མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ། ཀ ༽

༼ག༽༄༅། །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ་ལུང་ཆོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།

ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་སྤྱིའི་དོན་ཉེར་མཁོ་བསྡུས་པ་ལུང་ཆོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ། སྒྲིབ་ཀུན་བསལ་བའི་ཡེ་ཤེས་ཉི་མ་ནི། །སྨོན་ལམ་དག་པའི་ཤིང་རྟ་ལ་ཆིབས་ནས། །འགྲོ་དོན་ཡངས་པའི་མཁའ་ལ་ལྷམ་མེ་བ། །སྲིད་གསུམ་ཉིན་མོར་མཛད་ལ་ཕྱག་འཚལ་ལོ། །རིག་བྱེད་དྲན་པོའི་བློ་ལ་མ་ཤར་ཞིང༌། །པ་སངས་སློབ་མས་མ་ཐོབ་རོ་བརྒྱ་པ། །ཉིད་ཐུགས་ཡོངས་འདུའི་དཔག་བསམ་ལ་སིམ་ནས། །འགྲོ་ཀུན་བདུད་རྩིར་མཛད་པ་ཁྱོད་ཡིན་ནོ། །ལི་ཁྲིའི་མདངས་གསལ་འཆར་ཀའི་འོད་རིས་ཅན། །ངོ་མཚར་ཡིད་འོང་མཚན་དཔེའི་མཛེས་སྡུག་གིས། །དད་འདུན་ཡིད་ཀྱི་ཤིང་རྟ་ངོམས་མཛད་པ། །བྱམས་མགོན་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ། །ཐེག་ཆེན་ཆོས་ཀྱི་ཟབ་རྒྱས་ཇི་སྙེད་པ། །བསྟན་བཅོས་རྣམ་ལྔའི་རབ་མཉམ་ཁ་ལོ་པས། །འཆུག་མེད་ཤིང་རྟའི་ལམ་དུ་དྲངས་པ་ན། །འཛམ་གླིང་ཉིན་མོར་མཛད་པ་ཁྱོད་ཡིན་ནོ། །གཉིས་མེད་ཡེ་ཤེས་གཟུང་འཛིན་ཀུན་བྲལ་བ། །གཞི་ལམ་རྣམ་གསུམ་མཁྱེན་པའི་ཕྲིན་ལས་ཀྱིས། །རྒྱལ་དང་དེ་སྲས་རྐྱེན་རྟོགས་སློབ་མ་ཡི། །བཞེད་དོན་སྐྲུན་མཛད་ཡུམ་ལ་ཕྱག་འཚལ་ལོ། །ཕུང་སོགས་ཆོས་ཀུན་བྱེད་པོས་དབེན་པར་གཟིགས། །ཐེག་གསུམ་ལམ་གྱི་རྟོགས་རིགས་ཇི་བཞིན་ཤེས། །ཇི་སྙེད་ཇི་ལྟའི་རྣམ་པ་མངོན་སུམ་དུ། །མཁྱེན་གྱུར་ཕ་རོལ་ཕྱིན་མ་ཁྱོད་ཡིན་ནོ། །ལེགས་པར་བཤད་དང་ཐུགས་རྗེའི་ཕྱག་བརྐྱང་ནས། །རྣམ་དཔྱོད་མིག་དང་འདུན་པའི་རྩལ་ལྡན་པའི། །བགྲང་ཡས་སློབ་མའི་ཚོགས་རྣམས་གོང་ནས་གོང༌། །འདྲེན་མཛད་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །གཞུང་རྩོམ་མང་པོའི་དཔྱོད་དང་བརྗོད་པ་ཡིས། །ལུང་བསྟན་མ་ནུས་ཤིན་ཏུ་རྒྱས་པའི་སྡེ། །གཞུང་ཆེན་མང་པོའི་ཁྲི་ལ་ཉེར་བླངས་ནས། །དོན་མང་ཚིག་ཉུང་བརྗོད་པ་བདེ་བར་འཆད།།  །།འདིར་རེ་ཤིག་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་ཚུལ་ལུགས་འཕྲོས་དོན་དང་བཅས་པ། ཚིག་ཉུང་ངུས་བདེ་བླག་ཏུ་རྟོགས་པར་འདུན་པའི་དོན་དུ་གཉེར་བ་མང་པོ་དག་འཇུག་ངོགས་བདེ་བའི་ཕྱིར་དུ། རང་གིས་རྣམ་པར་བཤད་པའི་རྒྱ་མཚོ་ལས་མདོ་ཙམ་ཞིག་བསྡུས་ནས་བརྗོད་པར་བྱ་བ་ལ་གཉིས་ཏེ། གང་བཤད་པར་བྱ་བའི་ཆོས་ཀྱི་མཚན་དོན་དང༌། དེ་འཆད་པར་བྱེད་པའི་བསྟན་བཅོས་ཀྱི་དཀའ་བའི་གནས་རྣམས་བཤད་པའོ། །དང་པོ་ལ་གཉིས་ཏེ། ཤེས་ཕྱིན་ངོས་བཟུང་བ་དང༌། སློབ་དཔོན་གྱིས་དངོས་བཏགས་སུ་ཕྱེ་བའི་དོན་བཤད་པའོ། །དང་པོ་ལ་ཡུམ་གྱི་མདོ་དང་བསྟན་བཅོས་སུ་ཤེས་ཕྱིན་གྱི་སྒྲས་བརྗོད་པ་ནི་གཉིས་ཏེ། དངོས་དང༌། དེའི་གཟུགས་བརྙན་ནོ། །དང་པོ་ལའང་གཙོ་བོ་དང༌། ཕལ་པའི་དབྱེ་བས་གཉིས་སོ། །དང་པོ་ནི། རྣལ་འབྱོར་སྤྱོད་པའི་དབུ་མ་ཞལ་གྱིས་བཞེས་པའི་སློབ་དཔོན་རྣམས་ཀྱི་བཞེད་པ་ལ། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཞེས་ཀྱང་བྱ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་ཀྱང་བྱ་བ་དེ་ཉིད་ལ་འཆད་པ་ཡིན་ཏེ། ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་ཞེས་དང༌། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ཞེས་གསུངས་ཤིང༌། དོན་དེ་ཉིད་ཤེས་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པ་ན། ཤེས་རབ་ཕ་རོལ་ཕྱིན་པ་དང༌། །ཡང་དག་མཐའ་དང་དེ་བཞིན་ཉིད། །ཅེས་སོགས་གསལ་བས་སོ། །དེ་ལའང་གཉིས་ཏེ། དྲི་མས་མ་དག་པའི་དེ་བཞིན་ཉིད་དང༌། དག་པའི་དེ་བཞིན་ཉིད་དོ། །དང་པོ་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་མིང་ཅན་དུ་ཤེས་རབ་ཁྲི་པ་དང༌། མཚན་བརྒྱ་རྩ་བརྒྱད་པ་ལས་བཤད་དོ། །གཉིས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ལ་བྱ་བ་ཡིན་ལ། དེ་ལ་ནི་མཚན་གྱི་རྣམ་གྲངས་མི་གནས་པའི་མྱ་ངན་ལས་འདས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱ་བར་བཤད་ལ། དེ་ཉིད་ནི་ཤེས་ཕྱིན་གྱི་མདོའི་ཉིང་དགོས་མཐར་ཐུག་པ་ཡིན་ཏེ། ཇི་སྐད་དུ། དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་ཞེས་བཤད་པས་སོ། །རང་བཞིན་གྱི་ཤེས་ཕྱིན་དེ་ལྟ་བུའི་གནས་སྐབས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་འདི་ནི་ཤེས་ཕྱིན་གྱི་གཙོ་བོ་ཡིན་ཀྱང༌། ཕྱིན་དྲུག་གི་ཟླས་ཕྱེ་བ་དེ་ནི་མ་ཡིན་ཏེ། དེར་འགྱུར་བ་ལ་ནི། ཇི་སྐད་དུ། ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། །ཞེས་སོགས་ཀྱིས་བསྟན་པའི་ཆོས་བཞི་པོ་དེ་ཚང་དགོས་པའི་ཕྱིར་དང༌། སྔ་མ་དེ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །འོ་ན་ཅི། ཇི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡི་གེར་བྲིས་ཏེ། ཞེས་སོགས་དང༌། ཀུན་ལམ་ཕ་རོལ་ཕྱིན་པའི་འདི་ཡིན་གཞན་མ་ཡིན། ཞེས་གཞུང་ལམ་གཉིས་ལ་དེར་བཤད་པ་མ་ཡིན་ནམ་ཞེ་ན། དེ་དང་དེ་ལ་ནི་སྐབས་དེར་ཤེས་ཕྱིན་གྱི་གཙོ་བོ་དེའི་སྒྲས་བསྟན་པ་ཡིན་ཏེ། དེ་བསྟན་བྱའི་གཙོ་བོར་སྟོན་པའི་ཕྱིར་དང༌། བསྒྲུབ་བྱ་མཐར་ཐུག་དེའི་དོན་དུ་སྦྱོར་བའི་ཕྱིར། དེ་སྐད་དུ་ཡང༌། དེ་དོན་སྦྱོར་བ་ཡིས། གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་སོ། །འདིའི་དོན་ཀྱང་དངོས་བཏགས་མ་ཡིན་གྱི། གཙོ་ཕལ་གྱི་དོན་ཡིན་པར་དེ་ཉིད་ཀྱི་འགྲེལ་པ་ལས་དཀོན་མཆོག་འབངས་ཀྱིས་ཀྱང་བཤད་དོ། །གཉིས་པ་ཕལ་པ་ལ་ཡང་གཉིས་ཏེ། གང་གིས་ཕྱིན་པར་བྱེད་པ་རྒྱུའི་ཤེས་ཕྱིན་དང༌། གང་དུ་ཕྱིན་པར་བྱ་བ་འབྲས་བུའི་ཤེས་ཕྱིན་ནོ། །དང་པོ་ནི་ཐེག་ཆེན་སློབ་པའི་གཞུང་ལམ་གྱི་ཤེས་ཕྱིན་གཉིས་ཡིན་ལ། གཉིས་པ་ནི། སངས་རྒྱས་ཀྱི་སའི་དེ་གཉིས་སོ། །དང་པོ་ལའང༌། རྗེས་མཐུན་པ་ཚོགས་སྦྱོར་གྱི་དང༌། མཚན་ཉིད་པ་འཕགས་ལམ་གྱི་དབྱེ་བས་གཉིས་སོ། །གཞུང་ལམ་གྱི་ངོ་བོ་ནི། རང་བཞིན་གྱི་ཤེས་ཕྱིན་བཤད་མ་ཐག་པ་དེ་སྟོན་པའི་མིང་ཚིག་གི་ཚོགས་སུ་སྣང་བའི་རྣམ་རིག་དང༌། རང་བཞིན་གྱི་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །དེ་ཡང་དང་པོ་ནི་སློབ་པའི་སར་རྗེས་ཀྱི་ཤེས་པས་བསྡུས་ཤིང༌། གཉིས་སྣང་ཅན་གྱི་ཤེས་པ་དང༌། གཉིས་པ་ནི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་གཉིས་ཀ་ཡང་ཤེས་ཕྱིན་མཚན་ཉིད་པ་ཡིན་ཏེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློའམ་ཡེ་ཤེས་གང་ཞིག སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སློབ་ལམ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་གཅིག་ཀྱང་མེད་པར་འགྱུར་ཞིང༌། དེ་ལྟ་ན་གཞུང་འགྲེལ་མཐའ་དག་དང་འགལ་ལོ། །སངས་རྒྱས་ཀྱི་སར་ནི་དེ་གཉིས་ཀ་གཉིས་མེད་ཀྱི་ཡེ་ཤེས་སུ་མཚུངས་ཀྱང༌། གཙོ་བོ་མ་ཡིན་པའི་ཤེས་བྱེད་ནི། འདིར་ཆོས་ཉིད་ཀྱི་ཡེ་ཤེས་མ་ཡིན་པར་ཆོས་ཅན་གྱི་ཡེ་ཤེས་ཡིན་པའི་རྒྱུ་མཚན་ལས་སོ། །དེ་ལྟར་ན་རང་བཞིན་གྱི་ཤེས་ཕྱིན་ལ་ནི་གང་ཕྱིན་པར་བྱ་བ་ལས་དང༌། གང་དུ་ཕྱིན་ཟིན་པར་བྱ་བ་གཉིས་ཡིན་ལ། གཞུང་ལམ་ལ་ནི། གང་གིས་ཕྱིན་པར་བྱེད་པ་དང༌། ཕྱིན་ཟིན་པའི་དབྱེ་བས་གཉིས་ཡིན་ནོ། །གཉིས་པ་ནི། འགྲེལ་ཆེན་དུ། སངས་རྒྱས་ཀྱི་སའི་གཉིས་མེད་ཀྱི་ཡེ་ཤེས་ལ་དངོས་དང༌། གཞུང་ལམ་གཉིས་པོ་བཏགས་པ་བར་བཤད་པའི་དགོངས་པ་ནི། གཉིས་པོ་དེ་སློབ་པ་དང་མི་སློབ་པའི་གནས་སྐབས་གང་ཡིན་ཀྱང་རུང༌། རང་བཞིན་གྱི་ཤེས་ཕྱིན་དངོས་མ་ཡིན་པར་འཆད་པ་ཡིན་གྱི། ལམ་གྱི་ཤེས་ཕྱིན་ཕྱིན་དྲུག་གི་ཟླས་ཕྱེ་བའི་ཤེས་ཕྱིན་མ་ཡིན་པར་འཆད་པ་ནི་མ་ཡིན་ཏེ། གཞན་དུ་ན། སློབ་དཔོན་ཉིད་ཀྱིས། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། ཞེས་སོགས་རྒྱ་ཆེར་བཤད་པ་དུ་མ་དང་འགལ་བའི་ཕྱིར་རོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཡུལ་དང་ཡུལ་ཅན་གནས་སྐབས་སོ་སོའི་དབྱེ་བས་ཤེས་ཕྱིན་གྱི་གཙོ་བོར་གྱུར་པ་ནི་གཉིས་ཏེ། ཡུལ་སྟོང་པ་ཉིད་དང༌། ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དང་པོ་ལ་དེའི་གཙོ་བོར་འཇོག་པ་ནི། ཤེས་ཕྱིན་གྱི་མདོའི་མཚན་དོན་འཆད་པའི་སྐབས་ལྟ་བུ་ཡིན་ལ། གཉིས་པ་ནི་ཕྱིན་དྲུག་གི་དབྱེ་བ་འཆད་པའི་སྐབས་ལྟ་བུའོ། །དེ་ཡང་བརྒྱད་སྟོང་དོན་བསྡུ་ལས་བཤད་པ་དེ་ནི་དང་པོའི་དབང་དུ་བྱས་ལ། སློབ་ལམ་ན་ཤེས་ཕྱིན་ཡོད་མེད་དཔྱོད་པ་ནི་གཉིས་པའི་དབང་དུ་བྱས་པར་རིག་པར་བྱའོ། །མདོར་ན་ཤེས་ཕྱིན་དངོས་ལ་གཙོ་ཕལ་གཉིས། དེ་ལ་ལམ་དང་རང་བཞིན་གཉིས། སྐབས་གང་དུ་གཙོ་བོར་འཇོག་པ་ནི། ཡུལ་སྟོང་པ་ཉིད་ཀྱི་ཤེས་ཕྱིན་དང༌། ཡུལ་ཅན་ཡེ་ཤེས་ཀྱི་ཤེས་ཕྱིན་གང་ཞིག་གཏན་ལ་འབེབས་པའི་སྐབས་ཀྱིས་དབྱེའོ། །གཉིས་པ་གཟུགས་བརྙན་གྱི་ཤེས་ཕྱིན་ནི་ཐེག་དམན་གྱི་དབང་དུ་བྱས་ལ། དེ་ལའང་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་ཡོད་ཅིང༌། དེ་དག་ལ་འབྲས་ཡུམ་ལ་རིང་བའི་ཐ་སྙད་འཕགས་སེང་གིས་མཛད་དོ། །ཤེས་ཕྱིན་དངོས་དང༌། དེའི་གཟུགས་བརྙན་གཉིས་སུ་ཕྱེ་དགོས་པའི་ཤེས་བྱེད་ཀྱང༌། ཇི་སྐད་དུ། ཡུམ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ། ངེས་པར་འབྱུང་བ་དེ་བཞིན་དུ་ཁྱོད་སྤོབས་པར་བྱོས་ཤིག ཅེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང༌། ཤེས་ཕྱིན་ལ་བསླབ་པར་གསུངས་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་དོན་ཡང༌། ངེས་པར་འབྱུང་ས་དང༌། འབྱུང་བྱེད་གཉིས་ཀ་ལ་ཐེག་པ་གསུམ་གྱི་དབྱེ་བས་གསུམ་མོ། །དེ་ལ་ཐེག་ཆེན་གྱི་གཉིས་ནི། མི་གནས་པའི་མྱ་ངན་ལས་འདས་པ་ནི་ངེས་འབྱུང་དང༌། རང་བཞིན་གྱི་མྱང་འདས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་ངེས་པར་འབྱུང་བྱེད་ཡིན་ཞིང༌། གཉིས་ཀ་ཡང་ཤེས་ཕྱིན་དངོས་ཡིན་ཏེ། གཉིས་མེད་ཀྱི་ཡེ་ཤེས་གང་ཞིག སྲིད་ཞིའི་ཕ་རོལ་ཏུ་ཕྱིན་ཟིན་པ་དང༌། ཕྱིན་པར་བྱེད་པ་གང་རུང་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཞུང་ལམ་གཉིས་ནི་བྱང་ཆུབ་སེམས་དཔའི་ངེས་འབྱུང་དངོས་མ་ཡིན་ཏེ། སངས་རྒྱས་ཀྱི་གཉིས་མེད་ཀྱི་ཡེ་ཤེས་མ་ཡིན་པའི་ཕྱིར། ཞེས་པ་ནི་སློབ་དཔོན་གྱི་དགོངས་པ་སྟེ། འགྲེལ་ཆེན་དུ། བྱང་ཆུབ་སེམས་དཔའི་ངེས་འབྱུང་ངོས་འཛིན་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སོ་ཞེས་གསུངས་སོ། །དམན་པའི་དབང་དུ་བྱས་ན། ལྷག་མེད་ཀྱི་དབྱིངས་ནི་ངེས་འབྱུང་དང༌། བདག་མེད་དང་པོ་གཉིས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་དེར་འབྱུང་བྱེད་ཡིན་ཞིང༌། དེ་གཉིས་ཀ་ཡང་སྤྲོས་པ་ཕྱོགས་རེ་བཀག་པའི་གཉིས་མེད་ཀྱི་ཡེ་ཤེས་ཡིན་པའི་ཆ་ནས་ཤེས་ཕྱིན་གྱི་མིང་གིས་བཏགས་ནས། ཉན་རང་གི་ས་ལ་སློབ་པར་འདོད་པས་ཤེས་ཕྱིན་ལ་བསླབ་པར་གསུངས་ཀྱང༌། ལམ་ཤེས་ཕྱིན་དངོས་མ་ཡིན་ཏེ། སྲིད་ཞི་གང་རུང་གི་མཐར་ལྷུང་ཟིན་པའམ། དེར་ལྷུང་བྱེད་གང་རུང་ཡིན་པའི་ཕྱིར་རོ། །མདོར་བསྡུ་ན། གཉིས་མེད་ཀྱི་ཡེ་ཤེས་གང་ཞིག སྲིད་ཞིའི་ཕ་རོལ་ཏུ་ཕྱིན་ཟིན་པའམ། དེར་ཕྱིན་བྱ་དང་ཕྱིན་བྱེད་གང་རུང་དེ། ཤེས་ཕྱིན་གྱི་མཚན་ཉིད་དོ། །དེ་ཡང༌། ཤེས་ཕྱིན་ལས་དང་བྱེད་པོ་དང༌། །བྱ་བ་གསུམ་གྱི་བདག་ཉིད་ཅན། །ཞེས་འཆད་པ་ཉིད་ལེགས་པའོ། །དབྱེ་ན་གཉིས་ལས། སངས་རྒྱས་ཀྱི་སར་ནི་གཞུང་ལམ་རང་བཞིན་གསུམ་ཀ་ཤེས་ཕྱིན་དངོས་ཡིན་ལ། སློབ་པའི་སར་ནི། གཞུང་གཉིས་སྣང་གི་ཤེས་པར་འཆད་དགོས་པས་ཕྱིན་བྱེད་མཚན་ཉིད་པ་དང༌། ཤེས་རབ་བཏགས་པ་བ་ཡིན་ནོ་ཞེས་ཞིབ་དུ་བཤད་པར་བྱའོ། །གཉིས་པ་འཆད་བྱེད་བསྟན་བཅོས་ལ། འོ་ན་བསྟན་བཅོས་འདི་ཤེས་ཕྱིན་གྱི་མན་ངག་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདི་ལ་བརྟེན་ནས་དེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བདེ་བླག་ཏུ་རྟོགས་པའི་ཕྱིར། ཞེས་འཆད་པ་ནི། བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམ་པའི་དགོས་པ་ཡིན། །ཞེས་པའོ། །དེ་ལས་དེ་རྟོགས་པའི་རྒྱུ་མཚན་ཅི་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་པའོ། །དེའི་ཕྱིར་བསྟན་བཅོས་འདི་མངོན་པར་རྟོགས་པའི་རྒྱན་དུ་གྲུབ་བོ། །འདི་འཆད་པ་ལ་གཉིས་ཏེ། བཤད་པ་ལ་འཇུག་པའི་བྱ་བ་དང༌། བཤད་པ་ཉིད་ཉེ་བར་དགོད་པའོ། །དང་པོ་ལ་གཉིས་ཏེ། འགྲེལ་པ་རྩོམ་དགོས་པའི་ཤེས་བྱེད་དང༌། ཤེས་བྱེད་དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། འགྲེལ་བ་འདི་ལ་བརྟེན་ནས་བསྟན་བཅོས་འདི་ཡུམ་གསུམ་ཆར་གྱི་རྒྱན་དུ་རྟོགས་པའོ། །ཞེས་འཆད་པ་ནི། དེ་རྒྱན་སོགས་སོ། །གཉིས་པ་ནི་དེའི་ཆེད་དུ་དེ་བྱེད་པ་མི་འཐད་དེ། མཁས་པ་སྔ་མ་གཞན་གྱིས་ཀྱང་དེ་ལྟར་དུ་རྟོགས་ནས་བཤད་པའི་ཕྱིར་རམ། དེས་དེ་མ་རྟོགས་ན་ཁྱོད་ཀྱིས་ཀྱང་དེ་ལྟར་རྟོགས་པའི་མཐུ་མེད་པའི་ཕྱིར། ཞེ་ན། ལན་ལ་གསུམ་སྟེ། མཁས་པ་སྔ་མས་ཇི་ལྟར་རྟོགས་ནས་ཕྱེ་བ་དང༌། དེ་ལས་རང་གིས་རྟོགས་པ་ཁྱད་ཞུགས་པར་སྒྲུབ་པ། འགྲེལ་པ་རྩོམ་པའི་ཤེས་བྱེད་གཞན་ཡང་བསྟན་པའོ། །དང་པོ་ནི། ཐོགས་མེད་སྐུ་མཆེད་ཀྱིས་ནི། གཞན་སྟོང་གི་ཚུལ་ཁས་བླངས་ནས། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་འཆད་པའི་ཚུལ་དུ་བཀྲལ་བས། དོན་གྱི་ཆ་འཁྲུལ་པ་ཡིན་ལ། འཕགས་པ་གྲོལ་སྡེས་ནི། རང་སྟོང་གི་ཚུལ་དུ་བཀྲལ་ནས། གཉིས་མེད་ཀྱི་ཡེ་ཤེས་བདེན་མེད་དུ་གཏན་ལ་ཕབ་ཀྱང༌། ཡུམ་གསུམ་ཆར་དང་མ་སྦྱར་བས། གསུམ་ཆར་གྱི་རྒྱན་དུ་མི་རྟོགས་ལ། བཙུན་པས་ནི་ཡུམ་བར་མའི་མདོའང་དག་པོ་མ་རྙེད་པར་འགྲེལ་པ་བྱས་པས་ན། དེ་དག་གིས་ནི་དེ་ལྟར་རྟོགས་པ་མེད་དོ་ཞེས་འཆད་པ་ནི། འགྲོ་ལ་ཆགས་པ་ཞེས་སོགས་སོ། །གཉིས་པ་ནི། བཟང་པོའི་ཞབས་ཀྱིས་ནི་རང་སྟོང་ཁས་བླངས་ནས། ཡུམ་གསུམ་ཆར་དང་སྦྱོར་བའི་ཕྱིར། གཞན་གྱིས་མ་ཤེས་པའི་ཚིག་དོན་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་ཤེས་ཤིང༌། དེ་ལྟར་ཤེས་པ་ན་འགྲེལ་པ་རྩོམ་པར་རིགས་སོ་ཞེས་འཆད་པ་ནི། དེ་ལྟར་ཞེས་སོགས་སོ། །གསུམ་པ་ནི་རྣམ་པ་ཀུན་ཏུ་ཞེས་སོགས་སོ། །སྐབས་དེ་དག་ཏུ་བསྟན་བཅོས་ཞེས་ཚན་པ་གསུམ་འབྱུང་བ་དེ་ནི་ཡུམ་གྱི་མདོ་ཉིད་ལ་ངོས་བཟུང་ན་འབྱོར་བ་ཡིན་ཏེ། སྐུ་མཆེད་གཉིས་ཀྱིས་མདོ་དང་རྒྱན་མ་སྦྱར་བར། ཤེར་འབྱུང་དང༌། ཆོས་བཤེས་གཉིས་ཆར་གྱིས་བཤད་ཅིང༌། དོན་དེ་ཙམ་ཞིག་འཆད་པ་ལ་དེ་དག་ཚད་མར་ཁས་བླངས་དུ་རུང་བའི་ཕྱིར་དང༌། བཙུན་པ་གྲོལ་སྡེས་རྒྱན་གྱི་ཚིག་མཐའ་དག་མ་རྙེད་པར་བཤད་དུ་མི་རུང་བའི་ཕྱིར་དང༌། སློབ་དཔོན་གྱིས་ཡུམ་གསུམ་པོ་མཐའ་དག་ཡུམ་གསུམ་པོ་ཉིད་ཀྱི་རྒྱན་དུ་རྙེད་ཅེས་བཤད་དུ་མི་རུང་བའི་ཕྱིར་རོ། །ཡང་འགྲེལ་པ་མཛད་པའི་སློབ་དཔོན་བཞི་པོ་དེ་དག་གིས། ཡུམ་གྱི་དགོངས་པ་དབུ་མར་བཀྲལ་བ་ཉིད་དུ་བཞེད་པ་ལ་ཁྱད་པར་མེད་དེ། དབྱིག་གཉེན་ཞབས་ཀྱིས་ཀྱང་ཡུམ་གྱི་དགོངས་པ་གྲུབ་མཐའ་སྨྲ་བ་བཞིའི་ཆ་ཤས་སུ་གྱུར་པའི་སེམས་ཙམ་དུ་བཀྲལ་བ་ཡིན་ནོ་ཞེས་ནི་ནམ་ཡང་མི་བཞེད་པའི་ཕྱིར་ཏེ། དེ་ལྟར་བཞེད་ན་དབུས་མཐའི་འགྲེལ་པ་དང་རང་ཚིག་འགལ་བས་སོ། །དེས་ན་གྲུབ་མཐའ་བཞིའི་རྩེ་མོར་གྱུར་པའི་དབུ་མ་ནི་གཉིས་ཏེ། ཐོགས་མེད་སྐུ་མཆེད་ཀྱིས་བཤད་པ་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱིས་བཞེད་པའོ། །གཉིས་པོའི་ཁྱད་པར་ནི། གཟུང་འཛིན་གཉིས་པོ་རང་སྟོང་དུ་བཤད་ནས། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་པའི་བདེན་པ་དང༌། གནས་ལུགས་མཐར་ཐུག་ཏུ་འཆད་ཅིང༌། དེ་ལ་རིགས་པས་མི་དཔྱོད་པ་ལྟ་བའི་ཁྱད་པར་དང༌། མཐར་ཐུག་གི་ཐེག་པ་གཅིག་ཁོ་ན་བཞེད་པ་ནི་ལུགས་དང་པོས་བཞེད་པ་ཡིན་ཏེ། རྒྱུད་བླའི་འགྲེལ་པ་དང༌། ཡུམ་གསུམ་གནོད་འཇོམས་སུ་བཤད་པ་བཞིན་ནོ། །ལུགས་གཉིས་པས་ནི། གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ཀྱང་སྤྲོས་བྲལ་དུ་གཏན་ལ་ཕབ་ནས་རང་སྟོང་གི་ཚུལ་དུ་ཞལ་གྱིས་བཞེས་པའོ། །ལུགས་དང་པོ་དེ་དབུ་མའི་ལུགས་མ་ཡིན་པར་འཇོག་མི་ནུས་ཏེ། གཞན་དུ་ན་རྒྱུད་བླ་མའི་བསྟན་བཅོས་ཀྱང་དེར་ཐལ་བའི་ཕྱིར་རོ། །འོ་ན་རྒྱན་གྱི་དགོངས་པ་དབུ་མའི་ཚུལ་གཉིས་ལས་གང་དུ་གནས་ཤེ་ན། སློབ་དཔོན་བཟང་པོའི་ཞབས་ཀྱིས་རང་སྟོང་གི་འཆད་ཚུལ་དུ་བཀྲལ་བ་དེར་མི་གནས་སོ་ཤེས་ནི་བརྗོད་པར་མི་ནུས་མོད། སྐུ་མཆེད་གཉིས་ཀྱིས་ཇི་ལྟར་བཀྲལ་བ་དེར་ཡང་མི་གནས་སོ་ཤེས་ནི་བརྗོད་པར་ནུས་པ་མ་ཡིན་ཏེ། འཁོར་ལོ་བར་པའི་དགོངས་པ་གཞན་སྟོང་གི་ཚུལ་དུ་འཆད་པར་རྒྱུད་བླ་མའི་བསྟན་བཅོས་ལས་གསལ་བར་བཤད་པའི་ཕྱིར་རོ། །དབུ་མའི་ཚུལ་གཉིས་པོ་འདི་ཡང་ཐོས་བསམ་གྱིས་གཏན་ལ་འབེབས་ལུགས་མི་འདྲ་བ་ཡིན་གྱི། སྒོམ་པས་ཉམས་སུ་མྱོང་བྱ་ངོས་འཛིན་ཚུལ་ནི་འདྲ་བ་ཡིན་ཏེ། གཉིས་ཀས་ཀྱང་ཐ་སྙད་དུ་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱ་ཁས་ལེན་པས་སོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། གསུམ་སྟེ། ཡུམ་གྱི་མདོའི་བསྟན་བྱའི་གཙོ་བོ་ལ་གུས་པ་སྐྱེད་པའི་ཡན་ལག་ཏུ་མཆོད་བརྗོད། རང་གི་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། མདོ་དང་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ལ་གཉིས་ཏེ། རྗེ་བཙུན་གྱི་བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་ཡུམ་ངོས་བཟུང་བ་དང༌། དེས་མཚོན་ནས་མངོན་པར་རྟོགས་པ་བརྒྱད་ཀ་འཕགས་བཞིའི་ཡུམ་དུ་བསྟན་པའོ། །དང་པོ་ནི་འཕགས་པ་བྱམས་པ་ཞེས་པ་ནས། རྒྱུའི་གཙོ་བོ་ཡིན་ནོ་ཞེས་པའི་བར་གྱིས་འཆད་ལ། གཉིས་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་ཞེས་པས་བསྟན་ནོ། །དེ་ལ་འདིར་རྗེ་བཙུན་གྱིས་ཕྱག་བྱ་བའི་ཡུལ་དུ་གྱུར་པའི་ཡུམ་ནི། སངས་རྒྱས་ཀྱི་སའི་རང་བཞིན་གྱི་ཤེས་ཕྱིན་དེ་ཉིད་ལ་ངོས་འཛིན་དགོས་པ་ཡིན་ཏེ། བཅོམ་ལྡན་འདས་མ་ཞེས་བཤད་ཅིང༌། དེ་ཡང་ཡོན་ཏན་རིན་པོ་ཆེ་ཕུལ་དུ་དབྱུང་དུ་མེད་པ་དང་དཔག་ཏུ་མེད་པའི་འབྱུང་གནས་ཀྱི་ཚོགས་དོན་དུ་བཤད་པའི་ཕྱིར། ཡུམ་དེ་ལ་ཕྱག་འཚལ་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེའི་ཡོན་ཏན་བརྗོད་པའི་སྒོ་ནས་སོ། །དེ་ཇི་ལྟར་བརྗོད་ན། མཁྱེན་པ་གསུམ་གྱི་སྒོ་ནས་སོ། །ཡུམ་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་གྱུར་པ་དེ་ལ་མཁྱེན་པ་གསུམ་གྱི་ཡོན་ཏན་ཇི་ལྟར་ཡོད་ཅེ་ན། གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་མཁྱེན་པའི་ཕྱིར། དེ་ཡང་རྣམ་མཁྱེན་གྱི་ཤེས་རྣམ་སྟོན་པའི་སྐབས་ནས་འཆད་པ་ལྟར། སངས་རྒྱས་ཀྱི་སར་ཐེག་པ་གསུམ་ཀའི་ཡོན་ཏན་ཡར་ལྡན་དུ་ཡོད་པའི་རྒྱུ་མཚན་གྱིས་འབྲས་ཡུམ་གཅིག་པུ་ལ་ཐེག་པ་གསུམ་ཀའི་ཚུལ་གསུམ་པ་ཅན་ཞེས་བྱ་བ་ཡིན་ནོ། །ཡུམ་འདི་ལ་ཡོན་ཏན་གཞན་ཡང་ཡོད་མོད། མཁྱེན་གསུམ་ཁོ་ནའི་ཡོན་ཏན་བརྗོད་པའི་སྒོ་ནས་བསྟོད་པའི་རྒྱུ་མཚན་དང་དགོས་པ་གང་ཞེ་ན། མཁྱེན་གསུམ་གྱི་ཡོན་ཏན་གྱིས་མངོན་པར་རྟོགས་པ་བརྒྱད་ཀའི་ཡོན་ཏན་བསྡུས་པའི་རྒྱུ་མཚན་གྱིས་ཡིན་ལ། དེའི་འབྲེལ་ཡང་མཁྱེན་པ་གསུམ་གྱི་ཡོན་ཏན་དེ་དང་དེ་མངོན་པར་རྟོགས་པ་གཞན་ལྔ་ལའང་ཡོད་པར་གྲུབ་པ་ན། མདོ་དང་བསྟན་བཅོས་ཀྱི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་པོ་ཐམས་ཅད་ལ་འཕགས་པ་བཞིའི་བཞེད་དོན་སྒྲུབ་པའི་ནུས་པ་ཡོད་པ་དང༌། ཐམས་ཅད་ཀྱང་ཡུམ་ཤེས་ཕྱིན་དུ་གྲུབ་པ་ཡིན་ནོ། །མདོར་ན་རང་བཞིན་གྱི་ཤེས་ཕྱིན་ལ་ལམ་ཤེས་ཕྱིན་གྱི་ཡོན་ཏན་མངའ་བའི་སྒོ་ནས་བསྟོད་པ་དང་ཕྱག་མཛད་པ་ཡིན་ལ། དེའི་ཚེ་ན་ལམ་ཤེས་ཕྱིན་ནི་རང་བཞིན་གྱི་ཤེས་ཕྱིན་གྱི་ཡོན་ཏན་དང༌། སྲས་འཕགས་པ་བཞིའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དངོས་ཡིན་ལ། རང་བཞིན་ཤེས་ཕྱིན་ནི་ཡོན་ཏན་ཅན་དང༌། བསྟོད་ཕྱག་གི་ཡུལ་དུ་གྱུར་པའི་ཡུམ་ཡིན་ནོ། །ཞེས་བྱ་བ་འདི་ནི་ཞིབ་མོའི་རྣམ་པར་བཞག་པ་ཡིན་ལ། རེ་ཞིག་བཟུང་བདེ་བར་བཤད་ན། མཁྱེན་པ་གསུམ་ཀ་མཆོད་བརྗོད་དང༌། བསྟོད་ཡུལ་དུ་གྱུར་པའི་ཡུམ་ཡིན་ཀྱང༌། ཕྱག་གི་ཡུལ་མ་ཡིན་ཏེ། རྗེ་བཙུན་གྱིས་ཉན་རང་གི་མངོན་རྟོགས་ལ་ཕྱག་མི་མཛད་པའི་ཕྱིར་རོ། །གཉིས་པ་དགོས་པ་ནི། འོ་ན་རྣམ་མཁྱེན་གཅིག་པུའི་སྒོ་ནས་བསྟོད་པར་རིགས་སོ་ཞེ་ན། མ་ཡིན་ཏེ། དེ་ལྟ་ན་ཉན་རང་གི་རིགས་ཅན་དང༌། མཉན་པ་ལྟ་བུ་དང༌། རྫི་བོ་ལྟ་བུའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཡུམ་འདི་ལ་དད་པར་མི་འགྱུར་བའི་ཕྱིར་རོ། །དེས་ན་ཡུམ་འདི་ལ་གཞི་ཤེས་ཀྱི་ཡོན་ཏན་མངའ་བར་བསྟོད་པས་ནི་ཉན་རང་གི་རིགས་ཅན་རྣམས་ཡུམ་ལ་དྭང་བ་སྐྱེས་ནས་དེ་སྟོན་པའི་གཞུང་ཤེས་ཕྱིན་ལ་ཐོས་བསམ་གྱིས་ཞུགས་ཏེ། བདག་མེད་པ་དང་པོ་གཉིས་རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེད་ནས་དམན་པའི་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཐོབ་པར་མཛད་དོ། །དེ་ལ་ལམ་ཤེས་ཀྱི་ཡོན་ཏན་མངའ་བར་བསྟོད་པས་ནི། བྱང་ཆུབ་སེམས་དཔའ་བཤད་མ་ཐག་པ་དེ་འདྲ་དེ་ཡུམ་ལ་དྭང་བ་སྐྱེས་ནས་དེ་ལ་ཐོས་བསམ་གྱིས་ཞུགས་ཏེ། ལམ་གསུམ་ཤེས་ཤིང་ཉོན་མོངས་པའི་བག་ལ་ཉལ་མི་སྤོང་བའི་ཐབས་ཀྱིས་འཁོར་བ་མ་སྟོངས་ཀྱི་བར་དུ་སྲིད་པར་སྐྱེ་བ་བླངས་པའི་སྒོ་ནས་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་དོ། །དེ་ལ་རྣམ་མཁྱེན་གྱི་ཡོན་ཏན་མངའ་བར་བསྟོད་པས་ནི་རྒྱལ་པོ་ལྟ་བུའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་རྣམས་དྭང་བ་སྐྱེས་ནས། དེ་སྟོན་པའི་གསུང་རབ་ལ་རིམ་གྱིས་ཞུགས་ཏེ། སངས་རྒྱས་པའི་མཛད་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དོ། །གཉིས་པ་ནི། འདིར་རྗེ་བཙུན་གྱི་ཕྱག་གི་ཡུལ་དུ་གྱུར་པའི་ཡུམ་ལ། སྤྱིར་རང་བཞིན་ཤེས་ཕྱིན་དང༌། བྱེ་བྲག་མི་གནས་པའི་མྱང་འདས་ཀྱིས་ཁྱབ་པ་དེ་ལྟ་ན། སྤྱིར་བསྟན་བཅོས་ཀྱི་བརྗོད་བྱར་གྱུར་པའི་ཡུམ་དང༌། བྱེ་བྲག་ཏུ་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་ཡུམ་ལ་ཡང་དེས་ཁྱབ་པར་ཁས་ལེན་ནམ་ཞེ་ན་མ་ཡིན་ཏེ། མངོན་པར་རྟོགས་པ་བརྒྱད་ཀ་ལ་མཁྱེན་པ་གསུམ་གྱི་ཡོན་ཏན་བཤད་མ་ཐག་པ་དེ་དག་ཚང་ལ། དེའི་རྒྱུ་མཚན་གྱིས་བརྒྱད་ཀས་ཀྱང་འཕགས་པ་བཞི་པོ་གང་རུང་གི་བཞེད་དོན་སྒྲུབ་པར་ནུས་ལ། དེའི་རྒྱུ་མཚན་གྱིས་སྐབས་འདི་ནས་བསྟན་པའི་ཤེས་ཕྱིན་དུ་བཞག་པར་ནུས་པས་སོ། །ཞེས་འཆད་པ་ནི། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ནི་དོན་བརྒྱད་བསྡུས་ལ་ཞེས་སོགས་སོ། །དེ་ཡང་མོས་སྤྱོད་ན་ཡོད་པའི་མཁྱེན་གསུམ་གྱི་སྦྱོར་བ་ནི། མཁྱེན་གསུམ་གྱི་བསྡུ་བྱར་མི་རུང་ཞིང༌། དེའི་རྒྱུ་མཚན་གྱིས་འདིའི་ཡུམ་དུའང་མི་རུང་ངོ༌། །འཕགས་པ་བཞི་པོ་གང་རུང་གི་བཞེད་དོན་སྒྲུབ་པ་ཡང་མ་ཡིན་ཏེ། ཉོན་མོངས་པའི་ས་བོན་ལ་མི་གནོད་པའི་ཕྱིར་དང༌། ལམ་དང་རྣམ་པ་མངོན་སུམ་དུ་མི་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདིའི་སྐབས་ཀྱི་ཡུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་པ་ཡིན་ནོ། །དོན་དེ་དག་ཀྱང་ཉི་སྣང་དུ། ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ཡུམ་དེ་གང་ཡིན་ཞེས་དྲིས་པའི་ལན་དུ། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ་བརྒྱད་ཀྱིས་ཡང་དག་བཤད། །ཅེས་འཆད་པར་གསུངས་པ་དེ་ལ་བསམས་པ་ཡིན་ལ། དེའི་གོ་དོན་ཡང༌། རང་བཞིན་ཤེས་ཕྱིན་དེ་དངོས་པོ་བརྒྱད་ཀྱི་སྒོ་ནས་བཤད་པ་ལ་དགོངས་སོ། །དེ་ལྟར་ན་གསུམ་གྱིས་བརྒྱད་བསྡུས་པའི་གོ་དོན་ཡང་གསུམ་ལ་བསྟོད་པས་བརྒྱད་ཀ་ལ་བསྟོད་པར་འགྱུར་ཏེ། གསུམ་པོའི་ཡོན་ཏན་གྱི་ལྷག་མ་ལྔའི་ཡོན་ཏན་ཡང་བསྡུས་པའི་ཕྱིར། དེའི་ཤེས་བྱེད་ཀྱང་སྦྱོར་བ་བཞི་ཀ་ཡང་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་རྣལ་འབྱོར་ལས་མ་འདས་པའི་ཕྱིར་དང༌། ངོ་བོ་ཉིད་ཀྱི་སྐུ་ནི་བསྟོད་ཡུལ་གྱི་གཙོ་བོར་གྱུར་པའི་ཡོན་ཏན་ཅན་གྱི་ཡུམ་དེ་ཡིན་ལ། སྐུ་ལྷག་མ་གསུམ་ནི་ཡོན་ཏན་དུ་གྱུར་པའི་རྣམ་མཁྱེན་ལས་མ་འདས་པས་སོ། །ཞེས་བྱ་བའི་དོན་འདི་ཁོ་ན་ཡིན་གྱི། རྣམ་བཤད་མཛད་པ་པོ་སྔ་མ་རྣམས་ཀྱི་བཤད་པའི་རྣམ་གྲངས་མང་པོ་དེ་དག་ནི་ངལ་བ་འབྲས་བུ་མེད་པའི་ལས་ཅན་ནོ། །གལ་ཏེ་འོ་ན་གཞི་ལམ་རྣམ་གསུམ་སྐྱེ་མེད་ཤེས་པ་ཡུམ་གྱི་ཡོན་ཏན་ཡིན་ན། དེ་སྐྱེ་མེད་དུ་རིགས་པ་གང་ཞིག་འགྲུབ་ཅེ་ན། འདིར་རང་རྒྱུད་པའི་ལུགས་གཞིར་བཞག་ནས་འཆད་པ་ལ་གསུམ་སྟེ། བར་དུ་བདག་ཟློག་པའི་རིགས་པ་དབང་བཙན་པར་བྱས་ནས། ཀུན་རྫོབ་ཀྱི་དངོས་པོ་བདེན་མེད་དུ་སྒྲུབ་པ་དང༌། ཐ་མར་ལྟ་བ་ཀུན་ཟློག་གི་རིགས་པ་དབང་བཙན་པར་བྱས་ནས། དོན་དམ་གྱི་དངོས་པོ་བདེན་མེད་དུ་སྒྲུབ་པ་དང༌། སྤྲོས་བྲལ་གྱི་ལྟ་བ་རྟོགས་པའི་ས་མཚམས་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྩ་བའི་རྟགས་དགོད་པ་དང༌། ཚུལ་སྒྲུབ་པ་དང༌། སྒྲུབ་པའི་ངག་བཀོད་ནས་རྗེས་དཔག་སྐྱེད་པའོ། །དང་པོ་ནི་ཕྱི་ནང་གི་དངོས་པོ་འདི་དག་ཆོས་ཅན། རང་བཞིན་གྱིས་མེད་དེ། རིགས་པས་དཔྱད་པའི་ཚེ་གཅིག་ཏུ་ཡང་མེད། དུ་མར་ཡང་མེད་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །འདིར་ཆོས་ཅན་ནི། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་དངོས་པོ། མ་བརྟགས་གཅིག་པུར་ཉམས་དགའ་བ་དེ་ཉིད་ཡིན་པས། ཀུན་རྫོབ་ཀྱི་དབང་དུ་བྱས་པའོ། །གཏན་ཚིགས་ནི། དོན་དམ་པའི་གཅིག་དང་དུ་བྲལ་གྱི་དབང་དུ་བྱས་པ་ཡིན་ཏེ། ཀུན་རྫོབ་ཏུ་ནི་དངོས་པོ་ཀུན་གཅིག་དང་དུ་མ་གང་རུང་དུ་གྲུབ་པའི་ཕྱིར། བསྒྲུབ་བྱའི་ཆོས་ཀྱི་དོན་ནི། རང་བཞིན་མེད་པའི་ཐ་སྙད་འབའ་ཞིག་ཡིན་ཏེ། དེའི་དོན་ནི་ཕྱོགས་ཆོས་སྒྲུབ་བྱེད་ཀྱི་རིགས་པས་འགྲུབ་པའི་ཕྱིར། དེའི་ཕྱིར་འདིའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་དེ་ཡིན་ན་དོན་དམ་པའི་བདེན་པ་ཡིན་པར་འགའ་བ་ཡིན་ཏེ། བདེན་པར་མེད་པའི་ཡུལ་ཅན་གྱི་ཐ་སྙད་ནི་རྗོད་བྱེད་ཀྱི་སྒྲ་དང་རྟོག་པའམ། གདགས་གཞི་དེ་ལ་བཏགས་པའི་མིང་གང་རུང་ལས་མ་འདས་པའི་ཕྱིར་རོ། །འོ་ན་དོན་དམ་བདེན་པའི་མཚན་གཞི་གང་ཞེ་ན། གཉིས་མེད་ཀྱི་ཡེ་ཤེས་དང༌། ཆོས་ཅན་དེ་དང་དེ་དོན་དམ་པའི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པའི་མེད་པར་དགག་པ་དེ་ཉིད་ནི་ཡུལ་གྱི་དང༌། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ནི་ཡུལ་ཅན་གྱི་བདེན་པའོ། །དེ་གསུམ་ཀ་ཡང་བདེན་པར་གྲུབ་པ་ཡིན་ཏེ། བདེན་པར་འཇལ་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་ཏེ། དེ་དོན་དམ་པའི་བདེན་པར་སྒྲུབ་བྱེད་ཀྱི་རྟགས་དང༌། རྗེས་སུ་དཔག་པའི་ཚད་མ་ཡོད་པའི་ཕྱིར་རོ། །གཏན་ཚིགས་འདིའི་དངོས་ཀྱི་དགག་བྱ་ནི་མྱུ་གུ་ལ་སོགས་པའི་ཀུན་རྫོབ་པའི་དངོས་པོ་རྣམས་རང་ཉིད་རང་ཡིན་པ་དེ་ལ་ངོས་འཛིན་དགོས་པ་ཡིན་ཏེ། དེ་དག་རང་སྟོང་དུ་སྒྲུབ་པ་སྐབས་སུ་བབ་པའི་ཕྱིར་རོ། །གལ་ཏེ་འོ་ན་མྱུ་གུ་ལ་སོགས་པ་མེད་པར་འགྱུར་ཏེ། དེ་དག་དེ་མ་ཡིན་པའི་ཕྱིར། འདོད་ན་ཆོས་ཅན་མ་གྲུབ་པས། གཏན་ཚིགས་ཡང་དག་ཇི་ལྟར་རུང་ཞེ་ན། ཉེས་པ་མེད་དེ། རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་དུ་འཇོག་པ་ལ་ནི་ཀུན་རྫོབ་ཏུ་ཡོད་པ་ཙམ་གྱིས་ཆོག་པ་ཡིན་ལ། དེར་ཡོད་པས་རང་ལུགས་ལ་ཡོད་པའི་གོ་མི་ཆོད་པའི་ཕྱིར། གལ་ཏེ་ཆོད་ན། མ་རིག་པའི་ངོར་ཡོད་པས་ཡོད་པའི་གོ་ཆོད་པར་འགྱུར་རོ། །རྟགས་དང་པོ་གྲུབ་སྟེ། ཀུན་རྫོབ་པའི་དངོས་པོ་རྣམས་དོན་དམ་དུ་ཡོད་པ་མི་སྲིད་པའི་ཕྱིར་རོ། །དེ་ལས་གཞན་དུ་ན། ཀུན་རྫོབ་པའི་དངོས་པོ་རྣམས་རང་ལུགས་ཀྱི་ཚད་མས་གྲུབ་ན། བློ་ཀུན་རྫོབ་པ་ཡང་ཡིན། ཚད་མ་ཡང་ཡིན་པའི་གཞི་མཐུན་པ་ཞིག་ཡོད་པར་འགྱུར་ལ། དེ་ལྟ་ན་གནས་ཚུལ་མཐོང་བ་ལ་སྒྲིབ་བྱེད་ཀྱི་བློ་དང༌། ཚད་མའི་གཞི་མཐུན་ཡོད་པར་འགྱུར་ལ། དེ་ཡང་དེ་ལྟ་ན། ཚད་མ་ལ་མི་སླུ་བས་མ་ཁྱབ་པར་འགྱུར་རོ། །འོ་ན་ཅི། བདེན་གྲུབ་དགག་བྱར་བྱེད་དགོས་པ་མ་ཡིན་ནམ་ཞེ་ན། ཡིན་མོད། དེ་བདེན་པར་གྲུབ་པ་དང༌། དེ་དེ་ཡིན་པར་གྲུབ་པ་གཉིས་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། མྱུ་གུ་ལ་སོགས་པ་དེ་ཉིད་དེ་ཡིན་ན། དེར་སྣང་བ་ལྟར་དེའི་དོན་བྱེད་ནུས་དགོས། དེ་ནུས་ན་དེ་མི་སླུ་བ་ཡིན་དགོས་ལ། མི་སླུ་ན་བདེན་དགོས་ཤིང༌། བདེན་ན་དོན་དམ་པའི་བདེན་པ་ཡིན་དགོས་ལ། དེ་ཡིན་ན་བདེན་པར་གྲུབ་དགོས་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་བླངས་ཤིང༌། དབུ་མ་པས་ཡང་དག་པའི་ཀུན་རྫོབ་ཅེས་བྱ་བའི་མིང་གིས་བཏགས་པའི་དངོས་པོ་རྣམས་ནི་རང་རང་གི་ངོ་བོས་སྟོང་པའི་ཕྱིར། དོན་དམ་པའི་བདེན་པར་མེད་དོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་ནོ། །གཉིས་པ་ལ་གཉིས་ཏེ། ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཅིག་བྲལ་སྒྲུབ་པ་དང༌། དུ་བྲལ་སྒྲུབ་པའོ། །དང་པོ་ལ་གསུམ་སྟེ། ཕྱི་རོལ་གྱི་དོན་ལ་དང༌། དོན་སྣང་གི་ཤེས་པ་ལ་དང༌། གཉིས་མེད་ཀྱི་ཤེས་པ་ལ་གཅིག་བྲལ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རགས་པ་ལ་དང༌། རྡུལ་ཕྲ་རབ་ལ་སྒྲུབ་པའོ། །དང་པོ་ནི། རགས་པ་ཆོས་ཅན། གཅིག་ཏུ་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཆ་དང་བཅས་པའི་ཕྱིར། ཞེས་པའོ། །རྟགས་འདི་ལ་བརྟེན་པའི་ཚད་མ་ནི་མདོ་སྡེ་པ་ལའང་ཡོད་དོ། །གཉིས་པ་ནི། དབུས་རྡུལ་ལ་ཕྱོགས་དྲུག་གི་རྡུལ་གྱིས་སྐོར་བའི་ཚེ། དབུས་ཀྱི་རྡུལ་ཕྲ་རབ་ཆོས་ཅན། གཅིག་ཏུ་ཡོད་པ་མ་ཡིན་ཏེ། ཕྱོགས་ཆ་འགལ་བ་དྲུག་དང་བཅས་པའི་ཕྱིར། དེ་ལྟ་མ་ཡིན་ན། དབུས་རྡུལ་གྱི་ཕྱོགས་དྲུག་པོ་ཐམས་ཅད་དེའི་ཤར་ཕྱོགས་ལྟ་བུ་གཅིག་ཁོ་ན་ན་གནས་པར་ཧ་ཅང་ཐལ་བས་རགས་པ་རྩོམ་མི་ནུས་པར་འགྱུར་རོ། །རྟགས་འདི་ལ་བརྟེན་པའི་ཚད་མ་ནི་སེམས་ཙམ་རྣམ་བདེན་པ་ལ་ཡང་ཡོད་པ་ཡིན་ཏེ། ཇི་སྐད་དུ། ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་སོགས་གསུངས་པ་ལྟར་རོ། །གཉིས་པ་ནི། ཕྱི་རོལ་དོན་གྱི་རྣམ་པ་སྣང་བའི་ཤེས་པ་ཆོས་ཅན། གཅིག་ཏུ་ཡོད་པ་མ་ཡིན་ཏེ། སྣ་ཚོགས་སུ་སྣང་བའི་ཕྱིར། ཞེས་པའོ། །རྟགས་འདི་ལ་བརྟེན་པའི་ཚད་མ་ནི་རྣམ་བརྫུན་པ་ལ་ཡང་ཡོད་དེ། ཇི་སྐད་དུ། རང་བཞིན་མཐོང་མེད་ཕྱིར་གཅིག་མིན། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། གཅིག་ཏུ་ཡོད་པ་མ་ཡིན་ཏེ། སྐྱེ་འཇིག་གནས་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར། ཞེས་པའོ། །འདི་ནི་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རིགས་པ་སྟེ། གཞན་ལ་མ་གྲགས་པའི་ཕྱིར་རོ། །གཉིས་པ་ནི། བདེན་པའི་དུ་མ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། གཅིག་གི་མཚན་གཞི་མེད་པའི་ཕྱིར་རོ། །སྐབས་འདི་དག་དུ་གཅིག་མེད་ན་དུ་མ་མེད་པས་ཁྱབ་པ་དང༌། དུ་མ་ཡིན་ན། གཅིག་ཡིན་པར་འགལ་བའི་ཁྱབ་པ་ཚད་མས་འགྲུབ་པའི་ཚུལ་ཤེས་དགོས་པ་ཡིན་ཏེ། དེ་མ་ཤེས་ན་གཅིག་བྲལ་གྱི་སྒྲུབ་བྱེད་དང༌། དུ་བྲལ་གྱི་སྒྲུབ་བྱེད་གཉིས་ཕན་ཚུན་འགལ་བར་འཁྲུལ་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྗེས་འགྲོ་སྒྲུབ་པ་དང༌། ལྡོག་པ་སྒྲུབ་པའོ། །དང་པོ་ནི། རྟགས་དེ་མཐུན་པའི་ཕྱོགས་གཟུགས་བརྙན་ལ་རྗེས་སུ་འགྲོ་བར་འཇིག་རྟེན་ཐ་མལ་པའི་མངོན་སུམ་གྱིས་ཀྱང་གྲུབ་པ་ཡིན་ཏེ། དེས་ཀྱང་དེ་དག་སྣང་བ་ལྟར་དོན་བྱེད་མི་ནུས་པ་ཉིད་དུ་གོ་བས་བརྫུན་པར་གྲུབ་པའི་ཕྱིར། དེ་ལྟ་ན་ཡང༌། ཞིབ་མོར་བསམས་ན། གཟུགས་བརྙན་གྱི་རང་ལྡོག་ནས་རང་སྟོང་དུ་ཤེས་མ་ཤེས་ཀྱི་ཁྱད་པར་ཅུང་ཟད་ཅིག་ཡོད་པས། མེ་ལོང་ནང་གི་བྱད་བཞིན་ནོ། །ཞེས་དང༌། སྒྱུ་མའི་རྟ་གླང་བཞིན་ནོ་ཞེས་བརྗོད་དགོས་པ་ཡིན་ནོ། །འོ་ན་གཞི་མ་གྲུབ་པ་མཐུན་དཔེར་ཇི་ལྟར་རུང་ཞེ་ན། དགག་བྱ་འགོག་པའི་ཚེ་སྐྱོན་ཡོད་པ་མ་ཡིན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། མིག་སོགས་སྐྱེ་མེད་དུ་སྒྲུབ་པའི་མཐུན་དཔེར། བདག་ཤེས་རིག་གི་སྐྱེས་བུ་བཟུང་བ་བཞིན་ནོ། །གཉིས་པ་ནི། གང་ཡོད་པ་ལ་གཅིག་དང་དུ་བྲལ་འགོག་བྱེད་ཀྱི་རིགས་པ་དེ་ཉིད་ཀྱིས་བདེན་པར་གྲུབ་པ་ལ་ཡང་དེ་ཁེགས་པ་ཡིན་ནོ། །རིགས་པ་དེའི་ཤེས་བྱེད་ཀྱང༌། ཡོད་ན་རིགས་པས་དཔྱད་པའི་ཚེ་ཡོད་དགོས་པ་ལ་ཐུག་ལ། དེའི་ཤེས་ཀྱང༌། མ་དཔྱད་པའི་ངོར་ཡོད་པས་ཡོད་པའི་གོ་མི་ཆོད་པ་ལ་ཐུག་པ་ཡིན་ཏེ། དེ་ལས་གཞན་དུ་ན། བདག་གཉིས་ཀྱང་ཡོད་པར་འགྱུར་རོ། །གསུམ་པ་ནི། དེ་ལྟར་ཚུལ་གསུམ་ཚད་མས་ཤེས་ཟིན་པའི་འོག་རོལ་དུ་སྒྲུབ་པའི་ངག་འདི་ལྟར་འགོད་དེ། གང་གཅིག་དང་དུ་མ་དང་བྲལ་ན། བདེན་པར་མེད་པས་ཁྱབ། དཔེར་ན་མེ་ལོང་ནང་གི་བྱད་བཞིན་བཞིན། བྱད་བཞིན་དེ་དེ་དང་བྲལ་བ་བཞིན་དུ་སྣང་ཞིང་གྲགས་པའི་དངོས་པོ་འདི་དག་ཀྱང་དེ་དང་བྲལ། དེའི་ཕྱིར་དེ་དག་རང་བཞིན་གྱིས་མེད་དོ། །ཞེས་པའི་ངག་ཡན་ལག་ལྔ་ལྡན་དུ་བཀོད་པ་ལ་བརྟེན་ནས། ཆོས་ཅན་དེ་དག་གི་སྟེང་དུ་བདེན་མེད་ཀྱི་ཐ་སྙད་རྟོགས་པའི་རིགས་ཤེས་རྗེས་དཔག་སྐྱེ་བ་ཡིན་ནོ། །དེའི་ཚེ་ཕྱོགས་ཆོས་ངེས་པའི་ཤེས་རབ་གང་ཡིན་པ་དེ་དབུ་མའི་ལྟ་བ་རྗེས་མཐུན་པ་དང༌། དེའི་ཡུལ་གཅིག་དང་དུ་བྲལ་དེ་མཐུན་པའི་དོན་དམ་དུ་ཁས་ལེན་དགོས་པ་ཡིན་གྱི། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་དེ་ནི་དེར་མི་རུང་སྟེ། ཀུན་རྫོབ་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གངས་ཅན་པ་ཕྱི་མ་དག་གིས་དེ་ལས་ཟློག་སྟེ་ཁས་ལེན་པ་ནི། རང་རྒྱུད་ཀྱི་གཞུང་ལུགས་མ་གོ་བས་ཤིན་ཏུ་ནོངས་པ་ཡིན་ནོ། །གོང་དུ་བཤད་པ་དེ་ལྟར་ཀུན་རྫོབ་ཀྱི་བདེན་པར་བཞག་པའི་ཆོས་རྣམས་ཀྱི་སྟེང་དུ་བདེན་གྲུབ་བཀག་པའི་མེད་པར་དགག་པ་དེ་ནི་སྤྲོས་པ་ཕྱོགས་གཅིག་བཀག་པའི་རྒྱུ་མཚན་གྱིས་རྣམ་གྲངས་པའི་དོན་དམ་བདེན་པར་འཇོག་པ་ཡིན་གྱི། དོན་དམ་པའི་བདེན་པ་དངོས་མ་ཡིན་ཏེ། ཁྱད་གཞི་དོན་དམ་གྱི་སྟེང་དུ་བདེན་གྲུབ་བཀག་མ་ཟིན་པས། སྤྲོས་པའི་ཚོགས་མཐའ་དག་མ་བཀག་པའི་ཕྱིར། དེ་སྐད་དུ་ཡང༌། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང༌། །དམ་པའི་དོན་དང་འཐུན་ཕྱིར་འདོད། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་གསུངས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ། བདེན་པའི་གཅིག་དང་དུ་བྲལ་ཆོས་ཅན། རིགས་པས་དཔྱད་བཟོད་དུ་ཐལ། བདེན་པར་གྲུབ་པའི་ཕྱིར། སྙམ་ན། ལན་ལ་མགོ་མཚུངས་དང༌། རྣལ་མའོ། །དང་པོ་ནི། དེ་ཆོས་ཅན། དེ་ཉིད་དུ་ཐལ། དོན་དམ་པའི་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་མ་ངེས་ན་སྔ་མ་ཡང་མ་ངེས་སོ། །དཔྱད་མི་བཟོད་ན་བརྫུན་དགོས་པའི་ཕྱིར་རོ་སྙམ་ན། འདིར་ཡང་དེ་ཉིད་ཀྱི་ཕྱིར་མཚུངས་པ་ཡིན་ནོ། །གཉིས་པ་ནི། མྱང་འདས་སོགས་བདེན་གྲུབ་ཏུ་འཇོག་པ་དེའི་ཚེ། དེའི་ངོ་བོ་ལ་དཔྱད་ནས་དེར་བཞག་པ་མ་ཡིན་ཏེ། དཔྱད་ནས་ནི་ཐ་སྙད་ཀྱི་བདེན་པ་ཡང་འཇོག་མི་ནུས་ན། དོན་དམ་པའི་བདེན་པ་འཇོག་པ་ལྟ་ཅི་སྨོས་པའི་ཕྱིར། དཔེར་ན་མདོ་སྡེ་པས་རྡུལ་ཕྲན་བདེན་གྲུབ་ཏུ་ཁས་བླངས་ཀྱང༌། དེ་ཉིད་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ནས་ཁས་བླངས་པ་མ་ཡིན་པ་བཞིན་ནོ། །དེས་ཀྱང་དེ་དེར་ཁས་ལེན་ན་ནི་དེའི་ངོར་བདེན་མེད་དུ་སྒྲུབ་བྱེད་ཀྱི་རིགས་པ་མི་རྙེད་པར་འགྱུར་རོ། །རྩ་བར་ཁྱབ་པ་མ་ངེས་པའི་ཚུལ་འདི་ཡང༌། གནས་སྐབས་སུ་བདེན་པ་གཉིས་ཁས་ལེན་པ་དེ་སྲིད་དུ་ཡིན་གྱི། མཐར་ནི་མ་ཡིན་ཏེ། དེར་ནི་ཡོད་པ་ཞེས་བྱ་བའི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་ལ། དེ་ཡང་རིགས་པས་དཔྱད་མི་བཟོད་པ་ལ་ཐུག་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་སྤྲོས་པ་ཕྱོགས་གཅིག་བཀག་པའི་བདེན་མེད་དེ་བདེན་པར་ཡོད་དམ་ཞེ་ན། ཞེས་སམ། ཀུན་རྫོབ་ཀྱི་ཆོས་རྣམས་མི་བདེན་ན་དོན་དམ་པའི་ཆོས་རྣམས་བདེན་ནམ་ཞེ་ན། དགག་བྱ་གང་བཀག་པས་བདེན་མེད་དུ་འཇོག་པའི་བདེན་མེད་དེ་ཡང་ཡོད་པ་མ་ཡིན་ཏེ། འགལ་ཟླ་བདེན་གྲུབ་མེད་པའི་ཕྱིར་རོ། །དཔེར་ན་མོ་གཤམ་གྱི་བུ་མེད་ན་དེ་ཤི་བ་མི་འབྱུང་བ་བཞིན་ནོ། །ཡང་མྱུ་གུ་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་དེ་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་གང་བཀག་པས་མྱུ་གུ་རང་སྟོང་དུ་འཇོག་པའི་དགག་བྱ་མྱུ་གུ་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་དུ་ན་བཀག་མེད་གསལ། །ཞེས་དང༌། རྩ་བ་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་གསུངས་སོ། །ཆོས་ཅན་མྱུ་གུ་སོགས་མེད་པར་གང་གིས་ཤེས་ཞེ་ན། ཕྱི་རོལ་གྱི་དོན་དང༌། དོན་སྣང་གི་ཤེས་པ་གཉིས་ཀ་ཚད་མས་མི་འགྲུབ་པར་ནི་རྣལ་འབྱོར་སྤྱོད་པ་པས་ཀྱང་ཤེས་ན། ངོ་བོ་ཉིད་མེད་པར་སྨྲ་བས་ལྟ་ཅི་སྨོས་ཏེ། གཞན་དུ་ན་ངེས་དོན་གྱི་རྒྱ་མཚོ་ཆེན་པོར་འཇུག་པ་ལ། གྲུབ་མཐའ་སྨྲ་བའི་ཐེམ་སྐས་ཀྱི་རིམ་པ་བཞི་གཟུངས་པ་དེ་དེར་འཇུག་པའི་ལམ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གལ་ཏེ་འོ་ན་སྤྲོས་པ་ཕྱོགས་གཅིག་བཀག་པ་ཙམ་གྱིས་དོན་དམ་པའི་བདེན་པར་འཇོག་མི་ནུས་ན། སྤྲོས་པའི་ཚོགས་མཐའ་དག་བཀག་པའི་མེད་པར་དགག་པ་དེ་དོན་དམ་པའི་བདེན་པར་ཁས་ལེན་ནམ་ཞེ་ན། དེ་ཡང་དེ་ཉིད་ལ་རིགས་པས་མི་དཔྱོད་པའི་ཚེ་དེ་ལ་དོན་དམ་པའི་བདེན་པར་སྒྲོ་བཏགས་ནས་དེར་ཁས་ལེན་པ་ཅིག་སྲིད་ཀྱང༌། དཔྱད་པའི་ཚེ་ནི་དེ་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་སྤྲོས་པ་ཅི་ཡང་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དོན་དམ་པའི་བདེན་པ་ནི་སྒྲས་བརྗོད་པར་མི་ནུས་ཤིང༌། རྟོག་པས་བཟུང་བར་བྱ་བ་མ་ཡིན་ནོ། །འོ་ན་མོ་གཤམ་གྱི་བུ་དང་མཚུངས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འཕགས་པ་རྣམས་ཀྱི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཕྱིར་རོ། །དེའི་གོ་དོན་ཡང༌། དེས་སྤྲོས་པའི་ཚོགས་ཅི་ཡང་མ་གཟིགས་པ་ལ་དོན་དམ་པའི་བདེན་པ་གཟིགས་སོ་ཞེས་བྱ་བའི་ཐ་སྙད་བྱས་པའོ། །གསུམ་པ་སྤྲོས་བྲལ་རྟོགས་པའི་ས་མཚམས་བསྟན་པ་ནི། གོང་དུ་བཤད་པ་དེ་ལྟར། དང་པོར་བདེན་གྲུབ་འགོག་བྱེད་ཀྱི་རིགས་པ་དང༌། ཐ་མར་སྤྲོས་བྲལ་ཡང་འགོག་བྱེད་ཀྱི་རིགས་པ་ཚད་མས་ཤེས་པ་དེའི་ཚེ་དབུ་མའི་ལྟ་བ་སྐྱེས་པར་འཇོག་པ་ཡིན་ནོ། །དེ་ལ་ཡང་གཉིས་ཏེ། རྗེས་དཔག་གིས་རྟོགས་པ་དང༌། མངོན་སུམ་གྱིས་རྟོགས་པའོ། །དང་པོ་ནི། ལྟ་བ་མཚན་ཉིད་པ་མ་ཡིན་ཏེ། སྤྲོས་མེད་ཀྱི་མཚན་མར་ལྟ་བའི་ཕྱིར་རོ། །དེས་ན་གཉིས་པ་ཁོ་ནའོ། །འདི་ལ་ཡང་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པ་དབང་བཙན་པར་བྱས་པ་རྗེས་འཐོབ་དང་འཐུན་པ་དང༌། ལྟ་བས་སྤྲོས་པ་གཅོད་པ་དབང་བཙན་པ་མཉམ་གཞག་དང་འཐུན་པའོ། །དང་པོའི་དབང་དུ་བྱས་ནས་ཁས་ལེན་དང་གྲུབ་པའི་མཐའ་འཇོག་པ་མི་འགལ་ལ། གཉིས་པའི་དབང་དུ་བྱས་ནས་ནི། ཁས་ལེན་ཅི་ཡང་མེད་ཅིང༌། དགག་བྱ་འགོག་ཀྱང་བསྒྲུབ་བྱ་ཅུང་ཟད་ཀྱང་མི་སྒྲུབ་པའི་ཕྱིར། རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཁས་མི་ལེན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཞི་ཤེས་ཀྱིས་ཉན་རང་གི་བཞེད་དོན་སྒྲུབ་པར་མཛད་ན། དེའི་བཞེད་དོན་ནི་གང༌། དེ་གཞི་ཤེས་ཀྱིས་སྒྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི། དམན་པའི་མྱ་ངན་ལས་འདས་པ་གཉིས་སོ། །དེས་དེ་སྒྲུབ་པའི་ཚུལ་ནི། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པས་ཉོན་མོངས་པའི་ས་བོན་དྲུངས་འབྱིན་པར་ནུས་པའི་ཕྱིར། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་ནི་རང་རྒྱལ་གྱི་རྟོགས་པའི་ཁྱད་པར་ཡིན་པ་ལ་དགོངས་ནས། རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པ་ཞེས་གསུངས་པ་ཡིན་གྱི། རང་རྒྱལ་གྱི་མྱང་འདས་གཉིས་པོ་སྒྲུབ་པ་ལ་དེ་མེད་མི་རུང་གི་ཡན་ལག་ཏུ་དགོས་པ་ནི་མ་ཡིན་ཏེ། དེའི་འགལ་ཟླ་ནི་ཤེས་བྱའི་སྒྲིབ་པ་ཡིན་པས་དམན་པའི་ཐར་པ་ལ་གེགས་བྱེད་དུ་མི་རུང་བའི་ཕྱིར་དང༌། གཞུང་ལས་ཀྱང༌། གཞི་ཐམས་ཅད་སྐྱེ་བ་མེད་པར་ཡོངས་སུ་ཤེས་པ་ཡིན་གྱི། ཞེས་གསུངས་ཀྱི། གཟུང་བ་ཆོས་ཀྱི་བདག་མེད་ཀྱང་ཤེས་དགོས་པའི་བཤད་པ་མ་མཛད་པའི་ཕྱིར། འོ་ན་གཉིས་པོའི་ཁྱད་པར་ནི་གང༌། གཉིས་པོ་དེ་མྱང་འདས་མཚན་ཉིད་པ་ཡིན་ནམ་མིན། གལ་ཏེ་མིན་ན་དེ་མཚན་ཉིད་པ་དེའི་མཚན་གཞི་གང་ཞེ་ན། ཁྱད་པར་ནི་ཉོན་མོངས་པའི་ས་བོན་མ་ལུས་པར་སྤངས་པའི་འགོག་བདེན་དུ་འདྲ་ཡང༌། ལས་ཉོན་སྔ་མས་འཕངས་པའི་སྡུག་བསྔལ་གྱི་ཕུང་པོ་དང་མ་བྲལ་པ་དང་བྲལ་བའོ། །དེ་ལྟ་ན་ཡང་ལྷག་བཅས་མྱང་འདས་ཀྱིས་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པ་ནི་ཡིན་ཏེ། དེས་དེ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། གཉིས་པོའི་ངོ་བོ་འགོག་བདེན་ཡིན་པ་ལ་མི་མཐུན་པ་མེད་ཀྱང༌། བྱེ་བྲག་ཏུ་སྨྲ་བས་རྟག་པའི་དངོས་པོར་འདོད་པ་དང༌། མདོ་སྡེ་པས་མེད་དགག་ཏུ་འདོད་པ་དང༌། སེམས་ཙམ་པས་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་ཁས་ལེན་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱང་དེ་དང་འཐུན་པ་དང༌། ཐལ་འགྱུར་བ་དག་གིས་མེད་དགག་ཏུ་འདོད་པ་རྣམས་སོ། །དེ་ལྟ་ན་ཡང་ལྷག་མེད་ཀྱི་སྐབས་སུ་རིག་པ་རྒྱུན་ཆད་པ་ནི་ཐེག་ཆེན་པ་དག་གི་འདོད་པ་མ་ཡིན་ཏེ། སེམས་ཙམ་པས་ཀྱང་རིག་པའི་མ་མཐའ་ཐུག་མེད་དུ་འདོད་པའི་ཕྱིར་དང༌། ཆོས་དབྱིངས་ཀྱི་ངོ་བོ་རིག་པར་འདོད་པའི་ཕྱིར། འོན་ཀྱང༌། སྐབས་དེ་ན་བྱང་ཕྱོགས་སོགས་ཡོན་ཏན་གྱི་ཁྱད་པར་ནི་ཅི་ཡང་ཡོད་པ་མ་ཡིན་ཏེ། དེར་དགེ་བའི་རྩ་བ་མཐའ་དག་ཟད་པའི་ཕྱིར་དང༌། ལམ་རྒྱུན་ཆད་པའི་ཕྱིར། དེ་སྐད་དུ་ཡང༌། མངོན་པ་ཀུན་ལས་བཏུས་ལས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཉན་ཐོས་ནི་ལམ་ཐམས་ཅད་རྒྱུན་ཡང་དག་པར་གཅོད་པའི་རྣམ་པར་འདོད་པས་རྣམ་པར་སྤོང་སྟེ། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་མི་ཟད་པ་དང༌། ཡོན་ཏན་མི་ཟད་པ་ཞེས་བྱའོ། །ཞེས་གསུངས་སོ། །ལྷག་བཅས་ནི་ཉན་ཐོས་སྡེ་པས་དགྲ་བཅོམ་པར་འདོད་ཀྱང༌། མྱང་འདས་མཚན་ཉིད་པར་མི་འདོད་ལ། སེམས་ཙམ་པས་ཀྱང་དེ་དེར་མི་འདོད་དེ། དེ་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་སྲིད་པའི་ཕྱིར། ལྷག་མེད་ཀྱི་མྱང་འདས་ཁོ་ན་མྱང་འདས་གོ་ཆོད་པོར་འདོད་པ་ནི་མཐར་ཐུག་གི་ཐེག་པ་གསུམ་དུ་འདོད་པ་མཐའ་དག་གི་ལུགས་སོ། །མཐར་ཐུག་ཐེག་པ་གཅིག་ཏུ་བཞེད་པ་ལྟར་ན། དམན་པ་ལ་ཡུལ་རང་བཞིན་གྱི་མྱང་འདས་དང་ཉོན་མོངས་སྤངས་པའི་དགྲ་བཅོམ་གོ་ཆོད་པོ་ཡོད་ཀྱང༌། དེ་མངོན་དུ་བྱས་པའི་བློ་བུར་རྣམ་དག་གི་མྱང་འདས་གོ་ཆོད་པོ་ཡོད་པར་མི་བཞེད་དེ། བདེ་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར། དེ་སྐད་དུ་ཡང༌། རྒྱུད་བླ་མར། སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་འདས་པ་མེད། ཅེས་དང༌། འགྲེལ་ཆེན་དུ། ཀླུ་སྒྲུབ་ཞབས་ཀྱི་ལུང་དྲངས་ནས། ཐེག་དམན་ལ་མྱང་འདས་གོ་ཆོད་པོ་མེད་པར་བསྒྲུབས་པའི་ཕྱིར་རོ། །དེས་ན་གནས་སྐབས་ཀྱི་གློ་བུར་རྣམ་དག་གི་མྱང་འདས་ཀྱིས་དེའི་གོ་ཆོད་པ་མ་ཡིན་ཏེ། གནས་སྐབས་ཀྱི་སངས་རྒྱས་བཞིན་ནོ། །དེའི་ཕྱིར་དེ་གོ་ཆོད་པོ་ནི་གཉིས་ཏེ། ཡུལ་རང་བཞིན་གྱི་མྱང་འདས་དང༌། ཡུལ་ཅན་མི་གནས་པའི་མྱ་ངན་ལས་འདས་པ་གཉིས་སོ། །དེ་ཡང་ཡུལ་གྱི་མྱང་འདས་མཚན་ཉིད་པ་དེ་ཡུལ་ཅན་ཡེ་ཤེས་ཀྱིས་མངོན་དུ་བྱས་པ་ལ་མི་གནས་པའི་མྱང་འདས་ཞེས་བརྗོད་པ་ཡིན་ཏེ། དཔེར་ན། ཡུལ་རང་བཞིན་ཤེས་ཕྱིན་དེ་ཡུལ་ཅན་ཡེ་ཤེས་ཀྱིས་མངོན་དུ་བྱས་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ཟིན་པ་ཞེས་བརྗོད་དགོས་པ་བཞིན་ནོ། །དེས་དེ་མངོན་དུ་བྱས་པའི་ས་མཚམས་གང་ཞེ་ན། ཡང་དག་པའི་མཐའ་མངོན་དུ་བྱེད་ཚུལ་དང་མཚུངས་པར་ཁས་ལེན་དགོས་སོ། །དེ་ལྟ་ན་ཡང༌། རང་བཞིན་གྱི་མྱང་འདས་དེ་མངོན་སུམ་དུ་རྟོགས་པ་ལ་དེ་མངོན་དུ་བྱས་པའི་མིང་དུ་བཏགས་པ་འགའ་ཞིག་ཡོད་དེ། རིགས་པ་དྲུག་ཅུ་པ་ལས། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་བཤད་པ་ལྟར་རོ། །རང་བཞིན་ཆོས་སྐུས་དེའི་གོ་ཆོད་པར་མཚུངས་པ་ནི་མ་ཡིན་ཏེ། ཤེས་ཕྱིན་དང་མྱང་འདས་ནི་སྤྲོས་པས་དབེན་པའི་ཆ་ནས་འཇོག་ལ། ཆོས་སྐུ་ནི་ཡོན་ཏན་གྱི་ཆ་ནས་འཇོག་པས་སོ། །གཉིས་པ་ལམ་ཤེས་ཀྱིས་བྱང་སེམས་འཕགས་པའི་བཞེད་དོན་སྒྲུབ་ཚུལ་ལ། བཞེད་དོན་ནི་གང༌། དེས་དེ་ཇི་ལྟར་སྒྲུབ་ཅེ་ན། བཞེད་དོན་ནི་གཉིས་ཏེ། རིགས་ཅན་གསུམ་གྱི་ལམ་གསུམ་ཕྱིན་ཅི་མ་ལོག་པར་ཤེས་པ་དང༌། ཤེས་ནས་གསུམ་པོའི་དོན་སྒྲུབ་པའོ། །དེ་ཇི་ལྟར་སྒྲུབ་པ་ཡང༌། སྲིད་པར་སྐྱེ་བ་བླངས་པའི་སྒོ་ནས་སོ། །དེ་ལེན་པའི་རྒྱུ་ནི། སྤྱིར་ཉོན་མོངས་པའི་བག་ལ་ཉལ་དང༌། བྱེ་བྲག་འདོད་སྲིད་ཀྱི་བག་ལ་ཉལ་ལོ། །དེས་བཞེད་དོན་དེ་སྒྲུབ་ནུས་པའི་རྒྱུ་མཚན་ནི། རྒྱུ་ལམ་ཤེས་ནི་ལམ་གསུམ་གྱི་རྟོགས་རིགས་མངོན་སུམ་དུ་ཤེས་ནས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དེ་དང་དེ་མི་སྤོང་བའི་རང་བཞིན་ཅན་ཡིན་པའོ། །དེ་ལྟ་ན་ཡང༌། དེ་འདྲ་དེ་སྤངས་ཟིན་པའི་དུས་མི་སྲིད་པ་ནི་མ་ཡིན་ཏེ། ཤེས་སྒྲིབ་ཀྱི་གནས་ངན་ལེན་སྤངས་པ་ན་དེ་ཡང་སྤངས་ཟིན་པའི་ཕྱིར་རོ། །འོ་ན་རྣམ་མཁྱེན་ལ་བསྟོད་པ་ལས་ལོགས་སུ་ལམ་ཤེས་ལ་བསྟོད་མི་དགོས་ཏེ། རྣམ་མཁྱེན་གྱི་མཛད་པའི་ཡོན་ཏན་དོན་དུ་མི་གཉེར་བའི་བྱང་ཆུབ་སེམས་དཔའ་མི་སྲིད་པའི་ཕྱིར་སྙམ་ན། མཐར་ཐུག་སངས་རྒྱས་ཀྱི་དངོས་པོ་དོན་དུ་མི་གཉེར་བའི་བྱང་ཆུབ་སེམས་དཔའ་མི་སྲིད་ཀྱང༌། རྫི་བོ་ལྟ་བུའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་ལ་ནི། དེ་ལས་ལོགས་སུ་དེ་ལ་བསྟོད་དགོས་པ་ཡིན་ཏེ། དེ་འདྲ་དེ་ཐོག་མར་རང་ཉིད་སངས་རྒྱས་ནས་གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་སྐོར་བ་ནི་དོན་དུ་གཉེར་བྱ་མ་ཡིན་གྱི། སེམས་ཅན་མ་ཟད་ཀྱི་བར་དུ་འཁོར་བར་སྐྱེ་བ་ལེན་པ་ནི་དེའི་བཞེད་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་ཀྱི་དབྱེ་བ་དེ་ཡང་ལུང་ལས་མ་བཤད་དོ་སྙམ་ན། མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་བྱེ་བྲག་ལ། བཟང་པོ་སྤྱོད་པའི་སྨོན་ལམ་དང༌། བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་བྱ་བ་རྣམ་པ་གཉིས་བཤད་པ་ལས་ནི་སེམས་བསྐྱེད་ཀྱི་དབྱེ་བ་དེ་ཡང་གྲུབ་པ་ཡིན་པས་སོ། །དེ་ལ་བསམས་ནས། ཛྙཱ་ན་ཤྲཱིས། བྱང་ཆུབ་སེམས་དཔའ་འདོད་ཆེན་པ་དང༌། གཞོན་ནུའི་ས་པ་ཞེས་བྱ་བ་གཉིས་བཞེད་དོ། །གལ་ཏེ་དེ་འདྲའི་དབྱེ་བ་མི་འཐད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གཉེར་བྱ་ནི་གཞན་དོན་ཡིན་ལ། དེ་སྒྲུབ་པའི་ནུས་པ་ནི་སངས་རྒྱས་ལས་ལྷག་པ་བྱང་སེམས་ལ་མི་སྲིད་པའི་ཕྱིར་སྙམ་ན། དེའི་ངེས་པ་མེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ནི་སེམས་ཅན་ལ་མི་སྣང་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་ནི་སོ་སོ་སྐྱེ་བོ་ལ་མི་སྣང་ལ། མཆོག་གི་སྤྲུལ་པའི་སྐུ་ཡང་སོ་སོ་སྐྱེ་བོ་བློའི་མེ་ལོང་མ་ཐོབ་པ་རྣམས་ལ་མི་སྣང་ཞིང༌། བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་བྱ་བློའི་མེ་ལོང་མ་ཐོབ་པ་རྣམས་ལའང་སྣང་བའི་ཕྱིར་རོ། །སྙམ་དུ་དགོངས་པའོ། །གསུམ་པ་རྣམས་མཁྱེན་གྱིས་སངས་རྒྱས་འཕགས་པའི་བཞེད་དོན་སྒྲུབ་པར་མཛད་པའི་ཚུལ་ལ། དེའི་བཞེད་དོན་ནི་གང༌། དེས་དེ་སྒྲུབ་པའི་ཚུལ་ཇི་ལྟ་བུ་ཞེ་ན། དང་པོ་ནི། གདུལ་བྱའི་ཁམས་མ་ལུས་པར་མཁྱེན་ནས་ཆོས་ཀྱི་འཁོར་ལོ་སྐོར་བ་དེ་ཡིན་ལ། དེས་དེ་སྒྲུབ་པའི་རྒྱུ་མཚན་ནི། དེས་ཇི་ལྟ་བ་དང༌། ཇི་སྙེད་པའི་གནས་ལུགས་མ་ལུས་པ་མངོན་སུམ་དུ་མཁྱེན་པའི་ཕྱིར་རོ། །འདིར་ཆོས་ཀྱི་འཁོར་ལོའི་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བའོ། །དང་པོ་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པའོ། །དེ་ལ་ཟུར་དང་པོས་ནི་ཆོས་ཀྱི་དོན་བསྟན་ལ། ཟུར་གཉིས་པས་ནི་འཁོར་ལོའི་སྒྲ་དོན་བསྟན་ནོ། །དེ་ཡང་ཆོས་ནི་མི་གནས་པའི་མྱང་འདས་སོ། །དེའི་ཆེད་དུ་སྦྱོར་བའི་གཞུང་ལམ་གཉིས་ལ་ཡང་དེའི་མིང་གིས་བཏགས་པ་ཡིན་ཏེ། བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་ལམ་དག་ལ་དེ་སྒྲ་ཡིན། །ཞེས་གསུངས་སོ། །མདོར་ན་ཐར་པས་བསྡུས་པའི་ལམ་འབྲས་བུ་དང་བཅས་པ་ཁོ་ན་དམ་པའི་ཆོས་ཡིན་གྱི། གཞན་ནི་དེ་ཡིན་པ་མེད་དོ། །གཉིས་པ་ལ་མཚོན་བྱ་དངོས་ནི། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཤེས་པ་དང་བརྗོད་པའི་ཐ་སྙད་དེའོ། །དེ་ལ་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ནི། འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར། ཇི་ལྟར་ཞེ་ན། རིམ་གྱིས་འཕོ་བར་བྱེད་པ་དང༌། མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ལུང་གི་དང༌། རྟོགས་པའི་འོ། །དང་པོའི་མཚན་ཉིད་ནི། ཐར་པ་རྒྱུ་འབྲས་གང་རུང་བརྗོད་བྱའི་གཙོ་བོར་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བའི་རྣམ་རིག་གོ །ལུང་སྒྲའི་བདག་ཉིད་དུ་ཁས་བླངས་ན་ནི། སངས་རྒྱས་ཀྱི་ས་ན་དེ་མེད་པར་འགྱུར་ཏེ། དེ་ན་རྒྱུ་འབྱུང་བ་མེད་པའི་ཕྱིར་དང༌། ཆོས་ཀྱི་སྐུའི་ངོ་བོར་གྱུར་པའི་ལུང་མེད་པར་ཁས་ལེན་དགོས་ལ། དེ་ལྟ་ན་ནི། ཐེག་པ་ཆེན་པོ་རྒྱུད་བླ་མར། ཆོས་ཀྱི་སྐུའི་ངོ་བོར་གྱུར་པའི་ཟབ་པ་དང་རྒྱ་ཆེ་བའི་ལུང་ཡོད་པར་བཤད་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་གསུངས་ཞེ་ན། ཆོས་སྐུ་རྣམ་གཉིས་ཞེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང༌། །དེ་ཡི་རྒྱུ་མཐུན་ཟབ་པ་དང༌། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་བཤད་དོ། །འོ་ན་ལུང་རྟོགས་ལ་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན། ཞེས་གསུངས་པ་ལྟར། མངོན་པར་བརྗོད་པ་དང༌། དེའི་རྒྱུ་མཚན་གྱི་ཁྱད་པར་གང་ཡོད་པ་དེ་ཉིད་འདི་ལ་ཡོད་ལ། དེ་ཡང་མིང་དོན་གྱི་ཁྱད་པར་དུ་བཤད་པའི་ཕྱིར་རོ། །དེ་ཡང་སངས་རྒྱས་ཀྱི་སར་ནི་ལྡོག་པས་འབྱེད་ལ། དེ་ལས་གཞན་དུ་ནི་གཉིས་སྣང་གི་ཤེས་པ་དང༌། གཉིས་མེད་དོན་དམ་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ནོ། །དབྱེ་ན་གཙོ་བོར་གྱུར་པ་སངས་རྒྱས་ཀྱི་གསུང་སྤོབས་པ་བཞི་ལྡན་དང༌། ཕལ་པར་གྱུར་པ་ཐར་ལམ་སྟོན་བྱེད་དུ་གྱུར་པའི་བསྟན་བཅོས་རྣམ་པ་གཉིས་སོ། །རྟོགས་པའི་ཆོས་འཁོར་ལ་མཚན་ཉིད་ནི། རང་སྟོན་བྱེད་དུ་གྱུར་པའི་ལུང་གི་ཆོས་ཤེས་རབ་གསུམ་གྱིས་གོམས་པར་བྱས་པ་ལས་བྱུང་བའི་རྣམ་བྱང་གི་བདེན་པའོ། །དབྱེ་ན་འགོག་ལམ་གཉིས་སུ་འབྱེད་ཅིང༌། དེ་རེ་རེ་ལ་ཡང་མཚན་ཉིད་པ་དང༌། རྗེས་མཐུན་པ་གཉིས་གཉིས་སོ། །ལུང་རྟོགས་གཉིས་ཀ་ལ་ཡང་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་འབྱུང་བ་ཡིན་ཏེ། རྣམ་བྱང་བདེན་པའི་ངོ་བོར་གྱུར་པའི་འཁོར་ལོ་རིམ་པ་གསུམ་ཁས་ལེན་དགོས་པའི་ཕྱིར། དཔེར་ན། བདེན་བཞི་རྟོགས་པའི་རྟོགས་པ་འབྲས་བུར་བཅས་པ་དང༌། རྣམ་ཐར་སྒོ་གསུམ་རྟོགས་པའི་དང༌། ངོ་བོ་ཉིད་མེད་པ་གསུམ་རྟོགས་པའི་རྟོགས་པ་འབྲས་བུར་བཅས་པ་ལ་རྟོགས་པའི་ཆོས་འཁོར་རིམ་པ་གསུམ་དུ་འཇོག་དགོས་པ་བཞིན་ནོ། །དེ་ལས་ཁྱད་པར་ལུང་གི་ཆོས་འཁོར་ལ་རིམ་པ་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང༌། དྲང་ངེས་ཀྱི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། །ཆོས་ཀྱི་འཁོར་ལོ་ལ་རིམ་པ་གསུམ་དུ་འབྱེད་པ་ནི་ཐེག་པ་ཆེན་པོ་པ་དག་གི་ལུགས་ཡིན་ལ། དེ་ལ་རྣམ་གཞག་མི་འདྲ་བ་གསུམ་འབྱུང་བ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། བདེན་པ་བཞིའི་དང༌། མཚན་ཉིད་མེད་པའི་དང༌། ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་སོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་ནི། བདེན་པ་བཞིའི་ཚུལ་དང༌། སྟོང་པ་ཉིད་ཀྱི་ཚུལ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་བྱ་བའམ། ཡང་ན་དོན་དེ་ཉིད་ལ་མིང་གིས་འདོགས་ཚུལ་མི་འདྲ་བ་ཞིག རྒྱུད་བླ་མའི་བསྟན་བཅོས་སུ་མཛད་པ་ནི། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པའི་དང༌། རབ་ཏུ་སྨིན་པའི་དང༌། ལུང་སྟོན་པའི་འཁོར་ལོའི་ཞེས་གསུངས་སོ། །ཀླུ་སྒྲུབ་ཞབས་ཀྱིས་ནི། དང་པོར་བདག་སྟོན་པའི་འཁོར་ལོ། བར་དུ་བདག་མེད་སྟོན་པའི་འཁོར་ལོ། ཐ་མར་ལྟ་བ་ཀུན་ཟློག་པའི་འཁོར་ལོ་ཞེས་གསུངས་ལ། དོན་དེ་ཉིད་ལ་མིང་འདོགས་མི་འདྲ་བ་ཞིག་ཨཱརྻ་དེ་བས་མཛད་པ་ནི། བསོད་ནམས་མ་ཡིན་པ་དང་པོར་ཟློག་པའི་དང༌། བར་དུ་བདག་ཟློག་པའི་དང༌། ཐ་མར་ལྟ་བ་ཀུན་ཟློག་པའི་འཁོར་ལོ་ཞེས་གསུངས་སོ། །འོ་ན་མི་འདྲ་བ་གསུམ་པོ་དེའི་བརྗོད་བྱའི་དོན་སྟོན་ཚུལ་ལ་མི་འདྲ་བའི་ཁྱད་པར་ཡོད་དམ་ཞེ་ན། དགོངས་འགྲེལ་དང༌། རྒྱུད་བླ་ལས་འབྱུང་བ་གཉིས་ནི་ཕལ་ཆེར་དོན་གཅིག་པ་ཡིན་ཏེ། དེ་དག་ཏུ་ནི་དང་པོར་བདེན་པ་བཞི་དང༌། བར་དུ་སྤྲོས་པ་བཀག་པའི་མེད་པར་དགག་པ་དང༌། ཐ་མར་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཉིད་དོན་དམ་པའི་བདེན་པ་མཐར་ཐུག་ཏུ་འཆད་པ་ལ་ཁྱད་པར་མེད་པའི་ཕྱིར། དེ་གཉིས་དང་གསུམ་པ་ནི་འདྲ་བ་མ་ཡིན་ཏེ། ལུགས་དེར་ནི་དང་པོར་བདག་དང་བདེན་པ་སོགས་མ་བཀག་པར་ཐབས་ཀྱི་ཆ་སྟོན། བར་དུ་སྤྲོས་པ་ཕྱོགས་གཅིག་བཀག་ནས་རྣམ་གྲངས་པའི་དོན་དམ་པ་སྟོན་པ་དང༌། ཐ་མར་ནི་སྤྲོས་པ་མཐའ་དག་བཀག་པའི་མེད་པར་དགག་པ་དེ་ཉིད་གནས་ལུགས་མཐར་ཐུག་ཏུ་སྟོན་པས་སོ། །ཀླུ་སྒྲུབ་ཡབ་སྲས་ཀྱིས་ཀྱང༌། རྒྱུད་བླ་མ་ལས་འབྱུང་བའི་དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་ཆོས་དབྱིངས་ཡེ་ཤེས་དེ་དོན་དམ་པའི་བདེན་པར་མི་བཞེད་པ་ནི་མ་ཡིན་ཏེ། བསྟོད་པའི་ཚོགས་དང༌། རིམ་པ་ལྔ་པ་དང༌། བྱང་ཆུབ་སེམས་འགྲེལ་སོགས་སུ་དེ་འདྲ་དེ་དོན་དམ་པའི་བདེན་པར་གསུངས་པས་སོ། །འོ་ན་ངེས་དོན་གྱི་སྟོན་ཚུལ་བཤད་མ་ཐག་པའི་རིམ་པ་གསུམ་པོ་དེ་ལས་མ་བཤད་པ་ཅི་ཞེ་ན། ཐོས་བསམ་གྱི་ཤེས་པས་སྒྲོ་འདོགས་གཅོད་པའི་དབང་དུ་བྱས་ནས་སྤྲོས་པ་མཐའ་དག་བཀག་ཙམ་གྱི་མེད་པར་དགག་པ་ལས་ལྷག་པའི་ངེས་དོན་མ་བཤད་ལ། སྒོམ་པས་ཉམས་སུ་མྱོང་བའི་དབང་དུ་བྱས་ནས་ཆོས་དབྱིངས་ཡེ་ཤེས་དང༌། སེམས་ཀྱི་རྡོ་རྗེ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མིང་ཅན་གྱི་ཡེ་ཤེས་དང༌། འོད་གསལ་བའི་རིམ་པའི་ཡེ་ཤེས་ཞེས་བྱ་བ་རྣམས་དོན་དམ་པའི་བདེན་པ་མཆོག་ཏུ་འཆད་པ་ཡིན་ནོ། །དེ་ཡང་ཇི་སྲིད་སྤྲོས་བྲལ་གྱི་དོན་མ་གོ་བ་དེ་སྲིད་དུ་ཡེ་ཤེས་འདི་ངེས་དོན་དུ་སྟོན་པ་མ་ཡིན་ཏེ། དེར་དེ་བསྟན་ན་བདག་ཏུ་དོགས་པ་སྐྱེ་སྲིད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །དེ་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པ་ལྟར་རོ། །དེ་ཤེས་པའི་འོག་རོལ་ཏུ་ནི་བླ་མེད་ཀྱི་ཡེ་ཤེས་དེ་ཉིད་ལ་བདག་དམ་པའི་མིང་གིས་བཏགས་ནས་བསྒོམས་བྱུང་གི་ཡེ་ཤེས་ཀྱི་མྱོང་བྱར་བསྟན་པ་ཡིན་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ནི་ཤེས་རྣམ་ཁོ་ནར་ངེས་པའི་ཕྱིར། ཇི་སྐད་དུ། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཞེས་དང༌། རྒྱན་ལས་ཀྱང༌། བདག་མེད་མཆོག་གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཏུ་འགྱུར། །ཞེས་གསུངས་པ་ལས་ཤེས་སོ། །འདི་ཡང་དཔེར་ན། ཐེག་པ་བླ་ན་མེད་པའི་གཞུང་དུ། ཆགས་བྲལ་ལ་ཆགས་ཆེན་དུ་གསུངས་པ་དང་འདྲའོ། །གཉིས་པ་ལ། མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཐུན་མོང་གི་རིགས་ཅན་ལ། དགོས་པ་བསོད་ནམས་ཀྱི་ཚོགས་བསོག་པའི་ཕྱིར་དུ། བསྟན་བྱའི་གཙོ་བོ་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། དབྱེ་ན་དྲང་དོན་གྱི་དྲང་དོན་དང༌། དྲང་དོན་གྱི་ངེས་དོན་གྱི་མདོའོ། །དང་པོ་ནི། ཕ་དང་མ་ནི་བསད་བྱ་ཞིང༌། །ཞེས་སོགས་ལྟ་བུ་ལོག་པའི་ཀུན་རྫོབ་སྒྲས་ཟིན་ལ་སྟོན་པའི་མདོ་རྣམས་དང༌། གཉིས་པའི་མཚན་གཞི་ནི། ཚོགས་བསགས་པ་ལས་བདེ་བ་འབྱུང༌། །ཞེས་སོགས་ལྟ་བུ་ཡང་དག་ཀུན་རྫོབ་སྒྲས་ཟིན་ལ་སྟོན་པའི་མདོ་ལྟ་བུའོ། །དེ་གཉིས་པོའི་མཚན་ཉིད་ཀྱང༌། དྲང་དོན་གྱི་མདོ་གཞིར་བྱས་པ་ལ་སྒྲ་ཇི་བཞིན་པ་མ་ཡིན་པ་དང༌། ཡིན་པའོ། །གཉིས་པ་ངེས་དོན་གྱི་མདོའི་མཚན་ཉིད་ནི། ཆེད་དུ་བྱ་བའི་གདུལ་བྱ་ངེས་དོན་གྱི་སྣོད་དུ་གྱུར་པ་ལ། དགོས་པ་ཡེ་ཤེས་ཀྱི་ཚོགས་བསོག་པའི་ཕྱིར་དུ། བསྟན་བྱའི་གཙོ་བོ་དོན་དམ་པའི་བདེན་པ་གཙོ་བོར་སྟོན་པའི་མདོའོ། །དེའི་དབྱེ་བ་འཆད་ཚུལ་ལ། ཐོགས་མེད་སྐུ་མཆེད་ཀྱི་ལུགས་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་སོ། །དང་པོ་ནི། དེ་ལ་དབྱེ་ན། ངེས་དོན་གྱི་དྲང་དོན་དང༌། ངེས་དོན་གྱི་ཡང་ངེས་དོན་གྱི་མདོའོ། །གཉིས་པོའི་མཚན་ཉིད་ནི། ངེས་དོན་གྱི་མདོ་གཞིར་བྱས་པ་ལ། སྒྲ་ཇི་བཞིན་པ་མ་ཡིན་པ་དང༌། ཡིན་པའོ། །མཚན་གཞི་ནི། ཤེར་ཕྱིན་གྱི་མདོའི་སྟོང་ཉིད་སྟོན་པའི་ཆ་རྣམས་དང༌། དགོངས་འགྲེལ་གྱི་ངེས་དོན་སྟོན་པའི་ཆ་རྣམས་སོ། །ལུགས་གཉིས་པ་ནི་དེ་ལ་དབྱེ་ན། གནས་སྐབས་ཀྱི་ངེས་དོན་སྟོན་པའི་མདོ་དང༌། མཐར་ཐུག་གི་དེ་སྟོན་པའི་མདོའོ། །གཉིས་པོའི་མཚན་ཉིད་ནི། དེ་གཞིར་བྱས་པ་ལ་སྤྲོས་པ་ཕྱོགས་རེ་བཀག་པའི་དེ་ཁོ་ན་ཉིད་སྟོན་པ་དང༌། སྤྲོས་པ་མ་ལུས་པ་བཀག་པའི་དེ་བཞིན་ཉིད་སྟོན་པའོ། །མཚན་གཞི་ནི་བར་དུ་བདག་ཟློག་པའི་འཁོར་ལོ་དང༌། ཐ་མར་ལྟ་བ་ཀུན་ཟློག་པའི་འཁོར་ལོ་ལ་རིམ་པ་བཞིན་དུ་བཟུང་ངོ༌། །ངེས་དོན་མཐར་ཐུག་དེ་ལའང་གཉིས་ཏེ། ཡུལ་སྤྲོས་བྲལ་མེད་དགག་གི་ཆ་དང༌། ཡུལ་ཅན་སྤྲོས་བྲལ་གྱི་ཡེ་ཤེས་སོ། །དང་པོ་ནི། རིགས་ཚོགས་ནས་འབྱུང་བའི་ངེས་དོན་མཐར་ཐུག་ཡིན་ལ། ཕྱི་མ་ནི་བསྟོད་ཚོགས་དང་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་དག་ལས་གསུངས་པའི་ངེས་དོན་མཐར་ཐུག་པའོ། །གཉིས་པ་མཚན་གཞི་ལ། དགོངས་འགྲེལ་དང༌། རྒྱུད་བླ་མ་ནས་འབྱུང་བའི་འཁོར་ལོ་གསུམ་པོའི་དྲང་ངེས་དང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་འབྱུང་བའི་འཁོར་ལོ་གསུམ་གྱི་དྲང་ངེས་སོ། །དང་པོ་ནི། དབུ་སེམས་གང་ལྟར་ཡང༌། འཁོར་ལོ་དང་པོའི་ནང་ན་ངེས་དོན་དང༌། ཕྱི་མ་གཉིས་ཀྱི་ནང་ན་དྲང་དོན་མེད་པ་མ་ཡིན་མོད། གསུམ་པོའི་རང་ལྡོག་ནས་ནི་དང་པོ་དྲང་དོན་གྱི་མདོ་དང༌། ཕྱི་མ་གཉིས་ངེས་དོན་དུ་འཆད་པ་ལ་ཁྱད་པར་མེད་དོ། །འོན་ཀྱང་ཁྱད་པར་ནི། རྣམ་བརྫུན་པས་འཁོར་ལོ་བར་པ་སྒྲ་ཇི་བཞིན་པར་ཁས་མི་ལེན་ཞིང༌། དེའི་བསྟན་བྱར་གྱུར་པའི་ངེས་དོན་མཐར་ཐུག་ནི། གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ལ་བྱ་ཞིང༌། དེ་ཉིད་འཁོར་ལོ་གསུམ་པར་སྒྲ་ཇི་བཞིན་པ་ཉིད་དུ་སྟོན་པའོ། །དེའི་ཕྱིར་དགོངས་འགྲེལ་གྱི་ནང་གི་དོན་དམ་རྣམ་ངེས་ཀྱི་ལེའུ་དེ་ནི་ཤེས་ཕྱིན་གྱི་མདོའི་ངེས་དོན་ངོས་འཛིན་པ་ཡིན་པར་བསྡུ་བ་ལས་བཤད་དོ། །ངོ་བོ་ཉིད་མེད་པར་སྨྲ་བ་ལྟར་ན། འཁོར་ལོ་བར་པར་སྟོང་པ་ཉིད་ཀྱི་འཆད་ཚུལ་རྣམས་ནི་སྒྲ་ཇི་བཞིན་པ་ཡིན་ཞིང༌། སྤྲོས་པ་མཐའ་དག་བཀག་པའི་མེད་པར་དགག་པ་དེ་ཉིད་རང་བཞིན་ཤེར་ཕྱིན་དང༌། ངེས་དོན་མཐར་ཐུག་ཏུ་སྟོན་ནོ། །འཁོར་ལོ་གསུམ་པ་ལེགས་པར་རྣམ་ཕྱེ་དང༌། ལུང་སྟོན་པའི་འཁོར་ལོ་ཞེས་བྱ་བ་དེར་ནི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་དེ་ཉིད་ལ། མིང་གཞན་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བར་མིང་བཏགས་ནས་ངེས་དོན་མཐར་ཐུག་ཏུ་འཆད་པ་ཡིན་ནོ། །གལ་ཏེ་འདི་འདྲ་དེ་ངོ་བོ་ཉིད་མེད་པར་སྨྲ་བས་ངེས་དོན་མཐར་ཐུག་ཏུ་མི་འདོད་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ནས་གསུངས་པའི་ངེས་དོན་མཐར་ཐུག་དེ་ཡང་ངེས་དོན་དུ་མི་འདོད་པར་འགྱུར་རོ། །གལ་ཏེ་རྒྱུད་བླ་མར་ནི་རང་སྟོང་གི་ཚུལ་དུ་བཤད་ལ། དགོངས་འགྲེལ་ལས་ནི་གཞན་སྟོང་གི་ཚུལ་དུ་བཤད་པས་མི་མཚུངས་སོ་ཤེ་ན། དེ་ཡང་ཁྱོད་ཀྱིས་མ་ཤེས་པ་ཡིན་ཏེ། རྒྱུད་བླ་མའི་རྩ་འགྲེལ་གཉིས་ཀ་ན་གཞན་སྟོང་གི་ཚུལ་གསལ་བ་ཡིན་གྱི། རང་སྟོང་གི་ཚུལ་གཅིག་ཀྱང་མི་སྣང་བའི་ཕྱིར་དང༌། དྲི་མ་དང་བཅས་པའི་དེ་བཞིན་ཉིད་སོགས་རྡོ་རྗེ་བདུན་པོ་དེ་རང་གི་ངོ་བོས་སྟོང་པར་གསུངས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་བཤད་པ་ན། ཀླུ་སྒྲུབ་ཞབས་ཀྱི་གཞུང་ལས་འབྱུང་བའི་འཁོར་ལོ་གསུམ་གྱི་དྲང་ངེས་ཀྱང་རྟོགས་ནུས་པ་ཡིན་ཏེ། དང་པོ་དྲང་དོན་དང༌། གཉིས་པ་གནས་སྐབས་ཀྱི་ངེས་དོན་དང༌། གསུམ་པ་མཐར་ཐུག་གི་ངེས་དོན་སྟོན་བྱེད་དུ་གྲུབ་པའི་ཕྱིར་རོ། །དྲང་ངེས་ཀྱི་གོ་དོན་འཆད་པའི་སྐབས་འདིར། བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་དེ་ཡང་དབུ་མ་པ་ལྟར་ན་ཡང་དག་པའི་ཀུན་རྫོབ་དང༌། འཇིག་རྟེན་ལུགས་ཀྱི་དོན་དམ་པའི་བདེན་པ་ཉིད་ལ་འཆད་དགོས་པ་ཡིན་ཏེ། ལོག་པའི་ཀུན་རྫོབ་དང༌། འཇིག་རྟེན་ལུགས་ཀྱི་ཀུན་རྫོབ་ནི་ཐ་སྙད་དུ་ཡང་ཡོད་པར་ཁས་མི་ལེན་པས། བསོད་ནམས་ཀྱི་ཚོགས་ཀྱི་རྟེན་དུ་མི་རུང་བའི་ཕྱིར་རོ། །བདག་སྟོན་པའི་འཁོར་ལོ་ཞེས་བྱ་བ་དེར་སྟོན་རྒྱུ་དེ་ཡང་ཀུན་བཏགས་པའི་བདག་ནི་མ་ཡིན་ཏེ། ཐ་སྙད་དུ་ཡང་མེད་པས་ལས་འབྲས་ཀྱི་རྟེན་དུ་མི་རུང་བའི་ཕྱིར། དེས་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་བཟུང་བྱ་གང་ཡིན་པ་དེ་ཉིད་ལ་འཆད་པ་ཡིན་ཏེ། འཇིག་རྟེན་པས་དོན་དམ་པའི་བདེན་པར་ཁས་ལེན་ཞིང༌། ལས་འབྲས་ཀྱི་རྟེན་དུ་རུང་བའི་ཕྱིར། ལས་འབྲས་འཇོག་པའི་ཚེ་བདག་དང་བདེན་པ་མི་འགོག་པ་འདི་ནི། ཇི་སྐད་དུ། ཟླ་བའི་ཞབས་ཀྱིས། དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པའང་དགག་པ་མཛད། །ཅེས་གསུངས་སོ། །བར་དུ་བདག་ཟློག་པའི་ཚེ་ཚིག་ཟིན་ལ་སྤྲོས་པ་མཐའ་དག་མ་བཀག་པའི་ངེས་པ་མེད་མོད། དེ་ལྟ་ན་སྤྲོས་བྲལ་དོན་དམ་པའི་བདེན་པར་ཁས་བླངས་པ་དེའི་ཚེ། སྤྲོས་པ་མཐའ་དག་བཀག་པར་མ་སོང་བ་ཡིན་ཏེ། སྤྲོས་པའི་གཙོ་བོ་སྟོང་པ་ཉིད་ལ་མཚན་མར་ལྟ་བའི་དུག་དང་བཅས་པའི་ཕྱིར་རོ། །འདི་ལྟ་ཞིག་ཀུན་ཟློག་གི་རྗེས་ཐོགས་སུ་འབྱུང་སྲིད་ཀྱང༌། བར་དུ་བདག་ཟློག་གི་ནང་དུ་གཏོགས་དགོས་པ་ཡིན་ཏེ། གཞན་དུ་ན་ཐ་མར་ལྟ་བ་ཀུན་ཟློག་གི་སྐབས་ཀྱི་ལྟ་བ་དེ་ཟློག་བྱེད་ཀྱི་རིགས་པ་གསུམ་པ་ཞིག་འཆད་དགོས་པས་ཐུག་མེད་དུ་ཐལ་བའི་ཕྱིར་རོ། །འོ་ན་སྤྲོས་མེད་ཀྱི་སྤྲོས་པ་འགོག་བྱེད་ཀྱི་རིགས་པ་ཅི་ཞེ་ན། དེ་ཡང་ལྟ་བ་ཀུན་ཟློག་ཉིད་དུ་གཏོགས་པ་ཡིན་ཏེ། དེ་དེར་མ་གཏོགས་ན་ལྟ་བ་ཀུན་ཟློག་ཏུ་མི་རུང་བའི་ཕྱིར་རོ། །འདིར་སྨྲས་པ། དྲང་ངེས་ཚུལ་དང་དབུ་མའི་སྙིང་པོ་ནི། །དང་པོར་མི་སྨྲའི་སྒྲིབ་བྱེད་སྤྲིན་ནག་གི །དྲང་དོན་བདེན་པར་འཁྲུལ་བའི་གངས་ཅན་པ། དྲང་པོའི་བློ་ཡིས་བཤད་འདི་ལྟ་འདོད་དམ། །སྔོན་གྱི་ཆོས་ལུགས་འཁྲུལ་པར་འཆད་པ་དང༌། །སྔོན་མེད་ཤིང་རྟའི་སྲོལ་དུ་འདྲེན་པ་དང༌། །སྔོན་བྱོན་ཆེན་པོ་རྣམས་ལ་སྡང་ཕྱིར་དུ། །སྔོན་གྱི་ཆོས་དང་མི་མཐུན་འགའ་མེད་དམ། །དེ་ལྟར་མཁྱེན་གསུམ་གྱིས་འཕགས་པ་བཞིའི་བཞེད་དོན་ཇི་ལྟར་སྒྲུབ་པའི་ཚུལ་ལེགས་པར་གྲུབ་པ་ན། དེ་གསུམ་གྱིས་འཕགས་པའི་མངོན་པར་རྟོགས་པ་མཐའ་དག་བསྡུས་པར་གྲུབ་ལ། དེའི་ཚེ་མདོ་དང་རྒྱན་གཉིས་ཀས་ཐེག་པ་གསུམ་ཀའི་ལམ་དང་འབྲས་བུ་བརྗོད་བྱར་བསྡུས་པ་ཉིད་དུ་གྲུབ་ལ། དེའི་ཚེ་རྒལ་བ་འདི་ལྟར་འབྱུང་སྟེ། བསྟན་བཅོས་འདི་ཡུམ་གྱི་མདོ་དང་བཟློས་པར་ཐལ་བ་དང༌། མདོ་དང་རྒྱན་གཉིས་ཀ་རེ་རེ་ནས་གཞུང་རྫས་ཐ་དད་པ་གསུམ་དུ་ཐལ་བར་འགྱུར་ཏེ། ཐེག་པ་གསུམ་གྱི་ལམ་འབྲས་ཤིན་ཏུ་འགལ་བ་གསུམ་སྟོན་པའི་ཕྱིར་ཞེས་པའོ། །དེའི་ལན་ནི། བཟློས་པའི་ཉེས་པས་མི་གནོད་དེ། ཡུམ་གྱི་མདོ་དོན་བདེ་བླག་ཏུ་རྟོགས་པ་དེ་བསྟན་བཅོས་འདིའི་དགོས་པ་ཡིན་པའི་ཕྱིར། རྩོད་པ་གཉིས་པས་ཀྱང་མི་གནོད་དེ། མདོ་དང་རྒྱན་གྱི་བརྗོད་བྱའི་གཙོ་བོ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཅིག་ཉིད་ཡིན་ལ། དེའི་ཡོན་ཏན་གྱི་ལྡོག་པའི་དབྱེ་བ་ནི་ཐེག་པ་གསུམ་གྱི་ཚུལ་གསུམ་པ་ཅན་ཡིན་པས། འཕགས་པ་བཞི་ཀའི་བཞེད་དོན་སྒྲུབ་པར་ནུས་པའི་ཕྱིར། དེ་ལྟར་ན་མདོ་རྒྱན་གཉིས་ཀ་ཤིན་ཏུ་རྒྱས་པའི་སྡེ་སྣོད་དུ་འཇོག་པ་ཡིན་ཏེ། ཐེག་པ་གསུམ་ཀའི་ལམ་དང་འབྲས་བུ་རྒྱ་ཆེར་སྟོན་པའི་ཕྱིར་ཞེས་བཤད་ན་མཆོད་བརྗོད་ཀྱི་རྒལ་ལན་དུ་འབྲེལ་བ་ཡིན་གྱི། བསྟན་བཅོས་འདི་བཞི་ཁོ་ན་བརྗོད་བྱར་བྱེད་དམ་ཞེས་སོགས་ཀྱི་རྩོད་པ་དང༌། དེའི་ལན་དུ་མཁྱེན་གསུམ་གྱིས་མངོན་པར་རྟོགས་པ་བརྒྱད་བསྡུས་པའི་ཤེས་བྱེད་འཆད་པ་ནི། མཆོད་བརྗོད་ཀྱི་རྒལ་ལན་དུ་འབྲེལ་པ་མ་ཡིན་ཏེ། དོགས་པའི་གནས་མེད་པའི་རྩོད་པ་ལ་རྩ་བའི་དམ་བཅའ་དེ་ཉིད་ལན་དུ་བཀོད་པའི་ཕྱིར་རོ། །སྐབས་འདིར་ལམ་ཤེས་ཀྱིས་བྱང་འཕགས་ཀྱི་མངོན་རྟོགས་བསྡུས་པའི་ཤེས་བྱེད་དུ་ཡུམ་བར་མའི་ལུང་དྲངས་པ་ན། དེས་ཐེག་པ་གསུམ་ཀའི་ལམ་ཤེས་པ་དང༌། བསྐྱེད་པ་དང༌། རྫོགས་པ་དང་ལམ་གྱི་བྱ་བ་ཡང་བྱ་བ་རྣམས་སྤྱིར་བཏང་དུ་བཤད་ནས། ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་པའི་དམིགས་བསལ་གཅིག་དང༌། དེ་མི་བྱ་བ་སྤྱིར་བཏང་དུ་གཞག་ནས་རྫོགས་སྨིན་སྦྱངས་གསུམ་བྱས་ནས་དེ་མངོན་དུ་བྱ་བ་དམིགས་བསལ་གཅིག་སྟེ་གཉིས་ཤིག་ཡོད་དོ། །འདི་དག་གི་མཐའ་དཔྱད་པ་ལ་བཞི་སྟེ། སྤྱིར་བཏང་བཞི་པོའི་དོན་སྤྱིར་བཤད། བྱེ་བྲག་ཏུ་ལམ་ཤེས་ལ་ཉན་རང་གི་སྤང་རྟོགས་རྫོགས་པའི་ས་མཚམས། ཡང་དག་མཐའི་ངོས་འཛིན། རྫོགས་སྨིན་སྦྱངས་གསུམ་བྱས་པའི་ཚད་དོ། །དང་པོ་ལ། ཤེས་པ་ཞེས་བྱ་བ་ནི་ལས་སུ་བྱ་བ་ལམ་གསུམ་པོ་མཚན་ཉིད་པ་རྟེན་གྱི་གང་ཟག་སོ་སོའི་རྒྱུད་ལ་ཇི་ལྟར་ཡོད་པ་དེའོ། །བྱེད་པ་པོ་གང་གིས་ཤེས་པ་ནི་རྟོགས་པའི་ཆོས་ཀྱི་སྤྱན་གྱིས་སོ། །ཇི་ལྟར་ཤེས་པ་ནི་མངོན་སུམ་དུའོ། །དེ་ཡང་གཞན་རིག་གི་མངོན་སུམ་ཡིན་ནོ་ཞེས་སྔ་མ་རྣམས་གསུང་ཡང༌། ལེགས་པར་བརྟགས་ན་གཞན་སེམས་ཤེས་པའི་མངོན་ཤེས་སུ་འདུས་པས་དེ་ནི་རང་རིག་པའི་མངོན་སུམ་དུ་རིགས་པ་མཁྱེན་པའི་ཞབས་ཀྱིས་བཤད་དོ། །བསྐྱེད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ལམ་ནི་དངོས་ཡིན་ལ། ཉན་རང་གི་ནི་རྟོགས་རིགས་སམ་གཟུགས་བརྙན་གྱི་ཚུལ་གྱིས་བསྐྱེད་པའོ། །དེ་ཡང་ཉན་རང་ལ་རྟོགས་རིགས་ཇི་ལྟར་ཡོད་པ་བཞིན་བསྐྱེད་པ་ནི་མ་ཡིན་ཏེ་ཡིན་ན་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ན་སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་ཀྱི་གཞུང་དང་འགལ་བར་འགྱུར་རོ། །རྫོགས་པ་ཞེས་བྱ་བའི་དོན་ནི་ལམ་གསུམ་པོའི་རྟོགས་རིགས་རྣམས་ཀྱི་གཙོ་བོ་བདག་མེད་གསུམ་རྟོགས་པའི་ཡེ་ཤེས་དེ་ཉིད་ཕྱོགས་རེ་བ་ཙམ་མ་ཡིན་པ་ཡོངས་སུ་ཚང་བར་བསྐྱེད་པའོ། །དེ་ཡང་ས་དང་པོར་རྫོགས་པ་ཡིན་ཏེ། བདག་མེད་གསུམ་ཀ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །དེ་ཡང་དམན་པའི་ལམ་གཉིས་ནི་ཤེས་པ་ཙམ་གྱིས་ཆོག་པ་ཡིན་གྱི། གོམས་པར་བྱས་ནས་རྫོགས་དགོས་པ་ནི་མ་ཡིན་ཏེ། དེ་ལྟར་བྱས་ན་ཞི་བ་བགྲོད་པའི་ཉན་ཐོས་བཞིན་དུ་ཆད་པའི་མཐར་ལྷུང་བའི་ཉེས་པ་ཡོད་པའི་ཕྱིར་དང༌། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་སྤོང་བར་ཐལ་བའི་ཕྱིར་རོ། །ལམ་གྱི་བྱ་བ་ཡང་བྱ་བའི་དོན་ནི། ལམ་གསུམ་ཕྱིན་ཅི་མ་ལོག་པར་ཤེས་ནས་སེམས་ཅན་འཁོར་དུ་མ་བསྡུས་པ་སྡུད་པ་ལ་སོགས་པ་རིགས་ཅན་གསུམ་གྱི་དོན་བྱ་བ་ལ་བཤད་ན་འབྱོར་བ་ཡིན་ཏེ། མདོ་འདིའི་དོན་འཆད་པའི་འགྲེལ་པ་འོག་ནས་འབྱུང་བ་ལ་བརྟགས་ན་གསལ་བའི་ཕྱིར་དང༌། སྔ་རབས་པ་གཞན་གྱིས་འཆད་པ་ལྟར་སྒྲིབ་པ་སྤོང་བ་ལ་བཤད་ན། ཉོན་མོངས་མི་སྤོང་བའི་རང་བཞིན་བཤད་པ་དང་འགལ་བར་འགྱུར་ཞིང༌། སྨོན་ལམ་རྫོགས་པ་སོགས་མ་བྱས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་བཤད་པ་དང་ཡང་འགལ་བས་སོ། །གཉིས་པ་སྤངས་རྟོགས་རྫོགས་པའི་ས་མཚམས་ནི། ས་དང་པོ་ཉིད་དུ་ཉན་རང་གི་སྤངས་རྟོགས་གཉིས་ཀ་རྫོགས་པར་ཁས་ལེན་དགོས་པ་ཡིན་ཏེ། མདོ་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པ་ཆེན་པོའོ། །ཞེས་གསུངས་ཤིང༌། དེའི་འགྲེལ་པར། འཕགས་པས། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་པས་སོ། །དེའི་གོ་དོན་ཡང་ཆོས་བཟོད་དེས་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བའི་རྒྱུ་མཚན་གྱིས་དེར་དེའི་རྟོགས་པ་རྫོགས་པར་འཇོག་ནུས་པ་ཡིན་ཏེ། བྱང་ཆུབ་སེམས་དཔས་དེའི་རྟོགས་པ་རྫོགས་པར་འཇོག་པ་ལ་དེ་མངོན་སུམ་དུ་ཤེས་པ་ཙམ་གྱིས་ཆོག་པ་ཡིན་གྱི། བསྒོམས་ནས་ཤེས་དགོས་པ་མ་ཡིན་པའི་ཕྱིར། དེའི་ཤེས་བྱེད་ཀྱང༌། དེས་དེ་རྫོགས་པར་བྱས་པའི་དགོས་པ་ཡང་གཞན་དོན་དུ་ཤེས་པར་བྱ་བ་ཙམ་ཡིན་གྱི། རང་དོན་དུ་མངོན་དུ་བྱ་བ་མ་ཡིན་པའི་ཕྱིར་རོ། །དེར་སྤངས་པ་རྫོགས་པའི་གོ་དོན་ཀྱང་ཐེག་དམན་དགྲ་བཅོམ་པས་གང་སྤངས་པ་ཐམས་ཅད་དེས་སྤངས་དགོས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་ས་བོན་མ་ལུས་པར་སྤངས་པ་ནི་དེའི་སྤངས་པའི་གཙོ་བོ་ཡིན་ལ། བཟོད་པ་འདི་ཁོ་ནས་གཞན་ལ་མ་ལྟོས་པར་དེའི་ས་བོན་དྲུངས་འབྱིན་པ་ལ་བྱ་བ་ཡིན་ནོ། །དེ་ཡང་རྒྱས་པར་བཤད་ན། ཉོན་མོངས་ལ་ནུས་པ་གཉིས་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དང༌། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་པའོ། །ཐེག་དམན་དགྲ་བཅོམ་པས་ནི་དེ་གཉིས་ཀ་མ་ལུས་པར་སྤངས་པ་ཡིན་ཏེ། དེས་འདོད་སྲིད་ཀྱི་བག་ལ་ཉལ་མ་ལུས་པར་སྤངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཐེག་པ་ཆེན་པོའི་ལམ་དུ་ཞུགས་ནས་ནི་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་བསགས་ནས་སྐྱེ་བ་ལེན་པརབཤད་ཀྱི། འདོད་སྲིད་ཀྱི་བག་ལ་ཉལ་གྱིས་བྱེད་པར་བཤད་པ་མེད་དོ། །དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་ཉོན་མོངས་པའི་ནུས་པ་དང་པོ་མ་ལུས་པར་སྤངས་ཀྱང༌། ནུས་པ་གཉིས་པ་དེ་སྤངས་པ་མ་ཡིན་ཏེ། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་བ་ཙམ་གྱི་ས་དང་པོ་སྤོང་ནུས་ཀྱང༌། གཉིས་པ་དེ་སྤོང་མི་ནུས་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔས་མ་རིག་པ་དང༌། ལྟ་བ་ལ་སོགས་པ་གཞན་གྱི་གཉེན་པོར་སྟོང་པ་ཉིད་སྒོམ་ཡང་འདོད་པ་དང་སྲིད་པའི་འདོད་ཆགས་ཀྱི་བག་ལ་ཉལ་ཞེས་བྱ་བའི་མིང་ཅན་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དེ་ཆེད་དུ་གཉེར་ནས་མི་སྤོང་བར་བཤད་པའི་ཕྱིར། ཉོན་མོངས་པ་སྤངས་ན་དེ་སྤངས་པས་ཁྱབ་པ་ཡང་མ་ཡིན་ཏེ། ནུས་པ་དེ་ཉོན་མོངས་པ་མ་ཡིན་པའི་ཕྱིར་ཏེ། སྙིང་རྗེ་ལ་སོགས་པའི་དགེ་བ་དང་མཚུངས་པར་ལྡན་པའི་ཕྱིར། འདི་ལ་འདོད་ཆགས་ཀྱི་མིང་གིས་བཏགས་ནས་བསྟན་པ་ཡིན་ཏེ། འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །ཅེས་དང༌། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་གསུངས་པ་བཞིན་ནོ། །དེ་བས་ན་ཉན་ཐོས་ཀྱི་ཆེད་དུ་གཉེར་ནས་སྤོང་ཞིང༌། བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་ཉོན་མོངས་པའི་མིང་ཅན་དེ་ནི་འདོད་སྲིད་ཀྱི་བག་ལ་ཉལ་གྱི་མིང་ཅན། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་དེ་ཡིན་ལ། དེ་ཅིག་ཤོས་ཀྱིས་སྤོང་བའི་ཤེས་བྱེད་ཀྱང༌། སྲིད་པ་སྤངས་པའི་ཞི་བ་ཁོ་ན་དོན་དུ་གཉེར་བའི་ཕྱིར་དང༌། གཅིག་ནི་དེ་ལས་ཟློག་པའི་ཕྱིར་རོ། །དེ་ལྟར་ན་དེ་འདྲ་དེ་ཉོན་མོངས་མཚན་ཉིད་པ་ཡིན་པ་དང་མ་ཡིན་པར་འདོད་པ་ནི་རྣལ་འབྱོར་སྤྱོད་པ་པའི་གཞུང་དང༌། འཕགས་པ་གྲོལ་སྡེའི་གཞུང་གི་ཁྱད་པར་ཡིན་ནོ། །ལུགས་དེ་གཉིས་ཀ་ལ་བྱང་ཆུབ་སེམས་དཔས་ཉོན་མོངས་མཚན་ཉིད་པ་ཆེད་དུ་གཉེར་ནས་མི་སྤོང་ཞེས་པ་ནི་རགས་པའི་རྣམ་པར་བཞག་པ་ཙམ་ཡིན་ཏེ། དེས་མ་རིག་པ་དང༌། ལྟ་བ་ངན་པ་ལྔ་དང༌། ཁོང་ཁྲོ་དང༌། ང་རྒྱལ་སོགས་ནི་ཆེད་དུ་གཉེར་ནས་ངེས་པར་སྤོང་བའི་ཕྱིར། ལུགས་གཉིས་ཀ་ལ་ཡང་འདིས་སྲིད་པའི་སྐྱེ་བ་འགྲུབ་པར་བྱེད་པའི་རྒྱུ་བྱེད་པ་ཡིན་གྱི། འཕེན་བྱེད་ཀྱི་རྒྱུ་བྱེད་པ་ནི་མ་ཡིན་ཏེ། ལུགས་འདིར་ནི་སྙིང་རྗེ་དང་སྨོན་ལམ་དང་ཟག་མེད་ཀྱི་ལས་ཀྱིས་བྱེད་ལ། རྣལ་འབྱོར་སྤྱོད་པ་པ་ལྟར་ན་ནི་ཉོན་མོངས་པས་འཕེན་བྱེད་ཀྱི་ལས་སོག་པ་འཕགས་པ་ལ་མི་སྲིད་པའི་ཕྱིར་རོ། །འོ་ན་ས་དང་པོ་ནས་ཉོན་མོངས་པ་ཅན་གྱི་ཡིད་སྤངས་པར་འགྱུར་ཏེ། ཉན་རང་གི་སྤངས་པ་རྫོགས་པའི་ཕྱིར་དང༌། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་མ་ལུས་པར་སྤངས་པའི་ཕྱིར། དེས་ན་སློབ་དཔོན་གྱི་ལུགས་ཀྱིས། ས་དང་པོར་དེའི་སྤངས་པ་རྫོགས་པ་མ་ཡིན་ནོ་ཞེས་ཟེར་བ་དག་སྣང་ངོ༌། །ཐལ་བ་སྔ་མ་ལ་ཁྱབ་པ་མ་ངེས་ཏེ། དེས་གང་སྤངས་ཐམས་ཅད་ཅིག་ཤོས་ཀྱིས་སྤངས་པ་ནི་སྤངས་པ་རྫོགས་པའི་དོན་མ་ཡིན་པའི་ཕྱིར། ཐལ་བ་ཕྱི་མ་ལ་ཡང་ཁྱབ་པ་མ་ངེས་ཏེ། ཡིད་ཤེས་འཁོར་གྱི་ཉོན་མོངས་དང་བྲལ་བའི་ཉོན་ཡིད་འཁོར་བཅས་ནི། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པར་མི་རུང་བའི་ཕྱིར་ཏེ། འཕེན་བྱེད་དུ་ཡང་མི་རུང༌། འགྲུབ་བྱེད་དུ་ཡང་མི་རུང་བའི་ཕྱིར། ཇི་ལྟར་ཞེ་ན། བདག་མེད་མངོན་སུམ་དུ་མཐོང་ནས་དེས་དེ་མི་འཕེན་པའི་ཕྱིར་དང༌། སོ་སོ་སྐྱེ་བོའི་སར་ཡང་དེ་འགྲུབ་བྱེད་དུ་མི་རུང་ན། འཕགས་པའི་སར་ལྟ་ཅི་སྨོས་པའི་ཕྱིར་རོ། །མདོར་ན་སྤངས་རྟོགས་ཇི་ཙམ་ཞིག་རྫོགས་པས་གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་འཛིན་ནུས་པའི་སྤངས་རྟོགས་ཀྱི་ཚད་དེ་ཙམ་ཞིག་གང་དུ་རྫོགས་དཔྱོད་པ་ཡིན་གྱི། སྤྱིར་དེས་གང་སྤངས་དང་གང་རྟོགས་ཐམས་ཅད་གང་དུ་རྫོགས་དཔྱོད་པ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་པ་དང་སྤོང་བ་ཞེས་སོགས་ཀྱི་མདོའི་དོན་གཞུང་གི་སྐབས་གང་དུ་བཤད་པ་ལ་བརྟགས་ན་ཤེས་པའི་ཕྱིར་དང༌། ཅིག་ཤོས་ལ་གནོད་བྱེད་ཡོད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་ཤེས་བྱེད་དུ་མདོ་དེའི་དོན་བཤད་པའི་ཕྱིར་དང༌། དགེ་འདུན་དཀོན་མཆོག་གི་དབྱེ་བ་འཆད་པ་ན། བྱང་སེམས་མཐོང་ལམ་པ་རང་གིས་མ་ཐོབ་པའི་ཆོས་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་ལ་ཇི་ལྟར་འགོད་ནུས་སྙམ་པའི་དོགས་པ་བསུ་ནས། དེའི་ལན་དུ་མདོ་དེའི་དོན་བཤད་པའི་ཕྱིར། ལོག་ཕྱོགས་ལ་གནོད་བྱེད་ཇི་ལྟར་ཡོད་པ་ནི། དམན་ལམ་སྔོན་དུ་མ་སོང་བའི་ཆོས་ཤེས་ནས་ཉོན་ཡིད་སྤངས་པར་ཐལ་བ་དང༌། འདོད་སྲིད་ཀྱི་བག་ལ་ཉལ་སྤངས་བར་ཐལ་བ་དང༌། སྙོམས་འཇུག་གི་སྒྲིབ་པ་སྤངས་བར་ཐལ་བ་དང༌། མི་སློབ་པའི་ལམ་དང་ལྷག་མེད་ཀྱི་མྱང་འདས་ཐོབ་པར་ཐལ་བ་སོགས་འཇུག་གོ །གསུམ་པ་ནི། སྤྱིར་ཡང་དག་པའི་མཐའ་ཞེས་བྱ་བ་ནི་དེ་བཞིན་ཉིད་དོ། །དེ་ལའང༌། གཉིས་ཏེ། ཉོན་སྒྲིབ་སྤངས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་དང༌། ཤེས་སྒྲིབ་སྤངས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་དོ། །འདི་མངོན་དུ་བྱེད་པའི་གང་ཟག་ལ་གཉིས་ཏེ། ཐེག་པ་དམན་པའི་སློབ་པ་དང༌། བྱང་ཆུབ་སེམས་དཔའོ། །མངོན་དུ་བྱེད་པའི་དུས་ནི་གཉིས་ཏེ། རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་དང༌། དེ་བྱས་ནས་བྱེད་པའོ། །དེ་མངོན་དུ་བྱས་པའི་དུས་ནི་གཉིས་ཏེ། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་དང༌། མི་གནས་པའི་མྱང་འདས་མངོན་དུ་བྱས་པའི་ཚེའོ། །གསུམ་པོ་མ་བྱས་པར་དེ་མངོན་དུ་བྱས་པའི་ཉེས་པ་ནི། གཉིས་ཏེ། གནས་སྐབས་ཆད་པའི་མྱང་འདས་ཀྱི་མཐར་ལྷུང་བ་དང༌། མཐར་ཐུག་སངས་རྒྱས་ཀྱི་སྐུ་གསུམ་མི་ཚང་བའི་ཉེས་པའོ། །དེ་གསུམ་མ་བྱས་པར་དེ་མངོན་དུ་མི་བྱའོ་ཞེས་གདམས་པའི་ཡུལ་ནི་བྱང་སེམས་འཕགས་པ་རྣམས་ལ་ཡིན་ཏེ། དེ་དག་ལ་དེ་གསུམ་མ་བྱས་པར་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པའི་ཕྱིར། གདམས་པའི་དགོས་པ་ནི། དེས་དེ་གསུམ་མ་བྱས་པར་དེ་མངོན་དུ་བྱས་པ་མི་སྲིད་པའི་ཕྱིར་རོ། །དམན་པར་རིགས་ངེས་པའི་ཉན་ཐོས་ལ་ནི་དེ་ལྟར་གདམས་པ་ལ་དགོས་པ་མེད་དེ། དེ་ལྟར་གདམས་ཀྱང་ཞི་བ་དོན་གཉེར་གྱི་བློ་ལྡོག་པར་མི་ནུས་པའི་ཕྱིར་རོ། །ནུས་ན་གནས་སྐབས་ཐེག་པ་གསུམ་མི་སྲིད་པར་འགྱུར་རོ། །གལ་ཏེ་དེར་མ་ངེས་པ་ལ་དེ་ལྟར་གདམས་མི་དགོས་སོ་སྙམ་ན། མ་ཡིན་ཏེ། དེ་ནི་ཐོག་མར་ཐེག་པ་ཆེན་པོའི་ལམ་དུ་འདྲེན་དགོས་པའི་ཕྱིར། འོ་ན་དེ་གསུམ་མ་བྱས་པར་ཤེས་སྒྲིབ་སྤངས་པའི་ཆོས་སྐུ་མངོན་དུ་བྱེད་ནུས་པ་ཇི་ལྟ་བུ་ཞེ་ན། མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་འདོད་ན་ཞག་བདུན་གྱིས་མངོན་པར་རྫོགས་པར་སངས་རྒྱ་བར་ནུས་སོ་ཞེས་གསུངས་པ་དེའི་དགོངས་པ་བཙལ་བ་ན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱ་བ། འབུམ་ཊཱིཀ་དུ་ས་བརྒྱད་པ་ལ་བཤད་ཀྱང༌། འཕགས་པས་ཐེག་ཆེན་གྱི་ཆོས་བཟོད་དང་པོ་ལ་བཤད་པས། དེ་ནས་བཟུང་སྟེ་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་དེ་ཤེས་སྒྲིབ་ཀྱི་གཉེན་པོར་དྲིལ་ནས་རྩེ་གཅིག་ཏུ་མཉམ་པར་བཞག་ན་ཞག་བདུན་གྱིས་ཤེས་སྒྲིབ་སྤངས་བའི་ཆོས་དབྱིངས་མངོན་བྱེད་ནུས་པའི་དོན་ནོ། །དེ་འདྲ་དེ་སངས་རྒྱས་ཀྱི་སྐུ་གོ་ཆོད་པོར་ནི་མི་རུང་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེས་ན་ཆད་པའི་མྱང་འདས་སོ། །དེ་ཡང་བརྟག་པ་མཐར་བཟུང་བ་ཡིན་གྱི། མངོན་བྱས་པ་ནི་མི་སྲིད་དེ། གདམས་པ་དོན་ཡོད་པའི་ཕྱིར། དེ་ལྟར་གདམས་པའི་དགོས་པ་ནི་དེ་ཡིན་ན། འདོམས་པའི་རྒྱུ་མཚན་ཅི་ཞེ་ན། མ་འདོམས་ན་དེས་དེ་མངོན་དུ་བྱེད་པའི་ནུས་པ་ཡོད་པའོ། །དེ་ལྟར་བཤད་པའི་དོན་བཟུང་བདེ་བར་བརྗོད་ན། རང་བཞིན་གྱི་མྱ་ངན་ལས་འདས་པའམ། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་དུ་བྱ་རྒྱུའི་ཡང་དག་པའི་མཐའ་དེའོ། །དེ་ལ་དུས་རྟག་ཏུ་མཉམ་པར་བཞག་པ་ནི་དེ་མངོན་དུ་བྱས་པའི་ཚད་དོ། །དེ་འདྲ་དེ་དུས་མ་ཡིན་པར་མངོན་དུ་བྱས་ན་ཆད་པའི་མྱང་འདས་སུ་འགྱུར་ལ། དུས་ལ་བབ་པའི་ཚེ་མངོན་དུ་བྱས་ན་ནི་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་རོ། །བཞི་པ་ལ་གསུམ་ལས། སྨོན་ལམ་རྫོགས་པའི་ཚད་ལ། སྨོན་ལམ་ནི་ཆོས་ཉིད་ལ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ། གཟུགས་སྐུ་གཉིས་ལས་གཞན་དོན་རྒྱུན་མི་ཆད་དུ་འབྱུང་བར་སྨོན་པའོ། །དེ་ཡོངས་སུ་རྫོགས་པ་ནི་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པའོ། །དེ་གང་དུ་རྫོགས་ན་རྒྱུན་མཐའི་ཡེ་ཤེས་རྫོགས་པ་དང་དུས་མཉམ་མོ། །དེ་ལྟ་ཡིན་པ་དེའི་ཕྱིར་ཚོགས་གཉིས་རྫོགས་པ་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པ་དགོས་པར་བཤད་པ་དེ་ཡང༌། བསོད་ནམས་ཀྱི་ཚོགས་ཁོ་ནའི་དབང་དུ་བྱས་པ་དང༌། ཡེ་ཤེས་ཀྱི་ཚོགས་རྫོགས་པ་རྐྱང་པ་ལ་ཡུན་དེ་ཙམ་མི་འགོར་ཡང༌། ཅིག་ཤོས་མ་རྫོགས་པའི་སྔ་རོལ་དུ་དེ་རྫོགས་པར་བྱས་ན་ཡང་དག་པའི་མཐའ་དུས་མ་ཡིན་པར་མངོན་དུ་བྱས་པའི་ཉེས་པ་ཡོད་དོ། །ཞེས་བྱ་བ་འདི་ཤེས་པར་བྱའོ། །སེམས་ཅན་སྨིན་པར་བྱས་པའི་ཚད་ནི། རང་ཉིད་གཟུགས་ཀྱི་སྐུར་སངས་རྒྱ་བའི་ཞིང་དེར་སྐུ་དངོས་ཀྱི་གདུལ་བྱ་རྣམས་སྨིན་པ་ཤ་སྟག་འབྱུང་བའི་ནུས་པ་མཐར་ཐུག་པའོ། །འདི་ཡང་བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་དུས་མཉམ་པའོ། །འདི་ཡང་དཔེར་ན། ལོངས་སྐུའི་འཁོར་དུ་ནི་བྱང་སེམས་འཕགས་པ་ཤ་སྟག་འབྱུང་བ་དང༌། སྤྲུལ་སྐུའི་འཁོར་དུ་སྒྲིབ་པ་སྤང་རུང་དང༌། གཉེན་པོ་སྐྱེ་རུང་གི་གདུལ་བྱ་ཤ་སྟག་འབྱུང་བའི་ནུས་པ་མཐར་ཕྱིན་པའོ། །ཞིང་སྦྱངས་པའི་ཚད་ནི། ཞིང་དག་པའི་སྦྱོར་བ་བསྒོམས་པའི་ནུས་པ་མཐར་ཐུག་པའོ། །མདོར་ན་གསུམ་པོ་བྱས་པ་དང༌། ཡང་དག་པའི་མཐའ་མངོན་དུ་བྱས་པ་དང༌། རྒྱུན་མཐའི་ཡེ་ཤེས་རྫོགས་པ་དང༌། རྣམ་མཁྱེན་གྱི་ཡེ་ཤེས་མངོན་དུ་བྱས་པ་རྣམས་དུས་མཉམ་པ་ཡིན་གྱི། སྔ་ཕྱིར་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་ནས་ཞེས་པ། བདུན་པ་ལ་ལྔ་པའི་སྒྲ་སྦྱར་བ་ཡིན་ཏེ། ཁ་གདངས་ནས་ཉལ་ཞེས་བརྗོད་པ་བཞིན་ནོ། །གང་དག་སྨོན་ལམ་རྫོགས་པའི་ཚད་སངས་རྒྱས་ཐོབ་ཟིན་པ་ཙམ་ལ་མཛད་པ་ལ་ནི་དོན་སྟེངས་ན་ཉེས་པ་ཆེར་མེད་ཀྱང༌། ཚིག་གི་ཟུར་མ་ཕྱིན་ཞིང༌། སེམས་ཅན་སྨིན་པའི་ཚད། སྤྲུལ་པའི་སྐུས་ཆོས་ཀྱི་འཁོར་ལོ་བསྐོར་ནས་རང་གི་གདུལ་བྱ་སྒྲིབ་པ་སྤང་རུང་སོགས་སུ་བྱས་པ་ལ་འཆད་པ་ནི་ནོངས་པ་ཡིན་ཏེ། ཡང་དག་པའི་མཐའ་མངོན་དུ་བྱས་པའི་རྗེས་སུ་སེམས་ཅན་སྨིན་པར་བྱེད་དགོས་པ་ཉིད་དུ་ཧ་ཅང་ཐལ་བའི་ཕྱིར་རོ། །འདིར་སྨྲས་པ། གཞན་གྱིས་མི་འགྲན་འགྲན་མེད་ལེགས་བཤད་འདི། །གཞན་དུ་མ་གྲགས་གྲགས་པ་དོན་གཉེར་མིན། །གཞན་དང་མི་མཉམ་མཉམ་མེད་རྣམ་དཔྱོད་ཀྱིས། །གཞན་ལས་རབ་འཕགས་འཕགས་པའི་དགོངས་པར་བཤད། །གཉིས་པ་གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གྱི་སྐབས་སུ། དགོས་འབྲེལ་ངག་གི་དགོས་པ་ནི། བསྟན་བཅོས་འདི་བརྩམས་པ་ལ་དགོས་པ་ལྷག་པོ་མེད་དམ་སྙམ་པའི་དོན་མི་འགྱུར་གྱི་ཐེ་ཚོམ་བསལ་ནས། དེ་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་དགོས་པའོ། །དེའི་ཡང་དགོས་པ་ནི་ཐེ་ཚོམ་དེ་སྐྱེས་ནས་བསྟན་བཅོས་འདི་ལ་ཐོས་བསམ་གྱིས་ཞུགས་པའོ། །དེས་དེ་ལ་འཇུག་ནུས་པ་ཡང་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་འཇིག་རྟེན་དོན་གཉེར་ནི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་གསུངས་པས་སོ། །བསྟན་བཅོས་ཀྱི་ཆོས་བཞི་ལ། མདོའི་དངོས་བསྟན་སྟོང་པ་ཉིད་དང༌། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཀ་ཡང་བསྟན་བཅོས་འདིའི་དངོས་ཀྱི་བརྗོད་བྱ་ཡིན་ཏེ། དེ་གཉིས་ཀ་བསྟན་བཅོས་འདིའི་ཚིག་གིས་ཟིན་པར་བསྟན་པའི་ཕྱིར། གཙོ་བོ་ནི་མངོན་པར་རྟོགས་པ་ཉིད་ཡིན་ཏེ། མདོའི་ཤུགས་བསྟན་དངོས་སུ་བླངས་ནས་དེ་ཉིད་མདོའི་དངོས་བསྟན་དང་སྦྱར་བ་ནི་བསྟན་བཅོས་འདིའི་བཞུགས་ཚུལ་ཡིན་པའི་ཕྱིར། དེ་ལས་དེ་བདེ་བླག་ཏུ་རྟོགས་པ་ནི་དགོས་པའོ། །དེ་ལས་དེ་མངོན་སུམ་དུ་བྱས་པ་ནི་ཉིང་དགོས་སོ། །དགོས་སོགས་གསུམ་དང་དེ་སྟོན་བྱེད་ཀྱི་བསྟན་བཅོས་གཉིས་པོ་ཐབས་དང་ཐབས་ལས་བྱུང་བར་གྱུར་པ་ནི་འབྲེལ་པའོ། །འདིར་གཞན་གྱིས་མྱོང་བ་མ་ཡིན་ཏེ། ཞེས་གསུངས་པ་ལ་བརྟེན་ནས། གང་དག་བསྟན་བཅོས་འདིའི་བརྗོད་བྱར་གྱུར་པའི་མངོན་པར་རྟོགས་པ་ཡིན་ན། ཕྱི་རོལ་པར་མ་ཟད། དམན་པའི་འཕགས་པས་ཀྱང་ཉམས་སུ་མྱོང་བྱ་མ་ཡིན་པར་འདོད་པ་ནི་མ་ཤེས་པ་ཡིན་ཏེ། གོང་དུ་རྒྱས་པར་བཤད་པའི་ལུང་རིགས་རྣམས་དང་འགལ་བའི་ཕྱིར་དང༌། འདི་ཉིད་ཀྱི་འགྲེལ་པར་ཡང༌། འཇིག་རྟེན་པའི་ལམ་ཁོ་ནས་ཆགས་བྲལ་བྱས་པ་རྣམས་ཀྱིས་མདོ་དང་བསྟན་བཅོས་ཀྱི་བརྗོད་བྱ་མ་མྱངས་པར་བཤད་ཀྱི། འདས་ལམ་རྒྱུད་ལ་སྐྱེས་པ་དག་གིས་མ་མྱོང་བར་བཤད་པ་མེད་པའི་ཕྱིར། འོ་ན་བློ་དང་ལྡན་པས་མཐོང་འགྱུར་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཉིང་དགོས་འཆད་པའི་སྐབས་ཡིན་པས། བརྒྱད་པོ་མ་ལུས་པ་མངོན་དུ་བྱེད་པ་ལ་དགོངས་པའི་ཕྱིར་རོ། །གསུམ་པ་བརྗོད་བྱ་མངོན་རྟོགས་བཤད་པ་ལ་གཉིས་ཏེ། བསྡུས་པའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། དངོས་པོ་བརྒྱད་དུ་དང༌། དྲུག་ཏུ་དང༌། གསུམ་དུ་ཕྱེ་བའོ། །གསུམ་ཀ་ཡང་སེམས་བསྐྱེད་དང་གདམ་ངག་ལ་སོགས་པའི་ཚིག་དོན་གྱིས་འཆད་དགོས་པ་དང༌། འཆད་ཚུལ་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། རྒྱས་པར་ནི་སྔ་མ་ཁོ་ན་བཞིན་དུ་བཤད་པར་བྱའོ། །ཞེས་གསུངས་པས་སོ། །བསྡུས་དོན་གསུམ་པོའི་ཁྱད་པར་ལ། བདག་ཉིད་ཆེན་པོ་ནི། མངོན་པར་རྟོགས་པ་བརྒྱད་ཀྱི་ངོ་བོ་ངེས་པ། གོ་རིམ་ངེས་པ། གྲངས་ངེས་པ་ཞེས་གསུང་ལ། གཞན་དག་ན་རེ་དོན་བདུན་ཅུའི་རྐང་གྲངས་རགས་པ་ལ་ཡིད་དཔྱོད་ཀྱིས་ངེས་པ་འདྲེན་ནུས་པ་དང༌། མི་ནུས་པའོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་བཤད་ན་བཤད་བྱ་དངོས་པོ་བརྒྱད་དང་དྲུག་དང་གསུམ་གྱི་ཁྱད་པར་དུ་མི་འགྱུར་གྱི། འཆད་བྱེད་དོན་བདུན་ཅུའི་སྒོ་ནས་འཆད་མི་འཆད་ཀྱི་ཁྱད་པར་དུ་སོང་བའི་ཕྱིར་དང༌། དེ་ལྟར་འདོད་པ་ཡང་མི་རིགས་ཏེ། བསྡུས་དོན་གསུམ་ཀ་ཡང་འཆད་བྱེད་བདུན་ཅུའི་སྒོ་ནས་འཆད་དགོས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བརྒྱད་དུ་བཤད་པས་ནི་དངོས་པོ་བརྒྱད་པོའི་མིང་གི་རྐང་གྲངས་ཙམ་ཞིག་བཤད་ལ། བསྡུས་དོན་ཕྱི་མ་གཉིས་ཀྱིས་ནི་བརྒྱད་པོ་གང་ཟག་གཅིག་གི་ཆ་རྐྱེན་དུ་སྦྱར་ནས། གོ་རིམ་ངེས་པ་དང༌། གྲངས་ངེས་པར་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། མཁྱེན་པ་གསུམ་ནི་ཐོག་མར་བསྟན་དགོས་ཏེ། མཚོན་པར་བྱ་བའི་གཞི་ཡིན་པའི་ཕྱིར། དེའི་འོག་ཏུ་སྦྱོར་བ་བཞིར་རིམ་པར་བསྟན་ཏེ། དེ་ལ་རྣལ་འབྱོར་དུ་བྱེད་པའི་རིམ་པ་ཡིན་པའི་ཕྱིར། ཆོས་ཀྱི་སྐུ་ནི་ཐ་མར་བསྟན་ཏེ། བཞི་པོས་གསུམ་པོ་ལ་རྣལ་འབྱོར་དུ་བྱས་པའི་འབྲས་བུ་ཡིན་པའི་ཕྱིར། བརྒྱད་དུ་གྲངས་ངེས་པའི་ཤེས་བྱེད་ནི། གསུམ་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པར་བྱ་བའི་ཡུལ་ཡིན་ལ། དེ་ལའང་གསུམ་དུ་གྲངས་ངེས་པ་ཡིན་ཏེ། ཡུལ་དེ་ལ་སྐྱེ་མེད་གསུམ་དུ་གྲངས་ངེས་པའི་ཕྱིར། དེའང་ཡུལ་ཅན་ལ་ཡུལ་གྱི་མིང་གིས་བཏགས་ནས་ཡུལ་སྐྱེ་མེད་གསུམ་པོ་ཐོས་བསམ་གྱིས་གཏན་ལ་དབབ་བྱ་ཡིན་པ་ལ་མཁྱེན་པ་གསུམ་པོ་གཏན་ལ་དབབ་བྱ་ཡིན་ཞེས་བསྟན་པའམ། ཡང་ན་མཁྱེན་པ་གསུམ་གྱི་རང་བཞིན་ངོས་བཟུང་བ་ན་སྐྱེ་མེད་གསུམ་གྱི་རང་བཞིན་ངེས་པར་གཏན་ལ་འབེབས་དགོས་པ་ལ་དགོངས་པའོ། །བརྒྱད་པོ་དེ་གང་ཟག་གཉིས་ཀྱི་ཆ་རྐྱེན་དུ་སྦྱོར་བའི་ཚུལ་ཡང༌། རྩ་བར་མ་གསུངས་ཀྱང་འགྲེལ་པ་ལས་འབྱུང་བ་ཡིན་ཏེ། མཁྱེན་པ་གསུམ་པོས་གང་ཟག་གཅིག་གི་ཆ་རྐྱེན་ཆ་ཚང་བར་སྟོན་པའི་ཚུལ་དང༌། སྦྱོར་བཞི་ཆོས་སྐུ་དང་བཅས་པས་གང་ཟག་གཅིག་གི་ཆ་རྐྱེན་ཚང་བར་སྟོན་པའི་ཚུལ། དངོས་བརྒྱད་སོ་སོའི་མཚམས་སྦྱར་ན་གསལ་བས་སོ། །གཞན་དག་ན་རེ། མཁྱེན་གསུམ་དང་སྦྱོར་བཞི་ལ་ཐོས་བསམ་དང་ཉམས་ལེན་གྱི་ས་མཚམས་སོ་སོར་གཅོད་པ་མི་རིགས་ཏེ། བརྒྱད་ཀ་ཐོས་བསམ་གྱིས་གཏན་ལ་འབེབས་མཉམ་དང༌། སྦྱོར་བས་ཉམས་སུ་ལེན་མཉམ་ཡིན་པའི་ཕྱིར་རོ། །ཞེས་ཟེར་བ་དེ་ནི་མ་ཤེས་པ་ཡིན་ཏེ། འོ་ན་མཚན་ཉིད་དེ་ཡི་སྦྱོར་བ་དང་ཞེས་དང༌། ཡུལ་ནི་རྣམ་པ་གསུམ་པོ་ཞེས་སོགས་ཀྱང་མི་འཐད་པར་འགྱུར་ཏེ། ཡུལ་དང་སྦྱོར་བ་སོགས་ཡིན་མཉམ་དང༌། མིན་མཉམ་དུ་མཚུངས་པའི་ཕྱིར་དང༌། འགྲེལ་པ་ལས་ཀྱང༌། མཁྱེན་གསུམ་གྱི་མཚམས་སྦྱར་དུ་ཤེས་བྱར་བསྟན་པ་དང༌། སྦྱོར་བཞིའི་མཚམས་སྦྱར་དུ་རྣམ་པར་སྒོམ་པར་བྱེད་པས་ཞེས། བསྒོམས་བྱུང་གི་རྣལ་འབྱོར་དུ་བསྟན་པ་མི་འཐད་པར་འགྱུར་ཏེ། སྒྲུབ་བྱེད་དེ་ཉིད་ཞུགས་པའི་ཕྱིར། ཁྱེད་ཀྱི་རྒོལ་བ་དེ་ནི། བཤད་བྱ་མངོན་པར་རྟོགས་པ་བརྒྱད་ཀྱི་གོ་རིམ་དང༌། འཆད་བྱེད་དོན་བདུན་ཅུའི་གོ་རིམ་གཅིག་ཏུ་འཁྲུལ་ནས་རྩོད་པ་ཡིན་ཏེ། མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་པོ་དེ་ཐོས་བསམ་གྱི་ཡུལ་དུ་བཞག་ནས་ཉམས་སུ་ལེན་པའི་རྣལ་འབྱོར་དུ་མ་བཞག་གོ་སྙམ་དུ་བསམས་ནས་བརྩད་པའི་ཕྱིར་རོ། །གཉིས་པ་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ་གསུམ་སྟེ། ཡུལ་མཁྱེན་པ་གསུམ། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་ཀྱི་སྐུའོ། །དེ་ཡང་མཁྱེན་པ་གསུམ་ནི་མཚོན་བྱེད་ཀྱི་ཆོས་ཀྱི་སྒོ་ནས་འཆད་ལ། སྦྱོར་བ་བཞི་ནི་རང་གི་ངོ་བོའི་སྒོ་ནས་འཆད་ཅིང༌། ཆོས་ཀྱི་སྐུ་ནི་དབྱེ་བའི་སྒོ་ནས་འཆད་དོ། །མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་ཀྱང་གསུམ་སྟེ། གཞི་དང༌། ལམ་དང༌། རྣམ་པའོ། །གཞི་ནི་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་ལ་བྱ་ཞིང༌། ལམ་ནི་ཐེག་པ་གསུམ་གྱི་ལམ་དང༌། རྣམ་པ་ནི་སེམས་བསྐྱེད་ལ་སོགས་པ་ཆོས་བཅུ་སྟེ། ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་རྒྱུ་འབྲས་གསུམ་ཀ་དེར་བསྡུས་པའི་ཕྱིར་རོ། །མཚོན་བྱེད་སུམ་ཅུ་པོ་དེས་མཚོན་བྱ་མཁྱེན་གསུམ་གྱི་ཐ་སྙད་ཇི་ལྟར་མཚོན་ནུས་ཞེ་ན། སུམ་ཅུ་པོ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་ལ་མཁྱེན་པ་གསུམ་པོ་སོ་སོར་འཇོག་པའི་ཚུལ་གྱིས་སོ། །དེ་ཡང་གཞི་སྐྱེ་མེད་ནི་ཉི་ཚེ་བའི་སྟོང་ཉིད་ཏེ། གཞན་སྟོང་གི་ཚུལ་དུ་འཆད་པས་སོ། །ལམ་སྐྱེ་མེད་ནི་ཁྱབ་པའི་སྟོང་ཉིད་དང་མཉམ་གཞག་གི་དབང་དུ་བྱས་ཏེ། ལམ་གསུམ་རང་བཞིན་མི་རིགས་པར་མངོན་སུམ་དུ་ཤེས་པའི་སྒོ་ནས་མཉམ་གཞག་དུ་ལམ་གསུམ་གྱི་རྟོགས་རིགས་ཡར་ལྡན་དུ་སྐྱེད་པ་ཡིན་པས་སོ། །རྣམ་པ་སྐྱེ་མེད་ནི། མཉམ་རྗེས་གཉིས་ཀའི་དབང་དུ་བྱས་པ་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་གྱིས་མཁྱེན་དགོས་པས་སོ། །དེ་ལྟར་མཚོན་བྱེད་ཀྱི་ཆོས་སུམ་ཅུའི་ནང་ནས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་འཆད་པ་ལ་གཉིས་ཏེ། སྤྱིའི་གོ་རིམ་དང༌། སོ་སོའི་དོན་ནོ། །དང་པོ་ལ་མདོའི་གོ་རིམ་དང༌། བསྟན་བཅོས་ཀྱི་འབྲེལ་ལོ། །དང་པོ་ནི། ཡུམ་རྒྱས་འབྲིང་གཉིས་ལས། ཤཱ་རིའི་བུ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འཚང་རྒྱ་བ་ལ་བསླབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱིས་ནི་སེམས་སྐྱེད་བསྟན་ནོ། དེ་ལ་འཕྲོས་ནས། ཤཱ་རིའི་བུས་གསོལ་བ། དེ་ལ་ཇི་ལྟར་བསླབ་ཅེས་ཞུས་པའི་ལན་དུ། ཤཱ་རིའི་བུ་བྱང་སེམས་ཆེན་པོ་དེ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང༌། ཞེས་སོགས་ཀྱིས་ནི་གདམ་ངག་བསྟན་ནོ། །སྒོམ་ལམ་ལ་འདོམས་པའི་ཐད་དུ། བྱང་སེམས་ཆེན་པོའི་མཐུན་པའི་ཆོས་ལ་སྲེད་པ་ནི་སྐྱོན་ནོ། །ཞེས་པ་ལ་འཕྲོས་ནས། སྐྱོན་དེ་གང་ཡིན་དྲིས་པའི་ལན་དུ། རབ་འབྱོར་གྱིས་ཤཱ་རིའི་བུ་ལ་སྨྲས་པ། བྱང་སེམས་ཀྱི་སྐྱོན་ནི་ཆོས་ལ་སྲེད་པའོ། །ཆོས་ལ་སྲེད་པ་གང་ཡིན་དྲིས་པའི་ལན་དུ། གཟུགས་མི་རྟག་ཅེས་བྱ་བར་མངོན་པར་ཞེན་པ་དང༌། ལྷག་པར་གནས་པ་དང༌། ཀུན་ཤེས་པ་འདི་ནི་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱིས་ནི་ངེས་འབྱེད་ཡན་ལག་བསྟན་ནོ། །སྐབས་དེ་དག་ཏུ་བྱང་སེམས་ཆེན་པོ་ཞེས་ལན་མང་དུ་གསུངས་པ་ལ་འཕྲོས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་གང་ལགས། ཞེས་དེའི་མིང་གི་གདགས་གཞི་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར་ནམ་མཁའ་ལ་ནི་བྱའི་རྗེས་མེད་ཅིང་མི་དམིགས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། བྱང་ཆུབ་ལ་ནི་སྐྱེ་བའམ། ཡོད་པ་ཉིད་ཡོད་པར་མ་དམིགས་པ་མ་ཡིན་ནོ། །ཞེས་སོགས་ཀྱིས་ནི་སྒྲུབ་པའི་རྟེན་རིགས་དེ་བསྟན་པ་ཡིན་ལ། དེའི་དོན་ཡང་བྱང་ཆུབ་སེམས་དཔའི་མིང་གི་འདོགས་གཞི་ནི་རང་རྒྱུད་ཀྱི་ཆོས་དབྱིངས་ལ་བྱ་བར་བཤད་པ་ཡིན་ནོ། །སྐབས་དེར་བྱང་ཆུབ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ་ཞེས་པ་ལ་འཕྲོས་ནས། ཆོས་ཐམས་ཅད་གང་ཡིན་དྲིས་པའི་ལན་དུ། བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང་ཞེས་སོགས་ཀྱིས་ནི་སྒྲུབ་པའི་དམིགས་པ་བསྟན་ནོ། །ཡང་རབ་འབྱོར་གྱིས། བྱང་སེམས་ཆེན་པོ་ཞེས་བགྱི་བ་འདི་ནི་དོན་གང་གི་སླད་དུ་བྱང་སེམས་ཆེན་པོ་ཞེས་བགྱི་བ་ལགས། ཞེས་བྱང་སེམས་ཆེན་པོར་འཇོག་པའི་དོན་གྱི་རྒྱུ་མཚན་དྲིས་པའི་ལན་དུ། བཅོམ་ལྡན་འདས་དང༌། ཤཱ་རིའི་བུས་ཆེན་པོ་གསུམ་གྱི་མདོ་གསུངས་སོ། །བྱམས་མའི་བུ་གང་པོས། དེར་འཇོག་པའི་རྒྱུ་མཚན་བཤད་པས་ནི་གོ་ཆེའི་སྒྲུབ་པ་བསྟན་ནོ། །གོ་སྒྲུབ་ལ་འཕྲོས་ནས། ཤཱ་རིའི་བུས། ཐེག་ཆེན་ལ་འཇུག་པ་དང་འཛེག་པ་གང་ཡིན་དྲིས་པའི་ལན་གྱིས་ནི་འཇུག་པའི་སྒྲུབ་པ་བསྟན་ནོ། །ཡང་གོ་ཆའི་སྒྲུབ་པ་ལ་འཕྲོས་ནས། ཇི་ཙམ་གྱིས་ན་གོ་ཆ་ཆེན་པོ་བགོས་པ་ལགས། ཞེས་ཞུས་པའི་ལན་གྱིས་ཚོགས་སྒྲུབ་དང་པོ་བཅུ་བསྟན་ནོ། །འཇུག་སྒྲུབ་ལ་འཕྲོས་ནས། ཐེག་པ་ཆེན་པོ་དེ་གང་ལགས། ཇི་ཙམ་གྱིས་ན་ཐེག་པ་ཆེན་པོ་ལ་ཞུགས་པ་ལགས། ཐེག་པ་དེས་གང་ནས་འབྱུང༌། གང་དུ་འབྱུང༌། གང་ཞིག་འབྱུང༌། ཞེས་ཞུས་པ་ལ། དྲི་བ་དང་པོའི་ལན་གྱིས། ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་དང༌། དྲི་བ་གཉིས་པའི་ལན་གྱིས་སའི་ཚོགས་དང༌། དྲི་བ་ཕྱི་མ་གསུམ་གྱི་ལན་གྱིས་ནི་གཉེན་པོའི་ཚོགས་བསྟན་པ་ཡིན་ནོ། །གཉིས་པ་ནི་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་སེམས་སྐྱེད་ཐོག་མར་བསྟན་ནོ། །དེ་ནས་དེའི་དོན་དུ་གཉེར་བྱ་རྫོགས་བྱང་གི་ཐབས་ཚོལ་བ་ལ་འདོམས་པས་གདམ་ངག་བསྟན་ནོ། །དེའི་དོན་ཉམས་སུ་བླངས་པ་ལས་བདེན་པའི་རྣམ་པ་ཅན་གྱི་བསྒོམས་བྱུང་གི་ཐོག་མར་ངེས་འབྱེད་ཡན་ལག་འབྱུང་བས་དེ་བསྟན་ནོ། །དེ་ཐོབ་ནས་ཐེག་པ་ཆེན་པོར་རིགས་ངེས་པའི་ཕྱིར་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་བསྟན་ནོ། །ཐེག་ཆེན་གྱི་སྒྲུབ་པ་དེ་རྟེན་ཆོས་དབྱིངས་ཁོ་ན་ལ་བརྟེན་པ་བཞིན་དུ། དམིགས་པ་ཡང་དེ་ཁོ་ན་ལ་དམིགས་སམ་སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ། ཆོས་ཐམས་ཅད་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པར་བསྟན་ནོ། །དངོས་ཀྱི་དམིགས་པ་དེ་ལྟར་ཡིན་ན། དེ་ཉིད་དེའི་ཆེད་དུ་བྱ་བའི་དམིགས་པ་ཡང་ཡིན་ནོ་སྙམ་པ་ལ། དེ་ནི་ཆེན་པོ་གསུམ་མོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་ཆེད་དུ་བྱ་བ་བསྟན་ནོ། །གལ་ཏེ་ཁྱད་པར་དེ་གསུམ་དང་ལྡན་པའི་སྒྲུབ་པ་ཡང་ངེས་འབྱེད་ཡན་ལག་ཁོ་ནར་ངེས་སམ་སྙམ་དུ་དོགས་པ་ལ། སྦྱོར་བ་དང༌། མཐོང་བ་དང༌། སྒོམ་པ་དང༌། ཁྱད་པར་གྱི་ལམ་གྱི་དབྱེ་བས་བཞི་ཡོད་དོ། །ཞེས་ཤེས་པར་བྱ་བའི་ཕྱིར་དུ་སྒྲུབ་པ་བཞི་བསྟན་ནོ། །གཉིས་པ་སོ་སོའི་དོན་ལ་གཉིས་ཏེ། བསམ་པ་སེམས་སྐྱེད་པ་དང༌། སྦྱོར་བ་སྒྲུབ་པ་ལ་འཇུག་པའི་ཚུལ་ལོ། །དང་པོ་ལ་མཚན་ཉིད། དབྱེ་བ། ས་འཚམས། སེམས་སེམས་བྱུང་གི་ཁྱད་པར་མདོ་ཙམ་བཤད་པའོ། །དང་པོ་ལ་གཉིས་ཏེ། སྤྱིར་བཤད་པ་དང༌། འདིར་བསྟན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དང༌། དམིགས་པ་བྱང་ཆུབ་ལ་དམིགས་པའི་མཁྱེན་པའོ། །དམིགས་པ་བྱང་ཆུབ་ལའང་གཉིས་ཏེ། ཆོས་ཉིད་དོན་དམ་པའི་བྱང་ཆུབ་དང༌། ཆོས་ཅན་ཀུན་རྫོབ་པའི་བྱང་ཆུབ་བོ། །ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པར་ཁྱད་པར་མེད་ཀྱང༌། དམིགས་པ་བྱང་ཆུབ་ལ་ཆོས་ཉིད་དང༌། ཆོས་ཅན་གཉིས་སུ་ཕྱེ་བའི་དབང་གིས། ཡུལ་ཅན་སེམས་སྐྱེད་ལའང་དོན་དམ་པའི་སེམས་སྐྱེད་དང༌། ཀུན་རྫོབ་པའི་སེམས་སྐྱེད་གཉིས་སུ་ཕྱེའོ། །དོན་དམ་པའི་བྱང་ཆུབ་ལའང་གཉིས་ཏེ། རང་བཞིན་རྒྱུའི་བྱང་ཆུབ་དང༌། འབྲས་བུ་མི་གནས་པའི་མྱང་འདས་སོ། །ཆེད་དུ་བྱ་བ་གཞན་དོན་གྱི་དོན་དུ་དམིགས་པར་འདྲ་བ་ལ། དམིགས་པ་དང་པོ་མངོན་སུམ་དུ་རྟོགས་པའི་ཆ་ནས་སློབ་པའི་དོན་དམ་སེམས་སྐྱེད་དང༌། གཉིས་པ་མངོན་སུམ་དུ་རྟོགས་པའི་ཆ་ནས་མི་སློབ་པའི་དོན་དམ་སེམས་སྐྱེད་དུ་བཞག་གོ །ཆོས་དབྱིངས་དེ་རྟོགས་པའི་ཚུལ་ལ་ཡང་གཉིས་ཏེ། རྗེས་མཐུན་པ་འཇིག་རྟེན་པའི་བསྒོམ་བྱུང་གིས་རྟོགས་པ་དང༌། མཚན་ཉིད་པ་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའོ། །དང་པོ་ལ་ནི་མོས་པས་སྤྱོད་པའི་སེམས་བསྐྱེད་ཅེས་བྱ་ལ། གཉིས་པ་ལ་ལྷག་བསམ་དག་པ་དང༌། རྣམ་པར་སྨིན་པ་དང༌། སྒྲིབ་པ་སྤངས་པའི་དབྱེ་བས་གསུམ་དུ་ཡོད་དོ། །དོན་དམ་པའི་སེམས་བསྐྱེད་ཀྱི་རྣམ་གཞག་ལ་ཐེག་པ་ཆེན་པོའི་ཚུལ་གཉིས་སུ་འཆད་ཚུལ་མི་འདྲ་བ་གཉིས་བྱུང་བ་ལས། དང་པོ་ནི། ཕར་ཕྱིན་ཐེག་པའི་སྐབས་འདིར་དོན་དམ་པ་ནི་ཆོས་ཀྱི་དབྱིངས་ལ་བྱ་ལ། སེམས་བསྐྱེད་པ་ནི་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ། །མདོ་སྡེའི་རྒྱན་དུ་ནི་འདི་ལ་དམ་པ་གསུམ་གྱིས་ཟིན་པའི་སེམས་བསྐྱེད་ཅེས་བཤད་དེ། ཇི་སྐད་དུ། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་སོ། །སྔགས་ཀྱི་ཐེག་པར་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང༌། སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་གཉིས་དོན་གཅིག་པ་ཡིན་ལ། དེའི་ངོས་འཛིན་ཡང༌། གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ལ་ཟེར་བ་ཡིན་ཏེ། ཇི་སྐད་དུ། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །སེམས་དེ་བསྐྱེད་པའི་ཚུལ་ལ་གཉིས་ཏེ། རྗེས་འཐུན་པ་ཀུན་རྫོབ་ཀྱི་རྣམ་པས་བསྐྱེད་པ་དང༌། མཚན་ཉིད་པ་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པའོ། །དང་པོ་ནི། ཆེད་དུ་བྱ་བ་གཞན་གྱི་དོན་དུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དེ་ཉིད་ངོས་བཟུང་ནས་ཁས་བླངས་དང་དམ་བཅའ་ཙམ་གྱི་སྒོ་ནས་བསྐྱེད་པར་བྱ་བ་ཡིན་ལ། དེ་ཇི་ལྟར་བསྐྱེད་པའི་ཆོ་ག་ནི། རྣམ་སྣང་མངོན་བྱང་དང༌། བྱང་ཆུབ་སེམས་འགྲེལ་དང༌། རིམ་པ་ལྔ་པ་རྣམས་ལས་གསལ་བར་གསུངས་སོ། །གཉིས་པ་ནི། དེ་ལྟ་ན་ཡང་སྒོམ་བྱུང་ལ་མ་ལྟོས་པར་ཆོ་ག་རྐྱང་པས་བསྐྱེད་ནུས་པ་མ་ཡིན་ཏེ། གཞན་དུ་ན་བརྡ་ལས་བྱུང་བའི་སེམས་བསྐྱེད་དུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་སེམས་བསྐྱེད་ཙམ་གྱི་མཚན་ཉིད་དང༌། ཡུམ་གྱི་མདོ་དང་བསྟན་བཅོས་ཀྱི་དངོས་བསྟན་ངོས་བཟུང་བའོ། །དང་པོ་ནི། ཆེད་དུ་བྱ་བ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་གཞན་དོན་གྱི་སྐུ་ལ་དམིགས་པའི་མཁྱེན་པའོ། །འདི་ལ་གཉིས་ཏེ། ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པར་འདྲ་ཡང༌། ཐོབ་བྱའི་བྱང་ཆུབ་ལ་དམིགས་པ་དང༌། ཐོབ་ཟིན་གྱི་བྱང་ཆུབ་ལ་དམིགས་པའི་དབྱེ་བས། སློབ་པའི་སེམས་སྐྱེད་དང༌། མི་སློབ་པའི་སེམས་སྐྱེད་གཉིས་སུ་འགྱུར་རོ། །གལ་ཏེ་མི་སློབ་པའི་འདི་ལ་རྫོགས་བྱང་དོན་གཉེར་གྱི་བློ་མེད་པའི་ཕྱིར་ཀུན་རྫོབ་སེམས་སྐྱེད་མ་ཡིན་ནོ། །སྙམ་ན། ཉེས་པ་མེད་དེ། སངས་རྒྱས་ཀྱི་སར་ངོ་བོ་ཉིད་ཀྱི་སྐུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་དོན་དམ་པའི་སེམས་བསྐྱེད་དུ་བཞག་དགོས་པ་བཞིན་དུ། ཆོས་ཅན་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱང་ཀུན་རྫོབ་སེམས་བསྐྱེད་དུ་བཞག་དགོས་པའི་ཕྱིར་རོ། །དོན་དེ་ལ་དགོངས་ནས། བཟང་པོའི་ཞབས་ཀྱིས། སྒྲིབ་པ་སྤངས་པའི་སེམས་བསྐྱེད་ཁུངས་སུ་དྲངས་ནས། སེམས་བསྐྱེད་ཉེར་གཉིས་ཀྱི་ཐ་མ་གསུམ་སངས་རྒྱས་ཀྱི་ས་ན་ཡོད་པར་བཤད་དོ། །གཉིས་པ་ནི། འཕགས་སེང་གི་བཞེད་པས་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་དང་མཚུངས་པར་ལྡན་པའི་གཙོ་བོ་རྣམ་རིག་གོ །དེའི་ངོ་བོ་གཙོ་བོ་རྣམ་རིག་ཏུ་བཤད་པ་འདི་ཡང༌། སོ་སོའི་སྐྱེ་བོ་དང་འཕགས་པའི་རྗེས་ཐོབ་ལ་བསམས་པ་ཡིན་གྱི། བདག་མེད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་སྐབས་སུ་ནི་དེའི་ངེས་པ་མེད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་ཁས་མི་ལེན་པའི་ཕྱིར་རོ། །འདིར་དངོས་སུ་བསྟན་པའི་སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ཡིན་ཏེ། ཡུམ་གྱི་མདོ་དང་བསྟན་བཅོས་གཉིས་ཀ་ལས་དེ་ལྟར་དུ་གསལ་བའི་ཕྱིར། དེ་ལྟ་ན་ཡང་སེམས་བསྐྱེད་ཐ་མ་གཉིས་སངས་རྒྱས་ཀྱི་ས་ན་ཡོད་པ་མི་འགལ་ཏེ། གཞན་ངོར་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ནི། སངས་རྒྱས་དང་བྱང་སེམས་གཉིས་ཀ་ལ་ཡོད་པ་བཞིན་ནོ། །སྨོན་འཇུག་གི་དབྱེ་བ་ཡུམ་གྱི་མདོ་དང༌། རྗེ་བཙུན་གྱི་གཞུང་ན་མེད་ཀྱང་སློབ་དཔོན་གྱིས་མཛད་པ་ཡིན་ལ། དེའི་ཚེ་འཇུག་པའི་སེམས་དེ་ཡང་སློབ་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། མདོ་དང་སྤྱོད་འཇུག་གཉིས་ཀ་ལས། རྫོགས་བྱང་དུ་ཆས་པ་དང༌། འགྲོ་བཞིན་པ་ལ་བཤད་པའི་ཕྱིར། གཉིས་པ་དབྱེ་བ་ལ། དཔེའི་སྒོ་ནས་ཉེར་གཉིས་གསུངས་པ་ནི། མདོ་གཞན་གྱི་རྗེས་སུ་འབྲངས་ནས་རྗེ་བཙུན་གྱིས་བཤད་ལ། འདུན་ལྡན་སོགས་ཉེར་གཉིས་སུ་གསུངས་པ་དེ་ནི། མདོའི་དངོས་བསྟན་ཡིན་ཞིང༌། ཆོས་མཐུན་ཉེར་གཉིས་གསུངས་པ་དེ་ནི་འགྲེལ་པ་མཁན་པོའི་བཤད་པའོ། །འདིར་སེམས་བསྐྱེད་ཀྱི་རྒྱུ་དང་གྲོགས་ནི་གཞན་དོན་དང་རྫོགས་བྱང་དོན་གཉེར་གྱི་སྨོན་ལམ་ཡིན་ལ། དེ་ལའང་བློའི་དབྱེ་བས་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་དེ་ཀུན་སངས་རྒྱས་ནས། །ཞེས་འབྱུང་བ་ལྟར། གཞན་དོན་དང་རྫོགས་བྱང་མཉམ་དུ་གྲུབ་པར་སྨོན་པ་གཞོན་ནུའི་ས་པའི་སེམས་བསྐྱེད་དམ། མཉན་པ་ལྟ་བུའི་སེམས་བསྐྱེད་ཅེས་བྱ་བ་གཅིག་དང༌། ཡང་ཇི་སྐད་དུ། བྱང་ཆུབ་དམ་པར་སངས་རྒྱས་ཞིང༌། །སྡེ་དང་བཅས་པའི་བདུད་བཏུལ་ནས། །སེམས་ཅན་ཀུན་ལ་སྨན་སླད་དུ། །ཆོས་ཀྱི་འཁོར་ལོ་སྐོར་གྱུར་ཅིག །ཞེས་འབྱུང་བ་ལྟར། ཐོག་མར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་དེའི་རྗེས་སུ་གཞན་དོན་མཐར་ཕྱིན་པར་སྨོན་པ་འདོད་ཆེན་པའི་སེམས་བསྐྱེད་དམ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཅེས་བྱ་བ་གཉིས་ལས། དེ་རེ་རེ་ལ་ཡང་སྨོན་འཇུག་གཉིས་གཉིས་སུ་དབྱེ་བ་བྱར་ཡོད་མོད། སློབ་དཔོན་གྱིས་ནི་རྩ་བའི་དགོངས་པ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དུ་བཀྲལ་ནས་སྨོན་འཇུག་གཉིས་སུ་དབྱེ་བར་མཛད་དོ། །གཉིས་པོའི་ཁྱད་པར་དང་ས་མཚམས་གང་ཞེ་ན། འདི་ལ་གསུམ་སྟེ། ཐོགས་མེད་སྐུ་མཆེད་ཇི་ལྟར་བཞེད་པ་དང༌། སྤྱོད་འཇུག་མཁན་པོའི་དགོངས་པ་བཙལ་བ་དང༌། སློབ་དཔོན་གྱི་དགོངས་པ་མདོར་བསྡུས་ཏེ་བཞག་པའོ། །དང་པོ་ནི། དེ་དག་གི་གཞུང་ལས་ནི། སྨོན་པ་སེམས་བསྐྱེད་དང༌། འཇུག་པ་སེམས་བསྐྱེད་ཅེས་བྱ་བའི་དབྱེ་བ་ནི་མེད་དོ། །འོ་ན་ཅི་ཞིག་ཡོད་ཅེ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དེའི་སྡོམ་པ་ཞེས་བྱ་བ་གཉིས་ཡོད་དོ། །དང་པོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་སྨོན་ལམ་མོ། །གཉིས་པ་ནི། དགོས་པ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་ནས་བསྲུང་བའི་བསམ་པ་ས་བོན་དང་བཅས་པའོ། །དེ་ཡང་ཐོག་མར་སེམས་བསྐྱེད་ནས་སྡོམ་པ་ལེན་པ་ཡིན་གྱི། སྡོམ་པ་བླངས་ནས་སེམས་བསྐྱེད་པའམ། གཉིས་པོ་མཉམ་དུ་ལེན་པར་མི་བཞེད་ཅིང༌། གཉིས་པོའི་གཞི་མཐུན་ཡང་བཞེད་པ་མ་ཡིན་ནོ། །དེ་ལས་བྱང་ཆུབ་དོན་གཉེར་གྱི་སྨོན་ལམ་ལ་ནི་བྱང་ཆུབ་སྤྱོད་པའི་སྨོན་ལམ་ཞེས་བྱ་ལ། གཞན་དོན་དོན་གཉེར་གྱི་སྨོན་ལམ་ལ་ནི་བཟང་པོ་སྤྱོད་པའི་སྨོན་ལམ་ཞེས་བྱའོ། །སངས་རྒྱས་ཀྱི་སར་གཞན་དོན་དོན་གཉེར་གྱི་བློ་ཙམ་ཡོད་པར་བཞག་ནུས་ཀྱང་སྨོན་ལམ་དེ་གཉིས་ཀ་ཡོད་པར་མི་འཇོག་སྟེ། བྱང་ཆུབ་ཐོབ་ཟིན་པའི་ཕྱིར་དང༌། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་ན། གཞན་དོན་མཐར་ཕྱིན་པའི་སྨོན་ལམ་གྲུབ་ཟིན་པའི་ཕྱིར་རོ། །དེས་ན་ལུགས་འདིར་སངས་རྒྱས་ཀྱི་སར་ཡོད་པའི་སེམས་བསྐྱེད་ནི་དོན་དམ་སེམས་བསྐྱེད་ཁོ་ནའོ། །དེའི་ཕྱིར་ལུགས་འདི་ལ་སེམས་བསྐྱེད་རང་ལྡོག་ནས་ཆོ་གས་ལེན་པ་དང༌། དེས་བླངས་པ་ལས་བྱུང་བའི་སྡོམ་པ་མི་བཞེད་ན། སྨོན་སེམས་ཆོ་གའི་སྒོ་ནས་ལེན་པ་དང༌། དེའི་སྡོམ་པ་ལྟ་ག་ལ་ཡོད། གཉིས་པ་ནི། རྒྱལ་བའི་སྲས་པོ་ཞི་བ་ལྷའི་བཞེད་པས། ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ལ་སྨོན་འཇུག་གཉིས་སུ་དབྱེ་བ་དང༌། གཉིས་པོ་ལ་གཞི་མཐུན་མི་སྲིད་པའི་ཚུལ་གསལ་བར་གསུངས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་སོ། །འོ་ན་གཉིས་པོའི་ངོ་བོ་ནི་ཅི། ཁྱད་པར་ནི་གང༌། སྨོན་སེམས་ཆོ་ག་ལ་ལྟོས་སམ་མི་ལྟོས་ཞེ་ན། དང་པོ་ནི། ཆེད་དུ་བྱ་བ་གཞན་གྱི་དོན་དུ། དངོས་ཀྱི་དམིགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་ནི་སྨོན་པའི་སེམས་ཡིན་ལ། ཆེད་དུ་བྱ་བ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་དུ་དངོས་ཀྱི་དམིགས་པ་གཞན་དོན་ལ་འཇུག་པའི་བསླབ་པ་ཡང་དག་པར་བླངས་ནས་བསྲུང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ནི་འཇུག་པའི་སེམས་བསྐྱེད་དོ། །གཉིས་པོའི་ཁྱད་པར་ཡང་དེ་ཉིད་ཀྱིས་གྲུབ་པ་ཡིན་ཏེ། གཉིས་ཀ་ཡང་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་ཡིན་པར་མཚུངས་ཀྱང༌། དངོས་ཀྱི་དམིགས་པ་དང༌། ཆེད་དུ་བྱ་བའི་དམིགས་པ་ལ་སོ་སོར་ཕྱེ་བའི་ཕྱིར། སྨོན་པ་ནི་ངེས་པར་ལེན་པའི་ཆོ་ག་ལ་ལྟོས་དགོས་པ་མ་ཡིན་ལ། འཇུག་པ་ནི་ངེས་པར་དེ་ལ་ལྟོས་དགོས་པ་ཡིན་ཏེ། ཆོ་གས་མ་བླངས་པ་ལ་སྡོམ་པ་མི་འབྱུང་ཞིང༌། དེས་མ་ཟིན་པ་འཇུག་སེམས་སུ་མི་རུང་བའི་ཕྱིར། སྨོན་པའི་སེམས་རྐྱང་པ་ནི་ཆོ་ག་ལ་ངེས་པར་ལྟོས་པ་མ་ཡིན་ཏེ། དེ་ལ་མ་ལྟོས་པར་རང་ཤུགས་ཀྱིས་སྐྱེ་སྲིད་པའི་ཕྱིར། དོན་དེ་དག་ཀྱང༌། ཇི་སྐད་དུ། བྱང་ཆུབ་སྨོན་པའི་སེམས་ལ་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་ན། །དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་དུ་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང༌། །ཞེས་གསུངས་སོ། །དེ་ལྟ་ན་ཡང་སྨོན་སེམས་ཆོ་གའི་སྒོ་ནས་ལེན་པ་མི་སྲིད་པར་བཞེད་པ་ནི་མ་ཡིན་ཏེ། སེམས་དེ་ཡང་དག་བླངས་གྱུར་ན། །ཞེས་པ་གཞུང་གི་འཕྲོས་ལས་སྨོན་སེམས་ལ་གསལ་བའི་ཕྱིར་དང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །ཞེས་པས་སྨོན་འཇུག་སོ་སོར་མ་ཕྱེ་བའི་སེམས་བསྐྱེད་ཆོ་གའི་སྒོ་ནས་ལེན་པའི་ཚུལ་དང༌། ཡང༌། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་ནི། སྨོན་འཇུག་གཉིས་ཀའི་བསླབ་པ་ཡང་དག་པར་ལེན་པའི་ཆོ་ག་བསྟན་པ་ལ་བསྙོན་པར་མི་ནུས་པས་སོ། །འོ་ན་སྨོན་པ་ལ་བསླབ་པ་དང་སྡོམ་པ་ཇི་ལྟར་ཡོད་ཅེ་ན། དེ་ངེས་པར་ཁས་ལེན་དགོས་ཏེ། གཞན་དུ་ན་བྱང་ཆུབ་ཀྱི་སེམས་གཏོང་བ་རྩ་བའི་ལྟུང་བར་མི་རིགས་པ་ལས། དེ་ཡང་རྩ་བའི་ལྟུང་བར་བསླབ་བསྡུས་ལས་གསལ་བར་གསུངས་པའི་ཕྱིར། འོ་ན་སྨོན་པ་ཙམ་དང༌། དེའི་སྡོམ་པའི་ཁྱད་པར་གང་ཞེ་ན། དང་པོ་ནི་རྫོགས་བྱང་དུ་སྨོན་པ་ཙམ་ཡིན་ལ། གཉིས་པ་ནི་དེ་འདྲའི་སྨོན་སེམས་དེ་བྱང་ཆུབ་ཀྱི་བར་དུ་མི་ཉམས་པར་སྲུང་བར་ཁས་བླངས་བའོ། །སྨོན་པའི་སྡོམ་པ་གནས་པ་དེ་སྲིད་དུ། སྨོན་པའི་སེམས་ཀྱང་ཁས་ལེན་དགོས་སོ། །གསུམ་པ་ནི། རྒྱལ་སྲས་ཞི་བ་ལྷའི་དགོངས་པ་བཤད་པ་དེ་དག་གཞིར་བཞག་ནས། ཚིག་གི་མཐར་གཙོ་བོ་རྣམ་རིག་ཞེས་སྦྱར་རོ། །འོ་ན་སློབ་དཔོན་འདིའི་དགོངས་པས་རྒྱུན་མཐའི་བར་དུ་སྨོན་པ་སེམས་བསྐྱེད་རྗེས་སུ་འགྲོ་བར་འགྱུར་ལ། དེ་ལྟ་ན་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེ་ན། སློབ་དཔོན་གྱིས་ནི། ཇི་སྲིད་རྫོགས་བྱང་དོན་གཉེར་གྱི་བློ་ཡོད་པ་དེ་སྲིད་སྨོན་པའི་སེམས་ཡོད་པར་ཁས་ལེན་པ་ཡིན་ཏེ། དེ་སྐད་དུ་ཡང༌། རྣམ་པ་གཅིག་ཏུ་ན་སྨོན་ལམ་ནི་དོན་དུ་གཉེར་བ་སྟེ་ཞེས་གསུངས་པས་སོ། །དེའི་ཚེ་སྨོན་འཇུག་གཉིས་འགལ་བ་ཡིན་ཏེ། རྫོགས་བྱང་དོན་གཉེར་གྱི་བློ་ནི་རྫོགས་བྱང་དུ་འགྲོ་བར་འདོད་པའི་བློ་ཡིན་གྱི། འགྲོ་བའི་བྱ་བ་མ་ཡིན། གཞན་དོན་དོན་གཉེར་གྱི་བློ་ནི་འགྲོ་བའི་བྱ་བ་དངོས་ཡིན་གྱི། འགྲོ་བར་འདོད་པ་ཙམ་མ་ཡིན་པའི་ཕྱིར། དེས་ན་རྫོགས་བྱང་དུ་སྨོན་པ་དང༌། གཞན་དོན་ལ་འཇུག་པ་གཉིས་ལ་སྨོན་འཇུག་གི་མིང་གིས་བཏགས་སོ། །སྨོན་པ་ལ་སྡོམ་པ་ཡོད་པ་དེ་ལྟ་ན། བསླབ་པའི་གྲོགས་ཀྱིས་ཟིན་མ་ཟིན་ལ་སྨོན་འཇུག་གི་ཁྱད་པར་དུ་འཇོག་པའི་གྲུབ་པའི་མཐའ་དང་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། དེ་ལྟར་འཆད་པ་དེ་ནི། སློབ་དཔོན་བཟང་པོའི་ཞབས་ཀྱི་དགོངས་པ། སངས་རྒྱས་ཡེ་ཤེས་ཞབས་དང༌། ཆོས་བཤེས་དང༌། ཤེར་འབྱུང་དང༌། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བཀྲལ་བ་ལ་དེ་ལྟར་འཆད་ཅིང༌། དེའི་ཚེ་ཐེག་ཆེན་གྱི་སྦྱོར་ལམ་ཡན་ཆད་དུ་སྨོན་སེམས་འགྲོ་མི་སྲིད་པར་འཆད་པ་ཡིན་ལ། འདིར་ནི་སྤྱོད་འཇུག་གི་དགོངས་པ། སློབ་དཔོན་ཉིད་ཀྱི་འགྲེལ་པ་ཆེ་ཆུང་དུ་འབྱུང་བ་དང༌། སྤྱོད་འཇུག་གི་དགོངས་པ། ཛེ་ཏཱ་རིས། ཡི་དམ་བླང་བའི་ཆོ་གར་བཤད་པ་དང༌། ཡང་དེའི་དགོངས་པ། རྗེ་བཙུན་ས་སྐྱ་པཎྜི་ཏའི་གསུང་ལས་འབྱུང་བ་རྣམས་ལེགས་པར་བཤད་པ་ཉིད་དུ་མཐོང་ནས་བཤད་པའི་ཕྱིར་སྐྱོན་མེད་དོ། །འོ་ན་སློབ་དཔོན་གྱི་རྗེས་འབྲང་དེ་དག་གི་དགོང་པ་ཅི་ཞེ་ན། དེ་དག་གིས་ནི་ཐོགས་མེད་ཞབས་ཀྱིས་བཤད་པ་དང་བསྲེས་པ་ཡིན་ཏེ། ལུགས་དེར་སྨོན་པ་ལ་སྡོམ་པ་མ་བཤད་པས། སྡོམ་པ་བླངས་ཕྱིན་ཆད་ཀྱི་སེམས་བསྐྱེད་ཐམས་ཅད་འཇུག་པ་སེམས་བསྐྱེད་དུ་བཀྲལ་ནས། དེ་མ་བླངས་གོང་གི་སེམས་བསྐྱེད་རྣམས་སྨོན་སེམས་ཡིན་པ་དེ་ཐོགས་མེད་ཞབས་ཀྱི་དགོངས་པར་བཀྲལ་བ་ལ་ཐུག་གོ །དེ་ལྟར་འགྲེལ་པ་དེ་ཡང་མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ཏེ། སྒོམ་རིམ་ལས། དང་པོར་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་དུ། སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བླངས་པ་ནས་བཟུང་སྟེ། ཚོགས་རྣམས་ལ་ཞུགས་པ་དེ་ནི་འཇུག་པའི་སེམས་སོ། །ཞེས་གསུངས་པ་ཡིན་ནོ། །ཆོས་ཀྱི་བཤེས་གཉེན་གྱིས་ཀྱང་དེ་ལྟར་བཤད་པ་ཡིན་ཏེ། ཚིག་གསལ་ལས། སྨོན་པ་ཞེས་བྱ་བ་ནི་སྨོན་པ་ཙམ་སྟེ། ཚོགས་བསགས་པ་སེམས་དེ་བསྐྱེད་པའི་ཆོ་གས་ཀྱང་བླངས་པར་མ་བྱས་པའོ། །འཇུག་པ་ཞེས་བྱ་བ་ནི། དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ། བར་ཆད་མེད་པའི་ལམ་གྱི་བར་དུ་རྟོགས་པའི་སྒྲུབ་པའི་སྤྱོད་པའོ། །ཞེས་གསུངས་སོ། །དེ་དག་ནི་ཐོགས་མེད་ཞབས་ཀྱི་བཞེད་པ་མ་ཡིན་ཏེ། ཆོ་ག་ལ་མ་ལྟོས་པའི་སེམས་བསྐྱེད་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འགྲོ་བའི་ཕྱིར་དང༌། ལུགས་དེར་སེམས་བསྐྱེད་དང་དེའི་སྡོམ་པ་ཞེས་བྱ་བའི་ཐ་སྙད་ལས་གཞན་སྨོན་འཇུག་གི་དབྱེ་བ་མི་བཞེད་པའི་ཕྱིར། རྣམ་བཤད་ལས་ནི། རྗེས་འབྲང་གི་འདོད་པ་དེ་དག་སློབ་དཔོན་གྱི་དགོངས་པར་བཤད་ནས། ཐེག་ཆེན་སེམས་བསྐྱེད་གཞིར་བྱས་པ་ལ་བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་ཟིན་པ་དང༌། མ་ཟིན་པ་དེ་གཉིས་པོའི་ཁྱད་པར་དུ་བཤད། སྤྱོད་འཇུག་གི་སྒྲས་ཟིན་ལྟར་ན། དེ་གཞིར་བྱས་ལ་རྫོགས་བྱང་དུ་འགྲོ་བའི་བྱ་བས་ཟིན་པ་དང་མ་ཟིན་པ་ལ་བཤད། རྗེ་བཙུན་ས་སྐྱ་པ་ལྟར་ན། གཞན་དོན་གྱི་ཆེད་དུ་རྫོགས་བྱང་ལ་སྨོན་པའི་སེམས་དང༌། རྫོགས་བྱང་གི་ཆེད་དུ་གཞན་དོན་ལ་འཇུག་པར་བཤད་པ་འདི་ཉིད་ལེགས་པ་ཡིན་ནོ། །ས་མཚམས་ནི། གོང་དུ་བཤད་པ་དེ་ཉིད་ཀྱིས་གྲུབ་པ་ཡིན་པས་ལོགས་སུ་བཤད་མི་དགོས་སོ། །སློབ་དཔོན་གྱིས། སེམས་བསྐྱེད་ཐ་མ་གསུམ་སངས་རྒྱས་ཀྱི་སར་བཞག་པ་ལ། བོད་སྔ་མ་རྣམས་ཀྱིས་ཉེས་ཆེན་དུ་མཛད་པ་ནི། ཡུམ་གྱི་མདོ་དང༌། བསྟན་བཅོས་ཀྱི་དངོས་བསྟན་གྱི་སེམས་བསྐྱེད་དེར་མེད་པ་ལ་བསམས་པ་ཡིན་མོད། སློབ་དཔོན་གྱིས་ནི་རྫོགས་བྱང་ཐོབ་ཟིན་ནས་གཞན་གྱི་དོན་བྱ་བའི་བློ་ནི་སེམས་བསྐྱེད་ཀྱི་མཆོག་ཏུ་བཞེད་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་སུ་གྲུབ་ནས་གཞན་གྱི་དོན་ཕྱིར། །ཞེས་སངས་རྒྱས་ཟིན་ནས་སེམས་ཅན་གྱི་དོན་བྱ་བར་སྨོན་པ་དང༌། སངས་རྒྱས་ནས་སེམས་ཅན་གྱི་དོན་བྱ་བཞིན་པ་གཉིས་ཀ་འདིའི་སྐབས་ཀྱི་སེམས་བསྐྱེད་དུ་མཚུངས་པ་ལས། ཕྱི་མ་མཆོག་ཡིན་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །གསུམ་པ་ནི། སྤྱིར་སེམས་དང་སེམས་ལས་བྱུང་བ་གཉིས་ཀྱི་དབྱེ་གཞི་ནི་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་རྣམ་པར་ཤེས་པ་ཙམ་མོ། །དེའི་ངོ་བོ་ནི་མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སམ། ཁམས་གསུམ་པའི་རྣམ་པ་ཅན་དུ་སྣང་བའི་རིག་པའོ། །འདི་ལ་མིང་གི་རྣམ་གྲངས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་ཀྱང་བྱའོ། །དེ་ལ་དབྱེ་ན། གཙོ་བོ་སེམས་དང༌། འཁོར་སེམས་བྱུང་གཉིས་ཏེ། ཇི་སྐད་དུ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཞེས་ངོས་བཟུང་ནས། དེའི་རྣམ་པ་འཆད་པ་ན། ཁམས་གསུམ་པ་ཞེས་གསུངས་སོ། །སོ་སོའི་མཚན་ཉིད་ནི། བག་ཆགས་ཀྱི་དབང་གིས་དོན་གྱི་ངོ་བོ་ཙམ་མཐོང་བའི་རིག་པ་དང༌། དེའི་དབང་གིས་དེའི་ཁྱད་པར་ཡང་མཐོང་བའི་རིག་པའོ། །ཁྱད་པར་ལ། རྫས་ཀྱི་ཁྱད་པར་དང༌། ལྡོག་པའི་ཁྱད་པར་གཉིས་ལས། རྫས་ཀྱི་ཁྱད་པར་ནི་འདིར་མི་བཟུང་སྟེ། རྟོག་མེད་ཀྱི་ཤེས་པས་དོན་གྱི་ངོ་བོ་མཐོང་བ་ན། དེའི་རྫས་ཀྱི་ཁྱད་པར་གང་ཡོད་པ་དེ་མ་མཐོང་བར་འགལ་བའི་ཕྱིར་རོ། །སེམས་བྱུང་ཡིན་ན་རྫས་ཀྱི་ཁྱད་པར་མ་མཐོང་དགོས་པ་ནི་མ་ཡིན་ཏེ། རྟོག་མེད་ཀྱི་ཤེས་པར་གྱུར་པའི་སེམས་བྱུང་འགའ་ཞིག་གིས་རྫས་ཀྱི་ངོ་ཁྱད་གཉིས་ཀ་མཐོང་བའི་ཕྱིར། འོ་ན་དེ་འདྲ་དེ་གཙོ་བོ་སེམས་སུ་ཐལ་བར་འགྱུར་ཏེ། དོན་གྱི་ངོ་བོ་ཙམ་མཐོང་ཞིང༌། ལྡོག་པའི་ཁྱད་པར་མ་མཐོང་བའི་ཕྱིར་སྙམ་ན། ཞིབ་མོར་དཔྱོད་ན་ཉེས་པ་དེ་འཇུག་པ་བདེན་ཏེ། དེ་བས་ན་དོན་གྱི་ངོ་བོ་ཙམ་མཐོང་ཞིང༌། ལྡོག་པའི་ཁྱད་པར་དངོས་སུ་མ་མཐོང་ཞིང༌། བརྒྱུད་ནས་ངེས་པ་འདྲེན་བྱེད་ཀྱང་མ་ཡིན་པ་དང༌། དོན་གྱི་ངོ་བོ་ཁྱད་གཞིར་བཟུང་ནས་ལྡོག་པའི་ཁྱད་པར་མཐོང་བའམ། དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པ་ནི་གཉིས་པོ་སོ་སོའི་མཚན་ཉིད་དོ། །དེ་ལྟ་ཡིན་པ་དེའི་ཕྱིར་སངས་རྒྱས་ཀྱི་ས་ན་གཉིས་པོ་མེད་ཅིང༌། འཕགས་པའི་མཉམ་གཞག་ནའང་གཉིས་པོ་ཡོད་པ་མ་ཡིན་ཏེ། མཚན་ཉིད་འགལ་བའི་ཕྱིར་རོ། །དེ་གཉིས་གང་རུང་ཡིན་ན་དོན་དམ་པའི་བདེན་པ་དངོས་ཡུལ་དུ་མི་བྱེད་པས་ཁྱབ་སྟེ། དོན་དམ་པའི་བདེན་པ་ལ་སེམས་སེམས་བྱུང་གི་རྒྱུ་བ་མི་འཇུག་པར་མདོ་དང་བསྟན་བཅོས་དག་ལས་གསུངས་པའི་ཕྱིར་རོ། །བོད་ཕྱི་མ་གང་དག འཕགས་པའི་མཉམ་གཞག་ན་སེམས་སེམས་བྱུང་གི་རྒྱུ་བ་ཡོད་པའི་ཤེས་བྱེད་དུ། དད་སོགས་དགེ་བ་བཅུ་གཅིག་དང༌། བྱང་ཆུབ་ཡན་ལག་བདུན་སོགས་ཡོད་པར་འཆད་པ་ནི་མ་བརྟགས་པ་ཡིན་ཏེ། དེ་དག་ལ་སེམས་ལས་བྱུང་བ་ཡིན་མིན་གཉིས་སུ་འབྱེད་དགོས་པའི་ཕྱིར། དཔེར་ན། ཡིད་ཀྱི་ཤེས་པ་ལ་ཟག་བཅས་དང་ཟག་མེད་གཉིས་སུ་འབྱེད་དགོས་པ་བཞིན་ནོ། །ཡང་མངོན་པ་ཀུན་ལས་བཏུས་སུ། སངས་རྒྱས་ཀྱི་སའི་ཡོན་ཏན་འཆད་པ་ན། སེམས་དང་སེམས་ལས་བྱུང་བའི་མིང་གིས་བཤད་པ་རྣམས་ཀྱང་མཚན་ཉིད་པ་མ་ཡིན་ཏེ། འབྲས་བུ་ལ་རྒྱུའི་མིང་གིས་བཏགས་ནས་བཤད་ན་ངོས་འཛིན་སླ་བ་ལ་དགོངས་པའི་ཕྱིར། ཡང་དག་པའི་རྟོག་པ་དང་དྲན་པ་བཞིན་ནོ། །ཡང་གང་དག་གཙོ་བོ་སེམས་རྟོག་མེད་ཀྱི་ཤེས་པ་ཡིན་ན། དེའི་འཁོར་རྟོག་མེད་ཡིན་པས་ཁྱབ་པ་དང༌། གཙོ་བོ་དབང་ཤེས་ཡིན་ན། དེའི་འཁོར་ཡང་དབང་ཤེས་ཡིན་པས་ཁྱབ་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། དབང་ཤེས་འཁོར་དུ་རྟོག་དཔྱོད་གཉིས་དང་སེམས་པ་འབྱུང་བར་བཤད་ལ། དེ་དག་གི་ངོས་འཛིན་མངོན་པ་ལས་འབྱུང་བ་ལྟར་ན། སྒྲ་དོན་འཛིན་པའི་རྟོག་པ་དང༌། ཡིད་ཀྱི་ས་པ་ཁོ་ན་ལས་མ་འདས་པའི་ཕྱིར། ཡང་གང་དག མི་རྟོག་ཡེ་ཤེས་ཀྱི་ཚོགས་པ་ན་སེམས་བྱུང་ཀུན་འགྲོ་ལྔ་ཡོད་པར་འདོད་པ་ཡང་མ་ཤེས་པ་ཡིན་ཏེ། རེག་པ་ནི་ཡུལ་དབང་ཡིད་བྱེད་གསུམ་འདུས་པ་ལས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་ཞིག་ཡིན་ལ། དེ་ན་དེ་མེད་པའི་ཕྱིར་དང༌། རེག་པ་མེད་པར་ཡང་ཚོར་བ་མི་འབྱུང་བའི་ཕྱིར་དང༌། ཟག་པ་མེད་པའི་རེག་པ་དང་ཚོར་བ་ཞེས་བཤད་པ་དེ་ལ་ནི། ཀུན་འགྲོ་ལྔའི་རེག་ཚོར་གྱི་མཚན་ཉིད་མ་ཚང་བའི་ཕྱིར་དང༌། དེ་ན་མཚན་མར་འཛིན་པའི་བློ་མེད་པས་འདུ་ཤེས་ཡོད་པར་མི་རུང་བའི་ཕྱིར་དང༌། མཚན་མ་མེད་པའི་འདུ་ཤེས་ཀྱིས་དེའི་གོ་ཆོད་ན། དེ་ཡང་མཚན་འཛིན་དུ་ཐལ་བར་འགྱུར་ཏེ། དེའི་མཚན་ཉིད་དེ་ལས་གཞན་མ་བཤད་པའི་ཕྱིར། ཡང་དེའི་ཚོགས་པ་ན་འདུན་མོས་དྲན་པ་གསུམ་ཡོད་ན་ཡང༌། སྒྲ་དོན་འཛིན་པའི་རྟོག་པ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡང་གང་དག་མངོན་པ་གོང་མར་བཤད་པའི་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་དོན། རྟེན་བདག་རྐྱེན་དང་འཛིན་སྟངས་མཚུངས་པ་ལ་བཤད་པ་ཡང་མ་ཤེས་པ་ཡིན་ཏེ། གཙོ་འཁོར་གྱི་ཚོགས་པ་གཅིག་གིས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་གཉིས་ཕན་ཚུན་འཆོལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། གཉིས་ཀ་ལ་གཉིས་ཀའི་མཚན་ཉིད་ཚང་བའི་ཕྱིར། དཔེར་ན། གཙོ་བོ་གཟུགས་འཛིན་མིག་ཤེས་ལ་དོན་གྱི་ངོ་བོ་ཙམ་མཐོང་ཞིང༌། ཁྱད་པར་མ་མཐོང་བའི་འཛིན་སྟངས་དེ་དེའི་འཁོར་རྣམས་ལ་ཡོད་དགོས་པ་བཞིན་ནོ། །རྣམ་པ་ལྔས་མཚུངས་པར་ལྡན་པའི་སེམས་བྱུང་རྣམས་ཀྱང་ཕན་ཚུན་འཆོལ་བ་ཉིད་དུ་ཐལ་བར་འགྱུར་ཏེ། ཐམས་ཅད་འཛིན་སྟངས་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན། རྣམ་པ་ལྔས་མཚུངས་པའི་དཔྱོད་པ་དེ་ཡིན་ན་སེམས་ཞིབ་པའི་རྣམ་པ་ཅན་ཡིན་དགོས་པ་བཞིན་ནོ། །དེ་བཞིན་དུ་གཞན་དོན་དོན་གཉེར་གྱི་བློ་དང་མཚུངས་པར་ལྡན་པའི་རྫོགས་བྱང་དོན་གཉེར་གྱི་བློ་གཉིས་ཀྱང་ཕན་ཚུན་འཆོལ་བ་ཉིད་དུ་ཐལ་བར་འགྱུར་ཞིང༌། ཕྱིན་དྲུག་དང་མཚུངས་པར་ལྡན་པའི་རྫོགས་བྱང་དོན་གཉེར་གྱི་བློ་དེ་ཡང་སྦྱིན་པ་ནས་ཤེས་རབ་ཀྱི་བར་དྲུག་ཀ་ཡིན་པ་ཉིད་དུ་ཐལ་བར་འགྱུར་ཏེ། སོ་སོའི་མཚན་ཉིད་ཚང་བའི་ཕྱིར་རོ། །དེ་ནས་རང་ལུགས་ཇི་ལྟར་འཇོག་པའི་ཚུལ་ནི་ཟུར་དུ་བཤད་པ་ལས་བལྟ་བར་བྱའོ།།  །།འདིར་སྨྲས་པ། ཤེས་འདོད་ཤེས་རབ་ཅན་གྱིས་ཀྱང༌། །རྟོགས་དཀའ་རྟོགས་ན་དོན་ཆེ་བ། །སེམས་བསྐྱེད་སེམས་དང་སེམས་བྱུང་གི །ལེགས་བཤད་ལེགས་པར་བྲིས་འདི་སློབས། །ཞིབ་ཆ་ཞིབ་ཏུ་དཔྱོད་པ་དང༌། །ཚིག་སྐྱོན་ཚིག་གིས་སེལ་བ་དང༌། །རྒྱབ་རྟེན་རྒྱབ་ཏུ་འདྲེན་པ་རྣམས། །བློ་གསལ་བློ་གྲོས་ལྡན་པས་བྱོས།།  །།གཉིས་པ་སྦྱོར་བ་སྒྲུབ་པ་ལ་འཇུག་པའི་ཚུལ་ལ་གསུམ་སྟེ། སྒྲུབ་པའི་ཐབས་སྟོན་པ་གདམ་ངག ཐོབ་བྱ་སྒྲུབ་པའི་འབྲས་བུ། འཇུག་བྱ་སྒྲུབ་པའི་ཡན་ལག་གི་ཆོས་སོ། །དང་པོ་ལ་གདམ་ངག་བཅུ་སྤྱིར་བསྟན་པ་དང༌། དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཚན་ཉིད་ནི། རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སྟོན་པའི་ངག་གོ །དབྱེ་བ་ལ་དགོས་པའི་སྒོ་ནས་དང༌། ཡུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གདམས་པ་དང༌། རྗེས་སུ་གདམས་པ་གཉིས་སོ། །གཉིས་པོའི་ཁྱད་པར་ནི། སྔར་ཐོབ་ཟིན་པའི་ཡོན་ཏན་སེམས་བསྐྱེད་ལྟ་བུ་མི་ཉམས་པའི་ཕྱིར་དུ་འདོམས་པ་དང༌། སྔར་མ་ཐོབ་པའི་ཡོན་ཏན་ངེས་འབྱེད་ཡན་ལག་ལྟ་བུ་ཐོབ་པའི་ཕྱིར་དུ་འདོམས་པའོ། །འདིར་གདམ་ངག་ལ་ངག་གིས་ཁྱབ་ཀྱང༌། ངག་ལ་སྒྲས་ཁྱབ་པ་མ་ཡིན་ཏེ། དཔེར་ན། ལུང་གི་ཆོས་འཁོར་ལ་དེས་མ་ཁྱབ་པ་བཞིན་ནོ། །གཉིས་པ་ལ་བཅུ་ལས། དང་པོ་ལ་སྒྲུབ་པ་རང་གི་ངོ་བོ་ནི་གང༌། དེ་ལ་འདོམས་པའི་ཚུལ་ནི་ཇི་ལྟ་བུ་ཞེ་ན། ངོ་བོ་ནི་ཡུལ་བདེན་པ་གཉིས་ལས་མི་འདའ་ཞིང༌། ཡུལ་ཅན་ཐབས་ཤེས་ཟུང་དུ་འཇུག་པའི་རྣལ་འབྱོར་ཞིག་གོ །འདོམས་པའི་ཚུལ་ནི། གོང་དུ་བཤད་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ལ་རྣལ་འབྱོར་དེ་ཉམས་སུ་ལོང་ཤིག་ཅེས་བྱ་བའི་ཚུལ་གྱིས་སོ། །འདི་ལ་གཉིས་ཏེ། ཤེས་རབ་ཀྱི་ཁྱད་པར་བདེན་པ་གཉིས་ལས་མི་འདའ་བ་དང༌། ཐབས་ཀྱི་ཁྱད་པར་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལ་བདེན་གཉིས་སོ་སོའི་མཚན་ཉིད། མཚོན་བྱའི་སྒྲ་བཤད་པ། མཚན་གཞིའི་དབྱེ་བ་བཤད་ནས་དེ་གཉིས་ཀྱི་རྣམ་གཞག་ཁས་ལེན་པའི་ས་མཚམས་བསྟན་པའོ། །དང་པོ་ནི། མཐོང་བ་རྫུན་པས་རྙེད་པའི་དོན་དང༌། མཐོང་བ་ཡང་དག་པས་རྙེད་པའི་དོན་ནོ། །གཉིས་པ་ནི། ཀུན་རྫོབ་ཀྱི་ངོར་བདེན་པས་སམ། ཀུན་རྫོབ་ཏུ་བདེན་པས་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་བའི་ཐ་སྙད་བཏགས་པ་དང༌། དོན་དམ་དུ་བདེན་པས་སམ། དོན་དམ་གྱི་ངོར་བདེན་ནོ་ཞེས། འཕགས་པ་ལ་གྲགས་པའི་ཤེས་བརྗོད་ཀྱི་ཐ་སྙད་བྱས་པས་ན་དོན་དམ་པའི་བདེན་པ་ཞེས་བྱའོ། །གསུམ་པ་ནི། ཡུལ་ཅན་མཐོང་བ་ཡང་དག་པ་ལ་ནི་གཉིས་ཏེ། བྱིས་པ་ལ་གྲགས་པ་དང༌། འཕགས་པ་ལ་གྲགས་པའོ། །དང་པོ་ནི། ཀུན་བཏགས་པའི་འཁྲུལ་རྒྱུས་མ་སླད་ཅིང༌། ལྷན་ཅིག་སྐྱེས་པའི་འཁྲུལ་རྒྱུས་སླད་ཀྱང༌། དེར་བྱིས་པས་མི་ཤེས་པ་རྣམས་སོ། །གཉིས་པ་ནི། ལྷན་ཅིག་སྐྱེས་པའི་འཁྲུལ་རྒྱུས་མ་སླད་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་སོ། །དེ་ལྟར་ཡུལ་ཅན་མཐོང་བ་ཡང་དག་པ་ལ་གཉིས་སུ་དབྱེར་ཡོད་པའི་རྒྱུ་མཚན་གྱིས། ཡུལ་དོན་དམ་པའི་བདེན་པ་ལའང་གཉིས་ཏེ། བྱིས་པ་ལ་གྲགས་པ་དང༌། འཕགས་པ་ལ་གྲགས་པའོ། །དང་པོ་ནི། འཕྲལ་གྱི་འཁྲུལ་རྒྱུས་མ་སླད་པའི་ཤེས་པ་ལ་སྣང་བའི་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཡིན་ལ། ཇི་སྲིད་ཡུལ་དེ་དོན་དམ་པའི་བདེན་པར་འཇོག་པ་དེ་སྲིད་དུ་དེའི་ཡུལ་ཅན་ཡང་དེར་ཁས་ལེན་ནོ། །གཉིས་པ་ནི། ཕུགས་ཀྱི་འཁྲུལ་རྒྱུས་མ་སླད་པའི་མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་བཞག་པའི་བདག་མེད་པ་གསུམ་ཡུལ་ཅན་གྱི་བློ་དང་བཅས་པའོ། །ཡང་ཡུལ་ཅན་མཐོང་བ་རྫུན་པ་ལའང་གཉིས་ཏེ། བྱིས་པ་ལ་གྲགས་པ་དང༌། འཕགས་པ་ལ་གྲགས་པའོ། །དང་པོ་ནི། འཕྲལ་གྱི་འཁྲུལ་རྒྱུས་འཁྲུལ་པར་བསྐྱེད་པའི་ཤེས་པ་རྣམས་ཡིན་ལ། གཉིས་པ་ནི། དེར་མ་ཟད་ཕུགས་ཀྱི་འཁྲུལ་རྒྱུས་ཀྱང་འཁྲུལ་པར་བསྐྱེད་པའི་ཤེས་པ་རྣམས་སོ། །དེ་ལྟར་ཡུལ་ཅན་ལ་གཉིས་སུ་དབྱེར་ཡོད་པའི་རྒྱུ་མཚན་གྱིས། ཡུལ་ཀུན་རྫོབ་ཀྱི་བདེན་པ་ལའང་གཉིས་ཏེ། བྱིས་པ་ལ་གྲགས་པ་དང༌། འཕགས་པ་ལ་གྲགས་པའོ། །དང་པོ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ལྟ་བུ་སྣང་ལོག་དང༌། བདག་འཛིན་ཀུན་བཏགས་ལ་སྣང་བའི་བདག་གཉིས་ལྟ་བུ་བཏགས་ལོག་གི་ཐ་སྙད་བྱས་པ་རྣམས་སོ། །དེ་ལྷན་སྐྱེས་ལ་སྣང་བའི་བདག་གཉིས་ནི་བྱིས་པའི་ཀུན་རྫོབ་བདེན་པ་མ་ཡིན་ཏེ། དེ་གཉིས་ནི་གྲུབ་པའི་མཐའ་ལས་ཞུགས་པའི་བྱིས་པ་རྣམས་ཀྱིས་མཐུན་པ་ཁོ་ནར་བདེན་ནོ་ཞེས་ཁས་བླངས་པའི་ཕྱིར། དེ་ལྟར་ན་བྱིས་པའི་མཐོང་བ་ཡང་ལོག་དང༌། འཕགས་པའི་མཐོང་བ་ཡང་ལོག་གིས་སོ་སོར་རྙེད་པའི་དོན་ནི། དེ་དང་དེའི་བདེན་པ་སོ་སོའི་མཚན་ཉིད་དུ་བཞག་གོ །བཞི་པ་ལ་གཉིས་ཏེ། གནས་སྐབས་སུ་ཁས་ལེན་རྒྱུའི་བདེན་པ་ངོས་བཟུང་ནས་དེ་ལ་གཉིས་སུ་དབྱེ་བ་དང༌། མཐར་ཐུག་བདེན་པ་གཅིག་ཀྱང་ཁས་མི་ལེན་པའི་ཚུལ་ལོ། །དང་པོ་ནི། ཚོགས་གཉིས་པོ་གང་གི་དབང་དུ་བྱས་པ་ཡིན་ཀྱང་རུང༌། གནས་སྐབས་ཁས་ལེན་རྒྱུའི་བདེན་པ་ནི་གཅིག་ཁོ་ན་སྟེ། དེ་གང་ཞེ་ན། དོན་དམ་པའི་བདེན་པ་ཁོ་ནར་ངེས་ཏེ། བསོད་ནམས་ཀྱི་ཚོགས་སོག་པའི་ཚེ་ནི་བྱིས་པ་ལ་གྲགས་པའི་དོན་དམ་པའི་བདེན་པ་ཁས་བླངས་ནས་བླང་དོར་བྱེད་ལ། ཡེ་ཤེས་ཀྱི་ཚོགས་སོག་པའི་ཚེ་ནི། མཉམ་གཞག་གི་ངོར་ཁས་ལེན་མེད་ཀྱང༌། རྗེས་ཀྱི་ཚེ་འཕགས་པ་ལ་གྲགས་པའི་དོན་དམ་པའི་བདེན་པ་ཁས་བླངས་ནས་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཕྱིར་རོ། །བསོད་ནམས་མ་ཡིན་པ་ཟློག་པའི་ཚེ་བྱིས་པའི་ཀུན་རྫོབ་ནི་བདེན་པར་ཁས་མི་ལེན་ཏེ། དེའི་ཚེ་དེ་འདྲ་དེ་བྱིས་པའི་ཐ་སྙད་དུ་ཡང་མེད་པས་ལས་འབྲས་ཀྱི་རྟེན་དུ་མི་རུང་བའི་ཕྱིར། བར་དུ་བདེན་འཛིན་གྱི་སྤྲོས་པ་གཅོད་པ་དེའི་ཚེ་འཕགས་པ་ལ་གྲགས་པའི་ཀུན་རྫོབ་པའི་ཆོས་རྣམས་ཡོད་པར་ཁས་མི་ལེན་ཏེ། འཕགས་པ་ལ་གྲགས་པའི་ཚད་མ་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་གནས་སྐབས་སོ་སོའི་དབང་དུ་བྱས་ན་རང་རང་ལ་གྲགས་པའི་ཀུན་རྫོབ་རྣམས་རང་རང་གི་ཚད་མས་མི་འགྲུབ་པའི་རྒྱུ་མཚན་གྱིས། རང་རང་གི་ཐད་དུ་ཡོད་པ་དང་བདེན་པར་ཁས་མི་ལེན་ཀྱང༌། གནས་སྐབས་མ་ཕྱེ་བའི་དབང་དུ་བྱས་ན་ཁས་ལེན་རྒྱུའི་བདེན་པ་གཅིག་པུ་དེ་ལ་བདེན་པ་གཉིས་སུ་འབྱེད་ནུས་པ་ཡིན་ཏེ། བྱིས་པ་ལ་གྲགས་པའི་དོན་དམ་བདེན་པ་དེ་ཉིད་འཕགས་པ་ལ་གྲགས་པའི་ཐ་སྙད་ཀྱི་ཀུན་རྫོབ་བདེན་པར་འཇོག་པའི་ཕྱིར། ཇི་ལྟར་ཞེ་ན། བྱིས་པའི་བདེན་པ་གཉིས་པོ་དེ་ལ་འཕགས་པས་ཡང་ལོག་ཀུན་རྫོབ་ཏུ་ཐ་སྙད་བཏགས་པའི་སྒོ་ནས་སོ། །འཕགས་པས་ཐ་སྙད་བྱེད་པ་དེའི་ཚེ་ཡང་ལོག་གཉིས་པོའི་མཐར་བདེན་པ་ཞེས་པའི་ཚིག་སྦྱོར་མི་སྦྱོར་གྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། དོན་ལ་ནི་རྫུན་པར་མཚུངས་ཤིང༌། འཁྲུལ་ངོར་ནི་བདེན་པར་མཚུངས་པའི་ཕྱིར། ཇི་སྐད་དུ། དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་རྫུན་པ་ཡིན། །ཞེས་བཤད་པས་སོ། །གཉིས་པ་ནི། ལྟ་བས་སྤྲོས་པ་གཅོད་པ་དེའི་ཚེ་ནི། གནས་སྐབས་སུ་དོན་དམ་བདེན་པའི་མཚན་གཞིར་བཤད་པ་དེ་ཐམས་ཅད་དེའི་མཚན་གཞིར་ཁས་མི་ལེན་ཏེ། དེ་དག་ནི་སྒྲ་རྟོག་གི་ཡུལ་ལས་མ་འདས་པས་ཀུན་རྫོབ་ཀྱི་བདེན་པར་བཤད་དགོས་པའི་ཕྱིར། འོ་ན་ཅི། བདེན་འཛིན་གྱི་སྤྲོས་པ་བཅད་ཟིན་པའི་འོག་ཏུ་བདེན་མེད་ཀྱི་སྤྲོས་པ་ཡང་མ་བཅད་ན་ནི་སྤྲོས་བྲལ་གྱི་ཐ་སྙད་མི་འབྱུང་ལ། དེ་མེད་པར་ནི་གནས་སྐབས་སུ་ཁས་ལེན་རྒྱུའི་དོན་དམ་བདེན་པ་དེ་ཡང་མི་འབྱུང་སྟེ། དེ་མེད་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་སྙད་དེ་མི་འབྱུང་བའི་ཕྱིར་རོ། །འོ་ན་དེ་སྤྲོས་པ་མཐའ་དག་བཀག་པའི་འོག་ཏུ་དེའི་མཚན་གཞི་ཁས་ལེན་ན་ནི། ཐ་མར་ལྟ་བ་ཀུན་ཟློག་པ་ཞེས་བྱ་བའི་རྣམ་པར་བཞག་པ་དེ་ལས་ཉམས་སོ་ཞེ་ན། ཉེས་པ་དེ་ཡོད་པ་མ་ཡིན་ཏེ། ཇི་སྲིད་མཐར་ཐུག་གི་དོན་དམ་པའི་བདེན་པ་ཞེས་བྱ་བ་ཞིག་ཁས་ལེན་པ་དེ་སྲིད་དུ་ནི། སྤྲོས་པ་མཐའ་དག་བཀག་པའི་དེ་བཞིན་ཉིད་ལ་དེར་འཇོག་པ་ཡིན་ལ། དེ་འདྲའི་ཐ་སྙད་དེ་ལ་སྤྲོས་པ་མཐའ་དག་འགོག་བྱེད་ཀྱི་རིགས་པ་སྔོན་དུ་འགྲོ་དགོས་ཀྱང༌། ཐ་མར་ལྟ་བ་ཀུན་ཟློག་ཞེས་བྱ་བ་དེར་སླེབ་པ་མ་ཡིན་ཏེ། སྤྲོས་བྲལ་ལ་མཚན་མར་བཟུང་བའི་ཕྱིར་རོ། །དེའི་ཕྱིར་བར་དུ་བདག་ཟློག་པ་ཞེས་བྱ་བའི་གནས་སྐབས་ལས་མ་འདས་སོ། །དེའི་ཕྱིར་བར་དུ་བདག་ཟློག་དང་ཐ་མར་ལྟ་བ་ཀུན་ཟློག་གཉིས་ཀ་ཡང་ལྟ་བས་སྤྲོས་པ་གཅོད་པའི་ཚེ་ཁས་ལེན་མེད་པར་འདྲ་ཡང༌། ཤེས་བརྗོད་ཀྱི་ཐ་སྙད་འདོགས་པའི་ཚེ་ཁས་ལེན་ཡོད་མེད་ཀྱིས་འབྱེད་དགོས་པ་ཡིན་ཏེ། ཐ་སྙད་ལ་མ་རྟེན་པར་དོན་དམ་པའི་རྒྱ་མཚོར་འཇུག་མི་ནུས་ཤིང༌། དེར་ཞུགས་ནས་ནི་ཤེས་བརྗོད་ཀྱི་ཐ་སྙད་བྱས་ན་མཚན་འཛིན་དུ་སོང་བའི་ཕྱིར་རོ། །དོན་དེ་དག་ལ་བསམས་ནས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འཛེག་པར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་དང༌། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་གསུངས་སོ། །གལ་ཏེ་དོན་དམ་པའི་བདེན་པ་ཡིན་ངོ་ཤེས་པ་དེའི་མཚན་གཞི་ངོས་བཟུང་བར་མི་ནུས་ཤིང༌། རང་བཞིན་དང་མི་གནས་པའི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་པ་དེ་ལྟ་ན། དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པའི་བསྒོམས་བྱུང་གི་ཡེ་ཤེས་མེད་པར་འགྱུར་བ་དང༌། ཡོད་ན་ཀུན་རྫོབ་ཀྱི་བདེན་པ་ཡིན་པས་ཁྱབ་པར་ཧ་ཅང་ཐལ་ལོ་ཞེ་ན། ཉེས་པ་དང་པོས་མི་གནོད་པའི་ཚུལ་ནི། ཚད་ལྡན་གྱི་གཞུང་ལས། དོན་དམ་པའི་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པ་དང༌། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མྱོང་བྱར་བཤད་པ་ཤ་སྟག་ཏུ་འབྱུང་བ་ལས་ཤེས་པར་ནུས་ལ། དེའི་དོན་ཡང༌། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་སོང༌། བསྒོམས་བྱུང་གི་ཤེས་པས་ཡུལ་ཅི་ཡང་ཉམས་སུ་མ་མྱོང་བ་ལ་དོན་དམ་པའི་བདེན་པ་མྱོང་ངོ་ཞེས་ཐ་སྙད་བྱས་པ་ཡིན་ཏེ། ཇི་སྐད་དུ། མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་འབྱུང་བ་ལྟར་རོ། །ཉེས་པ་གཉིས་པས་མི་གནོད་པའི་ཚུལ་ཡང༌། ཡོད་པ་ལ་དེས་ཁྱབ་པ་ལྟ་ཞོག དེ་ལ་དེར་འགལ་བ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ཡོད་པ་མ་ཡིན་དགོས་པའི་ཕྱིར་རོ། །ཐ་མར་ལྟ་བ་ཀུན་ཟློག་གི་རྗེས་ཐོབ་ཏུ་ཁས་ལེན་མེད་པ་ཞེས་བྱ་བ་འདི་ཡང༌། ལྟ་བས་སྤྲོས་པ་གཅད་པའི་དོན་ལ་ཤེས་བརྗོད་ཀྱི་ཐ་སྙད་འདོགས་པ་ཞེས་བྱ་བ་ཡིན་གྱི། སྤྱི་ཙམ་ནས་མ་ཡིན་ཏེ། དཔྱོད་སྒོམ་འབྲས་གསུམ་གྱི་དབང་དུ་བྱས་པའི་ཁས་ལེན་ཡོད་པའི་ཕྱིར། དཔེར་ན། གཞན་དོན་དུ་སངས་རྒྱས་ཐོབ་པར་དམ་འཆའ་བ་ལྟ་བུའོ། །ལ་ལ་ན་རེ། རྗེས་ཐོབ་ཏུ་ལྟ་བ་ཁས་ལེན་དང་བྲལ་བ་ཞེས་བྱ་བ་འདི་ཡང༌། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་མ་ཡིན་ནོ། །ཞེས་ཟེར་བ་དེ་ཡང་མ་གོ་བ་ཡིན་ཏེ། ཐ་མར་ལྟ་བ་ཀུན་ཟློག་གི་རྗེས་ཐོབ་ཏུ་སྤྲོས་པ་གཅོད་པའི་ཚེ། གཞན་གྱི་ཕྱོགས་ཁོ་ན་སུན་འབྱིན་པར་བྱེད་ཀྱི། རང་གི་ཕྱོགས་ཁས་མི་ལེན་པ་འདི་ནི། ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་མ་ནོར་བ་ཡིན་པའི་ཕྱིར། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེ་ཚེ་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་བཤད་པའི་ཕྱིར་རོ། །ཡང་དུས་དེར་ལྟ་བའི་དབང་དུ་བྱས་ནས་ཚད་མས་གྲུབ་པ་ཞེས་བྱ་བའི་དོན་གང་ཡང་ཁས་མི་ལེན་ཏེ། ཇི་སྐད་དུ། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པར་བྱ་བའམ་ཟློག་ན་རེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང༌། ཞིབ་མོར་རྣམ་པར་འཐག་པ་ལས། རྩོད་པ་ནི་ཡོད་པ་མ་ཡིན་ཏེ། དོན་དམ་པའི་དཔྱད་པའི་སྐབས་ཡིན་པའི་ཕྱིར། ཞེས་གསུངས་སོ། །གཞན་ཟེར་གཞན་གྱི་ཕྲག་དོག་འགོག་པ་དང༌། །རང་ཕྱོགས་རང་གི་གཞུང་ལུགས་ངེས་པ་དང༌། །སློབ་འདོད་སློབ་མའི་རེ་བ་བསྐང་བྱའི་ཕྱིར། །བདེན་གཉིས་བདེན་པ་གསུང་བའི་གཞུང་བཞིན་བཤད། །འགའ་ཞིག་འགའ་ལས་མཁས་པར་སྒྲུབ་འདོད་ནས། །རྒྱལ་དང་རྒྱལ་བའི་སྲས་ཀྱི་དགོངས་པ་ནི། །འདི་འདྲ་འདི་ལས་གཞན་ན་ཡོད་དོ་ཞེས། །འདོད་གཏམ་འདོད་པས་སྦྱོར་ལ་སུ་ཡིད་བརྟོན།།  །།གཉིས་པ་ནི། ཐབས་ཀྱི་ཁྱད་པར་ཉན་རང་དང་ཐུན་མོང་མ་ཡིན་པ་འཆད་པའི་མདོ་རྣམས་ཀྱི་དོན་བསྡུས་ནས་དེ་བཤད་ན། གང་ལས་གང་ཞིག་གང་གིས་ཁྱད་པར་དུ་འཕགས་པའི་ཚུལ་བཤད་པ་དང༌། དེ་ལྟར་བཤད་པའི་ཤུགས་ལ་སྔར་གྱི་སེམས་བསྐྱེད་མ་ཉམས་པའི་སྟེང་དུ། ཤེས་རབ་ཀྱི་ཁྱད་པར་བཤད་མ་ཐག་པ་དེ་ཉམས་སུ་བླངས་ན་རྫོགས་བྱང་ཐོབ་པའི་ཐབས་སུ་འགྱུར་ཞེས་སྟོན་པ་ཡིན་ནོ། །དང་པོ་ནི། བརྒྱ་དང༌། སྟོང་དང༌། བརྒྱ་སྟོང་དང༌། བྱེ་བ་བརྒྱ་སྟོང་གི་ཆ་དང༌། གྲངས་དང༌། ཆར་དང༌། བགྲང་བ་དང༌། རྒྱུར་དང༌། དཔེར་ཡང་མི་འགྲོའོ། །ཞེས་པ་བཤད་པའི་གཞི་ཡིན་པས། ཁྱད་པར་དུ་འཕགས་སོ། །ཞེས་སྦྱར་ན་གོ་བདེ་བ་ཡིན་ནོ། །གང་ལས་ན། དགེ་སློང་ཤཱ་རིའི་བུ་དང་ཞེས་སོགས་ཏེ། འདི་ལ་དཔེ་དྲུག་གིས་དོན་གཅིག་མཚོན་པ་དང༌། དཔེ་དྲུག་གིས་དོན་ཡང་དྲུག་མཚོན་པའོ། །དང་པོ་ནི། ཉན་རང་དགྲ་བཅོམ་པ་ཤ་སྟག་གི་ཤེས་རབ་ལས་ཁྱད་པར་དུ་འཕགས་པའོ། །གཉིས་པ་ནི། དམན་པའི་རྟོགས་པའི་ཆོས་དྲུག་ལ་གནས་པ་རྣམས་ཀྱི་ཤེས་རབ་ལས་སོ། །གང་ཞིག་ཁྱད་པར་དུ་འཕགས་ན། སེམས་བསྐྱེད་ཀྱི་སྐབས་སུ་བསྟན་པའི་རྟེན་གྱི་གང་ཟག་ཀུན་རྫོབ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་མ་ཐག་པ་དེའི་ཤེས་རབ་དེའོ། །ཤེས་རབ་ཀྱི་ངོས་འཛིན་ཡང་བདེན་པ་གཉིས་ལས་མི་འདའ་བའི་ཤེས་རབ་བཤད་མ་ཐག་པ་དེའོ། །དེ་ཡང་ཚོགས་ལམ་དུ་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྒོམ་པ་ལ་བྱ་བ་ཡིན་གྱི། མཐོང་སྒོམ་ལམ་གྱིས་མངོན་སུམ་དུ་རྟོགས་པ་ལ་བྱ་བ་ནི་མ་ཡིན་ཏེ། དེའི་ཚེ་དེ་དག་ལས་ཁྱད་པར་དུ་འཕགས་པར་གྲུབ་ཟིན་པས་སོ། །ཞེས་ཉི་སྣང་དུ་གསུངས་སོ། །གསུམ་པ་གང་གིས་ཁྱད་པར་དུ་འཕགས་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆ་ནས་ཡིན་གྱི། ཤེས་རབ་རང་གི་ངོ་བོའི་ཆ་ནས་ནི་ཁྱད་དུ་འཕགས་པར་བཤད་པ་མ་ཡིན་ཏེ། ཁྱད་པར་དུ་འཕགས་པའི་རྒྱུ་མཚན་འཆད་པ་ན། ཇི་སྐད་དུ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆེན་གྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་དོན་དུ་ཉེ་བར་གནས་པ་ཡིན་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཤེས་རབ་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་ལྟར་བཤད་པ་ན་འདིའི་སྐབས་ཀྱི་ཤེས་རབ་དེ་ཉན་རང་ལ་ཡོད་པར་བཤད་པ་ལྟ་བུ་ཞིག་སྣང་ཡང༌། སྒྲ་ཇི་བཞིན་པ་མ་ཡིན་ཏེ། དཔེར་ན། སྐབས་དེར་མཆོག་ཟུང་ཅིག་ཉན་ཐོས་ཀྱི་དགྲ་བཅོམ་པར་བཤད་པ་བཞིན་ནོ། །གཉིས་པ་དམིགས་ཡུལ་བདེན་པ་བཞི་ལ་འདོམས་པའི་གདམ་ངག་གི་དོན་ནི། ཉན་ཐོས་ཀྱི་གདམ་ངག་བདེན་པ་བཞིའི་སྒོ་ནས་སྟོན་པ་དང་འདྲ་བ་མ་ཡིན་ཏེ། དེ་ནི་མི་རྟག་ལ་སོགས་བཅུ་དྲུག་གི་སྒོ་ནས་འདོམས་པས་གང་ཟག་གི་བདག་མེད་སྟོན་པའི་གདམ་ངག་ཏུ་སོང་བ་ཡིན་ལ། འདིར་ནི་བདེན་པ་བཞི་དང༌། དེའི་ཆོས་ཉིད་སྟོང་པ་ཉིད་དབྱེར་མེད་པའི་ཚུལ་གྱིས་འདོམས་པས་ཆོས་ཀྱི་བདག་མེད་པ་ལ་འདོམས་པའི་གདམ་ངག་གོ །དེ་ཡང་ཆོས་མངོན་པར་ནི། བདེན་པ་བཞི་པོ་དེ་གང་ཟག་གི་བདག་མེད་པའི་རྣམ་པ་ཅན་དུ་བཤད། ཤེས་ཕྱིན་གྱི་མདོར་ནི། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་བཤད་ལ། གཉིས་པོ་དེ་རྟོགས་པ་པོ་བྱང་སེམས་ཀྱི་དབང་དུ་བྱས་ན་དོན་གཅིག་པ་ཡིན་ནོ་ཞེས་འཆད་པ་ནི། འཕགས་སེང་གི་འགྲེལ་པ་དག་གི་ལུགས་ཏེ། སྐབས་གཉིས་པ་མན་ཆད་ན་གསལ་ལོ། །བདེན་པ་བཞིའི་རྣམ་པར་བཞག་པ་ལ། མཚན་ཉིད་དང༌། མཚོན་བྱའི་སྒྲ་བཤད་པ་དང༌། མཚན་གཞིའི་རྣམ་གཞག་གཏན་ལ་ཕབ་པའོ། །དང་པོ་ནི། འཕགས་པས་གཟིགས་པ་དང་མཐུན་པར་གནས་པའོ། །གཉིས་པ་སྒྲ་བཤད་པ་ཡང་དེ་ཉིད་ཡིན་ཏེ། འཕགས་པས་སྡུག་བསྔལ་དུ་གཟིགས་པ་དང་མཐུན་པར་སྡུག་བསྔལ་དུ་གནས་པ་སོགས་སོ། །འདི་ཡང་འདུ་བྱེད་ཀྱི་སྡུག་བསྔལ་ལ་སྒྲ་བཤད་དགོས་པ་ཡིན་ཏེ། དེ་ལས་གཞན་པའི་སྡུག་བསྔལ་ནི་བྱིས་པས་ཀྱང་དེར་རྟོགས་པའི་ཕྱིར། དེ་བཞིན་དུ་འཕགས་པས་སྡུག་བསྔལ་ཀུན་འབྱུང་དུ་གཟིགས་པ་དང་མཐུན་པར་གནས་པ་ཞེས་པ་ཡང་གཙོ་བོར་བདེ་འགྲོ་འཕེན་བྱེད་ཀྱི་ལས་ཉོན་ལ་འཆད་དགོས་པ་ཡིན་ཏེ། ངན་འགྲོ་འཕེན་བྱེད་ཀྱི་དེ་དང་དེ་ནི་བྱིས་པས་ཀྱང་དེར་རྟོགས་པའི་ཕྱིར་རོ། །ལམ་བདེན་གྱི་སྒྲ་བཤད་ཀྱང་ཤེས་རབ་ཀྱི་ཆ་ལ་འཆད་དགོས་པ་ཡིན་ཏེ། ཐབས་ཀྱི་ཆ་རྣམས་ནི་བྱིས་པས་ཀྱང་ཐར་པའི་ལམ་དུ་རྟོགས་པའི་ཕྱིར། དེ་བཞིན་དུ་འགོག་བདེན་གྱི་སྒྲ་བཤད་པ་ཡང་དོན་དམ་པའི་འགོག་པ་ལས་འོས་མེད་དོ། །གསུམ་པ་མཚན་གཞིའི་དབྱེ་བ་ལ་བཞི་ལས། དང་པོ་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་རྒྱུ་ཀུན་འབྱུང་གི་འབྲས་བུ་གང་ཞིག མི་རྟག་སོགས་མཚན་ཉིད་བཞིའི་སྒོ་ནས་ཤེས་བྱར་འཕགས་པས་གཟིགས་པ་དང་མཐུན་པར་གནས་པའོ། །འདིར་འབྲས་བུར་འགྲོ་ཚུལ་ནི་གཉིས་ཏེ། རྣམ་སྨིན་དང༌། བདག་པོའི་འབྲས་བུ་གཉིས་ཡིན་གྱི། འབྲས་བུ་གཞན་གསུམ་གྱི་སྒོ་ནས་འདི་གཉིས་རྒྱུ་འབྲས་སུ་མི་འཇོག་གོ །འོ་ན་ལས་ཉོན་མཚན་ཉིད་པའི་རྒྱུ་འཐུན་གྱི་འབྲས་བུ་ལ་སྡུག་བདེན་དུ་མི་འཇོག་པ་ཅི་ཞེ་ན། འཕགས་པ་གྲོལ་སྡེའི་ལུགས་འདིར་དེ་ལྟར་ཁས་བླངས་ཀྱང་རུང་བ་ཙམ་ཡིན་མོད། མདོ་སྡེའི་རྒྱན་དང༌། ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལྟར་ན། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་བྱང་སེམས་འཕགས་པ་རྣམས། སྲིད་པར་སྐྱེ་བ་འགྲུབ་བྱེད་ཀྱི་རྒྱུར་ཉོན་མོངས་མཚན་ཉིད་པ་ཞིག་ངེས་པར་དགོས་ཀྱང༌། དེས་གྲུབ་པའི་ཕུང་པོ་སྡུག་བསྔལ་གྱི་བདེན་པར་མི་བཞེད་པའི་ཕྱིར། དེ་སྐད་དུ་ཡང༌། མངོན་པ་ཀུན་ལས་བཏུས་ལས། སྡུག་བསྔལ་མ་ཡིན་པ་ལ་སྡུག་བསྔལ་དུ་སྣང་ཞིང༌། བསྲབས་པ་ཆེན་པོས་ཉེ་བར་གནས་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་རྣམས་ཀྱི་སྟེ། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པའི་ཕྱིར་རོ། །ཞེས་གསུངས་སོ། །མཚན་ཉིད་བཞི་ལས། སྟོང་བདག་མེད་གཉིས་ནི་ཤེས་བྱ་ཐམས་ཅད་ལ་རྗེས་སུ་འགྲོ་ཞིང༌། མི་རྟག་པ་ནི་འདུས་བྱས་ཐམས་ཅད་ལ་དང༌། སྡུག་བསྔལ་བ་ནི་ཟག་པ་དང་བཅས་པ་མཐའ་དག་ལ་རྗེས་སུ་འགྲོ་བར་གསུངས་པས་ན། དེ་བཞི་ཚོགས་པའི་ཚོགས་དོན་ལ་སྡུག་བདེན་གྱིས་མ་ཁྱབ་པ་ཡིན་ཏེ། གཞན་དུ་ན་ལམ་ཟག་བཅས་མཐའ་དག་དང་ལས་དང་ཉོན་མོངས་པ་གཉིས་ཀྱང་དེར་ཐལ་བའི་ཕྱིར་རོ། །མི་རྟག་པའི་དོན་ནི་སྐད་ཅིག་གིས་འཇིག་པ་སྟེ། ཕྲ་བའི་མི་རྟག་པའོ། །རགས་པའི་མི་རྟག་པ་ཙམ་གྱིས་མི་ཆོག་སྟེ། དོན་དམ་པའི་བདེན་པར་མི་རུང་བའི་ཕྱིར། བོད་གཞན་དག རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་འཇིག་པ་ཞེས་ཟེར་བ་ལྟར་ན། གྲུབ་དུས་དེ་ཉིད་དུ་གནས་པར་ཁས་བླངས་པས་རྟག་པའི་དོན་ཁས་བླངས་སོ། །སྡུག་བསྔལ་བ་ནི་དོན་དམ་པར་སྡུག་བསྔལ་བ་ལ་འཆད་དགོས་པ་ཡིན་ཏེ། ཀུན་རྫོབ་ཏུ་སྡུག་བསྔལ་བས་ནི་དེའི་མཚན་གཞི་མཐའ་དག་ལ་མ་ཁྱབ་པའི་ཕྱིར། དེ་ཡང་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པ་ཁོ་ནའོ། །དེ་ལྟར་བཤད་ན་སྣོད་ཀྱི་འཇིག་རྟེན་ནི་རྣམ་གྲངས་པའི་སྡུག་བདེན་དུ་འཇོག་དགོས་ཏེ། སྡུག་བསྔལ་གསུམ་མམ། བརྒྱད་པོ་གང་དུ་ཡང་མི་རུང་བས་སྡུག་བསྔལ་གྱི་མཚན་ཉིད་ཚང་བར་བཤད་དཀའ་བའི་ཕྱིར། མཚན་ཉིད་ཕྱི་མ་གཉིས་ནི་རྟོགས་པར་སླའོ། །གཉིས་པ་མཚན་གཞི་ནི། ལས་ཉོན་གྱི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སེམས་ཅན་དང༌། དེའི་བདག་འབྲས་སུ་གྱུར་པའི་སྣོད་ཀྱི་འཇིག་རྟེན་ནོ། །དེ་ཡང་ཇི་སྐད་དུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་ཀྱང་རིག་པར་བྱའོ། །སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གང་ཡིན་སྡུག་བདེན་དུ་ཁས་ལེན་པ་ནི་མ་ཡིན་ཏེ། ཇི་སྐད་དུ། ལས་དང་ཉོན་མོངས་པས་སྐྱེད་པ། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་ལས་ཉོན་གྱི་རྣམ་སྨིན་དང་བདག་འབྲས་གང་རུང་ཡིན་པ་ཞིག་དགོས་པའི་ཕྱིར་རོ། །གཉིས་པ་ཀུན་འབྱུང་གི་བདེན་པ་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་འབྲས་སྡུག་བསྔལ་གྱི་རྒྱུ་གང་ཞིག རྒྱུ་སོགས་མཚན་ཉིད་བཞིའི་སྒོ་ནས་སྤང་བྱར་འཕགས་པས་གཟིགས་པ་དང་མཐུན་པར་གནས་པའོ། །རྒྱུར་འགྱུར་ཚུལ་ནི། རྣམ་སྨིན་དང༌། སྐལ་མཉམ་དང༌། བྱེད་རྒྱུ་གང་རུང་ངོ༌། །དེ་ཡང་འཕེན་བྱེད་ནི་རྣམ་སྨིན་གྱི་དང༌། འགྲུབ་བྱེད་ནི་སྐལ་མཉམ་གྱི་དང༌། དེ་གཉིས་ཀ་སྣོད་ཀྱི་འཇིག་རྟེན་གྱི་བྱེད་པའི་རྒྱུའོ། །མཚན་ཉིད་བཞི་ནི། ཐུན་མོང་མ་ཡིན་པར་མཚོན་བྱེད་ཡིན་པས་འདི་དག་རེ་རེས་ཕར་མཚོན་པར་ནུས་ཀྱང༌། ཚུར་ཁྱབ་ནུས་པ་མ་ཡིན་ཞིང༌། འབྲས་བུ་སྡུག་བསྔལ་གཅིག་ལ་ལྟོས་ནས་ནི་དེ་བཞི་ཚོགས་པའི་ཚོགས་དོན་ཡང་སྲིད་པ་མ་ཡིན་ཏེ། ཡང་སྲིད་ཀྱི་བག་ཆགས་འཇོག་པར་བྱེད་པས་ན་རྒྱུ། བག་ཆགས་གཞག་པ་དང་མཐུན་པར་སྡུག་བསྔལ་སྐྱེད་པས་ན་ཀུན་འབྱུང༌། སྡུག་བསྔལ་བྱེ་བྲག་ཏུ་ངེས་པར་བྱེད་པས་ན་རབ་སྐྱེ། སྡུག་བསྔལ་སྔ་མ་འདོར་ཞིང༌། ཕྱི་མ་ལེན་པར་བྱེད་པས་ན་རྐྱེན་ནོ། །གཉིས་པ་མཚན་གཞི་ནི། འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་པ་རྣམས་ཁོ་ནའོ། །འོ་ན་ཀུན་འབྱུང་གི་གཙོ་བོ་སྲེད་པར་བཤད་ན། དེས་འགྲུབ་བྱེད་ཀྱི་རྒྱུ་བྱས་པ་ལས་བྱུང་བའི་སྡུག་བསྔལ་གྱི་ཕུང་པོ་དེ་དེའི་འབྲས་བུ་ལྔ་ལས་གང་ཡིན། རྒྱུ་མཐུན་གྱི་འབྲས་བུ་ཡིན་ན་ནི་རྒྱུ་མཐུན་གྱི་འབྲས་བུའི་སྒོ་ནས་སྡུག་བདེན་མི་འཇོག་པར་བཤད་པ་དང་འགལ་ལོ་སྙམ་ན། ལས་ཉོན་མཚན་ཉིད་པའི་འབྲས་བུ་ཡིན་པའི་རྟགས་ཀྱིས་སྡུག་བདེན་དུ་སྒྲུབ་མི་ནུས་པར་བཤད་པ་ཡིན་གྱི། དེའི་རྒྱུ་མཐུན་གྱི་འབྲས་བུ་དང་སྡུག་བདེན་གྱི་གཞི་མཐུན་མེད་པར་ཁས་མ་བླངས་པའི་ཕྱིར་ཉེས་པ་མེད་དོ། །དེས་ན་སྡུག་བདེན་དུ་འཇོག་པ་ལ་རྣམ་སྨིན་འཕེན་བྱེད་ཀྱི་རྒྱུ་དེ་སྲེད་པ་ཁོ་ནས་གསོས་བཏབ་པ་ཅིག་ངེས་པར་དགོས་པའི་རྒྱུ་མཚན་གྱིས། སྲེད་པ་ཀུན་འབྱུང་གི་གཙོ་བོར་བསྟན་པ་ཡིན་ནོ། །སྲེད་པ་གཙོ་བོ་ཡིན་ཀྱང་དེས་འགྲུབ་བྱེད་ཀྱི་རྒྱུ་བྱས་པ་ཙམ་གྱིས་སྡུག་བདེན་དུ་བཞག་ནུས་ན་ཧ་ཅང་ཐལ་བར་འགྱུར་རོ། །མདོར་ན་སྡུག་ཀུན་གཉིས་ལ་གཞི་མཐུན་སྲིད་པ་ནི་མ་ཡིན་ཏེ། སྡུག་བདེན་ཡིན་ན་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་དགོས་ལ། ཀུན་འབྱུང་གི་བདེན་པ་ཡིན་ན་ཉོན་མོངས་པ་ཅན་དང་དགེ་བ་གང་རུང་ཡིན་དགོས་པའི་ཕྱིར། དེ་ལྟར་ན་ཆོས་མངོན་པ་ལས། ཉོན་མོངས་པ་དང༌། ལས་དང༌། རྣམ་སྨིན་གྱི་སྒྲིབ་པ་གསུམ་གསུངས་པ་དེས་སྡུག་ཀུན་གྱི་བདེན་པ་བསྡུས་པ་ཡིན་ཞིང༌། སྡུག་ཀུན་གང་རུང་ལ་དེ་གསུམ་གང་རུང་གིས་ཁྱབ་པར་ཁས་བླངས་ན་བདེ་བ་ཡིན་ནོ། །གསུམ་པ་འགོག་བདེན་ལ་མཚན་ཉིད་དང༌། མཚན་གཞིའོ། །རང་འཐོབ་བྱེད་དུ་གྱུར་པའི་ལམ་བདེན་གྱི་བྲལ་འབྲས་གང་ཞིག འགོག་སོགས་མཚན་ཉིད་བཞིའི་སྒོ་ནས་མངོན་དུ་བྱ་བར་འཕགས་པས་གཟིགས་པ་དང་མཐུན་པའོ། །འདི་གཉིས་རྒྱུ་འབྲས་ཡིན་པའི་ཚུལ་ནི་ཞིབ་མོར་ཤེས་དགོས་ཏེ། དེ་དེའི་བྲལ་འབྲས་ཡིན་པའི་རྒྱུ་མཚན་གྱིས། འབྲས་བུ་མཚན་ཉིད་པ་ཡིན་ཀྱང༌། ཅིག་ཤོས་དེའི་རྒྱུ་མཚན་ཉིད་པ་མ་ཡིན་ཏེ། དེ་དེའི་རྒྱུ་དྲུག་པོ་གང་དུ་ཡང་མི་རུང་བའི་ཕྱིར་དང༌། འདུས་མ་བྱས་ལ་རྒྱུ་ཁས་མི་ལེན་པའི་ཕྱིར་དང༌། འགོག་བདེན་དངོས་པོར་ཁས་ལེན་པའི་གྲུབ་པའི་མཐའ་ཡོད་ཀྱང༌། དེར་དངོས་པོ་ལ་འདུས་བྱས་ཀྱིས་ཁྱབ་པར་ཁས་མི་ལེན་པར་སྣང་བའི་ཕྱིར། འགོག་སོགས་བཞི་ནི་དེའི་རང་གི་མཚན་ཉིད་ཡིན་ལ། དེ་བཞི་ཚོགས་པའི་ཚོགས་དོན་སྲིད་ཅིང༌། དེ་དང་འགོག་པའི་བདེན་པ་ཁྱབ་མཉམ་པར་ཁས་བླངས་པས་ཆོག་པ་ཡིན་ནོ། །དེ་ཡང་རྒྱུ་ལས་ཉོན་འགགས་པ་དང༌། འབྲས་བུ་སྡུག་བསྔལ་ཞི་བ་དང༌། དོན་དུ་གཉེར་བྱ་མཆོག་ཡིན་པ་དང༌། སྤངས་པ་སླར་མི་ལྡོག་པ་རྣམས་ནི་བཞི་པོ་སོ་སོའི་དོན་ནོ། །ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བའི་འཕགས་རྒྱུད་ཀྱི་འགོག་པ་དེ་དག་ལས་ཐར་ལམ་གྱི་བྲལ་འབྲས་མ་ཡིན་པ་དག་ནི་འགོག་པའི་བདེན་པར་བཞག་མི་ནུས་ཏེ། མཚན་ཉིད་ཀྱི་ཟུར་དང་པོ་མ་ཚང་བའི་ཕྱིར་རོ། །གཉིས་པ་མཚན་གཞི་ལ། བརྡ་དང༌། དོན་དམ་པའི་འགོག་པ་གཉིས་སོ། །དང་པོ་ནི། ཐར་ལམ་ཟག་བཅས་ཀྱིས་སྤང་བྱའི་ས་བོན་ཉམས་སྨད་པའི་འགོག་པ་གང་ཡིན་པའོ། །གཉིས་པ་ནི། ཟག་མེད་བར་ཆད་མེད་ལམ་གྱིས་སྤང་བྱའི་ས་བོན་དྲུངས་ཕྱུང་བའི་འགོག་པའོ། །དབྱེ་ན་ཡོངས་སུ་མ་རྫོགས་པ་དང༌། རྫོགས་པ་དང༌། ཁྱད་པར་དུ་འཕགས་པའི་འགོག་པ་དང་གསུམ་མོ། །བར་པ་ལའང་ལྷག་བཅས་དང་ལྷག་མེད་ཀྱི་གཉིས་དང༌། ལྷག་བཅས་ལའང་རྒྱན་བཅས་དང༌། རྒྱན་མེད་ཀྱི་དབྱེ་བས་གཉིས་སོ། །གཞན་དག འགོག་བདེན་ལ་མེད་དགག་གིས་ཁྱབ་པར་འདོད་པ་ནི་མ་ཤེས་པ་ཡིན་ཏེ། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡང་དེར་ཐལ་བར་འགྱུར་ཞིང༌། དེ་ལྟ་ན་སྟོབས་སོགས་ཡོན་ཏན་དང་དབྱེར་མེད་པའི་སྐུ་མ་ཡིན་པར་འགྱུར་རོ། །དམན་པའི་ལྷག་མེད་ཀྱང་མེད་དགག་ཁོ་ནར་མ་ངེས་ཏེ། དེས་ན་དབྱིངས་དེ་ན་དགྲ་བཅོམ་པ་གང་ལ་འདོགས་པའི་གཞི་མེད་པར་འགྱུར་རོ། །དེ་ཡང་དེ་ལྟ་ན་དབྱིངས་དེ་ལ་བཏགས་པའི་དགྲ་བཅོམ་པ་དེ་ཐེག་པ་ཆེན་པོའི་ལམ་དུ་མི་འཇུག་པར་འགྱུར་རོ། །དེས་ན་འགོག་པ་ནི་སྤང་བྱ་དེ་དང་དེ་འགགས་ཙམ་གྱི་ཆ་ལ་བྱ་ལ། དེས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ལ་ནི་འགོག་པའི་བདེན་པ་ཞེས་བྱའོ། །དེ་བཞིན་ཉིད་དེ་ལའང་འཆད་ཚུལ་གྱི་རིམ་པ་གཉིས་ཏེ། གཉིས་མེད་ཀྱི་ཡེ་ཤེས་ལ་གཞག་པ་དང༌། མེད་དགག་གི་ཆ་ལ་གཞག་པའོ། །དང་པོ་ནི། མི་གནས་པའི་མྱ་ངན་ལས་འདས་པ་དང༌། ངོ་བོ་ཉིད་ཀྱི་སྐུ་དང༌། དམན་པའི་ལྷག་མེད་ཀྱི་དབྱིངས་ལྟ་བུའོ། །གཉིས་པ་ནི། མཐོང་སྤང་སྤངས་པའི་འགོག་པ་དང༌། སྒོམ་སྤང་སྤངས་པའི་འགོག་པ་ཞེས་བྱ་བའི་ཐ་སྙད་བྱས་པ་རྣམས་སོ། །ཆོས་མངོན་པ་ལས། མེད་དགག་གི་ཆ་ལ་དོན་དམ་བདེན་པར་མི་འཆད་ཀྱང༌། དབུ་མ་ལས་དེར་འཆད་དོ། །བཞི་པ་ལམ་བདེན་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རང་གི་བྲལ་འབྲས་འགོག་བདེན་འཐོབ་བྱེད་གང་ཞིག ལམ་སོགས་མཚན་ཉིད་བཞིའི་སྒོ་ནས་རྒྱུད་ལ་བསྟེན་བྱར་འཕགས་པས་གཟིགས་པའོ། །སྤྱིར་ཐར་པར་བསྔོས་པའི་དགེ་རྩ་ཐམས་ཅད་ལ་བྲལ་འབྲས་སྲིད་པས། དེའི་བྲལ་འབྲས་ཡོད་པ་ལ་བར་ཆད་མེད་ལམ་གྱིས་མ་ཁྱབ་ཀྱང༌། འདིར་ངེས་འབྱིན་གྱི་དོན་ཚང་དགོས་པར་བཤད་པ་ལྟར་ན། བར་ཆད་མེད་ལམ་གྱིས་ཁྱབ་པར་ཁས་ལེན་དགོས་ལ། ཆོས་མངོན་པ་ལྟར་ན། མི་སློབ་ལམ་ལ་བྲལ་འབྲས་མི་འཆད་པས་ཟུར་དང་པོའི་དོན་ཚང་དཀའ་བ་ཡིན་ཀྱང༌། མཚན་ཉིད་བཞི་ཚང་བའི་ཕྱིར་དང༌། ཟག་པ་མེད་པའི་འདུས་བྱས་ཡིན་པའི་ཕྱིར་ལམ་བདེན་ལས་མ་འདས་སོ། །ངེས་འབྱིན་གྱི་དོན་ཙམ་ནི་འབྱིན་བྱེད་དང༌། འབྱིན་འབྲས་གཉིས་ཀ་ལ་གཞག་ཏུ་ཡོད་པས་མི་སློབ་པའི་ལམ་ལ་དེ་མ་ཚང་བའི་སྐྱོན་མེད་ལ། རྒྱུད་བླ་མར་ལམ་བདེན་ལ་བར་ཆད་མེད་ལམ་གྱིས་ཁྱབ་པར་བཤད་པ་དེ་ནི། དེའི་མཚན་གཞི་ཡོངས་སུ་རྫོགས་པ་མ་ཡིན་ཏེ། གང་གིས་ཆགས་པ་དང་བྲལ་བ་ཙམ་ཞིག་འཆད་པའི་སྐབས་ཡིན་པའི་ཕྱིར། ཆོས་མངོན་པར་ནི། བཞི་པོ་སོ་སོའི་མཚན་ཉིད་ལ་བཞི་བཞི་ལས་གཞན་བཤད་པ་མེད་ཅིང༌། འདིར་བཤད་མ་ཐག་པའི་མཚན་ཉིད་ཀྱི་ཟུར་དང་པོ་དེ་རྣམས་ནི་འཕགས་སེང་གི་འགྲེལ་པ་དང་མཐུན་པར་བོད་སྔ་མ་རྣམས་ཀྱིས་མཛད་པ་དེ་ཉིད་སོར་གཞག་པ་ཡིན་ནོ། །ཚོགས་སྦྱོར་གཉིས་ནི། སྲིད་པ་ལ་རྒྱབ་ཀྱིས་ལྟས་ཤིང༌། ཐར་པ་ལ་མངོན་དུ་ཕྱོགས་པས་ལམ་མཚན་ཉིད་པ་དང༌། ཟག་མེད་རྗེས་མཐུན་པ་ཡིན་མོད་ཀྱང༌། ཆོས་མངོན་པ་ལས་ཟག་བཅས་སུ་བཤད་པ་ཁོ་ནར་ངེས་པའི་ཕྱིར། ལམ་གྱི་བདེན་པར་མ་བཞག་གོ །བསྡུ་བར། གཉིས་པོ་ཀུན་འབྱུང་གི་བདེན་པར་བཤད་པ་ལྟ་བུར་སྣང་ཡང༌། དེའི་མཚན་ཉིད་བཞི་པོ་ཚང་བ་ནི་མ་ཡིན་ཏེ། སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །འདིར་སྨྲས་པ། བདེན་བཞིའི་ཆོས་ལུགས་ཟབ་ཅིང་རྒྱ་ཆེ་བ། །བདེན་རྫུན་འདྲེས་མའི་གཏམ་གྱིས་མ་སླད་པར། །བདེན་པ་གསུང་བའི་གཞུང་བཞིན་འདིར་བཤད་ཀྱི། །བདེན་གཏམ་ལྷུར་ལེན་བྱེད་པོས་འདི་ལོང་ཤིག།  །།གསུམ་པ་དཀོན་མཆོག་གསུམ་ལ་འདོམས་པའི་གདམ་ངག་གི་དོན་ནི། གསུམ་པོ་དོན་དམ་པར་མི་དམིགས་ཤིང༌། ཀུན་རྫོབ་ཏུ་གསུམ་པོ་དེ་རྒྱུ་དང་འབྲས་བུའི་སྐྱབས་སུ་ངེས་པར་བཟུང་ནས། སྒྲུབ་པ་ཉམས་སུ་ལེན་དགོས་སོ་ཞེས་བྱ་བའི་དོན་ནོ། །གསུམ་པོའི་རྣམ་པར་བཞག་པ་ལ་གསུམ་སྟེ། སོ་སོའི་ངོ་བོ་ངོས་བཟུང༌། གང་གི་དབང་དུ་བྱས་ནས་གང་ཞིག་སྐྱབས་སུ་བཞག་པ། མཐར་ཐུག་གི་སྐྱབས་ཅིག་ཁོ་ནར་སྒྲུབ་པའོ། །དང་པོ་ནི། ལུས་ཅན་རྣམས་ཀྱི་སྐྱབས་སུ་འོས་པ་ལ་གཉིས་ཏེ། ཀུན་རྫོབ་པའི་སྐྱབས་དང༌། དོན་དམ་པའི་སྐྱབས་སོ། །དང་པོ་ནི། གཟུགས་སྐུ་གཉིས་དང༌། དེས་གསུངས་པའི་ལུང་གི་ཆོས་དང༌། དེ་ཉམས་སུ་བླངས་པ་ལས་བྱུང་བའི་འཕགས་པའི་ཚོགས་རྣམས་སོ། །འདི་ཡང་རྒྱུད་བླ་མའི་བསྟན་བཅོས་སུ་གསུངས་པ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་ལས་ཆོས། ཆོས་ལས་འཕགས་པའི་ཚོགས། །ཞེས་དང༌། བྱེད་གསུམ་ལ། མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ལ། སངས་རྒྱས་ནི་འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་སྐུའོ། །དེ་སྐད་དུ་ཡང༌། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་སོ། །འདི་ལ་ནི། གཞུང་རྩ་བར། དོན་དམ་པ་ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་ཞེས་བྱའོ། །འདི་ལ་གནས་ཚུལ་གྱི་ལོངས་སྤྲུལ་གཉིས་ཀྱང་ཚང་བ་ཡིན་ཏེ། མཁྱེན་བརྩེ་གཉིས་པོ་དེ་གདུལ་བྱའི་བློའི་མེ་ལོང་ཅུང་ཟད་དག་པ་དང༌། ཤིན་ཏུ་དག་པའི་རིམ་པ་ལས་གཟུགས་སྐུ་གཉིས་ཀྱི་སྣང་བ་འཆར་བའི་ཕྱིར། སྤངས་རྟོགས་དབྱེར་མེད་པའི་ཆོས་སྐུ་འདི་ལ་ལྡོག་པས་ཕྱེ་ན། ཆོས་ཉིད་དང༌། ཆོས་ཅན་གྱི་སྒོ་ནས་གཉིས་སུ་ཕྱེ་ནས། དང་པོ་ལ་ངོ་བོ་ཉིད་ཀྱི་སྐུ་དང༌། ཕྱི་མ་ལ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་སྙད་མཛད་པ་ནི་བཟང་པོའི་ཞབས་ཀྱི་བཞེད་པ་ཡིན་ལ། རྒྱུད་བླ་མའི་རྩ་འགྲེལ་ལས་ནི། ཆོས་ཀྱི་སྐུ་དེ་ལ་སྤངས་རྟོགས་གཉིས་སུ་ཕྱེ་ནས། སྤངས་པ་ལའང་རང་བཞིན་རྣམ་དག་གི་ཆ་དང༌། བློ་བུར་རྣམ་དག་གི་ཆ་གཉིས་ལས། དང་པོ་ལ་འདུས་མ་བྱས་པ་དང༌། གཉིས་པ་ལ་ལྷུན་གྱིས་གྲུབ་པ་དང༌། དེ་ལྟ་བུའི་དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་དེ་སངས་རྒྱས་ཁོ་ནའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་དགོས་ཀྱི། དེ་ལས་གཞན་གྱིས་མི་རྟོགས་པ་ལ་ནི་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པའི་ཡོན་ཏན་ཞེས་བྱ། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ཡེ་ཤེས་དེ་སངས་རྒྱས་ཁོ་ནའི་ཡེ་ཤེས་ཀྱིས་མཁྱེན་ཞིང༌། མཁྱེན་པ་དེ་ལ་ངོ་བོ་དབྱེར་མེད་པའི་ཚུལ་གྱིས་ཚང་བའི་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ནི་མཁྱེན་པའི་ཡོན་ཏན་ནོ། །མཁྱེན་པ་ལྟར་གཞན་ལ་སྟོན་པ་ནི་བརྩེ་བའི་ཡོན་ཏན་ནོ། །མཁྱེན་བརྩེ་གཉིས་ཀྱིས་གཞན་གྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་པར་ནུས་པ་ནི་ནུས་པའི་ཡོན་ཏན་ནོ། །དེ་ཡང་དང་པོ་གསུམ་པོ་ནི་རང་དོན་གྱི་དབང་དུ་བྱས་ཤིང༌། ཕྱི་མ་གསུམ་པོ་ནི་གཞན་དོན་གྱི་དབང་དུ་བྱས་པ་ཡིན་པས། དྲུག་པོའི་སྟེང་དུ་དབྱེ་གཞི་གཉིས་བསྣན་པས་བརྒྱད་དོ། །འདིར་མཚན་ཉིད་འདིས་གཟུགས་ཀྱི་སྐུ་ལ་ཁྱབ་པ་མ་ཡིན་ཏེ། དེ་ནི་ཀུན་རྫོབ་པའི་སྐྱབས་ཡིན་པས་རྡོ་རྗེར་མི་རུང་ལ། དེར་མི་རུང་བ་ནི་རྒྱུད་བླ་མའི་ལུས་བདུན་གྱི་ཡ་གྱལ་དུ་གྱུར་པའི་སངས་རྒྱས་སུ་མི་རུང་བས་སོ། །དེའི་ཤེས་བྱེད་ཀྱང༌། སྐབས་འདིའི་སངས་རྒྱས་དེ་མདོ་དང་སྦྱོར་བ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་གིས་བལྟ་བར་མི་ནུས་སོ། །ཞེས་བཤད་པ་ཡིན་ནོ། །གཉིས་པ་དོན་དམ་པའི་ཆོས་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། ཡོན་ཏན་གསུམ་ཚན་གཉིས་པོ་གང་རུང་གི་ངོ་བོར་གྱུར་པའི་རྣམ་བྱང་གི་བདེན་པའོ། །དྲུག་པོ་དེའི་སྟེང་དུ་དབྱེ་གཞི་གཉིས་པོ་བསྣན་པས་བརྒྱད་དོ། །དེ་སྐད་དུ་ཡང༌། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་གསུངས་སོ། །དེ་ཡང་གཞུང་འདིའི་ལུགས་ཀྱི་འགོག་བདེན་གྱི་ངོ་བོ་ནི་ཡེ་ཤེས་ཡིན་ལ། དེ་ལའང་རང་བཞིན་རྣམ་དག་གི་ཆ་དང༌། བློ་བུར་རྣམ་དག་གི་ཆ་གཉིས་ལས། དང་པོ་ནི། སྤྲོས་པའི་མཐའ་བཞི་དང་བྲལ་བའི་ཕྱིར་བསམ་དུ་མེད་པ་ཞེས་བྱ། གཉིས་པ་ལ། འབྲས་བུ་ལས་ཉོན་སྤངས་པའི་ཆ་དང༌། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྤངས་པའི་ཆ་གཉིས་ལས། དང་པོ་ལ་ནི། གཉིས་སུ་མེད་པའི་ཡོན་ཏན་དང༌། གསུམ་པ་ལ་རྟོག་པ་མེད་པའི་ཡོན་ཏན་ཞེས་བྱའོ། །ལམ་གྱི་བདེན་པ་ལ་ཡང་ལྡོག་ཆ་གསུམ་སྟེ། རང་བཞིན་གྱིས་རྣམ་པར་དག་པ་དང༌། གནས་ལུགས་ཀྱི་དོན་མངོན་སུམ་དུ་རྟོགས་པ་དང༌། སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའོ། །དེ་གསུམ་ལ་ནི། དག་པ་དང༌། གསལ་བ་དང༌། གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་ཞེས་བྱའོ། །གཉིས་པ་ནི། དམན་པའི་འགོག་པ་ལ་ནི་རྟོག་པ་མེད་པའི་ཡོན་ཏན་མ་ཚང་ཞིང༌། དེའི་རྒྱུ་མཚན་གྱིས་དེའི་ལམ་ཡང་འདིའི་ལམ་དུ་མི་རུང་ཞིང༌། ལུང་གི་ཆོས་ཀྱང་སློབ་པའི་སར་གཉིས་སྣང་ཅན་གྱི་ཤེས་པ་ལས་མ་འདས་པའི་ཕྱིར་དོན་དམ་པའི་བདེན་པར་མི་རུང་བས། འདིའི་ཆོས་སུ་མི་འཇོག་ལ། ཐེག་ཆེན་མི་སློབ་པའི་ལམ་ཡང་བྲལ་རྒྱུར་མི་རུང་བའི་ཕྱིར། འདི་སྐབས་ཀྱི་ལམ་གྱི་བདེན་པར་མི་བཞག་གོ །འདིའི་སྐབས་ཀྱི་འགོག་ལམ་གཉིས་ཀ་ཡེ་ཤེས་སུ་འདྲ་ཡང༌། གཉིས་པོའི་ཁྱད་པར་ཆོས་ཉིད་ཀྱི་ཡེ་ཤེས་དང༌། ཆོས་ཅན་གྱི་ཡེ་ཤེས་ཡིན་པའི་ཆ་ལས་འབྱེད་པ་ཡིན་ཞིང༌། གཉིས་ཀ་ཡང་དོན་དམ་པའི་བདེན་པར་འདྲ་བ་ཡིན་ཏེ། དོན་དམ་པའི་ཆོས་དཀོན་མཆོག་ཏུ་བཞག་དགོས་པའི་ཕྱིར་དང༌། རྡོ་རྗེ་བདུན་གྱི་ཡ་གྱལ་དུ་འཆད་དགོས་པའི་ཕྱིར་རོ། །དེ་ལྟར་ན་ཡང་འགོག་པ་ལ་ནི་སློབ་པ་དང་མི་སློབ་པའི་འགོག་པ་གཉིས་ཀ་རྣམ་པར་བཞག་གོ །གསུམ་པ་དགེ་འདུན་ལ་མཚན་ཉིད་དང༌། མཚན་གཞིའོ། །དང་པོ་ནི། རིག་གྲོལ་གྱི་ཡོན་ཏན་བརྒྱད་ཀྱིས་ཁྱད་པར་དུ་བྱས་པའི་དོན་དམ་པའི་སྐྱབས་སོ། །བརྒྱད་ནི། རིག་པ་གསུམ། གྲོལ་བ་གསུམ། དབྱེ་གཞི་གཉིས་ཏེ་བརྒྱད་དོ། །རིག་པ་གསུམ་ནི། ཇི་ལྟ་བ་དང༌། ཇི་སྙེད་པ་དང༌། ནང་རིག་པའོ། །གྲོལ་བ་གསུམ་ནི། ཆགས་པའི་དང༌། ཐོགས་པའི་དང༌། དམན་པའི་སྒྲིབ་པ་ལས་གྲོལ་བའོ། །དེ་སྐད་དུ་ཡང༌། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །ཇི་ལྟ་བ་རིག་པ་ནི། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བར་གཟིགས་པའོ། །གཉིས་པ་ནི། ཆོས་ཉིད་ཀྱི་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པའོ། །གསུམ་པ་ནི། དེ་ལྟ་བུའི་ཡེ་ཤེས་གཉིས་པོ་དེ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བའོ། །གྲོལ་བ་གསུམ་ནི། མཉམ་གཞག་ཏུ་ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བ་དང༌། རྗེས་ཐོབ་ཏུ་ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བ་དང༌། དམན་པའི་ཡིད་བྱེད་ལས་གྲོལ་བའོ། །རིག་གྲོལ་གྱི་ཡོན་ཏན་ཐ་མ་གཉིས་ནི། དེ་ལྟར་རྟོགས་པ་གང་ཡིན་དེ། །སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་དང༌། སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །ཞེས་པའི་གཞུང་གིས་བསྟན་ནོ། །གཉིས་པ་མཚན་གཞི་ནི། ཕྱིར་མི་ལྡོག་པའི་འཕགས་པ་ཞེས་བྱ་བ་གང་ཟག་བཏགས་ཡོད་དུ་གྱུར་པ་རྣམས་ནི་འདིར་དགེ་འདུན་དཀོན་མཆོག་ཏུ་མི་བཞག་སྟེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པས་དོན་དམ་པའི་སྐྱབས་སུ་མི་རུང་བའི་ཕྱིར་དང༌། རྡོ་རྗེར་མི་རུང་བའི་ཕྱིར། དེས་ན་བྱང་སེམས་འཕགས་པ་ཞེས་གང་ལ་འདོགས་པའི་གཞི། དག་ལ་མ་དག་པའི་གནས་སྐབས་ཀྱི་དེ་བཞིན་ཉིད་དེ་ལ་དོན་དམ་པའི་དགེ་འདུན་དུ་འཇོག་དགོས་པ་ཡིན་ཏེ། དེ་ལ་དགེ་འདུན་དཀོན་མཆོག་གི་བརྡ་སྦྱོར་བར་གཞུང་འདི་ཉིད་ལས་བཤད་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །གཉིས་པ་གང་ཟག་གང་ལ་སྐྱབས་གང་བཞག་པ་ལ་གཉིས་ཏེ། ཀུན་རྫོབ་པ་གསུམ་པོ་རྒྱུའི་སྐྱབས་སུ་བཞག་པ་དང༌། དོན་དམ་པའི་སྐྱབས་གསུམ་ཁོ་ན་འབྲས་བུའི་སྐྱབས་སུ་བཞག་པའོ། །དང་པོ་ནི། གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དྲུག་ལས། བྱེད་གསུམ་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས། ཀུན་རྫོབ་པའི་སྐྱབས་གསུམ་པོ་དེ་རྒྱུའི་སྐྱབས་སུ་རྣམ་པར་བཞག་པ་ཡིན་ཏེ། དོན་དམ་པའི་སྐྱབས་གསུམ་པོ་དེ་ལ། གང་ཟག་གསུམ་པོས་བྱ་བ་བྱེད་མི་ནུས་པར་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཐེག་པ་གསུམ་ལ་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ནི། དོན་དམ་པའི་སྐྱབས་གསུམ་པོ་དེ་འབྲས་བུའི་སྐྱབས་སུ་བཞག་པ་ཡིན་ཏེ། གང་ཟག་གསུམ་ཆར་གྱི་མཐར་ཐུག་གི་ཐོབ་བྱ་ཡིན་པའི་ཕྱིར། འདི་ཡང་མཐར་ཐུག་ཐེག་པ་གཅིག་གི་དབང་དུ་བྱས་སོ། །དེ་སྐད་དུ་ཡང༌། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ཀུན་རྫོབ་པའི་སྐྱབས་གསུམ་པོ་ངོས་བཟུང་ནས་དེ་དོན་དམ་པའི་སྐྱབས་མ་ཡིན་པར་སྒྲུབ་པ་དང༌། སངས་རྒྱས་ཀྱི་སར་ཚང་བའི་དོན་དམ་པའི་སྐྱབས་གསུམ་པོ་དེ་འབྲས་བུའི་སྐྱབས་ཉིད་དུ་སྒྲུབ་པའོ། །དང་པོ་ནི། འོ་ན་ཅི། ཀུན་རྫོབ་པའི་སྐྱབས་གསུམ་པོ་དེ་གཞུང་འདིར་སྐྱབས་སུ་འཇོག་པ་དང་མི་འཇོག་པའི་གནས་སྐབས་གཉིས་ཤིག་འབྱུང་བ་དེའི་དོན་ཅི་ཞེ་ན། མི་གནས་པའི་མྱང་འདས་ཀྱི་འཁོར་ལོ་འཆད་པའི་ཚེ། གསུམ་པོ་དེ་སྐྱབས་སུ་འཇོག་ལ། འབྲས་བུ་དཀོན་མཆོག་གི་འཁོར་ལོ་འཆད་པའི་ཚེ་དེ་གསུམ་སྐྱབས་སུ་མི་འཇོག་སྟེ། ཐོབ་བྱའི་འབྲས་བུ་མཐར་ཐུག་མ་ཡིན་པའི་ཕྱིར། ཞེས་འཆད་པ་ལ། ཀུན་རྫོབ་པའི་ཆོས་སུ་གྱུར་པའི་ལུང་གི་ཆོས་ནི་ཆོས་ཅན། འབྲས་བུ་དཀོན་མཆོག་གི་འཁོར་ལོ་འཆད་པའི་སྐབས་དེར་སྐྱབས་སུ་མི་བཞག་སྟེ། མཐར་ཐུག་གི་ཚེ་ན་སྤང་བྱ་ཡིན་པའི་ཕྱིར། དེར་གྱུར་པའི་ལམ་གྱི་བདེན་པ་ནི་ཆོས་ཅན། དེར་མ་བཞག་སྟེ། སླུ་བའི་ཆོས་ཅན་ཡིན་པའི་ཕྱིར། དེར་གྱུར་པའི་འགོག་བདེན་ནི་ཆོས་ཅན། དེར་མ་བཞག་སྟེ། སྟོབས་སོགས་ཀྱི་ཡོན་ཏན་མེད་པའི་ཕྱིར། དེར་གྱུར་པའི་དགེ་འདུན་ལ་གཉིས་ལས། ཉན་རང་གི་དགེ་འདུན་དེར་མ་བཞག་སྟེ། འདུ་བྱེད་ཀྱི་ཕུང་པོའི་སྡུག་བསྔལ་གྱིས་འཇིགས་པ་དང་བཅས་པའི་ཕྱིར། བྱང་སེམས་འཕགས་པའི་ཚོགས་དང༌། གཞན་སྣང་གི་གཟུགས་སྐུ་གཉིས་ཀྱང་དེར་མ་བཞག་སྟེ། ཀུན་རྫོབ་ཀྱི་བདེན་པ་ཡིན་པས་སླུ་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་སོ། །གཉིས་པ་ནི། འོ་ན་འབྲས་བུའི་སྐྱབས་སུ་བཞག་རྒྱུའི་དཀོན་མཆོག་གསུམ་པོ་དེ་གང་ཞེ་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་ཀྱི་མཚན་ཉིད་ཅན་གྱི་ཆོས་སྐུ་ཉག་ཅིག་ལ་བྱ་བ་ཡིན་ཏེ། དེ་ལ་དོན་དམ་པའི་སྐྱབས་གསུམ་ཀ་ཚང་བའི་ཕྱིར། ཞེས་འཆད་པ་ནི། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་ཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་གཞུང་འདི་ནས་གསུངས་པའི་དཀོན་མཆོག་ལ་རྒྱུ་དང་འབྲས་བུའི་སྐྱབས་གཉིས་སུ་གྲངས་ངེས་ན། དོན་དམ་པའི་ཆོས་དང་དགེ་འདུན་སློབ་པའི་གནས་སྐབས་ན་ཡོད་པ་དེ་དག་གཉིས་པོ་གང་དུ་འཇོག་ཅེ་ན། འབྲས་བུའི་སྐྱབས་ལ་གནས་སྐབས་དང་མཐར་ཐུག་གཉིས་ལས། གནས་སྐབས་སུ་བཞག་དགོས་པ་ཡིན་ཏེ། འགྲེལ་པར། དཀོན་མཆོག་གསུམ་དང་བྱང་ཆུབ་སོགས་གསུམ་པོ་གནས་སྐབས་དག་པ་ས་གསུམ་ལ་རིམ་བཞིན་བཞག་ནས་འབྲས་བུའི་སྐྱབས་སུ་འཇོག་པའི་ཚུལ་གསུངས་པ་བཞིན་ནོ། །སྐྱབས་མེད་སྐྱོབ་པའི་དགོངས་པ་ཅན། །སྐྱབས་མི་ཚོལ་ལ་མི་སྐྱོབ་པར། །སྐྱབས་ཚོལ་སྙིང་ནས་ངེས་སྐྱོབ་པ། །སྐྱབས་གསུམ་སྐྱོབ་པའི་གཞུང་བཞིན་བཤད།།  །།གཉིས་པ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཚོན་བྱེད་དཔེ་དང༌། མཚོན་བྱ་དོན་ནོ། །དང་པོ་ལ་མངོན་པ་འོག་མ་གཞིར་བཞག་ནས་བཤད་པ་དང༌། ཅིག་ཆར་བའི་རྣམ་གཞག་དེ་དང་མ་འདྲེས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གང་ལ་གནས་པའི་འབྲས་བུ་དང༌། གང་གནས་པའི་གང་ཟག་གོ །དང་པོ་ནི། དགེ་སྦྱོང་ཚུལ་གྱིས་ཐོབ་པའི་བྲལ་བ་ཞིག་ཡིན་ལ། དེ་ལ་དབྱེ་ན། སྐྱེད་འབྲས་རྣམ་གྲོལ་ལམ་དང༌། ཐོབ་འབྲས་འགོག་པའི་བདེན་པའོ། །དེ་རེ་རེ་ལ་བརྒྱད་ཅུ་རྩ་དགུར་འབྱེད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་སོ། །དེ་ཡང་འདོད་ཉོན་དྲུག་པ་དང༌། དགུ་པ་གཉིས་མ་གཏོགས་གཞན་རྣམས་ནི་ཟག་མེད་བར་ཆད་མེད་ལམ་གྱིས་ངེས་པར་སྤངས་པ་ཞིག་དགོས་ལ། དེ་གཉིས་ནི་ལམ་ཟག་བཅས་ཀྱིས་སྤངས་པ་ཡིན་ཡང༌། དེའི་འགོག་བདེན་ཐོབ་པ་དང་བཅས་པ་ནི་འབྲས་བུར་འཇོག་ལ། རྣམ་པར་གྲོལ་བའི་ལམ་ནི། རྒྱུ་འབྲས་གཉིས་ཀ་ཟག་བཅས་ཁོ་ནར་ངེས་པའི་ཕྱིར་དེར་མི་བཞག་གོ །ཅིག་ཤོས་ལ་མི་མཚུངས་ཏེ། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་འཆད་པ་ཡང་གྲུབ་པའི་མཐའོ། །དེ་ལྟ་ན་མདོ་ལས། འབྲས་བུ་བཞི་ལས་ལྷག་པ་མ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། བཞི་ཁོ་ནར་བཤད་པ་དེ་ནི་རྒྱུ་ལྔ་ཚང་བའི་གནས་སྐབས་ལ་བཞི་ཁོ་ནར་གྲངས་ངེས་པའི་རྒྱུ་མཚན་གྱིས་ཡིན་ལ། གྱ་དགུར་བཤད་པ་དེ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་སྲིད་ཚད་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། ཞེས་འཆད་པ་ནི། འབྲས་བུ་བཞི་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །ཞེས་པའོ། །རྒྱུ་ལྔ་ཞིང༌། ཞུགས་འབྲས་ཀྱི་ལམ་གཉིས་ལ་འདོར་ལེན་བྱས་པ་གཉིས་དང༌། སྔར་སྤང་བྱ་ཇི་སྙེད་སྤངས་པའི་སྤངས་པ་ཐམས་ཅད་ཕྱོགས་གཅིག་ཏུ་སྡོམ་པར་བྱེད་པའི་ཐོབ་པ་ཐུན་མོང་བ་ཅིག་རྙེད་པ་དང༌། ཤེས་པ་བརྒྱད་པོ་ཚང་བར་ཐོབ་པ་དང༌། མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་རྣམས་ཚང་བར་རྙེད་པའོ། །འདི་ན་གང་དག འབྲས་བུ་གྱ་དགུ་པོ་ཐམས་ཅད་བཞི་པོ་དེར་འདུས་པ་ཡིན་ནོ། །ཞེས་ཟེར་བ་དེ་དག་ནི། རྣམ་པར་མ་བརྟགས་པ་ཡིན་ཏེ། མཐོང་སྤང་སྤངས་པའི་ཤེས་པ་བདུན་དང༌། འགོག་པའི་བདེན་པ་བདུན་པོ་དེ་དག་ལ་ནི་རྒྱུ་ལྔ་མ་ཚང་བར་རྟོགས་སླ་བའི་ཕྱིར་དང༌། འདོད་པའི་ཉོན་མོངས་དྲུག་དགུ་གཉིས་དང༌། སྲིད་ཉོན་དགུ་པ་སྟེ། གསུམ་པོའི་ལྷག་མར་གྱུར་པའི་སྒོམ་སྤངས་ཉོན་མོངས་པ་བདུན་ཅུ་རྩ་བརྒྱད་པོ་ཟག་མེད་བར་ཆད་མེད་ལམ་གྱིས་སྤངས་པའི་འབྲས་བུ་འདུས་བྱས་དང༌། འདུས་མ་བྱས་སུ་གྱུར་པ་ཇི་སྙེད་པ་དེ་དག་ལ་རྒྱུ་ལྔ་པོ་མ་ཚང་བའི་ཕྱིར་ཏེ། ཟད་པ་བསྡོམས་པ་ཞེས་བྱ་བ་དེ་དང༌། ཞུགས་འབྲས་ལ་འདོར་ལེན་བྱས་པ་ཞེས་བྱ་བ་གསུམ་པོ་དེ་མི་འབྱུང་བའི་ཕྱིར་རོ། །འབྲས་བུ་བཞིའི་ངོ་བོ་ནི་གོ་རིམ་བཞིན་དུ། མཐོང་སྤང་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང༌། མཐོང་སྤང་སྤངས་པའི་སྤངས་པ་དང་ཐོབ་པ་ཐུན་མོང་བ་ཅིག་གིས་བསྡུས་པར་གྱུར་པའི་འདོད་ཉོན་དྲུག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང༌། ཡང་དེ་དང་ཐོབ་པ་ཐུན་མོང་བ་ཅིག་གིས་བསྡུས་པའི་འདོད་ཉོན་དགུ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང༌། ཟག་པ་ཀུན་ཟད་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུ་རྣམས་སོ། །འབྲས་བུ་ཐོག་མཐའ་གཉིས་ནི་ལམ་ཟག་བཅས་ཀྱིས་ཐོབ་པ་མི་སྲིད་དེ། ལམ་ཟག་བཅས་ནི་སྲིད་རྩེའི་གཉེན་པོར་མི་རུང་བའི་ཕྱིར། བྱེ་བྲག་ཏུ་སྨྲ་བས། ལམ་ཟག་བཅས་ཀྱིས་མཐོང་སྤང་གི་ཕྱོགས་གཅིག་སྤངས་པ་སྲིད་ཀྱང༌། སྤངས་པ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་འདོད་དོ། །འབྲས་བུ་བར་པ་གཉིས་ལ་ནི་ལམ་ཟག་མེད་ཁོ་ནས་ཐོབ་པ་དང༌། ཟག་བཅས་དང་ཟག་མེད་གཉིས་ཀས་ཐོབ་པ་སྟེ། ཚན་པ་གཉིས་ཤིག་སྲིད་ཀྱང༌། ཟག་བཅས་ཁོ་ནས་ཐོབ་པ་ནི་མི་འདོད་དེ། དེ་ཁོ་ནས་ཐོབ་ན་དགེ་སྦྱོང་ཚུལ་གྱི་འབྲས་བུར་འགལ་བའི་ཕྱིར་རོ། །གཉིས་པ་གང་ཟག་གི་རྣམ་པར་བཞག་པ་ལ་གཉིས་ཏེ། ཆགས་བྲལ་སྔོན་དུ་སོང་བ་དང༌། མ་སོང་བའོ། །དང་པོ་ལ། དེའི་རྣམ་གཞག་ནི་འབྲས་གནས་ལ་འཇོག་པ་ཡིན་གྱི། འབྲས་བུ་ལ་མ་ཡིན་ཏེ། དེ་ལ་དེ་མི་སྲིད་པའི་ཕྱིར་རོ། །དེའི་འབྲས་གནས་ལ་གཉིས་ཏེ། རྗེས་མཐུན་པ་ཁམས་ཀྱི་ཕྱོགས་གཅིག་ལ་ཆགས་བྲལ་སྔོན་དུ་སོང་བ་དང༌། མཚན་ཉིད་པ་ཁམས་གསུམ་གང་རུང་ལ་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོ་ལ། འདོད་ཉོན་ལྔ་པ་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བ་རྒྱུན་ཞུགས་ཀྱི་དང༌། འདོད་ཉོན་དྲུག་པ་ཙམ་ལ་ཆགས་བྲལ་སྔོན་དུ་སོང་བ་ཕྱིར་འོང་གི་དབང་དུ་བྱས་པའོ། །གཉིས་པ་ལ། འདོད་གཟུགས་ཀྱི་དབྱེ་བས་གཉིས་ཡོད་ཀྱང་ཕྱིར་མི་འོང་དུ་འདུས་སོ། །རིགས་ནས་རིགས་སྐྱེ་དང༌། བར་ཆད་གཅིག་པ་གཉིས་ཀྱི་རྟོགས་པའི་ཁྱད་པར་ལ་ཟག་མེད་ཀྱི་དབང་པོ་ཅིག་ཐོབ་དགོས་པར་བཤད་པ་དེ་ནི། ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས་པ་ཡིན་ཏེ། དེ་མ་སོང་བའི་ཟག་བཅས་ཀྱི་སྤངས་པ་ལྡོག་སྲིད་པའི་ཕྱིར། དེས་ན་འདི་གཉིས་ལ་ཆགས་བྲལ་སྔོན་སོང་སྲིད་པར་འགྲེལ་པ་ལས་བཤད་པ་བཞིན་ཁས་བླང་ངོ༌། །ཁམས་གསུམ་གང་རུང་ལ་ཆགས་བྲལ་སྔོན་སོང་དང༌། དགྲ་བཅོམ་པའི་གཞི་མཐུན་སྲིད་ཀྱང༌། དགྲ་བཅོམ་ཆགས་བྲལ་སྔོན་སོང་དུ་འཇོག་མི་ནུས་ཏེ། ཆགས་བྲལ་སྔོན་སོང་ཡིན་ན། རང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་སྒོམ་སྤངས་སུ་གྱུར་པ་དེ་མཐོང་ལམ་གྱི་སྔ་རོལ་ཏུ་སྤངས་དགོས་པའི་ཕྱིར། གཉིས་པ་ལ་བཞི་ལས། དང་པོ་རྒྱུན་ཞུགས་ཞུགས་གནས་ལ། ཞུགས་པ་ནི་ངོ་སྐལ་གྱི་མཐོང་སྤང་སྤོང་བ་ལ་བརྩོན་བཞིན་པ་ཁོ་ནར་མ་ངེས་ཏེ། ཤེས་པ་དང་པོ་བདུན་ལ་གནས་པ་རྣམས་དེར་མི་རུང་བའི་ཕྱིར། འོ་ན་ཅི་ཞེ་ན། དེ་དང་དེའི་ཞུགས་ལམ་ཐོབ་ལ་མ་བཏང་བ་ཙམ་གྱིས་དེའི་ཞུགས་པར་འཇོག་ནུས་པ་ཡིན་ནོ། །འབྲས་བུ་བར་པ་གཉིས་ཀྱི་ཞུགས་པར་འཇོག་པ་ལ་ཡང་ངོ་སྐལ་གྱི་སྒོམ་སྤང་སྤོང་བ་ལ་བརྩོན་པ་ལྟ་ཞོག དེ་སྤོང་བའི་ལམ་བཞི་པོ་གང་རུང་ལ་གནས་པ་ཡང་མི་དགོས་ཏེ། འདོད་ཉོན་དགུ་པ་སྤངས་རྗེས་སུ་མཐོང་སྤང་སྤོང་བ་ལ་བརྩོན་བཞིན་པ་དེ་ཕྱིར་མི་འོང་ཞུགས་པར་འཇོག་དགོས་པའི་ཕྱིར། དེས་ན་ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་མི་འོང་གི་འབྲས་བུའི་སྤང་བྱའི་གཙོ་བོ་ནི་མཐོང་སྤང་དང༌། དེ་སྔོན་དུ་མ་སོང་བའི་ཕྱིར་མི་འོང་གི་འབྲས་བུའི་སྤང་བྱའི་གཙོ་བོ་ནི་འདོད་ཉོན་དགུ་པ་ཡིན་ཞེས་ཁས་བླང་དགོས་པ་ཡིན་གྱི། དགུ་པ་ཁོ་ན་དེའི་སྤང་བྱའི་གཙོ་བོར་ཁས་མི་ལེན་ཏེ། དགུ་པ་སྤངས་པའི་འགོག་བདེན་ཡིན་པ་ཙམ་གྱིས་དེའི་འབྲས་བུར་བཞག་མི་ནུས་པའི་ཕྱིར། གཉིས་པ་འབྲས་གནས་ལ། ཆགས་བྲལ་སྔོན་དུ་མ་སོང་བའི་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ཙམ་གྱིས་རྒྱུན་ཞུགས་འབྲས་གནས་སུ་འཇོག་ནུས་པ་ནི་ཡིན་ཏེ། དེ་ཉིད་དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ཆགས་བྲལ་སྔོན་དུ་སོང་བའི་བཅུ་དྲུག་པ་ལ་གནས་པ་ཙམ་གྱིས་དེ་སྔོན་སོང་གི་ཕྱིར་འོང་མི་འོང་གང་རུང་གི་འབྲས་བུ་ལ་གནས་པར་བཞག་ནུས་ཀྱང༌། མཐོང་སྤང་སྤངས་པའི་རྣམ་གྲོལ་གྱི་ལམ་ཡིན་ན། ཕྱིར་འོང་དང༌། ཕྱིར་མི་འོང་གང་རུང་གི་འབྲས་བུར་འགལ་བ་ཡིན་ནོ། །ཞུགས་གནས་བར་པ་གཉིས་ནི། རྟོགས་པར་སླ་བས་རྒྱས་པར་འཆད་མི་དགོས་ལ། ཕྱིར་མི་འོང་ལུས་མངོན་བྱེད་དང༌། ཁམས་གོང་མར་ཉེར་འགྲོ་གཉིས་ཀྱི་རྣམ་གཞག་མདོ་ཙམ་ཞིག་བརྗོད་པ་ནི། ཇི་སྲིད་འགོག་པའི་སྙོམས་འཇུག་མ་ཐོབ་པ་དེ་སྲིད་དུ་ལུས་མངོན་བྱེད་དུ་བཞག་མི་ནུས་ལ། དེ་ཐོབ་ལ་མ་བཏང་བའི་ཕྱིར་མི་འོང་ཡིན་པ་ཙམ་གྱིས་ཀྱང་ཕྱིར་མི་འོང་ལུས་མངོན་བྱེད་དུ་བཞག་མི་ནུས་ཏེ། ལུས་མངོན་བྱེད་སྲིད་རྩེར་སྐྱེས་པ་བཞིན་ནོ། །དེས་ན་ལུས་མངོན་བྱེད་ལ་གསུམ་སྟེ། ཚེ་དེ་ཉིད་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པ་དང༌། དེ་ལས་མ་ཉམས་བཞིན་དུ་སྲིད་རྩེར་སྐྱེ་བ་ལེན་པ་ཅིག་དང༌། དེ་ལས་ཉམས་ནས་གཟུགས་ཁམས་སུ་སྐྱེ་བ་ལེན་པ་གཅིག་སྟེ་གསུམ་མོ། །དེ་སྐད་དུ་ཡང༌། གཉིས་སུ་མྱོང་འགྱུར་དང༌། མ་ངེས། ཅེས་སོ། །གཉིས་པ་ཁམས་གོང་མར་ཉེར་འགྲོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཞིག་གིས། ཁམས་གོང་མར་འཕེན་བྱེད་ཀྱི་ལས་བསགས་ནས་ལས་དེ་དང་ལྡན་པར་གྱུར་བའོ། །དེ་ལ་གཟུགས་སུ་དང༌། གཟུགས་མེད་ཉེར་འགྲོའི་དབྱེ་བས་གཉིས་སོ། །དང་པོ་ལ། བར་འདའ་བ། སྐྱེས་འདའ་བ། གོང་འཕོ་སྟེ་གསུམ་མོ། །ཁྱད་པར་ནི། གཟུགས་ཁམས་ཀྱི་བར་དོ་ཙམ་ཞིག་ཏུ་དང༌། སྐྱེ་སྲིད་གཅིག་ཏུ་དང༌། གཉིས་ལ་སོགས་པར་འཕེན་བྱེད་ཀྱི་ལས་བསགས་པའོ། །འཕགས་པས་འཕེན་བྱེད་ཀྱི་ལས་སོག་པ་ཇི་ལྟར་ཞེ་ན། འཕགས་པ་ཐོབ་རྗེས་སུ་འཇིག་རྟེན་པའི་ལམ་གྱིས་ས་དང་ས་ལ་ཆགས་བྲལ་བྱེད་པར་བཤད་པ་དེ་ཉིད་ཀྱིས་ཤེས་སོ། །དེའི་འབྲེལ་ཡང་ས་གོང་འོག་ལ་ཞི་རགས་སུ་ལྟ་བའི་སྲེད་པས་གོང་མར་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བ་ལས་འོས་མེད་པའི་ཕྱིར། དེ་དེའི་འགྲུབ་བྱེད་དོ་སྙམ་ན། མ་ཡིན་ཏེ། ཉེར་བསྡོགས་སྔོན་དུ་མ་སོང་བར་འཕེན་བྱེད་མི་འབྱུང་ཞིང༌། དེ་མེད་པར་དེ་གསོས་འདེབས་བྱེད་མི་འབྱུང་བའི་ཕྱིར། གོང་འཕོ་ལའང་འོག་མིན་དང༌། སྲིད་རྩེ་འགྲོའི་དབྱེ་བས་གཉིས་ལས། དང་པོ་ལའང་འཕར་བ་ལ་སོགས་པ་གསུམ་མོ། །འཕར་བ་ནི། ཕྱིར་མི་འོང་འདོད་རྟེན་ཅན་གྱིས་བསམ་གཏན་བཞི་པའི་ཉེར་བསྡོགས་དང༌། དངོས་གཞི་ལ་སྤེལ་སྒོམ་བྱས་པས་ནི་བསམ་གཏན་བཞི་པར་འཕེན་བྱེད་ཀྱི་ལས་བསགས་ཤིང༌། ལས་དེ་ཡང་འོག་མིན་དུ་གསོས་བཏབ་པ་ཡིན་ལ། དེ་འདྲ་དེ་ལས་དེ་ལས་མ་ཉམས་ཤིང༌། །ཉམས་རུང་དུ་ཡོད་པ་དེ་ལ་འཕར་བ་ཞེས་བྱའོ། །དེ་འདྲ་དེས་བསམ་གཏན་དང་པོའི་བདེ་བ་ལ་རོ་མྱངས་པས། ལས་དེ་ལས་ཉམས་པ་དེའི་ཚེ་ནི་འོག་མིན་འགྲོ་ཞེས་མི་བྱ་སྟེ། དེར་སྐྱེ་བའི་ལས་བཏང་ནས་མེད་པའི་ཕྱིར་དང༌། ལས་དེའི་ས་བོན་ཀུན་གཞིའི་སྟེང་དུ་འཇོག་པའི་ཚུལ་ནི་འདིར་ཁས་མི་ལེན་པའི་ཕྱིར། དེ་འདྲ་དེ་ཚངས་རིས་སུ་སྐྱེས་ནས་སྔར་གྱི་སྤེལ་སྒོམ་སོར་ཆུད་པར་བྱས་པ་དེའི་ཚེ་ཡང་འོག་མིན་འགྲོ་ཞེས་མི་བྱ་སྟེ་དེར་སྐྱེ་བའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་མི་ལྡན་པའི་ཕྱིར། ལྷག་མ་གཉིས་ལའང་དེ་བཞིན་དུ་སྦྱར་རོ། །བཞི་པ་དགྲ་བཅོམ་ཞུགས་གནས་ལ། དེའི་ཞུགས་པ་ཡིན་ན་ཕྱིར་མི་འོང་གི་འབྲས་གནས་ཁྱད་པར་ཅན་ཡིན་པས་ཁྱབ་པ་ཡིན་ཏེ། འདི་ལ་ཆགས་བྲལ་སྔོན་སོང་མི་སྲིད་ཅིང༌། ཅིག་ཆར་བའི་རྣམ་གཞག་ནི་འདིར་ཁས་མི་ལེན་པའི་ཕྱིར། འོ་ན་འབྲས་གནས་སྔ་མའི་ཁྱད་པར་ཅན་གང་ཡིན་ཕྱི་མའི་ཞུགས་པར་ཁས་ལེན་པ་དང༌། ཁྱད་པར་ཅན་དུ་འཇོག་པ་ལ་འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་ངེས་པར་བརྩོན་པ་ཞིག་དགོས་སམ་ཞེ་ན། དེ་ཡང་འདི་ལྟར་ཡིན་ཏེ། ཆགས་བྲལ་སྔོན་དུ་མ་སོང་བ་ལ་ནི་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་གྱི་འོག་ཏུ་ཁམས་གོང་གི་ཉོན་མོངས་སྤོང་བ་ལ་བརྩོན་པ་དེ་ནས་བཟུང་སྟེ། ཕྱིར་མི་འོང་གི་འབྲས་གནས་ཁྱད་པར་ཅན་དང༌། དགྲ་བཅོམ་ཞུགས་པ་གཉིས་ཀ་ཡིན་པར་བཞག་ལ། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བ་ཞིག་ཡིན་ན་ནི། མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་ལ་གནས་ཙམ་གྱི་ཚེ། ཙམ་པོ་དང༌། དེའི་ཁྱད་པར་གྱི་ལམ་ལ་གནས་པ་དེའི་ཚེ་ནི། སྤང་བྱ་ཕྱི་མ་སྤོང་བ་ལ་མི་བརྩོན་ཀྱང༌། དེ་གཉིས་ཀ་ཡིན་པར་བཞག་ནུས་ཏེ། འབྲས་བུ་ཕྱི་མ་ལ་ལྟོས་པའི་སྤང་བྱ་འགའ་ཞིག་སྤངས་ཟིན་པ་དང༌། སྔ་མའི་ཁྱད་པར་གྱི་ལམ་ལ་གནས་པ་གཉིས་ཀྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །འདོད་ཉོན་དགུ་པ་ཙམ་ལས་མ་སྤངས་ན་ནི། དེ་སྤངས་པའི་ཁྱད་པར་གྱི་ལམ་ལ་གནས་པའི་དེའི་ཚེ་སྔ་མའི་ཁྱད་པར་ཅན་ཡིན་ཡང༌། ཕྱི་མའི་ཞུགས་པ་ནི་མ་ཡིན་ཏེ། དེ་ལ་ཞུགས་པའི་དོན་ཅི་ཡང་མ་ཚང་བའི་ཕྱིར། སྔ་མའི་ཁྱད་པར་ཅན་མ་ཡིན་ན་ནི་ཙམ་པོར་འགྱུར་ལ། དེ་ཡང་དེ་ལྟ་ན་ནི་དེའི་རྣམ་གྲོལ་ལམ་ལ་གནས་པར་འགྱུར་རོ། །འབྲས་གནས་ལ་སྤངས་རྟོགས་ཀྱི་ཁྱད་པར་ནི། ཇི་སྐད་དུ། དེ་ཟད་ཐོབ་དང་ཟད་པ་ཤེས། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་གསུངས་པ་དེ་ཉིད་ཡིན་ལ། དེའི་ཚེ་ནི་ཙམ་པོ་དང༌། མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ཚེ་ཁྱད་པར་ཅན་དུ་གཞག་གོ །དགྲ་བཅོམ་པ་ལ་རིགས་ཀྱི་དབྱེ་བས་དྲུག་ཏུ་འདོད་པ་འདི་ནི་མཚོན་བྱེད་ཙམ་ཡིན་གྱི། དེ་ཁོ་ནའི་དབྱེ་བ་ནི་མ་ཡིན་ཏེ། ཇི་སྐད་དུ། སློབ་དང་འཕགས་མིན་རིགས་དྲུག་ལྡན། །ཞེས་སོ། །སྐབས་དེ་དག་ཏུ་རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཉམས་པ་མེད་པའི་ཤེས་བྱེད་དུ། མཐོང་སྤང་སྤངས་པའི་སྤངས་པ་ལས་ཉམས་མི་སྲིད་པའི་ཕྱིར་ཞེས་བཤད་པ་ནི། མཐོང་ལམ་ཟག་མེད་ཀྱིས་སྤངས་པའི་དབང་དུ་བྱས་པ་ཡིན་གྱི། སྤྱིར་མ་ཡིན་ཏེ། འཇིག་རྟེན་པའི་སྒོམ་ལམ་གྱིས་ཅི་ཡང་མེད་མན་ཆད་ཀྱི་མཐོང་སྤང་སྤངས་པ་ལས་ཉམས་པ་སྲིད་པའི་ཕྱིར། ཁམས་གསུམ་ས་བརྒྱད་ཀྱི་མཐོང་སྤང་ལ་དགུ་དགུར་ཕྱེ་བ་ཞིག་ཡོད་པ་དེ་ཡང་འཇིག་རྟེན་པའི་ལམ་གྱིས་སྤོང་བའི་དབང་དུ་བྱས་པ་ཡིན་ཏེ། མཐོང་ལམ་གྱིས་ནི་དགུར་མི་འབྱེད་པར་ཅིག་ཆར་དུ་སྤོང་བའི་ཕྱིར། སྲིད་རྩེའི་མཐོང་སྤང་ལ་ནི་དགུར་འབྱེད་པ་མེད་དེ། འཇིག་རྟེན་པའི་ལམ་གྱིས་སྤོང་བ་མི་སྲིད་ཅིང༌། ཟག་མེད་ལམ་གྱིས་ཅིག་ཆར་དུ་སྤོང་བའི་ཕྱིར། མཐོང་ལམ་ཟག་མེད་ཀྱི་སྤངས་པ་ལས་ཉམས་པ་མི་སྲིད་ཀྱང༌། སྒོམ་ལམ་ཟག་མེད་ཀྱི་ནི་དེ་ལས་ཉམས་པ་སྲིད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་སྲིད་པའི་ཕྱིར། དང་པོ་ལས་མ་ཡིན་ཞེས་པའི་དོན་རྒྱུན་ཞུགས་ཁོ་ནར་ངེས་པ་མ་ཡིན་ཏེ། ཆགས་བྲལ་སྔོན་དུ་སོང་བའི་འབྲས་བུ་གཉིས་ལས་ཀྱང་མི་ཉམས་པའི་དོན་དུ་འཆད་པའི་ཕྱིར། དབང་པོ་འཕོ་བའི་ཚུལ་ལ། སློབ་པ་ལ་ནི་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་རེ་རེས་ཆོག་ལ། མི་སློབ་པ་ལ་ལམ་དགུ་དགུ་དགོས་ཤིང༌། དེའི་ཚེ་ན་སྤང་བྱ་ནི་ཤེས་བྱའི་སྒྲིབ་པ་ཁོ་ན་ཡིན་ཞིང༌། གཉེན་པོ་ནི་སྒོམ་པའི་ལམ་དང༌། མི་སློབ་པའི་ལམ་གཉིས་སུ་ངེས་ཤིང༌། འབྲས་བུ་ནི་རྣམ་པར་གྲོལ་བའི་ལམ་ཁོ་ན་ཡིན་གྱི། འགོག་པའི་བདེན་པ་ནི་ཁས་མི་ལེན་ཏེ། སྙོམས་འཇུག་གི་སྒྲིབ་པ་སྤངས་པ་བཞིན་ནོ། །སེམས་རྟེན་ནི་སློབ་པའི་ཚེ་ན། བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པས་ཁྱབ་སྟེ། དབང་པོ་འཕོས་པའི་ཚེ་ན་དེ་དང་དེའི་འབྲས་བུ་སྔ་མ་བཏང་ནས་ཕྱི་མ་རེ་རེ་གསར་དུ་རྙེད་པ་ཡིན་ལ། སློབ་འབྲས་གསུམ་པོ་གང་རུང་ཡིན་ན་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་པས་ཁྱབ་པའི་ཕྱིར། མི་སློབ་པ་དབང་པོ་འཕོ་བ་ནི། ཟག་མེད་ས་དགུ་པོ་གང་རུང་ལ་བརྟེན་ནས་འཕོ་བ་ཡིན་ཏེ། དེ་ནི་དེ་དགུ་པོ་གང་རུང་ལ་རྟེན་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་ཟག་མེད་ཀྱིས་ཐོབ་པའི་ཕྱིར་མི་འོང་གི་འབྲས་བུ་མི་སྲིད་དེ། དེ་གསུམ་གྱིས་འདོད་པ་ལ་ཆགས་བྲལ་བྱེད་པ་མི་སྲིད་ཅིང༌། གཟུགས་མེད་ལ་ཆགས་བྲལ་བྱས་པའི་འབྲས་བུ་རྣམས་ནི། ཕྱིར་མི་འོང་གི་འབྲས་བུར་གཞག་ཏུ་མི་རུང་བས་སོ། །བསམ་གཏན་གྱི་དངོས་གཞི་ལ་མི་མཚུངས་ཏེ། དེ་ལ་རྟེན་པའི་སྒོམ་ལམ་གྱི་སྤངས་པ་རྣམས་ཕྱིར་མི་འོང་གི་འབྲས་བུར་མི་རུང་ཀྱང༌། དེ་ལ་རྟེན་པའི་མཐོང་ལམ་ཟག་མེད་ཀྱིས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ཞིག་སྲིད་པའི་ཕྱིར་རོ། །མདོར་ན་ཕྱིར་མི་འོང་གི་འབྲས་བུ་གཟུགས་མེད་ལ་མི་རྟེན་པར་བཤད་པའི་དོན་ནི་དེ་ཡིན་ནོ། །གཞན་རྣམས་ནི་རྣམ་བཤད་ཇི་ལྟ་བ་བཞིན་ནོ། །གཉིས་པ་ཅིག་ཆར་པའི་དོགས་གཅོད་གོང་མ་བཞིན་བཤད་པ་ནི། འདོད་པའི་ཉོན་མོངས་གཅིག་ཙམ་ལ་ཡང་ཆགས་བྲལ་སྔོན་དུ་མ་སོང་བའི་རྒྱུན་ཞུགས་ཞིག་གིས་ཁམས་གསུམ་གྱི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་པོ་སྤོང་ཐེབས་དགུར་དྲིལ་ནས་སྤོང་བ་དང་སྤངས་བ་ལ་ཅིག་ཆར་བ་ཞེས་བརྗོད་དོ། །དེ་ཡང་དགྲ་བཅོམ་པའི་འབྲས་བུ་ཁོ་ན་ལ་ལྟོས་ནས་གཞག་དགོས་པ་ཡིན་ཏེ། སྔ་མ་ལ་རྒྱུན་དུ་ཞུགས་པས་ཁྱབ་ཅིང༌། ཕྱི་མ་ལ་དགྲ་བཅོམ་པས་ཁྱབ་པའི་ཕྱིར་རོ། །ཞུགས་པ་ལ་ནི་རྒྱུན་དུ་ཞུགས་པས་ཁྱབ་པ་ཡིན་ཏེ། དེ་འདྲ་དེ་ལ་ཕྱིར་མི་འོང་དང་ཕྱིར་འོང་མི་སྲིད་པའི་ཕྱིར། དང་པོ་ཤེས་པར་སླ་ལ། གཉིས་པའི་སྒྲུབ་བྱེད་ནི་ཕྱིར་འོང་ཡིན་ན་ཉོན་མོངས་པའི་དབང་གིས་འདོད་པར་ལན་ཅིག་སྐྱེ་བ་ལེན་པའི་རིགས་ཅན་ཡིན་པ་ལས། འདི་འདོད་པར་སྐྱེ་སྲིད་པ་དེ་ཡང་སྨོན་ལམ་གྱིས་ཡིན་གྱི། ཉོན་མོངས་པས་ཡིན་པ་མི་སྲིད་པའི་ཕྱིར་རོ། །འདིར་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་འཇུག་པ་ཕར་ཞོག ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ལ་གནས་པ་ཞེས་བྱ་བའི་དོན་དང་ཐ་སྙད་གཉིས་ཀ་སྲིད་པ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན་ཅིག་ཆར་བའི་འབྲས་བུ་ཡིན་པར་འགལ་བའི་ཕྱིར་ཏེ། སྤང་བྱ་ཅིག་ཆར་བའི་འབྲས་བུ་ཡིན་ན་ངོ་སྐལ་གྱི་སྒོམ་སྤང་སྤངས་པས་རབ་ཏུ་ཕྱེ་དགོས་ལ། རྒྱུན་ཞུགས་ཀྱི་འབྲས་བུ་ཡིན་ན་དེར་འགལ་བའི་ཕྱིར་རོ། །འོ་ན་བདེན་པ་མངོན་པར་རྟོགས་པའི་རྗེས་སུ་ཁམས་གསུམ་ལ་ཆགས་བྲལ་བྱེད་པ་དེ་ཟག་མེད་ཁོ་ནར་ངེས་སམ། ཟག་བཅས་ཀྱིས་བྱེད་པ་ཡང་ཡོད། ཟག་མེད་ཁོ་ནས་བྱེད་ན་ནི། ཅིག་ཆར་བྱེད་དམ། རིམ་གྱིས་བྱེད་པ་གང་རུང་ཞིག་ཏུ་ངེས་སམ། མཐའ་གཅིག་ཏུ་མ་ངེས་པ་ཡིན་ཞེས་རྣམ་པར་དཔྱོད་པ་དག་བྱུང་ན། དེར་ཞི་རགས་ཀྱི་རྣམ་པ་ཅན་གྱི་ས་འོག་མ་ལ་ཆགས་བྲལ་བྱེད་པ་ཞིག་ཁས་ལེན་ན་ནི། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་བྱ་བའི་ལུང་དང་འགལ་ཞིང༌། ཟག་མེད་ལམ་གྱིས་རིམ་གྱིས་ཆགས་བྲལ་བྱེད་པ་ཁོ་ན་ཡིན་ན་ནི། ཟག་པ་མེད་པའི་སྒོམ་ལམ་གྱིས་ཁམས་གསུམ་པའི་ཕུང་པོ་རིམ་གྱིས་བདག་མེད་པ་ཉིད་དུ་སྒོམ་དགོས་པར་འགྱུར་བ་དང༌། ཁམས་གསུམ་གྱི་གང་ཟག་གི་བདག་ཏུ་འཛིན་པ་གསུམ་རིམ་གྱིས་སྤོང་དགོས་པར་འགྱུར་རོ། །འོན་ཏེ་ཟག་པ་མེད་པའི་ལམ་གྱིས་ཁམས་གསུམ་ལ་ཆགས་བྲལ་ཅིག་ཆར་དུ་བྱེད་པ་ཉིད་དུ་ངེས་ན་ནི། རྒྱུན་ཞུགས་དང་དགྲ་བཅོམ་པ་གཉིས་ཀྱི་བར་ན་ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་མི་སྲིད་པར་འགྱུར་རོ། །ཞེས་རྒོལ་ན། ཀླན་ཀ་གསུམ་ལས་གང་མི་བདེ་བ་གཉིས་བསལ། གང་ཡང་རུང་བ་གཅིག་ཁས་བླངས་ནས་བཤད་པར་བྱའོ།།  །།གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ། འཕགས་སེང་གི་དགོངས་པ་སྤྱིར་བཤད་པ་དང༌། སློབ་དཔོན་གྱི་ལུགས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཉི་ཤུའི་གྲངས་ཇི་ལྟར་བགྲང་བའི་ཚུལ་དང༌། སོ་སོའི་ངོས་འཛིན་ནོ། །དང་པོ་ལ་ཉི་སྣང་གི་དགོངས་པ་དང༌། འགྲེལ་པ་དོན་གསལ་གྱི་ལུགས་སོ། །དང་པོ་ནི། འོག་མིན་འགྲོ་ནི་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་ལོགས་སུ་མི་བགྲང་བར་དགྲ་བཅོམ་ཞུགས་པ་ཁ་སྐང་སྟེ། གཞན་རྣམས་ནི་རྩ་བའི་ཚིག་གིས་ཇི་ལྟར་ཟིན་པ་བཞིན་བགྲངས་པས་ལྷག་པ་དང་ཆད་པ་མེད་དོ། །དེ་ཡང༌། དབང་པོ་རྟུལ་དང་རྣོན་པོ་དག །ཞེས་པ་ནི། ཉི་ཤུའི་གྲངས་བགྲང་བ་ན་གཉིས་ཁོ་ནར་བགྲང་བ་ཡིན་ཀྱང༌། མདོ་དང་སྦྱོར་བའི་ཚེ་ན་རྒྱུན་ཞུགས་ཞུགས་པ་དང༌། ཆགས་བྲལ་སྔོན་དུ་སོང་བའི་ཕྱིར་འོང་ཞུགས་པ་དང༌། དེའི་ཕྱིར་མི་འོང་ཞུགས་པ་སྟེ་གསུམ་པོ་རེ་རེ་ལ་རྗེས་འབྲང་གཉིས་སུ་དབྱེ་བས་དྲུག་དུ་འགྱུར་རོ། །དད་དང་མཐོང་ཐོབ་ཅེས་པ་ཉི་ཤུའི་གྲངས་བགྲང་བ་ན་གཉིས་ཁོ་ནར་འདྲེན་ལ། མདོ་དང་སྦྱོར་བ་ན་བཤད་མ་ཐག་པའི་ཞུགས་པ་གསུམ་པོ་དེས་འབྲས་བུ་མངོན་དུ་བྱས་པའི་གནས་སྐབས་ལ་དད་ཐོབ་གཉིས་གཉིས་སུ་ཕྱེ་བས་དྲུག་ཏུ་འགྱུར་རོ། །གཉིས་པ་ནི་རྒྱུན་ཞུགས་ཀྱི་སྐོར་ལ་ལྔ་བཤད་པ་ལས། འབྲས་གནས་ཙམ་པོ་ཁ་བསྐང་བ་ལྟ་བུར་སྣང་ཡང་དད་ཐོབ་ཀྱི་ནང་དུ་འདུས་སོ། །ཕྱིར་འོང་གི་སྐོར་གསུམ་ལ། ཞུགས་པ་ནི་ཆགས་བྲལ་སྔོན་དུ་མ་སོང་བའི་དབང་དུ་བྱས་ན་རྒྱུན་ཞུགས་ཁྱད་པར་ཅན་དང་དོན་གཅིག་པས། རྩ་བར་དད་ཐོབ་ཀྱི་མིང་གིས་བསྟན་ལ། དེ་སོང་བའི་དབང་དུ་བྱས་ན་རྩ་བར་དབང་པོ་རྣོ་རྟུལ་གྱི་མིང་གིས་བསྟན་པ་དེ་ཉིད་དོ། །འབྲས་གནས་ཙམ་པོ་ཁ་བསྐང་བ་ལྟ་བུར་སྣང་ཡང༌། རྩ་བར་དད་ཐོབ་ཀྱི་མིང་གིས་བསྟན་པ་དེ་ཉིད་དོ། །ཕྱིར་མི་འོང་གི་སྐོར་བཅུ་ལ། ཞུགས་པའི་བསྟན་ཚུལ་སྔ་མ་དང་འདྲ་ཞིང༌། ཙམ་པོ་ལོགས་སུ་མི་བགྲང་བར་ཁྱད་པར་ཅན་རྣམ་པ་དགུ་དང༌། དགྲ་བཅོམ་ཞུགས་པ། རང་སངས་རྒྱས་ཏེ་ཉི་ཤུར་བཤད་དོ། །གཉིས་པ་སོ་སོའི་ངོས་འཛིན་ལ། དབྱེ་གཞི་ནི་སྤྱིར་བྱང་སེམས་འཕགས་པ་ཙམ་ཡིན་ལ། བྱེ་བྲག་ཏུ་ཞུགས་གནས་དང་པོ་གསུམ་གྱི་དབྱེ་གཞི་ནི། ཐེག་ཆེན་གྱི་མཐོང་བའི་ལམ་དང༌། དེའི་རྗེས་ཐོབ་ལ་གནས་པ་གང་རུང་ཁོ་ནར་ངེས་པ་ཡིན་གྱི། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དང་པོ་ལ་གནས་པ་ཕན་ཆད་ནི། འདིར་བཟུང་བར་བྱ་བ་མ་ཡིན་ཏེ། ཉི་སྣང་དུ། མཐོང་ཆོས་ཞི་དང༌། ལུས་མངོན་བྱེད་ཡན་ཆད་ཀྱི་དབྱེ་གཞི་སྐབས་གཉིས་པ་ནས་འཆད་པའི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལ་རྟེན་པར་བཤད་ཀྱི། སྒོམ་སྤང་སྤོང་ཚུལ་གྱི་ཆ་ནས་བཞག་པ་མེད་པའི་ཕྱིར་རོ། །དགྲ་བཅོམ་ཞུགས་པ་ནི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་གཞག་གོ །དེའི་ཤེས་བྱེད་ཀྱང་མཚོན་བྱ་དོན་གྱི་དགྲ་བཅོམ་འབྲས་གནས་ནི་སངས་རྒྱས་ཀྱི་ས་ཁོ་ནར་གཞག་དགོས་པ་ལ་ཐུག་པ་ཡིན་ཏེ། དེའི་ཞུགས་པ་ཡིན་ན་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤོང་བ་ལ་ཞུགས་དགོས་པའི་ཕྱིར་རོ། །དེ་ལ་ཞུགས་གནས་དང་པོ་གསུམ་གྱི་སྤངས་རྟོགས་ཀྱི་ཁྱད་པར་ལ། རྒྱུན་ཞུགས་ཀྱི་ཞུགས་གནས་ནི་ཆགས་བྲལ་སྔོན་དུ་མ་སོང་བའི་སྒོ་ནས་འཆད་ལ། གཞན་གཉིས་ནི་ཆགས་བྲལ་སྔོན་དུ་སོང་བ་ཁོ་ནའི་སྒོ་ནས་འཆད་པ་ཡིན་ཏེ། དེ་སྔོན་དུ་མ་སོང་བའི་བྱང་སེམས་འཕགས་པ་ལ་ནི་ཕྱིར་འོང་དང་ཕྱིར་མི་འོང་དུ་འཇོག་བྱེད་ཀྱི་སྤངས་པའི་ཁྱད་པར་སོ་སོར་ངེས་པ་མེད་པས་ཁྱབ་པའི་ཕྱིར་ཏེ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་དུ་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པས་ཁྱབ་པའི་ཕྱིར་རོ། །འོ་ན་འདོད་ཉོན་དྲུག་པ་ཙམ་ལ་ཆགས་བྲལ་སྔོན་དུ་སོང་བའི་ཐེག་ཆེན་གྱི་མཐོང་ལམ་པ་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་དེ་ལའང་ཕྱིར་མི་འོང་ཡིན་མིན་གྱི་དབྱེ་བ་མེད་པར་འགྱུར་ཏེ། དེས་འདོད་པའི་ཉོན་མོངས་མ་ལུས་པར་སྤངས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཞེ་ན། འདིའི་ལན་ཞིབ་མོར་ཕྱེ་སྟེ་བཤད་ན། བྱང་སེམས་ཀྱི་ཆགས་བྲལ་སྔོན་སོང་འདི་ལ་གཉིས་ཏེ། དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བ་དང༌། དེ་མ་སོང་བར་འཇིག་རྟེན་པའི་ལམ་ཙམ་གྱིས་ཆགས་བྲལ་སྔོན་དུ་སོང་བའོ། །དང་པོས་ནི་ཉོན་མོངས་པའི་ནུས་པ་གཉིས་ཀ་མ་ལུས་པར་སྤངས་པ་ཡིན་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་དང༌། འཁོར་བར་སྐྱེ་བ་ལེན་པའི་ནུས་པ་གཉིས་ཀ་སྤངས་པའི་ཕྱིར་ཏེ། འཁོར་བ་སྤངས་པའི་ཐར་པ་དོན་གཉེར་གྱི་བློས་གང་ཟག་གི་བདག་མེད་ཆེད་དུ་གཉེར་ནས་བསྒོམ་པས་སོ། །དེ་བཞིན་དུ་ཕྱིར་མི་འོང་བའི་རྟོགས་པ་སྔོན་དུ་སོང་བས་ཀྱང་འདོད་པའི་འདོད་ཆགས་ཀྱི་ནུས་པ་གཉིས་ཀ་སྤངས་པ་ཡིན་ཏེ། སྒྲུབ་བྱེད་སྔ་མ་དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གཉིས་ལས། དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པ་ནི་མཚོན་བྱ་དོན་གྱི་ཞུགས་གནས་བརྒྱད་པོ་གང་དུ་ཡང་མི་བཞག་སྟེ། ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་སྤངས་ཤིང༌། འདོད་སྲིད་ཀྱི་བག་ལ་ཉལ་གྱིས་འཁོར་བར་སྐྱེ་བ་ལེན་པའི་ནུས་པ་ཡང་སྤངས་པས། མཚོན་བྱ་དོན་གྱི་སློབ་འབྲས་གསུམ་གཞག་ཏུ་མི་རུང་བའི་ཕྱིར་དང༌། མཚོན་བྱ་དོན་གྱི་དགྲ་བཅོམ་ཞུགས་པར་འཇོག་པ་ལ། སྲིད་རྩེའི་ཉོན་མོངས་ཀྱི་ནུས་པ་གཉིས་པ་དེ་སྤོང་བ་ལ་ཞུགས་པ་ཞིག་དགོས་པ་ལས། དེ་ཡང་དེ་ལ་མེད་པའི་ཕྱིར་རོ། །འོ་ན་དེ་ཐེག་པ་ཆེན་པོར་ཞུགས་ནས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་གང་ཞིག་ཡོད་ཅེ་ན། མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་ཀྱིས་སྲིད་པར་སྐྱེ་བ་ཡོངས་སུ་ལེན་པར་བྱེད་དོ། །གཉིས་པ་ཕྱིར་མི་འོང་གི་རྟོགས་པ་སྔོན་དུ་སོང་བ་ནི། ཐེག་ཆེན་གྱི་མཐོང་ལམ་བཅོ་ལྔ་དང༌།                   རྗེས་མ།  >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*