ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་མངོན་པར་རྟོགས་པའི་རྒྱན། ཀ ༽

༼ག༽༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་ལུས་དང་ཡན་ལག་རྒྱས་པར་བཤད་པ་ལུང་དོན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་མངོན་པར་རྟོགས་པའི་རྒྱན་གྱི་ལུས་དང་ཡན་ལག་རྒྱས་པར་བཤད་པ། ལུང་གི་དོན་རྒྱ་མཚོ་ཞེས་བྱ་བ། སྨྲ་བ་རྣམས་ཀྱི་མཆོག་ཐམས་ཅད་མཁྱེན་པ་དེ་ལ་གཡོ་དང་ཟོལ་མེད་པས་ལན་གཅིག་མིན་པར་ཕྱག་འཚལ་ལོ། །ལེགས་པར་བཤད་པའི་རྔ་ཆེན་ཀུན་དགའི་སྒྲ། །ཀུན་ཁྱབ་དཔལ་མོའི་ཁྱོན་དུ་ཆེར་སྒྲུགས་པའི། །ཡིད་ཅན་འདི་ཀུན་ངང་གིས་འདུན་མཛད་པའི། །ཀུན་མཁྱེན་ལྷ་ཡི་ལྷ་དེ་རྟག་པར་རྒྱལ། །མཁྱེན་ལྡན་ཐུགས་རྗེའི་སྟོབས་ཀྱི་དཔུང་ཚོགས་ཀྱིས། །རྨོངས་ཤིང་ཁྲོས་པའི་མི་བསྲུན་དཔུང་གི་སྡེ། །མཐའ་དག་ཕྱོགས་ཀྱི་ཕ་མཐར་སྒྲོལ་མཛད་པའི། །བཅོམ་ལྡན་བདུད་ཀྱི་བདུད་དེས་འགྲོ་འདི་བསྲུངས། །ཐུབ་བསྟན་ཆུ་བོ་སྟོང་ཕྲག་བསྡུད་མཛད་ཅིང༌། །ལུང་དང་རིགས་པའི་ཆུ་ཀླུང་འབུམ་ཕྲག་གིས། །འགྲོ་འདི་རྒུད་པ་སེལ་ལ་བརྩོན་གྱུར་པ། །ཡང་དག་དགེ་བའི་བཤེས་ཀྱིས་མགོན་མཛོད་ཅིག །དེ་ལས་རྒྱུད་པའི་གཞུང་ལུགས་སྒྲོལ་མང་གིས། །གང་བློའི་གཏིང་མཐའ་ཡངས་པར་ངལ་བསོ་བ། །དེ་ལས་ཡུམ་གྱི་ལུས་དང་ཡན་ལག་བཅས། །གཞུང་གཞན་ལེགས་བཤད་ཀྱིས་བརྒྱན་འདིར་བཤད་བྱ།།  །།དེ་ལ་འདིར་གང་བཤད་པར་བྱ་བའི་ཆོས་ནི་ཡུམ་གྱི་ལུས་བརྒྱད་དང༌། ཡན་ལག་བདུན་ཅུར་གྲགས་པ་དང༌། དེ་དག་གི་ཉིང་ལག་སོ་སོའི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། ས་མཚམས་དང་བཅས་པ་རགས་པ་ཙམ་ཞིག་ཡིན་ལ། འདི་ལ་ཐོག་མར་བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་བར་འགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བ་དང་གསུམ། དང་པོ་ལ། རྒྱན་གྱི་རྩ་བའི་མདོ་གང་ཡིན་པ་དང༌། རྒྱན་ལ་སྲོལ་འབྱེད་དུ་ཞིག་ཡོད་པ་དང༌། སྲོལ་འབྱེད་དེ་ལས་གང་གི་རྗེས་སུ་འབྲང་བ་དང་གསུམ། དང་པོ་ནི། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་དང༌། ཁྲི་བརྒྱད་སྟོང་པ་དང༌། བསྡུད་པ་དང་ལྔ་ནི། རྒྱན་གྱི་བཤད་བྱའི་གཙོ་བོ་ཡིན་ཏེ། ཆེན་པོ་རྣམས་ཀྱིས་མདོ་དེ་དག་དང་རྒྱན་དངོས་སུ་སྦྱར་བའི་བཤད་པ་མཛད་ལ། གཞན་དང་དངོས་སུ་མ་སྦྱར་བའི་ཕྱིར། དེ་ལྟར་མཛད་པ་ཡང་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེ་དང༌། བདག་ཉིད་ཆེན་པོ་རྒྱལ་བའི་སྲས་པོ་སེང་གེ་བཟང་པོ་རྣམས་ཀྱིས་ཉི་ཁྲི་དང་རྒྱན་སྦྱར། སློབ་དཔོན་ཉིད་དང༌། ཤནྟི་པ་དང༌། འཇིགས་མེད་གསུམ་གྱིས་བརྒྱད་སྟོང་པ་དང་རྒྱན་སྦྱར། ཡང་སློབ་དཔོན་ཉིད་དང༌། སངས་རྒྱས་ཡེ་ཤེས་ཞབས། ཁ་ཆེ་དྷརྨ་ཤྲཱི་རྣམས་ཀྱིས། བསྡུད་པ་དང་རྒྱན་སྦྱར། ཡང་སློབ་དཔོན་ཉིད་ཀྱིས་འགྲེལ་ཆུང་དང༌། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ་དང༌། སྨྲི་ཏི་ཛྙ་ནས་མཛད་པར་གྲགས་པའི་ཡུམ་གསུམ་མཐུན་པར་དོན་བརྒྱད་ཀྱིས་སྟོན་པ་སྟེ། གསུམ་པོ་དེས་འབུམ་དང་ཡང་མངོན་པར་རྟོགས་པའི་རྒྱན་སྦྱར་བའི་ཕྱིར། དེ་ལྟར་ན་མདོ་དང་རྒྱན་སྦྱར་བའི་འགྲེལ་པ་བཅུ་གསུམ་མོ། །གཉིས་པ་རྒྱན་ལ་སྲོལ་འབྱེད་དུ་ཞིག་ཡོད་པ་ནི། མདོ་ཕྱོགས་རེ་བའི་དགོངས་འགྲེལ་དུ་བཀྲལ་བ་དང༌། ཡུམ་གསུམ་ཆར་གྱི་དགོངས་འགྲེལ་དུ་བཀྲལ་བ་གཉིས། དང་པོ་ནི། འཕགས་པ་དང་བཙུན་པའི་འགྲེལ་པ་ལྟ་བུ་ཡིན་ལ། གཉིས་པ་ནི། སློབ་དཔོན་དང་དེའི་རྗེས་འཇུག་གིས་མཛད་པའི་འགྲེལ་པ་རྣམས་སོ། །ཡང་རྣམ་པར་རིག་པ་ཙམ་གྱིས་ཚུལ་ལ་བརྟེན་པའི་སྲོལ་འབྱེད་དང༌། ངོ་བོ་ཉིད་མེད་པར་སྨྲ་བའི་ཚུལ་ལ་བརྟེན་པའི་སྲོལ་འབྱེད་གཉིས་ཀྱང་ཡོད་ལ། དང་པོ་ནི། སློབ་དཔོན་དབྱིག་གཉེན་དང༌། ཤནྟི་པས་མཛད་པའི་འགྲེལ་པ་རྣམས་ཡིན་ལ། གཉིས་པ་ནི། འཕགས་སེང་དང༌། འཇིགས་མེད་ཀྱིས་མཛད་པའི་འགྲེལ་པ་རྣམས་ཡིན་ནོ། །ཁྱད་པར་དུ་འགྲེལ་པ་དོན་གསལ་འདིའི་ཕྱོགས་དང་མཐུན་ཅིང༌། རྗེས་སུ་འཇུག་པའི་འགྲེལ་པ་ནི་བརྒྱད་དེ། དོན་གསལ་འདི་ཉིད་ཀྱི་འགྲེལ་བཤད་ཚིག་གསལ་ཞེས་གྲགས་པ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པ་དང༌། རྟོགས་དཀའི་སྣང་བ་ཞེས་གྲགས་པ་གསེར་གླིང་པས་མཛད་པ་དང༌། འགྲེལ་ཆུང་གི་བསྡུས་དོན་དུ་གྲགས་པ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ་དང༌། ཇོ་བོ་ཆེན་པོ་རྗེས་མཛད་པའི་བསྡུས་དོན་སྒྲོན་མེ་དང༌། ཁ་ཆེ་གཞོན་དུ་དཔལ་གྱི་མཛད་པའི་བསྡུས་དོན་དང༌། རཏྣ་ཀིརྟིས་མཛད་པའི་འགྲེལ་པ་གྲགས་པའི་ཆ་ཞེས་པ་དང༌། བུདྡྷ་ཤྲཱིས་མཛད་པའི་ཤེས་རབ་སྒྲོན་མའི་ཕྲེང་བ་དང༌། འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཐུབ་པའི་དགོངས་རྒྱན་རྣམས་སོ། །གསུམ་པ་ནི། བཤད་པའི་སྲོལ་དེ་དག་ལས། རྒྱལ་སྲས་ཆེན་པོ་བཟང་པོའི་ཞབས་ཀྱི་འགྲེལ་པ་དོན་གསལ་དུ་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲང་བའི་ཕྱིར་ཏེ། སློབ་དཔོན་འདིས་ནི་རྗེ་བཙུན་ཉིད་ལ་དངོས་སུ་སྣང་བ་ཐོབ་ནས་ཡུམ་དོན་དབུ་མར་བཀྲལ་ཞིང་ཡུམ་གསུམ་ཀའི་རྒྱན་དུ་སྦྱར་བས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། གུས་པའི་ཡན་ལག་མཆོད་བརྗོད། གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ། བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པའོ། །དང་པོ་ལ། རང་སྲས་འཕགས་པ་ལ་ཕན་འདོགས་བྱེད་ཀྱི་མཁྱེན་པ་དེ། རང་སྲས་འཕགས་པའི་ཡུམ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཟག་མེད་ཀྱི་ཕུང་པོ་བསྐྱེད་བྱེད་ཀྱི་ཡུམ་དང༌། བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་གཉིས། དང་པོ་ལ་མཚན་ཉིད་ནི། རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་གསར་དུ་སྒྲུན་བྱེད་ཀྱི་མཁྱེན་པ་དེ། རང་སྲས་འཕགས་པའི་ཟག་མེད་ཀྱི་ཕུང་པོ་བསྐྱེད་བྱེད་ཀྱི་ཡུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐེག་པ་ཆེན་པོའི་ཆོས་ལ་མོས་པ། བདག་མེད་རྟོགས་པའི་ཤེས་རབ། བརྩེ་བ་སྙིང་རྗེ་ཆེན་པོ། བསམ་གཏན་དེ་བཞི། དེའི་ནང་ནས་ཤེས་རབ་ནི་ཡུམ་མཚན་ཉིད་པ་ཡིན་ལ། གཞན་གསུམ་ནི་ཟག་མེད་ཀྱི་ཕུང་པོ་བསྐྱེད་བྱེད་མཚན་ཉིད་པ་དང༌། ཡུམ་བཏགས་པ་བ་ཡིན་ནོ། །གཉིས་པ་ལ་མཚན་ཉིད་ནི། རང་སྲས་འཕགས་པའི་བཞེད་དོན་སྒྲུབ་ནུས་ཀྱི་མཁྱེན་པ་དེ། བཞེད་དོན་སྒྲུབ་ནུས་ཀྱི་ཡུམ་མམ། འདི་བསྟན་མཆོད་བརྗོད་ཡུལ་དུ་གྱུར་པའི་ཡུམ་གྱི་མཛད་ཉིད། དབྱེ་ན། ཡུམ་གཞི་ཤེས། ལམ་ཤེས། རྣམ་མཁྱེན་དང་གསུམ། རང་སྲས་ཐེག་དམན་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་གཞི་ཤེས་ཀྱི་མཚན་ཉིད། དེ་ནི་གཞི་ཤེས་མཐའ་དག་ལ་བྱ། དེ་ཡང་ཐེག་དམན་གྱི་གཞི་ཤེས་ནི་ཐེག་དམན་གྱི་བཞེད་དོན་དངོས་སུ་སྒྲུབ་བྱེད་ཡིན་ལ། བྱང་སེམས་ཀྱི་གཞི་ཤེས་ནི་བརྒྱུད་ནས་བཞེད་དོན་སྒྲུབ་བྱེད་ཡིན་ནོ། །འདིར་ཐེག་དམན་གྱི་བཞེད་དོན་ནི། ཐེག་དམན་གྱི་ཉེར་ཞི་གཉིས་ཡིན་ལ། ཉོན་མོངས་པའི་ཀུན་འབྱུང་མ་ལུས་པར་སྤངས་ཤིང༌། ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུ་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བཅས་པའི་དམན་པའི་སོ་སོར་བརྟག་འགོག་དེ། དམན་པའི་ལྷག་བཅས་མྱང་འདས་ཀྱི་མཚན་ཉིད། དེ་ནི་སྐུ་ཚེའི་འདུ་བྱེད་མ་བཏང་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སོ་སོར་བརྟགས་འགོག་ལྟ་བུ་ལ་བྱ། ཉོན་མོངས་པའི་ཀྱུང་མ་ལུས་པར་སྤང་ཤིང༌། ཉོན་མོངས་པའི་རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྡུག་བསྔལ་གྱི་ཕུང་པོ་དང་བྲལ་བའི་དམན་པའི་སོ་སོར་བརྟགས་འགོག་དེ། དམན་པའི་ལྷག་མེད་མྱང་འདས་ཀྱི་མཚན་ཉིད། དེ་ནི་སྐུ་ཚེའི་འདུ་བྱེད་བཏང་བའི་བརྟགས་འགོག་ལྟ་བུའོ། །རང་སྲས་བྱང་སེམས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་ལམ་ཤེས་ཀྱི་མཚན་ཉིད། དེ་ནི་ལམ་ཤེས་མཐའ་དག་ལ་བྱ། དེ་ལ་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་ཤེས་ཀྱིས་ནི་བྱང་སེམས་ཀྱི་བཞེད་དོན་དངོས་སུ་སྒྲུབ། སངས་རྒྱས་ཀྱི་ལམ་ཤེས་ཀྱིས་ནི་བྱང་སེམས་ཀྱི་བཞེད་དོན་བརྒྱུད་ནས་སྒྲུབ་པར་བྱེད་དོ། །འདིར་བྱང་སེམས་ཀྱི་བཞེད་དོན་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་བླངས་པའི་སྒོ་ནས་འཇིག་རྟེན་གྱི་དོན་སྒྲུབ་པ་མཛད་པའོ། །རང་སྲས་སངས་རྒྱས་འཕགས་པའི་བཞེད་དོན་སྒྲུབ་བྱེད་ཀྱི་མཁྱེན་པ་དེ། ཡུམ་རྣམ་མཁྱེན་གྱི་མཚན་ཉིད། དེ་ནི་རྣམ་མཁྱེན་ཙམ་ལ་བྱའོ། །དེ་ཡང་རྣམ་མཁྱེན་རྗེས་མཐུན་པས་ནི། སངས་རྒྱས་ཀྱི་བཞེད་དོན་བརྒྱུད་ནས་བསྒྲུབ་པར་བྱེད་ལ། རྣམ་མཁྱེན་མཚན་ཉིད་པས་ནི་དངོས་སུ་སྒྲུབ་པར་བྱེད་དོ། །སངས་རྒྱས་འཕགས་པའི་བཞེད་དོན་ནི་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡིན། དེ་ལ་མཚན་ཉིད་དང༌། མཚན་གཞིའི་དབྱེ་བ་གཉིས། དང་པོ་ལ། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པ་དེ། ཆོས་ཀྱི་འཁོར་ལོའི་མཚན་ཉིད། དེ་ལ་དབྱེ་ན། ལུང་གི་ཆོས་འཁོར། རྟོགས་པའི་ཆོས་འཁོར་གཉིས། དང་པོ་ལ། རྟོགས་པའི་ཆོས་འཁོར་བརྗོད་བྱར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེ། ལུང་གི་ཆོས་འཁོར་གྱི་མཚན་ཉིད་ཡིན། དེ་ལ་དུས་ཀྱི་སྒོ་ནས་དབྱེ་ན། བཀའ་དང་པོ་དང༌། བར་པ་དང༌། ཐ་མ་དང་གསུམ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་གཙོ་བོར་གསུངས་ཤིང༌། དུས་དང་པོར་གསུངས་པའི་སངས་རྒྱས་ཀྱི་བཀའ་དེ། བཀའ་དང་པོའི་མཚན་ཉིད། དེ་ནི་འདུལ་བ་ལུང་སྡེ་བཞི་ལྟ་བུ་ལ་ཟེར། དེ་ཡང་རྩ་བའི་ལུང་ནི་དགེ་སློང་ཕའི་སོ་སོར་ཐར་པའི་མདོ་དང༌། དགེ་སློང་མའི་སོ་སོར་ཐར་པའི་མདོ་ལ་བྱ། བཤད་པའི་ལུང་ནི། རྣམ་པར་འབྱེད་པ་དང༌། གཞི་དང༌། ཕྲན་ཚེགས་དང༌། གཞུང་དམ་པའོ། །དེ་དག་གི་གཞུང་ཚད་ནི། གཞི་ལ་བམ་པོ་བརྒྱ་དང་དགུ། །རྣམ་འབྱེད་གྱ་གསུམ་ཕྲན་ཚེགས་ལ། །ང་དགུ་གཞུང་དམ་ལྔ་ཅུ་ལྔ། །ཞེས་པའོ། །གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་གསུངས་ཤིང༌། དུས་བར་དུ་གསུངས་པའི་སངས་རྒྱས་ཀྱི་བཀའ་དེ། གཉིས་པའི་མཚན་ཉིད། དེ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་ལ་བྱའོ། །གདུལ་བྱ་སྣ་ཚོགས་ལ་གསུངས་ཤིང༌། དུས་ཐ་མར་གསུངས་པའི་སངས་རྒྱས་ཀྱི་བཀའ་དེ། བཀའ་ཐ་མའི་མཚན་ཉིད། དེ་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ལྟ་བུ་ལ་བྱའོ། །ཡང་ལུང་གི་ཆོས་འཁོར་ལ་བརྗོད་བྱའི་སྒོ་ནས་དབྱེ་ན། བདེན་བཞིའི་ཆོས་འཁོར། མཚན་ཉིད་མེད་པའི་ཆོས་འཁོར། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དང་གསུམ། དང་པོ་ལ། མཚན་ཉིད་ནི། འཕགས་པའི་བདེན་པ་བཞི་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ། འདི་ལ་དབྱེ་ན། བཀའ་དང་པོ། བར་པ། ཐ་མ་དང་གསུམ། དང་པོ་ནི། འདུལ་བ་ལུང་ལྟ་བུ། གཉིས་པ་ནི། བདེན་པ་བཞི་གཙོ་བོ་སྟོན་པའི་ཤེར་ཕྱིན་གྱི་མདོའི་ཆ་ཤས་ལྟ་བུའོ། །གསུམ་པ་ནི། བདེན་པ་བཞི་གཙོ་བོར་བྱས་ནས་སྟོན་པའི་བཀའ་ཐ་མའི་ཆ་ཤས་འགའ་ཞིག་ལྟ་བུ་ལ་བྱའོ། །རྣམ་ཐར་སྒོ་གསུམ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེ། མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད། འདི་ལ་ཡང༌། བཀའ་དང་པོ་དང༌། བར་པ་དང༌། ཐ་མ་གསུམ། དང་པོ་ནི། རྣམ་ཐར་སྒོ་གསུམ་བརྗོད་བྱའི་གཙོ་བོར་སྟོན་པའི་འདུལ་བ་ལུང་གི་ཆ་ཤས་འགའ་ཞིག་ལྟ་བུ། གཉིས་པ་ནི། ཤེར་ཕྱིན་གྱི་མདོ་ལྟ་བུ། གསུམ་པ་ནི། སྟོང་ཉིད་བརྗོད་བྱའི་གཙོ་བོར་སྟོན་པའི་བཀའ་ཐ་མའི་ཆ་ཤས་འགའ་ཞིག་ལྟ་བུའོ། །ཀུན་བཏགས། གཞན་དབང༌། ཡོངས་གྲུབ་གསུམ་དུ་ཕྱེ་ནས་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེ། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་མཚན་ཉིད། འདི་ལ་ཡང༌། བཀའ་དང་པོ་དང༌། བར་པ་དང༌། ཐ་མ་དང་གསུམ་སྟེ། དེ་ཡང་རིམ་བཞིན་དུ། དེ་ལྟར་ཕྱེ་ནས་སྟོན་པའི་འདུལ་བ་ལུང་གི་ཆ་ཤས་འགའ་ཞིག་དང༌། དེ་མ་རྫོགས་དང་རབ་རྫོགས་དང༌། །ཞེས་པའི་སྐབས་ཀྱི་ཤེས་ཕྱིན་གྱི་མདོ་ལྟ་བུ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལྟ་བུའོ། །དེ་ལྟར་ན། བཀའ་དང་པོ་དང༌། བར་པ་དང༌། ཐ་མ་གསུམ་པོ་རེ་རེ་ལ་ཡང་བདེན་བཞིའི་ཆོས་འཁོར། མཚན་ཉིད་མེད་པའི་ཆོས་འཁོར། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་དེ། གསུམ་གསུམ་དུ་ཕྱེ་བས་དགུར་རིག་པར་བྱའོ། ༈ །ཡང་ལུང་གི་ཆོས་འཁོར་ལ། གྲངས་ངེས་ཀྱི་སྒོ་ནས་དབྱེ་ན། དྲང་དོན་གྱི་མདོ་དང༌། ངེས་དོན་གྱི་མདོ་རྣམ་པ་གཉིས། གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་ལ་སྟོང་ཉིད་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེ། ངེས་དོན་གྱི་མདོའི་མཚན་ཉིད། དེ་ནི་ཤེར་ཕྱིན་གྱི་མདོ་ལྟ་བུའོ། །ཤེར་ཕྱིན་གྱི་མདོའི་ཆ་ཤས་སུ་གྱུར་པའི་དྲང་དོན་གྱི་མདོ་ཡང་ཡོད་དེ། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་ཀུན་རྫོབ་བདེན་པ་བརྗོད་བྱར་སྟོན་པའི་ཤེར་ཕྱིན་གྱི་མདོའི་ཆ་ཤས་འགའ་ཞིག་ཡོད་པའི་ཕྱིར། དེ་ཡང་དཔེར་ན། སློབ་མ་བསེ་རུའི་ལམ་གང་ཞེས་པའི་སྐབས་ཀྱི་མདོ་ལྟ་བུ་དང༌། ཡུལ་ངེས་པ་དང་ཞེས་པའི་སྐབས་ཀྱི་མདོ་ལྟ་བུའོ། །གདུལ་བྱ་སྣ་ཚོགས་འདུལ་བའི་དོན་དུ་ཀུན་རྫོབ་བདེན་པ་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དེ། དྲང་དོན་གྱི་མདོའི་མཚན་ཉིད། དེ་ནི་འདུལ་བ་ལུང་སྡེ་བཞི་ལྟ་བུ་ལ་བྱའོ། །དེའི་ཆ་ཤས་སུ་གྱུར་པའི་ངེས་དོན་གྱི་མདོ་མེད་པ་མིན་ཏེ། དེའི་ཆ་ཤས་སུ་གྱུར་པའི་མཚན་ཉིད་མེད་པའི་ཆོས་འཁོར་ཡོད་པའི་ཕྱིར། དེ་དག་ནི་བརྗོད་བྱའི་སྒོ་ནས་དྲང་ངེས་སུ་བཞག་པ་ཡིན་ལ། འདིར་ནི་དེ་ཉིད་ཁས་ལེན་ནོ། །སྐབས་གཞན་དུ་ནི་བརྗོད་བྱེད་ཀྱི་སྒོ་ནས་དྲང་ངེས་སུ་བཞག་པ། གདུལ་བྱའི་སྒོ་ནས་དྲང་ངེས་སུ་བཞག་པ། གྲུབ་མཐའི་སྒོ་ནས་དྲང་ངེས་སུ་བཞག་པ་ཡང་ཡོད་དེ། དང་པོ་ནི། སྒྲ་ཇི་བཞིན་མ་ཡིན་པའི་སངས་རྒྱས་ཀྱི་གསུང་རབ་དེ། དྲང་དོན་གྱི་མདོའི་མཚན་ཉིད། དེ་ནི་དགོངས་པ་ཅན་དང་ལྡེམ་པོར་དགོངས་པའི་མདོ་རྣམས་ལ་ཟེར། དྲང་དོན་གྱི་མདོ་གང་ཞིག་དགོངས་གཞི་གཙོ་བོར་སྟོན་པ་དེ། དགོངས་པ་ཅན་གྱི་མདོའི་མཚན་ཉིད། དེ་ལ་དབྱེ་ན། མཉམ་པ་ཉིད་ལ་དགོངས་པ། དུས་གཞན་ལ་དགོངས་པ། དོན་གཞན་ལ་དགོངས་པ། གང་ཟག་གི་བསམ་པ་ལ་དགོངས་པ་བཞི། དྲང་དོན་གྱི་མདོ་གང་ཞིག དགོས་པ་གཙོ་བོར་སྟོན་པ་དེ། ལྡེམ་དགོངས་ཀྱི་མདོའི་མཚན་ཉིད། དེ་ལ་དབྱེ་ན། གཞུག་པ་ལྡེམ་པོར་དགོངས་པ། སྒྱུར་བ་ལྡེམ་པོར་དགོངས་པ། མཚན་ཉིད་ལྡེམ་པོར་དགོངས་པ། གཉེན་པོ་ལྡེམ་པོར་དགོངས་པ་དང་བཞི། དགོངས་ལྡེམ་དགོངས་ཀྱི་མདོ་གཉིས་འགལ་བ་ནི་མིན་ཏེ། དགོངས་པ་ཅན་བཞི་ཀ་གཉེན་པོ་ལེམ་དགོངས་ཀྱི་ནང་དུ་འདུས་པའི་ཕྱིར། དྲང་ངེས་ཀྱི་བཤད་ཚུལ་གཉིས་པ་ལ། གདུལ་བྱ་གཙོ་བོར་ལམ་ལ་གཞུག་པའི་ཕྱིར་དུ་གསུངས་པའི་མདོ་དེ་དྲང་དོན་གྱི་མདོའི་མཚན་ཉིད། གདུལ་བྱ་གཙོ་བོར་ལམ་གྱི་འབྲས་བུ་ལ་གཞུག་པའི་ཕྱིར་དུ་གསུངས་པའི་མདོ་དེ་ངེས་དོན་གྱི་མདོའི་མཚན་ཉིད། དྲང་ངེས་ཀྱི་བཤད་ཚུལ་གསུམ་པ་ལ། གྲུབ་མཐའ་རང་ལུགས་ཀྱི་ངེས་དོན་མཐར་ཐུག་སྟོན་པའི་མདོ་ཡིན་ཡང༌། གྲུབ་མཐའ་གོང་མ་ལ་ལྟོས་ཏེ་དྲང་དོན་གྱི་མདོར་བཞག་དགོས་པ་དེ། དྲང་དོན་གྱི་མདོའི་མཚན་ཉིད། དེ་ནི་སེམས་ཙམ་པ་གཙོ་བོར་འདོད་པའི་མདོ་ལྟ་བུ་ལ་ཟེར། དེ་ལྟར་བཞག་མི་དགོས་པའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། དེ་ནི་དབུ་མ་པ་གཙོ་བོར་འདོད་པའི་མདོ་ལྟ་བུ་ལ་བྱ། ཡང་ལུང་གི་ཆོས་འཁོར་ལ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དང་གསུམ། དང་པོ་ལ། མཚད་ཉིད་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་རྣམ་དག