རྟོགས་དཀའ་བའི་རྣམ་བཞག་དང༌། ཞུགས་གནས་ཀྱི་རྣམ་བཞག ཕུང་ཁམས་སྐྱེ་མཆེད་རྣམ་བཞག་བཅས།

༼ང་༽༄༅། །རྟོགས་དཀའ་བ་ལྡན་པའི་རྣམ་པར་བཞག་པ་དང༌། ཞུགས་གནས་ཀྱི་རྣམ་གཞག་དང༌། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་རྣམས་བཞུགས་སོ།།

ཆོས་ཀྱི་དེ་ཉིད་ལེགས་གཟིགས་ནས། །གཞན་ལ་ཇི་བཞིན་འདོམས་པ་ལ། །ཆགས་དང་ཐོགས་པ་མེད་པ་ཡི། །ཐུགས་མངའ་ཁྱོད་ལ་ཕྱག་འཚལ་ལོ། །འདིར་རྟོགས་པར་དཀའ་བ་ལྡན་པའི་རྣམ་པར་གཞག་པ་ལ། གང་ལྡན་པའི་ཆོས། གང་ལ་ལྡན་པའི་གཞི། ཇི་ལྟར་ལྡན་པའི་ཚུལ་ལོ། །དང་པོ་ལ་བསྡུས་པའི་དབྱེ་བ་གསུམ། ཅུང་ཟད་རྒྱས་པའི་དབྱེ་བ་བདུན། ཤིན་ཏུ་རྒྱས་པའི་དབྱེ་བ་བཅུ་དྲུག་གོ །དང་པོ་ནི། ཉོན་མོངས་པ་ཅན་དང༌། དགེ་བ་དང༌། ལུང་མ་བསྟན་ཏེ་གསུམ་མོ། །གཉིས་པ་ནི། དགེ་བ་ལ་ཟག་བཅས་དང་ཟག་མེད་དོ། །དང་པོ་ལ་སྐྱེས་ཐོབ་དང་སྦྱོར་བྱུང་ངོ༌། །གཉིས་པ་ཟག་མེད་ལ། སློབ་པ་དང་མི་སློབ་པའི་དབྱེ་བས་གཉིས་སོ། །ལུང་མ་བསྟན་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་ཏེ་བདུན་ནོ། །གསུམ་པ་ནི། འདོད་པའི་ཁམས་ན་ཆོས་ལྔ། གཟུགས་ཀྱི་ཁམས་ན་ལྔ་དང༌། གཟུགས་མེད་པའི་ཁམས་ན་བཞི། ཟག་མེད་གཉིས་ཏེ་བཅུ་དྲུག་གོ །དེ་ཡང་ཇི་ལྟར་ཞེ་ན་འདོད་པའི་སས་བསྡུས་པའི་ཉོན་མོངས་པ་དང༌། དགེ་བ་སྐྱེས་ཐོབ་དང༌། སྦྱོར་བྱུང་དང༌། ལུང་མ་བསྟན་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་སྟེ་ལྔ་དང༌། དེ་བཞིན་དུ་ཁམས་གཞན་གཉིས་ལའང་སྦྱར་ཏེ། གཟུགས་མེད་པའི་ཁམས་ན་ལུང་མ་བསྟན་སྦྱོར་བྱུང་མེད་དོ། །འོ་ན་ཉོན་མོངས་པ་དང་ཟག་མེད་ལ་སྐྱེས་ཐོབ་དང་སྦྱོར་བྱུང་གཉིས་གཉིས་སུ་མི་འབྱེད་པའི་རྒྱུ་མཚན་ཅི་ཞེ་ན་བཤད་པ། ཉོན་མོངས་པའི་ལྡན་ཚུལ་འཆད་པ་ན་ས་དེར་གཏོགས་ཁོ་ན་འཆད་ལ། རྟེན་རང་དུ་གཏོགས་པའི་ཉོན་མོངས་པ་ཡིན་ན་ས་དེ་ལ་ལྟོས་པའི་སྐྱེས་ཐོབ་ཡིན་པས་ཁྱབ་པའི་ཕྱིར་དང༌། ཟག་མེད་གཉིས་པོ་གང་རུང་ཡིན་ན་སྦྱོར་བྱུང་ཡིན་པས་ཁྱབ་པའི་ཕྱིར། ས་དེར་གཏོགས་ཀྱི་ཉོན་མོངས་པ་ལ་སྦྱོར་བྱུང་མེད་པ་ཅི་ཞེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆགས་བྲལ་གྱི་གཉེན་པོ་ཅུང་ཟད་ཀྱང་རྒྱུད་ལ་མ་སྐྱེས་པའི་འདོད་པའི་སོ་སོ་སྐྱེ་བོ་ལ་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་པ་མཐའ་དག་འདོད་པར་སྐྱེས་པ་ཙམ་གྱིས་ཐོབ་པ་ཡིན་གྱི། སྦྱོར་བས་བསྒྲུབ་དགོས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། རྐྱེན་དང་ཕྲད་མ་ཐག་ཏུ་འབྱུང་བར་ངེས་པའི་ཕྱིར། གཞན་གཉིས་ལའང་དེ་བཞིན་དུ་སྦྱར་རོ། །ལུང་མ་བསྟན་ལ་ནི་མཚུངས་པ་མ་ཡིན་ཏེ། བཟོ་དང་སྤྲུལ་པ་དང་སྤྱོད་ལམ་རྣམས་ལུས་ངག་གི་སྦྱོར་བས་ངེས་པར་བསྒྲུབ་དགོས་པའི་ཕྱིར། འོ་ན་ཆོས་བཅུ་དྲུག་པོ་གང་དང་གང་ལ་གང་ལྡན་པ་གང་དང་གང་ཞིག་འཇོག་པར་བྱེད་པ་ཡིན་ཞེ་ན། ས་བོན་དང་ལྡན་པ་ནི། ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང༌། དགེ་བ་སྐྱེས་ཐོབ་གསུམ་དང༌། ལུང་མ་བསྟན་སྐྱེས་ཐོབ་གསུམ་སྟེ། དགུ་པོ་དེའི་སྟེངས་ནས་རྩི་བར་བྱེད་པ་ཡིན་ཏེ། དགུ་པོ་དེའི་ས་བོན་དང་ལྡན་ན་དགུ་པོ་དེ་དང་ལྡན་པས་ཁྱབ་པའི་ཕྱིར། ཟག་མེད་གཉིས་དང༌། སྦྱོར་བྱུང་ལྔ་ལ་ས་བོན་དང་ལྡན་པའི་རྣམ་གཞག་མི་འཇོག་པ་ཡིན་ཏེ། ཟག་མེད་ཀྱི་ས་བོན་དང་ལྡན་པས་ཟག་མེད་དང་ལྡན་པར་བཞག་མི་ནུས་པའི་ཕྱིར་དང༌། གལ་ཏེ་ནུས་ན། རང་བཞིན་གནས་རིགས་དང་ལྡན་པ་ཐམས་ཅད་འཕགས་པར་ཐལ་བའི་ཕྱིར་རོ། །ཡང་དགེ་བ་སྦྱོར་བྱུང་གི་ས་བོན་དང་ལྡན་པས་དགེ་བ་སྦྱོར་བྱུང་དང་ལྡན་པར་བཞག་མི་ནུས་ཏེ། ནུས་ན་དགེ་རྩ་མ་ཆད་པའི་སོ་སོ་སྐྱེ་བོ་ཐམས་ཅད་དགེ་བ་སྦྱོར་བྱུང་དང་ལྡན་པར་ཐལ་བའི་ཕྱིར་དང༌། སྦྱོར་བྱུང་ཐམས་ཅད་སྐྱེས་ཐོབ་དུ་ཐལ་བར་འགྱུར་ཏེ། སྦྱོར་བྱུང་གི་ས་བོན་དང་ལྡན་པ་ཙམ་གྱིས་སྦྱོར་བྱུང་དང་ལྡན་པར་བཞག་ནུས་པའི་ཕྱིར། གཉིས་པ་དབང་ལྡན་གྱི་རྣམ་པར་བཞག་པ་ནི། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང༌། ལུང་མ་བསྟན་སྦྱོར་བྱུང་གཉིས་དང༌། ཟག་མེད་གཉིས་ཏེ། བདུན་པོ་དེའི་སྟེངས་ནས་རྩི་བར་བྱེད་པ་ཡིན་ཏེ། བདུན་པོ་དབང་དང་ལྡན་པ་ཙམ་གྱིས་བདུན་པོ་དེ་དང་ལྡན་པར་བཞག་ནུས་པའི་ཕྱིར་དང༌། བདུན་པོ་དེ་དང་ལྡན་པར་འཇོག་པ་ལ་ཐ་ནའང་དབང་ལྡན་ཙམ་ཞིག་དགོས་པའི་ཕྱིར། ཉོན་མོངས་པ་གསུམ་དང་སྐྱེས་ཐོབ་དྲུག་ལ་མི་བརྩི་སྟེ་དེ་དག་དང་ལྡན་པའི་གོ་ཆོད་མོད་ཀྱང༌། དེ་དག་དང་ལྡན་པར་འཇོག་པ་ལ་དབང་དང་ལྡན་པ་ཡན་ཆད་ངེས་པར་མི་དགོས་པའི་ཕྱིར་ཏེ། ས་བོན་དང་ལྡན་པ་ཙམ་གྱིས་ཆོག་པའི་ཕྱིར། དེས་ན་དབང་དང་ལྡན་པས་ལྡན་པར་འཇོག་ནུས་པ་ནི་ཉོན་མོངས་ཅན་གསུམ་དང༌། སྐྱེས་ཐོབ་དྲུག་པོ་ཡང་ཡིན་མོད་ཀྱི། ལྡན་པ་ལ་དབང་ལྡན་ངེས་པར་དགོས་པ་ནི་བདུན་པོ་ཁོ་ནའོ། །དེ་ལྟ་མོད་ཀྱི་ཞིབ་མོར་ཕྱེ་ན། ལུང་མ་བསྟན་སྐྱེས་ཐོབ་རྣམས་ནི་མངོན་གྱུར་ཁོ་ན་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་དང༌། མིག་སོགས་དབང་པོ་ལྔ་བཞིན་ནོ། །དེའི་ནང་ནས་སྤྱིར་ཀུན་གཞི་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་སྐྱེས་ཐོབ་ཀྱི་ཀུན་གཞི་དང་ལྡན་པར་འཇོག་མི་ནུས་ཏེ། འདོད་པའི་རྟེན་ལ་བསམ་གཏན་དང་པོའི་སས་བསྡུས་ཀྱི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཀུན་གཞིའི་ས་བོན་ཡོད་པ་བཞིན་ནོ། །སྐྱེས་ཐོབ་ཀྱི་ཀུན་གཞི་མངོན་དུ་མི་འགྱུར་བའི་གནས་སྐབས་འཁོར་བ་པ་ལ་མི་སྲིད་པས་འདི་ལ་ས་བོན་དང་ལྡན་པ་ཙམ་གྱིས་ལྡན་པར་བརྩི་མི་དགོས་སོ། །ཡང་མིག་དབང་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་དེ་དང་ལྡན་པའི་ཁྱབ་པ་མེད་པ་ནི་སྔ་མ་དང་འདྲ་བ་ཡིན་མོད་ཀྱང༌། འདི་ལ་ས་བོན་དང་ལྡན་པ་ཙམ་གྱིས་ལྡན་པར་བརྩི་དགོས་པ་ཡིན་ཏེ། འདོད་པར་ཉིང་མཚམས་སྦྱར་མ་ཐག་པ་དང༌། སྒོ་ངའི་ནང་ན་འདུག་པ་དང༌། ཞར་བ་ལ་སོགས་པའི་གནས་སྐབས་བཞིན་ནོ། །དེ་ལྟ་མོད་ཀྱི་གཟུགས་མེད་པའི་ཁམས་ན་མིག་གི་ས་བོན་དང་ལྡན་པར་བཤད་པ་དེ་ཙམ་གྱིས་ནི་མིག་སྐྱེས་ཐོབ་དང་ལྡན་པར་བཞག་མི་ནུས་ཏེ་སྤྱིར་ས་དེས་བསྡུས་ཀྱི་མིག་སྐྱེས་ཐོབ་མི་སྲིད་པའི་ཕྱིར་དང༌། དེའི་དུས་ཀྱི་ས་བོན་དེ་ཡང་སྤྱིར་མིག་ཙམ་གྱི་ས་བོན་ཡིན་གྱི་རྟེན་དེ་ལ་ལྟོས་པའི་མིག་སྐྱེས་ཐོབ་ཀྱི་ས་བོན་མ་ཡིན་པའི་ཕྱིར་རོ། །འོ་ན་འགོག་པ་ལ་སྙོམས་པར་ཞུགས་པ་དང་མིག་བཙུམས་པ་ལ་སོགས་པའི་གནས་སྐབས་སུ་མིག་སྐྱེས་ཐོབ་ཀྱི་ས་བོན་དང་ལྡན་པས་སམ། དབང་དང་ལྡན་པས་སམ། མངོན་གྱུར་དང་ལྡན་པས་ལྡན་པར་འཇོག་པ་གང་ཡིན་ཞེ་ན། ཕྱི་མ་ལྟར་ཡིན་ཏེ། སྐབས་དེ་དག་ན་སྐྱེ་བས་ཐོབ་པའི་མིག་དེ་མཚུངས་མངོན་གྱུར་དང་ལྡན་པའི་ཕྱིར་རོ། །འོ་ན་འདོད་པའི་རྟེན་ལ་བསམ་གཏན་དང་པོའི་མིག་ཐོབ་ལ་མ་ཉམས་པ་ཡུལ་ལ་འཇུག་བཞིན་པ་མིན་པ་དེའི་ཚེ་ལྡན་ཚུལ་ཇི་ལྟ་བུ་ཞེ་ན། འདི་ནི་དབང་དང་ལྡན་པས་ལྡན་པ་ཡིན་ཏེ། ལུང་མ་བསྟན་སྦྱོར་བྱུང་གི་ལྡན་ཚུལ་ཡིན་པའི་ཕྱིར་དང༌། མངོན་དུ་མ་གྱུར་བའི་གནས་སྐབས་ཡིན་པའི་ཕྱིར། ཡང་ས་བོན་དང་ལྡན་པས་ལྡན་པར་འཇོག་པ་དེའི་ཚེ། གང་དང་གང་གི་ས་བོན་ཡིན་པ་དེ་དང་དེར་ཁས་ལེན་ནུས་པ་མ་ཡིན་ཏེ། ཀུན་གཞིའི་སྟེང་གི་ཉོན་མོངས་པ་ཅན་དང་དགེ་བ་སྐྱེས་ཐོབ་ཀྱི་ས་བོན་བཞིན་ནོ། །དེ་ལྟ་མོད་ཀྱི་ལུང་མ་བསྟན་གྱི་ས་བོན་ཡིན་ན་ལུང་མ་བསྟན་མངོན་གྱུར་བ་ཡིན་དགོས་ཏེ། ས་བོན་ཐམས་ཅད་ཀུན་གཞིའི་ངོ་བོར་གནས་པའི་ཕྱིར། འོ་ན་དགེ་རྩ་ཆད་པའི་སོ་སོ་སྐྱེ་བོ་སྐྱེས་ཐོབ་ཀྱི་དགེ་རྩ་དང་ལྡན་པར་འགྱུར་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར། འདོད་ན་དགེ་རྩ་ཆད་པ་མིན་པར་འགྱུར་རོ་ཞེ་ན། ལྡན་པ་དང་ཆད་པ་མི་འགལ་ཏེ། མངོན་གྱུར་མེད་པས་ཆད་པར་བཞག་པ་ཡིན་ལ། མཚམས་འབྱོར་དུ་རུང་བས་ལྡན་པར་བཞག་པའི་ཕྱིར། སྐབས་འདིར་ཡང་ལྡན་ན་ཡོད་པས་མ་ཁྱབ་པར་ཁས་ལེན་དགོས་པ་ཡིན་ཏེ། ཀུན་གཞིའི་སྟེང་དུ་དགེ་བ་སྐྱེས་ཐོབ་ལྡན་ཀྱང་ཡོད་པ་མིན་པ་བཞིན་ནོ། །གསུམ་པ་མངོན་གྱུར་དང་ལྡན་པ་རྣམ་པར་བཞག་པ་ནི། ཆོས་བཅུ་དྲུག་པོ་གང་ཡིན་ཀྱང་རུང་སྟེ། མངོན་དུ་གྱུར་པའི་གནས་སྐབས་སོ། །དེ་ལ་འདི་སྙམ་དུ། ཉོན་མོངས་ཅན་གསུམ་དང༌། སྐྱེས་ཐོབ་དྲུག་དང་དགུ་པོ་ལ་འདི་མི་བརྩི་བར་འགྱུར་ཏེ། དེ་དག་དང་ལྡན་པར་འཇོག་པ་ལ་མངོན་གྱུར་དང་ལྡན་མི་དགོས་པའི་ཕྱིར། ཡང་སྦྱོར་བྱུང་ལྔ་དང་ཟག་མེད་གཉིས་ཏེ་བདུན་པོ་ལ་ཡང་འདི་མི་བརྩི་བར་འགྱུར་ཏེ། བདུན་པོ་དེ་དང་ལྡན་པར་འཇོག་པ་ལ་དེ་དག་མངོན་གྱུར་དང་ལྡན་མི་དགོས་པའི་ཕྱིར་ཞེ་ན། དེ་ནི་ཚིག་ལ་མཚུངས་པ་ལྟ་བུར་སྣང་ཡང་དོན་ལ་མི་མཚུངས་པ་ཡིན་ཏེ། མངོན་གྱུར་དང་ལྡན་པས་ལྡན་པའི་གོ་མི་ཆོད་དམ་སྙམ་པའི་དོགས་པ་སྐྱེ་བ་མེད་ལ། གཞན་གཉིས་དང་ལྡན་པས་ལྡན་པའི་གོ་ཆོད་དམ་མི་ཆོད་སྙམ་པའི་དོགས་པ་ཡོད་པས་དེ་སེལ་དགོས་པའི་ཕྱིར། དེ་ཇི་ལྟར་སེལ་ཞེ་ན། ཆོས་དགུ་པོ་རྣམས་ལ་ནི་ས་བོན་དང་ལྡན་པས་ལྡན་པའི་གོ་ཆོད་ལ། གཞན་བདུན་པོ་ལ་ནི་མི་ཆོད་དོ་ཞེས་དང༌། ཆོས་གཞན་བདུན་པོ་དེ་ལ་ནི་དབང་དང་ལྡན་པ་ཙམ་གྱིས་ལྡན་པའི་གོ་ཆོད་ཀྱི་མངོན་གྱུར་དང་ལྡན་པ་ངེས་པར་མི་དགོས་སོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པའི་གཞུང་ལས་ལྡན་པ་དང་པོ་གཉིས་ཀྱི་མཚན་གཞི་སོ་སོ་བ་ཉིད་དུ་ངེས་པར་བཟུང་ལ། མངོན་གྱུར་དང་ལྡན་པ་ལ་དེ་ལྟར་མ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྣམ་བཤད་མཛད་པ་ཀུན་གྱིས་གསལ་བར་མ་བཤད་པའི་ལེགས་པར་བཤད་པ་གཅིག་ཡིན་ནོ། །གཉིས་པ་གང་ལ་ལྡན་པའི་གཞི་བཤད་པ་ལ། གང་ཟག་ནི་གཉིས་ཏེ། སོ་སོ་སྐྱེ་བོ་དང་འཕགས་པའོ། །དང་པོ་ལ་གཉིས་ཏེ། དགེ་རྩ་མ་ཆད་པ་དང་ཆད་པའོ། །དང་པོ་ལ་གཉིས་ཏེ། འཆིང་བ་མཐའ་དག་དང་ལྡན་པ་དང་མི་ལྡན་པའོ། །དང་པོ་ལ་གཉིས་ཏེ། བསམ་གཏན་གྱི་ཉེར་སྡོགས་མ་ཐོབ་པ་དང་ཐོབ་པའོ། །གཉིས་པ་མི་ལྡན་པ་ལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་དང༌། གཟུགས་ལ་འདོད་ཆགས་དང་བྲལ་བའོ། །དང་པོ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་པ་དང་མ་ཐོབ་པའོ། །གཉིས་པ་ལ་ཟག་མེད་ཀྱི་དངོས་གཞི་ཐོབ་པ་དང་མ་ཐོབ་པའོ། །གཉིས་པ་ལ་འཕགས་པ་སློབ་པ་དང་མི་སློབ་པའོ། །དང་པོ་ལ་རྒྱུན་དུ་ཞུགས་པ་ལ་སོགས་པའི་དབྱེ་བས་གསུམ་མོ། །མི་སློབ་པ་ལ་ཉན་ཐོས་དང༌། རང་སངས་རྒྱས་དང༌། དེ་བཞིན་གཤེགས་པའི་དབྱེ་བས་གསུམ་ཡོད་ཀྱང་ཕྱི་མ་འདིར་མི་བཟུང་ངོ༌། །དགེ་རྩ་ཆད་པ་ལ་གཉིས་ཏེ། དགེ་རྩ་ཙམ་ཆད་པ་དང༌། རིགས་ཆད་པའོ། །དང་པོ་ནི་ལན་ཅིག་ལོག་ལྟས་དགེ་རྩ་ཆད་ཀྱང༌། མཚམས་སྦྱོར་དུ་རུང་བ་ཡིན་ལ། གཉིས་པ་ནི་རིགས་ཆད་དུ་གྲགས་པའོ། །དེ་ལྟར་ན། གང་ཟག་གི་བསྡུ་བ་འདི་ཡང་སྔོན་གྱི་རྣམ་བཤད་བྱེད་པ་གཞན་གྱིས་འཆད་ནུས་ཀྱང་མ་བཤད་པའི་ལེགས་པར་བཤད་པ་གཉིས་པ་ཡིན་ནོ། །གསུམ་པ་ལྡན་ཚུལ་ལ། གང་ཟག་གང་ལ་ཆོས་གང་ཇི་ལྟར་ལྡན་པའི་ཚུལ་དངོས་དང༌། ལྡན་པ་གསུམ་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། རིགས་ཆད་པའི་གང་ཟག་ལ་ཉོན་མོངས་པ་ཅན་དང་ལུང་མ་བསྟན་མ་གཏོགས་ཐར་པ་ཆ་མཐུན་གྱི་དགེ་བའི་ལྡན་ཚུལ་གསུམ་པོ་གང་ཡང་མེད་དེ། ཐར་ཆའི་དགེ་བའི་ས་བོན་དང་ཡང་མི་ལྡན་པའི་ཕྱིར། གཉིས་པ་དགེ་རྩ་ཙམ་ཆད་པ་ལ། དགེ་བའི་ལྡན་ཚུལ་ཕྱི་མ་གཉིས་མེད་ཀྱང༌། དགེ་བ་སྐྱེས་ཐོབ་དང་ལྡན་པར་བཞག་ནུས་ཏེ། དེའི་ས་བོན་དང་ལྡན་པའི་ཕྱིར་ཏེ། རང་བཞིན་དུ་གནས་པའི་རིགས་མ་ཆད་པའི་ཕྱིར། འདིར་བདེ་བར་གཤེགས་པའི་སྙིང་པོ་དང༌། རང་བཞིན་དུ་གནས་པའི་རིགས་ལ་གཞི་མཐུན་སྲིད་པ་མ་ཡིན་ཏེ། གཅིག་ལ་འདུས་བྱས་ཀྱིས་ཁྱབ་ལ་ཅིག་ཤོས་ལ་འདུས་མ་བྱས་ཀྱིས་ཁྱབ་པའི་ཕྱིར་རོ། །ཡང་རིགས་ཆད་ཀྱི་རྒྱུད་ཀྱི་བསོད་ནམས་ཆ་མཐུན་གྱི་དགེ་རྩ་གང་ཡིན་པ་དེ་ཐར་ཆ་མིན་ལ་ཅིག་ཤོས་ཀྱི་རྒྱུད་ཀྱི་དེ་གང་ཡིན་པ་ཐར་པ་ཆ་མཐུན་དུ་སྲིད་དོ། །གཉིས་པ་དགེ་རྩ་མ་ཆད་པའི་སོ་སོ་སྐྱེ་བོ་འདོད་པའི་ཉོན་མོངས་པ་མཐའ་དག་དང་ལྡན་པ་བསམ་གཏན་གྱི་ཉེར་སྡོགས་ཙམ་ཡང་མ་ཐོབ་པ་ལ་ས་བོན་དང་ལྡན་པས་ལྡན་པར་བཞག་ནུས་པ་ནི་ལྔ་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང༌། འདོད་པའི་སྐྱེས་ཐོབ་གཉིས་སོ། །འོ་ན་འདི་ལ་གཟུགས་མེད་ཀྱི་དགེ་བ་དང་ལུང་མ་བསྟན་གཉིས་ཀྱི་ས་བོན་དང་ལྡན་པ་མིན་ནམ་ཞེ་ན། དེ་དང་ལྡན་པ་ནི་ཡིན་ཏེ། དེར་འཕེན་བྱེད་ཀྱི་ལས་ཀྱི་ས་བོན་དང་ལྡན་པའི་ཕྱིར། དེ་ལྟ་མོད་ཀྱི་འདོད་པའི་རྟེན་ལ་དེའི་ས་བོན་དང་ལྡན་པས་དེ་དང་ལྡན་པར་བཞག་མི་ནུས་ཏེ། ས་དེའི་ཆོས་དེ་དང་དེ་སྐྱེས་ཐོབ་དང་ལྡན་པར་འཇོག་པ་ལ་ས་དེ་དང་དེར་སྐྱེས་ནས་མ་ཤི་བ་གཅིག་དགོས་པའི་ཕྱིར། འདིར་ས་གཞན་གྱི་ཉོན་མོངས་པའི་ས་བོན་དང་ལྡན་པས་ལྡན་པར་བཞག་ནུས་ལ། གཞན་གྱི་དགེ་བ་དང་མ་སྒྲིབ་པའི་ས་བོན་དང་ལྡན་པས་དེར་བཞག་མི་ནུས་པའི་ཁྱད་པར་འབྱེད་དགོས་པར་སྣང་ངོ༌། །ཡང་དེ་ལ་དབང་དང་ལྡན་པར་འཇོག་དགོས་པ་ནི་གཉིས་ཁོ་ན་སྟེ། འདོད་པའི་སྦྱོར་བྱུང་གཉིས་སོ། །གཉིས་པ་བསམ་གཏན་གྱི་ཉེར་སྡོགས་སྐྱེས་པ་ལ། ས་བོན་དང་ལྡན་པས་ལྡན་པར་འཇོག་ཚུལ་ནི་སྔ་མ་དང་འདྲ་ལ། དབང་དང་ལྡན་པ་ནི། སྔ་མ་གཉིས་པོའི་སྟེང་དུ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་སྟེ་གསུམ་མོ། །བོད་ཀྱི་ཊཱིཀ་བྱེད་པ་དག་ན་རེ། འདིས་ཉེར་སྡོགས་ཟག་མེད་བདེན་པའི་རྣམ་པ་ཅན་མངོན་སུམ་དུ་བྱས་པའི་ཚེ་སློབ་པ་ཟག་མེད་དབང་དང་ལྡན་པ་ཡིན་ནོ་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། འདི་ལ་ལུང་མེད་པ་དང༌། ལུང་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ཞེ་ན་ཉེར་སྡོགས་བདེན་པའི་རྣམ་པ་ཅན་རྒྱུད་ལ་སྐྱེས་པའི་སོ་སོ་སྐྱེ་བོ་ཆོས་ཅན། འཕགས་པའི་ཆོས་ཐོབ་པར་ཐལ། སློབ་པ་ཟག་མེད་དང་ལྡན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ལུང་གིས་གྲུབ་སྟེ། ཇི་སྐད་དུ། མཚན་ཉིད་ཀྱིས་ནི་སྔ་མ་བཞིན་ནོ་ཞེས་བཤད་པས་སོ། །འདོད་ན་ཇི་སྐད་དུ། སོ་སོ་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ། །ཞེས་གསུངས་པ་དང་འགལ་ཞིང༌། སློབ་པ་ལ་འཕགས་པས་ཁྱབ་པ་ནི་སྐུ་མཆེད་གཉིས་ཀྱི་ཐུན་མོང་གི་ལུགས་སོ། །གཉིས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ལྡན་ཚུལ་ནི་སྔ་མ་དང་འདྲ་ལ། དངོས་གཞི་ཐོབ་པ་ལ་གཟུགས་ལ་ཆགས་པ་དང་མ་བྲལ་བ་དང་བྲལ་བ་གཉིས། དང་པོ་ལ་འདོད་པའི་རྟེན་ཅན་དང༌། གཟུགས་ཀྱི་རྟེན་ཅན་གཉིས། དང་པོ་ལ། ས་བོན་དང་ལྡན་པས་ལྡན་ཚུལ་སྔ་མ་དང་འདྲ་ཞིང་དབང་དང་ལྡན་པས་ལྡན་པར་འཇོག་དགོས་པ་ནི་སྔ་མ་གསུམ་པོའི་སྟེང་དུ་གཟུགས་ཀྱི་ལུང་མ་བསྟན་སྦྱོར་བྱུང་དང་ངེས་པར་ལྡན་ཞིང༌། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་ལྡན་པ་སྲིད་དེ། འདི་གཟུགས་མེད་ཀྱི་ཉེར་སྡོགས་ལ་གནས་པ་སྲིད་པའི་ཕྱིར། བོད་ཀྱི་ཊཱིཀ་བྱེད་པ་དག་འདི་འདོད་པའི་ཉོན་མོངས་ཀྱི་ས་བོན་དང་ལྡན་མི་ལྡན་གཉིས་ཀ་ཡིན་ཞེས་ཟེར་བ་ནི་མི་འཐད་དེ། དངོས་འགལ་ཁས་བླངས་པས་ཚིག་ལ་མ་ཞུགས་པའི་ཕྱིར་དང༌། དེ་འདྲ་དེ་འདོད་པའི་ཉོན་མོངས་ཀྱི་ས་བོན་དང་ལྡན་པ་ཁོ་ན་ཡིན་གྱི་མི་ལྡན་པ་མ་ཡིན་པས། དོན་ལ་མ་ཞུགས་པའི་ཕྱིར། དེ་ལྟ་མོད་ཀྱིས་གཞུང་ལས་མི་ལྡན་པ་ཞེས་ཀྱང་བྱའོ་ཞེས་བྱ་བ་དེ་ནི། མངོན་གྱུར་མི་ལྡན་པ་ལ་བསམ་ནས་རེས་འགའ་མི་ལྡན་པ་ཞེས་ཀྱང་བྱ་ཞེས་པའི་དོན་ཡིན་གྱི། ས་བོན་དང་མི་ལྡན་པར་འཆད་པ་མ་ཡིན་ནོ། །ལུགས་འདི་ལའང་ལྡན་ན་ཡོད་པས་མ་ཁྱབ་སྟེ། གལ་ཏེ་ཁྱབ་ན། འདོད་པ་ལ་ཆགས་བྲལ་བྱས་ལ་མ་ཉམས་པའི་སོ་སོ་སྐྱེ་བོ་ལ་འདོད་པའི་ཉོན་མོངས་ཡོད་པར་ཐལ་བ་དང་མཐོང་ལམ་པའི་རྒྱུད་ལ་ཀུན་རྫོབ་ཀྱི་ཤེས་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་དེ་ཡོད་པར་འགྱུར་ཏེ། དེ་ལྡན་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་ཀུན་རྫོབ་ཀྱི་ཤེས་པ་རྣམས་ཐོབ་སྟེ་མངོན་དུ་བྱེད་པ་ནི་མིན་ནོ་ཞེས་གསུངས་པས་སོ། །འོ་ན་འདི་ལ་གཟུགས་ཀྱི་ཉོན་མོངས་པ་དབང་དང་ལྡན་པ་མིན་ནམ་ཞེ་ན། དེ་ལྟར་ལྡན་པ་ནི་ཡིན་མོད་ཀྱི་དབང་ལྡན་གྱི་རྐང་གྲངས་སུ་བཤད་མི་དགོས་ཏེ། ས་བོན་དང་ལྡན་པ་ཙམ་གྱིས་ལྡན་པར་བཞག་ཟིན་པས་དབང་དང་ལྡན་པས་ལྡན་པའི་གོ་ཆོད་པ་ནི་མ་སྨོས་ཀྱང་འགྲུབ་པའི་ཕྱིར། ཡང་བོད་ཀྱི་ཊཱིཀ་བྱེད་པ་དག་བསམ་གཏན་ག་ཉེར་སྡོགས་ཙམ་ཐོབ་པ་ལ། གཟུགས་ཀྱི་ལུང་མ་བསྟན་སྦྱོར་བྱུང་དབང་དང་ལྡན་པར་འདོད་པ་ནི་མི་འཐད་དེ། ཇི་སྲིད་བསམ་གཏན་གྱི་དངོས་གཞི་མ་ཐོབ་པ་དེ་སྲིད་དུ་མི་འབྱུང་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་དེ་དག་བསྒྲུབ་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན་སྦྱོར་བ་ལས་བྱུང་བ་ཉིད་དུ་ཇི་ལྟར་འགྱུར། འདོད་པ་ལ་ཆགས་པ་དང་བྲལ་ཙམ་གྱི་ཚེ་ཁམས་གོང་གི་སྤྲུལ་སེམས་རྙེད་ཙམ་ལྡན་ཞེས་སྨྲས་ན་མངོན་པ་འོག་མ་དང་མཐུན་ནོ། །གཉིས་པ་གཟུགས་ཀྱི་རྟེན་ཅན་ལ་ས་བོན་དང་ལྡན་པས་ལྡན་པ་ནི་ལྔ་ཁོ་ན་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་ཅན་གསུམ་དང༌། སྐྱེས་ཐོབ་གཉིས་སོ། །སྐྱེས་ཐོབ་གཉིས་ཀྱི་ས་བོན་དང་ལྡན་པས་ལྡན་པར་འཇོག་ནུས་པ་འདི་ཡང་རྟེན་དབང་བཙན་པ་ཡིན་ཏེ། གཞན་དུ་ན་འོག་མའི་རྟེན་ལ་གོང་མའི་སྐྱེས་ཐོབ་དང་ལྡན་པར་ཐལ། དེའི་ས་བོན་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐལ་བ་འདི་བཟློག་པར་དཀའོ། །གཉིས་པ་དབང་དང་ལྡན་པས་ལྡན་པར་བཞག་དགོས་པ་ནི། གཟུགས་ཀྱི་སྦྱོར་བྱུང་གཉིས་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་དང་གསུམ་མོ། །འདི་ལ་གཟུགས་ཀྱི་ཉོན་མོངས་པ་ཡང་དབང་དང་ལྡན་པ་མིན་ནམ་ཞེ་ན། ལྡན་མོད་ཀྱི་དབང་ལྡན་གྱི་རྐང་གྲངས་སུ་འཆད་མི་དགོས་པ་ནི་སྔ་མ་བཞིན་ནོ། །འོ་ན་དབང་ལྡན་དུ་བཤད་པ་རྣམས་ཀྱང་སྐྱེས་ཐོབ་བཞིན་དུ་ས་དེ་དང་དེར་སྐྱེས་པ་ཙམ་གྱིས་དབང་དང་ལྡན་ནམ་ཞེ་ན་མ་ཡིན་ཏེ། དེར་འཇོག་པ་ནི་སྦྱོར་བ་འབད་རྩོལ་ལ་ངེས་པར་ལྟོས་པའི་ཕྱིར། གཉིས་པ་གཟུགས་ལ་ཆགས་པ་དང་བྲལ་བ་ལ་གཟུགས་མེད་དངོས་གཞིའི་སེམས་མ་ཐོབ་པ་དང་ཐོབ་པའོ། །དང་པོ་ནི་འདོད་གཟུགས་གང་རུང་གི་རྟེན་ཅན་དུ་ངེས་པས་ལྡན་ཚུལ་སྔ་མ་བཞིན་ནོ། །གཉིས་པ་ལ་འོག་མའི་རྟེན་ཅན་དང༌། གཟུགས་མེད་ཀྱི་རྟེན་ཅན་ནོ། །དང་པོ་ལ་ལྡན་ཚུལ་སྔ་མ་གཉིས་ནི་སྔར་དང་འདྲ་ལ། འདི་ལ་གཟུགས་མེད་ཀྱི་ཉོན་མོངས་མངོན་དུ་འགྱུར་བ་མི་སྲིད་དོ། །ས་གཞན་གྱི་དགེ་བའི་ས་བོན་དང་ལྡན་པས་ལྡན་པ་འཇོག་མི་ནུས་པ་ནི་ས་དེ་ན་ཤི་བ་དང་ས་འཕོས་པའི་ཚེ་ས་གཞན་གྱི་དགེ་བ་ཟག་བཅས་གཏོང་བའི་རྒྱུ་མཚན་གྱིས་ཡིན་པར་གསལ་ཞིང་ཉོན་མོངས་པ་སྦྱོར་བྱུང་མི་འབྱེད་པ་ནི་སྙོམས་འཇུག་ཉོན་མོངས་པ་ཅན་མངོན་གྱུར་དུ་བྱས་པའི་ཚེ་ཉོན་མོངས་པའི་རང་ལྡོག་ནས་སྦྱོར་བྱུང་མ་ཡིན་གྱི་སྙོམས་འཇུག་གི་རྫས་སུ་ས་དེའི་ཉོན་མོངས་མངོན་དུ་གྱུར་པ་ཡིན་པ་ལ་དགོངས་སོ། །གཉིས་པ་གཟུགས་མེད་ཀྱི་རྟེན་ཅན་ལ་ལྡན་པ་དང་པོ་ནི་ཁམས་གསུམ་གྱི་ཉོན་མོངས་པ་གསུམ་དང༌། གཟུགས་མེད་ཀྱི་སྐྱེས་ཐོབ་གཉིས་སོ། །དབང་དང་ལྡན་པ་ནི་གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་ཁོ་ནའོ། །སྔར་བཤད་པ་དེ་དག་ལ་མངོན་གྱུར་གྱི་ལྡན་ཚུལ་ནི་རྟོགས་པར་སླ་བ་ཡིན་ཏེ། དབང་ལྡན་དུ་བཤད་པ་གང་ཡིན་པ་དེ་དག་དང༌། སྐྱེས་ཐོབ་ལྡན་པར་བཤད་པ་གང་ཡིན་པ་དེ་དག་དང༌། གང་ལ་ཆགས་བྲལ་མ་བྱས་པའི་ས་དེའི་ཉོན་མོངས་པ་མངོན་གྱུར་དུ་འབྱུང་སྲིད་པས་ཁྱབ་པའི་ཕྱིར་རོ། །དེ་དག་ལ་ཞིབ་མོར་ཕྱེ་ན་གོང་མ་གོང་མའི་རྟེན་ལ་འོག་མ་འོག་མའི་ཉོན་མོངས་པ་དབང་དང་མངོན་གྱུར་དུ་ལྡན་པ་སྲིད་དེ། གོང་ས་ནས་འོག་སར་སྐྱེ་བའི་དུས་ཀྱི་ཚེ་བཞིན་ནོ། །གོང་མ་གོང་མའི་རྟེན་ལ་འོག་མ་འོག་མའི་སྦྱོར་བྱུང་གཉིས་དབང་དང་མངོན་གྱུར་དུ་ལྡན་པ་ཡོད་དེ། འཕགས་པ་ལ་ཡོད་པའི་ཚུལ་ནི་འོག་ནས་འབྱུང་ལ། སོ་སོ་སྐྱེ་བོ་ལ་ཡོད་པ་ནི། གཟུགས་མེད་ནས་གཟུགས་སུ་སྐྱེ་བའི་ཚེ་འགྲུབ་བྱེད་ཀྱི་ལས་དགེ་བ་མངོན་དུ་གྱུར་དགོས་པའི་ཕྱིར་དང༌། བསམ་གཏན་གཉིས་པ་སོགས་ཀྱི་རྟེན་ལ་བསམ་གཏན་དང་པོའི་རྟོག་དཔྱོད་ལུང་མ་བསྟན་མངོན་དུ་བྱེད་དགོས་པ་ཡོད་པའི་ཕྱིར་དང༌། ཇི་སྐད་དུ། སྨྲར་འཇུག་པ་ནི་འོག་མས་ཀྱང་ཅེས་བཤད་པ་ལྟར་གོང་མའི་རྟེན་ལ་འོག་མའི་སེམས་ལུང་མ་བསྟན་མངོན་དུ་བྱེད་པ་ཡོད་པའི་ཕྱིར། དེ་དག་གིས་ནི་རྟེན་གྱི་གང་ཟག་སོ་སོ་སྐྱེ་བོ་ལ་ལྡན་ཚུལ་རྒྱས་པར་བཤད་ཟིན་ཏོ། །འཕགས་པ་ལ་ལྡན་ཚུལ་ནི། རྟེན་གྱི་དབྱེ་བས་འཕགས་པ་གསུམ་དུ་འགྱུར་ཏེ། འདོད་པ་དང༌། གཟུགས་དང༌། གཟུགས་མེད་པའི་རྟེན་ཅན་ནོ། །དང་པོ་ལ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའོ། །དང་པོ་ལ་ལྡན་ཚུལ་ནི་སྔར་གྱི་སོ་སོ་སྐྱེ་བོ་ཇི་ལྟར་བཞིན་ནོ། །ཁྱད་པར་ནི་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་གང་སྤངས་བ་དེ་དང་མི་ལྡན་པ་ཡིན་ནོ། །གཉིས་པ་ཆགས་བྲལ་ལ། གཟུགས་ལ་ཆགས་པ་དང་མ་བྲལ་བ་དང་བྲལ་བའོ། །དང་པོ་ལ་བསམ་གཏན་གྱི་དངོས་གཞི་ཐོབ་པ་དང་མ་ཐོབ་པའི་དབྱེ་བས་གཉིས་ཡོད་པ་ལ་ལྡན་ཚུལ་ནི་སྔ་མ་སོ་སོ་སྐྱེ་བོའི་གནས་སྐབས་བཞིན་ནོ། །འོ་ན་མི་འདྲ་བའི་ཁྱད་པར་ཅི་ཡོད་ཅེ་ན། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་ཆགས་བྲལ་བྱས་པ་ཡིན་ན་ནི་ཁྱད་པར་མེད་ལ། འཇིག་རྟེན་ལས་འདས་པའི་ལམ་གྱི་འདོད་པ་ཆགས་བྲལ་བྱས་པ་ཡིན་ན་ཉོན་མོངས་པའི་ས་བོན་དང་མི་ལྡན་པ་ཞེས་བྱ་བ་འདི་ནི་ལྡན་ཚུལ་དང་པོའི་ཁྱད་པར་ཡིན་ལ། འདི་དང་གོང་མ་གཉིས་ཀ་ལ་ལྡན་ཚུལ་གཉིས་པ་དང་གསུམ་པའི་ཁྱད་པར་ནི། སློབ་པ་ཟག་མེད་དབང་དང་མངོན་གྱུར་དུ་ལྡན་པ་ཡིན་ནོ། །དེ་ལྟ་ན་ཡང་བཅུ་དྲུག་པའི་རྟོགས་པ་རྫོགས་རྗེས་སུ་འཇིག་རྟེན་པའི་ལམ་ཁོ་ནས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པའི་སྒོམ་ལམ་པ་དེ་ལ་ནི་སློབ་པ་ཟག་མེད་དང་ལྡན་པ་བཞག་དཀའ་བ་ཡིན་ཏེ། མཐོང་ལམ་དང་ཡང་མི་ལྡན། སྒོམ་ལམ་ཟག་མེད་དང་ཡང་མི་ལྡན་པའི་ཕྱིར་ཏེ། མཐོང་ལམ་ནི་ས་འཕོས་པས་བཏང་ལ། སྒོམ་ལམ་ཟག་མེད་ནི་རང་རྒྱུད་ལ་སྐྱེ་མ་མྱོང་བའི་ཕྱིར། གཉིས་པ་གཟུགས་ལ་ཆགས་བྲལ་བྱས་པ་ལའང༌། གཟུགས་མེད་ལ་ཆགས་བྲལ་མ་བྱས་པ་དང་བྱས་པའོ། །དང་པོ་ལ་གཟུགས་མེད་ཀྱི་དངོས་གཞི་ཐོབ་པས་ཁྱབ་ལ། དེའི་ལྡན་ཚུལ་ཡང་སོ་སོ་སྐྱེ་བོའི་སྐབས་དང་འདྲ་ཞིང༌། མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་སྔ་མ་བཞིན་ནོ། །གཉིས་པ་གཟུགས་མེད་ལ་ཆགས་བྲལ་བྱས་པ་ནི། དགྲ་བཅོམ་པ་སྟེ། དེ་ལ་ས་བོན་དང་ལྡན་པས་ལྡན་པར་འཇོག་པ་ནི་འདོད་པའི་དགེ་བ་སྐྱེས་ཐོབ་དང་ལུང་མ་བསྟན་སྐྱེས་ཐོབ་གཉིས་ཁོ་ནའོ། །འདི་ལ་ལུང་མ་བསྟན་སྐྱེས་ཐོབ་ས་བོན་དང་ལྡན་པ་ཁོ་ནས་ལྡན་པར་འཇོག་དགོས་པ་ནི། འགོག་པ་ལ་མཉམ་པར་བཞག་པའི་དུས་ཀྱི་མིག་གི་རྣམ་པར་ཤེས་པའི་ས་བོན་དང་ཡིད་རྣམ་སྨིན་སྐྱེས་ཀྱི་ས་བོན་ལྟ་བུའོ། །དེའི་ཚེ་དེ་དག་དབང་ལྡན་དུ་ཡོད་པ་མིན་ནམ་ཞེ་ན། མ་ཡིན་ཏེ། སྐྱེས་ཐོབ་ལ་དབང་ལྡན་མི་བརྩི་བའི་ཕྱིར་དང༌། ཤེས་པ་དབང་ལྡན་ཡིན་ན་ཤེས་པ་ཡིན་དགོས་པ་ལས། གནས་སྐབས་འདིའི་དེ་དག་ཡིད་ཀྱི་ཁམས་ཡིན་ལ་ཡིད་མ་ཡིན་པའི་མུར་བཤད་པའི་ཕྱིར། གཉིས་པ་དབང་ལྡན་གྱི་ཁྱད་པར་ནི། འདོད་པའི་སྦྱོར་བྱུང་གཉིས་དང༌། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བ་ཡིན་ན་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང༌། གཉིས་ཀའི་ཆ་ལ་རྣམ་པར་གྲོལ་བ་ཡིན་ན་གཟུགས་མེད་ཀྱི་སྦྱོར་བྱུང་དང་མི་སློབ་པ་ཟག་མེད་རྣམས་དབང་དང་ལྡན་ནོ། །ལྡན་ཚུལ་གསུམ་པ་ནི། ལྡན་པ་དང་པོ་གཉིས་དང་གང་ལྡན་པ་དེ་དག་མངོན་གྱུར་དུ་ཡང་ལྡན་པ་སྲིད་པ་ཡིན་ཏེ། སྐྱེས་ཐོབ་དང་དབང་ལྡན་གང་རུང་ཡིན་ན་རྟེན་དེ་ལ་མངོན་གྱུར་དུ་འབྱུང་བས་ཁྱབ་པའི་ཕྱིར། གཉིས་པ་གཟུགས་ཀྱི་རྟེན་ཅན་ལ། གཟུགས་ལ་ཆགས་པ་དང་བྲལ་བ་དང་མ་བྲལ་བའི་དབྱེ་བས་གཉིས་དང༌། བྲལ་བ་ལ་ཡང་གཟུགས་མེད་ལ་ཆགས་པ་དང་བྲལ་བ་དང་མ་བྲལ་བའི་དབྱེ་བས་གཉིས་དང༌། གཟུགས་མེད་ཀྱི་རྟེན་ཅན་ལ་ཡང་དེ་བཞིན་དུ་སྦྱར་ཏེ་ཤེས་པར་བྱའོ། །འཕགས་པ་ལ་ལྡན་ཚུལ་འཆད་པའི་སྐབས་འདི་དག་ཏུ་གོང་སའི་རྟེན་ལ་ས་འོག་མའི་དགེ་བ་སྦྱོར་བྱུང་ནི་ཐམས་ཅད་དུ་ཡོད་པ་ཡིན་ཏེ། ས་གོང་མ་གོང་མའི་རྟེན་ཅན་གྱི་ཕྱིར་མི་འོང་དང་དགྲ་བཅོམ་པས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པའི་ཕྱིར། གོང་མའི་རྟེན་ལ་འོག་མའི་ཟག་མེད་ཀྱང་འབྱུང་བ་ཡིན་ཏེ། བསམ་གཏན་བཞི་པའི་རྟེན་ཅན་གྱི་འཕགས་པ་ཕྱིར་མི་འོང་དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་ཚེ། དེའི་རྒྱུད་ཀྱི་སྒོམ་ལམ་དེ་བསམ་གཏན་དང་པོའི་ངོ་བོར་སྐྱེ་སྲིད་པའི་ཕྱིར། དེ་དག་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་དབང་དུ་བྱས་པ་ཡིན་ལ། ཡོན་ཏན་མངོན་པར་སྒྲུབ་པའི་དབང་དུ་བྱས་ན་ཡང་དེ་ཡོད་པ་ཡིན་ཏེ། བསམ་གཏན་བཞི་པའི་རྟེན་ལ་བསམ་གཏན་དང་པོ་གཉིས་པོ་གང་རུང་ལ་རྟེན་ནས་དགའ་བ་ཚད་མེད་པ་དང༌། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང༌། ཡང་དག་པའི་རྟོག་པ་དང༌། ཡང་དག་པའི་ངག་ལ་སོགས་པའི་ཡོན་ཏན་རྣམས་བསྒྲུབ་པ་དང་མངོན་དུ་བྱེད་པ་ཡོད་པའི་ཕྱིར། ཡང་ཇི་སྐད་དུ། བསམ་གཏན་གཟུགས་མེད་དྲང་དང་ནི། །འོག་སའི་རྟེན་ཅན་འོག་དགོས་མེད། །སྲིད་རྩེར་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་སྤྱིར་བཏང་དང་དམིགས་བསལ་གྱི་ཚིག་གསུངས་པ་དེ་ནི་འདོད་ཆགས་དང་བྲལ་བའི་ལམ་ཁོ་ནའི་དབང་དུ་བྱས་པ་ཡིན་པས། ཕྱོགས་གཅིག་ཁོ་ནའི་དབང་དུ་བྱས་པའོ་ཞེས་བྱ་བ་འདི་ནི་གང་ལྡན་པའི་ཆོས་དུ་ཞིག་གང་ལ་ལྡན་པར་འཇོག་པའི་རྟེན་གྱི་གང་ཟག་ལ་ཇི་ལྟར་ལྡན་པའི་ཚུལ་སྔོན་གྱི་རྣམ་བཤད་བྱེད་པའི་སློབ་དཔོན་དག་གིས་བཤད་པར་མ་ནུས་པ་ཞིག་དཔྱིས་ཕྱིན་པར་བཤད་པའི་ལེགས་པར་བཤད་པ་གསུམ་པ་ཡིན་ནོ། །ད་ནི་བོད་ཀྱི་ཊཱི་ཀ་བྱེད་པ་དག་གིས་ལོག་པར་བཤད་པ་གཞན་ཡང་བསམ་པར་བྱ་སྟེ། ཁ་ཅིག་སྲིད་རྩེའི་སེམས་ཐོབ་པའི་སོ་སོ་སྐྱེ་བོ་ལ་སྲིད་རྩེའི་ཉོན་མོངས་པ་མངོན་གྱུར་དུ་ངེས་པར་འབྱུང་ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། སྲིད་རྩེའི་ཉེར་སྡོགས་ཙམ་མངོན་དུ་བྱས་པ་ལ་སྲིད་རྩེའི་ཉོན་མོངས་མངོན་དུ་འགྱུར་བ་མི་སྲིད་པའི་ཕྱིར། དེ་ལས་གཞན་དུ་ན་ཉེར་སྡོགས་ལ་ཉོན་མོངས་ཅན་སྲིད་པར་འགྱུར་རོ། །ཡང་སྲིད་རྩེའི་དངོས་གཞིའི་སེམས་ཐོབ་པ་ལ། བསམ་གཏན་དང་པོ་ནས་ཅི་ཡང་མེད་ཀྱི་བར་གྱི་སྦྱོར་བྱུང་ནུས་པ་བརྟས་པ་རྣམས་ལྡན་པ་ཡིན་ནོ་ཞེས་ཟེར་བ་ཡང་མ་ཤེས་པ་ཡིན་ཏེ། བསམ་གཏན་དུ་གཏོགས་པའི་དགེ་བ་ནི། ས་འཕོས་པས་གཏོང་བའི་ཕྱིར་དང༌། སྐབས་འདིའི་དགེ་བ་སྦྱོར་བྱུང་ཡང་ཟག་བཅས་ཁོ་ན་ལ་བྱེད་དགོས་པའི་ཕྱིར་རོ། །སྦྱོར་བྱུང་ནུས་པ་བརྟས་པ་རྣམས་ཤེས་ཟེར་བ་ནི་ཚིག་ལ་སྐྱོན་ཆགས་པ་ཡིན་ཏེ། བསམ་གཏན་དང་པོ་ནས་ཅི་ཡང་མེད་ཀྱི་བར་གྱི་སྦྱོར་བྱུང་གི་ནུས་པ་མ་བརྟས་པར་སྲིད་རྩེའི་སེམས་མངོན་དུ་བྱེད་མི་ནུས་པའི་ཕྱིར། ཡང་གཟུགས་ཁམས་ཀྱི་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་ལྡན་པ་ལ། བསམ་གཏན་གཉིས་པའི་ལུང་མ་བསྟན་སྦྱོར་བྱུང་ལྡན་པར་འཆད་པ་ཡང་ནོར་བ་ཡིན་ཏེ། ས་དེ་དང་དེའི་དངོས་གཞི་མ་ཐོབ་པར་དེ་དང་དེའི་ལུང་མ་བསྟན་སྦྱོར་བྱུང་གི་ནུས་པ་བརྟས་པར་མི་སྲིད་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། འོག་སའི་རྟེན་ལས་གོང་མའི་སྤྱོད་ལམ་པ་དང༌། སྤྲུལ་སེམས་མངོན་དུ་བྱེད་པ་ལས་དེའི་དངོས་གཞི་རྒྱུད་ལ་བསྐྱེད་དགོས་པའི་ཕྱིར། ཡང་འདོད་པ་ལ་ཆགས་བྲལ་བྱས་པའི་སོ་སོ་སྐྱེ་བོ་ལ་ཉོན་ཡིད་འཁོར་དང་བཅས་པ་དང༌། མཐོང་སྤང་ཉོན་མོངས་ཀྱི་ལྡན་ཚུལ་འཆད་པ་ཡང་མ་ཤེས་པ་ཡིན་ཏེ། གཞུང་ལས་མ་བཤད་པས་སྒྲུབ་བྱེད་མེད་ཅིང༌། དེ་ལྟར་ཁས་བླངས་པ་ལ་གནོད་བྱེད་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། ཉོན་ཡིད་དང་མཐོང་སྤང་ཉོན་མོངས་ཀྱི་ས་བོན་དང་ལྡན་པས་དེ་དག་དང་ལྡན་པར་བཞག་མི་ནུས་པའི་ཕྱིར། གལ་ཏེ་ནུས་ན་གྲུབ་མཐས་བློ་ཁ་མ་བསྒྱུར་བ་ལ། ཉོན་མོངས་པ་ཀུན་བཏགས་ལྡན་པར་ཐལ་བ་དང༌། གོང་མའི་རྟེན་ལ་འོག་སའི་ཉོན་ཡིད་ལྡན་པར་ཐལ་བ་དང༌། འགོག་པ་ལ་མཉམ་པར་གཞག་བཞིན་པའི་དུས་སུ་ཉོན་མོངས་པའི་ཡིད་ལྡན་པར་ཐལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་དག་གིས་དེ་དང་དེའི་ས་བོན་སྤངས་པ་ནི་དེ་དང་དེའི་ངོ་བོ་སྤངས་པར་འཇོག་པ་ཡིན་ནོ། །དེ་དག་ནི་སློབ་དཔོན་བཟང་བློ་བའི་རྣམ་བཤད་ལས་འབྱུང་བའི་འཁྲུལ་པ་ལ་དཔྱད་པའོ། །ཡང་རྣམ་བཤད་བྱེད་པ་གཞན་དག་ན་རེ། སློབ་པ་རྒྱུན་ཞུགས་དང༌། ཕྱིར་མི་འོང་ལྟ་བུ་ལ་མི་སློབ་པ་ཟག་མེད་དབང་དང་ལྡན་པ་ཡིན་ནོ་ཞེས་མགྲིན་གཅིག་ཏུ་ཟེར་བ་དེ་ཡང་མི་འཐད་དེ། སྒྲུབ་བྱེད་ཀྱི་ལུང་མེད་ཅིང༌། གནོད་བྱེད་ཀྱི་རིགས་པ་ཡོད་པའི་ཕྱིར། ཇི་ལྟར་ཡོད་ཅེ་ན། ལུང་གིས་གནོད་པ་ནི། འཕགས་པ་རྣམས་ཀུན་ཤེས་བསྲུང་བའི་དབང་པོ་དང་ལྡན་པར་འགྱུར་བ་དང༌། ཕྱིར་མི་འོང་འབྲས་གནས་དེ་དགྲ་བཅོམ་པའི་འབྲས་བུ་དང་ལྡན་པར་འགྱུར་བ་དང༌། ཆོས་འདི་པའི་ལུགས་ལའང་ཐོབ་པ་སྔར་སྐྱེ་ཁས་བླང་དགོས་པར་འགྱུར་རོ། །རིགས་པས་གནོད་པ་ནི། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་དབང་ལྡན་དུ་གནས་པར་ཁས་ལེན་དགོས་པར་འགྱུར་རོ། །ཡང་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་ལ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་དང༌། གཟུགས་མེད་ཀྱི་དགེ་བ་སྦྱོར་བྱུང་གཉིས་ཀ་ལྡན་པའི་རྣམ་གཞག་བྱེད་པ་ཡང་ཧ་ཅང་ལེགས་པ་མ་ཡིན་ཏེ། དེ་འདྲ་དེ་ལ་དེ་གཉིས་ལས་གང་རུང་གཅིག་ལྡན་པའི་ཚེ་ཅིག་ཤོས་གཏོང་དགོས་པའི་ཕྱིར་རོ། །གཉིས་པ་ལྡན་པའི་དབྱེ་བ་དང་ཁྱད་པར་ལ་ལྡན་པ་ནི་གསུམ་སྟེ། ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པ་དང༌། མངོན་གྱུར་དང་ལྡན་པའོ། །འདི་གསུམ་གྱི་ཁྱད་པར་ལ། བསྡུ་བ་ལས་འབྱུང་བ་དང༌། བྱེ་བཤད་ལས་འབྱུང་བའོ། །དང་པོ་ནི། ཉོན་མོངས་ཅན་དང༌། ལུང་མ་བསྟན་དང༌། དགེ་བ་སྐྱེས་ཐོབ་གསུམ་པོ་གང་རུང་འབྱུང་རུང་གང་བོར་གནས་ཤིང་རྐྱེན་གྱིས་གསོས་མ་བཏབ་པའོ། །གཉིས་པ་ནི། དགེ་བ་དང་ལུང་མ་བསྟན་སྦྱོར་བྱུང་གང་རུང་རྐྱེན་གྱིས་གསོས་བཏབ་ཅིང་མངོན་དུ་མ་གྱུར་པའི་ངོ་བོར་གནས་པའོ། །གསུམ་པ་ནི། ཆོས་གསུམ་པོ་སྐྱེས་ཐོབ་དང་སྦྱོར་བྱུང་གང་ཡིན་ཡང་རུང་སྟེ། མངོན་དུ་གྱུར་པའི་ངོ་བོར་གནས་པའོ། །མངོན་དུ་གྱུར་ཚུལ་ལ་གཉིས་ཏེ། ས་བོན་ལས་མངོན་དུ་གྱུར་པ་དང༌། དབང་ལྡན་ལས་མངོན་དུ་གྱུར་པའོ། །གཉིས་པོའི་ཁྱད་པར་གང་ཞེ་ན། དང་པོ་ནི། ཐོས་བསམ་སྒོམ་གསུམ་གྱི་འབད་རྩོལ་ལ་མི་ལྟོས་པར་རྒྱུ་ལས་རང་གི་ངང་གིས་འབྱུང་བ་སྟེ་ས་བོན་ལས་མྱུ་གུ་དང༌། རྐྱེན་གསུམ་ལས་རྣམ་པར་ཤེས་པ་ལྟ་བུའོ། །གཉིས་པ་ནི། ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་ཀུན་གཞིའི་སྟེང་གི་ས་བོན་གསོས་བཏབ་པ་ལས་མངོན་གྱུར་དུ་བྱུང་བ་རྣམས་ཏེ། དགེ་བ་སྦྱོར་བྱུང་གི་དཔེ་འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་པར་འཇུག་པ་ལྟ་བུ་དང༌། ལུང་མ་བསྟན་སྦྱོར་བྱུང་གི་དཔེ་ལྷའི་མིག་དང་རྣ་བའི་མངོན་ཤེས་ལྟ་བུ་དང༌། ཟག་མེད་ཀྱི་དཔེ་སློབ་པ་དང་མི་སློབ་པའི་ལམ་ལྟ་བུའོ། །ཞེས་བྱ་བ་འདི་ནི་ཆོས་མངོན་པ་ཀུན་ལས་བཏུས་པའི་དགོངས་པ་ལ་གྲུབ་པ་ཡིན་ནོ། །གཉིས་པ་ནི་པན་ཀན་གྱི་འགྲེལ་པར་སློབ་དཔོན་བློ་བརྟན་གྱིས་བཤད་པ་ནི་འདི་ཡིན་ཏེ། ཀུན་གཞིའི་སྟེང་ན་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་གསུམ་གྱི་ས་བོན་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གནོད་པ་མ་བྱས་ཤིང་གསོས་ཀྱང་མ་བཏབ་པ་དེ་ནི་ས་བོན་དང་ལྡན་པའི་དོན་ནོ། །ས་བོན་དེ་ཉིད་ཕྱི་ནང་གི་གཞུང་ལུགས་ཐོས་པ་ལ་སོགས་པའི་རྐྱེན་ནམ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་གྱིས་གསོས་བཏབ་པ་ལས་ནུས་པ་མཐུ་ཅན་དུ་གྱུར་ཅིང༌། མངོན་དུ་ནི་མ་གྱུར་པས་ད་དུང་ཀུན་གཞིའི་ངོ་བོར་གནས་པ་དེ་ནི་དབང་དང་ལྡན་པའི་དོན་ནོ། །དེ་ལས་ཆོས་གསུམ་པོ་མངོན་དུ་གྱུར་ཏེ། མ་འདྲེས་པར་རང་རང་གི་བྱ་བ་བྱེད་ནུས་པ་དེ་ནི་མངོན་དུ་གྱུར་པའི་དོན་ནོ། །གང་ཟག་གང་ལ་ཇི་ལྟར་ལྡན་པའི་ཚུལ་ནི་རྟོགས་པར་སླའོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པའི་གཞུང་འཆད་པའི་སྐབས་འདིར་སེམས་པ་དབང་ལྡན་རྒྱུན་ཆགས་པ་ཞེས་པ་དང༌། ཤེས་རབ་དབང་ལྡན་རྒྱུན་ཆགས་པ་ཞེས་བྱ་བ་ལ་སོགས་པ་དེ་ཐམས་ཅད་ཀུན་གཞིའི་རྣམ་པར་ཤེས་པ་འཁོར་དང་བཅས་པའི་ངོ་བོར་གྲུབ་པ་ཡིན་ནོ། །དེ་ལྟར་གྲུབ་པ་ལས་ཅིར་འགྱུར་ཞེ་ན་གཙོ་བོ་ཡིད་གྱི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་ཚོར་བ་ཡིད་བདེ་ལྟ་བུ་གཅིག་མངོན་དུ་གྱུར་པའི་ཚེ། དེའི་འགལ་ཟླ་དབང་ལྡན་དུ་གནས་ཀྱང་རྫས་མཚུངས་ཉམས་པའི་ཉེས་པ་ལས་གྲོལ་བ་ཡིན་ནོ། །འོ་ན་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཀྱི་འཁོར་ལ་མི་མཚུངས་པ་མ་ཤེས་ན། དེས་ནི་དམིགས་རྣམ་མི་འཛིན་ཤིང་མཚུངས་ལྡན་རྣམ་པ་ལྔའི་རྣམ་གཞག་ཡོད་པ་མ་ཡིན་ནོ། །དེ་ལྟར་ཞར་ལ་བྱུང་བ་བརྗོད་ནས། དཀྱུས་མའི་གཏམ་ནི་མཁས་པ་ཆེན་པོ་བློ་བརྟན་གྱིས་བཤད་པའི་ལྡན་རྩིས་ཀྱི་རྣམ་པར་བཞག་པ་འདི་ནི་གོ་བར་སླ་ཞིང༌། སློ་བ་ལ་ལྗེམས་པར་སྣང་ཡང་སློབ་དཔོན་འཕགས་པ་ཉིད་ཀྱི་བཤད་སྲོལ་དང་མི་མཐུན་པས་རྣམ་པར་བཤད་པ་གཞན་གཉིས་པ་ཡིན་ནོ། །སྔོན་གྱི་རྣམ་བཤད་མཛད་རྣམས་ནི། །སྔ་མ་སྔ་མས་གང་ཟེར་བ། །དེ་ཉིད་ཕྱི་མས་ཡི་གེར་བྲི། །དེ་ཕྱིར་ཉེས་བཤད་ཉུང་ན་ཡང༌། །ལེགས་པར་བཤད་པའང་དེ་ལས་ཉུང༌། །དེ་ལས་ཀྱང་ནི་ལྡན་རྩིས་ལ། །ངེས་པ་རྙེད་པ་མི་སྣང་བར། །བསམས་ཏེ་ལེགས་པར་བཤད་པ་ཡིན། །བྱེད་པོས་སྤྲིན་གྱི་ལག་བརྐྱང་ནས། །ཕྱི་དང་ནང་གི་རྒྱ་མཚོ་ལས། །བདུད་རྩིའི་ཐིགས་པ་བླངས་ནས་ནི། །ཀུན་ལ་སྟེར་བ་འདི་ཡ་མཚན། །དེ་ལས་ཀྱང་ནི་རྣམ་དཔྱོད་ཀྱི། །སྤྲིན་དཀར་འཛུམ་པའི་ཁ་གདངས་ནས། །ཆོས་མངོན་རྒྱ་མཚོའི་བཅུད་འཐུང་པས། །མགྲིན་པའི་འབྲུག་སྒྲ་འབྱུང་འདི་མཚར། །འདི་ལ་ལན་འདོད་འགའ་ཡོད་ན། །དེ་རིང་གཞུང་ལུགས་འདིར་བྱོན་ལ། །མགྲིན་པའི་རྔ་དབྱངས་ལོང་མཛོད་དང༌། །དེ་ནས་ཁྱེད་ཀྱི་ཁེངས་པ་ཡི། །ང་རྒྱལ་གསར་པའི་གཞོན་ནུ་མ། །གཞན་ཟེར་ཅ་ཅོའི་དྲེགས་པ་ཡི། །ཆང་གིས་མྱོས་པས་ངོ་ཚ་ནས། །གཟུ་བོའི་གནས་སུ་ཞུགས་པར་འགྱུར། །ཞེས་ཉེ་བར་སྦྱར་བ་ཡིན་ནོ།།  །།ན་མོ་བཱ་ཀི་ཤྭ་ར་ཡ། གང་ཡང་འཕགས་པའི་ཐུགས་མངའ་ཞིང༌། །ཤེས་བྱ་ཀུན་ལ་ཐོགས་མེད་པའི། །སློབ་དཔོན་སྔོན་མེད་ཉི་མ་དེའི། །དགོངས་པ་གསལ་པོ་དེར་ཕྱག་བྱ། །ཞེས་མཆོད་པར་བརྗོད་ནས་ཆོས་མངོན་པ་གོང་མ་ནས་བཤད་པའི་ཞུགས་གནས་ཀྱི་རྣམ་པར་བཞག་པ་ནི་འདི་ཡིན་ཏེ། རིམ་གྱིས་པ་དང་ཅིག་ཆར་ངེས་པར་འབྱིན་པའོ། །དང་པོ་ལ། གང་ལ་གནས་པ་འབྲས་བུའི་རྣམ་པར་བཞག་པ་དང༌། གང་གནས་པ་གང་ཟག་གི་རྣམ་པར་བཞག་པའོ། །དང་པོ་ནི། ལུགས་འདི་ལ་དགེ་སྦྱོང་གི་ཚུལ་དང༌། དེའི་འབྲས་བུ་དང༌། དེ་ལ་འདུས་བྱས་འདུས་མ་བྱས་གཉིས་སུ་ཕྱེ་བ་དང༌། དེ་རེ་རེ་ལ་བརྒྱད་ཅུ་རྩ་དགུར་ཕྱེ་བའི་རྣམ་པར་བཞག་པ་མེད་དོ། །འོ་ན་ཅི་ཞིག་ཡོད་ཅེ་ན། ཐོབ་པར་བྱ་བའི་མངོན་པར་རྟོགས་པ་དང༌། དེ་ཐོབ་པའི་གང་ཟག་གཉིས་སོ། །དང་པོ་ལ་གཉིས་ཏེ། འཐོབ་བྱེད་ཀྱི་རྒྱུ་དང༌། ཐོབ་བྱེད་འབྲས་བུ་གཉིས་སོ། །དང་པོ་ནི། བར་ཆད་མེད་པའི་ལམ་སྟེ། དེ་ལ་ཡང་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དབྱེ་བས་རྣམ་པ་གཉིས་སོ། །དང་པོ་ནི། འཇིག་རྟེན་པའི་སྒོམ་པའི་ལམ་གྱི་ངོ་བོར་གྱུར་པའི་བར་ཆད་མེད་པའི་ལམ་མོ། །འདི་བྱིས་པ་ལ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་པའི་སྒོམ་པའི་ལམ་ཡིན་ན་མཐོང་བའི་ལམ་ལས་གོང་དུ་གྱུར་པའི་ལམ་ཡིན་དགོས་པའི་ཕྱིར་དང༌། རྗེས་ལ་མངོན་པར་རྟོགས་པའི་ལམ་ཡིན་དགོས་པའི་ཕྱིར། བྱིས་པ་ལ་དེ་ཡོད་པར་འདོད་པ་ནི་བྱེ་སྨྲའི་ལུགས་ཡིན་མོད། དེར་ཡང་ལམ་ལྔའི་ཟླས་ཕྱེ་བའི་སྒོམ་པའི་ལམ་དུ་མི་འདོད་དོ། །གཉིས་པ་ལ་མཐོང་ལམ་དང་སྒོམ་ལམ་ཟག་མེད་བར་ཆད་མེད་ལམ་གྱི་དབྱེ་བས་གཉིས་སོ། །གཉིས་པ་ལ་འབྲས་བུ་ནི། རང་རང་གི་ངོས་སྐལ་གྱི་སྤངས་བྱ་སྤངས་པའི་ཁྱད་པར་དུ་བྱས་པའི་ལམ་སྟེ། འདི་ལ་མཚན་ཉིད་པ་རྣམ་པར་གྲོལ་བའི་ལམ་དང༌། བཏགས་པ་བ་ཁྱད་པར་གྱི་ལམ་གྱི་དབྱེ་བས་གཉིས་སོ། །དེ་རེ་རེ་ལ་ཡང་མཐོང་སྤང་སྤངས་པ་དང༌། འདོད་པའི་སྒོམ་སྤངས་ཕལ་ཆེར་སྤངས་པ་དང༌། མ་ལུས་པ་སྤངས་པ་དང༌། ཁམས་གོང་མའི་སྒོམ་སྤང་སྤངས་པའི་དབྱེ་བས་བཞི་བཞིར་འགྱུར་རོ། །བཞི་པོ་དེ་དག་ལ་གོ་རིམ་བཞིན་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང༌། ཕྱིར་མི་འོང་བའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་ཞེས་ཐ་སྙད་བྱས་པ་ཡིན་ནོ། །དེའི་ཕྱིར་ཐེག་དམན་གྱི་མངོན་པར་རྟོགས་པའི་འབྲས་བུ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། དེ་ཡིན་ན་རང་ལ་གནས་པའི་གང་ཟག་དེ་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་བཞི་པོ་གང་རུང་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་དགོས་པའི་ཕྱིར་དང༌། སྡུག་བསྔལ་ཆོས་ཤེས་དང༌། འདོད་ཉོན་དང་པོ་སྤངས་པའི་རྣམ་པར་གྲོལ་བའི་ལམ་སོགས་ལ་བྱེད་ཆོས་དེ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཞུགས་པའི་ལམ་ཡང་བཞི་ཁོ་ནར་གྲངས་ངེས་པ་ཡིན་ནོ། །བཞི་གང་ཞེ་ན། ཐེག་པ་རང་ལུགས་ཀྱི་མཐོང་བས་སྤང་བར་བྱ་བའི་སྤོང་གཉེན་དང༌། འདོད་པའི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་དྲུག་པའི་སྤོང་བའི་གཉེན་པོ་གང་ཡིན་པ་དང༌། དགུ་པའི་དང༌། སྲིད་རྩེའི་ཉོན་མོངས་པ་དགུ་པའི་སྤོང་གཉེན་གང་ཡིན་པའོ། །དེ་ལ་དེར་ངེས་པ་ཡིན་ཏེ། ཞུགས་པའི་ལམ་ཡིན་ན། རང་ལ་གནས་བཞིན་པའི་གང་ཟག་དེ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང༌། ཕྱིར་འོང་བའི་དང༌། མི་འོང་བའི་དང༌། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཉིད་དུ་འཇོག་པར་བྱེད་པའི་བྱེད་ཆོས་ཡིན་དགོས་པའི་ཕྱིར། འདོད་ཉོན་དང་པོ་ནས་ལྔ་པའི་བར་སྤོང་བ་དང༌། བདུན་བརྒྱད་དང༌། བསམ་གཏན་དང་པོའི་དང་པོ་ནས་སྲིད་ཉོན་བདུན་པའི་བར་སྤོང་བའི་གཉེན་པོ་གང་ཡིན་པ་དང༌། དེ་ལ་གནས་པའི་ཉན་ཐོས་རྣམས་ནི་རིམ་པ་བཞིན་དུ་ཕྱིར་འོང་ལ་སོགས་པའི་འབྲས་བུ་ལ་ཞུགས་པའི་ལམ་དང་གང་ཟག་ཏུ་བཞག་མི་ནུས་ཏེ། དེ་དང་དེས་འབྲས་བུ་དེ་དང་དེ་མངོན་དུ་མ་བྱས་པར་ཐེག་པ་ཆེན་པོའི་ལམ་དུ་འཇུག་སྲིད་པའི་ཕྱིར་རོ། །སྦྱོར་ལམ་སྟན་གཅིག་པ་དང༌། སྡུག་བསྔལ་ལ་ཆོས་བཟོད་ལྟ་བུ་ལ་ནི་གཏན་ཚིགས་དེ་ཡོད་པའི་ཕྱིར་ཞུགས་པར་བཞག་ནུས་པ་ཡིན་ནོ། །དེ་ལྟ་བས་ན་སྔ་མ་སྔ་མའི་འབྲས་གནས་ཁྱད་པར་ཅན་ཡིན་ན་ཕྱི་མ་ཕྱི་མའི་ཞུགས་པ་ཡིན་པས་ཁྱབ་པ་ཞེས་བྱ་བ་འདི་ནི་ལུགས་འདི་ལ་ཡོད་པ་མ་ཡིན་ནོ། །གང་ཡང་འབྲས་བུ་བཞི་པོ་དེ་ནི་འགལ་བ་ཁོ་ན་ཡིན་ཀྱང་འབྲས་བུ་ལ་གནས་པ་བཞི་པོ་དེ་ནི་འགལ་བ་མ་ཡིན་ཏེ། འབྲས་བུ་བཞི་ཀ་ལ་གནས་པའི་གང་ཟག་སྲིད་པའི་ཕྱིར་ཇི་ལྟར་ཞེ་ན་མཐོང་སྤང་སྤངས་པའི་ཁྱད་པར་གྱི་ལམ་དང༌། འདོད་པའི་ཉོན་མོངས་དྲུག་པ་དང་དགུ་པ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་བཞིན་དུ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་སྲིད་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་འདི་སྲིད་པ་མ་ཡིན་ཏེ། འབྲས་བུ་ཕྱི་མ་ཐོབ་པའི་ཚེ་སྔ་མ་སྔ་མ་བཏང་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི་རྒྱུན་ཞུགས་འབྲས་གནས་ལ་སོགས་པ་བཞི་པོ་ནི་འགལ་བ་ཁོ་ན་ཡིན་ཏེ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་ན། རྒྱུན་ཞུགས་འབྲས་གནས་ཡིན་མི་དགོས་པ་ལ་སོགས་པའི་ཕྱིར་རོ། །གལ་ཏེ་དགོས་ན། ཆགས་བྲལ་མངོན་དུ་སོང་བའི་ཕྱིར་འོང་དང་ཕྱིར་མི་འོང་བཅུ་དྲུག་པའི་རྟོགས་པ་ལ་གནས་ཙམ་དེ་ཆོས་ཅན། རྒྱུན་ཞུགས་ཡིན་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར་ཏེ། མཐོང་ལམ་བཅུ་དྲུག་པ་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར། ཁྱབ་སྟེ། ཇི་སྐད་དུ་རྒྱུན་དུ་ཞུགས་པ་གང་ཞེ་ན། གང་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་གང་ཟག་གོ་ཞེས་གསུངས་པས་སོ། །གང་ཡང་དེ་དེ་ལ་མི་གནས་ན་དེ་མངོན་པར་རྟོགས་པའི་འབྲས་བུ་ལ་མ་གནས་པར་འགྱུར་ཏེ། དེ་ལ་མི་གནས་པ་གང་ཞིག་དེའི་རྒྱུད་ལ་འབྲས་བུ་གཞན་ཡང་མེད་པའི་ཕྱིར་རོ། །གང་ཅི་སྟེ་དེའི་རྒྱུད་ལ་ཕྱིར་འོང་གི་འབྲས་བུ་ཡོད་དོ་ཞེ་ན། དེ་ནི་ལུགས་འདི་ལ་ཤིན་ཏུ་འཁྲུལ་པ་ཡིན་ཏེ། འོ་ན་དེའི་རྒྱུད་ལ་སྒོམ་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་གང་རུང་ཡོད་པར་འགྱུར་ཏེ། དེའི་རྒྱུད་ལ་ཕྱིར་འོང་གི་འབྲས་བུ་ཡོད་པའི་ཕྱིར་རོ། །འདིས་མཚོན་ནས་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་དེའི་རྒྱུད་ལ་ཕྱིར་མི་འོང་བའི་འབྲས་བུ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དེའི་རྒྱུད་ལ་སྒོམ་པའི་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་ལམ་ཡོད་པར་འགྱུར་རོ། །དེ་ལྟར་བཤད་པ་ན་ཕྱིར་འོང་དང་ཕྱིར་མི་འོང་གང་རུང་ཡིན་ན། དེའི་འབྲས་གནས་ཡིན་པས་མ་ཁྱབ་ཅིང༌། ཆགས་བྲལ་སྔོན་དུ་སོང་བའི་དེ་དང་དེ་ཡོད་ཀྱང་དེ་དང་དེའི་འབྲས་བུ་ཡོད་པ་མ་ཡིན་ནོ། །བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལས་གཞན་དུ་དེ་ཡོད་ན་བྱིས་པའི་ལམ་གྱིས་འདོད་ཉོན་དྲུག་དགུ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་ཉིད་དུ་ཐལ་བར་འགྱུར་རོ། །འདོད་ན་ནི། གང་ཟག་སུའི་རྒྱུད་ལ་ཡོད་ཀྱང་རུང་སྟེ་ཆོས་ཅན། འབྲས་བུ་བཞི་པོ་གང་རུང་མ་ཡིན་ཏེ། འཕགས་པའི་ལམ་གྱིས་མ་ཐོབ་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ནི་བྱིས་པའི་ལམ་གྱིས་འདོད་པའི་ཉོན་མོངས་སྤངས་པའི་འགོག་པ་དང༌། མཐོང་སྤངས་མ་ལུས་པ་སྤངས་པའི་འགོག་པ་གཉིས་ཀའི་ཐོབ་པ་ཟག་མེད་ཐུན་མོང་བ་གཅིག་རྙེད་པ་དེ་ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་སུ་འཇོག་པ་ཡིན་ལ། ལུགས་དེ་ནི་འདིར་ཁས་ལེན་དུ་མི་རུང་བས་མ་འདྲེས་པར་བྱ་དགོས་སོ། །དེ་ལྟ་ན་སྔོན་སོང་གི་འབྲས་བུ་གཉིས་མེད་པའི་ཕྱིར། འབྲས་བུ་དེ་ལ་ཞུགས་པའི་གང་ཟག་ག་ལ་སྲིད། དེ་ལྟ་ཡིན་པ་དེའི་ཕྱིར་སྦྱོར་ལམ་སྟན་གཅིག་པ་ནས་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པའི་ཉན་ཐོས་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་ཡིན་པས་ཁྱབ་སྟེ། ཇི་སྐད་དུ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་མཐོང་བའི་ལམ་གྱི་སེམས་ཀྱི་སྐད་ཅིག་མ་བཅྭོ་ལྔ་ལ་གནས་པའི་གང་ཟག་གོ །ཞེས་གསུངས་པས་སོ། །ཡང་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་ཡིན་ན་སྒོམ་པའི་ལམ་གྱིས་འདོད་ཉོན་ལྔ་པ་སྤངས་པའི་ལམ་ལ་གནས་པ་དང༌། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཡིན་ན་སྒོམ་པའི་ལམ་གྱིས་འདོད་ཉོན་བརྒྱད་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་ཡིན་པས་ཁྱབ་སྟེ། གཞུང་ལས་དེ་ལྟར་བཤད་པས་སོ། །འོ་ན་ཆགས་བྲལ་སྔོན་དུ་སོང་བའི་འབྲས་ཞུགས་མེད་མོད། སྔོན་སོང་གི་ཕྱིར་འོང་ཞུགས་པ་དང༌། ཕྱིར་མི་འོང་གི་ཞུགས་པ་ཁས་ལེན་དགོས་སོ་སྙམ་ན། དེ་ལྟར་ཡང་རུང་ཙམ་ཡིན་མོད། གཞུང་ལས་ཞུགས་པ་བཞི་པོ་གང་རུང་ཡིན་ན། དེ་དང་དེའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པས་ཁྱབ་པ་དང༌། རྒྱུན་ཞུགས་ལ་སོགས་པའི་བཞི་པོ་གང་རུང་ཡིན་ན་དེ་དང་དེའི་འབྲས་བུ་ལ་གནས་པས་མ་ཁྱབ་པ་གཅིག་གསལ་བར་གསུངས་པས། རྒྱུན་ཞུགས་ལ་སོགས་པའི་བཞི་པོ་གང་རུང་ཡིན་ན་དེའི་ཞུགས་པ་ཡོད་པས་མ་ཁྱབ་པ་དང༌། འབྲས་གནས་བཞི་པོ་གང་རུང་ཡིན་ན་དེའི་ཞུགས་པ་ཡོད་པས་ཁྱབ་ཅེས་ཁས་བླངས་ན་བདེའོ། །འདིར་སྤང་དགོས་པའི་དོགས་པ་གཉིས་འབྱུང་སྟེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་ན། རྒྱུན་ཞུགས་འབྲས་གནས་མ་ཡིན་པ་འགལ་ལོ་སྙམ་པ་དང༌། ཕྱིར་འོང་སོགས་ཀྱི་འབྲས་བུ་ལ་མི་གནས་ན་ཕྱིར་འོང་སོགས་ཡིན་པར་འགལ་སྙམ་པའོ། །ཉེས་པ་དང་པོས་མི་གནོད་པའི་ཚུལ་འདི་ལྟར། ཕྱིར་འོང་གི་འབྲས་བུ་ལ་གནས་པའི་རྒྱུན་ཞུགས་མཐོང་བ་དང༌། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའི་དགྲ་བཅོམ་པ་མཐོང་བ་བཞིན་ནོ། །དེའི་རྒྱུ་མཚན་ཡང་སྒོམ་ལམ་ཟག་མེད་ཀྱིས་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན། ཕྱིར་འོང་གི་འབྲས་བུ་ཡིན་པས་ཁྱབ་པ་དང༌། དེས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན། ཕྱིར་མི་འོང་གི་འབྲས་བུ་ཡིན་དགོས་པའི་རྒྱུ་མཚན་གྱིས་སོ། །དེས་མ་ཁྱབ་པའི་སྒྲུབ་བྱེད་བཤད་ནས་ཁྱབ་པ་ལ་གནོད་བྱེད་ཀྱང་འདི་ལྟར། རྒྱུན་ཞུགས་ཀྱི་འབྲས་བུ་འདུས་མ་བྱས་ནི་འདིར་ཁས་མི་ལེན་ལ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་རྒྱུད་ལ་ཕྱིར་མི་འོང་གི་འབྲས་བུ་འདུས་བྱས་ཡོད་ན། དེའི་མཚན་གཞི་གང་ཡིན། ཁྱོད་ལ་བཟུང་རྒྱུ་ཡོད་པ་མ་ཡིན་ཏེ། ཆགས་བྲལ་སྔོན་དུ་སོང་བའི་རྣམ་གྲོལ་གྱི་ལམ་དང་ཁྱད་པར་གྱི་ལམ་གང་རུང་ཡིན་ན། སོ་སོ་སྐྱེ་བོའི་ལམ་ཡིན་དགོས་པའི་ཕྱིར། ཅི་སྟེ་དེའི་རྒྱུད་ལ་འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་འགོག་པ་ཡོད་པས། དེ་ཕྱིར་མི་འོང་གི་འབྲས་བུར་བཞག་གོ་སྙམ་ན། དེ་བས་ཆེས་འདི་ངོ་མཚར་ཆེ་སྟེ། དེ་ཆོས་ཅན། ལམ་ལ་རྗེས་བཟོད་ཀྱི་ཐོབ་འབྲས་ཡིན་པར་ཐལ། ཕྱིར་མི་འོང་གི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། དེ་ཡིན་ན་ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་དགོས་པའི་ཕྱིར། དེར་མ་ཟད་ཀྱིས་དེའི་རྒྱུད་ཀྱི་མཐོང་སྤངས། ཀུན་སྦྱོར་གསུམ་སྤངས་པའི་རྣམ་གྲོལ་གྱི་ལམ་དེ་རྒྱུན་ཞུགས་ཀྱི་འབྲས་བུ་མ་ཡིན་ན་ཕྱིར་མི་འོང་གི་འབྲས་བུ་ཉིད་དུ་ཁས་ལེན་དགོས་པས། དེ་ལྟ་ན་དེ་ཆོས་ཅན། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པའི་འབྲས་བུར་ཐལ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་གི་འབྲས་བུ་ཡིན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་འདི་མི་མཚུངས་པའི་ཚུལ་ནི་གཞན་དུ་བཤད་ཟིན་ཏོ། །འོ་ན་ཕྱིར་འོང་ཡིན་ན་དེའི་འབྲས་བུ་ལ་གནས་དགོས་པ་ཐལ། ཇི་སྐད་དུ། ལན་གཅྀག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་དང༌། ཕྱིར་མི་འོང་ལ་ཡང་དེ་དང་འདྲ་བར་བཤད་པས་སོ་ཞེ་ན། དེ་ནི་ཁྱོད་ལ་གནོད་བྱེད་དུ་འཇུག་པ་ཡིན་ཏེ། འོ་ན་སྔོན་སོང་གི་དེ་དང་དེ་ཆོས་ཅན། རིམ་པ་བཞིན་དུ་ལམ་དེ་དང་དེ་ལ་གནས་པར་ཐལ། རིམ་པ་བཞིན་ཕྱིར་འོང་དང་ཕྱིར་མི་འོང་གང་རུང་ཡིན་པའི་ཕྱིར། འདོད་པར་ནུས་པ་མ་ཡིན་ཏེ། སྒོམ་ལམ་གྱི་རྟོགས་པ་སྔོན་དུ་མ་སོང་བའི་ཕྱིར་དང༌། མཐོང་ལམ་གྱི་རྣམ་གྲོལ་ལམ་ལ་གནས་པའི་ཕྱིར། དོགས་པ་གཉིས་པ་སྤོང་བའི་ཚུལ་འདི་ལྟར། འདོད་ཉོན་དང་པོ་སྤོང་བའི་བར་ཆད་མེད་ལམ་ལ་གནས་བཞིན་པའི་རྒྱུན་ཞུགས་ཆོས་ཅན། རྒྱུན་ཞུགས་མ་ཡིན་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་མི་གནས་པའི་ཕྱིར་ཏེ། དེའི་འབྲས་བུ་འདུས་མ་བྱས་ཁས་མི་ལེན་པ་གང་ཞིག་འདུས་བྱས་ལ་མི་གནས་པའི་ཕྱིར། གལ་ཏེ་དེ་ལ་གནས་ན་དེ་འདྲའི་བར་ཆད་མེད་ལམ་དེ་རྒྱུན་ཞུགས་ཀྱི་འབྲས་བུ་འདུས་བྱས་སུ་ཁས་ལེན་དགོས་པར་འགྱུར་རོ། །རིགས་པ་འདི་ནི་ལྷག་མ་བདུན་ཅུ་རྩ་བརྒྱད་པོ་ཀུན་ལ་སྦྱར་བར་བྱའོ། །འོ་ན་འབྲས་བུ་འདུས་མ་བྱས་ཁས་མི་ལེན་པའི་རྒྱུ་མཚན་ཅི་ཞེ་ན། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་རོ། །སྒྲུབ་བྱེད་མེད་པ་ཅི་ཞེ་ན། འདི་ནི་མངོན་པར་རྟོགས་པའི་འབྲས་བུ་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། འབྲས་བུ་འདུས་མ་བྱས་ཀྱི་བཤད་པ་ཟུར་ཙམ་ཡང་མེད་པའི་ཕྱིར། འདིར་འབྲས་བུ་འཆད་པའི་སྐབས་ཐམས་ཅད་དུ་ལམ་ཁོ་ནའི་ཆ་ནས་བཤད་པའི་ཕྱིར། གནོད་བྱེད་ཇི་ལྟར་ཡོད་ཅེ་ན། རྒྱུན་ཞུགས་འབྲས་གནས་ཀྱི་རྒྱུད་ཀྱི་མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་འགོག་བདེན་དེ་རྒྱུན་ཞུགས་ཀྱི་འབྲས་བུར་འཇོག་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཕྱིར་འོང་འབྲས་གནས་དང༌། དེས་ཐོབ་པའི་ཕྱིར་མི་འོང་འབྲས་གནས་དང༌། ཡང་དགྲ་བཅོམ་པའི་རྒྱུད་ཀྱི་མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་འགོག་པ་དེ་འབྲས་བུར་འཇོག་གམ་མི་འཇོག མི་འཇོག་ན་སྔ་མ་དང་འགལ། འཇོག་ན་བཞི་པོ་གང་རུང་དུ་འཇོག་གམ་ཕུང་པོ་གསུམ་པར་འཇོག གཉིས་པ་མི་འཐད་དེ་ལུགས་འདི་ལ་མངོན་པར་རྟོགས་པའི་འབྲས་བུ་བཞིར་གྲངས་ངེས་པའི་ཕྱིར། དང་པོ་ལྟར་ན། རིམ་བཞིན་ལམ་ཟག་བཅས་ཀྱིས་ཐོབ་པར་ཐལ་བ་དང༌། འདོད་ཉོན་དྲུག་པ་དང་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱིས་ཐོབ་པར་ཐལ་ལོ། །ཡང་ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་འགོག་བདེན་དེ། ཕྱིར་མི་འོང་གི་འབྲས་བུ་འདུས་མ་བྱས་ཡིན་ན། དེ་ཆོས་ཅན། ཐ་མའི་ཆ་མཐུན་ལྔ་སྤངས་པའི་འབྲས་བུར་ཐལ་ལོ། །དེ་ཡང་འདོད་ན་མཐོང་ལམ་བར་ཆད་མེད་ལམ་གྱི་བྲལ་འབྲས་སུ་ཐལ་བར་འགྱུར་རོ། །ཉེས་པ་འདི་ཁྱེད་ལ་ཡང་མཚུངས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཁོ་བོ་ཅག་གི་ལུགས་ལ་ཕྱིར་མི་འོང་གི་འབྲས་བུའི་ངོ་བོར་གྱུར་པའི་རྣམ་གྲོལ་གྱི་ལམ་དེ་ཡིན་ན། རང་རྒྱུ་མཐོང་ལམ་བར་ཆད་མེད་ལམ་གྱི་རྒྱུ་མཐུན་གྱི་འབྲས་བུ་ཡིན་དགོས་པའི་ཕྱིར་རོ། །འོ་ན་སྔ་མ་ལ་ཡང་དེ་དེའི་བྲལ་བའི་འབྲས་བུར་ཁས་ལེན་ནོ་ཞེ་ན། དེ་ལྟ་ན་ནི་མཐོང་བའི་ལམ་གྱིས་སྒོམ་སྤངས་སྤོང་བ་སྲིད་པར་འགྱུར་རོ། །གཞན་ཡང་འདི་ལྟར། རྒྱུན་ཞུགས་ཀྱིས་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པ་ལྟ་བུའི་ཚེ། རྒྱུན་ཞུགས་ཀྱི་འབྲས་བུའི་ངོ་བོར་གྱུར་པའི་འགོག་བདེན་དེ་བཏང་ངམ་མི་གཏོང༌། གཏོང་ན་ཟག་མེད་ལམ་གྱི་སྤངས་པ་བཟློག་སྲིད་པར་འགྱུར་རོ། །མི་གཏོང་ན་ཕྱིར་འོང་གི་རྒྱུད་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ལྡན་པ་ནས་དགྲ་བཅོམ་པའི་རྒྱུད་ལ་འབྲས་བུ་བཞི་ཀ་ལྡན་པའི་བར་ཁས་ལེན་དགོས་པར་འགྱུར། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་འདི་མི་མཚུངས་པའི་ཚུལ་ནི་གཞན་དུ་རྒྱས་པར་བཤད་ཟིན་ཞིང༌། ལམ་ལ་ནི་མི་མཚུངས་པའི་ཚུལ་ནི། ལམ་ཕྱི་མའི་བར་ཆད་མེད་ལམ་མངོན་དུ་བྱས་པའི་ཚེ། ལམ་སྔ་མའི་རྣམ་གྲོལ་གྱི་ལམ་དང་ཁྱད་པར་གྱི་ལམ་གཏོང་དགོས་པ་ནི་ཐེག་པ་ཆེན་པོ་པ་དག་གི་ཚུལ་ལུགས་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་སྤང་བྱ་ཅིག་ཆར་བའི་སྐབས་སུ་ཕྱིར་མི་འོང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་གཞི་མཐུན་ཁས་ལེན་ཞིང༌། དེ་ལ་གནས་པའི་གང་ཟག་དེ་དགྲ་བཅོམ་པ་ཉིད་དུ་ཁས་ལེན་དགོས་པ་ཡིན་ནོ། །འོ་ན་དེ་ཆོས་ཅན། ཕྱིར་མི་འོང་དུ་ཐལ། ཕྱིར་མི་འོང་གི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར། ཞེ་ན། འོ་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་ཕྱིར་མི་འོང་ཆོས་ཅན། རྒྱུན་ཞུགས་སུ་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་པའི་ཕྱིར་རོ། །རྒྱས་པར་འོག་ནས་འབྱུང་ངོ༌། །དེ་ལྟར་སྤྱིའི་རྣམ་པར་བཞག་པ་བརྗོད་ཟིན་ནས། ད་ནི་སོ་སོའི་དོན་ལ་འཇུག་པར་བྱ་སྟེ། ཐོག་མར་རྒྱུན་ཞུགས་ཀྱི་སྐོར་ལ་རྗེས་འབྲང་གཉིས་པོ་གང་རུང་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པས་ཁྱབ་པ་དང༌། དད་ཐོབ་གཉིས་ལ་གང་ཟག་བཞི་ཀ་ཡོད་དོ་ཞེས་པའི་ངེས་པ་གཅིག་དང༌། རྒྱུན་ཞུགས་འབྲས་གནས་ཡིན་ན་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཡིན་པས་ཁྱབ་པ་དང༌། རྒྱུན་ཞུགས་ཁྱད་པར་ཅན་ཡིན་ན་རྒྱུན་ཞུགས་འབྲས་གནས་མ་ཡིན་དགོས་ཞེས་བྱ་བའི་ངེས་པ་གཅིག་དང༌། རྒྱུན་ཞུགས་ཁྱད་པར་ཅན་ཡིན་ན་ཕྱིར་འོང་གི་ཞུགས་པ་ཡིན་མི་དགོས་པ་དང༌། ཕྱིར་འོང་འབྲས་ཞུགས་ཡིན་ན་རྒྱུན་ཞུགས་ཁྱད་པར་ཅན་ཡིན་དགོས་ལ་འབྲས་གནས་མ་ཡིན་དགོས་ཞེས་བྱ་བའི་ངེས་པ་གཅིག་དང༌། ཕྱིར་འོང་ཞུགས་པ་ཡིན་ན་འབྲས་གནས་མ་ཡིན་དགོས་པ་དང༌། ཞུགས་གནས་ཀྱི་གང་ཟག་བརྒྱད་པོ་འགལ་བར་གྲུབ་པ་ན་དམན་པ་ས་བརྒྱད་ཀྱི་གྲངས་ངེས་འགྲུབ་པའི་ངེས་པ་གཅིག་དང༌། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན་རྒྱུན་ཞུགས་ཀྱི་རྒྱུད་ལ་ཡོད་མི་དགོས་པ་དང༌། དེས་འབྲས་བུ་བར་པ་གཉིས་ཀྱང་མཚོན་ནུས་པ་ཞེས་བྱ་བའི་ངེས་པ་གཅིག་ཏེ། ངེས་ཆེན་བཅུ་པོ་འདི་ནི་རྒྱུན་དུ་ཞུགས་པའི་སྤྱིའི་རྣམ་པར་བཞག་པ་ལ་བརྩམས་པའི་གྲུབ་མཐའ་སྟེ། རྣམ་བཤད་བྱེད་པ་གཞན་གྱིས་མ་རྙེད་པའི་ལེགས་པར་བཤད་པ་དང་པོ་ཡིན་ནོ།།  །།རྣམ་དཔྱོད་རྟ་མཆོག་ཐོས་པའི་ཁ་ལོ་ཅན། །བསམ་བྱུང་རིགས་པའི་འགྲོས་ཆེན་བརྒྱ་བསྐྱོད་པས། །གང་འདོད་གཞུང་ལུགས་མང་པོའི་ཡུལ་མཐོང་བའི། །ལེགས་བཤད་རྟ་བརྒྱའི་དབང་པོ་ངོ་མཚར་ཅན། །སྒྲུབ་བྱེད་འགོད་པའི་རྣ་བ་རབ་ཡངས་ཤིང༌། །གནོད་བྱེད་སྤོང་བའི་མིག་གཉིས་གྱེན་བཏེག་ནས། །ལུང་དང་རིགས་པའི་མགོ་འཕངས་མཐོ་ལྡན་པས། །དཔྱོད་ལྡན་མིག་གི་དགའ་སྟོན་མ་ལགས་སམ། །རྒྱུན་ཞུགས་ཀྱི་ནང་ཚན་སོ་སོའི་ཁྱད་པར་ལ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་སྲིད་ཀྱང༌། སྲིད་པ་ལན་བདུན་པ་ཞེས་བྱ་བའི་རྒྱན་ཞུགས་ཀྱི་འབྲས་བུ་མི་སྲིད་པ་དང༌། སྲིད་པ་ལན་བདུན་པ་ཡིན་ན་ལུས་རྟེན་དང་པོ་ལ་བཞག་མི་དགོས་པའི་ངེས་པ་གཅིག་དང༌། སྲིད་པ་ལན་བདུན་པ་ལ་རྒྱུན་ཞུགས་ཁྱད་པར་ཅན་སྲིད་ཅིང༌། སྐྱེ་བ་ལེན་ཚུལ་སྤེལ་མ་མིན་ཞེས་བྱ་བའི་ངེས་པ་གཅིག་དང༌། སྲིད་པ་ལན་བདུན་པ་ཡིན་ན་རྒྱུན་ཞུགས་ཡིན་པས་ཁྱབ་ཀྱང༌། རིགས་ནས་རིགས་སྐྱེ་ཡིན་ན་རྒྱུན་ཞུགས་ཡིན་པས་མ་ཁྱབ་ཅེས་བྱ་བའི་ངེས་པ་གཅིག་དང༌། རིགས་ནས་རིགས་སྐྱེ་ལ་སྤང་རྟོགས་ཀྱི་ཁྱད་པར་ངེས་པ་ཅན་མེད་ཅིང༌། ཆགས་བྲལ་སྔོན་སོང་སྲིད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། ངེས་པ་ཆེན་པོ་བརྒྱད་འཇོག་པར་བྱེད་དོ། །འོ་ན་དེ་དག་གི་སྒྲུབ་བྱེད་དང་ལོག་ཕྱོགས་ལ་གནོད་བྱེད་གང་ཞེ་ན། བཤད་པ། སྲིད་པ་ལན་བདུན་པ་ཞེས་བྱ་བའི་རྒྱུན་ཞུགས་ཀྱི་འབྲས་བུ་བྱེ་བྲག་པ་གཅིག་མི་སྲིད་དེ། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དེར་བཞག་པ་ཡིན་གྱི། འབྲས་བུ་ལ་གནས་ཚུལ་གྱི་སྒོ་ནས་དེར་མ་བཞག་པའི་ཕྱིར། གལ་ཏེ་ཡོད་ན་དེའི་རྒྱུད་ཀྱི་མཐོང་སྤང་སྤངས་པའི་རྣམ་གྲོལ་གྱི་ལམ་དེ་ཉིད་དེ་ཡིན་དགོས་ལ། དེ་ལྟ་ན་དེ་ཆོས་ཅན། སྲིད་པ་ལན་བདུན་པ་ཞེས་བྱ་བའི་འབྲས་བུ་མ་ཡིན་ཏེ། སྲིད་པ་བདུན་གྱི་བར་དུ་རྗེས་སུ་མི་འབྲང་བའི་ཕྱིར། གཉིས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་རྗེས་སུ་སྲིད་པ་གཅིག་དང་གཉིས་ལ་སོགས་པ་བླངས་ཟིན་ཅིང༌། ལྔ་དང་དྲུག་ལ་སོགས་པ་ལེན་པར་ངེས་པའི་རྒྱུན་ཞུགས་དེ་ཆོས་ཅན། སྲིད་པ་ལན་བདུན་པ་ཡིན་ཏེ། འདོད་པར་སྐྱེ་བ་ལེན་ངེས་ཀྱི་རྒྱུན་ཞུགས་གང་ཞིག་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་པའི་ཕྱིར། མངོན་པ་འོག་མ་དང་འདི་མི་འདྲ་སྟེ། དེར་ནི་འཕགས་པ་ཐོབ་རྗེས་སུ་རིགས་མཐུན་སྐྱེ་སྲིད་གཉིས་བླངས་པའི་སྐྱེ་བ་དེ་ལས་ཚེ་ཡོངས་གྱུར་གྱི་འཕགས་པར་འཇོག་ལ། འདིར་ནི་དེ་འདྲའི་རྣམ་གཞག་མེད་པའི་ཕྱིར། འདིས་སྲིད་པ་ཐ་མ་པའི་ཚེ་ཁོ་ན་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་དགོས་པ་ཡིན་ཏེ། གཞུང་ལས་རྒྱུན་ཞུགས་ཀྱི་རྟེན་ཁོ་ན་ལ་སྲིད་པ་ལན་བདུན་ལེན་པར་བཤད་པའི་ཕྱིར། གསུམ་པ་ནི། འདི་ལ་རྒྱུན་ཞུགས་ཁྱད་པར་ཅན་ཡོད་དེ། འདོད་ཉོན་དང་པོ་སྤངས་པའི་ལན་བདུན་པ་སྲིད་པའི་ཕྱིར་དང༌། དེ་སྤོང་བ་ལ་བརྩོན་པའི་ལན་བདུན་པ་སྲིད་པའི་ཕྱིར། དང་པོ་སྲིད་དེ་འདོད་ཉོན་དང་པོ་སྤངས་ཀྱང་འདོད་པར་སྐྱེ་བ་བདུན་ལེན་པ་སྲིད་པའི་ཕྱིར་ཏེ། འདོད་ཉོན་དྲུག་པ་སྤངས་ཟིན་པའི་རྗེས་སུ་འདོད་པར་སྐྱེ་བ་གཉིས་ལེན་པར་སྲིད་པའི་ཕྱིར། འོག་མ་དང་འདི་མི་འདྲ་སྟེ། ལུགས་དེ་ལ་སྲིད་པ་ལན་བདུན་པས་འཕགས་པའི་རྟེན་དེ་ལ་འདོད་པར་འཕེན་བྱེད་ཀྱི་ལས་བདུན་བསོག་པ་ཡིན་ལ། ས་དེར་འཕེན་བྱེད་ཀྱི་ལས་བདུན་བསོག་པ་ལ་ས་དེའི་ཉོན་མོངས་པ་གཅིག་དང་ཡང་མ་བྲལ་བར་དགོས་པའི་ཕྱིར། དེ་དགོས་པ་ཡིན་ཏེ། གཅིག་ལ་ཆགས་བྲལ་བྱས་ལ་མ་ཉམས་པ་ཡིན་ན་བསམ་གཏན་དང་པོའི་ཉེར་སྡོགས་ལ་གནས་དགོས་ལ། ཉེར་སྡོགས་ཞི་རགས་ཀྱི་རྣམ་པ་ཅན་ལ་གནས་བཞིན་དུ་འོག་མར་འཕེན་བྱེད་ཀྱི་ལས་བསགས་པ་མི་སྲིད་པའི་ཕྱིར། གོང་མའི་ལུགས་འདི་ལ་ནི་སོ་སོ་སྐྱེ་བོའི་དུས་སུ་འཕེན་བྱེད་ཀྱི་ལས་བསགས་པ་དེ་ཉིད་འཕགས་པའི་རྟེན་ལ་གསོས་བཏབ་པས་ཆོག་པ་ཡིན་པའི་ཕྱིར། འོག་མའི་ལུགས་ལ་དེ་ལྟར་ཡིན་པ་ཇི་ལྟར་ཤེས་ཅེ་ན། ཇི་སྐད་དུ། གང་ལ་འདོད་ཆགས་བྲལ་བརྟན་པའི། །བྱིས་པས་དེར་སྐྱེས་མྱོང་མི་བྱེད། །ཅེས་སོགས་ཀྱི་ཤུགས་ལ་འབྱུང་བ་ཡིན་ལ། དེ་ཡང་སྲིད་པ་ལན་བདུན་པས་ནི། འདོད་པར་འཕེན་བྱེད་ཀྱི་ལས་བདུན་བསགས། རིགས་ནས་རིགས་སྐྱེས་འཕགས་པའི་རྟེན་ལ་འདོད་པར་འཕེན་བྱེད་ཀྱི་ལས་གསུམ་བསགས། ཕྱིར་འོང་གི་རྟེན་ལ་འཕེན་བྱེད་ཀྱི་ལས་གཉིས་བསགས། ཚེ་གཅིག་བར་ཆད་གཅིག་པས་དེར་འཕེན་བྱེད་ཀྱི་ལས་གཅིག་བསགས་པ་ཡིན་པའི་རྒྱུ་མཚན་གྱིས་དེ་དང་དེར་འཇོག་པ་ཡིན་གྱི། གཞན་དུ་ན་འཆོལ་བར་འགྱུར་བས་སོ། །མདོར་ན་འཕགས་པས་འདོད་པར་འཕེན་བྱེད་ཀྱི་ལས་བསགས་པའི་མང་ཚད་ནི། བདུན་ཡིན་ལ། དེ་ལ་ཉོན་མོངས་པའི་མང་ཚད་དང་ལྡན་པ་གཅིག་དགོས་བསམ་པ་ཡིན་ནོ། །བཞི་པ་ནི། སྲིད་པ་ལན་བདུན་པས་འདོད་པའི་ལྷ་མིར་སྐྱེ་བ་ལེན་ཚུལ། མཐར་ཆགས་ཁོ་ན་ཡིན་གྱི་སྤེལ་མ་མ་ཡིན་ཏེ། གལ་ཏེ་ཡིན་ན་སྐྱེ་སྲིད་ལྔ་པའི་ཚེ་རིགས་ནས་རིགས་སྐྱེ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལྔ་པ་ནི། རིགས་ནས་རིགས་སྐྱེ་ཡིན་ན་རྒྱུན་ཞུགས་ཡིན་པས་ཁྱབ་པ་མེད་དེ། གཞུང་ལས་མ་བཤད་པའི་ཕྱིར་དང༌། གལ་ཏེ་ཁྱབ་ན་ཕྱིར་འོང་གི་འབྲས་བུ་ཐོབ་རྗེས་སུ་འདོད་པར་སྐྱེ་བ་གཉིས་བླངས་ནས་མྱང་འདས་མངོན་དུ་བྱེད་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། ཇི་སྐད་དུ། རིགས་ནས་རིགས་སུ་སྐྱེ་བ་གང་ཞེ་ན། ལྷ་དང་མི་རྣམས་ཀྱི་ནང་དུ་རིགས་ནས་རིགས་སུ་སོང་ནས། གང་སྡུག་བསྔལ་གྱི་ཐ་མ་ཐོབ་པའོ། །ཞེས་གསུངས་པས་སོ། །འོ་ན་ཚེ་གཅིག་བར་ཆད་གཅིག་པ་འདོད་པར་སྐྱེ་བ་གཉིས་ལེན་པ་དེ་དེར་ཐལ་བ་མིན་ནམ་ཞེ་ན། མ་ཡིན་ཏེ། དེ་ཡིན་ན་ལྷ་ཁོ་ནའི་སྐྱེ་བ་ལེན་པས་ཁྱབ་པར་གཞུང་ཉིད་ལས་འབྱུང་བའི་ཕྱིར། དྲུག་པ་ནི། འདིའི་འཇོག་བྱེད་ནི་སྐྱེ་བ་ལེན་ཚུལ་ཁོ་ན་ཡིན་གྱི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། གཞུང་ལས་མ་བཤད་པའི་ཕྱིར་དང༌། གནོད་བྱེད་ཡོད་པའི་ཕྱིར། དང་པོ་ནི། མངོན་སུམ་གྱིས་འགྲུབ་ལ། གཉིས་པ་ནི། འདོད་ཉོན་གཅིག་ཀྱང་མ་སྤངས་པའམ། ལྔ་པ་སྤངས་རྗེས་སུ་འདོད་པའི་ལྷ་དང་མིར་སྐྱེ་བ་སྤེལ་མ་གཉིས་བླངས་ནས་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པའི་རྒྱུན་ཞུགས་མེད་པར་འགྱུར་རོ། །འོག་མ་དང་འདི་མི་འདྲ་སྟེ། ལྔ་པ་སྤངས་ན་དྲུག་པ་ཚེ་དེ་ཉིད་ལ་སྤོང་ཞེས་སོགས་ནི་བྱེ་སྨྲའི་འདོད་པ་འཁྲུལ་པ་ཅན་ཡིན་པའི་ཕྱིར་དང༌། འདོད་ཉོན་གསུམ་པ་སྤངས་པ་གཅིག་དགོས་པར་བཤད་པ་དེ་ཡང༌། དེ་སྤངས་རྗེས་སུ་འདོད་པར་འཕེན་བྱེད་ཀྱི་ལས་གསུམ་ལས་ལྷག་པར་མི་བསོག་པ་ལ་བསམས་པ་ཡིན་མོད། དེ་ཡང་འཁྲུལ་པ་ཅན་ཡིན་པའི་ཕྱིར་དང༌། ལམ་ཟག་བཅས་ཀྱི་སྤངས་པ་ལ་གཉེན་པོ་ཟག་མེད་ཀྱི་ཐོབ་པ་ཡོད་ཅེས་པ་དེ་ཡང་བྱེ་སྨྲའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པའི་ཕྱིར། དེས་ན་འདི་ལ་རྒྱུན་ཞུགས་རྐྱང་པ་ཡིན་པ་དང༌། ཕྱིར་འོང་རྐྱང་པ་ཡིན་པ་དང༌། གཉིས་པོ་ཕྱེད་མར་སོང་བ་དང་གསུམ་ཡོད་དོ། །བདུན་པ་ནི། འདི་ལ་རང་གི་ངོ་སྐལ་གྱི་སྤང་བྱ་ལ་ལྟོས་པའི་ཆགས་བྲལ་སྔོན་སོང་མི་སྲིད་ཀྱང༌། ཆགས་བྲལ་སྔོན་དུ་སོང་བ་སྲིད་དེ། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་བ་སྲིད་པའི་ཕྱིར་རོ། །ཡང་རྣམ་པ་གཅིག་ཏུ་ན། འདི་ལ་རིགས་མཐུན་གྱི་སྐྱེ་བ་གཉིས་ངེས་པར་ལེན་དགོས་ན། ཕྱིར་འོང་མི་སྲིད་པ་ཡིན་དུ་ཆུག་ཀྱང༌། གཞུང་འདིར་ནི་རིགས་མི་མཐུན་གྱི་སྐྱེ་བ་གཉིས་སུ་བཤད་པས། ཕྱིར་འོང་ལའང་འདི་ཡོད་པར་ངེས་སོ། །བརྒྱད་པ་ནི། འདི་ལ་རྒྱུན་ཞུགས་རིགས་ནས་རིགས་སྐྱེའམ་ཕྱིར་འོང་རིགས་ནས་རིགས་སྐྱེ་ཞེས་བྱའི་རིགས་ནས་རིགས་སྐྱེའི་རྒྱུན་ཞུགས་འབྲས་གནས་དང༌། དེའི་ཕྱིར་འོང་འབྲས་གནས་ཞེས་མི་བྱ་སྟེ། དེ་འདྲའི་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཕྱིར་འོང་གི་འབྲས་བུ་མ་གྲུབ་པའི་ཕྱིར་ཞེས་བྱ་བ་འདི་ནི་བདུན་རིགས་གཉིས་ལ་ངེས་ཆེན་བརྒྱད་ཀྱི་སྒོ་ནས་གཞན་གྱིས་མ་བཤད་པའི་ལེགས་པར་བཤད་པ་གཉིས་པ་ཡིན་ནོ། །གཉིས་པ་ཕྱིར་འོང་གི་སྐོར་ལ། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་གི་འབྲས་བུ་མེད་ཅིང༌། འཇིག་རྟེན་པའི་ལམ་ཁོ་ནས་ཐོབ་པའི་ཕྱིར་འོང་གི་འབྲས་བུ་ཡོད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། གཅིག་ཆར་བའི་ཕྱིར་འོང་མེད་ཀྱང་དེའི་ཕྱིར་འོང་གི་འབྲས་བུ་ཡོད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། རིགས་ནས་རིགས་སྐྱེ་ལ་སོགས་པའི་གང་ཟག་གི་ཁྱད་པར་གཞན་ལ་འབྲས་བུའི་ཁྱད་པར་སོ་སོ་བ་མེད་ཀྱང༌། བར་ཆད་གཅིག་པ་ལ་འབྲས་བུའི་ཁྱད་པར་ཡོད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། རིགས་སྐྱེ་ལ་སྤངས་པའི་ཁྱད་པར་མེད་ཀྱང༌། བར་ཆད་གཅིག་པ་ལ་སྤངས་པའི་ཁྱད་པར་ཡོད་པ་ཞེས་བྱ་བའི་ངེས་པ་དང༌། དེ་ལ་ཡང་འདོད་ཉོན་བདུན་པ་སྤངས་པ་ཙམ་གྱིས་མི་ཆོག་ཅིང༌། བརྒྱད་པ་སྤངས་པ་ངེས་པར་དགོས་པ་ཞེས་བྱ་བའི་ངེས་པ་དང༌། རྟོགས་པའི་ཁྱད་པར་ཟག་མེད་ཀྱི་དབང་པོ་ཐོབ་པ་ངེས་པར་མི་དགོས་ཤིང༌། འཇིག་རྟེན་པའི་རྣམ་གྲོལ་གྱི་ལམ་ཐོབ་པས་ཆོག་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། རིགས་སྐྱེ་ལ་རྒྱུན་ཞུགས་དང༌། བར་འདའ་བ་ལ་ཕྱིར་མི་འོང་གིས་མ་ཁྱབ་ཀྱང༌། བར་ཆད་གཅིག་པ་ལ་ཕྱིར་མི་འོང་གིས་ཁྱབ་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། འཕགས་པས་ལམ་ཟག་བཅས་ཀྱི་སྤངས་པ་ལ་ཉམས་པ་མི་སྲིད་ཅིང༌། བསམ་གཏན་གྱི་དངོས་གཞི་ལས་ཉམས་པ་སྲིད་པ་ཞེས་བྱ་བའི་ངེས་པ་རྣམས་འཇོག་པར་བྱེད་པའོ། །དང་པོའི་སྒྲུབ་བྱེད་ནི་འདི་ལྟར། མཐོང་ལམ་གྱི་སྔ་རོལ་དུ་སྒོམ་པའི་ལམ་གྱིས་འདོད་ཉོན་དྲུག་པ་སྤངས་པའི་ལམ་གཉིས་མེད་ཅིང༌། མཐོང་བའི་ལམ་ནི། སྒོམ་སྤང་གང་རུང་སྤངས་པའི་ལམ་གཉིས་ཀྱི་ངོ་བོར་སྐྱེ་མི་སྲིད་པའི་ཕྱིར། གཉིས་པའི་སྒྲུབ་བྱེད་ནི། བཅུ་དྲུག་པའི་རྗེས་སུ་འཇིག་རྟེན་པའི་ལམ་ཁོ་ནས་འདོད་པའི་ཉོན་མོངས་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ་ཕྱིར་འོང་གི་འབྲས་བུར་བཞག་དགོས་པ་གང་ཞིག དེ་ཐོབ་བྱེད་ཀྱི་ལམ་ཟག་མེད་ཡོད་པ་མིན་པའི་ཕྱིར། དགོས་པ་ཡིན་ཏེ། དེའི་རྒྱུད་ལ་འབྲས་བུ་དེ་ཡོད་པ་གང་ཞིག དེའི་འབྲས་བུ་འདུས་མ་བྱས་དང༌། ཐོབ་པ་ཟག་མེད་འདིར་ཁས་མི་ལེན་པའི་ཕྱིར། ངེས་པ་གསུམ་པའི་སྒྲུབ་བྱེད་ནི། སྒོམ་སྤང་གང་རུང་སྤངས་པའི་རྣམ་གྲོལ་གྱི་ལམ་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུར་འགལ་བའི་ཕྱིར་དང༌། ལམ་ཟག་མེད་ཀྱི་འདོད་ཉོན་དྲུག་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡིན་ན་ཕྱིར་འོང་གི་འབྲས་བུ་ཡིན་དགོས་པའི་ཕྱིར། བཞི་པའི་སྒྲུབ་བྱེད་ནི། སྒོམ་པའི་ལམ་བར་ཆད་མེད་ལམ་གྱིས་འདོད་ཉོན་བརྒྱད་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་དེ་ཕྱིར་འོང་གི་འབྲས་བུར་བཞག་དགོས་ཏེ། དེ་མངོན་པར་རྟོགས་པའི་འབྲས་བུར་ཁས་ལེན་དགོས་པ་གང་ཞིག དེ་ལས་གཞན་དུ་མི་རུང་བའི་ཕྱིར། དགོས་པ་ཡིན་ཏེ། གཞན་དུ་ན་འདི་ལ་སྤངས་པའི་ཁྱད་པར་བཤད་པ་མ་འབྲེལ་བའི་ཕྱིར། ལྔ་པའི་སྒྲུབ་བྱེད་ནི། འདི་ལ་སྤངས་པའི་ཁྱད་པར་མེད་ན། བར་ཆད་གཅིག་པའི་ངེས་བཟུང་བཞག་མི་ནུས་པའི་ཕྱིར། དྲུག་པའི་སྒྲུབ་བྱེད་ནི། རྟོགས་པའི་ཁྱད་པར་ཟག་མེད་ཀྱི་དབང་པོས་ཐོབ་པ་ཞེས་ཟེར་མི་དགོས་ཏེ། ལམ་ཟག་མེད་ཀྱིས་ཐོབ་པའི་རྣམ་གྲོལ་ལམ་ཡིན་ན་ནི་དེ་སྐད་མ་སྨོས་ཀྱང་འགྲུབ་པའི་ཕྱིར་དང༌། ཟག་བཅས་ཀྱི་སྤངས་པ་ལ་ཟག་མེད་ཀྱི་ཐོབ་པ་ཡོད་པར་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ཐུན་མོང་མ་ཡིན་པའི་འདོད་པ་འཁྲུལ་པ་ཡིན་པའི་ཕྱིར། བདུན་པའི་སྒྲུབ་བྱེད་ནི། ཇི་སྐད་དུ། བར་ཆད་གཅིག་པ་གང་ཞེ་ན་ལན་གཅིག་ཕྱིར་འོང་བ་ཞེས་ངེས་པར་བཟུང་བའི་ཕྱིར་དང༌། གཞན་གཉིས་ལ་དེ་འདྲའི་ངེས་བཟུང་མེད་པའི་ཕྱིར། བརྒྱད་པའི་སྒྲུབ་བྱེད་ནི། དེ་མི་སྲིད་པ་ཡིན་ཏེ། གལ་ཏེ་སྲིད་ན་ཕྱིར་འོང་དང་ཕྱིར་མི་འོང་གི་རྣམ་གཞག་འཆོལ་བའི་ཕྱིར། ཇི་ལྟར་འཆོལ་ཞེ་ན། འཇིག་རྟེན་པའི་ལམ་གྱིས་འདོད་ཉོན་དྲུག་དགུ་སྤངས་པའི་ཉན་ཐོས་དེ། དེ་དང་དེ་ལས་ཉམས་པའི་ཚེ། །གཞན་དང་གཞན་དུ་འགྱུར་བའི་ཕྱིར། །འོག་མ་དང་མི་འདྲ་སྟེ། །བྲལ་ཐོབ་ཟག་མེད་ཀྱི་སྤངས་པའི་ཐོབ་པ་འཛིན་པས་སྤངས་པ་ལས་ཉམས་ཀྱང་ཉམས་པ་སོར་མ་ཆུད་པའི་ངང་ལ་འཆི་བར་མི་འདོད་ལ། དེ་ཡང་བྱེ་སྨྲའི་ཐུན་མོང་མིན་པའི་འདོད་པ་ཡིན་པའི་ཕྱིར། དེར་མ་ཟད་ཀྱི་འཕགས་རྒྱུད་ཀྱི་འཇིག་རྟེན་པའི་སྤངས་པ་ལ་ཉམས་པ་ཡོད་ན་ཕྱིར་འོང་དུ་འགྱུར་སྲིད་པ་དང༌། ཕྱིར་འོང་རྒྱུན་ཞུགས་སུ་འགྱུར་བ་ཁས་ལེན་དགོས་པ་ལས། འབྲས་བུ་གོང་མ་ལས་ཉམས་ནས་འོག་མར་འགྱུར་སྲིད་པ་ནི་བྱེ་བྲག་ཏུ་སྨྲ་བའི་འཁྲུལ་པ་ཡིན་པར་སློབ་དཔོན་དབྱིག་གཉེན་གྱིས་བཤད་པའི་ཕྱིར། འཕགས་རྒྱུད་ཀྱི་བསམ་གཏན་གྱི་དངོས་གཞི་ཉམས་པར་སྲིད་པར་བཞེད་པ་ཡིན་ཏེ། དགྲ་བཅོམ་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལ་ཉམས་པ་སྲིད་པ་གཞུང་ཉིད་ལས་འབྱུང་བའི་ཕྱིར་ཞེས་བྱ་བའི་ངེས་པ་རྣམ་པ་བརྒྱད་ཀྱི་སྒོ་ནས་ལན་གཅིག་ཕྱིར་འོང་བའི་རྣམ་པར་བཞག་པ་ཐུན་མོང་མ་ཡིན་པ་གཞན་གྱིས་མ་བཤད་པ་དག་ལེགས་པར་བཤད་པ་ཡིན་ནོ།།  །།གཉིས་པ་ཕྱིར་མི་འོང་གི་སྐོར་ལ། སྤྱིའི་རྣམ་པར་བཞག་པ་ནི་ཕྱིར་འོང་ཇི་ལྟ་བ་བཞིན་ཡིན་ལ། མི་འདྲ་བའི་ཁྱད་པར་ནི། ཕྱིར་མི་འོང་གི་འབྲས་བུ་ཡིན་ན་འདོད་ཉོན་དགུ་པ་སྤངས་པའི་ལམ་གཉིས་པོ་གང་རུང་ཡིན་པས་ཁྱབ་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། ཕྱིར་མི་འོང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་མི་འགལ་བ་ཞེས་བྱ་བའི་ངེས་པ་གཅིག་དང༌། ཕྱིར་མི་འོང་མཐོང་ཆོས་ཞི་དང༌། ཚེ་ཡོངས་གྱུར་གྱི་འཕགས་པ་མི་དགོས་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། བར་འདའ་བ་ཡིན་ན་ཕྱིར་མི་འོང་ཡིན་པས་མ་ཁྱབ་པའི་ངེས་པ་དང༌། སྐྱེས་འདའ་བ་ཡིན་ན་དེ་ཡིན་པས་ཁྱབ་པའི་ངེས་པ་དང༌། ཡང་དེ་ཡིན་ན་འདོད་པའི་རྟེན་ཅན་དང་གཟུགས་སུ་ཉེར་འགྲོ་ཡིན་པས་ཁྱབ་ཅིང༌། གཟུགས་ཀྱི་གོང་འཕོ་ཡིན་ན་དེ་ཡིན་པས་མ་ཁྱབ་པའི་ངེས་པ་དང༌། གོང་འཕོ་ལ་འཕར་བ་དང་ཕྱེད་འཕར་གྱི་རྣམ་གཞག་མི་འབྱུང་བའི་ངེས་པ་དང༌། གཟུགས་མེད་ཀྱི་གོང་འཕོ་ལས་མ་གཏོགས་པའི་གཟུགས་མེད་ཉེར་འགྲོ་མེད་པའི་ངེས་པ་དང༌། ཞེས་བྱ་བའི་ངེས་པ་ཆེན་པོ་བརྒྱད་འཇོག་པར་བྱེད་དོ། །ངེས་པ་དང་པོའི་སྒྲུབ་བྱེད་ནི། དེའི་གོང་ན་ཕྱིར་མི་འོང་གི་འབྲས་བུ་མེད་པའི་ཕྱིར། ཇི་ལྟར་ཞེ་ན། དེ་ཡོད་པ་ལ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར། དང་པོ་མེད་དེ་འཕགས་པའི་གཞུང་ལས་མ་བཤད་པའི་ཕྱིར། གཉིས་པ་ཡོད་དེ། ཁམས་གོང་གི་ཉོན་མོངས་སྤོང་བ་ལ་བརྩོན་བཞིན་པའི་ཕྱིར་མི་འོང་ཞུགས་པ་ཡོད་པར་ཐལ་བའི་ཕྱིར་དང༌། སྤངས་པའི་ཁྱད་པར་སོ་སོ་བ་དང་ལྡན་པའི་ཕྱིར་མི་འོང་གི་ནང་ཚན་འགའ་ཞིག་ཡོད་པར་ཐལ་བའི་ཕྱིར་རོ། །གཉིས་པའི་སྒྲུབ་བྱེད་ནི། ཅིག་ཆར་བའི་དགྲ་བཅོམ་པའི་རྒྱུད་ཀྱི་འདོད་ཉོན་དགུ་པ་སྤངས་པའི་གྲོལ་ལམ་ཡིན་ན། ཕྱིར་མི་འོང་གི་འབྲས་བུ་ཡིན་དགོས་པའི་ཕྱིར། ཅི་སྟེ་དགྲ་བཅོམ་པའི་འབྲས་བུ་ཡིན་ན་ཕྱིར་མི་འོང་གི་འབྲས་བུ་ཡིན་པ་འགལ་ལོ། །ཞེ་ན། འོ་ན་ཁྱོད་ཀྱི་ལྟར་ན་ཡང༌། ལམ་ཟག་མེད་ཀྱི་སྤངས་པ་ལྡོག་སྲིད་པར་ཐལ། ཕྱིར་མི་འོང་གི་འབྲས་བུར་གྱུར་པའི་ལམ་ཟག་མེད་ཀྱིས་འདོད་ཉོན་དགུ་པ་སྤངས་པའི་འགོག་པ་དེ་འདྲ་གཅིག་སྤྱིར་ཡོད་དེ་དགྲ་བཅོམ་ཐོབ་པའི་ཚེ་ན་གཏོང་བའི་ཕྱིར། རྟགས་གཉིས་ཀ་ཁས་བླངས་སོ། །རྒྱས་པར་འོག་ནས་སོ། །ངེས་པ་གསུམ་པའི་སྒྲུབ་བྱེད་ནི། ཕྱིར་མི་འོང་ཡིན་པར་གྱུར་པའི་ཚེ་ཡོངས་གྱུར་ལོགས་སུ་འཆད་མི་དགོས་ཏེ། འབྲས་བུ་འོག་མ་གཉིས་རྟེན་ལ་ཚེ་ཡོངས་གྱུར་གྱི་འཕགས་པ་ནི་ལན་བདུན་པ་དང༌། རིགས་སྐྱེ་དང༌། བར་ཆད་གཅིག་པ་གསུམ་གྱི་ཞར་ལ་བཤད་ཟིན་པའི་ཕྱིར་དང༌། ཕྱིར་མི་འོང་གི་རྟེན་ལ་ཚེ་ཡོངས་གྱུར་གྱི་འཕགས་པ་ནི། གོང་འཕོའི་ནང་དུ་འདུ་བའི་ཕྱིར། མངོན་པ་འོག་མའི་ལུགས་ལ་དེ་དེར་མི་འདུ་སྟེ། ལུགས་དེ་ལ་འདུན་པ་སོགས་གསུམ་གྱི་འབྲས་བུ་དེ་དང་དེ་དང་པོར་ཐོབ་པའི་ལུས་རྟེན་དེ་ལ་བརྩི་བའི་ཕྱིར་མཐོང་ཆོས་ཞི་ཟུར་དུ་སྨོས་མི་དགོས་ཏེ། བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་མཐོང་ཆོས་ཞི་ནི་འབྲས་བུ་དང་པོ་གཉིས་འཆད་པའི་ཞར་ལ་བཤད་ཟིན་པའི་ཕྱིར་དང༌། དངོས་གཞི་ཐོབ་པའི་ཕྱིར་མི་འོང་ལ་གཉིས་ཏེ། སྙོམས་འཇུག་གི་རོ་མྱང་དང་མ་བྲལ་བ་དང་བྲལ་བའོ། །དང་པོ་ནི། ཁམས་གོང་མར་ཉེར་འགྲོ་ཡིན་པས་བར་འདའ་བ་སོགས་གསུམ་གྱི་ནང་དུ་འདུ་བ་ཡིན་ལ། གཉིས་པ་ནི་རྣམ་པར་ཐར་པ་བརྒྱད་པོ་གང་རུ་མངོན་དུ་བྱས་པའི་མཐོང་ཆོས་ཞི་ཡིན་པས། ལུས་མངོན་བྱེད་ཀྱི་ནང་དུ་འདུ་བ་ཡིན་ནོ། །ངེས་པ་བཞི་པའི་སྒྲུབ་བྱེད་ནི། ཕྱིར་འོང་བར་འདའ་བ་སྲིད་པ་དང༌། འདོད་པའི་བར་འདའ་བ་སྲིད་པ་ཞེས་བྱ་བའི་ངེས་པ་གཉིས་ཀྱིས་བསྒྲུབ་པར་བྱེད་དོ། །དང་པོ་ནི། དེ་སྲིད་པ་ཡིན་ཏེ། འདོད་པའི་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་འོང་སྲིད་པའི་ཕྱིར་ཏེ། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་དུས་ཀྱི་ཚེ་གཅིག་པོ་དེ་ལ་སྐྱེ་སྲིད་དུ་སྐྱེ་བ་ལེན་དགོས་པའི་ཁྱབ་པ་མེད་པའི་ཕྱིར་དང༌། འདོད་པའི་བར་དོའི་རྟེན་ལ་ཁམས་གསུམ་ཆར་ལ་ཆགས་བྲལ་བྱས་པ་སྲིད་པའི་ཕྱིར། གཉིས་པ་ནི། འདོད་པའི་བར་འདའ་བ་ཡོད་དེ། གཞུང་ལས་བར་འདའ་བ་འཆད་པའི་སྐབས་སུ། འདོད་གཟུགས་ཀྱི་ཕྱེ་གསལ་མ་མཛད་ལ། སྐྱེས་འདའ་བ་འཆད་པའི་སྐབས་སུ། གཟུགས་ཀྱི་དམིགས་གསལ་མཛད་པའི་ཕྱིར། འོག་མ་དང་འདི་མི་འདྲ་སྟེ། དེར་བར་འདའ་བ་གཟུགས་སུ་ཉེར་འགྲོའི་ནང་ཚན་དུ་བཤད་ལ། འདིར་ནི་སྐྱེས་འདའ་བ་དང་གོང་འཕོ་གཉིས་ཀྱང་དེའི་ནང་ཚན་དུ་མ་བཤད་པའི་ཕྱིར། དེ་ལྟ་ན་རྒྱུན་ཞུགས་བར་འདའ་བ་ཡང་ཡོད་པར་གྲུབ་སྟེ། རེ་ལྟར་ཐོགས་ན་ལན་བདུན་པ་འདོད་པ་ཁམས་ཀྱི་བར་དོའི་རྟེན་ལ་སྲིད་པ་ཐ་མ་པར་གྱུར་པ་སྲིད་པའི་ཕྱིར། ལྔ་པའི་སྒྲུབ་བྱེད་ནི་བར་འདའ་བ་ལ་དེས་མ་ཁྱབ་ཀྱང་སྐྱེས་འདའ་བ་ལ་དེས་ཁྱབ་པ་ཡིན་ཏེ། གཞུང་ལས། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཞེ་ན་གཉིས་ཀར་ཀུན་དུ་སྦྱོར་བ་མ་སྤངས་ལ། གཟུགས་ཁམས་སུ་སྐྱེས་པ་ཙམ་ཉིད་ཀྱིས་གང་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མ་ཐོབ་པའོ། །ཞེས་བཤད་པའི་ཕྱིར། འདི་ཡིན་ན་འདོད་པའི་རྟེན་ཅན་ཡིན་པས་ཁྱབ་སྟེ། གཟུགས་སུ་སྐྱེ་བ་བླངས་ཟིན་ཡང་གཟུགས་སུ་སྐྱེ་བ་ལེན་པའི་ཕྱིར་མི་འོང་དེ། གོང་འཕོའི་ནང་དུ་འདུས་པའི་ཕྱིར། འོ་ན་འདོད་པའི་སྐྱེས་འདའ་བ་མི་འཇོག་པའི་རྒྱུ་མཚན་ཅི་ཞེ་ན། དེ་ནི་སྔར་ལན་བདུན་པ་དང༌། རིགས་སྐྱེ་དང༌། བར་ཆད་གཅིག་པ་གསུམ་གྱི་ཞར་ལ་བཤད་ཟིན་པའི་ཕྱིར། ཞར་ལ་ཀུན་སྦྱོར་གཉིས་སྤངས་མ་སྤངས་ཀྱི་ཁྱད་པར་ཅི་ཞེ་ན། འགྲུབ་པའི་ཀུན་སྦྱོར་ནི། བར་སྲིད་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་སྲིད་པའོ། །སྐྱེ་བའི་ཀུན་སྦྱོར་ནི། སྐྱེ་སྲིད་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་སྲིད་པའོ། །དེ་ཡང་དཔེར་ན། བསམ་གཏན་གཉིས་པའི་ཉེར་སྡོགས་མངོན་དུ་བྱས་པའི་ཕྱིར་མི་འོང་དེས། བསམ་གཏན་དང་པོའི་སྐྱེ་སྲིད་ཀྱི་ཕུང་པོ་ལ་མངོན་པར་ཞེན་པ་སྤངས་ཀྱང༌། བསམ་གཏན་དང་པོའི་བར་སྲིད་ཀྱི་ཕུང་པོ་ལ་མངོན་པར་ཞེན་པའི་སྲིད་པ་མ་སྤངས་པས། དེ་འགྲུབ་པའི་ལས་བསོག་པ་བྱེད་པ་ལྟ་བུའོ། །ཡང་སྐྱེས་འདའ་བ་ལ་དེས་ཁྱབ་ཀྱང་གོང་འཕོ་ལ་འདོད་པའི་རྟེན་ཅན་དང་གཟུགས་སུ་ཉེར་འགྲོ་ཡིན་པས་མ་ཁྱབ་སྟེ། གཟུགས་ཁམས་སུ་སྐྱེ་བ་གཅིག་གམ་གཉིས་ལ་སོགས་པ་བླངས་ནས་ཀྱང་གོང་འཕོར་འཇོག་ནུས་པའི་ཕྱིར་རོ། །དཔེ་ནི་འདི་ཡིན་ཏེ། གཟུགས་སུ་ཉེར་འགྲོ་ཡིན་ན་བར་འདའ་བ་སོགས་གསུམ་པོ་གང་རུང་ཡིན་པས་ཁྱབ་ཀྱང༌། གསུམ་པོ་གང་རུང་ཡིན་ན་དེས་ཁྱབ་མ་ཁྱབ་ཅི་རིགས་པར་ཡོད་དེ། སྐྱེས་འདའ་བ་ལ་དེས་ཁྱབ་ལ་གཉིས་པོ་ལ་མ་ཁྱབ་པའི་ཕྱིར། འོ་ན་འདིར་གཟུགས་སུ་ཉེར་འགྲོའི་མིང་ཅན་ལོགས་སུ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། གཟུགས་སུ་ཉེར་འགྲོ་ཙམ་པོ་དེ་བར་འདའ་བ་སོགས་གསུམ་གྱི་དབྱེ་གཞི་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན་པར་ངེས་སོ། །དེ་ལྟར་ན་དེ་གསུམ་གྱི་དབྱེ་གཞི་མིན་པ་ཞེས་བྱ་བ་འདི་ཡང་ངེས་པ་གཅིག་ཡིན་ནོ། །རྒྱུ་མཚན་དེ་ཉིད་ཀྱིས་ངེས་པ་བརྒྱད་པའི་སྒྲུབ་བྱེད་ཀྱང་གྲུབ་པ་ཡིན་ཏེ། གཟུགས་མེད་ཉེར་འགྲོ་ཙམ་ཡོད་དེ། སྐྱེས་འདའ་བ་དང་གོང་འཕོ་གཉིས་ཀྱི་དབྱེ་གཞི་མིན་ཞིང༌། གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་ཡིན་ན་གཟུགས་མེད་ཉེར་འགྲོ་ཡིན་པས་ཁྱབ་ཀྱང༌། དེ་མངོན་པ་འོག་མར་འཆད་ལ་འདིར་མ་འཆད་པའི་ཕྱིར་དང༌། གཟུགས་མེད་ཉེར་འགྲོའི་གོང་འཕོ་ནི་མངོན་པ་འོག་མར་ཡང་མ་བཤད་དོ། །དེ་ལྟར་ན་མངོན་པ་གོང་མར་གཟུགས་མེད་ཉེར་འགྲོ་མ་བཤད་པའི་ངེས་པ་དང༌། དེར་བཤད་པའི་གོང་འཕོ་ཡིན་ན་གཟུགས་སུ་ཉེར་འགྲོ་ཡིན་པས་ཁྱབ་པའི་ངེས་པ་ཞེས་བྱ་བ་གཉིས་པོ་འདི་ཡང་ངེས་པ་བརྒྱད་པ་ལས་འཕྲོས་པའི་ངེས་པ་གཉིས་ཡིན་ནོ། །གཉིས་པོ་དེའི་སྒྲུབ་བྱེད་ནི་གཞུང་འདི་ཉིད་དུ་གསལ་ཞིང༌། གཞུང་ཉིད་དུ་དེ་ལྟར་མི་འཆད་པའི་རྒྱུ་མཚན་ཡང༌། འདོད་པ་ནས་གཟུགས་སུ་སྐྱེ་བ་མ་བླངས་པར་གཟུགས་མེད་དུ་སྐྱེ་བ་ཤས་ཆུང་བ་ལ་དགོངས་པ་ཡིན་ནོ། །ངེས་པ་བདུན་པ་ལ། འདོད་པའི་རྟེན་ལ་འཕར་ཕྱེད་འཕར་གཉིས་མི་སྲིད་པའི་ངེས་པ། གཟུགས་རྟེན་ལ་འཕར་བ་སོགས་གསུམ་ཀ་སྲིད་པའི་ངེས་པ། གོང་འཕོ་ཡིན་ན་ཁམས་གོང་དུ་ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་དང་ལྡན་པས་མ་ཁྱབ་པའི་ངེས་པ་སྤེལ་བསྒོམ་གྱི་རྣམ་གཞག་མི་འདྲ་བའི་ངེས་པ་དང་བཞི་འཆད་དོ། །དང་པོ་ནི། རྟེན་དེ་ལ་དེ་འདྲ་ཁས་མི་ལེན་པ་ཡིན་ཏེ། ཕྱིར་མི་འོང་བསམ་གཏན་བཞི་པའི་སྤེལ་སྒོམ་ཐོབ་པ་ཆགས་བྲལ་ལས་ཉམས་ནས་བསམ་གཏན་དང་པོར་སྐྱེ་བ་ཁས་མི་ལེན་པའི་ཕྱིར། གལ་ཏེ་ཁས་མི་ལེན་པ་དེ་ལྟར་མོད་ཀྱི་འདོད་པ་ནས་ཚངས་རིགས་སུ་སྐྱེ། དེ་ནས་འོག་མིན་དུ་སྐྱེ་བ་ལེན་པ་དེ་འཕར་བར་ཁས་ལེན་པས་ཆོག་གོ་སྙམ་ན། བསམ་གཏན་བཞི་པའི་སྤེལ་སྒོམ་ཐོབ་ནས་དེར་ཁས་ལེན་ནུས་ཀྱང༌། འདོད་པའི་རྟེན་ལ་འོག་མིན་གྱི་སྐྱེ་བ་འཕེན་འགྲུབ་ཀྱི་ལས་དང་མི་ལྡན་ན་ནི་འཕར་བ་བཞག་མི་ནུས་ལ། ལྡན་ན་ནི་ཚངས་རིགས་ལ་སོགས་པའི་གནས་འོག་མ་རྣམས་སུ་སྐྱེ་མི་སྲིད་པས་དེ་བས་ཀྱང་འཕར་བར་བཞག་མི་ནུས་པའི་ཕྱིར། གཉིས་པ་ནི་ཚངས་རིགས་ནས་འབྲས་བུ་ཆེ་བའི་བར་གང་རུང་གི་རྟེན་ཅན་གྱི་ཕྱིར་མི་འོང་དེ། རྟེན་དེ་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་ཤིན་ཏུ་ཆེན་པོ་བྱས་པས་སྐྱེ་བ་ཕྱི་མ་འོག་མིན་དུ་སྐྱེས་ཏེ། རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པ་ནི་འཕར་བ་དང༌། ཡང་དེས་སྤེལ་སྒོམ་ཆུང་ངུ་ལ་སོགས་པ་གསུམ་པོ་གང་རུང་འབྲས་བུ་ཆེ་མན་ཆོད་ཀྱི་རྟེན་གང་ཡང་རུང་བ་ལ་མངོན་དུ་བྱས། དེའི་དབང་གིས་གནས་གཙང་མའི་འོག་མ་གསུམ་པོ་གང་རུང་དུ་སྐྱེས། དེའི་ཕྱི་མ་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དེ་ལ་ཕྱེད་དུ་འཕར་བ་ཞེས་བྱ་བ་དང༌། གཟུགས་ཁམས་ཀྱི་གནས་གནས་ཐམས་ཅད་དུ་རིམ་གྱིས་སྐྱེས་ནས་མཐར་འོག་མིན་གྱི་རྟེན་ལ་སྡུག་བསྔལ་ཐ་མ་མངོན་དུ་བྱེད་པ་དེ་ལ་གནས་ཐམས་ཅད་དུ་འཕོ་བའི་མིང་གིས་འདོགས་པར་མཛད་པ་ནི་གཞུང་གི་དགོངས་པར་ངེས་སོ། །འདི་ལ་མི་འཐད་པའི་ཆ་དགག་དགོས་པ་གསུམ་ཞིག་སྣང་སྟེ། གང་ཞེ་ན་འཕགས་རྒྱུད་ཀྱི་ལམ་ཟག་བཅས་ཀྱི་སྤངས་པ་སླར་ཟློག་སྲིད་པ་གཞུང་རྩ་བའི་དགོངས་པ་ཡིན་ནོ་ཞེས་བྱ་བ་དང༌། འདི་ནས་བཤད་པའི་གོང་འཕོ་དེ་ཡིན་ན་གནས་ཐམས་ཅད་དུ་འཆི་འཕོ་བ་ཡིན་པས་ཁྱབ་བོ་ཞེས་བྱ་བ་དང༌། འཕགས་རྒྱུད་ཀྱི་ཏིང་ངེ་འཛིན་ཡིན་ན་དགེ་བ་ཡིན་པས་ཁྱབ་པའི་ཕྱིར་འཕགས་རྒྱུད་ལ་རོ་མྱངས་མཚུངས་ལྡན་གྱི་སྙོམས་འཇུག་མེད་དོ་ཞེས་བྱ་བ་རྣམས་སོ། །དེ་ལྟ་ན་དང་པོ་མི་འཐད་དེ། གཞན་དུ་ན་ལམ་ཟག་བཅས་ཀྱིས་ཐོབ་པའི་ཕྱིར་འོང་དང་ཕྱིར་མི་འོང་གི་རྟོགས་པ་སྔོན་དུ་སོང་བའི་དགྲ་བཅོམ་པའི་འབྲས་བུ་ལ་ཉམས་པ་སྲིད་པར་འགྱུར་རོ། །གཉིས་པ་མི་འཐད་དེ། བསམ་གཏན་དང་པོའི་རྟེན་ལ་བསམ་གཏན་བཞི་པའི་སྤེལ་སྒོམ་ཐོབ་པར་སྲིད་པ་ནི་གཞུང་ཉིད་ལ་གསལ་ཞིང༌། དེ་ཐོབ་ནས་གནས་འོག་མ་བཅུ་གཉིས་སུ་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་མི་འཐད་དེ། རོ་མྱངས་མཚུངས་ལྡན་གྱི་རོ་མྱང་བར་བྱ་རྒྱུའི་སྙོམས་འཇུག་དེ་ཡིན་ན་དགེ་བ་ཡིན་དགོས་པས། འགྲེལ་བར་རོ་མྱང་བ་མང་བས་ཞེས་གསུངས་པ་དང་འགལ་བའི་ཕྱིར་དང༌། འཕགས་རྒྱུད་ལ་རོ་མྱངས་མཚུངས་ལྡན་མི་སྲིད་ན། ཉན་ཐོས་འཕགས་པ་ཁམས་གོང་དུ་སྐྱེ་བ་འགྲུབ་བྱེད་ཀྱི་ལས་བསགས་པ་མེད་པར་ཐལ་བའི་ཕྱིར་རོ། །ངེས་པ་གསུམ་པའི་སྒྲུབ་བྱེད་ནི། འདི་དང་འོག་མ་ནས་འབྱུང་བའི་སྤེལ་སྒོམ་གྱི་ཚུལ་མི་འདྲ་བ་ཡིན་ཏེ། འདིར་ནི་དྲུག་སྤེལ་དང༌། བཅུ་གཉིས་སྤེལ་ལྟ་བུ་ལ་ནི་ཟག་བཅས་དང༌། ཟག་མེད་གྲངས་མཉམ་པ་ཁོ་ན་དང༌། གསུམ་སྤེལ་དང༌། དགུ་སྤེལ་དང༌། བཅོ་ལྔ་སྤེལ་ལྟ་བུ་ཁ་ཡར་བ་རྣམས་ནི་ཐོག་མར་ཟག་བཅས་དང༌། ཟག་མེད་གང་ལ་སྙོམས་པར་ཞུགས་པ་དེ་ཉིད་ལ་ཐ་མར་ཡང་འཇུག་དགོས་པས་གྲངས་གཅིག་གིས་མང་བ་ཡིན་ནོ། །དེ་སྐད་དུ་ཡང༌། སའི་དངོས་གཞི་ལས། ཟག་པ་མེད་པ་ལས་ལངས་མ་ཐག་ཏུ་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་པ་དང༌། ཟག་པ་དང་བཅས་པའི་དེ་མ་ཐག་ཏུ་ཟག་པ་མེད་པ་ལ་སྙོམས་པར་འཇུག་པ་སྟེ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་སྤེལ་སྒོམ་འདི་དག་གནས་གཙང་མར་འཕེན་བྱེད་དང་འགྲུབ་བྱེད་གང་ཡིན། དང་པོ་ལྟར་ན། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པ་དང་འགལ་ལོ། །གཉིས་པ་ལྟར་ན་མི་རིགས་ཏེ། འཕེན་བྱེད་ཀྱི་ལས་མེད་པ་ལ་འགྲུབ་བྱེད་མི་འབྱུང་བའི་ཕྱིར། དེ་མེད་པ་ཇི་ལྟར་ཞེ་ན། འཕགས་པའི་རྟེན་ལ་ནི་མ་བསགས། སོ་སྐྱེའི་རྟེན་ལ་ནི་མེད་པའི་ཕྱིར་རོ་ཞེ་ན། དེའི་ལན་ཤེས་པར་དཀའ་བ་ནི་འདི་ཡིན་ཏེ། སྔོན་སོ་སོ་སྐྱེ་བོའི་དུས་སུ་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་བསགས་པ་དང་ལྡན་པའི་འཕགས་པ་ཕྱིར་མི་འོང་དེས། བསམ་གཏན་གྱི་སྤེལ་སྒོམ་བྱས་པའི་ཚེ་ནུས་པ་གཉིས་མཐོང་སྟེ་ཟག་པ་དང་བཅས་པ་གང་ཡིན་པ་དེས་ནི་སྔར་གྱི་ལས་བསོས་འདེབས་པར་བྱེད་དོ། །ཟག་པ་མེད་པ་གང་ཡིན་པ་དེས་ནི་འབྲས་བུ་ཆེ་བ་མན་ཆད་དུ་སྐྱེ་བ་འགོག་པར་བྱེད་དོ། །དེ་ལྟར་ན་སྤེལ་སྒོམ་དེའི་དབང་གིས་གནས་གཙང་མ་ལྔར་སྐྱེ་བ་ལེན་པ་ལས་འོས་མེད་དེ། བསམ་གཏན་བཞི་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་ནུས་པ་མཐུ་ཅན་དུ་བྱས་པ་གང་ཞིག འབྲས་བུ་ཆེ་བ་མན་ཆད་དུ་སྐྱེ་བ་བཀག་པའི་ཕྱིར། དེའི་ཕྱིར་མཁས་པ་མིན་པ་གང་དག འདི་མི་གཡོ་བའི་ལས་མིན་པར་ཐལ་བའི་ཉེས་པ་འཇུག་པ་མ་ཡིན་ཏེ། གནས་གཙང་མ་ལྔ་པོ་ཡང་བསམ་གཏན་བཞི་པའི་སར་གཅིག་པའི་ཕྱིར་རོ། །གཉིས་པ་ཅིག་ཆར་བའི་རྣམ་པར་བཞག་པ་ལ་གཞན་གྱིས་ལེགས་པར་མ་བཤད་པའི་གྲུབ་པའི་གནས་འགའ་ཞིག་བཞག་པར་བྱ་སྟེ། སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་མི་སྲིད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། དེའི་རྒྱུ་མཚན་གྱིས་སྤངས་བྱ་ཅིག་ཆར་བའི་རྒྱུན་ཞུགས་ཡོད་ཀྱང༌། དེ་འདྲའི་རྒྱུན་ཞུགས་ལ་ཞུགས་གནས་ཀྱི་རྣམ་པར་བཞག་པ་མེད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། སྤང་བྱ་ཅིག་ཆར་བའི་ཕྱིར་འོང་མི་སྲིད་པའི་དབང་དུ་བྱས་པའི་ཚེ་ཡང་ཅིག་ཆར་བའི་ཕྱིར་འོང་གི་འབྲས་བུ་སྲིད་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། སྤང་བྱ་ཅིག་ཆར་བའི་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་ཁས་ལེན་དགོས་པ་ཞེས་བྱ་བའི་ངེས་པ་གཅིག་དང༌། ཅིག་ཆར་བའི་རྒྱུན་ཞུགས་ཞུགས་གནས་མི་སྲིད་ཀྱང་ཕྱིར་འོང་གི་འབྲས་བུ་ལ་ཞུགས་གནས་དང༌། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་གནས་སྲིད་པ་ཞེས་བྱ་བའི་ངེས་པ་དང༌། ཅིག་ཆར་བའི་ཕྱིར་མི་འོང་གི་འབྲས་བུ་གང་ཡིན་པ་དེ་དགྲ་བཅོམ་པའི་འབྲས་བུ་ཡིན་པ་ཞེས་བྱ་བའི་ངེས་པ་དང༌། ཅིག་ཆར་བའི་རང་རྒྱལ་ལ་སློབ་པ་ཡོད་ཀྱང་རྒྱུན་ཞུགས་མི་སྲིད་པ་ཞེས་བྱ་བའི་ངེས་པ་དང༌། རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་ཅིག་ཆར་བའི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་སྲིད་དོ་ཞེས་བྱ་བའི་ངེས་པ་གཅིག་སྟེ་ངེས་པ་ཆེན་པོ་བརྒྱད་འཇོག་པར་བྱེད་དོ། །དང་པོའི་སྒྲུབ་བྱེད་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན་མཐོང་སྤང་སྤངས་པའི་རྣམ་གྲོལ་གྱི་ལམ་ཡིན་དགོས་ལ། ཅིག་ཆར་བའི་ལམ་གྱིས་ཐོབ་པའི་རྣམ་གྲོལ་ལམ་ཡིན་ན་མཐོང་སྤང་སྤངས་པའི་རྣམ་གྲོལ་དུ་འགལ་བའི་ཕྱིར་དང༌། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་བྱེད་ཀྱི་བར་ཆད་མེད་ལམ་ཡིན་ན། མཐོང་ལམ་ཡིན་དགོས་ལ། ཅིག་ཆར་བའི་འབྲས་བུ་ཐོབ་བྱེད་ཀྱི་ལམ་ཡིན་ན་བསྒོམ་ལམ་ཡིན་དགོས་པའི་ཕྱིར། འོ་ན་ཅིག་ཆར་བའི་རྒྱུན་ཞུགས་སུ་གང་གིས་འཇོག་ཅེ་ན། ཅིག་ཆར་བ་དང་རྒྱུན་ཞུགས་ཀྱི་གཞི་མཐུན་ཡིན་པས་དེར་བཞག་པ་ཡིན་ཏེ། དཔེར་ན་སྲིད་པ་ལན་བདུན་པ་བཞིན་ནོ། །གཉིས་པའི་སྒྲུབ་བྱེད་ནི། ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་མི་སྲིད་པ་དེའི་ཕྱིར་དེ་ལ་ཞུགས་པ་དང་གནས་པ་ག་ལ་སྲིད། དོན་དེ་ལ་དགོངས་ནས་གཞུང་དུ་ཅིག་ཆར་བའི་རྒྱུན་ཞུགས་ལ་ཞུགས་གནས་ཀྱི་རྣམ་གཞག་མ་གསུངས་སོ། །གསུམ་པའི་སྒྲུབ་བྱེད་ནི། འོ་ན་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་དང་ཞུགས་པ་མི་སྲིད་མོད། ཅིག་ཆར་བའི་རྒྱུན་ཞུགས་དང་དེའི་ཞུགས་པ་ཁས་ལེན་པས་ཆོག་གོ་སྙམ་ན་ཚིག་ལ་དེ་ལྟར་ཆོག་མོད་དོན་གྱི་དགོངས་པ་མ་ཡིན་ཏེ། ཞུགས་གནས་ཀྱི་རྣམ་གཞག་འཇོག་པའི་གཞུང་གི་ཆ་ཐམས་ཅད་དུ་འབྲས་བུ་དེ་དང་དེ་ཐོབ་ཕྱིར་དུ་ཞུགས་པ་ལ་ཞུགས་པ་དང༌། འབྲས་བུ་དེ་དང་དེ་ལ་གནས་བཞིན་པ་ལ་གནས་པའི་རྣམ་གཞག་འཇོག་པ་ཤ་སྟག་ཏུ་སྣང་བའི་ཕྱིར། དེ་ལྟར་ཤེས་པ་ན་ངེས་པ་གཞན་ཞིག་ཀྱང་བརྙེད་པར་འགྱུར་ཏེ། གང་ཞེ་ན། སྤྱིར་རྒྱུན་ཞུགས་ཁྱད་པར་ཅན་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་འགལ་བ་དང༌། ཕྱིར་འོང་ཁྱད་པར་ཅན་ཡིན་པ་ལ་ཕྱིར་འོང་གི་འབྲས་བུ་ལ་གནས་མི་གནས་གཉིས་ཡོད་པ་དང༌། ཕྱིར་མི་འོང་ཁྱད་པར་ཅན་ལ་ཕྱིར་མི་འོང་གི་འབྲས་བུ་ལ་གནས་པ་འགལ་བའམ་ཡང་ཁྱད་པར་གྱི་ལམ་ནས་ཕྱིར་མི་འོང་ཁྱད་པར་ཅན་དུ་འཇོག་ནུས་པ་དེའི་ཚེ་འབྲས་བུ་ལ་གནས་པ་གཅིག་ཀྱང་སྲིད་པར་ཁས་བླངས་ཀྱང་ཆོག་པ་ཙམ་དུ་སྣང་ལ། སྤང་བྱ་ཕྱི་མ་སྤོང་བ་ལ་བརྩོན་པ་དེ་ནས་བཟུང་སྟེ་འབྲས་བུ་ལ་གནས་པ་མི་སྲིད་དོ་ཞེས་བྱ་བ་འདི་ངེས་སོ། །བཞི་པའི་སྒྲུབ་བྱེད་ནི། ཅིག་ཆར་བའི་ལན་གཅིག་ཕྱིར་འོང་གི་གང་ཟག་རྣམ་པར་བཞག་པ་མི་འཇོག་པའི་སྐབས་དང་འཇོག་པའི་སྐབས་དང་གཉིས་སོ། །དང་པོ་ནི། ཅིག་ཆར་བ་ཡིན་ན་འདོད་པ་ཁམས་སུ་སྐྱེ་བ་མི་ལེན་པས་ཁྱབ་པ་འཛིན་ཐུབ་པ་དེའི་ཚེའོ། །གཉིས་པ་ནི། ཅིག་ཆར་བའི་འདོད་པ་ཁམས་སུ་ལན་གཅིག་སྐྱེ་བ་ལེན་སྲིད་པ་དེའི་ཚེའོ། །དེ་ལྟར་གཉིས་ལས་དང་པོ་དེའི་ཚེ་ཕྱིར་འོང་གི་གང་ཟག་གཞུང་གི་སྒྲས་ཟིན་ལ་མེད་པ་བཞིན་དུ་ཁས་མི་ལེན་ཀྱང་དེའི་འབྲས་བུ་ནི་ཡོད་དེ། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་ཉན་ཐོས་འཕགས་པ་ཡོད་པའི་ཕྱིར། དེ་ཆོས་ཅན་ཕྱིར་འོང་གི་གང་ཟག་མ་ཡིན་ཏེ། འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པ་གང་ཞིག ཁམས་གོང་གི་ཉོན་མོངས་པ་དྲུག་སྤངས་པའི་ཕྱིར། གལ་ཏེ་ཕྱིར་འོང་གི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་ན་ཕྱིར་འོང་མིན་པ་འགལ་ལོ་ཞེ་ན་མི་འགལ་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཡིན་ན་རྒྱུན་ཞུགས་ཡིན་པས་མ་ཁྱབ་པ་བཞིན་ནོ། །རྣམ་གཞག་གཉིས་པ་དེའི་ཚེ་ན་ནི་ཕྱིར་འོང་གི་གང་ཟག་ཀྱང་ཁས་ལེན་དགོས་པ་ཡིན་ཏེ། དེའི་ཚེ་ན་འདོད་ཉོན་བརྒྱད་པ་སྤངས་ཤིང་དགུ་པ་མ་སྤངས་པའི་ཉན་ཐོས་འདོད་པ་ཁམས་སུ་སྐྱེ་བ་ལན་གཅིག་བླངས་ནས་རྟེན་དེ་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པ་གཅིག་ཁས་ལེན་དགོས་པ་གང་ཞིག དེ་ལ་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད་ཚང་བའི་ཕྱིར། འདི་གཞུང་ལས་མ་བཤད་དོ་ཞེ་ན། དེ་མ་ཡིན་ཏེ། འདོད་པའི་ཁམས་ཉིད་དུ་སྐྱེས་ནས་ཞེས་བཤད་པའི་ཕྱིར། འོ་ན་སྔ་མ་དེའི་ཚེ་ཡང་ཕྱིར་འོང་སྲིད་པར་འགྱུར་རོ་ཞེ་ན། ཁས་བླངས་ཀྱང་འགལ་བ་ཆེར་མི་སྣང་ལ། འོན་ཀྱང་མཐོང་ཆོས་ཞི་དང༌། ཁམས་གོང་གི་ཉོན་མོངས་དྲུག་པ་སྤངས་པའི་གཞི་མཐུན་ཡིན་པས་ཕྱིར་འོང་དུ་བཞག་མ་ནུས་པ་ཡིན་ནོ། །གལ་ཏེ་ཁམས་གོང་གི་ཉོན་མོངས་དྲུག་པ་སྤངས་ན་ཕྱིར་འོང་དུ་འགལ་ལོ། །ཞེ་ན། འོ་ན་དེ་སྤངས་ན་རྒྱུན་ཞུགས་སུ་འགལ་ལོ། །མི་འགལ་ཏེ་ཅིག་ཆར་བའི་རྒྱུན་ཞུགས་ཡོད་པས་སོ་ཞེ་ན། སྔ་མའང་མི་འགལ་ཏེ་ཅིག་ཆར་བའི་ཕྱིར་འོང་ཡོད་པས་སོ། །མེད་དེ་གཞུང་ལས་མ་བཤད་པས་སོ་ཞེ་ན། འོ་ན་སྔ་མའང་མ་བཤད་དོ། །བཤད་དེ་རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་ཅིག་ཆར་ངེས་པར་འབྱིན་པའོ། །ཞེས་བཤད་པས་སོ། །ཞེ་ན། འོ་ན་སྔ་མའང་བཤད་པ་ཡིན་ཏེ། ལན་གཅིག་ཕྱིར་འོང་བའི་གང་ཟག་གང་ཞེ་ན། གང་བསྒོམས་པའི་ལམ་ལ་འདོད་པ་ན་སྤྱོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ་ཞེས་པའི་གཞུང་གིས་དེ་ཡོད་པར་བཤད་པའི་ཕྱིར་རོ། །ལྔ་པའི་སྒྲུབ་བྱེད་ནི་ཅིག་ཆར་བའི་ཕྱིར་མི་འོང་གི་འབྲས་བུ་ཡོད་དེ། སྒོམ་ལམ་བར་ཆད་མེད་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡང་ཡིན། ཅིག་ཆར་བའི་ལམ་གྱི་འབྲས་བུ་ཡང་ཡིན་པའི་གཞི་མཐུན་གཅིག་ཡོད་པའི་ཕྱིར། དེ་ལྟ་མོད་ཀྱི་དེ་ལ་གནས་པའི་ཕྱིར་མི་འོང་གི་གང་ཟག་ནི་མེད་པར་ངེས་པ་ཡིན་ཏེ། དེ་ལ་གནས་པའི་དམན་པའི་གང་ཟག་ཡིན་ན་དགྲ་བཅོམ་ཡིན་དགོས་པའི་ཕྱིར། ཅི་སྟེ་ཕྱིར་མི་འོང་གི་འབྲས་བུ་ཡིན་ན་དགྲ་བཅོམ་པའི་འབྲས་བུ་ཡིན་པ་འགལ་ལོ་ཞེ་ན། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་ན། སྲིད་རྩེའི་དེར་གྱུར་པའི་དེ་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཡིན་པ་འགལ་ལོ། །གལ་ཏེ་མི་འགལ་ཏེ་ཅིག་ཆར་བའི་ཚེ་དེ་འདྲ་ཡོད་པས་སོ་ཞེ་ན། འོ་ན་སྔ་མའང་ཡོད་དེ་དེའི་ཚེ་དེ་ཡོད་པས་སོ། །དེ་ལྟར་ན་ཕྱིར་མི་འོང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་ཅིག་ཆར་མངོན་དུ་བྱེད་པའམ་བྱས་པའི་རྒྱུ་མཚན་གྱིས་སྤངས་བྱ་ཅིག་ཆར་བར་འཇོག་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ངེས་པ་གཅིག་ཡིན་ནོ། །དེ་ལས་གཞན་དུ་ན་ཅིག་ཆར་བར་འཇོག་བྱེད་གང་ཡིན། ཁམས་གསུམ་གྱི་སྒོམ་སྤང་ཉོན་མོངས་ཅིག་ཆར་དུ་སྤངས་པའམ་སྤོང་བས་སོ་ཞེ་ན། འོ་ན་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། ཅིག་ཆར་བར་ཐལ། ཁམས་གསུམ་གྱི་མཐོང་སྤང་ཉོན་མོངས་ཅིག་ཆར་དུ་སྤངས་པའམ་སྤོང་བའི་ཕྱིར། དེས་ན་སྔ་མ་ལ་ཁྱབ་པ་ཡོད་ཀྱང་དེ་ཙམ་གྱིས་དེར་བཞག་ནུས་པ་མ་ཡིན་ཏེ། བྱས་པ་ལ་མི་རྟག་པས་ཁྱབ་པ་ཡིན་ཀྱང༌། བྱས་པ་ཡིན་པའི་རྒྱུ་མཚན་གྱིས་མི་རྟག་པར་འཇོག་མི་ནུས་པ་བཞིན་ནོ། །དྲུག་པའི་སྒྲུབ་བྱེད་ནི་བཤད་ཟིན་ཏོ། །དེ་ལྟ་ན་ཡང༌། ཚེ་གཅིག་བར་ཆད་གཅིག་པའི་ཚེ་གཅིག་པོ་དེ་ལྷ་ཁོ་ནའི་དབང་དུ་བྱས་ན་ཅུང་ཟད་དཔྱད་དགོས་ཏེ། འདོད་ལྷའི་རྟེན་ལ་རང་རྒྱལ་མི་སྲིད་པའི་ཕྱིར། འོ་ན་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་འཛམ་བུའི་གླིང་དུ་འབྱོན་པ་དང་ཕྲད་ན། འདོད་པའི་ལྷ་ཉིད་དུ་སྐྱེས་ཏེ་ཉན་ཐོས་དགྲ་བཅོམ་པར་འགྱུར་བ་དེའི་ཚེ་ན་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད་ཚང་བ་ཡིན་ནོ། །བདུན་པའི་སྒྲུབ་བྱེད་ནི་ཅིག་ཆར་བའི་ཉན་ཐོས་རང་རྒྱལ་དུ་སོང་བ་དེའི་དུས་ཀྱི་རང་རྒྱལ་སློབ་པ་དེ་ཡིན་ན་ཕྱིར་འོང་ཡིན་དགོས་པ་ཡིན་ཏེ། དེ་ཡིན་ན་འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་དམན་པའི་གང་ཟག་ཡིན་དགོས་པའི་ཕྱིར་དང༌། སྤང་བྱ་ཅིག་ཆར་བའི་སྐྱེ་བ་ལེན་ཚུལ་དེ་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་དང་སྤངས་རྟོགས་ཀྱི་ཁྱད་པར་མཚུངས་པའི་ཕྱིར། དེས་ན་སྤངས་བྱ་ཅིག་ཆར་བའི་རང་རྒྱལ་ལ་རྒྱུན་ཞུགས་མེད་དོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །བརྒྱད་པའི་སྒྲུབ་བྱེད་ནི་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ། མི་ལྕོགས་པ་མེད་པ་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ས་ལྷག་མ་བརྒྱད་ཀྱི་ཉོན་མོངས་པ་རྣམས་ཅིག་ཆར་དུ་སྤངས་པ་སྲིད་པ་ཡིན་ཏེ། དེ་ལྟར་སྤོང་ནུས་པ་ལ་སྒྲུབ་བྱེད་ཡོད་ཅིང༌། གནོད་བྱེད་མེད་པའི་ཕྱིར། དེའི་རྒྱུ་མཚན་ཡང༌། དེས་ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་ས་ལྷག་མ་བརྒྱད་ཀྱི་ཉོན་མོངས་པ་ཅིག་ཆར་དུ་སྤོང་མི་ནུས་ན་དེ་ལ་བརྟེན་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་རྗེས་སུ་ས་ལྷག་མ་བརྒྱད་ཀྱི་ཉོན་མོངས་པ་ཅིག་ཆར་དུ་སྤོང་ནུས་པ་འགལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་དེ་འདྲ་དེ་སྤང་བྱ་ཅིག་ཆར་བའི་དབྱེ་བར་མི་འཆད་པའི་རྒྱུ་མཚན་ནོ། །དགྲ་བཅོམ་པའི་འབྲས་བུ་དང་ཕྱིར་མི་འོང་གི་འབྲས་བུ་ཅིག་ཆར་དུ་མངོན་དུ་བྱས་པ་མ་ཡིན་པའམ། བྱེད་པ་མིན་པའི་རྒྱུ་མཚན་གྱིས་སོ། །དེ་ལྟ་མིན་པར་ཁམས་གསུམ་གྱི་ཉོན་མོངས་པ་ཅིག་ཆར་དུ་སྤངས་པ་ཙམ་གྱིས་འདིའི་སྐབས་ཀྱི་ཅིག་ཆར་བར་འཇོག་ནུས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལས་འཕྲོས་པའི་དོན་བཤད་པར་བྱ་སྟེ། བྱང་སེམས་ཀྱི་སྤང་བྱ་སྤོང་ཚུལ་ཅིག་ཆར་བར་བསྟན། དེ་དང་སྐབས་འདིའི་ཅིག་ཆར་བ་ལ་ཁྱད་པར་ཇི་ལྟར་ཡོད་པའི་ཚུལ་བཤད་པའོ། །དང་པོ་ནི་བྱང་སེམས་ཀྱི་སྤྱིར་སྒྲིབ་པ་གཉིས་དང༌། བྱེ་བྲག་ཏུ་ཁམས་གསུམ་གྱི་ཉོན་མོངས་པའི་སྒྲིབ་པ་གཉིས་ཅིག་ཆར་དུ་སྤོང་བ་ཡིན་ཏེ། དེ་གཉིས་གཞུང་ལ་གསལ་བའི་ཕྱིར་རོ། །གཉིས་པ་ནི། ཆགས་བྲལ་སྔོན་དུ་སོང་བ་དང་མ་སོང་བའོ། །དང་པོ་ནི། བཅུ་དྲུག་པའི་རྟོགས་པ་རྫོགས་རྗེས་ས་ཁམས་གསུམ་ས་དགུའི་ཉོན་མོངས་པའི་བག་ལ་ཉལ་དགུ་དང༌། ཤེས་བྱའི་སྒྲིབ་པ་དགུ་ཅིག་ཆར་དུ་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་དང༌། དེ་བཞིན་གཤེགས་པའི་གོ་འཕང་གཉིས་ཅིག་ཆར་དུ་མངོན་དུ་བྱེད་དོ། །དེ་ལྟར་བྱེད་པ་དེའི་ཚེ་བྱང་སེམས་འཕགས་པ་རྣམས་ལ་རྣམ་པར་ཐར་པ་བརྒྱད་མངོན་དུ་བྱས་པ་ཡོད་དོ། །གཉིས་པ་ནི། བཅུ་དྲུག་པའི་རྟོགས་པ་རྫོགས་རྗེས་སུ་མི་ལྕོགས་པ་མེད་པ་ལ་བརྟེན་ནས། ཁམས་གསུམ་ས་དགུའི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་དགུ་ཅིག་ཆར་དུ་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་ཡིན་ནོ། །དེའི་ཚེ་ནི་བྱང་སེམས་འཕགས་པ་ལ་རྣམ་པར་ཐར་པ་བརྒྱད་མངོན་སུམ་དུ་བྱས་པ་མི་སྲིད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བ་དང༌། དེ་བཞིན་གཤེགས་པར་འགྱུར་བ་དུས་མཉམ་པའི་ཕྱིར། དོན་འདི་ནི་ཤིན་ཏུ་རྟོགས་པར་དཀའ་བས་བཤད་དགོས་ཏེ། འོ་ན་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པ་སྤོང་བཞིན་པའི་བྱང་སེམས་སྒོམ་ལམ་པ་ཇི་ལྟར་ཡོད་ཅེ་ན། འཁོར་བར་འཆིར་བྱེད་ཀྱི་ཉོན་སྒྲིབ་ནི་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང༌། བསྒོམ་པས་སྤང་བར་བྱ་བའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་པའི་ཕྱིར། དེ་ལ་ཆགས་བྲལ་སྔོན་སོང་མི་སྲིད་ལ། གཉིས་པ་ལ་ཆགས་བྲལ་སྔོན་དུ་སོང་བ་དང་མ་སོང་བ་གཉིས་ལས། གཉིས་པའི་དབང་དུ་བྱས་ན། མཐོང་ལམ་གྱི་རྗེས་ཐོགས་སུ་སྤོང་བ་ལས་འོས་མེད་པའི་ཕྱིར་དང༌། དེའི་ཚེ་ཡང་ཅིག་ཆར་བའི་སྤོང་ཚུལ་ལས་གཞན་གྱི་བཤད་པ་མེད་པའི་ཕྱིར། དེའི་ཚེ་ན་བྱང་ཆུབ་སེམས་དཔའ་དེ་ནི་འདོད་པའི་རྟེན་ཅན་ཁོ་ནར་ངེས་སོ། །འོ་ན་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་རྟེན་ཅན་དེ་ཇི་ལྟར་ཞེ་ན། དེ་ནི་ཆགས་བྲལ་སྔོན་དུ་སོང་བའི་དབང་དུ་བྱས་སོ། །འོ་ན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་སྤོང་ཚུལ་ཡང༌། ཅིག་ཆར་བའི་སྤོང་ཚུལ་ལྟར་ངེས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་སྤང་བྱའི་གཙོ་བོ་ནི་འདོད་ཆགས་ཡིན་ལ། དེ་ལ་ཡང་གཉིས་ཏེ། རང་རྒྱུད་ཀྱི་ལུས་ལ་དམིགས་པ་དང༌། ལོངས་སྤྱོད་ལ་དམིགས་པའོ། །དང་པོ་ནི། ལུས་རྟེན་གང་དུ་རྟོགས་པའི་ས་དེར་རྟོགས་པ་ཁོ་ན་ཡིན་ལ། གཉིས་པ་ནི། ཁམས་གསུམ་གྱི་ལོངས་སྤྱོད་ལ་དམིགས་པའི་དབྱེ་བས་གསུམ་ཡོད་པ་ཡིན་ནོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་ཤེས་པ་ན། སྤང་བྱ་ཅིག་ཆར་བས་ལུས་རྟེན་གང་དུ་རྟོགས་པའི་ཉོན་ཡིད་དེ་ཁོ་ན་སྤངས་པས་ཆོག་པ་ཡིན་གྱི། ས་གཞན་གྱི་ཉོན་ཡིད་ཀྱི་ངོ་སྐལ་གྱི་གཉེན་པོ་བསྒོམ་མི་དགོས་པར་གྲུབ་པ་ཡིན་ནོ། །ཞར་ལ་འདི་ཤེས་དགོས་ཏེ། ཉོན་ཡིད་འཁོར་གྱི་མ་རིག་པ་ནི་ཡང་སྲིད་འཕེན་བྱེད་དུ་རུང་ལ་དེའི་འཁོར་གྱི་འདོད་ཆགས་ནི་ཡང་སྲིད་འགྲུབ་བྱེད་དུ་མི་རུང་སྟེ། དེ་འགྲུབ་བྱེད་ཀྱི་འདོད་ཆགས་ཡིན་ན་ཁམས་གསུམ་གང་རུང་གི་ལོངས་སྤྱོད་ལ་སྲེད་པའི་འདོད་ཆགས་ཡིན་དགོས་པའི་ཕྱིར་དང༌། དེ་ལས་གཞན་དུ་ན་འཕགས་པ་ཕྱིར་མི་འོང་གི་རྒྱུད་ལ་འདོད་པའི་ཡང་སྲིད་འགྲུབ་བྱེད་ཀྱི་ཉོན་མོངས་པ་ཡོད་པར་ཐལ་ལོ། །དེའི་ཕྱིར་འཕགས་པ་ཕྱིར་མི་འོང་རྣམས་ལ་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་དང༌། འདོད་ཉོན་དགུ་པ་སྤངས་པ་དང༌། ཐ་མའི་ཆ་མཐུན་ལྔ་སྤངས་པ་ཞེས་བརྗོད་པར་བྱའི། འདོད་པའི་ཉོན་མོངས་མ་ལུས་པ་སྤངས་པ་ཞེས་ནི་མི་བྱ་སྟེ། ས་དེ་སྡུས་ཀྱི་ཉོན་ཡིད་འཁོར་བཅས་མ་སྤངས་པའི་ཕྱིར། དོན་འདི་ལ་བསམས་ནས་རིན་པོ་ཆེ་བློ་བཟང་པ་ཐོད་རྒལ་བའི་ཕྱིར་མི་འོང་གང་ཡིན་པ་དེ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའོ་ཞེས་དང༌། རིམ་གྱིས་པའི་ཕྱིར་མི་འོང་གིས་ཀྱང་ཐ་མའི་ཆ་དང་མཐུན་པ་ལྔ་མ་ལུས་པ་སྤངས་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ཡང་མི་ལེགས་པར་གྲུབ་པ་ཡིན་ཏེ། གཞུང་ཉིད་ཀྱི་ཚིག་ཟིན་དང་དངོས་སུ་འགལ་བའི་ཕྱིར་དང༌། དོན་ལ་མ་ཞུགས་པའི་ཕྱིར། མ་ཞུགས་པ་ཇི་ལྟར་ཞེ་ན། ཉོན་ཡིད་འཁོར་བཅས་ཀྱི་འདོད་ཆགས་དེ། འདོད་པ་ལ་ཆགས་པའི་འདོད་ཆགས་མ་ཡིན་པའི་ཕྱིར་དང༌། ཐ་མའི་ཆ་མཐུན་ལྔའི་ནང་ཚན་གྱི་འདོད་ཆགས་དེ་མིན་པའི་ཕྱིར། ཇི་ལྟར་མིན་ཞེ་ན། གལ་ཏེ་ཡིན་ན་འདོད་པའི་ས་སྡུས་ཀྱི་ཉོན་ཡིད་ཀྱིས་ཀྱང་འདོད་པ་ལ། དམིགས་ནས་ངར་འཛིན་པ་ཉིད་དུ་ཐལ་བའི་ཕྱིར་དང༌། དེའི་འཁོར་གྱི་འདོད་ཆགས་དེ་ཡང་སྲིད་འགྲུབ་བྱེད་དུ་ཧ་ཅང་ཐལ་བའི་ཕྱིར། བཞི་པ་དགྲ་བཅོམ་གྱི་བསྐོར་ལ། སྙོམས་འཇུག་ཟག་མེད་ལས་ཉམས་པ་ཡོད་པའི་ངེས་པ། ཟག་བཅས་ཀྱི་སྤངས་པ་ལས་ཉམས་པ་མེད་པའི་ངེས་པ། འགོག་སྙོམས་ཐོབ་པའི་དགྲ་བཅོམ་ཡིན་པ་ཙམ་གྱིས་གཉིས་ཀའི་ཆ་ལས་རྣམ་གྲོལ་དུ་བཞག་མི་ནུས་པའི་ངེས་པ། ལུས་མངོན་བྱེད་ཀྱི་འཇོག་ཚུལ་ཡང་དེ་དང་འདྲ་བའི་ངེས་པ། དེས་ན་གཉིས་པོའི་འཇོག་ཚུལ་ལ་མངོན་པ་གོང་འོག་མི་མཐུན་པའི་ངེས་པ། སྙོམས་འཇུག་ཙམ་དང་རྣམ་ཐར་གྱི་ཁྱད་པར་མངོན་པ་འོག་མ་དང་མི་མཐུན་པའི་ངེས་པ། སྙོམས་འཇུག་སྒྲིབ་པ་སྤོང་ཚུལ་དང་དེའི་ངོས་འཛིན་གཞན་གྱིས་ལེགས་པར་མ་བཤད་པ་འཆད་པའི་ངེས་པ། བསམ་གཏན་གྱི་རབ་མཐའི་ངོས་འཛིན་གཞན་གྱིས་ལེགས་པར་མ་བཤད་པ་འཆད་པའི་ངེས་པ་སྟེ། ངེས་པ་ཆེན་པོ་བརྒྱད་འཇོག་པར་བྱེད་དོ། །དང་པོའི་སྒྲུབ་བྱེད་ནི། འཕགས་རྒྱུད་ཀྱི་སྙོམས་འཇུག་ཟག་མེད་ལས་ཉམས་པ་ཡོད་དེ། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལས་ཉམས་པ་སྲིད་པའི་ཕྱིར། དེ་ལྟར་མིན་ན་དེ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལ་ཉམས་པར་མི་སྲིད་པར་འགྱུར་རོ། །གཉིས་པའི་སྒྲུབ་བྱེད་ནི་འཕགས་རྒྱུད་ཀྱི་ལམ་ཟག་བཅས་ཀྱི་ཐོབ་པའི་སྤངས་པ་གང་ཡིན་ཀྱང་རུང་མི་ལྡོག་པ་ཡིན་ཏེ། དེ་ལས་གཞན་ན་འཇིག་རྟེན་པའི་ལམ་གྱི་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པའི་དགྲ་བཅོམ་པ་འགའ་ཞིག་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་ཧ་ཅང་ཐལ་བའི་ཕྱིར་རོ། །གསུམ་པའི་སྒྲུབ་བྱེད་ནི། དེ་ཙམ་གྱིས་དེར་བཞག་ནུས་པ་མ་ཡིན་ཏེ། འགོག་པའི་སྙོམས་འཇུག་ཐོབ་པ་ཙམ་གྱིས་རྣམ་པར་ཐར་པ་བརྒྱད་ཀྱི་ངོ་སྐལ་གྱི་སྒྲིབ་པ་ལས་གྲོལ་མི་དགོས་པའི་ཕྱིར་དང༌། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པ་ཡིན་ན་དེ་ལས་གྲོལ་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དགྲ་བཅོམ་པའི་རྒྱུད་ཀྱི་འགོག་པའི་སྙོམས་འཇུག་ཡིན་ན་འགོག་པའི་རྣམ་ཐར་ཡིན་མི་དགོས་པའི་ཕྱིར། གལ་ཏེ་དགོས་ན་འགོག་པའི་སྙོམས་འཇུག་དང་པོ་ཐོབ་མ་ཐག་པའི་དགྲ་བཅོམ་པའི་རྒྱུད་ཀྱི་འགོག་སྙོམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པས་ཐོབ་པའི་སྙོམས་འཇུག་ཡིན་པར་ཐལ། རྣམ་པར་ཐར་པ་བརྒྱད་པོ་གང་རུང་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་གཞུང་གིས་གྲུབ། འདོད་པར་ནུས་པ་མ་ཡིན་ཏེ། སྲིད་རྩེའི་སེམས་ལ་བརྟེན་པའི་ཕྱིར་ཏེ། ཆོས་ཅན་དེའི་ཕྱིར། གསུམ་པའི་སྒྲུབ་བྱེད་ནི། འགོག་པའི་སྙོམས་འཇུག་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་ཡིན་ན་ལུས་མངོན་བྱེད་ཡིན་མི་དགོས་ཏེ། ཕྱིར་མི་འོང་ལུས་མངོན་བྱེད་ཡིན་ན་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་དགོས་པ་གང་ཞིག སྔ་མ་དེ་ཡིན་ན་དེ་ཡིན་མི་དགོས་པའི་ཕྱིར། གལ་ཏེ་དགོས་ན་འགོག་པའི་སྙོམས་འཇུག་གི་འགྲུབ་བྱེད་ཀྱི་རྒྱུ་བྱས་ནས། སྲིད་རྩེར་སྐྱེ་ངེས་ཀྱི་ཕྱིར་མི་འོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་དེའི་རྒྱུད་ཀྱི་འགོག་སྙོམས་དེ་འགོག་པའི་རྣམ་ཐར་ཡིན་པར་འགྱུར་ཏེ། དེ་ཡང་འདོད་ན་དེ་ཆོས་ཅན། རྣམ་ཐར་མ་ཡིན་ཏེ། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། དེར་མ་ཟད་འགོག་པའི་སྙོམས་འཇུག་ལས་མ་ཉམས་བཞིན་དུ། གཟུགས་ཁམས་སུ་སྐྱེ་བ་ལེན་ངེས་ཀྱི་ཕྱིར་མི་འོང་དེ་ཆོས་ཅན། ལུས་མངོན་བྱེད་ཡིན་པར་ཐལ། འགོག་པའི་སྙོམས་འཇུག་རྒྱུད་ལ་ལྡན་བཞིན་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། འདོད་ན་རྣམ་པར་ཐར་པ་བརྒྱད་བསྟན་པར་འགྱུར་ལ། དེ་ཡང་འདོད་ན་ནི་དེའི་རྒྱུད་ཀྱི་བསམ་གཏན་བཞི་པའི་སྙོམས་འཇུག་དེ་རྣམ་ཐར་གྱི་ངོ་བོར་སྐྱེས་པར་འགྱུར་ལ། དེ་འདོད་ནུས་པ་མ་ཡིན་ཏེ། ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལྔ་པའི་སྒྲུབ་བྱེད་ནི། མངོན་པ་འོག་མར། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཞེས་དང༌། འགོག་པ་ཐོབ་པའི་ཕྱིར་མི་འོང༌། །ལུས་ཀྱི་མངོན་སུམ་བྱེད་པར་འདོད། །ཅེས་གསུངས་ལ། འདིར་ནི་དེ་གཉིས་ཀའི་སྐབས་སུ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ་ཞེས་གསུངས་སོ། །དེ་ལ་འདི་སྙམ་དུ། དེ་ཙམ་གྱིས་མི་མཐུན་པར་མི་འགྲུབ་སྟེ། མཐར་གནས་དགུའི་དངོས་གཞིའི་སྙོམས་འཇུག་ཡིན་ན་རྣམ་ཐར་ཡིན་དགོས་པའི་ཕྱིར་སྙམ་ན། དེ་ཡང་མ་ཡིན་ཏེ། མངོན་པ་གོང་མར་བསམ་གཏན་དང་པོ་གསུམ་ལ་རྣམ་ཐར་མ་བཤད་པའི་ཕྱིར་དང༌། འོག་མ་ལྟར་ན་བསམ་གཏན་གསུམ་པ་ལ་རྣམ་ཐར་མ་བཤད་པའི་ཕྱིར་དང༌། གོང་འོག་གཉིས་ཀ་ལྟར་ན་ཡང་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣམ་པར་ཐར་པ་ཟུར་དུ་བསྒྲུབ་དགོས་པའི་ཕྱིར། དཔེར་ན་མངོན་པར་ཤེས་པ་དང་ཚད་མེད་པ་བཞིན་ནོ། །དེར་མ་ཟད་ཀྱི་གཟུགས་མེད་ཀྱི་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་སྙོམས་འཇུག་རྣམ་པ་བཞི་ཆོས་ཅན། རྣམ་ཐར་ཡིན་པར་ཐལ། མཐར་གནས་ཀྱི་དངོས་གཞིའི་སྙོམས་འཇུག་ཡིན་པའི་ཕྱིར། དེ་ལ་འདོད་ན། ཐར་པ་དང་མཐུན་པར་གནས་པའི་ལམ་ཡིན་པར་ཐལ་བ་དང༌། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་བར་ཐལ་ལོ། །དེ་ཡང་འདོད་པར་ནུས་པ་མ་ཡིན་ཏེ། གཟུགས་མེད་ཁམས་ཀྱི་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་ཡིན་པའི་ཕྱིར། འོ་ན་དེ་ལྟར་གོང་འོག་མི་མཐུན་པའི་རྒྱུ་མཚན་ཅི་ཞེ་ན། མངོན་པ་འོག་མ་ལྟར་ན། ས་འོག་མ་ལ་རྒྱབ་ཀྱིས་ཕྱོགས་པ་ཙམ་གྱིས་རྣམ་ཐར་དུ་བཞག་ནུས་ལ། འགོག་པའི་སྙོམས་འཇུག་ཡིན་ན་ས་འོག་མ་ལ་རྒྱབ་ཀྱིས་ཕྱོགས་དགོས་པའི་ཕྱིར་ཏེ། དེ་ཡིན་ན་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་དགོས་པའི་ཕྱིར། གོང་མའི་ལུགས་ལ་དེ་དགོས་པ་མ་ཡིན་ཏེ། གཟུགས་ལ་ཆགས་བྲལ་མ་བྱས་པར་སྲིད་རྩེའི་སེམས་ཀྱིས་འགོག་པ་ལ་སྙོམས་པར་འཇུག་ནུས་པ་ཡོད་པའི་ཕྱིར་ཏེ། གཟུགས་མེད་ཀྱི་སྤོང་ལམ་བསལ་ནས་ཁྱད་པར་ཅན་གྱི་ལམ་ལ་གནས་ཏེ་འགོག་པ་ལ་སྙོམས་པར་འཇུག་ནུས་པར་འགྲེལ་པ་རྒྱལ་སྲས་མར་འཆད་པའི་ཕྱིར། ལུགས་དེ་ལེགས་པ་མིན་ནོ་ཞེ་ན། སྤྱིར་ལེགས་པ་མིན་དུ་ཆུག་ལུགས་འདི་འཆད་པ་ལ་ཚད་མར་ཁས་བླངས་དགོས་པ་ཡིན་ཏེ། མཁས་པ་ཆེན་པོ་བློ་བརྟན་གྱི་བྱེ་བཤད་དུ། འགྲེལ་པ་འདིའི་ལུང་ཚད་མར་ཁས་བླངས་པའི་ཕྱིར་རོ། །དྲུག་པའི་སྒྲུབ་བྱེད་ནི། མངོན་པ་འོག་མར་ནི། གཟུགས་མེད་བཞི་དང་འགོག་པའི་སྙོམས་འཇུག་དེ་ལྔ་པོ་རྣམས་ལ་འཕགས་རྒྱུད་ཀྱི་དངོས་གཞིའི་སྙོམས་འཇུག་ཙམ་དང༌། རྣམ་ཐར་ལ་ཁྱད་པར་མ་བཤད་ལ། མངོན་པ་གོང་མར་ནི་གཟུགས་མེད་ཀྱི་རྣམ་ཐར་དུ་འཇོག་པ་ལ་གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ལས་གྲོལ་དགོས་པར་བཤད་ཅིང༌། དེ་ཡིན་ན་རང་འབྲས་འཁོར་བ་འཕེན་འགྲུབ་གང་རུང་གི་རྒྱུ་མིན་དགོས་པའི་ཕྱིར། འགོག་པའི་སྙོམས་འཇུག་ཙམ་དང་དེའི་རྣམ་ཐར་ལ་ཡང་ཁྱད་པར་ཡོད་དེ། སྙོམས་འཇུག་ཙམ་གྱིས་ནི་སྲིད་རྩེའི་འགྲུབ་བྱེད་ཀྱི་རྒྱུ་བྱེད་པ་ཡང་སྲིད་ཅིང༌། སྲིད་རྩེའི་སས་བསྡུས་པ་ཡང་སྲིད་ལ། རྣམ་ཐར་ལ་དེ་འདྲ་མི་སྲིད་པའི་ཕྱིར་རོ། །དེས་ན་གོང་མའི་ལུགས་ལ་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་ཟིན་པའི་འཕགས་པ་གཅིག་གིས་སླར་ཡང་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་རྣམ་པར་ཐར་པ་བརྒྱད་ཀ་བསྒྲུབ་དགོས་པ་ཡིན་ནོ། །དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་ལ་གཉིས་ཏེ། སྲིད་རྩེའི་སེམས་ལ་བརྟེན་པའི་སྙོམས་འཇུག་ཟག་བཅས་གཅིག་དང༌། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པའི་སྙོམས་འཇུག་ཟག་མེད་གཅིག་སྟེ་གཉིས་ཡོད་ལ། དང་པོ་རྣམ་ཐར་དུ་མི་འཇོག་ཅིང༌། གཉིས་པ་ལ་རྣམ་ཐར་དུ་འཇོག་དགོས་པ་ཡིན་ཏེ། གཞུང་ལས་རྣམ་ཐར་ཡིན་ན་རབ་ཀྱིས་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་དགོས་པར་བཤད་པའི་ཕྱིར་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྲིད་རྩེའི་སེམས་ཀྱིས་འགོག་པའི་རྣམ་ཐར་མངོན་དུ་མི་མཛད་པའི་ཕྱིར། དེ་བཞིན་དུ་སྲིད་རྩེའི་སྙོམས་འཇུག་ལ་ཡང་གཉིས་ཏེ། ཅི་ཡང་མེད་ཀྱི་དངོས་གཞིའི་སེམས་ཀྱིས་ཐོབ་པ་སྲིད་རྩེའི་སྙོམས་འཇུག་ཙམ་པོ་གཅིག་དང༌། བསམ་གཏན་བཞི་པའི་རབ་མཐས་ཐོབ་པའི་སྙོམས་འཇུག་ཁྱད་པར་ཅན་གཅིག་དང་གཉིས་ལས། སྲིད་རྩེའི་རྣམ་ཐར་དུ་འཇོག་པ་ནི་གཉིས་པ་ཁོ་ན་ཡིན་ཏེ། སྲིད་རྩེའི་སས་བསྡུས་ཀྱི་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་གཉེན་པོ་ཡིན་ན་ས་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་དགོས་པའི་ཕྱིར་ཏེ། སྤྱིར་སྙོམས་འཇུག་གི་སྒྲིབ་པའི་སྤོང་གཉེན་ཡིན་ན་དེ་ལ་བརྟེན་དགོས་པའི་ཕྱིར། དམ་བཅའ་བདུན་པའི་སྒྲུབ་བྱེད་ནི། མངོན་པ་འོག་མའི་ལུགས་ལ་ས་དེ་དང་དེའི་དངོས་གཞིའི་སྙོམས་འཇུག་ཐོབ་པ་ན། དེ་དང་དེ་ལ་སྙོམས་པར་འཇུག་པ་ལ་གེགས་བྱེད་ཀྱི་སྙོམས་འཇུག་གི་སྒྲིབ་པ་ལས་གྲོལ་བར་བཤད་ལ། སྒྲིབ་པ་དེ་གཉེན་པོ་གང་གིས་སྤོང་དང༌། གནས་སྐབས་གང་དུ་སྤོང་དང༌། སྒྲིབ་པ་དེའི་ངོས་འཛིན་གང་ཡིན་གསལ་བར་བཤད་པ་མི་སྣང་ལ། ས་འོག་མའི་འདོད་ཆགས་ཀྱི་གཉེན་པོར་རྣམ་ཐར་བསྒོམ་པ་གཅིག་བཤད་མོད། དེ་ནི་ཉོན་མོངས་པ་ཅན་གྱི་སྒྲིབ་པ་ཡིན་པའི་ཕྱིར། སྙོམས་འཇུག་གི་སྒྲིབ་པར་མི་རུང་ངོ༌། །འདི་ལ་མཁས་པ་མིན་པ་དག ཉེར་སྡོགས་ཀྱིས་སྙོམས་འཇུག་གི་སྒྲིབ་པ་སྤོང་ངོ་ཞེས་འདོད་པ་ནི་རིགས་པ་མ་ཡིན་ཏེ། ཉེར་སྡོགས་ཀྱི་རྣམ་གྲོལ་ལམ་དགུ་པ་མངོན་དུ་བྱས་པའི་ཤེས་རབ་རྐྱང་གྲོལ་དེས་སྙོམས་འཇུག་གི་སྒྲིབ་པ་ཅུང་ཟད་ཀྱང་མ་སྤངས་པར་བཤད་པའི་ཕྱིར། དེས་ན་འདི་ལྟར་མངོན་ཏེ། ཉེར་སྡོགས་ནས་དངོས་གཞིར་དབང་པོ་འཕོ་བའི་ཚེ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས་ཀྱི་དབང་པོ་འཕོ་དགོས་པ་ཡིན་ཏེ། དེས་དེ་བསྒྲུབ་པ་འབད་རྩོལ་ལ་ལྟོས་པའི་ཕྱིར། དགྲ་བཅོམ་པའི་རྒྱུད་ལ་བར་ཆད་མེད་པའི་ལམ་མེད་པར་འདོད་པ་ནི་ཆོས་མངོན་པ་དག་གི་ལུགས་མིན་པས་གཞན་དུ་བསམ་པར་མི་བྱའོ། །མངོན་པ་གོང་མའི་ལུགས་ལ་སྙོམས་འཇུག་གི་སྒྲིབ་པ་ནི་གཉིས་ཏེ། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང༌། རབ་མཐའ་དེ་ལ་བརྟེན་ནས་རྣམ་པར་ཐར་པ་དང༌། ཟད་པར་དང་ཟིལ་མནོན་ལ་སོགས་པ་ཡོན་ཏན་གཞན་ཁྱད་པར་ཅན་གཞན་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པའོ། །དང་པོ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དངོས་གཞི་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཉོན་མོངས་པ་ཅན་མིན་པ་གང་ཡིན་པ་དེ་དག་གོ །དེའི་རྒྱུ་མཚན་ཡང་མཐར་གནས་དགུ་ཀ་སྔོན་དུ་མ་སོང་བར་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་མི་འབྱུང་བའི་ཕྱིར། དཔེར་ན་འོག་མའི་ལུགས་ལ་མཐར་གནས་བརྒྱད་སྔོན་དུ་མ་སོང་བར་བསམ་གཏན་གྱི་རབ་མཐའ་བཞག་མི་ནུས་པ་བཞིན་ནོ། །གཉིས་པ་ནི། སྣ་ཚོགས་སུ་སྤྲུལ་པ་ལ་གེགས་བྱེད་པའི་སྒྲིབ་པ་ཞེས་བྱ་བ་དང༌། གཟུགས་སྡུག་པ་སྤྲུལ་པ་ལ་དགའ་བ་དང༌། མི་སྡུག་པ་སྤྲུལ་པ་ལ་མི་དགའ་བ་ཞེས་བྱ་བ་ཉོན་མོངས་པ་ཅན་མ་ཡིན་ཡང་ཉོན་མོངས་པའི་མིང་གིས་བཏགས་པ་དེ་དང༌། གཟུགས་མེད་ཞི་བའི་རོ་མྱང་གི་སྒྲིབ་པ་ཞེས་བྱ་བ་ཉོན་མོངས་པ་ཅན་མ་ཡིན་པ་དེ་དག་རྣམས་སོ། །སྒྲིབ་པ་དེ་དག་གནས་སྐབས་གང་དུ་སྤོང་ཞེ་ན། སྙོམས་འཇུག་གི་སྒྲིབ་པར་བཤད་པ་དང་པོ་དེ་ནི་ཉེར་སྡོགས་ནས་དངོས་གཞིར་དབང་པོ་འཕོ་བའི་ཚེ་སྤོང་ལ། གཉིས་པ་དེ་དག་ནི། མཐར་གནས་ཀྱི་སྙོམས་འཇུག་དགུ་མངོན་དུ་བྱས་ཟིན་པའི་འོག་ཏུ་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པ་ལ་བརྟེན་ནས་རྣམ་པར་ཐར་པ་དེ་དང་དེ་མངོན་དུ་བྱེད་པའི་སྦྱོར་བའི་གནས་སྐབས་སུ་སྤོང་བ་ཡིན་ནོ། །དམ་བཅའ་བརྒྱད་པའི་སྒྲུབ་བྱེད་ལ། རབ་མཐའ་ནི་གཉིས་ཏེ། རབ་མཐའ་ཙམ་པོ་དང༌། ཁྱད་པར་ཅན་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་པའོ། །དང་པོ་ནི། རང་གི་དངོས་གཞིའི་སྙོམས་འཇུག་ཆེན་པོ་རྣམས་ཏེ། བསམ་གཏན་དང་པོ་ནས་སྲིད་རྩེའི་བར་ལ་ཡོད་དོ། །དེ་ཡང་ཇི་སྐད་དུ། རྣམ་པར་དག་པས་ཇི་ལྟ་བུ་ཞེ་ན། ཞེས་གསུངས་པས་སོ། །འོག་མའི་ལུགས་ལ་འདི་ཙམ་གྱིས་རབ་མཐར་བཞག་མི་ནུས་ཏེ། དེར་འཇོག་པ་ལ་ས་ཀུན་གྱིས་མཐུན་པར་བྱས་པ་དང༌། འཕེལ་བ་རབ་ཀྱི་མཐར་ཕྱིན་པ་གཉིས་ཀ་དགོས་པའི་ཕྱིར། གོང་མའི་ལུགས་ལ་ནི། འཕེལ་བ་རབ་ཕྱིན་དགོས་ཀྱང༌། ས་ཀུན་གྱིས་མཐུན་པར་བྱས་པ་དགོས་པའི་བཤད་པ་མེད་དོ། །གཉིས་པ་ནི་འགོག་པ་ནས་ལུགས་མི་མཐུན་དུ་འོངས་པའི་བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཟག་མེད་ལ་བྱ་བ་ཡིན་ཏེ། སེམས་རྟེན་འདི་ལ་བརྟེན་ནས་འགོག་པའི་རྣམ་ཐར་ལ་འཇུག་པར་བཤད་པ་གང་ཞིག