྱོར་རོ། །འདི་དག་ནི་དངོས་གཞི་མཐར་ཕྱིན་པར་བྱེད་པ་རྗེས་ཀྱི་རྣལ་འབྱོར་རྒྱ་མཚོ་ཆེན་པོ་ལས་ཆུ་ཀླུང་ཕྱོགས་བརྒྱར་འབབ་པ་ལྟ་བུ་སྟེ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཁོ་ནའི་དབང་དུ་བྱས་སོ། །སློབ་པ་འཕགས་པའི་རྗེས་ཐོབ་ཏུ་གཉིས་སྣང་འཁྲུལ་པའི་ཆ་གང་ཡོད་པ་དེ་ཐམས་ཅད་ནི། རྗེས་ཐོབ་ཀྱི་ཡེ་ཤེས་སུ་མི་འཇོག་སྟེ། ལམ་དུ་མི་འགྱུར་བའི་ཕྱིར། དེ་ལྟར་ན་མི་གཡོ་བའི་ལྷག་མཐོང་གི་རྣམ་པར་བཞག་པ་འདི་ནི། མཁས་པའི་དབང་པོ་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་དང༌། རྣམ་པར་མི་རྟོག་པའི་གཟུངས་ཀྱི་འགྲེལ་པ་དང༌། ཇོ་བོ་ཆེན་པོ་རྗེ་ལྷ་ཅིག་གི་དབུ་མའི་མན་ངག་རྣམས་སུ་གསུངས་པའི་གནད་ཇི་ལྟ་བ་བཞིན་དུ་བསྡུས་ནས་བཤད་པ་ཡིན་པས། མངོན་པར་རློམ་པས་ཁངས་པའི་མུན་སྤྲུལ་ཅན་གཞན་དག་གིས་ཀླན་ཀའི་གོ་སྐབས་ཡོད་པ་མ་ཡིན་ནོ། །གསུམ་པ་མཉམ་པར་བཞག་པས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་ནི། སྔར་བཤད་པ་དེ་ལྟར་འཇིག་རྟེན་ཆོས་མཆོག་གི་མཉམ་གཞག་ཏུ། མི་གཡོ་བའི་ལྷག་མཐོང་ལ་མཉམ་པར་བཞག་པའི་སྐད་ཅིག་གཉིས་པར་སྔར་ཆོས་ཉིད་ལ་རྣམ་པར་རྟོག་པ་འོག་ཏུ་འགྱུར་བའི་ཚུལ་གྱིས་ཡོད་པ་དེ་ཡང་ཉེ་བར་ཞི་ནས། ཡུལ་ཅན་ཡེ་ཤེས་དང༌། ཡུལ་ཆོས་ཉིད་གཉིས་པོ་ཆུ་ལ་ཆུ་ཞུགས་པ་ལྟར་དབྱེར་མེད་གཅིག་ཏུ་འདྲེས་ནས། ཐ་སྙད་བྱེད་པའི་རྟོག་པ་གཞན་གྱིས་ལྡོག་ཆ་སོ་སོར་འབྱེད་པ་མ་གཏོགས་ངོ་བོའི་སྒོ་ནས་ཐ་དད་པ་གཉིས་སུ་ཀུན་མཁྱེན་གྱིས་ཀྱང་མ་གཟིགས་པ་ལ་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་དང༌། བདེན་པ་མངོན་པར་རྟོགས་པ་དང༌། ཆོས་ཉིད་ལ་གཉིས་སྣང་ནུབ་པ་ཞེས་བྱའོ། །དེ་ལྟ་ན་བདེན་འཛིན་དང་འཛིན་སྟངས་མི་འགལ་བའི་ཕྱིར་བདེན་མེད་རྟོགས་པར་ཇི་ལྟར་འགྱུར་ཞེས་བསམ་པར་མི་བྱ་སྟེ། དེ་ལྟར་དོགས་པ་དེ་ནི། ཇི་སྐད་དུ། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །ཞེས་སོགས་ཀྱི་སྐབས་ནས་འབྱུང་བའི་ཕྱོགས་སྔ་མ་ལན་དང་བཅས་པས་བསལ་ཟིན་པའི་ཕྱིར་རོ། །བཞི་པ་དེའི་རིགས་རྒྱུན་གོམས་པས་སྒྲིབ་པ་གཉིས་ཀྱི་བག་ཆགས་ཇི་ལྟར་སྤོང་བའི་ཚུལ་ལ། དངོས་དང༌། འབྲས་བུ་སངས་རྒྱས་པའི་རྣམ་པར་བཞག་པའོ། །དང་པོ་ལ། འོ་ན་སྒྲིབ་པ་གཉིས་དང་དེའི་བག་ཆགས་ནི་གང༌། དེ་གཉེན་པོས་སྤོང་བའི་ཚུལ་ཇི་ལྟ་བུ་ཅེ་ན། འདི་ལ་ཟླ་བའི་ཞབས་ཀྱི་ལུགས་དང༌། དེ་ལས་གཞན་པའི་ལུགས་སོ། །དང་པོ་ལ་མ་རིག་པ་ནི་གཉིས་ཏེ། ཉོན་མོངས་པ་ཅན་དང༌། དེ་མ་ཡིན་པའོ། །དང་པོ་ལ། གང་ཟག་གི་བདག་ཏུ་འཛིན་པ་དང༌། ཆོས་ཀྱི་བདག་ཏུ་འཛིན་པའོ། །དང་པོ་ནི། རྟེན་གྱི་གང་ཟག་སུ་ལ་ཡོད་ཀྱང་རུང༌། ངར་འཛིན་པའི་སེམས་བྱུང་ངོ༌། །གཉིས་པ་ནི། དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་མ་གང་ཟག་གི་རྒྱུད་ཀྱི་བདེན་པར་འཛིན་པ་མཐའ་དག་གོ །འདི་ལའང་ལྡོག་པས་ཕྱེ་ན་གཉིས་ཏེ། ཆགས་སོགས་ཉོན་མོངས་པ་སྐྱེད་པའི་ནུས་པ་དང༌། གཙོ་བོར་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་ཀྱི་མཚན་འཛིན་གྱི་རྣམ་པར་རྟོག་པ་ཕྱི་མ་བསྐྱེད་པའི་ནུས་པའོ། །དང་པོ་ནི། ཉོན་སྒྲིབ་ཀྱི་ས་བོན་ཡིན་ལ། གཉིས་པ་ནི། ཤེས་སྒྲིབ་ཀྱི་ས་བོན་ནོ། །དེ་གཉིས་ཀ་ཡང་ཉོན་མོངས་པ་ཅན་དུ་བཞག་སྟེ། ནུས་པ་དེ་གཉིས་གང་ལ་བརྟེན་པའི་གཞི་བདེན་འཛིན་དེ། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར། གཉིས་པ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཆུང་ངུ་ཐོབ་ནས་མངོན་དུ་གྱུར་བཞིན་པའི་འཕགས་པའི་རྒྱུད་ཀྱི་ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་དང་གང་ཟག་གཞན་ལ་མཚན་མར་འཛིན་པ་མཐའ་དག་གོ །དེ་དག་ཉོན་མོངས་པ་ཅན་མ་ཡིན་ཏེ། རྟེན་གྱི་གང་ཟག་དེས་ཆོས་དང་དེའི་ངོ་བོ་ཅིར་ཡང་མ་གཟིགས་པའམ། བདེན་མེད་དུ་གཟིགས་པའི་རྒྱུ་མཚན་གྱིས། ཡུལ་དེ་དང་དེ་ལ་དམིགས་པའི་ཆགས་སོགས་ཉོན་མོངས་པ་དང་མཚུངས་ལྡན་དུ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །ཡང་དེའི་རྒྱུད་ཀྱི་རང་ངར་འཛིན་དང༌། གང་ཟག་ཏུ་མཚན་མར་འཛིན་པ་ཉོན་ཡིད་ཀྱི་འཁོར་དུ་བྱུང་བ་མཐའ་དག་ནི་ཉོན་མོངས་པ་ཅན་ཡིན་ཏེ། ཆགས་སོགས་དང་མཚུངས་པར་ལྡན་པའི་ཕྱིར། འཕགས་པ་དེའི་རྒྱུད་ལ་ཡིད་ཤེས་འཁོར་དུ་ངར་འཛིན་དང༌། བདེན་འཛིན་མངོན་གྱུར་དུ་མི་འབྱུང་སྟེ། ངེས་བདེན་མེད་མངོན་སུམ་དུ་གཟིགས་པའི་ཕྱིར། འཕགས་པ་དེའི་རྒྱུད་ལ་དེ་མངོན་དུ་མ་གྱུར་པའི་ཚེ། ཡིད་ཤེས་འཁོར་དུ་ངར་འཛིན་དང༌། བདེན་འཛིན་འབྱུང་སྲིད་པ་དེ་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་མོད། སྲིད་པའི་ཡན་ལག་གིས་བསྡུས་པར་མི་བཞག་སྟེ། དེའི་རྒྱུད་ལ་དེ་ཡོད་པར་ཁས་མི་ལེན་པའི་ཕྱིར། སོ་སྐྱེའི་ངར་འཛིན་ནི་སྲིད་པའི་ཡན་ལག་གིས་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཡིན་ཀྱང༌། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཀུན་རྫོབ་དེར་མི་རུང་སྟེ། ཆོས་ཀྱི་བདག་འཛིན་མ་ཡིན་པའི་ཕྱིར། དེས་ན་སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིག་པ་དང༌། ཀུན་རྫོབ་བདེན་པ་འཇོག་བྱེད་ཀྱི་ཀུན་རྫོབ་གཉིས་ལ་མུ་བཞི་བརྩི་དགོས་པ་ནི་ཟླ་བའི་བཞེད་པའོ། །དེ་ལྟ་བས་ན་འཕགས་པ་དེའི་ཐུགས་རྒྱུད་ཀྱི་ང་དང་གང་ཟག་ལ་སྒྱུ་མ་ཙམ་དུ་མཚན་མར་འཛིན་པའི་བློ་དེ་ནི་ཤེས་སྒྲིབ་ཁོ་ནའོ། །དེ་ཇི་ལྟར་སྤོང་བའི་ཚུལ་ནི། རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་དང༌། དེས་མ་བསྡུས་པའི་ཕུང་པོ་རྣམས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་པ་ཆེན་པོའི་མཐོང་ལམ་བར་ཆད་མེད་ལམ་གྱིས་ཆོས་ཀྱི་བདག་འཛིན་དུ་གྱུར་པའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཀུན་བཏགས་ཀྱི་ས་བོན་དྲུངས་འབྱིན་པར་བྱེད་ལ། དེའི་རིགས་རྒྱུན་གོམས་པར་བྱེད་པའི་སྒོམ་ལམ་བར་ཆད་མེད་ལམ་གྱིས་ནི། དེ་འདྲ་ལྷན་སྐྱེས་ཀྱི་ས་བོན་དྲུངས་འབྱིན་པར་མཛད་དོ། །བདེན་འཛིན་ལྷན་སྐྱེས་འདི་ཕལ་ཆེར་མངོན་དུ་མི་འགྱུར་ལ། སྐབས་འགའ་ཞིག་ཏུ་མངོན་དུ་འགྱུར་སྲིད་པ་དེའི་ཚེ་ནི། ཉོན་མོངས་པ་ཅན་ཁོ་ནར་བཞག་སྟེ། ཆགས་སོགས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཕྱིར། ཡང་དེ་ལྟ་བུའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་ཀུན་བཏགས་ཀྱི་ས་བོན་དྲུངས་འབྱིན་པར་མཛད་ཅིང༌། དེའི་རིགས་རྒྱུན་གོམས་པར་བྱས་པས་དེ་འདྲ་ལྷན་སྐྱེས་ཀྱི་ས་བོན་དྲུངས་འབྱིན་པར་བྱེད་དོ། །འདི་ནི་སློབ་པ་འཕགས་པའི་རྗེས་ཐོབ་ཐམས་ཅད་དུ་འབྱུང་སྟེ། འདིའི་ངོས་འཛིན་ནི། བདེན་འཛིན་མངོན་གྱུར་པ་དང་བྲལ་བའི་མཚན་འཛིན་ཙམ་ལ་བྱེད་དགོས་པའི་ཕྱིར་དང༌། ཇི་སྐད་དུ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གསུངས་པས་སོ། །ཡང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་པ་ཆེ་ཆུང་གི་མཐོང་ལམ་དང༌། སྒོམ་ལམ་བར་ཆད་མེད་ལམ་གྱིས་གང་ཟག་གི་བདག་འཛིན་ཀུན་བཏགས་དང༌། ལྷན་སྐྱེས་ཀྱི་ས་བོན་འཇོམས་པར་ནུས་པ་ནི་རིགས་པས་གྲུབ་པ་ཡིན་ཏེ། གཞན་དུ་ན། དེ་དང་དེ་སྒོམ་པ་དོན་མེད་དུ་ཐལ་བའི་ཕྱིར་རོ། །དེས་དེའི་ས་བོན་སྤོང་ནུས་པ་ཟླ་བའི་ཞབས་ཀྱི་དགོངས་པ་མ་ཡིན་ནོ། །ཞེ་ན། དེ་ཡང་མ་ཡིན་ཏེ། གདགས་གཞི་ཕུང་པོ་བདག་མེད་དུ་མ་རྟོགས་པར། གདགས་ཆོས་གང་ཟག་གི་བདག་མེད་མི་རྟོགས་པ་དེ་དེའི་བཞེད་པ་ཡིན་གྱི། དེས་དེའི་ས་བོན་སེལ་མི་ནུས་པ་དེའི་བཞེད་པ་མིན་པའི་ཕྱིར་རོ། །དེ་འདྲའི་ངར་འཛིན་དང་མཚུངས་པར་ལྡན་པའི་ཆགས་སོགས་ཀྱི་ཉན་ཐོས་སྒོམ་པ་འཁོར་བར་འགྲུབ་བྱེད་ཀྱི་རྒྱུ་བྱེད་པ་སྲིད་ལ། བྱང་སེམས་འཕགས་པ་ལ་ནི་དེས་དེ་བྱེད་པ་མི་སྲིད་དེ། དེ་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར། འོ་ན་བདེན་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་གྱིས་བདེན་འཛིན་ལྷན་སྐྱེས་ཀྱི་ས་བོན་སྤོང་བར་ནུས་སམ་ཞེ་ན། མིན་ཏེ་དེ་འདྲ་མེད་པའི་ཕྱིར་ཏེ། དེས་དེའི་གཉེན་པོར་དེ་མི་སྒོམ་པའི་ཕྱིར། ཇི་སྐད་དུ། ཉན་རང་ལ་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་མེད། ཅེས་གསུངས་པའི་དོན་ཡང་དེ་ཉིད་དོ། །འོ་ན་བདེན་མེད་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་དང་པོ་སྐྱེས་པའི་ཚེ། དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་ཀུན་བརྟགས་དང་བྲལ་མ་མིན་ནམ་ཞེ་ན། ཡིན་མོད་ཀྱི་དེའི་ཚེ་ནི་དེ་སྤངས་པའི་འགོག་པ་དང་རྣམ་གྲོལ་གྱི་ལམ་མ་ཐོབ་ལ། དེའི་རྗེས་སུ་དམན་པའི་མཐོང་ལམ་བར་ཆད་མེད་ལམ་ངར་འཛིན་གྱི་ས་བོན་ཁོ་ནའི་གཉེན་པོར་སྒོམ་པ་ཡིན་གྱི། བདེན་འཛིན་གྱི་གཉེན་པོར་ཆེད་དུ་གཏད་ནས་སྒོམ་པ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། བདག་མེད་འདི་ནི་འགྲོ་བ་རྣམས་གྲོལ་ཕྱིར། །ཞེས་པའི་དོན་ལ་ལེགས་པར་བརྟགས་ན་ཤེས་པའི་ཕྱིར། ཅི་སྟེ་ངར་འཛིན་གྱི་ས་བོན་སྤོང་བ་ལ་བདེན་འཛིན་སྤངས་དགོས་སོ་སྙམ་ན། དེ་ཡང་མ་ཡིན་ཏེ། བདེན་འཛིན་གྱི་སྟེང་གི་ངར་འཛིན་དང༌། ཆགས་སོགས་ཉོན་མོངས་པ་སྐྱེད་པའི་ནུས་པ་དེ་ཉིད་སྤངས་པས་ཆོག་པའི་ཕྱིར་རོ། །འོན་ཀྱང་དེ་སྤོང་བ་ལ་བདེན་མེད་མངོན་སུམ་དུ་རྟོགས་པ་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དེ་མ་སོང་ན་དེ་དང་དེ་ལ་དམིགས་པའི་ངར་འཛིན་དང་ཆགས་སོགས་ངང་གིས་སྐྱེ་བའི་ཕྱིར། དེ་ལྟར་ན་ཉན་རང་ལ་བདེན་འཛིན་གྱི་ས་བོན་སྤོང་བ་ཅུང་ཟད་ཀྱང་མེད་ལ། དེ་མ་ལུས་པ་སྤངས་པ་དང་སངས་རྒྱས་ཐོབ་པ་དུས་མཉམ་པ་ཡིན་ནོ། །དེ་ལྟར་ན་ཉན་རང་དགྲ་བཅོམ་པས་བདེན་འཛིན་སྤངས་པའི་ལུང་མེད་ལ། སྲིད་པའི་ཡན་ལག་གིས་བསྡུས་པའི་མ་རིགས་པ་སྤངས་པའི་བཤད་པ་ཞིག་ཡོད་པ་དེ་ནི། ཉན་ཐོས་ཀྱི་མཐོང་ལམ་ནས་ཀྱང་ཡོད་པ་ཡིན་ཏེ། དེར་བདེན་འཛིན་གྱི་སྟེང་གི་ཡང་སྲིད་འཕེན་བྱེད་ཀྱི་ལས་སོགས་པའི་ནུས་པ་བཅོམ་པའི་ཕྱིར། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་བཤད་པ་དང་རྗེས་སུ་མཐུན་ནོ། །བདེན་འཛིན་འགའ་ཞིག་ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པ་ཙམ་གྱིས་དགྲ་བཅོམ་པས་དེ་སྤངས་དགོས་པར་བཞེད་ན། མངོན་པར་རྟོགས་པའི་རྒྱན་གྱི་ལུགས་དང༌། རང་རྒྱུད་པའི་སློབ་དཔོན་ཆེན་པོ་གཞན་དག་གི་ལུགས་ལའང་དེར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་འོ་ན། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་སོགས་གསུངས་པ་མིན་ནམ་ཞེ་ན། གཞུང་དེའི་དོན་སྒྲ་ཇི་བཞིན་པ་ཉིད་དུ་ཁས་བླངས་ན་ཉེས་པ་མང་པོར་འགྱུར་བའི་ཚུལ་ནི། གཞན་དུ་བསྟན་ཟིན་པས་འདིར་མི་སྤྲོའོ། །གཉིས་པ་ནི། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་པ་དེ་དག་གི་ལྟར་ན། གདགས་གཞི་ཕུང་པོ་བདེན་མེད་དུ་མ་རྟོགས་ཀྱང༌། གདགས་ཆོས་གང་ཟག་གམ། ངའམ། བདག་མེད་པར་རྟོགས་སྲིད་པ་ནི། དཔེར་ན་གདགས་གཞི་ཐག་ཁྲ་བདེན་མེད་དུ་མ་རྟོགས་ཀྱང༌། གདགས་ཆོས་སྦྲུལ་མེད་པར་རྟོགས་པ་བཞིན་ནོ། །དེ་ལྟར་མངོན་སུམ་དུ་རྟོགས་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བར་ཆད་མེད་ལམ་དེས། གང་ཟག་གི་བདག་ཏུ་འཛིན་པའི་ས་བོན་དྲུངས་ཕྱུང་སྟེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བར་མངོན་དུ་བྱེད་པར་ནུས་སོ། །འོ་ན་ཐེག་པ་ཆེ་ཆུང་གི་བདག་མེད་རྟོགས་པའི་བར་ཆད་མེད་ལམ་གཉིས་ལ་ཁྱད་པར་ཅི་ཞེ་ན། བཤད་པ། ཐེག་ཆེན་གྱི་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་སུ་བཤད་པ་གང་ཡིན་པ་དེ་ཐམས་ཅད་ཀྱི་ས་བོན། ཐེག་ཆེན་གྱི་མཐོང་ལམ་བཟོད་པ་གཅིག་གིས་དྲུངས་འབྱིན་ནུས་པ་ཡིན་ཏེ། རིགས་དང༌། དབང་པོ་དང༌། ཚོགས་ཁྱད་ཞུགས་པའི་སྟེང་དུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ལམ་གྱིས་ཁྱད་པར་དུ་བྱས་པའི་ཕྱིར། འོ་ན་ཇི་སྐད་དུ། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་བདག་མེད་མ་རྟོགས་ན་མྱང་འདས་མི་ཐོབ་པར་བཤད་པ་མིན་ནམ་ཞེ་ན། དེས་དེ་བཤད་པ་མ་ཡིན་ཏེ། དེའི་འཇུག་ཐོགས་ཁོ་ནར། ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་བདེན་མེད་མ་རྟོགས་པར་ཡང་ཉོན་མོངས་མ་ལུས་པར་སྤངས་པའི་མྱང་འདས་ཐོབ་པ་ཡོད་པར་གསུངས་པའི་ཕྱིར། ལུང་སྔ་མའི་དོན་ནི། ཐེག་པ་དམན་པའི་ལྷག་མེད་ཀྱི་དབྱིངས་དེ་ཆོས་ཅན། མཐར་ཐུག་གི་མྱང་འདས་མ་ཡིན་ཏེ། བདེན་འཛིན་དང་མ་བྲལ་བའི་ཕྱིར། འགོག་པའི་སྙོམས་པར་འཇུག་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ། །དོན་འདི་ཉིད་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། །ཅེས་དང༌། མྱ་ངན་འདས་ལ་རབ་འཇུག་མཛད། །མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པདྨ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་བཟློག་སྟེ། །ཞེས་གསུངས་པས་སོ། །འོ་ན་འཕགས་པ་ཡབ་སྲས་གསུམ་གྱི་གཞུང་ལས་བདག་མེད་མ་རྟོགས་པར་དམན་པའི་མྱང་འདས་མི་ཐོབ་པར་གསུངས་པ་དང༌། རྗེ་བཙུན་དང༌། ཞི་བ་ལྷའི་གཞུང་ལས། དེས་དེ་ཐོབ་པར་བཤད་པ་གཉིས་ཀྱི་དགོངས་པ་དང་ཁྱད་པར་ཅི་ཞེ་ན། དགོངས་པ་ནི་གཉིས་ཀས་གཉིས་ཀ་ཐོབ་པར་བཞེད་པ་ལ་ཁྱད་པར་མེད་ལ། འོན་ཀྱང་མྱང་འདས་གཉིས་ཀྱི་མི་འདྲ་བ་ནི། ཉོན་སྒྲིབ་ཀྱི་ས་བོན་སྤངས་པ་དང༌། མ་སྤངས་པའོ། །དེ་མ་སྤངས་ན་མྱང་འདས་སུ་འགལ་ལོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། ཇི་སྐད་དུ། སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་བཤད་པའི་ཕྱིར་ལུང་གིས་ཀྱང་གྲུབ་ལ། རིགས་པ་ཡང་འདི་ལྟར། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཉོན་སྒྲིབ་ཀྱི་ས་བོན་སྤངས་པར་ཐལ། དགྲ་བཅོམ་ཡིན་པའི་ཕྱིར། འདོད་ན། འདོད་གཟུགས་ཀྱི་སས་བསྡུས་པའི་སྒོམ་སྤངས་ཉོན་མོངས་སྤོང་བར་བྱེད་པའི་བར་ཆད་མེད་ལམ་གྱི་རྟོགས་པ་སྔོན་དུ་སོང་བར་ཐལ་ལོ། །ཞེས་བྱ་བ་འདི་ནི་ཁྱོད་ཀྱིས་བཟློག་པར་མི་ནུས་སོ། །དེ་ལྟར་ན་མགོན་པོ་ཀླུ་སྒྲུབ་དང༌། འཕགས་པ་ལྷ་དང་ཟླ་བའི་ཞབས་གསུམ་གྱི་གཞུང་ན་བདེན་མེད་མ་རྟོགས་པར་ངར་འཛིན་གྱི་ས་བོན་སྤོང་མི་ནུས་ཞེས་བྱ་བ་འདི་བཞུགས་ཀྱི་དེ་མེད་པར་མྱང་འདས་མི་ཐོབ་ཅེས་བྱ་བ་འདི་མ་གསུངས། ཡང་རྗེ་བཙུན་གྱི་གཞུང་གཉིས་དང༌། རང་རྒྱུད་པའི་སློབ་དཔོན་དག་གི་དེ་མེད་པར་མྱང་འདས་ཙམ་ཐོབ་བོ་ཞེས་བྱ་བ་འདི་གསུངས་ཀྱི། དེ་མེད་པར་ངར་འཛིན་གྱི་ས་བོན་སྤོང་ནུས་སོ་ཞེས་བྱ་བའི་བཤད་པ་མེད་པས། དེ་དག་གི་དགོངས་པ་གཅིག་ཏུ་གྲུབ་པ་ཡིན་ནོ།།  །།གཉིས་པ་འབྲས་བུ་སངས་རྒྱས་སའི་རྣམ་པར་གཞག་པ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དབྱེར་མེད་གཅིག་ཏུ་གཞག གཟུགས་སྐུ་སྔོན་གྱི་ལུས་དང་མཐུན་པ་སོ་སོར་ངེས་པའི་ཚུལ། སྐུ་གཉིས་ཀྱིས་ཤེས་བྱ་མཁྱེན་ཚུལ་སོ་སོར་ཕྱེ་བའོ། །དང་པོ་ནི། སྔར་བཤད་པ་དེ་ལྟར་གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། གཟུགས་འཛིན་གཉིས་སུ་སྣང་བའི་བག་ཆགས་དྲུངས་ཕྱུང་བའི་སྟོབས་ཀྱིས་འཇིག་རྟེན་དང་རྣལ་འབྱོར་པའི་ཀུན་རྫོབ་གང་གི་ཡང་སྣང་ཆ་རང་སྟོབས་ཀྱིས་ཅུང་ཟད་ཀྱང་མི་འཆར་བར་ཡེ་ཤེས་དང་ཆོས་ཀྱི་དབྱིངས་རོ་གཅིག་ཏུ་འདྲེས་པར་གྱུར་ནས། རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་མངོན་དུ་བྱེད་དོ། །དེ་ལ་མིང་གི་རྣམ་གྲངས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཞེས་ཀྱང་བྱ། མི་གནས་པའི་མྱ་ངན་ལས་འདས་པ་ཞེས་ཀྱང་བྱ། ངོ་བོ་ཉིད་ཀྱི་སྐུ་དང༌། དེ་བཞིན་གཤེགས་པ་དང༌། འཕགས་པ་རྣམས་ཀྱི་དོན་དམ་པའི་བདེན་པ་མཐར་ཐུག་པ་དང༌། རང་དོན་དམ་པ་ཆོས་ཀྱི་སྐུ་ཞེས་པ་རྣམས་སོ། །དེ་ཡང་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་གཅིག་བྱོན་པ་རྣམས་ཀྱི་ཆོས་ཀྱི་སྐུ་རྣམས་ནི། རྟོག་གེའི་བློས་ལྡོག་པ་སོ་སོར་དབྱེ་བ་མ་གཏོགས་རང་གི་ངོ་བོ་གཅིག་ཁོ་ན་ཡིན་ཏེ། གློ་བུར་གྱི་དྲི་མས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། ནམ་མཁའ་བཞིན་ནོ། །ཆོས་ཀྱི་སྐུ་དེ་དང་སེམས་ཅན་གྱི་དབྱིངས་རང་བཞིན་གྱི་རྣམ་པར་དག་པ་གཉིས་པོ་ཡང༌། རྟེན་གྱིས་སོ་སོར་དབྱེ་བ་མ་གཏོགས་ངོ་བོའི་སྒོས་ཅུང་ཟད་ཀྱང་དབྱེར་ཡོད་པ་མ་ཡིན་ཏེ། དོན་དམ་པའི་བདེན་པར་རོ་གཅིག་པའི་ཕྱིར། དེ་ལྟ་བུའི་ཆོས་ཀྱི་དབྱིངས་དེའི་ངོ་ན། སྤྲོས་པའི་མཚན་མ་ནི་ཅུང་ཟད་ཀྱང་ཡོད་པ་མིན་ཏེ། གལ་ཏེ་ཡོད་ན་ཀུན་རྫོབ་ཀྱི་བདེན་པར་ཐལ་བའི་ཕྱིར་རོ། །དེ་ཡང་གཞི་དུས་ཀྱི་དོན་དམ་པའི་བདེན་པ་བཞིན་དུ། མེད་པར་དགག་པ་ཁོ་ན་མིན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་རྟོགས་པའི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པ་དག་དང༌། དབྱེར་མེད་པའི་ཕྱིར། དེ་ལྟ་བུའི་ཆོས་ཀྱི་སྐུ་དེ་ཤེས་བྱ་ཐམས་ཅད་ལ་ངོ་བོ་དབྱེར་མེད་པའི་ཚུལ་གྱིས་བཞུགས་ཀྱང་མངོན་དུ་བྱས་པའི་གང་ཟག་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ན་སྟེ། དེ་མངོན་དུ་བྱེད་ནུས་པ་ལ་མཚན་འཛིན་གྱི་ས་བོན་དྲུངས་ཕྱུང་པ་ཞིག་ངེས་པར་དགོས་པའི་ཕྱིར། གཉིས་པ་ནི། འོ་ན། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་གཅིག་ཁོ་ན་ཡིན་ན། གཟུགས་ཀྱི་སྐུ་ཡང་དེ་ལྟར་ངེས་སམ་ཞེ་ན། དེ་ནི་མིན་ཏེ། སྔོན་གྱི་ཤེས་རྒྱུད་ཐད་པའི་རྗེས་སུ་འབྲང་བའི་ཕྱིར་དང༌། སྨོན་ལམ་དང་གདུལ་བྱ་སོ་སོར་ངེས་པའི་དབང་གིས་ཕྲིན་ལས་ཐ་དད་དུ་འཇུག་པའི་ཕྱིར་རོ། །དཔེར་ན་མར་མེ་མཛད་དང༌། རང་རེའི་སྟོན་པ་བཞིན་ནོ། །ཡང་སྔོན་གྱི་ཤེས་རྒྱུད་ཐ་དད་ཀྱི་རྗེས་སུ་འབྲང་བ་མ་ཡིན་པར། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ཐུགས་རྗེའི་སྐུ་གཅིག་ཏུ་བསྡུས་ནས་གཟུགས་སྐུའི་རྣམ་རོལ་སོ་སོ་ཐ་དད་དུ་སྟོན་པ་ཡང་ཡོད་དེ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་དང༌། འཇམ་པའི་དབྱངས་བཞིན་ནོ། །གསུམ་པ་ནི། རང་གི་ལུགས་རྣམ་པར་བཞག་པ་དང༌། གཞན་གྱི་ལུགས་མི་འཐད་པའོ། །དང་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ནི་གཉིས་ཏེ། དོན་དམ་པ་ཆོས་ཀྱི་སྐུའི་ཡེ་ཤེས་དང༌། ཀུན་རྫོབ་པ་གཟུགས་ཀྱི་སྐུའི་ཡེ་ཤེས་སོ། །དང་པོ་ནི། ཇི་སྐད་བཤད་པའི་ཆོས་ཀྱི་སྐུ་དེའི་ཡེ་ཤེས་ཀྱི་གཟིགས་ངོ་ན་རྒྱུ་མ་རིག་པའི་དབང་གིས་བྱུང་བའི་ཀུན་རྫོབ་ཀྱི་སྣང་བ་ཅུང་ཟད་ཙམ་ཡང་མི་འཆར་བར་མ་ཟད། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བྱུང་བའི་ཀུན་རྫོབ་སྒྱུ་མ་ལྟ་བུའི་མཚན་མ་ཙམ་ཡང་འཆར་བ་མ་ཡིན་ཏེ། གཉིས་སྣང་གི་སྤྲོས་པ་དང་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། ཇི་སྐད་དུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །ཞེས་སོགས་དང༌། དེའི་འགྲེལ་པར། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སོ་ཞེས་དང༌། ཡེ་ཤེས་སྙིང་པོའི་ཞབས་ཀྱིས། གང་ཚེ་ཤེས་དང་ཤེས་བྱ་དག །བདག་ཉིད་རྗེས་སུ་མ་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བརྟན་ཕྱིར་མི་བཞེངས་སོ། །ཞེས་དང༌། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་དུ། དེས་དེ་སྣང་ནས་མཁྱེན་ན། གཉིས་སྣང་དང་བཅས་པར་སྣང་ངམ། དེ་མེད་པར་སྣང་ཞེས་བརྟགས་ན། ཆོས་སྐུ་ཀུན་རྫོབ་ཀྱི་བདེན་པར་ཐལ་བ་དང༌། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་དོན་དམ་པའི་བདེན་པར་ཐལ་བ་གཉིས་ལས་མི་འདའོ། །གལ་ཏེ་ཆོས་སྐུའི་ཡེ་ཤེས་ཆོས་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་པར་ཐལ། ཁྱོད་ལ་ཀུན་རྫོབ་བདེན་པའི་རྣམ་པ་མ་ཤར་བའི་ཕྱིར་ཞེ་ན། འོ་ན་དེ་ཆོས་ཅན། དེར་ཐལ། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ཀྱི་རྣམ་པ་མ་ཤར་བའི་ཕྱིར། དེའི་ཁྱབ་པ་མཚུངས་དགོས་པ་ཡིན་ནོ། །ཇི་སྐད་དུ། རེ་ཤིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཕྱིས་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །ཞེས་གསུངས་པས་སོ། །གལ་ཏེ་འོ་ན། ཀུན་རྫོབ་ཀྱི་བདེན་པ་མ་ལུས་པ་ཆོས་ཅན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་ལོག་པར་ཐལ། ཡེ་ཤེས་ཆོས་སྐུ་ལ་ཁྱོད་ཀྱི་རྣམ་པ་མ་ཤར་བའི་ཕྱིར། འདོད་ན་ཐ་སྙད་དུ་ཡང་མེད་པར་ཐལ་ལོ་ཞེ་ན། འོ་ན་ཕྱི་རོལ་གྱི་དོན་དང༌། ཤིན་ཏུ་ལྐོག་གྱུར་དང༌། དོན་སྤྱི་དང༌། བརྟེན་ནས་བཏགས་པའི་ང་ཙམ་དང༌། ཚོར་བ་སྡུག་བསྔལ་སོགས་ཆོས་ཅན། དེར་ཧ་ཅང་ཐལ་བར་འགྱུར་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་རོ། །མ་གྲུབ་ན་ནི་ཡེ་ཤེས་དེ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེའི་རྣམ་པ་མ་ཤར་ན་དེ་མངོན་སུམ་དུ་མི་མཁྱེན་ནོ། །ཞེས་ཟེར་བ་ནི། གྲུབ་མཐའ་སྨྲ་བ་བཞི་པོ་གང་གི་ཡང་ལུགས་མིན་ཞིང༌། ཁྱད་པར་མདོ་སྡེ་པའི་ཐ་དད་དུ། དེའི་རྣམ་པ་ཤར་ན་དངོས་སུ་མ་རྟོགས་དགོས་པར་བཤད་པ་ཡིན་ནོ། །ཡང་གལ་ཏེ་ཆོས་སྐུའི་ཡེ་ཤེས་དེ་ཆོས་ཅན། ཐམས་ཅད་མཁྱེན་པ་མིན་པར་ཐལ། གདུལ་བྱའི་ཁམས་དང་བག་ལ་ཉལ་མི་མཁྱེན་པའི་ཕྱིར་ཞེ་ན། དེའི་རྣམ་པ་མ་ཤར་བས་དེ་མི་མཁྱེན་པར་མི་འགྲུབ་སྟེ། ཡེ་ཤེས་དེ་ཉིད་ཀྱི་དེ་བཞིན་ཉིད་དང༌། ཡེ་ཤེས་དེ་ལ་མུན་པ་དང༌། ཚ་བ་ལ་སོགས་པའི་རེག་བྱའི་སྐྱེ་མཆེད་ཀྱི་རྣམ་པ་མ་ཤར་བ་ཡིན་ནོ། །གཉིས་པ་ལ། གཟུགས་ཀྱི་སྐུའི་ཡེ་ཤེས་ནི་གཉིས་ཏེ། ཇི་ལྟ་བ་མཁྱེན་པ་དང༌། ཇི་སྙེད་པ་མཁྱེན་པའོ། །དེ་གཉིས་ཀ་ཡང་སངས་རྒྱས་ཉིད་ལ་ལྟོས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་དང༌། ཀུན་རྫོབ་ཀྱི་ཤེས་པ་ཡིན་ཏེ། གཟུགས་ཀྱི་སྐུའི་ཤེས་པ་ཡིན་པའི་ཕྱིར་དང༌། དོན་དམ་པའི་སྐུ་མ་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་སྨོན་ལམ་དང༌། གདུལ་བྱའི་བསོད་ནམས་ཀྱི་དབང་གིས་བྱུང་བའི་གཞན་དོན་གྱི་སྐུ་ཡིན་པའི་ཕྱིར། སྐུ་འདི་ལ་གཉིས་ཏེ། དོན་ལ་གནས་པ་དང༌། གདུལ་བྱའི་རྣམ་རིག་ལ་སྣང་བའོ། །དང་པོ་ནི། ཡེ་ཤེས་དེ་དག་གོ །གཉིས་པ་ནི། མཚན་དང་དཔེ་བྱད་ཀྱི་རྣམ་པ་ཅན་དུ་སྣང་བའོ། །དེའི་དུས་ཀྱི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གཅིག་པུ་དེ་ཆོས་ཉིད་ཇི་ལྟ་བ་ནི། སངས་རྒྱས་རང་སྣང་གི་ཚུལ་དུ་མཁྱེན་ལ། ཆོས་ཅན་ཇི་སྙེད་པ་ནི། གདུལ་བྱ་གཞན་སྣང་གི་ཚུལ་གྱིས་མཁྱེན། ཅིག་ཤོས་ཀྱིས་ཀྱང་དེ་བཞིན་དུ་མཁྱེན་པས། མཁྱེན་ཚུལ་མི་འགལ་ཞིང༌། མཁྱེན་མཁན་གཅིག་ཉིད་ཀྱིས་དུས་གཅིག་ཆར་དུ་མཁྱེན་པ་ཡིན་ཏེ། ཁྲ་བོ་འཛིན་པའི་མིག་ཤེས་བཞིན་ནོ། །དོན་དེ་ཉིད་ཇི་སྐད་དུ། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་དང༌། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་སོ། །དེས་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལ་གཉིས་ཏེ། ཇི་ལྟ་བ་འབའ་ཞིག་ལ་མཉམ་པར་བཞག་ནས་ཇི་སྙེད་པ་མི་སྣང་བ་དང༌། ཇི་སྙེད་པ་ཡང་སྣང་ནས་མཁྱེན་པའོ། །ཅིག་ཤོས་ཇི་སྙེད་པ་མཁྱེན་པ་ལ་ནི། དེ་ལྟ་བུའི་དབྱེ་བ་ཡོད་པ་མ་ཡིན་ཏེ། སྤྱིར་ཚད་ལྡན་གྱི་གཞུང་འགྲེལ་དག་ལས། སངས་རྒྱས་ཀྱི་མཉམ་གཞག་ལ་ཇི་སྙེད་པའི་རྣམ་པ་མི་འཆར་བའི་བཤད་པ་ཡོད་ལ། ཅིག་ཤོས་ལ་དེ་མི་སྣང་བའི་བཤད་པ་མེད་པའི་ཕྱིར། དོན་དེ་ཡང་ཚིག་གི་སྤུ་རིགས་ཞིབ་མོར་འབྱེད་ན། དོན་དམ་པ་ཆོས་སྐུའི་ངོ་བོར་གྱུར་པའི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ལ། ཆོས་ཅན་ཇི་སྙེད་པའི་རྣམ་པ་མི་འཆར་བ་དང༌། མི་སྣང་བ་ཡིན་གྱི། དེས་དེ་མི་མཁྱེན་པ་མ་ཡིན་ཏེ། དེས་དེ་སྣང་བ་མེད་པའི་ཚུལ་གྱིས་མཁྱེན་པའི་ཕྱིར། ཇི་སྐད་དུ། སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང༌། །ཞེས་དང༌། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པ་ལྟར་རོ། །མདོར་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱང༌། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའི་རྣམ་པ་ཅུང་ཟད་ཀྱང་འཆར་མི་དགོས་པར་མཁྱེན་པ་ནི། དཔལ་ལྡན་ཟླ་བའི་ཞབས་ཀྱི་དགོངས་པ་བླ་ན་མེད་པར་ངེས་སོ། །ཇི་སྙེད་པ་ལ་གཉིས་ཏེ། མ་རིག་པའི་མཐུ་ལས་བྱུང་བ་དང༌། རྒྱུད་དག་པའི་ཁྱད་པར་ལས་སྣང་བའོ། །དང་པོ་ནི། སངས་རྒྱས་རང་སྣང་ལ་ཅུང་ཟད་ཀྱང་སྣང་བ་མེད་དེ། དེ་ལྟར་སྣང་བའི་རྒྱུ་སྤངས་པའི་ཕྱིར། གཉིས་པ་ནི། དོན་དམ་པ་ཆོས་ཀྱི་སྐུའི་ཡེ་ཤེས་ལ་མི་སྣང་ལ། གཟུགས་ཀྱི་སྐུའི་ཡེ་ཤེས་ལ་ནི། རང་སྣང་གི་ཚུལ་གྱིས་སྣང་བ་ཡིན་ཏེ། དེ་ལྟར་དུ་སྣང་བ་དེ་དེའི་ཡོན་ཏན་ཡིན་པའི་ཕྱིར། འོ་ན་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུའི་ཡེ་ཤེས་དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། ངོ་བོའི་ཁྱད་པར་ལས་ནི། དོན་དམ་པའི་བདེན་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ཡིན་པའོ། །རྒྱུའི་ཁྱད་པར་ལས་ནི། ཚོགས་གཉིས་ཀྱི་བདག་རྐྱེན་སོ་སོར་ངེས་པའི་མཐུ་ལས་བྱུང་བའོ། །ངེས་ཤེས་ཀྱི་ཁྱད་པར་ལས་ནི། མེ་ལོང་ཡེ་ཤེས་དང་དེ་ལས་གཟུགས་བརྙན་གྱི་ཚུལ་དུ་བྱུང་བའི་ཡེ་ཤེས་གཞན་གསུམ་པོའི་ཁྱད་པར་གང་ཡོད་པ་དེ་ཉིད་དོ། །མཛད་པའི་ཁྱད་པར་ལས་ནི། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་འདི་སྙམ་དུ། སངས་རྒྱས་ཀྱི་ཡེ་ཤེས་གང་ཡོད་པ་དེ་ཐམས་ཅད་ནི། ཆོས་ཀྱི་སྐུའི་ཡེ་ཤེས་ཁོ་ན་ཡིན་ལ། གཟུགས་ཀྱི་སྐུ་ནི་གཞན་གྱི་རྣམ་རིག་ལ་སྣང་བ་གང་ཡིན་པ་དེ་ཁོ་ནའོ། །ཞེས་སེམས་པ་ནི་རིགས་པ་མ་ཡིན་ཏེ། བསྟན་བཅོས་མཛད་པ་ཀུན་གྱི་ལུང་དང་མི་མཐུན་པས། ལུང་མེད་པ་དང༌། སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་གཟུགས་སྐུ་མི་སྲིད་པའི་ཕྱིར། གལ་ཏེ་གཟུགས་ཀྱི་སྐུ་ཤེས་པར་འདོད་པ་བཞད་གད་ཀྱི་གནས་སོ་སྙམ་ན་གཟུགས་ཀྱི་སྐུ་ལྡན་པ་མིན་པའི་འདུ་བྱེད་དུ་འདོད་པ་དེ་བས་ཀྱང་ངོ་མཚར་གྱི་གནས་སོ། །དེ་ལྟར་ན་གཟུགས་ཀྱི་སྐུར་མཚན་བཏགས་ཀྱང་དོན་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་ཡིན་ནོ། །གཉིས་པ་གཞན་ལུགས་མི་འཐད་པ་ལ། སྔ་རབས་པའི་ལུགས་གཞག་པ་དང༌། ཕྱི་རབས་པའི་ལུགས་མི་འཐད་པའོ། །དང་པོ་རྔོག་ལོ་ཆེན་པོས་ཇི་སྐད་དུ། སྔ་མ་ཇི་ལྟ་ཉིད་མཁྱེན་ནི། །འཁྲུལ་མེད་མཉམ་གཞག་བློ་འཇུག་མེད། །ཕྱི་མ་ཇི་སྙེད་མཁྱེན་པ་ནི། །འཁྲུལ་སྣང་རྗེས་ཐོབ་བློ་འཇུག་ཅན། །ཞེས་བཞེད་པར་སྣང་ངོ༌། །གཉིས་པ་ནི། གཞན་དག་ན་རེ། ཀུན་རྫོབ་ཀྱི་བདེན་པ་མཐའ་དག་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས་རྙེད་དོན་དང༌། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱང་ཁོ་ལ་ལྟོས་ཏེ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་སོང་བ་ཡིན་ནོ་ཞེས་ཟེར་རོ། །འདི་མི་འཐད་པ་ལ་གསུམ་སྟེ། ལུང་མེད་པ་དང་རིགས་པས་གནོད་པ་དང༌། ཁས་བླངས་ནང་འགལ་བའོ། །དང་པོ་ནི། འོ་ན་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་མཐོང་བ་ཡང་དག་པས་རྙེད་དོན་དུ་འགྱུར་ལ། དེ་ལྟ་ན་ནི་ཇི་སྐད་དུ། དངོས་ཀུན་ཡང་དག་མཐོང་བ་རྫུན་པ་ཡིས། །ཞེས་སོགས་དང་འགལ་ཞིང༌། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་མཁྱེན་པ་ཙམ་གྱིས་དེའི་རྙེད་དོན་དུ་འགྱུར་ན། མྱུ་གུ་དེ་དེ་བདེན་སྟོང་དུ་རྟོགས་པའི་རིགས་ཤེས་རྗེས་དཔག་གིས་རྙེད་དོན་དུ་ཧ་ཅང་ཐལ་བར་འགྱུར་རོ། །གཞན་ཡང༌། རིགས་ཤེས་ཀྱིས་རྙེད་དོན་དང་སྒྲུབ་པའི་གཞི་མཐུན་ཁས་བླངས་པ་དེ་ནི། རིགས་པས་དཔྱད་བཟོད་ཁས་བླངས་པ་ཡིན་ལ། གཞུང་ལས་མཐོང་བ་ཡང་དག་པའི་རྙེད་དོན་ཞེས་བཤད་པ་དེ་ནི། དོན་དམ་དཔྱོད་པའི་རིགས་པས་ཅིར་ཡང་མ་རྙེད་པ་ལ་དེར་མིང་བཏགས་པའི་ཕྱིར་ཁྱེད་ལ་ལུང་མེད་དོ། །གཉིས་པ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཆོས་ཅན། ཀུན་རྫོབ་ཀྱི་བདེན་པ་འཇོག་བྱེད་ཀྱི་ཀུན་རྫོབ་དེ་ཡིན་པར་ཐལ། ཁྱོད་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་མ་ལུས་པ་ལ་ལྟོས་ཏེ་ཚད་མར་སོང་བའི་ཕྱིར། ཐ་མལ་པའི་གཉིད་སད་པའི་མིག་ཤེས་དེ་རྨི་ལམ་གྱི་གཟུགས་སྣང་མཐའ་དག་ལ་ཚད་མར་ཐལ། མ་རིག་པའི་གཉིད་སད་པའི་སངས་རྒྱས་ཀྱི་ཡེ་ཤེས་དེ་མ་རིག་པའི་འཁྲུལ་སྣང་དུ་གྱུར་པའི་ཀུན་རྫོབ་ཀྱི་བདེན་པ་ལ་ཚད་མར་སོང་བའི་ཕྱིར། གསུམ་པ་ནི། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་དེ། ཆ་ཅན་རླན་ཞིང་གཤེར་བའི་དངོས་པོ་གཅིག་གི་སྟེང་གི་ཆུ་བདུད་རྩི་རྣག་ཁྲག་གསུམ་ཀ་ལ་ཚད་མར་ཐལ། ཆ་ཅན་དེའི་སྟེང་ན། ཆ་དེ་གསུམ་ཀ་ཀུན་རྫོབ་ཀྱི་བདེན་པར་ཁྱེད་ཀྱིས་ཁས་བླངས་པའི་ཕྱིར། འདོད་ན། རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ལ་ཡང་ཚད་མར་ཐལ་བར་འགྱུར་ཏེ། ཟླ་བའི་ཞབས་ཀྱིས་དེ་གཉིས་མཚུངས་པར་བཤད་པའི་ཕྱིར་རོ། །གསུམ་པ་ཟུང་དུ་འཇུག་པ་ལ། སྐབས་སུ་བབ་པ་ཞི་ལྷག་ཟུང་འཇུག་དང༌། ཟུང་འཇུག་གི་དབྱེ་བ་གཞན་བསྟན་པའོ། །དང་པོ་ནི། སྦྱོར་བའི་ལམ་གྱི་མཉམ་བཞག་བདག་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་སྐྱེས་པ་དེ་ནས་ཞི་ལྷག་ཟུང་དུ་འཇུག་པར་འཇོག་མོད། མཚན་ཉིད་པ་མིན་ཏེ། གཏིང་རྣམ་པར་རྟོག་པའི་རླུང་གིས་བསྐྱོད་པས་གཡེང་བ་དང་བཅས་པའི་ཕྱིར། ཡུལ་ཅན་ཡེ་ཤེས་དང༌། ཡུལ་དེ་ཁོ་ན་ཉིད་གཉིས་པོ་ལྡོག་པས་སོ་སོར་འབྱེད་པ་མ་གཏོགས་ཆུ་ལ་ཆུ་གཞག་པ་བཞིན་དུ་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར་པ་མཐོང་ལམ་གྱི་མཉམ་གཞག་ནས་བཟུང་སྟེ། ཞི་ལྷག་ཟུང་དུ་འཇུག་པ་མཚན་ཉིད་པ་རྣམ་པར་གཞག་གོ །དེ་ཡང་མཐོང་ལམ་དུ་དང་པོར་ཐོབ། ས་བརྒྱད་པར་དབང་ཐོབ། སངས་རྒྱས་ཀྱི་སར་ཟུང་འཇུག་ལ་བརྟན་པ་ཐོབ་པ་ཞེས་བྱའོ། །གཉིས་པ་ནི། གཞིའི་དུས་སུ་བདེན་པ་གཉིས་ཟུང་དུ་འཇུག་དགོས་པ་ཡིན་ཏེ། རྟག་ཆད་ཀྱི་མཐའ་གཉིས་བསལ་ནས་ཅི་ལ་ཡང་མི་གནས་པའི་ཚུལ་གྱིས་དབུ་མར་གནས་དགོས་པའི་ཕྱིར། ལམ་གྱི་དུས་སུ་ཐབས་ཤེས་ཟུང་དུ་འཇུག་དགོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་བསལ་ནས་གང་དུ་ཡང་འགྲོ་བ་མེད་པའི་ཚུལ་གྱིས་ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་དགོས་པའི་ཕྱིར། འབྲས་བུའི་དུས་སུ་སྐུ་གཉིས་ཟུང་དུ་འཇུག་དགོས་ཏེ། ལྷག་བཅས་དང་ལྷག་མེད་གྱི་ཞི་བའི་དབྱིངས་གཉིས་བསལ་ནས་ཆོས་ཀྱི་སྐུ་དང༌། སྨོན་ལམ་གྱི་སྐུ་གཉིས་ཅི་ཡང་མི་མཛད་པའི་ཚུལ་གྱིས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པར་མཛད་དགོས་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་གཞན་དོན་ཕྲིན་ལས་སྒྲུབ་པའི་དུས་སུ། ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པ་གཉིས་ཟུང་དུ་འཇུག་པར་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་གྱི་རིམ་པ་ལེགས་པར་བཤད་པ་ཡིན་ནོ། །ངེས་དོན་གསུང་མཛད་ཉིད་ཞལ་གཅིག་པུ་ལས། །གཞན་དུ་ལེགས་བཤད་ཚོལ་བའི་ངལ་བས་ཅི། །བདེན་དོན་སྨྲ་མཁས་ཀླུ་སྒྲུབ་ཞབས་ཉིད་དང༌། །དེས་གསུང་བསྟན་བཅོས་ཀུན་ལ་ཕྱག་བགྱིའོ། །ཕན་དགོངས་ཐུགས་རྗེ་ཆེ་ལྡན་རྒྱལ་བའི་བཀའ། །འཇམ་པའི་དབྱངས་ཀྱིས་ཀླུ་སྒྲུབ་ལ་བསྙད་པ། །འཕགས་པ་ལྷ་དང་སངས་རྒྱས་བསྟན་སྐྱོང་དང༌། །ལེགས་ལྡན་མཁས་པའི་ཐུགས་ཀྱི་རྒྱ་མཚོར་བཞུགས། །སྔོན་ཚེ་བོད་ཀྱི་ལྷ་གཅིག་ཁྲི་སྲོང་གིས། །རང་རྒྱུད་ཤར་བའི་