གཉིས་པ་ལ་མཚན་ཉིད་ནི། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་རྣམ་དག གསུམ་པ་མཚན་ཉིད་ནི། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་རྣམ་དག དེའི་མཚན་གཞི་ནི་བྱེ་བྲག་ཏུ་སྨྲ་བ་མངོན་པ་སྡེ་བདུན་ལྟ་བུ་ལ་འདོད་ལ། སྡེ་བདུན་ནི། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཡེ་ཤེས་ལ་འཇུག་ཀ་ཏའི་བུས། །རབ་ཏུ་བྱེད་པ་དབྱིག་ཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །ཞེས་པའོ། །མདོ་སྡེ་པ་ལྟར་ན། མངོན་པའི་སྡེ་སྣོད་ཞེས་བྱ་བ་པོ་ཏི་དང་གླེགས་བམ་ལོགས་སུ་བྱས་པ་མེད་ཀྱི། འདུལ་བ་དང་མདོ་སྡེའི་ནང་ནས། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་སྟོན་པའི་གསུང་རབ་སིལ་བུར་གནས་པ་གང་ཡིན་པ་དེའོ། །ཞེས་ཟེར་རོ། །རྣལ་འབྱོར་དཔྱོད་པ་པ་ན་རེ། ཆོས་མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ལྟ་བུ་ལ་འདོད་དོ། །ཡང་གདུལ་བྱའི་སྒོ་ནས་དབྱེ་ན། ཐེག་པ་ཆེན་པོའི་སྡེ་སྣོད་དང༌། ཐེག་པ་ཆུང་ངུའི་སྡེ་སྣོད་གཉིས། ཐེག་པ་ཆེན་པོའི་ལམ་དང་འབྲས་བུའི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན་མདོ་སྡེ་ས་བཅུ་པ་ལྟ་བུ། ཐེག་པ་ཆེན་པོ་ཁོ་ནའི་ལམ་འབྲས་ཀྱི་རྣམ་བཞག་གཙོ་བོར་སྟོན་པ་ལུང་ཕྱོགས་རེ་བ་དང༌། ཐེག་པ་གསུམ་ཀའི་ལམ་འབྲས་ཀྱི་རྣམ་བཞག་རྒྱས་པར་སྟོན་པ་ཤེར་ཕྱིན་གྱི་མདོ་ལྟ་བུ་གཞུང་རྒྱས་པ་གཉིས་ཡོད་དོ། །གཙོ་བོར་ཐེག་པ་ཆུང་ངུའི་ལམ་འབྲས་ཀྱི་རྣམ་བཞག་སྟོན་པའི་མདོ་དེ། ཐེག་པ་ཆུང་ངུའི་སྡེ་སྣོད་ཀྱི་མཚན་ཉིད། དེ་ནི་མདོ་སྡེ་དྲན་པ་ཉེར་གཞག་ལྟ་བུའོ། །རང་སངས་རྒྱས་ལ་ནི་སྡེ་སྣོད་ལོགས་པ་མེད་དེ། དེ་ནི་སངས་རྒྱས་ཀྱི་འཁོར་དུ་མི་འབྱུང་བས་དེའི་ཕྱིར་དུ་གསུངས་པའི་སྡེ་སྣོད་ལ་སོགས་པ་མེད་ལ། ཉན་ཐོས་ཀྱི་སྡེ་སྣོད་གཅིག་ཉིད་ལ་ཐོས་བསམ་སྒོམ་གསུམ་རིམ་པས་སྦྱངས་པ་ན། དབང་པོའི་རིམ་པས་ཉན་རང་གཉིས་འབྱུང་བའི་ཕྱིར་རོ། །ཡང་ལུང་གི་ཆོས་འཁོར་ལ་སྡེ་མཚན་གྱི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ། དེ་ཡང་སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་བསྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟར་བུ་བྱུང་དང༌། །སྐྱེས་རབ་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའོ། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་མདོའི་སྡེ་ལ་སོགས་པ་དང་པོ་ལྔ་ནི། ཐེག་པ་ཐུན་མོང་གི་མདོ་སྡེའི་སྡེ་སྣོད་ཡིན་ལ། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་སྡེ་གཉིས་ནི། བྱང་ཆུབ་སེམས་དཔའི་ཐུན་མོང་མིན་པའི་མདོ་སྡེའི་སྡེ་སྣོད་ཡིན་ནོ། །གླེང་གཞིའི་སྡེ། དེ་ལྟ་བུར་འབྱུང་བའི་སྡེ། རྟོགས་པ་བརྗོད་པའི་སྡེ་དང་གསུམ་ནི། ཐེག་པ་ཐུན་མོང་གི་འདུལ་བའི་སྡེ་སྣོད་ཡིན་ལ། སྐྱེས་པ་རབ་ཀྱི་སྡེ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་འདུལ་བའི་སྡེ་སྣོད་ཡིན་ནོ། །གཏན་ལ་དབབ་པའི་སྡེ་ནི་མངོན་པའི་སྡེ་སྣོད་དུ་གཏོགས་སོ། །ཡང་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་དང་གསུམ། དང་པོ་ནི། ལང་ཀར་གཤེགས་པ་ལྟ་བུ། སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས་པ་དང༌། གཉིས་པ་ནི། ཤེས་རབ་སྙིང་པོ་ལྟ་བུ་གཞན་ལ་བྱིན་གྱིས་བརླབས་ནས་གསུང་དུ་བཅུག་པ་དང༌། གསུམ་པ་ནི། མདོ་རྣམས་ཀྱི་གླེང་གཞི་དང་མཚམས་སྦྱོར་ལྟ་བུ་སྟེ། དེ་ཡང་སངས་རྒྱས་ཉིད་ཀྱིས་བཀའ་བསྡུ་བ་པོ་རྣམས་ལ་རྗེས་སུ་གནང་བ་ཡིན་ནོ། །ཡང་ལུང་གི་ཆོས་འཁོར་ལ་དགོས་པའི་སྒོ་ནས་དབྱེ་ན། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པའི་གཉེན་པོར། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང༌། དེ་ཡང་འདོད་ཆགས་ཀྱི་གཉེན་པོར་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང༌། ཞེ་སྡང་གི་གཉེན་པོར་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང༌། གཏི་མུག་གི་གཉེན་པོར་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང༌། དུག་གསུམ་གྱི་གཉེན་པོར་ཆ་མཉམ་ཏུ་སྟོན་པ་ཉི་ཁྲི་ཆིག་སྟོང༌། ཆོས་ཕུང་གི་ཚད་ནི་ཁ་ཅིག་ན་རེ། ཤླཽ་ཀ་དྲུག་སྟོང་ལ་བྱ་བ་ཡིན་ཏེ། ཤཱ་རིའི་བུས་བྱས་པའི་བསྟན་བཅོས་ཀྱི་ཕུང་པོ་དེ་ཆོས་ཕུང་གཅིག་གི་ཚད་དུ་བྱས་ཤིང༌། དེ་ལ་ཤླཽ་ཀ་དྲུག་སྟོང་གི་ཚད་དུ་ཡོད་པའི་ཕྱིར། ཞེས་ཟེར། ཁ་ཅིག་ན་རེ། བརྗོད་བྱ་སྡེ་ཚན་རེ་རེ་ཚང་བར་སྟོན་ནུས་པའི་མིང་ཚིག་ཡི་གེའི་ཚོགས་ལ་ཆོས་ཕུང་གི་ཚད་དུ་བྱེད་ཟེར། ཁ་ཅིག་ན་རེ་ཉོན་མོངས་པ་སྣ་རེ་འཇོམས་ནུས་པའི་གཉེན་པོ་སྟོན་ནུས་པའི་མིང་ཚིག་ཡི་གེའི་ཚོགས་རྣམས་ཆོས་ཕུང་གཅིག་གི་ཚད་དུ་བྱེད་ཞེས་ཟེར་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱིས་གླང་པོ་ཆེ་ས་ལ་རབ་བརྟན་གྱིས་ཁུར་བར་ནུས་པའི་སྣག་ཚས་ཆོས་ཕུང་གཅིག་འདྲི་བར་ནུས་སོ། །ཞེས་ཟེར་ལ། འདི་དག་ནི་ཚད་ལྡན་གྱི་གཞུང་འགའ་ཞིག་ལས་གསུངས་པ་ཡིན་ནོ། །ཡང་ལུང་གི་ཆོས་འཁོར་ལ་དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། མཚན་ཉིད་པ་སངས་རྒྱས་བཀའ་དང༌། རྗེས་མཐུན་པ་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་གཉིས། དང་པོ་ལ་མཚན་ཉིད་ནི། སྤོབས་པ་བཞི་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ་དེ། སངས་རྒྱས་ཀྱི་བཀའི་མཚན་ཉིད། བཞི་ནི། བརྗོད་བྱ་དོན་དང་མཐུན་པ། བརྗོད་བྱེད་ངག་ཚིག་དྲི་མ་མེད་པ་དང་འབྲེལ་བ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའོ། །དེ་སྐད་དུ་ཡང༌། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན། །ཞེས་སོ། །གཉིས་པ་ལ་མཚན་ཉིད་ནི། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་ངག་དེ། བསྟན་བཅོས་ཀྱི་མཚན་ཉིད། དབྱེ་ན། མཚན་ཉིད་པ་ནང་པའི་བསྟན་བཅོས་དང༌། རྗེས་མཐུན་པ་ཕྱི་ནང་ཐུན་མོང་བའི་བསྟན་བཅོས་གཉིས། དང་པོ་ལ་མཚན་ཉིད་ནི། རྩོམ་པ་པོ་རྣམ་གཡེངས་མེད་པའི་ཡིད་ཅན་གྱི་ཐར་པ་ཐོབ་པའི་ཐབས་སུ་བཀའི་དོན་བཤད་པའི་ངག དེ་ལ་དབྱེ་ན། དོན་དང་ལྡན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས་དང་གསུམ། ཡང་ན་ས་སྡེ་ལྔ་ལྟ་བུ་འཁྲུགས་པ་གོ་རིམ་དུ་སྡེབ་པར་བྱེད་པའི་བསྟན་བཅོས། ཚད་མ་ཀུན་ལས་བཏུས་ལྟ་བུ། འཐོར་བ་བསྡུད་པར་བྱེད་པའི་བསྟན་བཅོས། མངོན་པར་རྟོགས་པའི་རྒྱན་ལྟ་བུ། རྒྱ་ཆེན་པོ་བསྡུད་པར་བྱེད་པའི་བསྟན་བཅོས། རིག་པའི་གནས་དང་པོ་བཞི་གཙོ་བོར་སྟོན་ཅིང༌། རྩོམ་པ་པོ་ཚད་ལྡན་གྱིས་མཛད་པའི་ངག་དེ། ཐུན་མོང་བའི་བསྟན་བཅོས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། ཐོས་པ་ལྷུར་ལེན་གྱི་བསྟན་བཅོས། རྩོད་པ་ལྷུར་ལེན་གྱི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བྲལ་གྱི་བསྟན་བཅོས། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་རྩེ་བྲལ་སྡུག་བསྔལ་སྤོང༌། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་སོ། །ཡང་ན། སྒྲའི་བསྟན་བཅོས། ཚད་མའི་བསྟན་བཅོས། བཟོ་རིག་པའི་བསྟན་བཅོས། གསོ་བ་རིག་པའི་བསྟན་བཅོས་དང་བཞིའོ། །གཉིས་པ་རྟོགས་པའི་ཆོས་འཁོར་ལ་མཚན་ཉིད་ནི། སྟོན་པས་གསུངས་པའི་དམ་ཆོས་གང་ཞིག བཤད་ཅིང་ཉམས་སུ་བླངས་པས་གདུལ་བྱའི་རྒྱུད་ལ་འཕོ་བར་སྣང་བ། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་གཉིས། དུས་ཀྱི་སྒོ་ནས་དབྱེ་ན། བཀའ་དང་པོ་དང༌། བར་པ་དང༌། ཐ་མ་གསུམ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། བདེན་བཞིའི་ཆོས་འཁོར་ལ་སོགས་པ་གསུམ། མི་མཐུན་ཕྱོགས་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་གསུམ་མོ། །གཉིས་པ་དགོས་འབྲེལ་ལ། དགོས་འབྲེལ་ངག་གི་དགོས་སོགས་ཆོས་བཞི་དང༌། བསྟན་བཅོས་ལུས་ལ་ཡོད་པའི་དགོས་སོགས་ཆོས་བཞི། དང་པོ་ལ། མངོན་པར་རྟོགས་པའི་རྒྱན་གྱི་དགོས་སོགས་ཆོས་བཞི་ནི། བསྟན་བཅོས་འདིའི་དགོས་འབྲེལ་ངག་གི་བརྗོད་བྱ། དགོས་འགྲེལ་ངག་ལ་བརྟེན་ནས། བསྟན་བཅོས་འདི་ལ་དགོས་སོགས་ཆོས་བཞི་ཡོད་དམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་དགོས་འབྲེལ་ངག་གི་དགོས་པ། དེ་ལ་བརྟན་ནས་བསྟན་བཅོས་འདི་ལ་ཐོས་བསམ་གྱི་ཞུགས་པ་དེ་དགོས་འབྲེལ་ངག་གི་ཉིང་དགོས། ཕྱི་མ་སྔ་མ་ལ་རག་ལས་པ་འབྲེལ་པའོ། །གཉིས་པ་ལ། མངོན་པར་རྟོགས་པ་བརྒྱད་དམ། ཡང་ན་འཕགས་པ་བཞིའི་མངོན་པར་རྟོགས་པ་མཐའ་དག་བསྟན་བཅོས་འདིའི་བརྗོད་བྱ། བསྟན་བཅོས་འདི་ལ་བརྟེན་ནས་དེ་བདེ་བླག་ཏུ་རྟོགས་པ་དེ་དགོས་པ། ཆོས་ཀྱི་སྐུ་མངོན་དུ་བྱས་པ་དེ་ཉིང་དགོས། ཕྱི་མ་སྔ་མ་ལ་རག་ལས་པ་དེ་འབྲེལ་པའོ། །གསུམ་པ་བསྟན་བཅོས་ཀྱི་བརྗོད་བྱ་མངོན་རྟོགས་བཤད་པ་ལ། དབྱེ་གཞི་ཤེར་ཕྱིན་ངོས་བཟུང་བ་དང༌། དབྱེ་ངོ་མངོན་པར་རྟོགས་པ་བརྒྱད་ཡན་ལག་དང་བཅས་པ་བཤད་པའོ། །དང་པོ་ལ། རྒྱལ་བ་བསྐྱེད་པའི་ཡུམ་དེ་ཤེར་ཕྱིན་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། བརྗོད་བྱ་ཡུལ་གྱི་ཤེར་ཕྱིན་དང༌། དེ་སྟོན་བྱེད་ཡུལ་ཅན་གྱི་ཤེར་ཕྱིན་གཉིས། དང་པོ་ལ་མཚན་ཉིད་ནི། སོ་སོ་རང་གིས་རིག་པའི་མཉམ་གཞག་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་དེ། སྙིང་པོ་དོན་གྱི་ཤེར་ཕྱིན་གྱི་མཚན་ཉིད། དེ་ནི་སྤྲོས་པ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཉིད་ལྟ་བུ་ལ་བྱའོ། །གཉིས་པ་ལ་མཚན་ཉིད་ནི། དོན་དམ་རྟོགས་པའི་ཡེ་ཤེས་སམ། དེ་བརྗོད་བྱར་སྟོན་པའི་མིང་ཚིག་ཡི་གེའི་ཚོགས་སུ་སྣང་བ་དེ། སྟོན་བྱེད་ཡུལ་ཅན་གྱི་ཤེར་ཕྱིན་གྱི་མཚན་ཉིད། དེ་ལ་དབྱེ་ན། རྒྱུའི་ཤེར་ཕྱིན་དང༌། འབྲས་བུའི་ཤེར་ཕྱིན་གཉིས། དང་པོ་ལ་མཚན་ཉིད་ནི། ཤེར་ཕྱིན་གྱི་མིང་གི་འདོགས་རུང་གང་ཞིག འབྲས་ཡུམ་གྱི་སར་སྒྲོད་བྱེད་དུ་གྱུར་པ་དེ། རྒྱུའི་ཤེར་ཕྱིན་གྱི་མཚན་ཉིད། དེ་ལ་དབྱེ་ན། གཞུང་ཤེར་ཕྱིན་དང༌། ལམ་ཤེར་ཕྱིན་གཉིས། སྙིང་པོ་དོན་གྱི་ཤེར་ཕྱིན་ནམ། ལམ་ཤེར་ཕྱིན་གང་རུང་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་རྣམ་དག་དེ། གཞུང་ཤེར་ཕྱིན་གྱི་མཚན་ཉིད། དེ་ནི་ཤེར་ཕྱིན་གྱི་མདོའམ། མངོན་པར་རྟོགས་པའི་རྒྱན་ལྟ་བུ་ལ་ཟེར། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཆོས་བཞི་ལྡན་དེ། ལམ་ཤེར་ཕྱིན་གྱི་མཚན་ཉིད། ཆོས་བཞི་ནི། ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། །དེ་ནི་ཐེག་ཆེན་གྱི་ལམ་ལྔའམ། རྒྱུའི་དབང་དུ་བྱས་ན་ལམ་དང་པོ་བཞི་ལ་བརྗོད་དོ། །ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གང་ཞིག སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་སོན་པ་དེ། འབྲས་བུ་ཤེར་ཕྱིན་གྱི་མཚན་ཉིད། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ལ་བྱེད་དོ། །གཉིས་པ་བཤད་བྱ་ལ་མངོན་པར་རྟོགས་པ་བརྒྱད་བཤད་པ་དང༌། འཆད་བྱེད་དོན་བདུན་ཅུ་བཤད་པའོ། །དང་པོ་ལ། བདག་མེད་རྟོགས་པའི་ཤེས་རབ་འཁོར་བཅས་དེ་མངོན་པར་རྟོགས་པ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། བརྒྱད་ལས། དང་པོ་རྣམ་མཁྱེན་ལ་རྣམ་མཁྱེན་ཙམ་དང༌། སྐབས་དང་པོའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་མཁྱེན་གཉིས། དང་པོ་ལ་མཚན་ཉིད་ནི། བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་ཐུགས་སུ་ཆུད་པ་མཐར་ཐུག་པའི་ཡེ་ཤེས། དེ་ལ་དབྱེ་ན། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་དང༌། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གཉིས། གཉིས་པ་ལ་མཚན་ཉིད་ནི། སེམས་བསྐྱེད་ལ་སོགས་པའི་ཆོས་བཅུ་མ་ལུས་པ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་གང་ཞིག སྐབས་དང་པོར་འབྲས་བུའི་ལྡོག་པ་ནས་བསྟན་པའོ། །ས་མཚམས་ལ། མཚན་ཉིད་པ་ནི་སངས་རྒྱས་ཀྱི་ས་ན་ཡོད། རྗེས་མཐུན་པ་ནི་སློབ་ལམ་ན་ཡང་ཡོད། ༈ །གཉིས་པ་ལམ་ཤེས་ལ་མཚན་ཉིད་ནི། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་ལ། དེ་ལ་ཤེས་རབ་ཀྱི་ཁྱད་པར་ནི་ལམ་གསུམ་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་ཡར་ལྡན་དུ་རྒྱུད་ལ་བསྐྱེད་པར་མཁས་པ། ཐབས་ཀྱི་ཁྱད་པར་རྫོགས་སྨིན་སྦྱང་གསུམ་མ་བྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅིང༌། གཞན་གྱི་དོན་བྱེད་པ། འདིར་ཉན་རང་གི་སྤངས་རྟོགས་རྫོགས་པའི་ས་མཚམས། རྫོགས་སྨིན་སྦྱང་གསུམ་བྱས་པའི་ཚད། ཡང་དག་མཐའི་ངོ་བོ་ངོས་འཛིན་པ་དང་གསུམ། དང་པོ་ནི། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ནས་ཉན་རང་གི་སྤང་རྟོགས་གྱི་རིགས་རྫོགས་པ་ཡིན་ཏེ། དེ་ནས་ཉན་རང་དགྲ་བཅོམ་པས་ཇི་ཙམ་སྤངས་པ་དེ་ཙམ་ཞིག་སྤངས་ཞིང༌། ཇི་ཙམ་རྟོགས་པ་དེ་ཙམ་རྟོགས་པའི་ཕྱིར་རོ། །གཉིས་པ་ལ། སྨོན་ལམ་རྫོགས་པའི་ཚད་ནི། གཞན་དོན་དུ་སངས་རྒྱས་ཐོབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྲུབ་པའོ། །སེམས་ཅན་སྨིན་པའི་ཚད་ནི། སྐུ་དངོས་ཀྱི་གདུལ་བྱ་རྣམས་སྒྲིབ་པ་སྤང་རུང་གཉེན་པོ་སྐྱེ་རུང་གི་ནུས་པ་མཐུ་ཅན་དུ་བྱས་པའོ། །ཞིང་སྦྱངས་པའི་ཚད་ནི། ཞིང་དག་པའི་སྦྱོར་བ་སྒོམ་པའི་ནུས་པ་མཐར་ཐུག་པའོ། །ཡང་དག་མཐའི་ངོས་འཛིན་ནི། དེ་བཞིན་ཉིད་ལ་བྱའོ། །བྱེ་བྲག་ཏུ་སྐབས་གཉིས་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ལམ་ཤེས་ཀྱི་མཚན་ཉིད། ལམ་ཤེས་གང་ཞིག འབྲས་བུ་རྣམ་མཁྱེན་གྱི་རྒྱུའི་ཆ་ནས་གཙོ་བོར་བསྟན་པ། དེ་ནི་བྱང་སེམས་ཀྱི་ལམ་ཤེས་ཁོ་ན་ལ་བྱ། དེ་ལ་དབྱེ་ན། དམིགས་ཡུལ་ཐེག་པ་གསུམ་གྱི་དབྱེ་བས་རྣམ་པ་གསུམ་མོ། ༈ །གསུམ་པ་གཞི་ཤེས་ལ་གཞི་ཤེས་ཙམ་དང༌། སྐབས་གསུམ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་གཉིས། དང་པོ་ལ་མཚན་ཉིད་ནི། གཞི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ། དེ་ལ་དབྱེ་ན་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ལ་སོགས་པ་དྲུག ས་མཚམས་འཕགས་པ་ཐམས་ཅད་ཀྱི་རྒྱུད་ལ་ཡོད། གཉིས་པ་ལ་མཚན་ཉིད་ནི། གཞི་ཤེས་གང་ཞིག རྒྱུ་ལམ་ཤེས་ལ་འཇུག་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པའི་ལྡོག་པ་ནས་བསྟན་པ། དེ་ནི་བྱང་སེམས་ཀྱི་གཞི་ཤེས་ལ་བྱ། ༈ །བཞི་པ་རྣམ་རྫོགས་སྦྱོར་བ་ལ། རྣམ་ཀུན་ཙམ་གྱི་སྦྱོར་བ་དང༌། སྐབས་བཞི་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྣམ་རྫོགས་སྦྱོར་བ་གཉིས། དང་པོ་ལ་མཚན་ཉིད་ནི། མཁྱེན་གསུམ་བསྡུས་ནས་སྒོམ་པའི་སེམས་པའི་རྣལ་འབྱོར། དབྱེ་ན་ཉི་ཤུ། ས་མཚམས་ཚོགས་ལམ་ནས་ས་བཅུའི་བར་ན་ཡོད། གཉིས་པ་ལ་མཚན་ཉིད་ནི། རྣམ་རྫོགས་སྦྱོར་བ་གང་ཞིག