འགོག་པའི་སྙོམས་འཇུག་སྔར་མེད་གསར་དུ་ཐོབ་པའི་སེམས་རྟེན་སྲིད་རྩེ་ཁོ་ན་དགོས་པར་བཤད་པའི་ཕྱིར། དཔེར་ན་མངོན་པར་རྟོགས་པའི་རྒྱན་དུ། བསམ་གཏན་བཞི་པ་དང་འགོག་པ་སྤེལ་བ་ལ་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ག་ཐོབ་ལ་མ་ཉམས་པ་གཅིག་སྔོན་དུ་འགྲོ་དགོས་པ་བཞིན་ནོ། །དེ་ལྟར་རྒྱས་པར་བཤད་ཟིན་ནས། བསྡུས་པའི་དོན་གྱི་སྒོ་ནས་སོ་སོར་འཇོག་བྱེད་བཤད་པར་བྱ་སྟེ། འདི་ལ་ཐོབ་བྱའི་མངོན་པར་རྟོགས་པ། དེ་ཐོབ་པར་བྱེད་པའི་གང་ཟག་རྣམ་པར་བཞག་པའོ། །དང་པོ་ལ་མངོན་པར་རྟོགས་པ་ཙམ་དང༌། བྱེ་བྲག་ཏུ་མངོན་པར་རྟོགས་པའི་འབྲས་བུའོ། །ཆོས་མངོན་པར་རྟོགས་པ་སོགས་བཅུ་པོ་གང་རུང་གིས་བསྡུས་པའི་མཁྱེན་པ་དེ་དང་པོའི་མཚན་ཉིད། དབྱེ་ན་བཅུ། མདོ་ལས་འབྲས་བུ་བཞི་པོ་གང་རུང་གི་མིང་གིས་བསྟན་པའི་མཁྱེན་པ་དེ་གཉིས་པའི་མཚན་ཉིད། དབྱེ་ན་བཞི། མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་ཙམ་སྤངས་པས་རབ་ཏུ་དབྱེ་བའི་དམན་པའི་རྣམ་གྲོལ་དེ་རྒྱུན་ཞུགས་ཀྱི་འབྲས་བུའི་མཚན་ཉིད། དབྱེ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་དབྱེ་བས་གཉིས་སོ། །སྒོམ་སྤང་དུ་གྱུར་པའི་འདོད་པ་ལ་སྲེད་པའི་འདོད་ཆགས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དམན་པའི་རྣམ་གྲོལ་དེ། ཕྱིར་འོང་གི་འབྲས་བུའི་མཚན་ཉིད། དབྱེ་ན་སྔ་མ་ལྟར་གཉིས་སོ། །ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དམན་པའི་རྣམ་གྲོལ་དེ་ཕྱིར་མི་འོང་གི་འབྲས་བུའི་མཚན་ཉིད། དབྱེ་ན་སྔ་མ་ལྟར་གཉིས་སོ། །གོང་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དམན་པའི་རྣམ་གྲོལ་དེ། དགྲ་བཅོམ་པའི་འབྲས་བུའི་མཚན་ཉིད། དབྱེ་ན་སྔ་མ་ལྟར་གཉིས་སོ། །འདིར་འབྲས་བུའི་མངོན་པར་རྟོགས་པ་ཡིན་ན་རྣམ་པར་གྲོལ་བའི་ལམ་ཡིན་པས་ཁྱབ་ལ། ཞུགས་པའི་མངོན་པར་རྟོགས་པ་ལ་ནི་ལམ་བཞི་ཀ་སྲིད་དོ། །གཉིས་པ་ལ། བསྡུས་པའི་དབྱེ་བ་དང༌། རྒྱས་པའི་དབྱེ་བའོ། །དང་པོ་ལ་ཞུགས་གནས་བརྒྱད་ལས། མཐོང་སྤང་དུ་གྱུར་པའི་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དམན་པའི་འབྲས་བུ་ཐོབ་ཕྱིར་དུ་ཞུགས་པའི་གང་ཟག་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པའི་མཚན་ཉིད། དབྱེ་ན་སྒོམ་སྤང་ཅུང་ཟད་ཀྱང་མ་སྤངས་པ་དང༌། འདོད་ཉོན་དྲུག་པ་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། འདོད་ཉོན་དགུ་པ་ལ་ཆགས་བྲལ་སྔོན་དུ་སོང་བའི་དབྱེ་བས་གསུམ་མོ། །ཡང་ན་སྦྱོར་ལམ་སྟན་གཅིག་པ་ནས་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་དམན་པའི་གང་ཟག་དེ་རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པའི་གང་ཟག་གི་མཚན་ཉིད། འདི་ཕྱིར་འོང་ཞུགས་པ་ཡིན་ཀྱང༌། ཕྱིར་འོང་གི་འབྲས་བུ་ལ་ཞུགས་པ་མ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པའི་ཕྱིར་རོ། །མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་རབ་ཏུ་ཕྱེ་བ་འདི། རྣམ་གྲོལ་ལམ་རང་རྒྱུད་ལ་སྐྱེས་ཞིང་སྒོམ་སྤང་དུ་གྱུར་པའི་འདོད་པའི་འདོད་ཆགས་དྲུག་པ་མ་སྤངས་པའི་དམན་པའི་གང་ཟག་དེ་རྒྱུན་ཞུགས་ཀྱི་མཚན་ཉིད། དེ་ལ་མཐོང་ལམ་པ་དང་སྒོམ་ལམ་པའི་དབྱེ་བས་གཉིས་ཡོད་ལ། དེ་འདྲའི་མཐོང་ལམ་པ་དེ་ཡིན་ན་རྒྱུན་ཞུགས་འབྲས་གནས་ཡིན་དགོས་ཀྱང༌། དེ་འདྲའི་སྒོམ་ལམ་པ་དེ་ཡིན་ན་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་འགལ་ལོ། །དེས་ན་མུ་བཞི་སྟེ། རྒྱུན་ཞུགས་ཡིན་ལ་དེའི་འབྲས་བུ་ལ་མི་གནས་པའི་མུ། དེའི་འབྲས་བུ་ལ་གནས་ལ་དེ་མ་ཡིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུ། འདིས་ཕྱིར་མི་འོང་དང་དེའི་འབྲས་བུ་ལ་གནས་པ་གཉིས་ཀྱང་མཚོན་པར་བྱའོ། །ཕྱིར་འོང་གི་འབྲས་བུའི་ངོ་སྐལ་གྱི་སྤང་བྱ་སྤོང་བའི་སྦྱོར་བ་ལ་ཞུགས་པའི་དམན་པའི་གང་ཟག་དེ། ཕྱིར་འོང་གི་འབྲས་བུ་ལ་ཞུགས་པའི་གང་ཟག་གི་མཚན་ཉིད། ས་མཚམས་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་འདོད་ཉོན་ལྔ་པ་སྤངས་ཟིན་པ་ནས་དྲུག་པ་སྤོང་བཞིན་པའི་བར་རོ། །འདི་ཡང་ཉན་ཐོས་རིགས་ངེས་པ་ཡིན་ན་ལྔ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་ཙམ་གྱིས་ཀྱང་ཆོག་ལ། མ་ངེས་པའི་རིགས་ཅན་ཡིན་ན་དྲུག་པ་སྤོང་བ་ལ་བརྩོན་བཞིན་པ་ངེས་པར་དགོས་སོ། །རིགས་པ་འདི་ནི་ཕྱི་མ་གཉིས་ལ་ཡང་ཤེས་པར་བྱའོ། །འདི་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་ཞུགས་མི་སྲིད་དེ། དེ་འདྲའི་ཕྱིར་འོང་གི་འབྲས་བུ་མི་སྲིད་པའི་ཕྱིར་དང༌། བྱིས་ལམ་གྱི་འདོད་ཉོན་དྲུག་པ་སྤངས་པའི་བར་ཆད་མེད་ལམ་ཡིན་ན་ཕྱིར་འོང་ཞུགས་པའི་མཁྱེན་པར་འགལ་བའི་ཕྱིར་དང༌། སྦྱོར་ལམ་སྟན་གཅིག་པ་དང༌། མཐོང་ལམ་དང་བཅོ་ལྔ་པོ་གང་རུང་ཡིན་ན་རྒྱུན་ཞུགས་ཞུགས་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་རོ། །འདོད་པ་ལ་སྲེད་པའི་ཉོན་མོངས་དྲུག་པ་སྤངས་པའི་རབ་ཏུ་ཕྱེ་བའི་རྣམ་པར་གྲོལ་བའི་ལམ་རང་རྒྱུད་ལ་སྐྱེས་ཞིང༌། འདོད་པ་ལ་སྲེད་པའི་འདོད་ཆགས་དགུ་པ་མ་སྤངས་པའི་ཐེག་དམན་འཕགས་པ་དེ། ལན་གཅིག་ཕྱིར་འོང་གི་མཚན་ཉིད། འདིར་ཕྱིར་འོང་ཡིན་ལ་དེའི་འབྲས་བུ་ལ་མི་གནས་པ་སྲིད་ཅིང༌། དེའི་འབྲས་བུ་ལ་གནས་ལ་དེ་མིན་པ་མི་སྲིད་དོ། །ཕྱིར་མི་འོང་གི་འབྲས་བུའི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་སྤོང་བའི་སྦྱོར་བ་ལ་ཞུགས་བཞིན་པའི་ཐེག་དམན་འཕགས་པ་དེ། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའི་གང་ཟག་གི་མཚན་ཉིད། ས་མཚམས། བཅུ་དྲུག་པའི་རྗེས་སུ་འདོད་ཉོན་བརྒྱད་པ་སྤངས་པའི་རྣམ་གྲོལ་ལམ་ནས་དགུ་པ་སྤོང་བ་ལ་བརྩོན་བཞིན་པའི་བར་རོ། །འདོད་པ་ལ་སྲེད་པའི་འདོད་ཆགས་ཀྱི་རྣམ་པ་དགུ་པ་སྤངས་པའི་རྣམ་གྲོལ་གྱི་ལམ་རང་རྒྱུད་ལ་སྐྱེས་ཤིང༌། སྲིད་རྩེ་ལ་ཆགས་བྲལ་མ་བྱས་པའི་ཐེག་དམན་འཕགས་པ་དེ། ཕྱིར་མི་འོང་བའི་གང་ཟག་གི་མཚན་ཉིད། དགྲ་བཅོམ་པའི་འབྲས་བུའི་ངོ་སྐལ་གྱི་སྤང་བྱའི་གཙོ་བོར་སྤོང་བའི་སྦྱོར་བ་ལ་ཞུགས་བཞིན་པའི་དམན་པའི་འཕགས་པ་དེ་དགྲ་བཅོམ་ཞུགས་པའི་མཚན་ཉིད། ས་མཚམས་ནི་འཕགས་ལམ་གྱིས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ནས་སོ། །རྣམ་པར་གྲོལ་བའི་ལམ་ལ་གནས་པ་དང༌། སྤང་བྱ་ཕྱི་མ་སྤོང་བའི་སྦྱོར་བ་ལ་ཞུགས་པ་མི་འགལ་ཏེ། དེས་དེའི་དངོས་རྒྱུ་བྱེད་པ་སྲིད་པའི་ཕྱིར་རོ། །ཁམས་གསུམ་གྱི་ཉོན་མོངས་པ་མ་ལུས་པ་སྤངས་པའི་རྣམ་པར་གྲོལ་བའི་ལམ་རང་རྒྱུད་ལ་སྐྱེས་པའི་དམན་པའི་གང་ཟག་དེ་འདིར་བསྟན་དགྲ་བཅོམ་པའི་མཚན་ཉིད། གཉིས་པ་རྒྱས་པར་དབྱེ་བ་ལ། ཕ་རོལ་གྱིས་བསྟན་པའི་རྗེས་སུ་འབྲངས་ནས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་གང་ཟག་དེ་དད་པའི་རྗེས་འབྲང་གི་མཚན་ཉིད། ཕ་རོལ་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་ཀྱི་ཤེས་རབ་ཀྱིས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་གང་ཟག་དེ། ཆོས་ཀྱི་རྗེས་འབྲང་གི་མཚན་ཉིད། འདི་གཉིས་ལ་ཞུགས་པས་མ་ཁྱབ་ཅིང་ཞུགས་པར་གྱུར་པའི་དེ་ཉིད་ཀྱི་མཚན་ཉིད་ལ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པ་གང་ཞིག་ཞེས་སྦྱར་རོ། །ཞུགས་པ་གཞན་ལ་འདི་གཉིས་མི་སྲིད་པ་ནི་ཆོས་འདི་པའི་ལུགས་སོ། །བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པའི་ཐེག་དམན་གང་ཞིག དད་པའི་རྗེས་འབྲང་གི་རྟོགས་པ་སྔོན་དུ་སོང་བ་དེ་དད་མོས་པའི་མཚན་ཉིད། དེ་གང་ཞིག་ཅིག་ཤོས་སྔོན་དུ་སོང་བ་དེ་མཐོང་ཐོབ་པའི་མཚན་ཉིད། འབྲས་གནས་གཞན་ལ་འདི་གཉིས་མེད་པ་ནི། ཆོས་འདི་པའི་ལུགས་སོ། །འོག་མ་དང་འདི་མི་འདྲ་སྟེ། འོག་མར་ནི་འབྲས་གནས་དབང་པོ་རྣོ་རྟུལ་ལ་དེ་གཉིས་ཀྱི་མིང་གིས་བཏགས་ལ། འདིར་ནི་རྗེས་འབྲང་གཉིས་ཀྱི་རྟོགས་པ་སྔོན་སོང་ཁོ་ན་ལ་དེ་གཉིས་སུ་བཞག་པའི་ཕྱིར། དེ་ལས་ཅིར་འགྱུར་ཞེ་ན། འདི་ལྟར། དད་པའི་རྗེས་འབྲང་གི་རྟོགས་པ་སྔོན་དུ་སོང་བའི་འབྲས་གནས་དབང་རྟུལ་དབང་པོ་འཕོས་པའི་དབང་རྣོན་དེ་ཆོས་ཅན། མཐོང་ཐོབ་པར་ཐལ། འབྲས་གནས་དབང་རྣོན་ཡིན་པའི་ཕྱིར། ཞེས་བྱ་བའི་ཐལ་བ་བཟློག་པར་ནུས་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་གཞུང་ལས་གསལ་བར་མ་བཤད་ཀྱང༌། འབྲས་གནས་གཞན་ལའང་དེ་གཉིས་སྲིད་པ་མི་འགལ་ཙམ་མོ། །རྣམ་པར་ཐར་པ་བརྒྱད་ཐོབ་ལ་མ་ཉམས་པའི་ཐེག་དམན་སློབ་པ་འཕགས་པ་དེ། འདིར་བསྟན་ལུས་མངོན་བྱེད་ཀྱི་མཚན་ཉིད་བྱང་སེམས་འཕགས་པ་ལ་ཕྱིར་མི་འོང་ལུས་མངོན་བྱེད་ཙམ་མི་སྲིད་པའི་བཤད་པ་ལུགས་འདི་ལ་མེད་ཅིང༌། མཚན་ཉིད་ཚང་ཚེ་ཡོད་པ་ཁོ་ནའོ། །འོག་མ་དང་མི་འདྲ་སྟེ། ལུགས་དེ་ལ་ནི་འགོག་སྙོམས་སྔོན་དུ་བྱེད་པའི་བྱང་སེམས་འཕགས་པ་མི་སྲིད་པའི་ཕྱིར་རོ། །དགྲ་བཅོམ་པ་གང་ཞིག་རྣམ་པར་ཐར་པ་བརྒྱད་ཐོབ་ལ་མ་ཉམས་པའི་ཐེག་དམན་དགྲ་བཅོམ་དེ། འདིར་སྟན་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་མཚན་ཉིད་དང༌། དེ་མ་ཐོབ་པའི་ཐེག་དམན་དགྲ་བཅོམ་པ་དེ་ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་མཚན་ཉིད་དོ། །འདིར་འགོག་པའི་སྙོམས་འཇུག་ཐོབ་པའི་དགྲ་བཅོམ་པ་ཡིན་ཀྱང༌། འགོག་པའི་རྣམ་པར་ཐར་པ་མ་ཐོབ་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་དུ་བཞག་མི་ནུས་ཏེ། དེའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དེ་ལྟར་ཅུང་ཟད་རྒྱས་པར་བཤད་ནས། གསུམ་པ་ཤིན་ཏུ་རྒྱས་པར་བཤད་པ་ལ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་རྗེས་སུ་འདོད་པའི་སྐྱེ་སྲིད་བཅུ་བཞི་བླངས་ཟིན་པའམ་ལེན་པར་ངེས་པའི་རིགས་ཅན་གྱི་རྒྱུན་ཞུགས་དེ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའི་མཚན་ཉིད། དེ་འདྲའི་དུས་ཀྱི་སྲིད་པ་ཐ་མ་པ་དེ་ཡང་སྲིད་པ་ལན་བདུན་པ་ཡིན་ཏེ་དེའི་མཚན་ཉིད་ཚང་བའི་ཕྱིར། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་རྗེས་སུ་འདོད་པའི་ལྷ་མི་གང་རུང་དུ་སྐྱེ་བ་གཅིག་གམ་ཡང་ན་གཉིས་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་གྱི་ཐེག་དམན་འཕགས་པ་དེ་རིགས་ནས་རིགས་སྐྱེའི་མཚན་ཉིད། འདི་ལ་ལྷའི་རིགས་ནས་རིགས་སྐྱེ་དང༌། མིའི་རིགས་ནས་རིགས་སྐྱེ་གཉིས། དང་པོ་ནི། ལྷའི་རྟེན་ཅན་གྱི་འཕགས་པ་གང་ཞིག འདོད་ལྷར་སྐྱེ་བ་གཅིག་ཁོ་ནར་བླངས་ནས་འདོད་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་ནི་མིའི་རྟེན་ཅན་གྱི་འཕགས་པ་གང་ཞིག མིར་སྐྱེ་བ་གཅིག་ཁོ་ནར་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའོ། །འདོད་ཉོན་བརྒྱད་པ་སྤངས་པའི་ལན་གཅིག་ཕྱིར་འོང་གང་ཞིག འདོད་པའི་ལྷ་ཁོ་ནར་སྐྱེ་བ་གཅིག་བླངས་ནས་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པ་དེ། ཕྱིར་འོང་བར་ཆད་གཅིག་པའི་མཚན་ཉིད། འདི་དང་སྔ་མ་གཉིས་ཀ་ལ་སྤངས་པའི་ཁྱད་པར་དངོས་སུ་མ་བཤད་ཀྱི། འདིའི་སྤངས་པའི་ཁྱད་པར་ན་བར་ཆད་གཅིག་པ་ཞེས་པའི་མིང་གིས་འཐོན་པ་ཡིན་ནོ། །དེ་ལྟར་ན་རིགས་ནས་རིགས་སྐྱེ་ལ་འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པ་ཡང་སྲིད། བདུན་པ་སྤངས་པ་ཡང་སྲིད་ལ་སྐྱེ་བ་རིགས་མི་མཐུན་གྱིས་བར་ཆོད་པ་མི་སྲིད་དོ། །བར་ཆད་གཅིག་པ་ཡིན་ན་མི་ནས་ལྷར་སྐྱེ་བ་ལེན་པས་ཁྱབ་ལ། ལྷ་ནས་ལྷར་སྐྱེས་བ་ལེན་པ་མི་སྲིད་དེ། གཞན་དུ་རིགས་ནས་རིགས་སྐྱེར་ཧ་ཅང་ཐལ་བའི་ཕྱིར་རོ། །འདོད་གཟུགས་གང་རུང་གི་བར་དོའི་རྟེན་ལ་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པར་ངེས་པའི་འཕགས་པ་གང་ཞིག ཁམས་དེར་སྐྱེ་བའི་ཀུན་སྦྱོར་སྤངས་ཟིན་པ་དེ་བར་དོར་འདའ་བའི་མཚན་ཉིད། འདི་ལ་རྒྱུན་ཞུགས་མི་སྲིད་ཅིང་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀ་སྲིད་དོ། །ཕྱིར་མི་འོང་གང་ཞིག གཟུགས་ཁམས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་གཅིག་ཁོ་ན་བླངས་ནས་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པ་དེ། སྐྱེ་འདའ་བའི་མཚན་ཉིད། འདིར་འདོད་པའི་སྐྱེ་འདའ་བ་མི་འཆད་པའི་རྒྱུ་མཚན་ཅི་ཞེ་ན། རིགས་སྐྱེ་དང་བར་ཆད་གཅིག་པར་བཤད་ཟིན་པའི་ཕྱིར་མ་བཤད་དོ། །དེ་གཉིས་ཀ་ལ་དབྱེ་ན་གསུམ་གསུམ་མོ། །ཕྱིར་མི་འོང་གང་ཞིག་གཟུགས་ཁམས་སུ་སྐྱེ་བ་གཉིས་ཕན་ཆད་བླངས་ནས་སྡུག་བསྔལ་གྱི་ཐ་མ་མངོན་དུ་བྱེད་པ་དེ་གོང་འཕོའི་མཚན་ཉིད། དབྱེ་ན་གཉིས་ལས། དེ་གང་ཞིག གཟུགས་མེད་ཁམས་སུ་སྐྱེ་བ་མི་ལེན་པ་དེ་འོག་མིན་དུ་མཐར་ཐུག་འགྲོའི་མཚན་ཉིད། དེ་གང་ཞིག དེར་སྐྱེ་བ་ལེན་པ་དེ་སྲིད་རྩེའི་མཐར་ཐུག་འགྲོའི་མཚན་ཉིད་དོ། །མངོན་པ་འོག་མར་འོག་མིན་གྱི་མཐར་ཐུག་འགྲོར་འཇོག་པ་ལ་དེར་སྐྱེ་བའི་འཕེན་བྱེད་ཀྱི་ལས་བསོགས་དགོས། དེ་ཡང་འཕགས་པའི་རྟེན་ལ་བསོགས་པ་དང༌། སྲིད་རྩེའི་མཐར་ཐུག་འགྲོར་འཇོག་པ་ལ་དེར་འཕེན་བྱེད་ཀྱི་ལས་དང་ལྡན་དགོས་ཀྱང་ལས་དེ་སྔོན་སོ་སོ་སྐྱེ་བོའི་དུས་སུ་བསགས་པ་ཉིད་ཀྱིས་ཆོག་པར་བཤད་ལ། འདིར་ནི་དེ་འདྲའི་བཤད་པ་མེད་དོ། །གཉིས་པ་ཅིག་ཆར་བ་ལ་བཅུ་དྲུག་པའི་རྟོགས་པ་ཐོབ་མྱོང་གི ཐེག་དམན་གྱི་གང་ཟག་ཕྱིར་མི་འོང་གི་འབྲས་བུ་དང་དགྲ་བཅོམ་པའི་འབྲས་བུ་གཉིས་ཅིག་ཆར་དུ་མངོན་དུ་བྱེད་པའམ་བྱས་ཟིན་པ་དེ་ཅིག་ཆར་བའི་མཚན་ཉིད། དེ་ལ་དབྱེ་ན། རྒྱུན་ཞུགས། ཕྱིར་འོང༌། དགྲ་བཅོམ་པ་དང་གསུམ་མོ། །དེ་ལ་ཡང་ཅིག་ཆར་བའི་ཕྱིར་འོང་གི་འབྲས་བུ་ལ་ཞུགས་གནས་གཉིས་དང༌། དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་གནས་གཉིས་ཡོད་ལ། ཅིག་ཆར་བའི་རྒྱུན་དུ་ཞུགས་པ་ཡོད་ཀྱང༌། དེ་འདྲའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་དང་གནས་པ་གཉིས་ཀ་མི་སྲིད་དེ། དེ་འདྲའི་རྒྱུན་ཞུགས་ཀྱི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །འོ་ན་ཇི་སྐད་དུ། དེ་ནི་རྒྱུན་ཞུགས་པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་དང༌། འབྲས་བུ་གཉིས་ལ་གདགས་སོ། །ཞེས་བཤད་པ་མིན་ནམ་ཞེ་ན། དེའི་དོན་ལ་བཤད་ཚུལ་གཉིས་ལས། དང་པོ་ནི། ཁམས་གསུམ་གྱི་མཐོང་སྤང་ཅིག་ཆར་དུ་སྤངས་པའི་ཆ་ནས་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་དང༌། ཁམས་གསུམ་གྱི་སྒོམ་སྤང་མ་ལུས་པ་སྤངས་པའི་ཆ་ནས་ཅིག་ཆར་བའི་དགྲ་བཅོམ་པའི་འབྲས་བུར་འཇོག་པ་ཡིན་གྱིས། ཁམས་གསུམ་གྱི་སྒོམ་སྤང་གཅིག་ནས་བརྒྱད་ཀྱི་བར་ཅིག་ཆར་དུ་སྤངས་པའི་རྣམ་པར་གྲོལ་བའི་ལམ་རྣམས་ནི། འབྲས་བུ་དེ་གཉིས་ཀྱི་ཆ་ཤས་ལ་བཏགས་པ་ཡིན་གྱི། རང་སྐྱ་ཐུབ་པའི་འབྲས་བུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འཆད་ཚུལ་གཉིས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ལ་གཉིས་ཏེ། མཐོང་སྤང་སྤངས་པའི་དང༌། སྒོམ་སྤང་སྤངས་པའི་འོ། །དང་པོ་ནི། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་རྣམ་པར་གྲོལ་བའི་ལམ་གང་ཡིན་པ་དེའོ། །གཉིས་པ་ནི། ཁམས་གསུམ་ས་དགུའི་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་དང་པོ་བརྒྱད་ཅིག་ཆར་དུ་སྤངས་པའི་རྣམ་པར་གྲོལ་བའི་གང་ཡིན་པ་དེ་དག་གོ །ཞེས་བྱ་བ་འདི་ཙམ་ཞིག་མངོན་པ་ཀུན་ལས་བཏུས་རྩ་འགྲེལ་གྱི་དགོངས་པ་གཞུང་གཞན་དང་མ་བསྲེས་པའི་རྣམ་པར་བཞག་པ་གྱ་ནོམ་པའོ། །གང་ཡང་ཐོགས་མེད་ཞབས་ཀྱིས་ནི། །བཞེད་གཞུང་ལྷ་སྲས་ལང་ཚོ་ཅན། །ཡུན་རིངས་བྱེ་བྲག་སྨྲ་བ་ཡི། །འདོད་པའི་འདམ་དུ་བྱིང་གྱུར་པ། །རྣམ་དཔྱོད་བརྒྱད་ཀྱིས་རབ་བཏེག་ནས། །ཉིད་གཞུང་ཁྲི་ལ་བཞུགས་གསོལ་ཏེ། །གཞུང་རྩོམ་བྱེད་པོའི་བརྒྱ་བྱིན་གྱི། །བློ་གྲོས་གསེར་གྱི་བུམ་པ་ནས། །ལེགས་བཤད་བདུད་རྩི་གསར་པ་ཡི། །འཕྲོག་བྱེད་རྐང་པའི་གོས་ཀྱིས་ནི། །ཡང་ཡང་ཁྲུས་དང་བསངས་བྱས་པས། །ཁྱོད་སྐུའི་དྲི་མ་དག་གྱུར་ཅིག །དེ་ནས་བློ་གྲོས་གསེར་གྱི་ནི། །ཁོར་ཡུག་ཡངས་པའི་སྐྱེད་ཚལ་དེར། །གཅེན་པོའི་གཞུང་མཐོང་གཞོན་ནུ་མ། །ཀུན་གྱི་དགའ་སྟོན་སྤེལ་བར་ཤོག །ཅེས་ཉེ་བར་སྦྱར་བ་ཡིན་ནོ།།  །། ༄༅། །ན་མཿསརྦ་ཛྙཱ་ན་ཤྲཱི་ཡེ། ཆོས་ཀྱི་གནས་ལུགས་ཇི་ལྟ་བ། །གཟིགས་ལ་འཕགས་པའི་བློ་མངའ་ཞིང༌། །རང་སྤྱིའི་མཚན་ཉིད་ཇི་སྙེད་པ། །འཆད་ལ་ཐོགས་པ་མེད་ཁྱོད་རྒྱལ། །ཅེས་མཆོད་པར་བརྗོད་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་གྱི་རྣམ་གཞག་ཊཱི་ཀ་བྱེད་པ་གཞན་དག་གི་བློ་ལ་མ་ཤར་ཞིང༌། མ་བཤད་པ་འགའ་ཞིག་འདིར་བརྗོད་པར་བྱའོ། །འདི་ལ་གསུམ་སྟེ། མཚན་གཞིའི་དབྱེ་བ་མདོར་བསྟན། མཚན་ཉིད་ཀྱི་རྣམ་གཞག་རྒྱས་པར་བཤད། མཚོན་བྱའི་སྒྲ་བཤད་པས་མཇུག་བསྡུ་བའོ། །དང་པོ་ལ་ཆོས་གསུམ་གྱི་རྣམ་པར་བཞག་པ་ནི་གསུམ་སྟེ། དེ་གང་ཞེ་ན། ཀུན་གཞིའི་ས་བོན་གྱི་ཆར་གྱུར་བ་དང༌། རྣམ་སྨིན་གྱི་ངོ་བོར་གྱུར་པ་དང༌། རྣམ་སྨིན་ལས་སྐྱེས་པའོ། །གསུམ་པ་ལ་བཞི་སྟེ། དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བ་དང༌། རྣམ་རིག་དུ་སྣང་བའོ། །དང་པོ་ནི། གཟུགས་སོགས་ཡུལ་དྲུག་ཏུ་སྣང་བའོ། །གཉིས་པ་ནི་དབང་པོ་ལྔར་སྣང་བའོ། །གསུམ་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །འོ་ན་དེ་དག་ལ་ཆོས་གསུམ་དུ་འཇོག་པའི་ཚེ་དངོས་བཏགས་ཀྱི་ཁྱད་པར་ཇི་ལྟ་བུ་ཡོད་ཅེ་ན། ཕུང་པོའི་རྣམ་གཞག་འཇོག་པའི་ཚེ། ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་ལ་རྣམ་པར་ཤེས་པའི་ཕུང་པོའི་རྣམ་པར་བཞག་པ་མཚན་ཉིད་པ་ཡོད་ལ། ཕུང་པོ་དང་པོ་བཞིའི་རྣམ་གཞག་མཚན་ཉིད་པ་མེད་དོ། །ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་བཞག་པ་འཇོག་པའི་ཚེ། ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་དང༌། རྣམ་སྨིན་དེ་ལས་སྐྱེས་པའི་རྣམ་པར་རིག་པས་ཏེ། གསུམ་ཀ་ལ་ཁམས་བཅོ་བརྒྱད་དང༌། སྐྱེས་མཆེད་བཅུ་གཉིས་པོ་ཐམས་ཅད་ཀྱི་རྣམ་པར་བཞག་པ་མཚན་ཉིད་པར་ཡོད་དོ། །ཇི་ལྟར་ཞེ་ན། མིག་གི་ས་བོན་མིག་གི་ཁམས་དང་སྐྱེ་མཆེད་མཚན་ཉིད་པ་ཡིན་པ་ནས། ཡིད་ཀྱི་ས་བོན་ཡིད་ཀྱི་ཁམས་དང་སྐྱེ་མཆེད་མཚན་ཉིད་པ་ཡིན་པའི་བར་དང༌། གཟུགས་ཀྱི་ས་བོན་གཟུགས་ཁམས་དང་སྐྱེ་མཆེད་མཚན་ཉིད་པ་ཡིན་པ་ནས་ཆོས་ཀྱི་བར་དང༌། རྣམ་པར་ཤེས་པའི་དྲུག་གི་ས་བོན་ལ་ཡང་དེ་བཞིན་ནོ། །ཁྱད་པར་ནི། རྣམ་པར་ཤེས་པ་དྲུག་གི་ས་བོན་དང༌། ཡིད་ཀྱི་ས་བོན་ཏེ་བདུན་ཀ་ཡང་སྐྱེ་མཆེད་རྣམ་པར་འཇོག་པའི་ཚེ་ཡིད་ཀྱི་སྐྱེ་མཆེད་དུ་བསྡུས་པ་ཡིན་ནོ། །གཉིས་པ་རྣམ་སྨིན་ལ་ཁམས་དང་སྐྱེ་མཆེད་འཇོག་པའི་ཚུལ་ནི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་བཏགས་པ་བ་དེ་མིག་གི་ཁམས་དང༌། སྐྱེ་མཆེད་མཚན་ཉིད་པ་ཡིན་པ་ནས་ཡིད་ཀྱི་བར་ལའང་དེ་བཞིན་དང༌། ཡང་རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་གི་རྣམ་པར་ཤེས་པ་བཏགས་པ་བ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་མཚན་ཉིད་པ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལའང་དེ་བཞིན་དང༌། ཡུལ་གྱི་ཁམས་དྲུག་ལའང་དེ་བཞིན་དུ་སྦྱར་རོ། །འདིར་ཡང་ཁྱད་པར་ནི། རྣམ་སྨིན་གྱི་ངོ་བོར་གྱུར་པའི་སེམས་ཁམས་བདུན་ཀ་ཡང་སྐྱེ་མཆེད་རྣམ་པར་འཇོག་པའི་ཚེ། ཡིད་ཀྱི་སྐྱེ་མཆེད་གཅིག་པུར་བསྡུས་པ་ཡིན་ནོ། །འོ་ན་གཞུང་ལས་ཡུལ་གྱི་ཁམས་དྲུག་དང་སྐྱེ་མཆེད་མཆེད་པའི་ཚེ། ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་མ་བཤད་པར་དེ་ལ་ཁམས་དབང་བྱེད་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་དོ། །ཞེས་གསུངས་པ་མིན་ནམ་ཇི་ལྟར་ན་ཡུལ་གྱི་ཁམས་དང་སྐྱེ་མཆེད་དྲུག་ལ་རྣམ་སྨིན་དང་ས་བོན་གྱི་ཆ་གཉིས་འཇོག་ཅེ་ན། བཤད་པ། དབང་བྱེད་པ་ཉིད་གང་ཡིན་པ་ཞེས་གསུངས་པ་དེ་ཉིད་ཀྱིས་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་མིག་གི་ས་བོན་དང་རྣམ་སྨིན་གྱི་ཆ་གང་ཡིན་པ་དེ་ཉིད་གོ་རིམ་བཞིན་དུ་གཟུགས་ཀྱི་ཡང་ས་བོན་དང་རྣམ་སྨིན་གྱི་ཆར་འགྱུར་བའི་ཕྱིར། དེ་ཡང་འདི་ལྟར་གཟུགས་སུ་སྣང་བ་གང་ཡིན་པ་དེ་ཉིད་མིག་གི་ས་བོན་དང་རྣམ་སྨིན་གྱི་ངོ་བོར་གྱུར་པའི་བཏགས་པ་བ་གང་ཡིན་པ་དེའི་དབང་གི་འབྲས་བུ་ཡིན་པའི་ཕྱིར། དཔེར་ན་གདུགས་ནམ་མཁའ་ལ་ཕུབ་པའི་དབང་གིས་གྲིབ་མ་ས་ལ་བྱུང་བའི་ཚེ། གདུགས་ཀྱི་རྒྱུའི་རྐྱེན་གང་ཡིན་པ་དེ་གྲིབ་མའི་ཡང་རྒྱུའི་རྐྱེན་ཡིན་པ་དང༌། གདུགས་ཀྱི་དབྱིབས་དང་རྒྱ་ཁྱོན་གྱི་ཚད་གང་ཡིན་པ་དེ་ཉིད་སྒྲིབ་མའི་ཡང་དེར་འགྱུར་བ་བཞིན་ནོ། །དོན་དེ་ཉིད་ཀྱང་ཇི་སྐད་དུ། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་བཤད་དོ། །འདིར་གལ་ཆེ་བའི་དོན་ནི། རྣམ་སྨིན་དང་ས་བོན་གྱི་ཆར་གྱུར་པའི་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ཀྱང༌། ཕུང་པོ་རྣམ་པར་འཇོག་པའི་ཚེ། རྣམ་པར་ཤེས་པའི་ཕུང་པོ་ཁོ་ནས་བསྡུས་པ་ཡིན་ནོ། །དོན་དེ་ཉིད་ཐུགས་ལ་ཉེ་བར་བཞག་ནས་གཞུང་དུ། གཟུགས་ཀྱི་ཕུང་པོར་བཞག་པ་གང་ཡིན་པ་དེ་ཐམས་ཅད་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་དུ་བསྡུ་བའི་ཚུལ་གསུངས་ཀྱི། དེ་དང་དེ་དག་གཟུགས་ཀྱི་ཕུང་པོར་འདུས་པའི་ཚུལ་མ་བཤད་དོ། །གཅིག་གིས་གཅིག་བསྡུས་འཆད་པའི་སྐབས་སུ་གཟུགས་ཅན་གྱི་ཁམས་བཅུ་པོ་གཟུགས་ཕུང་གི་ཕྱོགས་གཅིག་གིས་བསྡུས་པར་བཤད་པ་དེ་ནི་ཁམས་དང་སྐྱེ་མཆེད་ཀྱི་འཇོག་ཚུལ་གསུམ་པའི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ཁམས་དང་སྐྱེ་མཆེད་ཀྱི་གྲངས་ངེས་འཆད་པའི་ཚེ་འཇོག་ཚུལ་གསུམ་པ་ཁོ་ནའི་དབང་དུ་བྱས་ནས་བཤད་པ་བཞིན་ནོ། །གསུམ་པ་རྣམ་སྨིན་དངོས་ལས་སྐྱེས་པའི་རྣམ་རིག་ལ་ཆོས་གསུམ་དུ་འཇོག་པའི་ཚུལ་ནི། འདི་ལྟར་གཟུགས་སོགས་ཡུལ་དྲུག་ཏུ་སྣང་བའི་རྣམ་རིག་ལ་ནི་ཕུང་པོའི་ཚེ་ན་གཟུགས་ཕུང་དང༌། ཁམས་དང་སྐྱེ་མཆེད་ཀྱི་ཚེ་ན་ཡུལ་གྱི་ཁམས་དང་སྐྱེ་མཆེད་དྲུག་ཏུ་རྣམ་པར་བཞག་གོ །སེམས་ཅན་དུ་སྣང་བའི་རྣམ་རིག་ལ་ནི་ཕུང་པོའི་ཚེ་ན་གཟུགས་ཕུང་དང༌། ཁམས་དང་སྐྱེ་མཆེད་ཀྱི་ཚེ་ན་དབང་པོའི་ཁམས་དང་སྐྱེ་མཆེད་དང་པོ་ལྔར་བཞག་གོ །བདག་ཏུ་སྣང་བའི་རྣམ་རིག་ལ་ནི་རྣམ་པར་ཤེས་པའི་ཕུང་པོ་དང༌། ཡིད་ཀྱི་ཁམས་དང་ཡིད་ཀྱི་སྐྱེ་མཆེད་དུ་རྣམ་པར་བཞག་གོ །རྣམ་རིག་ཉིད་དུ་སྣང་བའི་རྣམ་པར་རིག་པ་ལ་ནི་རྣམ་པར་ཤེས་པའི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་སྐྱེ་མཆེད་དུ་རྣམ་པར་བཞག་གོ །དེ་དག་གི་རྒྱུ་མཚན་ཡང༌། རྣམ་རིག་དང་པོ་གཉིས་ལ་ནི་རྗེས་སུ་སྐྱེས་པའི་རྟོག་པས་གཟུགས་ཅན་གྱི་ཁམས་དང་ཕུང་པོ་དང་སྐྱེ་མཆེད་དུ་སྒྲོ་འདོགས་པའི་ཕྱིར་དང༌། གསུམ་པ་ལ་ཡིད་དུ་སྒྲོ་འདོགས་པའི་ཕྱིར་དང༌། བཞི་པ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ཏུ་སྒྲོ་འདོགས་པའི་ཕྱིར་རོ། །ཕྱི་མ་གཉིས་དེ་དང་དེ་མཚན་ཉིད་པ་ཡིན་ཀྱང༌། དང་པོ་གཉིས་ནི་གཟུགས་ཀྱི་ཕུང་པོ་བཏགས་པ་བ་ཡིན་ཏེ། རྒྱུ་མཚན་དང་དགོས་པ་གནོད་བྱེད་གསུམ་ཚང་བའི་ཕྱིར། རྒྱུ་མཚན་དེ་དང་དེར་སྣང་བའོ། །དགོས་པ་ནི་དེ་ཁོ་ན་ཉིད་ལ་རིམ་གྱིས་དྲང་བའི་ཕྱིར་དུའོ། །གནོད་བྱེད་ནི་རྣམ་པར་རིག་པ་ཙམ་ཡིན་པའི་ཕྱིར་རོ། །རྒྱས་པར་འོག་ནས་འཆད་དོ། །དེ་ལ་འདི་སྙམ་དུ། འོ་ན་ཆོས་གསུམ་པོ་ཐམས་ཅད་ལུང་མ་བསྟན་དུ་ཐལ་བར་འགྱུར་ཏེ། ཆོས་གསུམ་གྱི་འཇོག་ཚུལ་དང་པོ་གཉིས་ནི། ཀུན་གཞིའི་ངོ་བོར་གནས་ལ། འཇོག་ཚུལ་གསུམ་པ་ཡང་རྣམ་སྨིན་ལས་སྐྱེས་པ་ཁོ་ན་ཡིན་པའི་ཕྱིར་སྙམ་ན། རྣམ་པར་དཔྱོད་པ་དང་ལྡན་པས་ལན་བཤད་པར་བྱའོ། །དེ་ཡང་ཆོས་གསུམ་གྱི་འཇོག་ཚུལ་དང་པོ་གཉིས་ནི་མ་སྒྲིབས་ལུང་དུ་མ་བསྟན་པ་ཁོ་ནར་གནས་པ་ཡིན་ནོ། །འཇོག་ཚུལ་གསུམ་པ་ལ་སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བའི་རྣམ་པར་རིག་པ་གཉིས་ནི་ལུང་མ་བསྟན་ཁོ་ན་སྟེ། དང་པོ་མ་སྒྲིབས་པ་དང༌། གཉིས་པ་ནི་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །དོན་དུ་སྣང་བའི་རྣམ་རིག་ལ་གསུམ་སྟེ། དྲི་རོ་རེག་བྱ་གསུམ་དུ་སྣང་བ་ནི་ལུང་མ་བསྟན་ཁོ་ན་དང༌། གཞན་གསུམ་ལ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཚང་བའི་ཕྱིར། རྣམ་རིག་ཏུ་སྣང་བ་ལ་ཡང་ཕྱོགས་རེ་རེ་ནས་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཚང་བ་ཡིན་ནོ། །དེ་ཡང་འདི་ལྟར། རྣམ་སྨིན་ལས་སྐྱེས་པ་ལ་གསུམ་སྟེ། སྐྱེས་ཙམ་ཉིད་ནས་དགེ་བའི་ངོ་བོར་སྐྱེས་པ་དང༌། མི་དགེ་བ་དང་ལུང་མ་བསྟན་གྱི་ངོ་བོར་སྐྱེས་པའོ། །དེ་དག་ལ་གོ་རིམ་བཞིན་དུ་དེ་དང་དེ་སྐྱེས་ཐོབ་ཅེས་བྱའོ། །དེའི་ནང་ནས་ཀྱང་དགེ་བ་དང་ཉོན་མོངས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཁོ་ན་ཡིན་ལ། རྣམ་སྨིན་ལས་སྐྱེས་པའི་མ་སྒྲིབས་ལུང་མ་བསྟན་ལ་གཉིས་ཏེ། རྒྱུད་ཀྱིས་བསྡུས་པར་སྣང་བ་དང༌། མ་བསྡུས་པར་སྣང་བའོ། །དང་པོ་ནི་རྣམ་སྨིན་དངོས་ཡིན་ལ། གཉིས་པ་ནི་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་ལྟ་བུ་སྟེ། དེ་ནི་ལས་དང་ཉོན་མོངས་སོགས་ཀྱི་བདག་པོའི་འབྲས་བུ་ཁོ་ན་ཡིན་གྱི་རྣམ་སྨིན་དངོས་མ་ཡིན་ནོ། །འོ་ན་རྣམ་རིག་བཞི་པོ་དེ་གང་རུང་ཡིན་ན་རྣམ་སྨིན་ལས་སྐྱེས་པ་ཁོ་ནར་ངེས་སམ་ཤེ་ན། རྣམ་རིག་བར་པ་གཉིས་ལ་ནི་མངོན་པར་ཤེས་པ་དང་པོ་གཉིས་དང་སྤྲུལ་པ་མ་གཏོགས་པ་དེ་ཁོ་ནར་ངེས་པ་ཡིན་ཏེ། སྦྱོར་བ་ལས་བྱུང་བའི་དབང་པོ་ལྔ་དང༌། ཉོན་མོངས་པ་ཅན་གྱི་ཡིད་མེད་པའི་ཕྱིར་རོ། །རྣམ་རིག་ཐོག་མཐའ་གཉིས་ལ་ནི། རྣམ་སྨིན་ལས་མ་སྐྱེས་པ་ཡང་ཡོད་དེ། སྦྱོར་བ་ལས་བྱུང་བའི་དགེ་བ་ཟག་བཅས་ཟག་མེད་དང༌། ལུང་མ་བསྟན་སྦྱོར་བྱུང་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱིས་གཞུང་ལས་རྣམ་རིག་བཞིར་གསུངས་པ་དེ་ནི་རྣམ་སྨིན་ལས་སྐྱེས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། ཡང་དག་པ་མིན་པའི་ཀུན་དུ་རྟོག་པ་འཆད་པའི་སྐབས་ཡིན་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་རྒྱས་པར་བཤད་པ་ལ། ཕུང་པོའི་མཚན་ཉིད། ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་མཚན་ཉིད་དངོས་དང༌། དེ་མཚན་གཞི་གང་ལ་ཚང་བསམ་པའོ། །དང་པོ་ནི། དུ་མ་སྤངས་པའོ། །དེ་ལ་སྤུང་བྱ་ནི་གང༌། སྤུང་བྱེད་ནི་ཅི། སྤུངས་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི་འདུས་བྱས་མཐའ་དག་གོ །གཉིས་པ་ནི་བློ་རྟོག་པའོ། །གསུམ་པ་ནི་དེས་རིགས་གཅིག་ཏུ་བསྡོམ་པའོ། །བྱེ་བྲག་ཏུ་གཟུགས་རུང་དུ་མ་སྤུངས་པ་དེ་གཟུགས་ཀྱི་ཕུང་པོའི་མཚན་ཉིད། གཟུགས་སུ་ཡོད་པར་འཇོག་བྱེད་གཉིས་པོ་གང་རུང་གི་སྒོ་ནས་གཟུགས་སུ་ཡོད་པར་སྣང་བ་དེ་འདིར་གཟུགས་རུང་གི་མཚན་ཉིད། རྣམ་སྨིན་གྱི་འབྲས་བུར་གྱུར་པའི་བདེ་སྡུག་བཏང་སྙོམས་གང་རུང་མྱོང་བའི་ངོ་བོར་གྱུར་པའི་སེམས་བྱུང་དུ་མ་སྤུངས་པ་དེ་ཚོར་བའི་ཕུང་པོའི་མཚན་ཉིད། རང་ཡུལ་ལ་མཚན་མར་འཛིན་པའི་སེམས་བྱུང་དུ་མ་སྤུངས་པ་དེ་འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད། ཡུལ་ལ་མངོན་པར་འདུ་བྱེད་པའི་སེམས་བྱུང་དུ་མ་སྤུངས་པ་དེ་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། གཙོ་བོའི་རྣམ་རིག་དུ་མ་སྤངས་པ་དེ་རྣམ་པར་ཤེས་པའི་ཕུང་པོའི་མཚན་ཉིད། གཉིས་པ་ལ། འདུས་མ་བྱས་རྣམས་ནི་ཕུང་པོར་མི་འཇོག་སྟེ། ཕུང་པོའི་སྒྲ་དོན་མ་ཚང་བའི་ཕྱིར། ཇི་ལྟར་ཞེ་ན། རྒྱས་པའི་དོན་མ་ཚང་བའི་ཕྱིར་དང༌། ཕྲག་པའི་དོན་མ་ཚང་བའི་ཕྱིར་དང༌། དུ་མ་སྤུངས་པ་ཞེས་པའི་དོན་མ་ཚང་བའི་ཕྱིར། དེ་ཡང་སྤུངས་བྱེད་རྟོག་པས་གཅིག་ཏུ་བསྡོམ་པ་དེ་ཚང་ཡང༌། སྤུངས་བྱ་དུ་མ་ཞེས་བྱ་བའི་དོན་མ་ཚང་བའི་ཕྱིར། འདིར་སྤུངས་པའི་དོན་རྫས་ཕྱོགས་གཅིག་ལ་སྤུངས་པ་ལ་བྱར་མི་རུང་སྟེ། ཡུལ་དང་དུས་མ་འདྲེས་པ་སོ་སོ་ན་གནས་པའི་འདུས་བྱས་ཡན་གར་བ་རྣམས་ལ་དེ་མེད་པའི་ཕྱིར་རོ། །དེ་ལྟར་ན་མ་འོངས་པའི་དངོས་པོ་རྣམས་འདུས་བྱས་ཡིན་མིན་དཔྱད་གཞིར་སྣང་ཡང༌། རེ་ཤིག་དུས་གསུམ་གྱི་དངོས་པོ་མཐའ་དག་ལ་ཕུང་པོའི་མཚན་ཉིད་ཚང་ཞེས་བརྗོད་པར་བྱའོ། །ཡང་ན་ཆོས་ཁམས་ལ་ཡོད་པའི་འདུས་མ་བྱས་གཅིག་བུ་ལ་ཕུང་པོའི་མཚན་ཉིད་མ་ཚང་ལ། ཁམས་གཞན་དག་གི་ཆར་གྱུར་པའི་འདུས་མ་བྱས་རྣམས་ལ་དེའི་མཚན་ཉིད་ཚང་བ་ཡིན་ནོ། །མ་འོངས་པ་མཐའ་དག་འདུས་མ་བྱས་ཡིན་པ་ཇི་ལྟར་ཞེ་ན། མ་སྐྱེས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། མ་བྱུང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་ཕུང་པོ་ལ་འདུས་བྱས་ཀྱིས་ཁྱབ་པ་ལྟར་ན། མ་འོངས་པ་ཕུང་པོར་མི་འཇོག་སྟེ། དེའི་དོན་མ་ཚང་བའི་ཕྱིར། དངོས་པོ་ལ་ཕུང་པོས་ཁྱབ་པ་ལྟར་ན། དེ་ཡང་དེར་བཞག་དགོས་ཏེ། དུས་གསུམ་གྱི་རྣམ་པའི་རབ་དབྱེ་འཆད་པའི་སྐབས་སུ་འབྱུང་བ་བཞིན་ནོ། །དེ་ལྟར་སྤྱིར་བཤད་ནས་གཉིས་པ་སོ་སོའི་མཚན་གཞི་བཤད་པ་ལ། འདིར་གཟུགས་ཕུང་ནི་མཚན་ཉིད་པར་ཁས་བླངས་ལ། གཟུགས་རུང་ནི་བཏགས་པ་བར་འཆད་དགོས་ཏེ། དེར་སྣང་བ་ལ་དེའི་མིང་གིས་བཏགས་པའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། རྣམ་པར་བརྟགས་པའི་གཟུགས་ནི་རྟོག་པས་གཟུགས་ཀྱི་ཕུང་པོར་སྤུང་བྱ་ཡིན་ཀྱང༌། དེས་སྤུངས་པའི་གཟུགས་སྤུང་དུ་མི་རུང་ལ། ཀུན་བཏགས་པའི་གཟུགས་ནི། དེས་སྤུངས་པའི་ཕུང་པོར་རུང་ཀྱང༌། གང་སྤུང་བྱའི་དངོས་པོར་མི་རུང༌། ཆོས་ཉིད་ཀྱི་གཟུགས་ནི་འདུས་མ་བྱས་ཡིན་ལ། དེ་གསུམ་གང་རུང་ལ་མ་གཏོགས་པའི་གཟུགས་ནི་རྣལ་འབྱོར་སྤྱོད་པའི་གཞུང་དུ་མི་འཆད་པའི་ཕྱིར་རོ། །འོ་ན་དེ་དང་དེ་དག་གང་ཞེ་ན། དང་པོ་ནི། རྣམ་པར་ཤེས་པའི་ཚོགས་ལྔ་ལ་དེ་དང་དེར་སྣང་བའོ། །གཉིས་པ་ནི། སྣང་བ་དེ་ལ་སྒྲོ་འདོགས་པའི་རྟོག་པས་གཟུགས་སྒྲ་ལ་སོགས་པར་བཏགས་པའོ། །གསུམ་པ་ནི། དེ་དེས་སྟོང་པའི་དེ་ཁོ་ན་ཉིད་དོ། །མདོར་ན་ཀུན་བཏགས་པའི་གཟུགས་ཆོས་ཅན། གཟུགས་ཀྱི་ཕུང་པོ་ཡིན་ཏེ། སྤུང་བྱ་རྣམ་པར་བརྟགས་པའི་གཟུགས་དུ་མ་སྤུངས་པའི་ཕུང་པོ་ཡིན་པའི་ཕྱིར། ཕུང་པོ་ལྷག་མ་བཞི་ལའང་དེ་བཞིན་དུ་སྦྱར་བ་བྱ་ལ། དེར་ནི་ཚོར་བ་སོགས་པ་དང་ཕུང་པོ་གཉིས་ཀ་མཚན་ཉིད་པར་ཡོད་པ་ཡིན་ཏེ། རྣམ་པར་བརྟགས་པའི་ཚོར་བ་སོགས་མཚན་ཉིད་པ་ཡིན་པའི་ཕྱིར། དེ་ལྟར་ཤེས་ན་ཆོས་གསུམ་ལ་རྣམ་པ་དགུར་འགྱུར་ཏེ། ཀུན་བཏགས་པའི་ཆོས་གསུམ་དང༌། རྣམ་པར་བརྟགས་པའི་ཆོས་གསུམ་དང༌། ཆོས་ཉིད་ཀྱི་ཆོས་གསུམ་མོ། །དང་པོ་ནི་སྤྱིར་ཆོས་གསུམ་བཏགས་པ་བ་ཡིན་ལ། ཁྱད་པར་གཟུགས་ཀྱི་ཕུང་པོའི་རྣམ་གཞག་བྱེད་པའི་ཚེ། དེའི་ཕུང་པོ་མཚན་ཉིད་པར་ཁས་ལེན་དགོས་ཏེ། གཟུགས་ཀྱི་ཕུང་པོ་ཁས་ལེན་པ་གང་ཞིག དེ་ལས་གཞན་མ་དམིགས་པའི་ཕྱིར། མ་དམིགས་པ་ཇི་ལྟར་ཞེ་ན། འདི་ལ་གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པ་དང༌། རྩོད་པ་སྤང་བ་གསུམ་གྱི་སྒོ་ནས་གཏན་ལ་དབབ་པ་བྱའོ། །དང་པོ་ནི། ལ་ལ་ན་རེ། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ལ་ཡང་ཕྱི་རོལ་གྱི་དོན་ཁས་ལེན་པ་ཡིན་ནོ་ཞེས་ཟེར་བ་དང༌། གཞན་དག་ན་རེ། དེ་ཁས་མི་ལེན་ཀྱང་གཟུགས་སྒྲ་ལ་སོགས་པ་ཁས་ལེན་ནོ་ཞེས་ཟེར་བ་དང༌། དེ་ལའང་ལུགས་གཉིས་ཏེ། གཟུང་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བ་ཉིད་གཟུགས་ཡིན་ཞིང་དེའི་རྒྱུ་མཚན་གྱིས་གཟུགས་སྒྲ་སོགས་ཤེས་པ་ཡིན་ནོ། །ཞེས་ཟེར་བ་དང༌། ཡང་ཁ་ཅིག་སྔོ་སྣང་དབང་ཤེས་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་དེ་དེའི་རྣམ་ལྡན་གཅིག་སྐྱེད་པའི་ནུས་པ་ཉིད་སྔོན་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ལུགས་གསུམ་ལས། དང་པོ་དེ་ནི། རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་ལས་ཤིན་ཏུ་འདས་པའི་མུན་སྤྲུལ་ཡིན་པས་ཤེས་རབ་དང་ལྡན་པ་དག་གི་དཔྱད་པའི་ཡུལ་མ་ཡིན་ནོ། །དེ་བས་ན་ལུགས་ཕྱི་མ་གཉིས་ལ་དཔྱད་པར་བྱ་སྟེ། འདི་ལ་ཐུན་མོང་དུ་དགག་པ་དང༌། སོ་སོར་དགག་པའོ། །དང་པོ་ལ་གཟུང་འཛིན་རྫས་གཞན་ཡོད་པར་ཐལ་བ་དང༌། དོན་རིག་པའི་མངོན་སུམ་ཚད་མ་ཡོད་པར་ཐལ་བ་དང༌། འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་ཐལ་བའོ། །དང་པོ་ནི་འདི་ལྟར། གཟུགས་འཛིན་པའི་ཚད་མ་རྫས་སུ་གྲུབ་པར་འགྱུར་ཏེ། གཟུགས་ཡོད་པའི་ཕྱིར་རོ། །འདོད་ན་དེ་གཉིས་རྫས་གཅིག་གམ་ཐ་དད། དང་པོ་ལྟར་ན་དེ་གཉིས་རྫས་གཞན་མིན་པ་སྒྲུབ་བྱེད་ཀྱི་རིགས་པ་ཅི་ཞིག་ཡོད། ལྷན་ཅིག་དམིགས་ངེས་ཀྱིས་སོ་ཞེ་ན། འོ་ན་དེ་གཉིས་གྲུབ་བདེ་རྫས་གཅིག་ཏུ་ཐལ་བར་འགྱུར་ཏེ། ལྷན་ཅིག་དམིགས་ངེས་སུ་གྱུར་པའི་རྫས་གཅིག་ཡོད་པའི་ཕྱིར། དེ་ཡང་འདོད་ན་ནི། གཟུགས་འཛིན་པའི་ཚད་མ་དེ་ཚུལ་རོལ་མཐོང་བའི་མིག་ཤེས་ཀྱི་བཟུང་བྱར་ཐལ་བ་དང༌། ཚད་མ་དེ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གང་ཡིན་པ་དེ་ཁ་ཕྱིར་བལྟའི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན་གཟུང་འཛིན་རྫས་གཞན་ཡོད་པར་འགྱུར་ལ། དེ་ཡང་དེ་ལྟ་ན་ཤེས་བྱའི་སྒྲིབ་པ་སྤོང་མི་ནུས་པར་འགྱུར་རོ། །གཉིས་པ་ནི། འོ་ན་གཟུགས་སྒྲ་ལ་སོགས་པ་མཐོང་བའི་མངོན་སུམ་གྱི་ཚད་མ་ཡོད་པར་འགྱུར་ཏེ། དེ་འདྲའི་ཚད་མ་ཡོད། དེ་མཐོང་བའི་རྗེས་དཔག་མེད་པའི་ཕྱིར་རོ། །དེ་ཡང་འདོད་ན། དེ་འདྲ་དེ་དོན་རིག་མངོན་སུམ་ཚད་མར་འགྱུར་ཏེ། མངོན་སུམ་གྱི་ཚད་མ་ནི་ཡིན། རང་རིག་མངོན་སུམ་མིན་པའི་ཕྱིར། འདོད་ན་ཕྱི་རོལ་གྱི་དོན་ཡོད་པར་འགྱུར་ཏེ། དོན་རིག་པའི་མངོན་སུམ་ཚད་མ་ཡོད་པའི་ཕྱིར་རོ། །རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་བར་ཐལ། རང་རིག་མངོན་སུམ་ཡིན་པའི་ཕྱིར། དེ་ཡང་འདོད་ན་ཕྱི་རོལ་གྱི་དོན་ཡོད་པར་ཐལ་ལོ། །འདི་ལ་ཡང་མཁས་པ་མ་ཡིན་པ་དག་ན་རེ། གཟུང་འཛིན་དབང་པོའི་མངོན་སུམ་དེ་མངོན་སུམ་ཡིན་ཀྱང་འཁྲུལ་བའི་ཤེས་པ་ཡིན་ནོ་ཞེས་ཟེར་རོ། །འོ་ན་དེ་ཆོས་ཅན། མངོན་སུམ་ལྟར་སྣང་དུ་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། དེ་ལྟར་ན་རྟོག་མེད་འཁྲུལ་ཤེས་ལ་མངོན་སུམ་ཚད་མར་འཇོག་པ་འདི་ནི་སྔོན་མ་བྱུང་བའི་ལུགས་ཞིག་གོ །གསུམ་པ་ནི་བརླན་ཞིང་བཤེར་བར་སྣང་བའི་དངོས་པོ་གཅིག་ཉིད་ལྷ་མི་ཡི་དྭགས་གསུམ་གྱི་མིག་ཤེས་ལ་བདུད་རྩི་ཆུ་དང་སྣག་ཁྲག་ཏུ་སྣང་བའི་ཚེ། མིག་ཤེས་གསུམ་ཀ་ཚད་མ་ཡིན་ནམ། གང་རུང་གཅིག་ལས་གཞན་གཉིས་མིན། དང་པོ་ལྟར་ན་འགལ་བ་ལ་མི་འཁྲུལ་པའི་ཚད་མ་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་ལྷ་དང་ཡི་དྭགས་ལྟ་བུ་ལ་མིག་ཤེས་ཚད་མ་མེད་པར་འགྱུར་ལ། འདོད་ན་དམ་བཅའ་ཉམས་སོ། །འདི་ལ་རིན་པོ་ཆེ་བློ་བཟང་པ་ན་རེ། ཆ་ཅན་རླན་ཞིང་བཤེར་བ་ཕོར་པ་གང་གི་སྟེང་ན་ཆ་ཤས་རྫས་ཐ་དད་པ་གསུམ་ཡོད་པ་དེ་མིག་ཤེས་དེ་གསུམ་ལ་སོ་སོར་སྣང་བ་ཡིན་ལ། དེའི་ཚེ་གསུམ་ཀ་ཚད་མ་ཡིན་ནོ་གསུང་ངོ༌། །འདི་ནི་ཧ་ཅང་ཐལ་ཆེས་པ་ཡིན་ཏེ། འདི་ལྟར་མིག་ཤེས་སེལ་འཇུག་ཏུ་ཐལ་བ་དང༌། འགྲོ་བ་གསུམ་གྱི་ཟས་འཚོལ་བར་ཐལ་བ་དང༌། ཆོས་ཀྱི་གྲགས་པའི་གཞུང་དང་འགལ་བའོ། །དང་པོ་ནི་ཆ་ཅན་དང་ཆ་ཤས་གསུམ་པོ་རྫས་གཅིག་གམ་རྫས་ཐ་དད། གཉིས་པ་ལྟར་ན་ཡན་ལག་ཅན་རྫས་གཞན་ཡོད་པར་འགྱུར་རོ། །དང་པོ་ལྟར་ན། དེ་འདྲ་མཐོང་བའི་མིག་ཤེས་གསུམ་པོ་དེ་སེལ་བས་འཇུག་པར་འགྱུར་ཏེ། རང་རང་གི་སྣང་ཡུལ་རླན་ཞིང་བཤེར་བ་ཕོར་པ་གང་པོ་དེ་མཐོང༌། དེ་དང་གྲུབ་བདེ་རྫས་གཅིག་པའི་ཡོན་ཏན་གཞན་མ་མཐོང་བའི་ཕྱིར་རོ། །གཉིས་པ་ནི་འདོད་པའི་ལྷས་བརླན་ཞིང་བཤེར་བ་ཕོར་པ་གང་པོ་དེ་འཐུངས་པའི་ཚེ། ཆུ་དང་སྣག་ཁྲག་འཐུང་པ་དང་དེའི་རོ་ཉམས་སུ་མྱོང་བར་འགྱུར་ཏེ། དེའི་ཚེ་ན་དེས་དེ་འཐུང་པ་གང་ཞིག །ཆ་ཅན་དེ་ལ་ཆ་ཤས་རྫས་ཐ་དད་པ་གསུམ་ཡོད་པའི་ཕྱིར་རོ། །གསུམ་པ་ནི་གལ་ཏེ་ཉེས་པ་མེད་དེ་ལས་ཀྱི་དབང་གིས་ཆ་ཤས་གཞན་དང་གཞན་མ་མཐོང་བའི་ཕྱིར་ཞེ་ན། དེ་ལྟར་རིགས་པ་མཁྱེན་པས་བཀག་ཟིན་པ་དེ་ཉིད་འོངས་པ་ཡིན་ཏེ། ཇི་སྐད་དུ། མ་མཐོང་སྒྲིབ་ཕྱིར་མིན་ཞེ་ན། །ཞེས་སོགས་ཕྱོགས་སྔ་མ་ཁས་བླངས་པའི་ཕྱིར་རོ། །གཞན་ཡང་སྐྱེས་བུ་གཅིག་གི་གཟུགས་ལ་དགྲ་གཉེན་བར་མ་གསུམ་གྱིས་ལྟ་བའི་མིག་ཤེས་ཚད་མ་ཡོད་དམ་མེད། ཡོད་ན་འགལ་བ་ལ་མི་འཁྲུལ་བའི་ཚད་མ་ཡོད་པར་འགྱུར་ལ། མེད་ན་ནི་ཁྱོད་ཀྱི་དམ་བཅའ་ཉམས་སོ། །གལ་ཏེ་དེའི་ཚེ། མིག་ཤེས་གསུམ་ཀ་སྐྱེས་བུ་གཅིག་གི་གཟུགས་ཙམ་ལ་ཚད་མ་ཡིན་ཚུལ་ལ་ཁྱད་པར་མེད་ཀྱང་ཡིད་དུ་འོང་བ་དང་མི་འོང་བར་སྣང་བ་ནི་རྟོག་པ་ཡིན་པའི་ཕྱིར། ཉེས་པ་མེད་དོ་ཞེ་ན། དེ་ལྟ་ན་ནི་ཇི་སྐད་དུ། གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། །ཞེས་གསུངས་པའི་ཕྱོགས་སྔ་མ་ཁས་བླངས་པ་ཡིན་ནོ། །འོ་ན་ཁྱོད་རང་ལ་ཡང་དེ་དང་དེར་ཐལ་བ་མིན་ནམ་ཞེ་ན་མ་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་ནི་སྐྱེས་བུའི་གཟུགས་དང་ཆུ་དང་བདུད་རྩི་ལ་སོགས་པ་མེད་བཞིན་དུ་སྣང་བའི་ཤེས་པ་ཐམས་ཅད་ལོག་ཤེས་ཡིན་པ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །གཉིས་པ་སོ་སོར་དགག་པ་ལ་རྟོག་མེད་ཀྱི་ཤེས་པ་ལ་གཟུགས་སུ་སྣང་བ་གཟུགས་ཡིན་པ་མི་འཐད་པ་དང༌། མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་ནུས་པ་གཟུགས་ཡིན་པ་འཐད་པའོ། །དང་པོ་ལ་སངས་རྒྱས་ཀྱི་གཟུགས་སྐུ་སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པར་ཐལ་བ་དང༌། བདེ་འགྲོ་དང་ངན་འགྲོའི་སེམས་ཅན་རྒྱུད་གཅིག་པར་ཐལ་བ་དང༌། ལྷ་སྦྱིན་གྱི་མིག་ཤེས་མཆོད་སྦྱིན་ལ་སྣང་བར་ཐལ་བ་རྣམས་སོ། །དང་པོ་ནི་ཉན་རང་འཕགས་པ་དང་སོ་སོ་སྐྱེ་བོ་ལས་དག་པའི་རྟོག་མེད་ཀྱི་ཤེས་པ་ལ་སངས་རྒྱས་ཀྱི་མཆོག་གི་སྤྲུལ་པའི་སྐུར་སྣང་བ་དེ་ཉིད། དེ་མཚན་ཉིད་པ་ཡིན་པར་ཐལ་བ་དང༌། བྱང་སེམས་འཕགས་པའི་མིག་ཤེས་ལ་ལོངས་སྐུར་སྣང་བ་དེ་ཉིད་ལོངས་སྐུ་མཚན་ཉིད་པ་ཡིན་པར་འགྱུར་ཏེ། གཟུང་འཛིན་མིག་ཤེས་ལ་གཟུགས་སུ་སྣང་བ་དེ་ཉིད་གཟུགས་ཡིན་པའི་ཕྱིར་རོ། །འདོད་ན་ནི། སེམས་ཅན་གྱི་ཤེས་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཡོད་པར་འགྱུར་རོ། །དེར་ཡང་མ་ཟད་ཀྱི་སངས་རྒྱས་འཕགས་པའི་མིག་ཤེས་ལ་སེམས་ཅན་དུ་སྣང་བ་དེ་ཉིད་སེམས་ཅན་མཚན་ཉིད་པར་འགྱུར་ལ། དེ་ལྟ་ན་ནི། སངས་རྒྱས་འཕགས་པའི་ཤེས་རྒྱུད་ཀྱིས་བསྡུས་པའི་སེམས་ཅན་ཡོད་པར་འགྱུར་རོ། །གཉིས་པ་ནི། བདེ་འགྲོའི་མིག་ཤེས་ལ་ངན་འགྲོའམ་གཟུགས་སུ་སྣང་བ་དེ་ངན་འགྲོའི་གཟུགས་མཚན་ཉིད་པ་ཡིན་པ་དང༌། བདེ་འགྲོའི་ལུས་ཤེས་ལ་ངན་འགྲོའི་རེག་བྱར་སྣང་བ་དེ་དེའི་རིག་བྱ་མཚན་ཉིད་པར་འགྱུར་ཞིང༌། ཅིག་ཤོས་ཀྱི་ཕྱོགས་ལ་ཡང་དེར་འགྱུར་ལ། དེ་ལྟ་ན་ནི། བདེ་འགྲོའི་ཤེས་རྒྱུད་ཀྱིས་བསྡུས་པའི་ངན་འགྲོ་དང༌། ངན་འགྲོའི་ཤེས་རྒྱུད་ཀྱིས་བསྡུས་པའི་བདེ་འགྲོ་སྲིད་པར་འགྱུར་རོ། །གསུམ་པ་ནི། རྒོལ་ཕྱི་རྒོལ་གཉིས་ཀྱི་མིག་ཤེས་ལ་གཟུགས་སྣང་ཐུན་མོང་བ་གཅིག་ཡོད་དམ་མེད། མེད་ན་ནི་དེ་གཉིས་བག་ཆགས་མཐུན་པར་སད་པ་གཅིག་མི་སྲིད་པར་འགྱུར་རོ། །ཡོད་ན་ནི་དེ་འདྲའི་དུས་ཀྱི་ཚེ་སྔ་རྒོལ་གྱི་མིག་ཤེས་ལ་གཟུགས་སུ་སྣང་བ་དེ་ཉིད་ཆོས་ཅན། ཕྱི་རྒོལ་གྱི་མིག་ཤེས་ལ་སྣང་བར་ཐལ། གཟུགས་གང་ཞིག དེ་གཉིས་ཀྱི་ཐུན་མོང་གི་སྣང་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན་དེ་ལ་སྣང་བ་མ་ཡིན་ཏེ། ཕྱི་རྒོལ་གྱི་མིག་ཤེས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་ན་ནི། ཕྱི་རྒོལ་གྱི་མིག་ཤེས་སྔ་རྒོལ་ལ་སྣང་བར་ཐལ་ལོ། །འོ་ན་ཁྱེད་ལ་ཡང་དེར་ཐལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་རྒོལ་བ་གཉིས་ལ་སྣང་བ་ཐུན་མོང་བ་ཡོད་ཀྱང༌། ཆོས་གཅིག་ཉིད་ཐུན་མོང་དུ་སྣང་བ་མ་ཡིན་གྱི། བག་ཆགས་མཐུན་པར་སད་པ་ཙམ་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་ན་སྣང་བ་ཐམས་ཅད་སྣང་མཁན་རང་གི་སེམས་ཡིན་ནོ་ཞེས་བྱ་བ་འདི་རྣལ་འབྱོར་སྤྱོད་པ་པ་དག་གི་གྲུབ་པའི་མཐའ་ཡིན་གྱི་གང་དང་གང་དུ་སྣང་བ་དེ་ཐམས་ཅད་དེ་དང་དེ་ཡིན་ནོ་ཞེས་བྱ་བ་དེ་ནི་དེའི་གྲུབ་པའི་མཐའ་མ་ཡིན་ཏེ། གཞན་དུ་སྣང་བ་ཐམས་ཅད་མ་འཁྲུལ་བ་དང༌། རྟོག་མེད་ཀྱི་ཤེས་པ་ལ་ཕྱི་རོལ་གྱི་དོན་དུ་སྣང་བ་ཡང་ཕྱི་རོལ་གྱི་དོན་དུ་ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །གཉིས་པ་ལ་གཟུང་འཛིན་རྫས་གཞན་ཡོད་པར་ཐལ་བ་དང༌། གཟུང་འཛིན་མིག་ཤེས་ཀྱིས་རང་གི་དེ་མ་ཐག་རྐྱེན་མཐོང་བར་ཐལ་བ་དང༌། དེས་གཟུགས་མཐོང་བ་མི་སྲིད་པར་ཐལ་བ་དང་གསུམ་འཇུག་པར་སྣང་སྟེ། རྟོགས་པར་སླ་བས་རྒྱས་པར་མ་ཕྱེ་བ་ཡིན་ནོ། །གཉིས་པ་རང་གི་ལུགས་རྣམ་པར་བཞག་པ་ལ། གཟུགས་མཚན་ཉིད་པ་མེད་ཀྱང་གཟུགས་ཀྱི་ཕུང་པོ་མཚན་ཉིད་པ་ཡོད་དོ། །ཇི་ལྟར་ཞེ་ན། སྤུངས་སོ་ཞེས་པ་བཤད་པའི་གཞིར་ཞོག གང་སྤུངས་ན་རྣམ་པར་བརྟགས་པའི་གཟུགས་སམ། རྣམ་པར་ཤེས་པའི་ཚོགས་ལྔ་ལ་གཟུགས་སྒྲ་ལ་སོགས་པར་སྣང་བ་དེའོ། །གང་དུ་སྤུངས་ན་བློ་རྟོག་པའི་ཡུལ་དུའོ། །གང་གིས་སྤུངས་ན་བློ་རྟོག་པས་སོ། །ཇི་ལྟར་སྤུངས་ན་གཟུགས་སུ་སྣང་བ་འདི་ནི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་སྒྲོ་བཏགས་པའི་ཚུལ་གྱིས་སོ། །སྤུངས་པའི་ངོ་བོ་གང་ཞེ་ན། རྣམ་པར་བརྟགས་པའི་གཟུགས་སམ། གཟུགས་སུ་སྣང་བ་ལ་གཟུགས་སུ་སྒྲོ་བཏགས་པའི་ཆ་དེའོ། །ཕུང་པོ་ལྷག་མ་བཞི་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟ་ན་ཡང་ཁྱད་པར་ནི་འདི་ཡིན་ཏེ། ཕྱི་མ་བཞིའི་སྐབས་སུ་སྤུང་བྱ་གང་ཡིན་པ་དེ་ཚོར་བ་ལ་སོགས་པ་མཚན་ཉིད་པ་ཡིན་ལ། འདིར་ནི་སྤུང་བྱ་གང་ཡིན་པ་དེ་གཟུགས་རུང་མཚན་ཉིད་པ་མ་ཡིན་ནོ། །དེ་ལྟར་བཤད་པ་དེའི་ཚེ། ཀུན་བཏགས་པའི་གཟུགས་ཕུང་ཡིན་ན་གཟུགས་ཀྱི་ཕུང་པོ་མཚན་ཉིད་པ་ཡིན་དགོས་ཏེ། གཟུགས་ཀྱི་ཕུང་པོ་ཡིན་ན་བཏགས་ཡོད་ཡིན་དགོས་པའི་ཕྱིར་རོ། །ཀུན་བཏགས་པའི་ཚོར་བ་ལ་སོགས་པའི་ཕུང་པོ་ཡིན་ན། དེ་དང་དེའི་ཕུང་པོ་མཚན་ཉིད་པ་ཡིན་དགོས་ཏེ། འདིར་མིང་བཞིའི་ཕུང་པོ་རྫས་ཡོད་དུ་ཁས་ལེན་དགོས་པའི་ཕྱིར། འདི་ལ་རྣམ་བདེན་རྫུན་གྱི་སྐབས་ཅུང་ཟད་གཅིག་འབྱེད་དགོས་པར་གཞན་དུ་ཤེས་པར་བྱའོ། །གསུམ་པ་རྩོད་པ་སྤང་བ་ལ། གཟུགས་ཕུང་ཡིན་ན་གཟུགས་རུང་ཡིན་དགོས་པའི་རྩོད་པ་སྤང་བ། སྐབས་འདིར་གཟུགས་ཕུང་ཁས་མི་ལེན་པའི་རྩོད་པ་སྤང་བ། གཟུགས་སྒྲ་ལ་སོགས་པ་ཁས་མི་ལེན་ན་རྣམ་གཞག་ཐམས་ཅད་འཆོལ་པའི་རྩོད་པ་སྤང་བའོ། །དང་པོ་ནི་འདི་སྙམ་དུ་དོགས་པར་འགྱུར་ཏེ། ཀུན་བཏགས་པའི་གཟུགས་ཆོས་ཅན། འདུས་བྱས་དང་གཟུགས་རུང་དུ་ཐལ། གཟུགས་ཀྱི་ཕུང་པོ་ཡིན་པའི་ཕྱིར་ཞེ་ན། སྔ་མ་ལ་ཁྱབ་པ་མེད་དེ། ཀུན་བཏགས་པའི་གཟུགས་རང་གི་ངོ་བོ་འདུས་བྱས་མིན་ཡང་རང་གི་གདགས་གཞི་འདུས་བྱས་ཡིན་པའི་རྒྱུ་མཚན་གྱི་ཕུང་པོར་འཇོག་པའི་ཕྱིར། གཉིས་པ་ཡང་ཁྱབ་པ་མ་ངེས་པ་ཡིན་ཏེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་བཞིན་ནོ། །དོན་དེ་ཉིད་ཤེས་པར་དཀའ་བས་བཤད་པར་བྱ་སྟེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ནི་རྣམ་པ་ལྔ་སྟེ། བསྡུས་པ་ལས་གྱུར་པ་དང༌། མངོན་པར་སྐབས་ཡོད་པ་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་དང༌། ཀུན་བཏགས་པའི་གཟུགས་དང༌། དབང་འབྱོར་བའི་གཟུགས་སོ། །དང་པོ་ནི་རྡུལ་ཕྲ་རབ་ཀྱི་གཟུགས་སོ། །གཉིས་པ་ནི་ཡིད་རྟོག་པ་ཁོ་ནའི་ཡུལ་དུ་གྱུར་པའི་བར་སྣང་གི་སྐྱ་སེང་གེ་སོར་སྣང་བའོ། །གསུམ་པ་ནི་སྡོམ་པ་དང་སྡོམ་མིན་དང་བར་མ་རྣམས་སོ། །བཞི་པ་ནི། གཟུགས་བརྙན་གྱི་གཟུགས་ལ་བཤད་ལ། དེའི་མཚན་གཞི་ནི་མཉམ་གཞག་རྟོག་པའི་ཡུལ་དུ་གྱུར་པའི་གཟུགས་ཏེ། དཔེར་ན་ཀེང་རུས་ཀྱི་ཏིང་ངེ་འཛིན་ལ་དེར་སྣང་བ་ལྟ་བུའོ། །ལྔ་པ་ནི་ཟད་པར་དང༌། ཟིལ་མནོན་དང༌། རྣམ་ཐར་གྱི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་ལ་སོགས་པའོ། །འོ་ན་དེ་དག་གཟུགས་ཀྱི་ཕུང་པོ་ཡིན་མོད། གཟུགས་རུང་མིན་པའི་ཚུལ་ཇི་ལྟ་བུ། གཞུང་ཉིད་དུ་འབྱུང་བ་ལས་གྱུར་པའི་གཟུགས་སུ་བཤད་པ་མིན་ནམ་ཞེ་ན་དེའི་ལན་བཤད་པ། རྡུལ་ཕྲ་རབ་ནི་གཟུགས་རུང་མ་ཡིན་ཏེ། རང་ལུགས་ལ་ཁས་མི་ལེན་པའི་ཕྱིར་དང༌། ཁས་ལེན་དུ་ཆུག་ཀྱང་དེ་ལ་ལུས་མེད་པར་གཞུང་ལས་བཤད་པའི་ཕྱིར་དང༌། བྱེ་བྲག་ཏུ་རྡུལ་ཕྲ་རབ་འབྱུང་གྱུར་དུ་ཁས་ལེན་པ་ནི། ཕྱི་ནང་གི་གཞུང་ལུགས་གང་ནས་ཀྱང་མི་འབྱུང་བའི་ཕྱིར། མངོན་པར་སྐབས་ཡོད་ཀྱང་རིགས་པའི་གཞུང་ལས་འབྱུང་བ་ལྟར་དོན་སྤྱིའམ་རྟོག་པའི་ཤེས་རྣམ་གང་རུང་ལ་མ་འདས་པའི་ཕྱིར་དང༌། ཡང་དག་པར་བླངས་པ་ལས་བྱུང་བ་གཟུགས་སུ་འདོད་པ་ནི་བྱེ་བྲག་ཏུ་སྨྲ་བའི་གོང་ན་གཞན་དུ་ཡང་མེད་པའི་ཕྱིར་དང༌། ཀུན་བཏགས་པ་དབང་འབྱོར་བའི་གཟུགས་གཉིས་ཀྱང་གཟུགས་མཚན་ཉིད་པ་ཡིན་ཏེ། གཞན་དུ་དེར་སྣང་བའི་ཤེས་པ་མ་འཁྲུལ་བར་ཐལ་བའི་ཕྱིར་རོ། །གཉིས་པ་ནི། མཁས་པ་མ་ཡིན་གཞན་དག་ན་རེ། རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ལ། གཟུགས་ཀྱི་ཕུང་པོ་མཚན་ཉིད་པ་ལྟ་ཞོག དེའི་རྣམ་པར་བཞག་པར་ཡང་ཁས་མི་ལེན་ནོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་རིག་པ་ཙམ་གྱི་ཐུན་མོང་མ་ཡིན་པ་རྣམ་པར་འཇོག་པའི་གཞུང་ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང༌། ཐེག་པ་ཆེན་པོ་བསྡུས་པ་ལས་གཟུགས་ཀྱི་ཕུང་པོའི་རྣམ་གཞག་རྒྱས་པར་གསུངས་པའི་ཕྱིར་དང༌། རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་རྩོད་པ་སྤང་བའི་གཞུང་ཉི་ཤུ་པའི་རབ་ཏུ་བྱེད་པ་ལས་ཕྱི་རོལ་གྱི་དོན་མེད་ཀྱང་གཟུགས་ཀྱི་ཕུང་པོའི་རྣམ་པར་གཞག་འཐད་པའི་ཚུལ་རྩོད་ལན་དང་བཅས་པ་རྒྱས་པར་གསུངས་པའི་ཕྱིར། གསུམ་པ་ནི། ཕལ་ཆེ་བ་དག་ན་རེ། གཟུགས་རུང་མཚན་ཉིད་པ་མེད་ན་གཟུགས་ཅན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མི་རུང་བར་ཐལ་བ་དང༌། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མི་རུང་བར་ཐལ་བ་དང༌། བཀའ་དང་བསྟན་བཅོས་མི་རུང་བར་ཐལ་བ་ལ་སོགས་པ་འཕེན་པར་བྱེད་དོ། །དེ་དག་ནི་ཡང་དག་པ་མ་ཡིན་ཏེ། ལན་རིམ་པ་བཞིན་དུ་བཤད་པ་ནི། རྣམ་པར་བརྟག་པའི་གཟུགས་ལ་ཕུང་པོར་འཇོག་པ་དང༌། ཀུན་གཞིའི་རྣམ་སྨིན་དང༌། ས་བོན་དང༌། ཁམས་དང་སྐྱེ་མཆེད་དང༌། གཞུང་ཉིད་ལ་གསལ་བའི་ཕྱིར་དང༌། ལོངས་སྤྲུལ་གྱི་སྐུ་གཉིས་ཡེ་ཤེས་ཡིན་པར་ཐེག་པ་ཆེན་པོ་བསྡུས་པ་ལས་འབྱུང་བའི་ཕྱིར་དང༌། མཚན་དང་དཔེ་བྱད་རྣམས་ཤེས་པ་ཡིན་པར་གཞུང་ཉིད་ལས་འབྱུང་བའི་ཕྱིར་དང༌། བཀའ་དང་བསྟན་བཅོས་རྣམས་ལྡན་པ་མིན་པའི་ཤེས་བྱེད་དུ་བྱེ་བྲག་ཏུ་སྨྲ་བའི་མངོན་པ་བ་དང༌། ཐེག་པ་ཆེན་པོའི་མངོན་པ་བ་གཉིས་ཀས་མཐུན་པར་བཤད་པའི་ཕྱིར། དེ་ལྟར་དོན་ཚན་རྣམ་པ་གསུམ་གྱི་སྒོ་ནས་གཟུགས་ཀྱི་ཕུང་པོའི་རྣམ་པར་བཞག་པ་གྲུབ་པ་ཡིན་ནོ། །གཉིས་པ་ཚོར་བའི་ཕུང་པོའི་མཚན་ཉིད་དེ་མཚན་གཞི་གང་ལ་གནས་བསམ་པ་ལ། སྤྱིར་ཚོར་བའི་དབྱེ་བ་ངོས་བཟུང༌། དེ་ལས་ཚོར་བའི་ཕུང་པོ་དངོས་བཏགས་སུ་འཇོག་པའི་ཚུལ། བྱེ་བྲག་ཏུ་གཞུང་གིས་བསྟན་པའི་མཚན་གཞི་ངོས་བཟུང་བའོ། །དང་པོ་ལ་ཚོར་བའི་མིང་ཅན་ནི་གསུམ་སྟེ། ས་བོན་གྱི་ཆར་གྱུར་པ་དང༌། རྣམ་སྨིན་གྱི་ཆར་གྱུར་པ་དང༌། རྣམ་སྨིན་ལས་བྱུང་བའོ། །དེ་དག་ཀྱང་གང་ཞེ་ན། རྟེན་འབྲེལ་ཚར་གཅིག་གི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་དང༌། མིང་གཟུགས་ཀྱི་ཟླས་ཕྱེ་བའི་ཚོར་བ་དང༌། ཚོར་བ་ཞེས་བྱ་བའི་རང་མིང་གིས་བསྟན་པ་རྣམས་སོ། །དང་པོ་གཉིས་ནི་མངོན་པ་སྤྱི་སྐད་དང་བསྟུན་ན་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ལ། གསུམ་པ་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་དབྱེ་བས་གསུམ་མོ། །དང་པོ་ལ་ཡང་ཟང་ཟིང་དང་བཅས་མ་བཅས་སམ། ཟག་བཅས་དང་ཟག་མེད་ཀྱི་དབྱེ་བས་གཉིས་སོ། །ཡང་ཚོར་བ་གསུམ་པ་ལ་ལུས་ཚོར་དང༌། སེམས་ཚོར་གྱི་དབྱེ་བས་གཉིས་སོ། །ཚོར་བ་གང་ཡིན་ཐམས་ཅད་འདི་གཉིས་སུ་འདུས་པ་མ་ཡིན་ཏེ། ཀུན་གཞི་དང་ཉོན་ཡིད་འཁོར་གྱི་ཚོར་བ་དེར་མ་འདུས་པའི་ཕྱིར། མ་འདུས་པ་ཇི་ལྟར་ཞེ་ན། དེ་གཉིས་ཆོས་ཅན་ལུས་ཚོར་མིན་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར། སེམས་ཚོར་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་མི་ལྡན་པའི་ཕྱིར། ཡང་གཉིས་པོ་དེ་ལས་ཕྱེ་ན། ཚོར་བའི་ཚོགས་དྲུག་ཏུ་ཡང་འགྱུར་རོ། །སྔ་མ་གཉིས་པོ་དེ་དྲུག་པོ་འདིར་ཡང་མ་འདུས་པ་ཡིན་ཏེ། འདུས་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིན་དགོས་པ་ལས་དེ་མ་ཡིན་པའི་ཕྱིར། ཇི་ལྟར་ཞེ་ན། རང་གི་བདག་རྐྱེན་ཡིད་དབང་ལས་མ་སྐྱེས་པའི་ཕྱིར་རོ། །ཡང་ཚོར་བ་ལ་རྩ་བའི་དབྱེ་བ་གསུམ་སྟེ། གང་ཞེ་ན་བདེ་སྡུག་བཏང་སྙོམས་སོ། །དང་པོ་ལ་གཉིས་ཏེ། ལུས་ཚོར་བདེ་བ་དང༌། སེམས་ཚོར་བདེ་བའོ། །གཉིས་པ་ལ་གཉིས་ཏེ། བདེ་བ་དང་ཡིད་བདེ་བའོ། །སྡུག་བསྔལ་ལ་གཉིས་ཏེ། ཡིད་མི་བདེ་བ་དང༌། ལུས་ཚོར་སྡུག་བསྔལ་ལོ། །འོ་ན་སེམས་ཚོར་སྡུག་བསྔལ་ལ་མི་བདེ་བ་དང་ཡིད་མི་བདེ་བ་གཉིས་སུ་མི་འབྱེད་པ་ཅི་ཞེ་ན། དེའི་རྒྱུ་མཚན་ནི་གང་སེམས་ཀྱི་ཚོར་བ་ཡིན་པ་ལ་སིམ་པ་མ་ཡིན་པར་ཉམས་སུ་མྱོང་བ་ཡིན་ན། ཡིད་མི་བདེ་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་སོ། །ཅིག་ཤོས་ལ་སོ་སོར་འབྱེད་པ་ནི་སེམས་ཀྱི་ཚོར་བ་གང་ཞིག་སིམ་པར་ཉམས་སུ་མྱོང་བ་ཡིན་ན་སེམས་བདེ་ཡིན་པས་ཁྱབ་ཀྱང་ཡིད་བདེ་ཡིན་པས་མ་ཁྱབ་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཡིད་བདེ་ཡིན་ན་དགའ་བ་ཡིན་དགོས་ལ། སེམས་བདེ་ཡིན་པ་ལ་དེ་ཡིན་མི་དགོས་པའི་ཕྱིར། འོ་ན་ཚོར་བ་ལྔའི་གྲངས་འཛིན་པའི་ཚུལ་ཇི་ལྟར་ཞེ་ན། དེ་ལ་གཉིས་ཏེ། སྤྱིར་ཚོར་བ་ལྔ་དང༌། བྱེ་བྲག་ཚོར་བའི་དབང་པོ་ལྔའི་གྲངས་བགྲང་བའི་ཚུལ་ལོ། །དང་པོ་ནི། ལུས་ཚོར་བདེ་སྡུག་གཉིས། སེམས་ཚོར་བདེ་སྡུག་གཉིས། བཏང་སྙོམས་ཏེ་ལྔའོ། །བཏང་སྙོམས་ལ་ཡང་ལུས་སེམས་ཀྱི་དབྱེ་བས་གཉིས་སུ་ཡོད་མོད། གཅིག་ཏུ་བྱས་སོ། །གཉིས་པ་ནི། བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང༌། ལུས་ཚོར་སྡུག་བསྔལ་དང་ཡིད་མི་བདེ་རྣམས་སོ། །དེའི་རྒྱུ་མཚན་ཡང༌། བདེ་བའི་དབང་པོ་དང༌། ཡིད་བདེ་བའི་དབང་པོ་སོ་སོར་མ་བགྲངས་ན་ཚོར་བའི་དབང་པོ་ལྔ་མི་འབྱུང་བའི་ཕྱིར་དང༌། ལུས་ཚོར་བདེ་བས་ནི་བདེ་བའི་དབང་པོའི་བྱ་བ་གང་ཡང་མི་བྱེད་པའི་ཕྱིར། གཉིས་པ་དངོས་བཏགས་བསམ་པ་ནི། ས་བོན་དང་རྣམ་སྨིན་གྱི་ཆར་གྱུར་པའི་ཚོར་བ་གཉིས་ནི། ཚོར་བའི་ཕུང་པོར་འཇོག་པའི་དུས་ཀྱི་སྤུང་བྱ་མིན་ཏེ། ཚོར་ཕུང་གི་རྣམ་གཞག་འཆད་པའི་སྐབས་སུ་མ་བཤད་པའི་ཕྱིར་དང༌། དེའི་མཚན་ཉིད་འཆད་པའི་སྐབས་སུ་མི་འཆད་པའི་ཕྱིར། ཟག་མེད་ཀྱི་ཚོར་བ་ཡང་འདིའི་ཚོར་ཕུང་མཚན་ཉིད་པ་མ་ཡིན་ཏེ། མཚན་གཞིའི་སྐབས་སུ་མ་བཤད་པ་དང༌། མཚན་ཉིད་མ་ཚང་བའི་ཕྱིར། འོ་ན་མཚན་གཞི་འཆད་པའི་སྐབས་སུ་ཟང་ཟིང་མེད་པའི་ཚོར་བ་བཤད་པ་མིན་ནམ་ཞེ་ན། དེ་ཟག་མེད་ཀྱི་ཚོར་བ་ལ་ངོས་འཛིན་པ་མི་རུང་སྟེ། དེའི་ནང་ཚན་དུ་གྱུར་པའི་ཚོར་བ་སྡུག་བསྔལ་བཤད་པའི་ཕྱིར། དེའི་སྡུག་བསྔལ་དེ་ཡང་གང་ཞེ་ན། མི་ཤེས་པ་ཀུན་ཤེས་པའི་དབང་པོ་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ཀྱི་ཡིད་མི་བདེའམ། དགྲ་བཅོམ་པའི་རྒྱུད་ཀྱི་ལུས་ཚོར་སྡུག་བསྔལ་ལྟ་བུ་ལ་བྱའོ། །ཞེས་བོད་སྔ་མ་དག་གསུང་ངོ༌། །གསུམ་པ་འདིར་བསྟན་ངོས་བཟུང་བ་ལ། སྤྱིར་གང་གི་རྣམ་སྨིན་གང་ཡིན་དཔྱད། བྱེ་བྲག་འདིར་བསྟན་གྱི་ཚོར་བ་དེ་རྣམ་སྨིན་དངོས་སམ་དེ་ལས་བྱུང་བ་གང་ཡིན་དཔྱད་པའོ། །དང་པོ་ནི། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། ལུས་ཚོར་སྡུག་བསྔལ་ཁོ་ན་ཡིན་ལ། ཡིད་མི་བདེ་ནི་མ་ཡིན་ཏེ། དེ་ལ་ལུང་མ་བསྟན་མ་ཡིན་པའི་ཕྱིར། འོ་ན་དེ་རྣམ་སྨིན་དངོས་སམ་རྣམ་སྨིན་ལས་བྱུང་བ་གང་ཡིན་ཞེ་ན། འདི་རྣམ་སྨིན་དངོས་མ་ཡིན་ཏེ། རྣམ་སྨིན་དངོས་ནི་ངན་སོང་གི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ཡིན་ལ། དེ་ལ་ནི་ཚོར་བ་སྡུག་བསྔལ་ཡོད་པ་མ་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཡིན་ལ། དེ་རྣམ་སྨིན་དངོས་སམ་རྣམ་སྨིན་ལས་སྐྱེས་པ་ཡིན་བརྟག་གྲང་ན། རྣམ་སྨིན་དངོས་ནི་མ་ཡིན་ཏེ། དེའི་རྣམ་སྨིན་དངོས་ནི་བདེ་འགྲོའི་ཀུན་གཞིའི་རྣམ་སྨིན་གྱི་ཆ་དེ་ཉིད་ཡིན་ལ། དེ་ལམ་ནི་ཚོར་བ་བདེ་བ་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། བྱེ་བྲག་ཏུ་བསམ་གཏན་བཞི་པ་ཡན་ཆད་ཀྱི་ཟག་པ་དང་བཅས་པའི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི། ཚོར་བ་བཏང་སྙོམས་ཁོ་ན་ཡིན་ལ། དེ་ལ་ནི་རྣམ་སྨིན་དངོས་དང་རྣམ་སྨིན་ལས་བྱུང་བ་གཉིས་ཀ་ཡོད་དེ། དེའི་རྣམ་སྨིན་གྱི་ཆར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཚོར་བ་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་བཤད་ན་མངོན་པ་སྤྱི་སྐད་དང་མཐུན་ལ། རང་གི་བློས་གཞུང་དོན་ལ་བརྟགས་ནས་ཉེ་བར་སྦྱར་ན། བདེ་འགྲོ་དང་ངན་འགྲོ་གང་ཡིན་ཀྱང་དེ་དང་དེའི་ཀུན་གཞིའི་རྣམ་སྨིན་གྱི་ཆ་གང་ཡིན་པ་དེ་ཚོར་བའི་ངོ་བོ་མ་ཡིན་ཀྱང་གོ་རིམ་བཞིན་དུ་བདེ་བ་དང་སྡུག་བསྔལ་གྱི་ངོ་བོར་སྐྱེས་པ་ཡིན་ལ། དེ་ཉིད་རྣམ་སྨིན་དངོས་སུ་བཞག་པ་ཡིན་ལ། དེ་ཚོར་བ་བདེ་སྡུག་གི་རྣམ་སྨིན་དངོས་སུ་མི་བཞག་གོ །དེ་ཡང་ཇི་ལྟར་ཞེ་ན། དེ་དང་དེའི་ཀུན་གཞིའི་རྣམ་སྨིན་གྱི་ཆ་དེ་ཆོས་ཅན། གོ་རིམ་བཞིན་དུ་བདེ་བ་དང་སྡུག་བསྔལ་ཞེས་བྱ་སྟེ། བདེ་འགྲོར་སྐྱེས་ཐོབ་ཀྱི་རྣམ་སྨིན་གྱི་ཕུང་པོ་ཡིན་པའི་ཕྱིར་དང༌། ངན་འགྲོར་སྐྱེས་ཐོབ་ཀྱི་རྣམ་སྨིན་གྱི་ཕུང་པོ་ཡིན་པའི་ཕྱིར། ཚོར་བ་གསུམ་གྱི་ཟླས་ཕྱེ་བའི་བདེ་བ་རྣམ་སྨིན་དུ་འཇོག་པ་མ་ཡིན་ཏེ། གཞན་དུ་ན་བསམ་གཏན་བཞི་པ་ཡན་ཆད་ཀྱི་དགེ་བའི་ལས་ཀྱི་རྣམ་སྨིན་བདེ་བ་མེད་པར་ཐལ་བའི་ཕྱིར་རོ། །དེའི་དུས་ཀྱི་བཏང་སྙོམས་ལ་བདེ་བའི་མིང་གིས་འདོགས་སོ་ཞེ་ན། ཁོ་བོ་ཅག་གི་འདོད་པ་སྔ་མ་དེ་གྲུབ་པ་ཡིན་ནོ། །མདོར་ན་རྣམ་སྨིན་དངོས་སམ་དེ་ལས་བྱུང་བ་ཡིན་ཀྱང་འདྲ་སྟེ། བདེ་སྡུག་བཏང་སྙོམས་གསུམ་པོ་གང་ཡིན་ཀྱང་རུང༌། འདིར་དངོས་སུ་བསྟན་པའི་ཚོར་བ་དེ་ཡིན་ན་ལུང་མ་བསྟན་ཡིན་དགོས་ཏེ། གཞུང་ལས་རྣམ་སྨིན་གྱི་འབྲས་བུ་ཁོ་ནར་བཤད་པའི་ཕྱིར། གསུམ་པ་ལ། དངོས་དང་དེས་གཞན་ཡང་མཚོན་པར་བསྟན་པའོ། །དང་པོ་ནི། འདིར་བསྟན་གྱི་ཚོར་ཕུང་དེ་རྣམ་སྨིན་གྱི་འབྲས་བུ་ཡིན་ཏེ། འདིར་བསྟན་གྱི་ཚོར་བ་གང་ཡིན་པ་དེ་ཐམས་ཅད་ཚོར་བའི་ཚོགས་དྲུག་ཏུ་བསྡུས་ནས་བཤད་པའི་ཕྱིར་དང༌། ཅིག་ཤོས་ནི་སྒྲིབ་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ནི། འདིར་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་སྨིན་སོ་སོར་མྱོང་བའི་ཕྱིར། དེ་ཡང་ཇི་ལྟར་ཞེ་ན། ཀུན་གཞི་དང་ཉོན་ཡིད་འཁོར་གྱི་ཚོར་བ་ལ་སྒྲུབ་བྱེད་གཉིས་པོ་དེ་མ་ཞུགས་པའི་ཕྱིར། མ་ཞུགས་པ་ཇི་ལྟར་ཞེ་ན་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་བྱུང་བའི་ཚོར་བ་མ་ཡིན་པའི་ཕྱིར་དང༌། ཀུན་གཞིའི་འཁོར་གྱི་ཚོར་བ་ལ་བདེ་སྡུག་སོ་སོར་མྱོང་བ་མེད་པའི་ཕྱིར་དང༌། ཅིག་ཤོས་ནི་སྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར། གཉིས་པ་ནི། འདིར་དངོས་ས་བཤད་པའི་ཚོར་བའི་ཕུང་པོ་དེ་ཉེ་བར་ལེན་པའི་རྣམ་སྨིན་གྱི་འབྲས་བུ་ཡིན་པར་གྲུབ་པ་ན་འདིར་དངོས་སུ་བཤད་པའི་གཟུགས་ཀྱི་ཕུང་པོ་དང༌། འདུ་ཤེས་དང་འདུ་བྱེད་རྣམས་ཀྱང་སྤྱིར་ཉེ་བར་ལེན་པའི་ཕུང་པོ་དང༌། བྱེ་བྲག་རྣམ་སྨིན་ལས་བྱུང་བ་ཡིན་པར་གྲུབ་བོ། །དེ་ལ་རྩོད་པ་གཉིས་འབྱུང་བར་འགྱུར་ཏེ། འདུས་བྱས་ཐམས་ཅད་འདིར་བསྟན་གྱི་ཕུང་པོར་བསྡུ་དགོས་པའི་རྩོད་པ། རྣམ་ཤེས་ཀྱི་ཕུང་པོའང་རྣམ་སྨིན་གྱི་འབྲས་བུར་ཐལ་བའི་རྩོད་པ་སྤང་བའོ། །དང་པོ་ནི་འདི་སྙམ་དུ་ཇི་སྐད་དུ་བཤད་པ་དེ་ནི་རིགས་པ་མ་ཡིན་ཏེ་གཟུགས་ཅན་ཇི་སྙེད་པ་དེ་ཐམས་ཅད་གཟུགས་ཀྱི་ཕུང་པོ་འདིར་བཤད་པ་དེར་བསྡུ་དགོས་པ་ཡིན་ནོ། །ཅི་སྟེ་དེ་ནི་ཁྱེད་ཀྱིས་ལེགས་པར་མ་སྨྲས་ཏེ། ཟག་པ་མེད་པའི་གཟུགས་ཇི་སྙེད་པ་འདིར་མ་བསྡུས་པའི་ཕྱིར་དང༌། ཟག་པ་དང་བཅས་པའི་གཟུགས་དགེ་བ་རྣམས་ཀྱང་འདིས་མ་བསྡུས་པའི་ཕྱིར། དང་པོ་གྲུབ་སྟེ་འདིར་བསྟན་གྱི་གཟུགས་ཕུང་ལ་འབྱུང་བ་དང་འབྱུང་འགྱུར་གང་རུང་གིས་ཁྱབ་ལ། དེ་ལ་དེ་མེད་པའི་ཕྱིར་རོ། །དེ་ཡང་འདི་སྐད་དུ། རྗེ་བཙུན་ཉིད་ཀྱིས་འབྱུང་མེད་གཟུགས་དོན་ལྟ་དང་ཞེས་བཤད་པའི་ཕྱིར་རོ། །འོ་ན་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་བཤད་པ་མིན་ནམ་ཞེ་ན། དེ་ཡང་ཟག་བཅས་ཀྱི་དབང་དུ་བྱས་པ་ཡིན་ཏེ་བདག་གི་འཁྲུལ་གཞིར་བཤད་པའི་ཕྱིར། དེ་ལྟ་ན་ཡང་འདུས་བྱས་ཐམས་ཅད་ཕུང་པོ་ལྔར་མ་བསྡུས་པའི་སྐྱོན་མེད་དེ། ཟག་པ་མེད་པའི་གཟུགས་དགེ་བ་དང༌། ཟག་པ་དང་བཅས་པའི་གཟུགས་ཅན་ཐམས་ཅད་ཀྱི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པའི་ཕྱིར། ཡང་འདུ་ཤེས་དང་འདུ་བྱེད་མཐའ་དག་ཀྱང་འདིར་བསྟན་པའི་དེ་གཉིས་ཀྱིས་བསྡུས་པ་མིན་ཏེ། ཀུན་གཞི་དང་ཉོན་ཡིད་འཁོར་གྱི་དེ་གཉིས་ལ་འདིར་བསྟན་པའི་དེ་གཉིས་ཀྱི་མཚན་ཉིད་དང༌། མཚན་གཞི་གང་ཡང་མ་ཚང་བའི་ཕྱིར་དང༌། ཟག་པ་མེད་པའི་དེ་གཉིས་ལ་ཡང་དེ་དག་མ་ཚང་བའི་ཕྱིར་རོ། །མདོར་ན་འདིར་བསྟན་གྱི་ཚོར་བ་རྣམ་སྨིན་གྱི་ཕུང་པོར་གྲུབ་པ་ན་གཞན་གསུམ་པོ་ཡང་དེར་གྲུབ་པ་ལས་འོས་མེད་དོ། །གཉིས་པ་ནི། འོ་ན་རྣམ་པར་ཤེས་པའི་ཕུང་པོ་ལ་ཡང་དེར་མཚུངས་སོ་ཞེ་ན་མཚུངས་པ་མ་ཡིན་ཏེ། དེ་ལ་སེམས་ཡིད་རྣམ་པར་ཤེས་པ་གསུམ་བཤད་པའི་ནང་ནས་གསུམ་པ་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་ལ་ནི་སྔ་མ་བཞི་པོ་དག་དང་མཚུངས་པར་ཁས་ལེན་ལ། སེམས་ཡིད་གཉིས་ལ་དེ་ཁས་མི་ལེན་པའི་ཕྱིར། འོ་ན་ཟག་པ་མེད་པའི་རྣམ་པར་ཤེས་པ་གང་དུ་བསྡུ་ཅེ་ན། ཀུན་གཞིའི་སྟེང་དུ་དེའི་ས་བོན་བསགས་པར་བསྡུས་སོ། །དེ་ལྟར་ན་འདིར་དངོས་སུ་བསྟན་པའི་ཆོས་གསུམ་གྱི་རྣམ་པར་བཞག་པ་ནི། ཉེ་བར་ལེན་པའི་ཆོས་གསུམ་པོ་ཁོ་ནའི་དབང་དུ་བྱས་པར་གསལ་ཏེ། ཆོས་གསུམ་པོའི་གྲངས་ངེས་དང༌། མཚན་ཉིད་དང༌། རྣམ་གཞག་དང༌། གོ་རིམ་དང༌། སྒྲ་དོན་དང༌། དཔེ་འཆད་པའི་གནས་སྐབས་ཏེ། དེ་ཐམས་ཅད་ཀྱི་སྐབས་སུ་ཉེ་བར་ལེན་པའི་ཆོས་གསུམ་གྱི་དབང་དུ་བྱས་པར་ཤིན་ཏུ་གསལ་བའི་ཕྱིར། རབ་དབྱེའི་སྐབས་སུ་ནི་དེར་མ་ངེས་ཏེ། དེར་ནི་སྤྱིར་སངས་རྒྱས་ཀྱི་གསུང་རབ་ལས་འབྱུང་བའི་ཆོས་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་མཐའ་དག་འབྱེད་པའི་སྐབས་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ནི་ཚོར་བའི་ཕུང་པོའི་རྣམ་པར་བཞག་པ་གཞན་གྱིས་མ་བཤད་པ་དག་ལེགས་པར་བཤད་པ་ཡིན་ནོ།།  །།གསུམ་པ་འདུ་ཤེས་དང་འདུ་བྱེད་ཀྱི་མཚན་ཉིད་གང་ལ་གནས་བསམ་པ་ལ་དངོས་དང་དོགས་པ་སྤང་བའོ། །དང་པོ་ནི། བཤད་མ་ཐག་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་ཚོར་བ་དེ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་འདུ་བྱེད་གང་ཡིན་པ་དེ་ལ་འདིར་བསྟན་པའི་ཆོས་དེ་གཉིས་ཀྱི་མཚན་ཉིད་ཚང་བ་ཡིན་གྱི་གཞན་ལ་མ་ཡིན་ཏེ། གསུམ་པོ་དེ་མཚུངས་ལྡན་ཁོ་ནར་འབྱུང་དགོས་པའི་ཕྱིར་དང༌། དེ་གསུམ་གྱི་རྣམ་གཞག་འཆད་པའི་སྐབས་སུ་གསུམ་ཀ་ལ་ཚོགས་དྲུག་དྲུག་ཕྱེ་ནས་རྣམ་སྨིན་ལས་བྱུང་བ་ཁོ་ནར་བཤད་པའི་ཕྱིར། དེའི་དུས་ཀྱི་ཡུལ་དབང་གཉིས་ནི་དོན་དུ་སྣང་བ་དང༌། སེམས་ཅན་ཏུ་སྣང་བ་གཉིས་ཡིན་ལ། ཡིད་ལ་བྱེད་པ་ནི་ཀུན་གཞིའི་རྣམ་སྨིན་གྱི་ཆ་ཉིད་དམ། དེ་ལས་བྱུང་བའི་ཡིད་བྱེད་རྣམས་སོ། །དེ་ལྟར་བཤད་པ་ན་མ་དག་པ་འཁོར་བའི་གནས་སྐབས་ཀྱི་ཆོས་གསུམ་གྱི་རྣམ་པར་བཞག་པ། དག་ལ་མ་དག་པ་འཕགས་པ་སློབ་པའི་གནས་སྐབས་ཀྱི་ཆོས་གསུམ་གྱི་རྣམ་པར་བཞག་པ་དང༌། ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་པའི་ཆོས་གསུམ་གྱི་རྣམ་པར་བཞག་པ་དང་གསུམ་དུ་འབྱེད་པའི་ཚུལ་ཤེས་དགོས་ལ། དེའི་ཚུལ་ཡང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང་ཐེག་བསྡུས་ལས་རྒྱས་པར་ཤེས་དགོས་ཤིང༌། འདིར་ཡང་རྣམ་པའི་རབ་དབྱེ་འཆད་པའི་སྐབས་སུ་གསལ་བར་གསུངས་སོ། །དེ་ལྟ་མོད་ཀྱི་མཚན་ཉིད་ནས་དཔེའི་བར་ནི་མ་དག་པའི་ཆོས་གསུམ་ཁོ་ནའི་དབང་དུ་བྱས་པར་གསལ་ལོ། །གཉིས་པ་དོགས་པ་སྤང་པ་ལ། འོ་ན་འདུ་ཤེས་དང་འདུ་བྱེད་གང་ཡིན་ཐམས་ཅད་འདིར་བསྡུས་སམ་ཤེ་ན། མ་ཡིན་ཏེ་སངས་རྒྱས་ཀྱི་ས་དང་སློབ་པའི་མཉམ་གཞག་ཟག་མེད་དང་མཚུངས་པར་ལྡན་པའི་ཤེས་བྱེད་གཉིས་པོ་ལ་འདིར་དངོས་སུ་བསྟན་པའི་མཚན་ཉིད་དང་མཚན་གཞི་དེ་དག་མ་ཚང་བའི་ཕྱིར། འོ་ན་ལྡན་མིན་འདུ་བྱེད་སོགས་ལ་འདིའི་མཚན་ཉིད་ཇི་ལྟར་ཚང་ཞེ་ན། འདུ་བྱེད་ཅེས་བྱ་བའི་སྒྲ་ནི་འཇུག་པའི་གནས་སྐབས་གསུམ་སྟེ། ཡངས་པར་བྱས་པའི་ཚེ་འདུས་བྱས་ཐམས་ཅད་དང༌། བར་མར་བྱས་པའི་ཚེ་ཕུང་པོ་གཞན་བཞི་ལས་མ་གཏོགས་པའི་འདུས་བྱས་ཐམས་ཅད་དང༌། དོག་པར་བྱས་པའི་ཚེ་སེམས་བྱུང་སེམས་པ་ཁོ་ན་ལ་འཇུག་པ་ལས། མཚན་ཉིད་འཆད་པའི་སྐབས་སུ་སྒྲ་དོག་པ་དང༌། རྣམ་གཞག་འཆད་པའི་སྐབས་སུ་སྒྲ་ཅུང་ཟད་ཡངས་པར་བྱས་ཏེ་བཤད་པ་ཡིན་པས། ལྡན་པ་མིན་པའི་འདུ་བྱེད་གཞན་རྣམས་འདུ་བྱེད་བཏགས་པ་བ་དང༌། དེའི་ཕུང་པོ་མཚན་ཉིད་པར་བཞག་པ་ཡིན་ནོ། །ཡང་དོགས་པ་གསུམ་པ་ནི། མིག་ཤེས་དང་མཚུངས་པར་ལྡན་པའི་འདུ་ཤེས་ཡོད་ན། དེ་འདྲའི་མཚན་འཛིན་ཡོད་པར་འགྱུར་ལ། དེ་ཡོད་ན་དེ་དང་མཚུངས་པར་ལྡན་པའི་སྒྲ་དོན་འཛིན་པའི་རྟོག་པ་ཡོད་པར་འགྱུར་རོ། །དེས་མཚོན་ནས་དབང་ཤེས་དང་མཚུངས་པར་ལྡན་པའི་དྲན་འདུན་མོས་པ་གསུམ་ཇི་ལྟར་འབྱུང་སྙམ་དུ་དོགས་པར་འགྱུར་རོ། །དེའི་ལན་ལ་རང་གི་ལན་འཐད་པ་དང༌། གཞན་གྱི་ལན་མི་འཐད་པའོ། །དང་པོ་ནི། མཚན་མར་འཛིན་པ་དང༌། དྲན་པ་དང༌། མོས་པ་དང༌། འདུན་པ་སོགས་པ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་ནམ་སྙམ་པའི་དོགས་པ་འབྱུང་བའི་གཞི་ཡོད་པ་རྣམས་ལ་རྟོག་པའི་ངོ་བོར་གྱུར་པ་དང་རྟོག་མེད་ཀྱི་ངོ་བོར་གྱུར་པ་གཉིས་གཉིས་ཡོད་དོ། །ཇི་ལྟར་ཞེ་ན། མིག་ཤེས་ཀྱིས་དུང་གི་ཁ་དོག་མཐོང་བའི་ཚེ། ཡུལ་དེའི་ཁྱད་པར་མ་བྱེད་པར་ཡུལ་དེའི་ངོ་བོ་རིག་ཙམ་ནི་གཙོ་བོ་སེམས་སོ། །ཁྱད་པར་སོ་སོར་ཕྱེ་ནས་མཐོང་བ་ནི་སེམས་ལས་བྱུང་བའོ། །ཁྱད་པར་འབྱེད་པའི་ཚུལ་ནི་དུ་མར་འགྱུར་ཏེ། དེ་ཡང་དོགས་པའི་གནས་ཡོད་པ་བཞི་པོ་དེ་ལ་མཚོན་ནས། ཁ་དོག་དཀར་བ་དང༌། དབྱིབས་སྦྲམ་པ་ལ་སོགས་པའི་མཚན་མ་འཛིན་པའི་རིག་པ་ནི་རྟོག་མེད་ཀྱི་ངོ་བོར་གྱུར་པའི་འདུ་ཤེས་སོ། །དེར་ཞེན་པ་ནི་རྟོག་པའོ། །ཡང་སྔར་ཡང་ཡང་མཐོང་ཟིན་པའི་དབྱིབས་དང་ཁ་དོག་དེ་ཉིད་འཛིན་པ་ནི་རྟོག་མེད་ཀྱི་དྲན་པའོ། །དེར་ཞེན་པ་ནི་རྟོག་པའོ། །སྔར་ངེས་པ་དྲངས་ཟིན་པའི་དབྱིབས་དང་ཁ་དོག་མཐོང་བའི་ཤེས་པ་ནི་རྟོག་མེད་ཀྱི་མོས་པའོ། །དེར་ཞེན་པ་ནི་རྟོག་པའོ། །དེ་བཞིན་དུ་ཁ་དོག་མཐོང་ཙམ་ནས་ཡིད་དུ་འོང་བར་སྣང་བ་ནི་རྟོག་མེད་འདོད་ཆགས་སོ། །དེར་ཞེན་པ་ནི་རྟོག་པའོ། །ཡང་ཁ་དོག་མཐོང་ཙམ་ནས་ཡིད་དུ་མི་འོང་བར་སྣང་བ་ནི་རྟོག་མེད་ཀྱི་ཁོང་ཁྲོ་བའོ། །དེར་ཞེན་པ་ནི་རྟོག་པའོ། །ཡིད་ཤེས་ཁོ་ནའི་ས་པ་རྣམས་ལ་དེ་ལྟ་བུའི་དབྱེ་བ་གཉིས་ཡོད་པ་མ་ཡིན་ཏེ། ལྟ་བ་དང་ཐེ་ཚོམ་བཞིན་ནོ། །གཉིས་པ་གཞན་ལན་མི་འཐད་པ་ནི། བླ་མ་རྗེ་བཙུན་པའི་གསུང་གིས་མིག་ཤེས་འཁོར་གྱི་དྲན་པ་དང་འདོད་ཆགས་སོགས་མི་འབྱུང་ཡང་དེས་དྲངས་ནས་སྐྱེས་པ་ལ་དེའི་འཁོར་དུ་བྱུང་བའི་མིང་གིས་བཏགས་པ་ཡིན་ཞིང༌། དྲན་འདུན་མོས་པ་ལ་སོགས་པའི་དངོས་རྒྱུར་གྱུར་པའི་སེམས་བྱུང་ཞིག་ལ་དེའི་མིང་གིས་བཏགས་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཆོས་ཀྱི་གྲགས་པའི་དགོངས་པ་ལས་གྲུབ་པ་ཡིན་ནོ་ཞེས་གསུང་ངོ༌། །འདི་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བ་དང༌། རིགས་པ་མཁྱེན་པའི་དགོངས་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། འོ་ན་མིག་ཤེས་འཁོར་དུ་ཐེ་ཚོམ་དང༌། ཀུན་གཞིའི་འཁོར་དུ་ཡང་སེམས་བྱུང་གཞན་འབྱུང་བར་འགྱུར་ཏེ། དེས་དྲངས་པའི་ཐེ་ཚོམ་དང༌། ཤེས་རབ་ལ་སོགས་པ་གཞན་དང་གཞན་འབྱུང་བའི་ཕྱིར་རོ། །རིགས་པ་མཁྱེན་པའི་གཞུང་དང་ཡང་འགལ་ཏེ། ཇི་སྐད་དུ། གལ་ཏེ་འདོད་དང་མི་འདོད་པར། །སྣང་བ་རྟོག་ཡིན་དོན་བློ་མིན། །ཞེས་བྱ་བའི་གཞུང་གི་ཕྱོགས་སྔ་མ་ཞལ་གྱིས་བཞེས་པའི་ཕྱིར་རོ། །བཞི་པ་རྣམ་ཤེས་ཕུང་པོའི་མཚན་གཞི་ནི་གསུམ་སྟེ། སེམས་དང༌། ཡིད་དང༌། རྣམ་པར་ཤེས་པ་རྣམས་སོ། །དང་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་འདི་ལ་ས་བོན་དང་རྣམ་སྨིན་གྱི་དབྱེ་བས་གཉིས་སོ། །གཉིས་པ་ཡིད་ལ་འགག་མ་ཐག་པའི་ཚོགས་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་དེ་གཉིས་སོ། །གསུམ་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ །འདི་དག་བསྡུ་ན་གཉིས་སུ་འགྱུར་ཏེ་ས་བོན་དང་རྣམ་སྨིན་ནོ། །དང་པོ་ལ་གཉིས་ཏེ། ཟག་པ་དང་བཅས་པའི་ས་བོན་དང་ཟག་པ་མེད་པའི་ས་བོན་ནོ། །དང་པོ་ནི་ཀུན་གཞི་ཡིན་ལ། དེའི་ངོ་བོར་གྱུར་པའི་རྣམ་པར་ཤེས་པ་ནི་འདིར་རྣམ་ཤེས་ཀྱི་ཕུང་པོའི་གཙོ་བོ་ཡིན་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་རྣམ་པར་ཤེས་པ་དེ་ཡིན་ལ། འདི་ནི་རྣལ་འབྱོར་སྤྱོད་པ་བ་དག་གི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་གནས་སུ་ཁས་ལེན་པ་ཡིན་ལ། རྣམ་ཤེས་ཀྱི་ཕུང་པོ་ལ་དེ་ལྟ་བུ་ཞིག་དགོས་པའི་ཕྱིར། ཟག་པ་མེད་པའི་ས་བོན་ནི་རྣམ་ཤེས་ཀྱི་ཕུང་པོས་བསྡུས་པ་ཙམ་དུ་ཁས་བླངས་པས་ཆོག་མོད། རྣམ་ཤེས་ཀྱི་ཕུང་པོ་དངོས་མ་ཡིན་ཏེ། སེམས་དང་ཡིད་དང་རྣམ་པར་ཤེས་པ་གསུམ་པོ་གང་དུའང་མི་རུང་བའི་ཕྱིར། ཇི་ལྟར་ཞེ་ན་སེམས་མ་ཡིན་ཏེ། ཀུན་གཞི་མ་ཡིན་པའི་ཕྱིར། སའི་ནང་གི་གསེར་དང༌། ཆུའི་ནང་གི་འོ་མ་བཞིན་ནོ། །དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའོ་ཞེ་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེ་དེའི་ཁྱད་པར་དུ་འདོད་པ་དེ་ནི་ཀུན་གཞི་རྣམ་པར་མ་བཞག་པའི་ལུགས་ཡིན་པའི་ཕྱིར་དང༌། དེས་དམིགས་རྣམ་མི་འཛིན་པའི་ཕྱིར། གཉིས་པ་རྣམ་སྨིན་ལ་ཟག་པ་མེད་པའི་རྣམ་སྨིན་ནི་འདིར་མི་སྲིད་དེ། དེ་རྣམ་སྨིན་གྱི་རྒྱུར་མི་རུང་བའི་ཕྱིར་དང༌། ཀུན་གཞིའི་སྟེང་གི་ཟག་པ་མེད་པའི་ས་བོན་གྱི་དུས་པ་ཡོངས་སུ་སྨིན་པ་ལས་ཟག་པ་མེད་པའི་ཡེ་ཤེས་རྣམས་ཀུན་གཞིའི་རྣམ་སྨིན་གྱི་ངོ་བོར་སྐྱེ་བ་མི་སྲིད་པའི་ཕྱིར། དེས་ན་ཟག་པ་དང་བཅས་པའི་རྣམ་སྨིན་ཁོ་ནའོ། །འདི་ལ་གཉིས་ཏེ་རྣམ་སྨིན་དངོས་དང་དེ་ལས་བྱུང་བའོ། །དང་པོ་ནི། ཀུན་གཞིའི་རྣམ་སྨིན་གྱི་ཆར་སྐྱེས་པ་དེའོ། །འདི་ལའང་གཉིས་ཏེ། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱི་རྣམ་སྨིན་དང་ལུང་མ་བསྟན་ཟག་བཅས་ཀྱི་རྣམ་སྨིན་ནོ། །དེའི་རྣམ་སྨིན་ཇི་ལྟར་ཡོད་ཅེ་ན། རང་ཉིད་རྣམ་སྨིན་གྱི་རྒྱུ་དངོས་མ་ཡིན་ཡང༌། དེས་འགྲུབ་བྱེད་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་རྣམ་སྨིན་གྲུབ་པ་དེའི་ཚེ་དེ་ཡང་དེའི་རྣམ་སྨིན་དུ་བཏགས་པ་ཡིན་ཏེ། དཔེར་ན་བསམ་གཏན་དང་པོའི་སས་བསྡུས་ཀྱི་རྣམ་སྨིན་གྱི་ཕུང་པོ་དེ་བསམ་གཏན་དང་པོའི་སས་བསྡུས་ཀྱི་ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་བཏགས་པ་བཞིན་ནོ། །འོ་ན་ཀུན་གཞིའི་སྟེང་དུ་རྣམ་པར་སྨིན་པའི་ཚུལ་ཇི་ལྟ་བུ་ཡིན། དེར་སྨིན་པ་ཐམས་ཅད་རྣམ་སྨིན་གྱི་འབྲས་བུར་ངེས་སམ་ཞེ་ན། དེའི་ལན་བཤད་པ། སྨིན་ཞེས་པ་བཤད་པའི་གཞིར་ཞོག གང་དུ་སྨིན་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ་སྨིན་ནོ། །གང་སྨིན་ན་མིང་གཟུགས་སམ་ཕུང་པོ་ལྔ་སྨིན་ནོ། །ཇི་ལྟར་སྨིན་ན་ཀུན་གཞིའི་ངོ་བོར་སྨིན་པ་ཡིན་གྱི་དགེ་བ་དང་ཉོན་མོངས་པ་ཅན་གྱི་ངོ་བོར་སྨིན་པ་ནི་མ་ཡིན་ནོ། །དེ་ལྟར་སྨིན་པའི་ངོ་བོ་དེ་ཡང་སྤྱིར་ཕུང་པོ་ཡིན་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་ཟླས་ཕྱེ་བའི་མིང་གཟུགས་ཞེས་བྱ་བའི་ཐ་སྙད་ཀྱིས་བསྟན་པའི་རྟེན་འབྲེལ་ཡིན་པའི་ཕྱིར། བྱེ་བྲག་ཏུ་རྣམ་ཤེས་ཀྱི་ཕུང་པོར་འཇོག་པ་ཡིན་ཏེ་ཀུན་གཞིའི་རྣམ་སྨིན་གྱི་ཆ་ཡིན་པའི་ཕྱིར། སྨིན་པ་དེ་ཐམས་ཅད་བསྡུས་ན་གཉིས་སུ་འདུས་ཏེ། ཡུལ་ཅན་གྱི་ངོ་བོར་སྨིན་པ་དང༌། ཡུལ་གྱི་ངོ་བོར་སྨིན་པའོ། །དང་པོ་ལ་གསུམ་སྟེ། དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བ་དང༌། བདག་ཏུ་སྣང་བའོ། །དང་པོ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ཀུན་གཞིའི་ངོ་བོར་སྨིན་པ་དེའོ། །གཉིས་པ་ནི་རང་རྒྱུད་ཀྱི་དབང་པོ་ལྔ་ནི་ཀུན་གཞིའི་ངོ་བོར་སྨིན་པ་དེའོ། །གསུམ་པ་ནི། ཉོན་མོངས་པ་ཅན་གྱི་ཡིད་དེར་སྨིན་པའོ། །གཉིས་པ་ཡུལ་དུ་སྨིན་པ་ལ། སྣོད་ཀྱི་འཇིག་རྟེན་དུ་སྨིན་པ་དང༌། བཅུད་ཀྱི་སེམས་ཅན་དུ་སྨིན་པའོ། །དེ་ལྟར་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཡུལ་དེ་དང་དེ་དག་ཡུལ་ཅན་དེ་དང་དེའི་དམིགས་པར་བཞག་དགོས་པ་ཡིན་ཏེ། ཇི་སྐད་དུ། ཀུན་གཞིའི་དམིགས་པ་འཆད་པའི་སྐབས་སུ། དེ་ནི་ལེན་པ་དག་དང་གནས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་དེ་དངོས་སུ་སྣང་བ་ནི་མ་ཡིན་ཏེ། ཇི་སྐད་དུ། རྣམ་པར་རིག་པ་མི་རིག་པ། །ཞེས་དང༌། མི་རིག་སྣ་ཚོགས་ལྷན་ཅིག་འབྱུང༌། །ཞེས་དང༌། བསྡུ་བར་ཚི་གུའི་ཚོན་སྣ་ཚོགས་ཀྱིས་ཁ་བསྒྱུར་བའི་རས་ཇི་སྲིད་ཚོན་གྱི་སྣོད་དུ་མ་བཅུག་པ་དེ་སྲིད་དུ་མི་གསལ་བའི་དཔེས་གསུངས་པའི་ཕྱིར། དོན་འདི་མ་ཤེས་ན་ཀུན་གཞིའི་དམིགས་པ་ཅི་ལ་ཟེར་གྱི་དོན་མི་ཤེས་པ་ཡིན་ནོ། །འོ་ན་ཀུན་གཞིའི་རྣམ་སྨིན་གྱི་ངོ་བོར་གནས་པའི་ཉོན་ཡིད་འདོད་པ་ནི་ངོ་མཚར་གྱི་གནས་སོ་ཞེ་ན། དེ་ཡང་ཁྱོད་ཀྱིས་མ་ཤེས་པ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་བདུན་གྱི་ས་བོན་ཀུན་གཞི་ལ་གནས་པ་དེའི་ཚེ་ན་ས་བོན་དང་ལྡན་པ་ཞེས་བྱ་ལ། དེ་ནུས་པ་མཐུ་ཅན་དུ་བརྟས་ཏེ། རྣམ་སྨིན་གྱི་ངོ་བོར་གནས་པ་དེའི་ཚེ་ཚོགས་བདུན་དབང་དང་ལྡན་པ་ཞེས་བྱ། རྒྱ་མཚོ་ལས་རླབས་འབྱུང་བ་བཞིན་དུ་ཀུན་གཞིའི་རྣམ་སྨིན་ལས་རྣམ་པར་ཤེས་པའི་ཚོགས་བདུན་པོ་སོ་སོ་ཐ་དད་ནས་འཐོན་ནས། དགེ་མི་དགེ་ལུང་མ་བསྟན་སོ་སོར་ངེས་པ་དེའི་ཚེ་ན་ཀུན་ཏུ་འབྱུང་བ་དང་ལྡན་པ་ཞེས་བྱ་ལ། གནས་སྐབས་གསུམ་པོ་དེ་ཉིད་ས་བོན་དང་རྣམ་སྨིན་དང་རྣམ་སྨིན་ལས་བྱུང་བ་ཞེས་བྱ་བའི་གནས་སྐབས་གསུམ་པོ་དེ་ཉིད་ཡིན་ནོ། །དྲི་བ་གཉིས་པའི་ལན་ནི། རྣམ་སྨིན་གྱི་ངོ་བོར་གནས་པའི་ཀུན་གཞིའི་རང་ལྡོག་ནས་རྣམ་སྨིན་གྱི་འབྲས་བུ་ཡིན་ཏེ། བདེ་འགྲོ་དང་ངན་འགྲོ་གང་རུང་འཕེན་བྱེད་ཀྱི་ལས་དེའི་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། ལས་ཀྱི་བག་ཆགས་ཀུན་གཞིའི་སྟེང་དུ་བསགས་པ་དེའི་རྣམ་སྨིན་གྱི་འབྲས་བུ་ནི་མ་ཡིན་ཏེ། དེ་འདྲ་དེ་ལུང་མ་བསྟན་ཡིན་པའི་ཕྱིར། ཡང་དེའི་རང་ལྡོག་ནས་ཀུན་གཞིའི་ས་བོན་ཟག་བཅས་དེའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཏེ། དེ་དེའི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། དེ་ཡང་དེའི་རང་ལྡོག་ནས་རང་འགྲུབ་བྱེད་ཀྱི་རྒྱུ་དེའི་རྣམ་སྨིན་ཡིན་པའི་ངེས་པ་མེད་དེ། མཐོ་རིས་ཀྱི་ཀུན་གཞིའི་འགྲུབ་བྱེད་མི་དགེ་བ་ཡིན་པ་སྲིད་པའི་ཕྱིར། ཡང་དེའི་ངོ་བོར་གྱུར་པའི་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། རྒྱུད་གཞན་གྱིས་བསྡུས་པའི་བཅུད་ཀྱི་སེམས་ཅན་དུ་སྣང་བ་གང་ཡིན་པ་འདི་ཡང༌། རང་གི་རྒྱུར་གྱུར་པའི་དགེ་བའམ་མི་དགེ་བའི་ལས་དེའི་བདག་པོའི་འབྲས་བུར་ཁས་ལེན་དགོས་པ་ཡིན་ཏེ། རྣམ་སྨིན་དངོས་ནི་ཕྱི་རོལ་གྱི་ཡུལ་དང་རྒྱུད་གཞན་ལ་སྨིན་པ་མི་སྲིད་པའི་ཕྱིར། ཡང་ན་ནི་རྣམ་སྨིན་དངོས་ལས་བདག་འབྲས་འབྱུང་བ་ཞིག་ཁས་ལེན་དགོས་པ་ཡིན་ནོ། །གཉིས་པ་ཡིད་ཀྱི་དཀའ་བའི་གནས་ལ་དོགས་པ་འདི་སྐྱེ་བར་འགྱུར་ཏེ། ཚོགས་དྲུག་འགགས་མ་ཐག་པའི་རང་ལྡོག་ནས་རྣམ་ཤེས་སུ་མི་རུང་འགག་མ་ཐག་པའི་ཚོགས་དྲུག་ཅེས་འདོད་ན་ནི་རྣམ་པར་ཤེས་པ་ལས་མ་འདས་པའི་ཕྱིར་དེ་ཡིད་དུ་འཇོག་པ་མི་འཐད་དོ་སྙམ་པ་དང༌། ཡང་ཇི་སྐད་དུ། ཉོན་ཡིད་ཀྱི་སྒྲུབ་བྱེད་འཆད་པ་ན། །ལྔ་པོ་དག་དང་འདྲ་བ་དང༌། །ཞེས་ཉོན་མོངས་པ་ཅན་གྱི་ཡིད་དེ་ཡིད་ཀྱི་རྣམ་པར་ཤེས་པའི་བདག་རྐྱེན་དུ་བཤད་ན། ཉོན་ཡིད་མེད་པའི་གནས་སྐབས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དག་ལ་དེ་བདག་པོའི་རྐྱེན་དུ་ཇི་ལྟར་ཡོད་སྙམ་པའི་དོགས་པ་སྐྱེ་བར་འགྱུར་རོ། །དོགས་པ་དང་པོ་སེལ་བར་བྱེད་པའི་ལན་ནི་འདི་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་དྲུག་པོ་འདི་ལ་གནས་སྐབས་གཉིས་ཏེ། རྣམ་ཤེས་སུ་འཇོག་པའི་གནས་སྐབས་དང༌། ཡིད་དུ་འཇོག་པའི་གནས་སྐབས་སོ། །དང་པོ་ནི་ཚོགས་དྲུག་པ་རང་རང་སྐྱེས་ཤིང་མ་འགགས་པའི་ད་ལྟར་གྱི་དུས་དེའོ། །གཉིས་པ་ནི། རང་རང་འགགས་མ་ཐག་པའི་དུས་དེའོ། །འོ་ན་དེ་དེར་འཇོག་པ་ཙམ་གྱིས་ཆོག་གམ་ཞེ་ན་ཆོག་པ་མ་ཡིན་ཏེ། འགགས་མ་ཐག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེའི་བདག་འབྲས་སུ་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེས་པ་གཅིག་ཀྱང་དགོས་པའི་ཕྱིར། དེ་ཡང་དཔེར་མཚོན་ན་གཟུང་འཛིན་མིག་གི་རྣམ་པར་ཤེས་པའི་དེ་མ་ཐག་འབྲས་སུ་གྱུར་པའི་གཟུགས་ངེས་པའི་ངེས་ཤེས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་རྒྱུ་ནུས་པ་ཐོགས་མེད་ཀྱི་སྐབས་དེར་དེ་དེའི་དེ་མ་ཐག་པའི་རྐྱེན་ཁོ་ན་ཡིན་གྱི། དེའི་བདག་པོའི་རྐྱེན་མ་ཡིན་ཏེ། དེ་དེ་ལ་ལྟོས་པའི་ཡིད་མ་ཡིན་པའི་ཕྱིར། མ་ཡིན་ཏེ། དེ་དེ་ལ་ལྟོས་པའི་ཀུན་རྫོབ་པའི་ཡིད་ཀྱང་མ་ཡིན། དོན་དམ་པའི་ཡིད་ཀྱང་མ་ཡིན་པའི་ཕྱིར་རོ། །དང་པོ་མ་ཡིན་ཏེ། དེ་ལ་ལྟོས་པའི་འདས་མ་ཐག་པ་མ་ཡིན་པའི་ཕྱིར། གཉིས་པ་མ་ཡིན་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མ་ཡིན་པའི་ཕྱིར། དེ་འདྲའི་ངེས་ཤེས་དེ་སྐྱེས་ཟིན་པ་དེའི་ཚེ་ནི། དེ་དེའི་བདག་པོའི་རྐྱེན་ཀྱང་ཡིན་ཏེ། དེ་དེའི་དུས་སུ་འདས་མ་ཐག་པའི་ཚོགས་དྲུག་གང་ཞིག དེ་འགག་པའི་སྟོབས་ཀྱིས་ངེས་ཤེས་དེ་རང་དབང་དུ་སྐྱེས་པའི་ཕྱིར། དེའི་རིགས་འདྲའི་རྒྱུན་སྔ་མ་རྣམས་ཀྱང་ཡིད་དུ་འཇོག་གམ་ཞེ་ན། འགགས་མ་ཐག་པ་དེ་ཁོ་ན་ཡིད་ཡིན་གྱི་དེའི་རིགས་འདྲ་སྔ་མ་རྣམས་མ་ཡིན་ཏེ། དེ་རྣམས་འགགས་པའི་སྟོབས་ཀྱིས་ཁོ་སྐྱེ་བའི་གོ་སྐབས་ཕྱེ་བ་མ་ཡིན་པའི་ཕྱིར། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་ནི་རིགས་འདྲའི་རྒྱུན་སྔ་ཕྱི་གཉིས་ཀ་ཡོད་ལ། དེའི་བདག་པོའི་རྐྱེན་ལ་ནི་རིགས་འདྲའི་རྒྱུན་སྔ་ཕྱི་གཉིས་ཀ་མེད་དོ། །ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །འོ་ན་རྣམ་པར་ཤེས་པའི་ཚོགས་དྲུག་པོའི་གནས་སྐབས་གཉིས་པོ་དེ་ལ་དེ་དང་དེར་འཇོག་ན། གནས་སྐབས་གསུམ་པོ་མ་འོངས་པའི་གནས་སྐབས་ལ་ཅིར་འཇོག་ཅེ་ན། དེ་ལ་གཉིས་ཏེ། དྲུག་པོ་དེའི་ས་བོན་དང་ལྡན་པ་དང༌། དབང་དང་ལྡན་པའི་གནས་སྐབས་སོ། །གཉིས་པོ་དེ་ནི་རིམ་པ་བཞིན་ཀུན་གཞིའི་ས་བོན་དང༌། རྣམ་སྨིན་གྱི་གནས་སྐབས་གཉིས་ཡིན་ནོ་ཞེས་བཤད་ཟིན་པ་དེ་ཡིན་ནོ། །ཞར་ལ་འདི་ཤེས་དགོས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་དང༌། དེའི་ས་བོན་གཉིས་རྫས་སམ་ངོ་བོ་གཅིག་ཀྱང་ས་མཚུངས་པའི་ངེས་པ་མེད་དེ། འདོད་པའི་སས་བསྡུས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་དེའི་སྟེང་དུ་ཁམས་གོང་མའི་ལས་ཀྱི་བག་ཆགས་བསོག་དགོས་པའི་ཕྱིར། དོགས་པ་གཉིས་པའི་ལན་ནི་འདི་ལྟ་སྟེ། སྒོ་ལྔའི་རྣམ་པར་ཤེས་པ་ལྔ་པོ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་རེ་རེ་ཡོད་པ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཉོན་མོངས་པ་ཅན་གྱི་ཡིད་རྣམ་པར་བཞག་པ་འདི་ནི། ཡིད་ཀྱི་རྣམ་པར་ཤེས་པ་ཟག་བཅས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་པའི་སྟོད་འགྲེལ་ལས་བཤད་དོ། །དེའི་ཕྱིར་ཡང་རྣམ་པར་ཤེས་པའི་ཕུང་པོའི་རྣམ་གཞག་ཉེ་བར་ལེན་པའི་ཕུང་པོའི་དབང་དུ་བྱས་པར་གྲུབ་བོ། །དེ་ལྟར་བཤད་པ་ན་མཁས་པ་མ་ཡིན་པ་གང་དག་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་གཉིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་འདོད་པ་དག་ཡོད་དོ་ཞེས་ཟེར་བ་དེ་ཡང་མི་འཐད་པར་གྲུབ་བོ། །ཇི་ལྟར་ཞེ་ན། འོ་ན་དེ་གཉིས་ཆོས་ཅན། རང་གི་བདག་རྐྱེན་ཡིད་དབང་ལས་སྐྱེས་པར་ཐལ་ལོ། །འདོད་ན། དེ་གང་ཡིན། ཀུན་གཞི་དང་ཉོན་ཡིད་ཀྱི་རིགས་འདྲ་སྔ་མའོ་ཞེ་ན། རིགས་པ་མ་ཡིན་ཏེ། ཀུན་གཞི་ཡིད་དུ་འདོད་པ་ནི་ཆོས་མངོན་པ་ན་མི་བཞུགས་པའི་ཕྱིར་དང༌། ཁམས་བཅོ་བརྒྱད་ཀྱིས་ཟླས་ཕྱེ་བའི་ཡིད་ཁམས་ལ་བདག་རྐྱེན་ཡིད་ཁམས་ཚོལ་བ་འདི་ཡང་མངོན་པ་འཆད་པ་དག་གི་ལུགས་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཉོན་ཡིད་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་གཞུང་འགྲེལ་ན་མེད་དོ་ཞེས་པ་ཐམས་ཅད་དབང་ཤེས་དང་ཡིད་ཤེས་སུ་བསྡུ་དགོས་པ་མིན་ནམ་ཞེ་ན། དེ་ནི་རྣམ་པར་ཤེས་པ་ཚོགས་དྲུག་ཁོ་ནར་སྨྲ་བའི་ལུགས་སུ། འོ་ན་མིག་གི་རྣམ་པར་ཤེས་པ་ལྟ་བུ་གཅིག་ད་ལྟར་བའི་ཆ་ནས་དེ་མ་ཐག་རྐྱེན་དང༌། འདས་པའི་ཆ་ནས་ཡིད་ཀྱི་དབང་པོ་ཡིན་ནོ་ཞེས་རྫས་གཅིག་ལ་ལྡོགས་པས་ཕྱེ་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཁམས་བཅོ་བརྒྱད་པ་ཡིད་ཀྱི་ཁམས་གྲུབ་པར་བྱ་བའི་ཕྱིར་ཡིན་ནོ། །དེའི་དགོས་པ་ཡང་རྣམ་པར་ཤེས་པའི་ཚོགས་དང་པོ་ལྔ་ལ་བདག་རྐྱེན་གྱི་སྒོ་ནས་ཁམས་ལོག་པ་རེ་རེ་བཞག་པ་ལྟར་དྲུག་པ་ལ་ཡང་རང་གི་རྟེན་བདག་རྐྱེན་ཁམས་ལོག་པར་བཞག་པ་གཅིག་ཡོད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །འདིར་རྣམ་པར་ཤེས་པ་ཚོགས་དྲུག་གི་གོ་དོན་འཆད་པ་ན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞེས་ཟེར་བ་དེ་ནི་ལེགས་པ་མ་ཡིན་ཏེ། གཞུང་འགྲེལ་ལས་བདག་རྐྱེན་ལ་ཐུན་མོང་མ་ཡིན་པའི་བདག་རྐྱེན་དང་ཐུན་མོང་གི་བདག་རྐྱེན་ཞེས་གཉིས་སུ་ཕྱེ་བ་མི་སྣང་བའི་ཕྱིར་དང༌། བདག་རྐྱེན་ཡིན་ན་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་དགོས་པར་མཛོད་དང་ཚད་མ་ཀུན་ལས་བཏུས་ལས་འབྱུང་བའི་ཕྱིར་རོ། །འོ་ན་ཇི་སྐད་དུ། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་ཡིད་འདས་མ་ཐག་པ་དེ་རྣམ་པར་ཤེས་པའི་ཚོགས་ལྔའི་བདག་རྐྱེན་དུ་བཤད་པ་མ་ཡིན་ནམ་བཤད་པ་དེ་ལྟ་ན་ནི། དེ་དེའི་ཐུན་མོང་མ་ཡིན་པའི་རྒྱུར་འགྱུར་ལ། དེ་ལྟ་ན་ནི་ལྔ་པོ་དེ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་ཐལ་བར་འགྱུར་ཏེ། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་ཤེས་པ་ཡིན་པའི་ཕྱིར་སྙམ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། རྐྱེན་གསུམ་གྱི་ཟླས་ཕྱེ་བའི་བདག་པོའི་རྐྱེན་ནམ། བདག་རྐྱེན་དུ་གྱུར་པའི་དབང་པོ་དྲུག་པོ་གང་རུང་ཡིན་ན་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས་ཁྱབ་པ་ལ་བསམས་ནས་འདིར་དེ་སྐད་དུ་བཤད་པ་ཡིན་ལ། མཛོད་ལས་དེ་ལྟར་གསུངས་པ་དེ་ནི་བྱེད་རྒྱུ་ཞེས་བྱ་བདག་པོར་བཤད་ཅེས་འབྱུང་བ་ལྟར། དེ་ལས་ཐ་དད་དེ་སྐྱེ་བ་ལ་གེགས་མ་བྱས་ཙམ་ལ་བདག་པོའི་རྐྱེན་དུ་བཤད་པའམ། ཡང་ན་རྐྱེན་བཞིའི་ཟླས་ཕྱེ་བའི་བདག་རྐྱེན་ལ་དགོངས་ནས་གསུངས་པའི་ཕྱིར། དེ་ལས་གཞན་དུ་ན། དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །ཞེས་བྱ་བའི་ལུང་དང་འགལ་བར་འགྱུར་ཞིང༌། གཞན་ཡང་འགགས་མ་ཐག་པའི་ཡིད་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པར་ཐལ། རྣམ་ཤེས་དང་པོ་ལྔའི་ཡང་བདག་རྐྱེན་ཡིན་པའི་ཕྱིར། ཞེས་བྱ་བའི་རིགས་པས་གནོད་པར་འགྱུར་རོ། །གསུམ་པ་རྣམ་པར་ཤེས་པ་ལ། རང་གི་རྒྱུ་མིག་དབང་གཟུགས་ཅན་པས་བདག་པོའི་རྐྱེན་བྱས་པ་ལས་བྱུང་བའི་གཙོ་བོ་རྣམ་རིག་དེ། མིག་གི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་པ་ནས། རང་དུས་སུ་འགག་མ་ཐག་པའི་ཡིད་ཀྱི་དབང་པོས་བདག་རྐྱེན་བྱས་པ་ལས་བྱུང་ཞིང༌། རང་དང་དུས་གཅིག་པའི་དབང་པོའི་གཟུགས་ཅན་བདག་རྐྱེན་དུ་མ་ལྡན་པའི་གཙོ་བོ་རྣམ་རིག་དེ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཡིན་ནོ། །འོ་ན་འདིར་སེམས་ཡིད་རྣམ་ཤེས་གསུམ་གྱི་རྣམ་གཞག་དེ་ལྟར་བཤད་པ་དང༌། མཛོད་དུ། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་ཅེས་གསུངས་པ་འགལ་བ་མིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཀུན་གཞི་རྣམ་པར་མ་བཞག་པའི་དབང་དུ་བྱས་ལ། བཞག་པའི་ཚེ་ནི། དེ་གསུམ་དོན་མི་གཅིག་པར་ཐེག་བསྡུས་དང༌། དེའི་བཤད་སྦྱར་ལས་གསུངས་པའི་ཕྱིར་རོ། །ཡང་སྨྲས་པ། ཀུན་གཞི་ལ་རྣམ་སྨིན་དང་ས་བོན་གྱི་ཆ་གཉིས་སུ་ངེས་སམ་ཤེ་ན། ངེས་པ་མ་ཡིན་ཏེ། ཉན་རང་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདས་པའི་དབྱིངས་ན་གཉིས་པོ་ལོག་ནས་མེད་ཀྱང༌། ཀུན་གཞིའི་གསལ་ཆ་རྒྱུད་མ་ཆད་པར་ཡོད་པའི་ཕྱིར། དེ་ཀུན་གཞིའི་རྣམ་ཤེས་ཡིན་ཏེ། ཤེས་པ་ནི་ཡིན་དེ་ལས་གཞན་པའི་རྣམ་ཤེས་དང༌། ཡེ་ཤེས་གང་དུའང་མི་རུང་བའི་ཕྱིར། ཤེས་པ་ཡིན་ཏེ། གཞན་དུ་ན་ཐེག་ཆེན་གྱི་ལྷག་མེད་དུ་རིག་པ་རྒྱུན་ཆད་པ་ཁས་ལེན་དགོས་པའི་ཕྱིར། ཡེ་ཤེས་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ཀུན་གཞི་གནས་གྱུར་པའི་ཡེ་ཤེས་ཡིན་པའི་ཕྱིར། མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཐལ་བར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་གང་རུང་ཡང་མ་ཡིན་ཏེ། གནས་སྐབས་དེ་ན་དེ་ཡོད་པར་འདོད་པ་ནི་ཐེག་པ་ཆེ་ཆུང་སུའི་ལུགས་ལ་ཡང་མི་རུང་བའི་ཕྱིར། ཉོན་ཡིད་ཀྱང་མ་ཡིན་ཏེ། དེ་ལོག་ཟིན་པའི་ཕྱིར། འོ་ན་དགྲ་བཅོམ་པ་ཐ་མའི་ཡིད་དེ་ཡིད་ཀྱི་ཁམས་མ་ཡིན་པར་བཤད་པ་དང་མི་འགལ་ལམ་ཞེ་ན། འགལ་བ་མ་ཡིན་ཏེ། ཡིད་ཕྱི་མ་མི་བསྐྱེད་པ་ལ་དགོངས་པའི་ཕྱིར། དེ་ལྟ་ན་གནས་སྐབས་དེར་རིག་པ་རྒྱུན་མ་ཆད་པར་འགྱུར་རོ་ཞེ་ན། དེ་ནི་ཁྱོད་ཀྱིས་ལེགས་པར་མ་སྨྲས་ཏེ། ཀུན་གཞིའི་གསལ་ཆ་ཡིད་དུ་འདོད་པ་སུ་ཡང་མེད་པའི་ཕྱིར་རོ། །ཊཱི་ཀ་བྱེད་པ་དག་དགྲ་བཅོམ་པ་གྲོངས་ནས་རིག་པ་རྒྱུན་ཆད་དུ་ཁས་ལེན་དགོས་པར་ཡིད་ཁམས་ཀྱི་མུ་བཞི་བརྩི་བའི་གཞུང་གིས་བསྟན་པ་ཡིན་ནོ་ཞེས་ཟེར་བ་དེ་ནི་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་དང་འགལ་བས་ཡིད་བརྟན་པར་མི་བྱའོ། །ཞེས་བྱ་བ་འདི་ནི་ཕུང་པོའི་རྣམ་པར་བཞག་པ་སྔོན་གྱི་རྣམ་བཤད་བྱེད་པ་དག་གིས་གསལ་བར་མ་བཤད་པ་དག་ལེགས་པར་བཤད་པ་ཡིན་ནོ།།  །།གཉིས་པ་ཁམས་དང་སྐྱེ་མཆེད་ལ། མཚན་ཉིད་དང་མཚན་གཞི་བསམ་པའོ། །དང་པོ་ནི། ཉེར་སྤྱོད་འཛིན་པ་དེ་ཁམས་ཀྱི་མཚན་ཉིད། ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པ་དེ་སྐྱེ་མཆེད་ཀྱི་མཚན་ཉིད། ཉེར་སྤྱོད་འཛིན་པའི་ཚུལ་ལ་གསུམ་སྟེ། ས་བོན་གྱི་སྒོ་ནས་འཛིན་པ་དང༌། རྣམ་སྨིན་གྱི་སྒོ་ནས་འཛིན་པ་དང༌། རྣམ་སྨིན་ལས་བྱུང་བའི་ཚུལ་གྱིས་འཛིན་པའོ། །དང་པོ་ནི། ཀུན་གཞིའི་སྟེང་གི་ཁམས་བཅོ་བརྒྱད་ཀྱི་ས་བོན་ནོ། །འདི་ནི་ཁམས་མཚན་ཉིད་པ་ཡིན་ཞིང་ཉེར་སྤྱོད་འཛིན་པའི་ཚུལ་ནི་རྒྱུའི་རྐྱེན་བྱས་པའི་ཚུལ་གྱིས་འཛིན་ནོ། །གཉིས་པ་ནི། ཀུན་གཞིའི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཁམས་བཅུ་གཉིས་དང༌། དེའི་དབང་གི་འབྲས་བུར་གྱུར་པའི་ཡུལ་གྱི་ཁམས་དྲུག་གོ །འདི་ཡང་ཁམས་མཚན་ཉིད་པ་ཡིན་ཞིང༌། ཉེར་སྤྱོད་འཛིན་པའི་ཚུལ་ནི། རྟེན་དང་དམིགས་པ་དང༌། རང་གི་ངོ་བོའི་སྒོ་ནས་འཛིན་པ་ཡིན་ཀྱང༌། ཀུན་གཞི་ལས་ཐ་དད་དུ་མི་བྱེ་བའི་ཕྱིར། ཡུལ་ཡུལ་ཅན་རྟེན་དང་བཅས་པ་ཐ་དད་དུ་རྟོགས་པར་དཀའ་བས་འདི་ལ་དམིགས་རྐྱེན་དང་བདག་རྐྱེན་གྱི་རྣམ་པར་བཞག་པ་མཚན་ཉིད་པ་གཞུང་ལས་མ་གསུངས་སོ། །གསུམ་པ་ནི། རྣམ་སྨིན་ལས་མངོན་གྱུར་དུ་བྱུང་ཟིན་པའི་ཁམས་བཅོ་བརྒྱད་པོ་རྣམས་ཏེ། འདི་ཡང་ཁམས་མཚན་ཉིད་པ་ཡིན་ཞིང༌། ཉེར་སྤྱོད་འཛིན་པའི་ཚུལ་ནི་ཡུལ་གྱི་ཁམས་དྲུག་པོ་དེས་ཉེར་སྤྱོད་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེའི་དམིགས་པའི་རྐྱེན་དང༌། དབང་པོའི་ཁམས་དྲུག་པོ་དེས་བདག་པོའི་རྐྱེན་དང༌། རྣམ་པར་ཤེས་པའི་ཚོགས་དྲུག་པོ་དེ་ཉེར་སྤྱོད་རང་གི་ངོ་བོ་ཡིན་པའི་ཚུལ་གྱིས་འཛིན་ནོ། །ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པའི་ཚུལ་ལ་ཡང་གསུམ་སྟེ། ཉེར་སྤྱོད་མ་འོངས་པའི་ས་བོན་བྱེད་པའི་སྒོ་ནས་དང༌། རྣམ་སྨིན་གྱི་ངོ་བོར་གྱུར་པའི་ཉེར་སྤྱོད་མ་འོངས་པའི་བདག་རྐྱེན་དང༌། དམིགས་རྐྱེན་བཏགས་པ་བ་དང༌། རྣམ་སྨིན་ལས་བྱུང་བའི་ཉེར་སྤྱོད་མ་འོངས་པའི་བདག་རྐྱེན་དང་དམིགས་རྐྱེན་མཚན་ཉིད་པ་བྱེད་པའོ། །དང་པོ་ནི་ཀུན་གཞིའི་སྟེང་གི་སྐྱེ་མཆེད་བཅུ་གཉིས་ཀྱི་ས་བོན་ནོ། །འདིས་རྣམ་ཤེས་མ་འོངས་པའི་རྐྱེན་བྱེད་ཚུལ་གཉིས་ཏེ། རྒྱུའི་རྐྱེན་བྱེད་པ་དང༌། དམིགས་པ་དང་བདག་པོའི་རྐྱེན་བྱེད་ཚུལ་ལོ། །དང་པོ་ལས་ནི་ཁམས་སུ་འཇོག་ལ། གཉིས་པ་ལས་ནི་སྐྱེ་མཆེད་དུ་འཇོག་གོ །ས་བོན་ལ་སྐྱེ་མཆེད་དུ་འཇོག་པའི་ཚུལ་འདི། གཞུང་ལས་ཇི་ལྟར་མཐུན་མཐུན་དུ་སྦྱོར་ཞེས་པའི་ནུས་པ་ལས་བྱུང་བ་ཡིན་མོད་ཀྱང༌། འདི་སྐྱེ་མཆེད་བཏགས་པ་བར་འཇོག་དགོས་ཏེ། རྒྱུ་དུས་ཀྱི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་ནས་སྐྱེ་མཆེད་མཚན་ཉིད་པར་འཇོག་མི་ནུས་ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་གཟུགས་དང༌། དེའི་རྐྱེན་གྱིས་སྐྱེ་མཆེད་དྲུག་འབྱུང་བར་བཤད་པའི་ཕྱིར་རོ། །སྐྱེ་མཆེད་ཀྱི་འཇོག་ཚུལ་གཉིས་པ་ནི་ཀུན་གཞིའི་སྟེང་གི་རྣམ་སྨིན་གྱི་ངོ་བོར་གྱུར་པའི་མིག་སོགས་དྲུག་དང༌། དེའི་དབང་གིས་འབྲས་བུ་ཀུན་གཞིའི་སྟེང་གི་གཟུགས་སོགས་ཡུལ་དྲུག་གི་རྣམ་རིག་ལ་བྱ་བ་ཡིན་ལ། འདིས་རྐྱེན་བྱེད་ཚུལ་ལ་ཡང་གཉིས་ཏེ། རང་དང་དུས་མཉམ་པའི་རྣམ་པར་ཤེས་པའི་ཚོགས་དྲུག་གི་དམིགས་རྐྱེན་དང་བདག་རྐྱེན་བྱེད་པ་དང༌། རང་ལས་ཕྱིས་བྱུང་བའི་རྣམ་པར་ཤེས་པའི་རྐྱེན་བྱེད་པའོ། །དང་པོ་ལས་ནི་ཁམས་སུ་འཇོག་ལ། གཉིས་པ་ལས་ནི་སྐྱེ་མཆེད་དུ་འཇོག་པ་ཡིན་ནོ། །འདི་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱོར་ཞེས་པའི་གཞུང་གི་ནུས་པ་ལས་མཐོན་པར་བྱེད་དགོས་མོད། སྐྱེ་མཆེད་མཚན་ཉིད་པ་ནི་མ་ཡིན་ཏེ་རྒྱུ་མཚན་སྔ་མ་བཞིན་ནོ། །འོ་ན་མིག་གི་རྣམ་པར་ཤེས་པའི་མཚུངས་པ་དེ་མ་ཐག་རྐྱེན་གྱི་སྟེང་གི་ནུས་པ་ཞིག་ལ་མིག་ཏུ་འཇོག་པ་མ་ཡིན་ནམ་ཞེ་ན། ནུས་པ་དེ་ལ་གཉིས་ཏེ། རྣམ་སྨིན་གྱི་ངོ་བོར་གྱུར་པ་དང༌། རྣམ་སྨིན་ལས་བྱུང་བའོ། །དང་པོ་ནི། མིག་གི་ཁམས་མཚན་ཉིད་པ་ཡིན་ཀྱང་སྐྱེ་མཆེད་མ་ཡིན་ལ། སྐྱེ་མཆེད་མཚན་ཉིད་པ་དེ་གཉིས་པ་དེ་ཡིན་ནོ། །སྐྱེ་མཆེད་ཀྱི་འཇོག་ཚུལ་གསུམ་པ་ནི། དོན་དུ་སྣང་བ་དང་སེམས་ཅན་དུ་སྣང་བའི་རྣམ་རིག་ཅེས་ཀྱང་བྱ་ལ། རྣམ་སྨིན་ལས་བྱུང་བའི་སྐྱེ་མཆེད་ཅེས་ཀྱང་བྱའོ། །དེས་རྐྱེན་བྱེད་པའི་ཚུལ་ལ་གཉིས་ཏེ། རང་དང་དུས་མཉམ་པའི་དང༌། རང་ལས་ཕྱིས་བྱུང་བའི་དམིགས་བདག་གཉིས་བྱེད་པའོ། །དང་པོ་ལས་ནི་ཁམས་སུ་འཇོག་ལ་གཉིས་པ་ལས་ནི་སྐྱེ་མཆེད་དུ་འཇོག་པ་ཡིན་ནོ། །འོ་ན་ཡིད་ད་ལྟར་བས་རང་རང་དུས་མཉམ་པའི་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་པ་ཇི་ལྟར་ཡོད་ཅེ་ན། འདས་མ་ཐག་པའི་ཡིད་ལ་མེད་ཀྱང༌། ཉོན་མོངས་པ་ཅན་གྱི་ཡིད་ལ་ཡོད་པ་ཡིན་ནོ། །གཉིས་པ་མཚན་གཞི་བསམ་པ་ལ། གང་སྐྱེ་མཆེད་ཡིན་པ་དེ་ཐམས་ཅད་ཁམས་ཡིན་ཏེ། རྟེན་དང་དམིགས་པ་གང་རུང་གི་སྒོ་ནས་ཉེར་སྤྱོད་ད་ལྟར་བ་མི་འཛིན་པའི་སྐྱེ་མཆེད་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་ཁམས་ཡིན་པ་དེ་ཐམས་ཅད་སྐྱེ་མཆེད་ཡིན་པའི་ཁྱབ་པ་མེད་དེ། ཀུན་གཞིའི་ས་བོན་དང་རྣམ་སྨིན་གྱི་ཆར་གྱུར་པའི་ཡུལ་ཅན་གྱི་ཁམས་བཅུ་གཉིས་དངོས་སུ་གསུངས་པ་དང༌། ཡུལ་གྱི་ཁམས་དྲུག་དོན་གྱིས་ཐོབ་པ་རྣམས་སོ། །དེ་ཡང་ཇི་ལྟར་ཞེ་ན། དེ་དག་ཁམས་ཡིན་པ་ནི་གཞུང་ལས་དངོས་སུ་གསལ་ལ། སྐྱེ་མཆེད་ཡིན་པ་དངོས་སུ་མི་གསལ་ཡང་དོན་གྱིས་ཐོབ་པའི་དབང་དུ་བྱས་ན་ནི་སྔར་བཤད་པ་ལྟར་བཏགས་པ་བ་ཡིན་ལ། མཚན་ཉིད་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ཞར་བ་དང༌། གཟུགས་མེད་པའི་ཁམས་དང༌། སྒོ་ངའི་ནང་ན་འདུག་པ་སོགས་ལ་མིག་གི་སྐྱེ་མཆེད་ཡོད་པར་ཐལ་བའི་ཕྱིར་རོ། །དེས་ན་ཁམས་སུ་འཇོག་བྱེད་ནི་རྒྱུ་དང་རྐྱེན་གཉིས་ཀའི་སྒོ་ནས་འཇོག་ནུས་ལ། ཅིག་ཤོས་ནི་རྐྱེན་ཁོ་ནའི་སྒོ་ནས་བཞག་དགོས་པ་དང༌། ཡང་ཁམས་ནི་རྒྱུད་པའི་རྒྱུའི་སྒོ་ནས་བཞག་ནུས་ལ། ཅིག་ཤོས་ནི་དངོས་ཀྱི་རྒྱུ་ཁོ་ནའི་སྒོ་ནས་བཞག་དགོས་པ་ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །འོ་ན་རྣམ་སྨིན་ལས་བྱུང་བའི་སྐྱེ་མཆེད་གཟུགས་ཅན་བཅུ་དང༌། ཁམས་གཟུགས་ཅན་བཅུའི་མཚན་གཞིར་རུང་བ་གང་ཞེ་ན། དོན་དུ་སྣང་བ་དང་སེམས་ཅན་དུ་སྣང་བའི་རྣམ་རིག་ལ་མིག་དང་གཟུགས་ལ་སོགས་པར་སྒྲོ་བཏགས་པའི་དོན་གང་དང་གང་ཡིན་པ་དེ་ལ་ཀུན་བཏགས་པའི་མིག་དང་གཟུགས་ཞེས་བྱ་ལ། དེ་དང་དེ་དག་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ཀྱི་མཚན་གཞིར་འཇོག་པ་ཡིན་ནོ། །ཡང་དག་པར་ན་འདི་ཡིན་ཏེ། ཀུན་གཞིའི་ས་བོན་གྱི་སྟེང་ན་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དོན་དུ་སྣང་བ་དང༌། སེམས་ཅན་དུ་སྣང་བའི་རྣམ་རིག་ཡུལ་འཛིན་ནུས་པ་དང༌། ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པའི་ནུས་པ་ཞིག་ཡོད་པ་དེ་དང༌། ཀུན་གཞིའི་རྣམ་སྨིན་གྱི་སྟེང་ན་དོན་དུ་སྣང་བའི་རྣམ་རིག་སྐད་ཅིག་མ་དང་པོ་ཡུལ་གྱི་རྣམ་ལྡན་དང་ཡུལ་འཛིན་ནུས་སུ་བསྐྱེད་པའི་ནུས་པ་ཞིག་དང༌། ཡང་དོན་དུ་སྣང་བའི་རྣམ་རིག་སྐད་ཅིག་དང་པོ་དང་གཉིས་པ་ལ་སོགས་པའི་སྟེང་ན། རང་རང་གི་རིགས་འདྲ་ཕྱི་མ་རྣམས་དེ་དང་དེར་བསྐྱེད་པའི་ནུས་པ་ཞིག་སྟེ་གནས་སྐབས་གསུམ་ཡོད་དོ། །གསུམ་པོ་དེ་ལ་གོ་རིམ་བཞིན་དུ་ས་བོན་དང་རྣམ་སྨིན་དང་རྣམ་སྨིན་ལས་བྱུང་བའི་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་དུ་འཇོག་པ་ཡིན་ནོ། །ཞེས་བྱ་བ་འདིས་ནི་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་བཞག་པ་ཊཱིཀ་བྱེད་པ་དག་གིས་མ་བཤད་པ་དག་ལེགས་པར་བཤད་པ་ཡིན་ནོ།།  །།གསུམ་པ་སྒྲ་བཤད་པའི་སྒོ་ནས་མཇུག་བསྡུ་བ་ནི། སྔར་བཤད་པའི་ས་བོན་དང༌། རྣམ་སྨིན་གྱི་ཆར་གྱུར་པའི་ཕུང་ཁམས་སྐྱེ་མཆེད་དུ་བཤད་པ་དེ་དག་ནི། དུ་མ་སྤུངས་པའི་ཆ་ནས་ཕུང་པོར་འཇོག་ལ། དེ་ཡང་རྣམ་ཤེས་ཀྱི་ཕུང་པོ་ཁོ་ནར་ངེས་སོ། །ཉེར་སྤྱོད་མ་འོངས་པའི་རྒྱུའི་རྐྱེན་བྱེད་པའི་ཆ་ནས་ཁམས་སུ་འཇོག་ལ། དེ་ཡང་ཉེ་བར་ལེན་པའི་རྒྱུ་བྱེད་པའི་ཆ་ནས་སོ། །ཉེར་སྤྱོད་མ་འོངས་པའི་དམིགས་པའི་རྐྱེན་དང་བདག་རྐྱེན་བྱེད་པའི་ཆ་ནས་སྐྱེ་མཆེད་དུ་འཇོག་པ་ཡིན་ནོ། །འདིར་དམིགས་རྐྱེན་དང་བདག་རྐྱེན་མཚན་ཉིད་པ་ཡིན་ཀྱང་སྐྱེ་མཆེད་བཏགས་པ་བར་འཇོག་དགོས་པ་འགའ་ཞིག་ཡོད་དེ། དེ་གང་ཞེ་ན། ཀུན་གཞིའི་སྟེང་གི་འཇུག་ཤེས་སྐད་ཅིག་དང་པོ་དེ་དང་དེར་བསྐྱེད་པའི་ནུས་པའོ། །དེའི་རྒྱུ་མཚན་ཡང་སྐྱེ་མཆེད་དུ་འཇོག་པ་དེའི་ཚེ་ཀུན་གཞི་ལས་རྫས་ཐ་དད་དུ་སྐྱེས་དགོས་པའི་ཕྱིར་རོ། །ཡང་རྣམ་སྨིན་ལས་བྱུང་བའི་ཆར་གྱུར་པའི་ཕུང་ཁམས་སྐྱེ་མཆེད་དུ་བཤད་པ་དེ་ཐམས་ཅད་ཀྱང་དུ་མ་སྤུངས་པའི་ཆ་ནས་ཕུང་པོ་ཡིན་ལ། དེ་ཡང་གཟུགས་དང་ཚོར་བ་ལ་སོགས་པ་སོ་སོར་ངེས་པ་ཁོ་ན་ཡིན་ནོ། །ཡང་དེ་ཐམས་ཅད་འདས་པའི་ཉེར་སྤྱོད་བཟུང་ཟིན་པ་དང༌། ད་ལྟར་གྱི་ཉེར་སྤྱོད་འཛིན་བཞིན་པའི་ཆ་ནས་ཁམས་སུ་འཇོག་པ་ཡིན་ལ། དེ་ཡང་དམིགས་བདག་གང་རུང་གི་སྒོ་ནས་ཡིན་ལ། དེ་མ་ཐག་རྐྱེན་གྱི་ཆ་ནས་ཁམས་སུ་འཇོག་པའི་ཚུལ་ནི། འཇོག་ཚུལ་སྔ་མ་གཉིས་ཀྱི་ནང་དུ་འདུས་ལ། ལྷན་ཅིག་འབྱུང་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་བྱས་པའི་སྒོ་ནས་ཁམས་སུ་འཇོག་ཚུལ་ནི། ཉེར་སྤྱོད་རང་གི་ངོ་བོའི་སྒོ་ནས་འཛིན་པ་ཞེས་བྱ་བ་དེར་འདུག་པ་ཡིན་ནོ། །འདིར་རྐྱེན་གསུམ་མཚན་ཉིད་པ་ཡིན་ཀྱང་ཉེར་སྤྱོད་འཛིན་ཚུལ་གསུམ་པོ་དེར་མ་འདུས་པ་ཡོད་དེ། ཀུན་གཞིའི་སྟེང་གི་ནུས་པ་ལ་མིག་གི་རྣམ་པར་ཤེས་པ་ཕྱི་མ་ཡུལ་འཛིན་ནུས་དང་ཡུལ་གྱི་རྣམ་ལྡན་དུ་བསྐྱེད་པའི་ཆ་ནས་རྐྱེན་གཉིས་མཚན་ཉིད་པ་དང༌། ཁམས་མཚན་ཉིད་པ་ཡིན་ཀྱང༌། འདས་པ་དང་ད་ལྟར་གྱི་ཉེར་སྤྱོད་གནས་དང་དམིགས་པའི་སྒོ་ནས་འཛིན་པ་མེད་པའི་ཕྱིར། ཡང་དེ་དང་དེ་དག་ཉེར་སྤྱོད་མ་འོངས་པ་སྐྱེ་བའི་སྒོ་འབྱེད་པའི་ཆ་ནས་སྐྱེ་མཆེད་དུ་འཇོག་པ་ཡིན་ནོ། །དེ་ལྟར་ཁམས་དང་སྐྱེ་མཆེད་མི་འགལ་ཡང༌། དེར་འཇོག་པར་བྱེད་པའི་བྱེད་ཆོས་གཉིས་ཀྱི་ལྡོག་ཆ་གཉིས་འགལ་བ་ཁོ་ནར་ངེས་སོ། །མི་འགལ་ན་རྒྱ་ཆེ་ཆུང་གི་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཁམས་ཡིན་ལ་སྐྱེ་མཆེད་མིན་པ་ནི་ས་བོན་དང་རྣམ་སྨིན་གྱི་ཆ་ལ་ཡོད་པ་ནི་བཤད་ཟིན་ལ། ཁྱད་པར་དུ་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཁམས་ཀྱི་གཙོ་བོ་ཡིན་ལ། སྐྱེ་མཆེད་ནི་གང་དུ་ཡང་མི་རུང་ངོ༌། །ཡང་དགྲ་བཅོམ་པ་ཐ་མའི་མིག་དང་ཡིད་ལྟ་བུ་ལ་ཁམས་ཀྱི་འཇོག་ཚུལ་གཅིག་ཚང་ལ། སྐྱེ་མཆེད་ཀྱི་འཇོག་ཚུལ་ཚང་བའི་སྐབས་མི་སྲིད་དོ། །དང་པོ་ཚང་བ་ཡིན་ཏེ། ཉེར་སྤྱོད་ད་ལྟར་བ་འཛིན་པའི་ཕྱིར། གཉིས་པ་མ་ཚང་བ་ཡིན་ཏེ། ཉེར་སྤྱོད་མ་འོངས་པས་ནི་དམིགས་བདག་གང་རུང་མི་བྱེད་ལ། ད་ལྟར་བའི་དེ་དང་དེ་བྱེད་ཀྱང་དེའི་ཆ་ནས་སྐྱེ་མཆེད་དུ་འཇོག་མི་ནུས་པའི་ཕྱིར། འོ་ན་དེ་དང་དེ་ཁམས་མ་ཡིན་པར་ཡང་མ་བཤད་དམ་ཞེ་ན། བཤད་མོད་དེ་ནི་ཁམས་ཀྱི་འཇོག་ཚུལ་གཉིས་པའི་དབང་དུ་བྱས་པ་ཡིན་ནོ། །སྐྱེ་མཆེད་ཡིན་ལ་ཁམས་མིན་པ་ནི་ཁམས་འཇོག་ཚུལ་གཉིས་པའི་དབང་དུ་བྱས་ན་མི་སྲིད་ཀྱང༌། འཇོག་ཚུལ་དང་པོའི་དབང་དུ་བྱས་ན་སྲིད་པ་ཡིན་ཏེ། གང་ཞེ་ན། དེ་མཚུངས་ཀྱི་དབང་པོ་ལྔ་པོ་རྣམས་སོ། །དེ་རྣམས་ཁམས་མ་ཡིན་ཏེ། ཡིན་ན་དབང་པོའི་ཁམས་ཡིན་དགོས་པ་ལས་མ་ཡིན་པའི་ཕྱིར། མ་ཡིན་ཏེ་ཉེར་སྤྱོད་གནས་ཀྱི་སྒོ་ནས་མི་འཛིན་པའི་ཕྱིར། སྐྱེ་མཆེད་ནི་ཡིན་ཏེ། ཉེར་སྤྱོད་མ་འོངས་པའི་བདག་རྐྱེན་བྱེད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ན་གཟུགས་མེད་པའི་ཁམས་ན་གཟུགས་ཀྱི་ཕུང་པོ་དང༌། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་མེད་ཀྱང༌། གཟུགས་ཅན་གྱི་ཁམས་བཅུ་ཡོད་པ་ནི་གཞུང་གི་དགོངས་པར་ངེས་ལ། དེར་དེ་མེད་པར་བཤད་པ་ནི། ས་དེ་བསྡུས་ཀྱི་དེ་མེད་པ་ལ་དགོངས་སོ། །དེ་ནས་ཉེ་བར་མཁོ་བའི་དོན་གཞན་ཡང་བཤད་པར་བྱ་སྟེ། འདིར་བཤད་པའི་ཆོས་གསུམ་པོ་ཐམས་ཅད་ཟག་པ་དང་བཅས་པ་ཁོ་ན་ཡིན་ན་སྤང་བྱ་གཉིས་དང༌། སྒྲིབ་པ་གཉིས་ལས་གང་དུ་བཞག་ཅེ་ན། འདིར་ཆོས་གསུམ་པོ་ནི་སྡེ་ཚན་གཉིས་སུ་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་བྱུང་བ་དང༌། ཉོན་མོངས་ཅན་མ་ཡིན་པའི་དབང་གིས་བྱུང་བའོ། །དང་པོ་ལ་གཉིས་ཏེ། སྒོམ་སྤང་དུ་གྱུར་པའི་མ་རིག་པ་དང༌། མཐོང་སྤང་དུ་གྱུར་པའི་འོ། །དང་པོ་ནི་ཉོན་ཡིད་འཁོར་དུ་བྱུང་བའི་མ་རིག་པ་ཇི་སྙེད་པ་དང༌། ཡིད་ཤེས་འཁོར་དུ་བྱུང་བའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ལྷན་སྐྱེས་རྣམས་སོ། །གཉིས་པ་ནི། དེའི་འཁོར་དུ་བྱུང་བའི་ཉོན་མོངས་པ་ཅན་གྱི་མ་རིག་པ་ཀུན་བཏགས་རྣམས་སོ། །གཉིས་པ་ལའང་གཉིས་ཏེ། ཀུན་བཏགས་སུ་གྱུར་པ་མཐོང་སྤང་དང༌། ལྷན་སྐྱེས་སུ་གྱུར་པའི་སྒོམ་སྤང་ངོ༌། །དེ་ལྟར་མ་རིག་པ་ལ་གཉིས་ཡོད་པའི་དབང་གིས་འཁྲུལ་པའི་སྣང་བ་འཆར་ཚུལ་ལ་ཡང་གཉིས་ཏེ། རྣམ་སྨིན་གྱི་དབང་གིས་འཆར་བ་དང༌། དེ་ལ་མི་ལྟོས་པར་འཕྲལ་དང་འཕྲལ་དུ་འཆར་བའོ། །དེ་ཡང་རྒྱས་པར་བཤད་ན་འདི་ལྟར། མཐོང་སྤང་དུ་གྱུར་པའི་མ་རིག་པ་ཁོ་ནས་རྒྱུ་དུས་དང༌། དེ་དུས་ཀྱི་ཀུན་སློང་གཉིས་ཀ་བྱས། མཐོང་སྤང་དུ་གྱུར་པའི་སྲེད་ལེན་ཁོ་ནས་ལས་བསོས་འདེབས་བྱེད་བྱས་པའི་ལས་དེས་རྣམ་སྨིན་དང་བདག་པོ་དང༌། རྒྱུ་མཐུན་གྱི་འབྲས་བུ་གསུམ་ཀ་མཐོང་སྤང་ཁོ་ན་ཡིན་ཏེ། སྤང་བྱའི་ངོ་སྐལ་གྱི་ས་བོན་མཐོང་ལམ་བར་ཆད་མེད་ཁོ་ན་གཞོམ་པར་བྱ་བའི་རིགས་སུ་གནས་པ་ཡིན་པའི་ཕྱིར། ཡང་འཕེན་བྱེད་ཀྱི་ལས་ཀྱི་ཀུན་སློང་མཐོང་སྤང་ཁོ་ནས་བྱས། རྫོགས་བྱེད་ཀྱི་ཀུན་སློང་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པ་ཁོ་ནས་བྱས་པའི་ལས་ཀྱི་འབྲས་བུར་གྱུར་པའི་ངན་སོང་གི་ཕུང་ཁམས་སྐྱེ་མཆེད་ལྟ་བུ་ལ་ནི། རྣམ་སྨིན་གྱི་ཆ་མཐོང་སྤང་ཁོ་ན་དང༌། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ལ་སྒོམ་སྤང་ཁོ་ན་དང༌། བདག་པོའི་འབྲས་བུ་ལ་སྤང་བྱ་གཉིས་ཀ་ཡོད་པར་བཞག་སྟེ། སྤང་བྱ་དེའི་ས་བོན་ལ་ལམ་གཉིས་ཀའི་གཞོམ་བྱ་ཚང་བའི་ཕྱིར། ཡང་འཕེན་བྱེད་མི་དགེ་བས་འཕངས་ཤིང་རྫོགས་བྱེད་དགེ་བས་རྫོགས་པའི་ངན་སོང་གི་ཆོས་གསུམ་ལ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ཡང་འཕེན་རྫོགས་ཀྱི་ལས་གཉིས་ཀ་ལ་རྒྱུའི་ཀུན་སློང་སྒོམ་སྤང་དུ་གྱུར་པའི་ཉོན་མོངས་པས་བྱས་པ་ལ། དུས་ཀྱི་ཀུན་སློང་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པས་བྱས་པ་ནི་སྲིད་ཅིང༌། དེའི་ཚེ་ཡང་སྔ་མ་བཞིན་དུ་སྦྱར་དགོས་ལ། ཡང་རྒྱུའི་ཀུན་སློང་མཐོང་སྤང་དུ་གྱུར་པའི་མ་རིག་པ་དང༌། དུས་ཀྱི་ཀུན་སློང་ཡིད་ཤེས་འཁོར་གྱི་མ་རིག་པས་བྱས་པའི་ལས་མི་དགེ་བ་སྲིད་པ་ལྟར་དེའི་ཚེ་ཡང་དེ་བཞིན་དུ་སྦྱར་ཞིང་དུས་ཀྱི་ཀུན་སློང་ཉོན་མོངས་པ་ཅན་གྱི་མ་རིག་པས་བྱས་པའི་ལས་མི་དགེ་བ་ནི་སྲིད་པ་མ་ཡིན་ཏེ། དེ་ནི་ལུང་མ་བསྟན་ཁོ་ན་ཡིན་པའི་ཕྱིར། དེ་ལྟར་ན་ངན་སོང་འཕེན་བྱེད་ཀྱི་ལས་ཡིན་ན་དུས་ཀྱི་ཀུན་སློང་ཡིད་ཤེས་འཁོར་གྱི་མ་རིག་པ་དང་མཚུངས་པར་ལྡན་པས་ཁྱབ་ལ། དེ་ལ་ཡང་སྤང་བྱའི་དབྱེ་བས་གཉིས་སུ་འགྱུར་རོ། །ངན་སོང་འགྲུབ་བྱེད་ཀྱི་དགེ་བའི་ལས་ཡོད་ཀྱང༌། དེ་དུས་ཀྱི་ཀུན་སློང་ཉོན་མོངས་པ་དང་མཚུངས་པར་ལྡན་པ་ནི་མི་སྲིད་ལ། རྒྱུའི་ཀུན་སློང་ཉོན་མོངས་པ་ཅན་ཙམ་དུ་མ་ཟད་ཀྱི་མི་དགེ་བ་ཁོ་ནར་ངེས་ཏེ། ལུང་མ་བསྟན་གྱི་ཉོན་མོངས་པས་ངན་སོང་འགྲུབ་བྱེད་ཀྱི་ལས་བསོས་འདེབས་པར་མི་ནུས་པའི་ཕྱིར། དེ་ཇི་ལྟར་ཡོད་ཅེ་ན། མཐོང་སྤང་དུ་གྱུར་པའི་འདོད་ཁམས་ཀྱི་མ་རིག་པས་རྒྱུའི་ཀུན་སློང་བྱས་ཏེ་ཕྱི་རོལ་པ་དག་མི་དགེ་བ་སྤོང་བ་མཐོང་བའི་ཕྱིར། འཕེན་བྱེད་ལ་ནི་མི་མཚུངས་ཏེ། དེ་ལ་དུས་ཀྱི་ཀུན་སློང་མི་དགེ་བ་ངེས་པར་ཡོད་པའི་ཕྱིར། ཡང་ཉོན་ཡིད་འཁོར་གྱི་མ་རིག་པས་ལས་གང་གི་ཡང་དུས་ཀྱི་ཀུན་སློང་བྱེད་པ་མི་སྲིད་དེ། ཁ་ནང་ཁོ་ནར་ཕྱོགས་པའི་ཕྱིར་དང༌། སེམས་དཔའི་ལས་དང་བསམ་པའི་ལས་གང་དང་ཡང་མཚུངས་ལྡན་དུ་བྱུང་བ་མི་སྲིད་པའི་ཕྱིར། དེ་ལྟར་ཤེས་པ་ན། ངན་སོང་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མཐོང་བས་སྤང་བར་བྱ་བ་མིན་པར་བཤད་པའི་དོན་ལ་དམིགས་ཕྱེད་པའི་གོ་བ་སྐྱེ་བར་འགྱུར་རོ། །ཡང་ཉོན་ཡིད་འཁོར་གྱི་མ་རིག་པས་རྒྱུའི་ཀུན་སློང་དང༌། དགེ་བའི་རྩ་བ་གསུམ་གྱི་དུས་ཀྱི་ཀུན་སློང་བྱས་པའི་འཕེན་བྱེད་ཀྱི་ལས་དེ་སྒོམ་སྤང་དུ་གྱུར་པའི་ཡིད་ཤེས་འཁོར་གྱི་སྲེད་ལེན་གཉིས་ཀྱི་རྒྱུའི་ཀུན་སློང་བྱས་པ་ལས་བྱུང་བའི་ལས་དགེ་བས་བསོས་བཏབ་པའམ། ཡང་ན་དེ་དང་མཚུངས་པར་ལྡན་པའི་མི་དགེ་བས་བསོས་བཏབ་པའི་ལས་དེའི་འབྲས་བུ་མཐོ་རིས་སུ་གྲུབ་པའི་ཆོས་གསུམ་གྱི་རྣམ་སྨིན་དང༌། བདག་པོ་དང༌། རྒྱུ་མཐུན་གྱི་ཆ་གསུམ་ཀ་བསྒོམ་པས་སྤང་བར་བྱ་བ་ཁོ་ནར་ངེས་སོ། །ཡང་མཐོང་སྤང་དུ་གྱུར་པའི་མ་རིག་པས་རྒྱུའི་ཀུན་སློང་བྱས་པ་ལས་བྱུང་བའི་འཕེན་གྱི་ལས་དེ། མཐོང་སྤང་དུ་གྱུར་པའི་སྲེད་པས་ཀུན་ནས་བླང་བའི་ལས་དགེ་བས་བསོས་བཏབ་པའི་ལས་དེའི་འབྲས་བུ་མཐོ་རིས་སུ་སྨིན་པ་དེའི་ཚེ་ན་ནི། ཆོས་གསུམ་པོ་ཐམས་ཅད་ཀྱང་མཐོང་བས་སྤང་བར་བྱ་བ་ཁོ་ནའོ། །འདི་ཇི་ལྟར་ཡོད་ཅེ་ན། འདི་ནི་ཕྱི་རོལ་པ་ཁམས་གོང་གི་སྐྱེ་བ་དོན་དུ་གཉེར་བ་དག་ལ་མི་འབྱུང་ཡང་འདོད་པའི་སྐྱེ་བ་དོན་དུ་གཉེར་བ་དག་ལ་འབྱུང་བར་ངེས་སོ། །ཡང་མཐོང་སྤང་དུ་གྱུར་པའི་ལས་དགེ་བས་འཕེན་བྱེད་དང༌། སྒོམ་སྤང་དུ་གྱུར་པའི་ལས་དགེ་བས་འགྲུབ་བྱེད་དང༌། ཅིག་ཤོས་ལ་ཡང་སྔ་མ་བཞིན་དུ་དམིགས་ཕྱེད་པར་བྱས་ནས་སྤང་བྱ་སོ་སོར་སྦྱར་བར་བྱའོ། །མི་དགེ་བའི་ལས་ཀྱིས་མཐོ་རིས་ཀྱི་འགྲུབ་བྱེད་བྱེད་པ་དེའི་ཚེ། ལས་དེའི་རྒྱུ་དུས་ཀྱི་ཀུན་སློང་དགེ་བ་ཡིན་པ་གཅིག་དགོས་ཏེ། རྒྱུ་དུས་ཀྱི་ཀུན་སློང་མི་དགེ་བ་དང་ལུང་མ་བསྟན་གང་རུང་ཡིན་པ་དང༌། དེ་དུས་ཀྱི་ཀུན་སློང་ཡང་དེ་ཡིན་ན་དགེ་བའི་ལས་ཀྱི་བསོས་འདེབས་བྱེད་དུ་མི་རུང་བའི་ཕྱིར། འདི་ཇི་ལྟར་ཡོད་ཅེ་ན། དཀོན་མཆོག་མཆོད་པའི་ཕྱིར་དུ་མ་བྱིན་པ་ལེན་པ་ལྟ་བུའོ། །དེ་ལྟར་ཤེས་པ་ན་གྲུབ་པའི་དོན་འདི་བྱུང་སྟེ། བདེ་འགྲོ་འཕེན་བྱེད་ཀྱི་ལས་ཡིན་ན་རྒྱུའི་ཀུན་སློང་དགེ་བ་དང་ལུང་མ་བསྟན་གང་རུང་སྲིད་ལ། དུས་ཀྱི་ཀུན་སློང་དགེ་བ་ཁོ་ན་ཡིན་པས་ཁྱབ་པ་དང༌། ཡང་དེ་འགྲུབ་བྱེད་ཀྱི་ལས་ཡིན་ན། དུས་ཀྱི་ཀུན་སློང་དགེ་མི་དགེ་གཉིས་ཀ་སྲིད་ལ། རྒྱུའི་ཀུན་སློང་དགེ་བ་ཁོ་ན་ཡིན་པས་ཁྱབ་པ་དང༌། ཡང་ངན་འགྲོ་འཕེན་བྱེད་ཀྱི་ལས་ཡིན་ན། རྒྱུའི་ཀུན་སློང་ལུང་མ་བསྟན་སྲིད་ཀྱང༌། དུས་ཀྱི་ཀུན་སློང་མི་དགེ་བ་ཁོ་ན་ཡིན་པས་ཁྱབ་པ་དང༌། ཡང་དེ་འགྲུབ་བྱེད་ཀྱི་ལས་ཡིན་ན། དུས་ཀྱི་ཀུན་སློང་དགེ་བ་སྲིད་ཀྱང་རྒྱུའི་ཀུན་སློང་མི་དགེ་བ་ཡིན་པས་ཁྱབ་བོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ཀུན་སློང་གཉིས་ཀ་མི་དགེ་བས་བྱས་ན་དེའི་འབྲས་བུ་བདེ་འགྲོའི་རྟེན་ལ་འབྱུང་མི་སྲིད། ཡང་ཀུན་སློང་གཉིས་ཀ་དགེ་བའི་བྱས་ན། དེའི་འབྲས་བུ་ངན་འགྲོའི་རྟེན་ལ་སྨིན་པ་མི་སྲིད་པའི་ཕྱིར་ཏེ། ལས་ཕན་ཚུན་བསོས་བཏབ་བྱ་དང་འདེབས་བྱེད་དུ་རུང་བ་ལ་ཀུན་སློང་མཐུན་པ་གཅིག་དགོས་པའི་ཕྱིར། དེ་ལྟ་མ་ཡིན་ན་ལས་ཐམས་ཅད་ཀྱིས་ཐམས་ཅད་བསོས་འདེབས་པ་ཧ་ཅང་ཐལ་བ་དང་བདེ་འགྲོའམ་ངན་འགྲོ་གང་རུང་གཅིག་མི་སྲིད་པར་འགྱུར་རོ། །དེ་ལྟར་བཤད་པ་ན་ལུང་མ་བསྟན་གྱི་མ་རིག་པས་རྒྱུ་དུས་ཀྱི་ཀུན་སློང་བྱས་པའི་འཕེན་བྱེད་ཀྱི་ལས་དགེ་བ་དང་མི་དགེ་བ་གཉིས་ལ་ནི་གོ་རིམ་བཞིན་དུ་འགྲུབ་བྱེད་ཀྱི་ལས་མི་དགེ་བ་དང་དགེ་བས་བསོས་འདེབས་པ་མེད་དེ། དེ་ལ་ཀུན་སློང་མཐུན་པ་མེད་པའི་ཕྱིར་ཞེ་ན། དེ་འདྲའི་དུས་ཀྱི་ཚེ་ཡང་ཀུན་སློང་མི་འགལ་བ་ཡིན་ཏེ། ཉོན་མོངས་པ་ཅན་གྱི་མ་རིག་པ་དེ། ཉོན་མོངས་པ་གཞན་གང་དང་ཡང་འཛིན་སྟངས་མི་འགལ་བའི་ཕྱིར་ཞེས་བཤད་ན་ལེགས་པ་ཡིན་ནོ། །དེ་ལྟར་སྤང་བྱ་རིགས་གཉིས་སུ་ཕྱེ་བ་དེ་ཐམས་ཅད་ཀྱང་སྒྲིབ་པ་གཉིས་རྣམ་པར་འཇོག་པའི་ཚེ་ཉོན་སྒྲིབ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། རྩ་བ་ཤེས་བྱའི་སྒྲིབ་པ་ལ་མ་ལྟོས་པར་ཉོན་མོངས་པ་ཁོ་ནས་ཀུན་ནས་སླང་བའི་ཕྱིར་དང༌། ཉོན་སྒྲིབ་ཀྱི་མཚན་ཉིད་ཚང་བའི་ཕྱིར། ཕྱི་སྣོད་ཀྱི་འཇིག་རྟེན་ཉོན་སྒྲིབ་དུ་འཇོག་པ་ངོ་མཚར་གྱི་གནས་སོ་སྙམ་ན། དེ་སྐད་ཅེས་ཟེར་བ་དེ་ཡང་རྣལ་འབྱོར་སྤྱོད་པའི་གཞུང་རྒྱ་མཚོ་ལྟ་བུ་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ཆོས་གསུམ་པོ་དེ་དག་ལ་ཤེས་སྒྲིབ་འཇོག་པའི་ཚུལ་ནི། གཟུང་འཛིན་གཉིས་སུ་སྣང་བའི་མ་རིག་པ་ཞེས་བྱ་བ་ཉོན་མོངས་པ་ཅན་མ་ཡིན་པ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང༌། ལུང་དུ་བསྟན་པ་དང་མ་བསྟན་པ་ཐམས་ཅད་ཀྱི་འཁོར་དུ་འབྱུང་བ་དེའི་དབང་གིས་གཟུང་འཛིན་གཉིས་སྣང་གི་ཤེས་པ་འཕྲལ་དང་འཕྲལ་དུ་སྐྱེད་པར་བྱེད་དོ། །དེ་ལྟར་སྐྱེས་པའི་ཚེ་ན་དེས་མཚུངས་པ་དེ་མ་ཐག་རྐྱེན་བྱས་པ་ལ་རྟེན་ནས་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུ་འབྱུང་ངོ༌། །བཅུ་པོ་དེའི་དབང་གིས་ངོ་བོ་དང་ཁྱད་པར་ལ་སོགས་པ་རྣམ་པ་བཅུར་སྒྲོ་འདོགས་པར་བྱེད་དོ། །དེ་ལྟར་སྒྲོ་བཏགས་པའི་བག་ཆགས་ཀུན་གཞིའི་སྟེང་དུ་བཞག་པ་དེ་ལ་ཤེས་སྒྲིབ་ཀྱི་ས་བོན་ཞེས་བྱའོ། །ས་བོན་དེའི་ནུས་པ་བརྟས་པ་ལ་རྟེན་ནས་ཀུན་གཞི་རྣམ་སྨིན་གྱི་འཁོར་དུ་གཟུང་འཛིན་གཉིས་སུ་སྣང་བའི་མ་རིག་པ་མངོན་གྱུར་དུ་སྐྱེས་པ་དེ་ལ་ནི་ཤེས་བྱའི་སྒྲིབ་པ་དངོས་ཤེས་བྱའོ། །དེའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་ཅི་སྐྱེས་པ་དེ་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཡིན་ཏེ། རྩ་བ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པས་ཀུན་ནས་སླང་བའི་ཕྱིར་དང༌། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་བར་ཆད་མེད་ལམ་གྱི་གཞོམ་བྱའི་རིགས་སུ་གནས་པའི་ཕྱིར་དང༌། གཙོ་བོར་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ལ་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པའི་ཕྱིར། དེ་ལྟར་བཤད་པས་གྲུབ་པའི་དོན་ནི། རྣམ་པར་ཤེས་པའི་ཚོགས་དྲུག་ཉོན་མོངས་ཅན་དང༌། བདུན་པ་ཡིད་དང་མཚུངས་པར་ལྡན་པའི་ལས་དང་ཉོན་མོངས་པ་དང༌། དེའི་ས་བོན་ཀུན་གཞིའི་སྟེང་དུ་བསགས་པ་དང༌། དེའི་རྣམ་པར་སྨིན་པ་དངོས་ཏེ་ཀུན་ནས་ཉོན་མོངས་པ་གསུམ་པོ་དེ་ནི། ཉོན་མོངས་པའི་སྒྲིབ་པ་ཡིན་ལ། ཉོན་མོངས་པ་ཅན་མ་ཡིན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་མ་རིག་པ་དང༌། དེའི་བག་ཆགས་ཀུན་གཞིའི་སྟེང་དུ་བསགས་པ་དང༌། དེའི་ནུས་པ་རྐྱེན་གྱིས་ཡོངས་སུ་སད་པ་ལས་གཟུང་འཛིན་གཉིས་སུ་སྣང་བའི་སྒྲིབ་པ་ཐམས་ཅད་ཤེས་བྱའི་སྒྲིབ་པའོ། །འདི་ལ་རྣམ་སྨིན་གྱི་ཆ་མི་འཇོག་སྟེ། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དེ་མ་སྒྲིབས་ལུང་མ་བསྟན་ཡིན་པས་རྣམ་སྨིན་གྱི་རྒྱུར་མི་འཐད་པའི་ཕྱིར། འདིར་བག་ཆགས་འཇོག་བྱེད་ཡིད་ཤེས་འཁོར་དུ་བྱུང་བའི་མ་རིག་པ་ཡིན་ལ། བག་ཆགས་སད་པ་ལས་བྱུང་བའི་མ་རིག་པའམ། མི་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་བདུན་ཀ་དང་མཚུངས་པར་ལྡན་ནོ། །འོ་ན་གཉིས་སྣང་གི་ཤེས་པ་རྣམས་རྣམ་སྨིན་ལས་བྱུང་བ་ཁོ་ན་མ་ཡིན་ནམ། ཇི་ལྟར་ན་ཤེས་བྱའི་སྒྲིབ་པ་ཡིན་ཞེ་ན། སྐྱོན་མེད་དེ་ལྡོག་པའི་ཆ་སོ་སོར་འབྱེད་པའི་ཕྱིར་རོ། །འོ་ན་རྣམ་སྨིན་ལམ་ལྟོས་པར་གཉིས་སྣང་འབྱུང་ངམ་ཞེ་ན། མ་ཡིན་ཏེ། ཀུན་གཞིའི་རྣམ་སྨིན་གྱི་ཆ་ལོག་པ་ན་དེ་ཡང་ལོག་པའི་ཕྱིར་རོ། །འོ་ན་ལྷག་མེད་ཀྱི་ཚེ་ཤེས་སྒྲིབ་སྤངས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཐེག་ཆེན་གྱི་ལྷག་མེད་མྱང་འདས་མངོན་དུ་བྱས་པའི་ཚེ། གཉིས་སྣང་གི་ཤེས་སྒྲིབ་འགགས་པའི་རྟགས་མིན་གྱི་འགོག་པ་མངོན་དུ་བྱས་པ་ཡིན་གྱི་སྤངས་པ་མ་ཡིན་པའི་ཕྱིར་དང༌། དུས་དེར་ཀུན་གཞིའི་གསལ་ཆ་དང་ལྷན་ཅིག་ཏུ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་འཇུག་པའི་ཕྱིར། དེ་ལྟར་ན་ལུགས་འདི་ལ་དམན་པའི་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་ཡང་ཀུན་གཞིའི་རྣམ་སྨིན་གྱི་ཆ་སྤངས་པ་དང༌། ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པ་དུས་མཉམ་པ་ཡིན་ནོ། །ཡང་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པ་ལ་གཉིས་སྣང་འཁྲུལ་བའི་ཤེས་པ་ཅི་སྐྱེས་པ་ཐམས་ཅད་ཤེས་བྱའི་སྒྲིབ་པ་ཁོ་ན་ཡིན་ལ། དེ་ཡང་བདག་པོའི་རྐྱེན་གཉིས་སྣང་གི་མ་རིག་པ་དང༌། དེ་མ་ཐག་པའི་རྐྱེན་ཀུན་གཞིའི་སྟེང་གི་གསལ་ཆ་དང༌། དམིགས་པའི་རྐྱེན་ཀུན་གཞིའི་རྣམ་སྨིན་གྱི་ནུས་པའམ། དེ་ལས་བྱུང་བའི་ཡུལ་དུ་སྣང་བའོ། །ཡང་ན་མ་རིག་པ་རྒྱུའི་རྐྱེན་དུ་བཤད་ནས་རྣམ་སྨིན་གྱི་ངོ་བོར་གྱུར་པའི་དབང་པོ་གཟུགས་ཅན་པ་བདག་པོའི་རྐྱེན་དུ་བཤད་ན་ལེགས་སོ། །དེ་ལྟར་ཤེས་པ་ན་ཊཱི་ཀ་བྱེད་པ་གང་དག་ལུགས་འདི་ལ་མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་མེད་དོ་ཞེས་ཟེར་བ་དང༌། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་ངོ་བོར་གྱུར་པའི་དགེ་བ་དང་མི་དགེ་བ་དང་མ་སྒྲིབས་ལུང་མ་བསྟན་ཡིན་ན་ཤེས་བྱའི་སྒྲིབ་པ་ཡིན་པས་ཁྱབ་བོ་ཞེས་ཟེར་བ་དེ་ཡང་མི་འཐད་པ་ཡིན་ནོ། །འདིར་ཡིད་ཤེས་འཁོར་དུ་བྱུང་བའི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང༌། དེའི་བག་ཆགས་དང་ས་བོན་ནི་ཤེས་སྒྲིབ་དངོས་ཡིན་ལ། དེ་ལས་བྱུང་བའི་གཉིས་སྣང་གི་དབང་ཤེས་ཐམས་ཅད་ཤེས་སྒྲིབ་དུ་བཞག་པ་ཡིན་ཏེ། དཔེར་ན་རྣམ་སྨིན་གྱི་སྒྲིབ་པ་ལ་ཉོན་སྒྲིབ་དུ་བཤད་པ་བཞིན་ནོ། །དེ་ལྟ་བུའི་སྒྲིབ་པ་གཉིས་ཅིག་ཆར་དུ་སྤངས་པས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕགས་དུས་གཅིག་ཁོ་ནར་མངོན་དུ་བྱེད་པར་འགྱུར་རོ། །ཞེས་བྱ་བ་འདི་དག་ནི་སྔོན་གྱི་རྣམ་བཤད་བྱེད་པ་དག་གིས་ལེགས་པར་བཤད་པ་མ་མཐོང་བས། འབད་པས་བསྒྲུབས་ཏེ་ཉེ་བར་སྦྱར་བ་ཡིན་ནོ།།  །།གཏི་མུག་ཁྲུང་ཁྲུང་འཇོམས་པའི་རྣམ་དཔྱོད་ཀྱིས། །སྨིན་ལེགས་ལྡན་པའི་ལེགས་བཤད་གདོང་དྲུག་པ། །ལྷག་བསམ་མ་དྲོས་བུ་མོའི་མངལ་བཟུང་ནས། །ཐོས་པའི་མ་མ་དྲུག་གི་ཡིད་འཛིན་པས། །ཡིད་འོང་འདམ་བུའི་ཚལ་སྐྱེས་ཅིས་མི་འདྲ། །གླང་པོའི་གདོང་ཅན་མི་ཤེས་རྒན་པོ་ཡི། །གོམས་པས་འདོན་པའི་འཆེ་བ་བཅག་གྱུར་ཀྱང༌། །ཕྲག་དོག་ལག་པས་ལན་བཟློན་མི་སྤོབས་པའི། །ཡིད་འོང་ལང་ཚོ་ལྡན་པའི་རྣམ་བཤད་འདི། །ཤེས་རབ་རྨ་བྱའི་ཁྲི་ལ་འཁོད་བཞིན་དུ། །བློ་གསལ་དག་བྱེད་དཔལ་མོའི་རེ་བསྐོང་བའི། །གཞོན་ནུ་སྨིན་དྲུག་ལེགས་བཤད་འཛུམ་ཕྲེང་ནི། །དམ་ཆོས་མངོན་པའི་མཁའ་ལ་ནམ་ཡང་གསལ། །གཞན་ཟེར་རྣམ་བཤད་རྒྱུ་སྐར་མང་པོའི་དབུས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ་དབྱངས་ལེན། །སླར་ཡང་གྲགས་པའི་ཁྲི་ལ་འཁོད་གྱུར་ཅིག།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*