པཎ་ཆེན་རྣམ་གསུམ་བོས། །ཀླུ་སྒྲུབ་ལུང་གིས་ལུགས་ངན་སུན་ཕྱུང་ནས། །ཀ་ཅོག་ཞང་གསུམ་བསྟན་པའི་རྒྱན་དུ་ཤར། །ཀླུ་སྒྲུབ་སྙིང་པོའི་ཟུང་འཇུག་སྐུ་ཉིད་ལས། །བདུད་རྩི་ཐོབ་པ་བསྙེངས་བྲལ་ཟླ་བའི་ཞབས། །དེ་གསུང་དྲི་མེད་རིག་པའི་ཁུ་བྱུག་ལས། རྒྱུད་པའི་སྲོལ་འཛིན་དཱི་པམ་ཀཱ་རའི་ཞབས། །དུས་དེར་ལྷ་བཙུན་བྱང་ཆུབ་འོད་མཛད་དེས། །ཇོ་བོའི་མཚན་ལྡན་པཎ་ཆེན་དེ་སྤྱན་དྲངས། །ཟླ་བའི་ལུགས་ཀྱི་དོན་དམ་ཚིག་གི་ཆ། །འཇམ་དབྱངས་རྣམ་འཕྲུལ་རྔོག་གི་«་་་་་ལེགས་ཤེ་»ཐུགས་མཚོར་བབས། །དེ་ལྟར་ཐལ་རང་ཉི་ཟླའི་སྲོལ་ཆེན་གཉིས། །བཤེས་གཉེན་རྔོག་«་་་་་ལེགས་ཤེ་»དང་འབྲིང་སྟོན་ལས་འོངས་པ། །ཆོས་ཀྱི་སྤྱན་ལྡན་རྔོག་ལོས་«་་་་་བློ་ལྡན་ཤེས་རབ་ཀྱིས་»གཏན་ལ་ཕབ། །དེ་སྲས་ཁྱུང་དང་གངས་པ་ཤེའུ་ལས། །རྒྱ་དམར་གྱིས་ཐོས་དེ་སློབ་ཕྱྭ་པ་ཡིས། །ཟླ་བའི་ལུགས་ལ་དགག་པ་མང་བྱས་ནས། །རྒྱན་སྣང་བདེན་གསུམ་རིགས་པས་ལེགས་བསྐྱངས་ཏེ། །རང་རྒྱུད་མཁས་པའི་སྲོལ་ཆེན་དར་བར་མཛད། །དུས་དེར་པ་ཚབ་སྤྲུལ་པའི་ལོ་ཙྪ་ཡིས། །ཟླ་བའི་ཡེ་ཤེས་སྐུ་དང་དངོས་སུ་མཇལ། །གཞན་ཡང་པཎ་ཆེན་རྣམ་གཉིས་སྤྱན་དྲངས་ནས། །ཐལ་འགྱུར་གཞུང་གསུམ་བསྒྱུར་ཅིང་ཉན་བཤད་མཛད། །རྨ་བྱ་རྩང་ནག་གཙང་པ་འབྲེ་རྒྱུར་དང༌། །ཞང་ཐང་བཞི་ལ་པ་ཚབ་བུ་བཞི་ཞེས། །ཀུན་ལ་གྲགས་མོད་བརྒྱུད་པའི་སྲོལ་འཛིན་པ། །མ་འཆོལ་འབྱུང་གནས་ཡེ་ཤེས་ཁོ་ན་ཡིན། །ཀླུ་སྒྲུབ་སྲས་ཆེན་ཨརྻ་དེ་བའི་ལུགས། །འཇིག་མེད་ཆོས་སྐྱོང་ཞབས་ཀྱིས་ལེགས་བཀྲལ་བ། །ས་སྐྱའི་རྗེ་བཙུན་རྣམ་བཞི་ཐུགས་ལ་འཁྲུངས། །ལྟ་སྒོམ་སྤྱོད་པའི་གནད་རྣམས་གསལ་བར་མཛད། །དེ་ལས་བརྒྱུད་པའི་ལྟ་བའི་གནད་རྣམས་ནི། །མ་འཁྲུལ་ཇི་བཞིན་གཟིགས་ནས་ལེགས་འདོམས་པ། །ཉི་ཟླར་གྲགས་པའི་མཁས་མཆོག་«་་་་་གཡག་རོང་ངོར་»རྣམ་གསུམ་གྱིས། །ཡོངས་རྫོགས་དབུ་མའི་རིང་ལུགས་གསལ་བར་མཛད། །ཕྱི་རབས་བྱོན་པའི་གྲགས་པ་གསལ་ལྡན་«་་་་་ཙོང་ཁ་པ་»དག །གཟུ་བོར་བཞུགས་པའི་ཆོས་བློས་མི་དཔྱོད་པར། །རང་འདོད་རྟོག་གེའི་རིགས་པས་རྒྱལ་བ་ཡི། །ཆོས་ཚུལ་ཀུན་གྱི་གནད་རྣམས་གཞན་དུ་བཅོས། །ཁྱད་པར་ཀླུ་སྒྲུབ་སློབ་མར་བཅས་པའི་གཞུང༌། །འཆད་མཁས་གཞན་དང་མི་མཐུན་བསྒྲུབ་བྱའི་ཕྱིར། །དོན་ཉུང་ཚིག་མང་ལྡན་པའི་རྣམ་བཤད་ཀྱིས། །ལོག་པའི་ལམ་དུ་བཀྲལ་བ་མང་ཞིག་མཐོང༌། །དེ་དག་རྣམས་ཀྱི་རང་འཚང་གསལ་པོ་ནི། །ལུང་རིགས་ཚངས་པའི་དབྱངས་ཀྱིས་རབ་བསྒྲགས་ནས། །ཐལ་རང་གྲུབ་མཐའི་སྒོ་དང་ལྟ་བའི་གནད། །ཡིན་ལུགས་གསལ་བར་སྟོན་འདི་བསྟན་པའི་རྒྱན། །འདི་སྦྱར་དགེ་བ་བདེ་འབྱུང་གཙུག་རྒྱན་ལྟར། །མཐོན་པོའི་གནས་ནས་འོད་དཀར་སྤྲོ་བྱེད་དེས། །མཐར་འཛིན་སྙིང་གི་གདུང་བ་ཀུན་ཕྲོགས་ནས། །ཐམས་ཅད་མཁྱེན་པའི་རྒྱ་མཚོ་སྤེལ་བྱེད་ཤོག །བསྟན་ལ་དགོངས་པའི་ལྷག་བསམ་མཐོན་པོ་ཅན། །ས་སྐྱོང་བཀྲ་ཤིས་ཉིན་མོའི་མགོན་གང་ནི། །མཆེད་དང་བཅས་པའི་འབྱོར་པའི་ཡིད་བཞིན་མཚོ། །བསྟན་འཛིན་མང་པོའི་བསྟི་གནས་ཉམས་དགའ་དེར། །རྣམ་དཔྱོད་གཟུ་བོར་གནས་པས་འདི་སྦྱར་གྱིས། །ས་སྐྱོང་མཆེད་དང་རིགས་ཀྱི་བདག་པོར་བཅས། །ཀུན་ཀྱང་སྲིད་ཞིའི་རྒྱུད་པ་ལས་གྲོལ་ནས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་འཛིན་ཤོག །ཅེས་དབུ་མ་ཆེན་པོའི་སྒོམ་རིམ་ལ་འཁྲུལ་པ་སྤོང་ཞིང༌། ཞི་གནས་དང༌། ལྷག་མཐོང་དང༌། ལྟ་བའི་རིམ་པ་རྒྱས་པར་གཏན་ལ་ཕབ་ནས། དབུ་མ་ཐལ་རང་གི་གྲུབ་པའི་མཐའ་གསལ་བར་བྱེད་པའི་བསྟན་བཅོས། ཚངས་པའི་དབྱངས་ཀྱི་རྔ་སྒྲ་ཞེས་བྱ་བ་འདི་ནི། རྟེན་འབྲེལ་སྒྱུ་མའི་ངོ་བོར་ཐུགས་སུ་ཆུད་པས། དངོས་འཛིན་གྱི་འཁྲུལ་པ་གཏིང་ནས་ཞིག བདེ་བར་གཤེགས་པའི་གསུང་རབ་རྒྱ་མཚོའི་ཕ་རོལ་དུ་སོན་པ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་རྙོག་པ་མེད་པ་སྤྱི་བོས་བླངས་ཤིང༌། གསུང་གི་བདུད་རྩི་རྣ་བའི་ཀུན་དགར་སིམ་པས་ཤེས་རབ་ཀྱི་དབང་པོ་རྒྱས་པ། ཡུལ་དབུས་ཀྱི་ཐོས་པ་འཛིན་པའི་དགེ་སློང༌། དཔལ་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློས། རྒྱལ་བ་ཅེས་པ་ཤིང་ཕོ་རྟའི་ལོ། ནག་པས་ཉ་བའི་ཡར་ཚེས་ཀྱི་འགྲུབ་སྦྱོར་བཟང་པོ་ལ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། ཀོང་སྟོན་མགོན་པོ་རྒྱན་མཚན་ནོ། །འདིས་ཀྱང་ཕ་རོལ་དུ་ཕྱིན་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག།  །།མངྒ་ལཾ།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*