དབང་ཐོབ་ཕྱིར་དུ་སྒོམ་པའི་སེམས་པའི་རྣལ་འབྱོར་གྱི་ཆ་ནས་བསྟན་པ། དེ་ནི་ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་ལ་བྱ། ༈ །ལྔ་པ་རྩེ་སྦྱོར་ལ། རྩེ་སྦྱོར་ཙམ་དང༌། སྐབས་ལྔ་པའི་བསྟན་བྱའི་གཙོ་བོར་གྱུར་པའི་རྩེ་སྦྱོར་གཉིས། དང་པོ་ལ་མཚན་ཉིད་ནི། སྐྱེ་མེད་གསུམ་ལ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་པའི་རྣལ་འབྱོར། དེ་ལ་དབྱེ་ན་སྦྱོར་ལམ་རྩེ་སྦྱོར་ལ་སོགས་པ་བཞི། ས་མཚམས་ནི་སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད། གཉིས་པ་ལ་མཚན་ཉིད་ནི། རྩེ་སྦྱོར་གང་ཞིག སྐྱེ་མེད་གསུམ་ལ་དབང་ཐོབ་པའི་ཚུལ་གྱིས་སྒོམ་པའི་ལྡོག་པ་ནས་བསྟན་ཅིང༌། བརྟན་པ་ཐོབ་ཕྱིར་དུ་སྒོམ་པའི་ལྡོག་པ་ནས་མ་བསྟན་པའོ། །དེ་ནི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཁོ་ན་བསྒོམ་པའི་རྩེ་སྦྱོར་ལ་བྱའོ། ༈ །དྲུག་པ་མཐར་གྱིས་པའི་སྦྱོར་བ་ལ་ཙམ་དང་བསྟན་བྱའི་གཙོ་བོ་གཉིས། དང་པོ་ལ། མཚན་ཉིད་ནི། སྐྱེ་མེད་གསུམ་གྱི་རྣམ་པ་ལ་བརྟན་པ་ཐོབ་ཕྱིར་དུ་བསྒོམ་པའི་སེམས་པའི་རྣལ་འབྱོར། དབྱེ་ན་བཅུ་གསུམ། ས་མཚམས་རྩེ་སྦྱོར་ཐོབ་པའི་རྗེས་ཐོགས་དེ་ནས་ས་བཅུའི་བར་ན་ཡོད། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་བརྟན་པ་ཐོབ་ཕྱིར་དུ་སྒོམ་པའི་ལྡོག་པ་ནས་བསྟན་ཅིང༌། དབང་ཐོབ་ཕྱིར་དུ་སྒོམ་པའི་ལྡོག་པ་ནས་མ་བསྟན་པ་དེ། གཉིས་པའི་མཚན་ཉིད། དེ་ནི་རྣམ་པ་བརྒྱ་བདུན་ཅུ་རྩ་གཉིས་ལ་དབང་ཐོབ་ནས། ཆོས་བཅུ་གསུམ་དང་ཟུང་འབྲེལ་དུ་སྒོམ་པ་ལ་སློབ་པའི་བྱང་སེམས་ཀྱི་རྣལ་འབྱོར་ལྟ་བུ་ལ་བྱའོ། །ས་མཚམས་སྔ་མ་དང་འདྲ། ༈ །བདུན་པ་སྐད་ཅིག་མའི་སྦྱོར་བ་ལ་ཙམ་དང༌། བསྟན་བྱའི་གཙོ་བོ་གཉིས། སྐྱེ་མེད་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་བསྟན་པ་ཐོབ་ནས་ཅིག་ཆར་དུ་སྒོམ་པའི་སེམས་པའི་རྣལ་འབྱོར་དེ། སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། དབྱེ་ན་བཞི། ས་མཚམས་རྒྱུན་མཐའ་ཁོ་ན་ན་ཡོད། བསྟན་བྱའི་གཙོ་བོ་ཡང་འདི་ཉིད་དོ། ༈ །བརྒྱད་པ་འབྲས་བུ་ཆོས་སྐུ་ལ། ཙམ་དང་བསྟན་བྱའི་གཙོ་བོ་གཉིས། དང་པོ་ལ་མཚན་ཉིད་ནི། སྦྱོར་བཞི་སྒོམ་པའི་སྟོབས་ལས་བྱུང་བའི་འབྲས་བུ་མཐར་ཐུག་དེ། འབྲས་བུ་ཆོས་སྐུའི་མཚན་ཉིད། དེ་ལ་དབྱེ་ན་སྐུ་བཞི། བྱེད་པ་པོ་ལ་ཡོད་པའི་འཕྲིན་ལས་དང་བཅས་པ་རྣམས་སོ། །ས་མཚམས་ནི་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད། གཉིས་པ་ལ་མཚན་ཉིད་ནི། རང་རྒྱུ་སྐད་ཅིག་མའི་སྦྱོར་བའི་དེ་མ་ཐག་འབྲས་སུ་གྱུར་པའི་ཆོས་ཀྱི་སྐུ་དེ་སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོར་གྱུར་པའི་ཆོས་སྐུའི་མཚན་ཉིད། དེ་ནི་ཟག་པ་མེད་པའི་ཡེ་ཤེས་དང་ཆོས་ཉིད་དབྱེར་མེད་པའི་སྐུ་ལ་བྱའོ། ༈ །གཉིས་པ་འཆད་བྱེད་དོན་བདུན་ཅུའི་ཡན་ལག་རྒྱས་པར་བཤད་པ་ལ། རྒྱུ་མངོན་པར་རྟོགས་པ་བདུན་གྱི་ཡན་ལག་རྒྱས་པར་བཤད་པ་དང༌། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ་ལ། ཡུམ་མཁྱེན་པ་གསུམ་གྱི་དང༌། ཉམས་ལེན་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་དང་གཉིས། དང་པོ་ལ། འབྲས་བུ་རྣམ་མཁྱེན་གྱི་དང༌། རྒྱུ་མཁྱེན་པ་གཉིས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། བསམ་པ་དང༌། སྦྱོར་བ་གཉིས། དང་པོ་ལ། འདིར་བསྟན་གྱི་སེམས་བསྐྱེད་དངོས་བཤད་པ་དང༌། ཞར་ལ་གཞན་ཡང་བཤད་པའོ། །དང་པོ་ལ། མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་གྱི་གཙོ་བོ་རྣམ་རིག་དེ། འདིར་བསྟན་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་མཚན་ཉིད། དེ་ཡང་བྱང་སེམས་ཀྱི་སེམས་བསྐྱེད་ཀྱི་ནི་རང་རྒྱུད་ལ་འབྱུང་རུང་གི་རྫོགས་བྱང་ལ་དམིགས་པ་ཡིན་ལ། རྫོགས་པའི་སངས་རྒྱས་ཀྱི་སེམས་བསྐྱེད་ཀྱིས་ནི་གཞན་རྒྱུད་ལ་འབྱུང་རུང་གི་རྫོགས་བྱང་ལ་དམིགས་པའོ། །འདི་ལ་དཔེའི་སྒོ་ནས་དབྱེ་ན། ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པ་ཉེར་གཉིས་སམ། གྲོགས་ཀྱི་སྒོ་ནས་དབྱེ་ན། འདུན་ལྡན་སེམས་བསྐྱེད་སོགས་ཉེར་གཉིས་སོ། །ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་གང་ཞིག མདོ་ལས་སེམས་བསྐྱེད་ཉེར་གཉིས་ཀྱི་དང་པོར་བསྟན་པ་དེ། འདུན་ལྡན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པ་ནས། དེ་གང་ཞིག ཡུམ་གྱི་མདོར། སེམས་བསྐྱེད་ཉེར་གཉིས་ཐ་མར་བསྟན་པ་དེ། སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་པའི་བར་དུ་ཤེས་པར་བྱའོ། །འདིར་མཚུངས་ལྡན་དུ་བཤད་པ་རྣམས་ནི་དབང་ལྡན་གྱིས་མཚུངས་པར་ལྡན་པ་ཡིན་ནོ། །ངོ་བོའི་སྒོ་ནས་དབྱེ་ན། ཐེག་ཆེན་གྱི་སྨོན་པ་སེམས་བསྐྱེད་དང༌། ཐེག་ཆེན་གྱི་འཇུག་པ་སེམས་བསྐྱེད་དོ། །དང་པོ་ལ་མཚན་ཉིད་ནི། ཐེག་ཆེན་གྱི་སེམས་བསྐྱེད་གང་ཞིག བྱང་ཆུབ་སེམས་དཔའི་སྡོམ་པས་མ་ཟིན་པ། ས་མཚམས་ནི་ལམ་ལ་ཞུགས་ནས་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད། གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག དེས་ཟིན་པ། ས་མཚམས་ལམ་ལ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། གཉིས་པ་གཞན་ཡང་བཤད་པ་ལ། རང་རྒྱུད་ལྡན་གྱི་གང་ཟག་བྱང་ཆུབ་སེམས་དཔའ་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་དེ་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་མཚན་ཉིད། དེ་ལ་དབྱེ་ན། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དང༌། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་གཉིས། དང་པོ་ལ་མཚན་ཉིད་ནི། གཞན་གྱི་ལུས་ངག་གི་རིག་བྱེད་ལ་བརྟེན་ནས་ཐོབ་པའི་ཐེག་ཆེན་གྱི་སེམས་བསྐྱེད། དེ་ལ་དབྱེ་ན་བརྟན་པ་དང༌། མི་བརྟན་པ་གཉིས་སོ། །དེ་སྐད་དུ་ཡང༌། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་འབྱུང་བ་ལྟར་རོ། །གཉིས་པ་ལ་མཚན་ཉིད་ནི། ཆོས་ཉིད་སྒོམ་པའི་སྟོབས་ཀྱི་ཐོབ་པའི་ཐེག་ཆེན་གྱི་སེམས་བསྐྱེད། ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། ཐེག་ཆེན་གྱི་དོན་དམ་སེམས་བསྐྱེད་ཡིན་ན་འཇུག་པ་སེམས་བསྐྱེད་ཡིན་པས་ཁྱབ་པ་ཡིན་ཏེ། དེ་ཡིན་ན་བྱང་ཆུབ་སེམས་དཔའི་བསླབ་པའི་གྲོགས་ཀྱིས་ཟིན་པས་ཁྱབ་པའི་ཕྱིར། ཐེག་ཆེན་གྱི་སེམས་བསྐྱེད་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི། དང་པོ་ཐེག་ཆེན་གྱི་མོས་སྤྱོད་ཀྱི་སེམས་བསྐྱེད་ལ་བྱ་སྟེ། བདག་གཞན་མཉམ་པ་ཉིད་ལ་དོན་སྤྱིའི་ཚུལ་གྱིས་མོས་པ་ཙམ་དང༌། མཚུངས་པར་ལྡན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། མ་དག་ས་པའི་སེམས་བསྐྱེད་ལ་ལྷག་བསམ་དག་པའི་སེམས་བསྐྱེད་ཅེས་བྱ་སྟེ། བདག་གཞན་མཉམ་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་ལྷག་བསམ་རྣམ་དག་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཡིན་པའི་ཕྱིར། དག་ས་པའི་སེམས་བསྐྱེད་ལ་རྣམ་པར་སྨིན་པའི་སེམས་བསྐྱེད་ཅེས་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ཤུན་པ་དང་བྲལ་བའི་སྒོ་ནས། འབད་རྩོལ་གྱི་མཚན་མ་མེད་པའི་སེམས་བསྐྱེད་ཡིན་པའི་ཕྱིར། བཞི་པ་ནི། སངས་རྒྱས་ཀྱི་སེམས་བསྐྱེད་ལ་བྱ་སྟེ། སྒྲིབ་གཉིས་མ་ལུས་པར་སྤངས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། ཐེག་ཆེན་གྱི་སེམས་བསྐྱེད་ལ་བྱང་ཆུབ་སེམས་དཔའི་བློ་སྦྱོང་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རྫི་བོ་ལྟ་བུའི་སེམས་བསྐྱེད། གཉན་པ་ལྟ་བུའི་སེམས་བསྐྱེད་དང་གསུམ། དང་པོ་ལ། མཚན་ཉིད་ནི། རང་ཉིད་སངས་རྒྱས་སུ་གྲུབ་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད། དཔེར་ན། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་སྔོན་གྱི་སེམས་བསྐྱེད་ལྟ་བུའོ། །གཉིས་པ་ལ། མཚན་ཉིད་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རྗེས་སུ་རང་ཉིད་སངས་རྒྱ་བར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད། དེ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྔོན་གྱི་སེམས་བསྐྱེད་ལྟ་བུའོ། །རང་གཞན་དུས་མཉམ་དུ་སངས་རྒྱ་བར་འདོད་པའི་རྣམ་པ་ཅན་གྱི་ཐེག་ཆེན་གྱི་སེམས་བསྐྱེད་དེ་གསུམ་པའི་མཚན་ཉིད། དེ་ནི་འཇམ་དཔལ་གྱི་ཞིང་གི་བཀོད་པའི་ཡོན་ཏན་གྱི་མདོ་ལས་བྱུང་བའི་སྨོན་ལམ་ལྟ་བུའོ། ༈ །གཉིས་པ་སྦྱོར་བ་ལ། སྒྲུབ་པའི་ཐབས་སྟོན་པ་གདམ་ངག་དང༌། བསྟན་བྱ་སྒྲུབ་པ་ངོས་བཟུང་བ་དང་གཉིས། དང་པོ་ལ། སྤྱིར་བཤད་པ་དང༌། འདིར་བསྟན་གདམ་ངག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། མཚན་ཉིད་བྱང་ཆུབ་ཙམ་ཐོབ་པའི་ཐབས་སྟོན་པའི་ངག དབྱེ་ན་ཐེག་ཆེན་གྱི་གདམ་ངག་དང༌། ཐེག་དམན་གྱི་གདམ་ངག་གཉིས། དང་པོ་ལ་མཚན་ཉིད་ནི། གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་ཐར་པ་ཐོབ་པའི་ཐབས་སུ་འདོམས་པའི་ངག དེ་ནི་ཐེག་ཆེན་གྱི་སྡེ་སྣོད་ལྟ་བུ། གཉིས་པ་ལ་མཚན་ཉིད་ནི། གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་སུ་འདོམས་པའི་ངག འདི་ལ་ཉན་པ་པོ་ནི་སོ་སྐྱེ་ཐ་མལ་པ་ནས་ས་བཅུ་པའི་བར་ན་ཡོད་ལ། འཆད་པ་པོའི་ས་མཚམས་ནི། དགེ་བའི་བཤེས་གཉེན་ཕལ་པ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །གཉིས་པ་ལ་མཚན་ཉིད་ནི་ཐེག་ཆེན་སེམས་བསྐྱེད་ཀྱི་དོན་དུ་གཉེར་བྱའི་གཙོ་བོ་དེ་ཐོབ་པའི་ཐབས་སུ་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ། འདིར་དངོས་སུ་བསྟན་པའི་ཐེག་པ་ཆེན་པོའི་གདམ་ངག་གི་མཚན་ཉིད། འདི་ལ་དགོས་པའི་སྒོ་ནས་དབྱེ་ན། གདམས་པའི་གདམ་ངག་དང༌། རྗེས་བསྟན་གྱི་གདམས་ངག་གཉིས། དང་པོ་ལ་མཚན་ཉིད་ནི། སྔར་ཡོད་ཀྱི་ཡོན་ཏན་མི་ཉམས་པར་བྱ་བའི་ཕྱིར་དུ་འདོམས་པའི་ངག་དེ། སྤྱིར་གདམས་པའི་གདམས་ངག་ཙམ་གྱི་མཚན་ཉིད། བྱེ་བྲག་ཏུ་ཐེག་ཆེན་སེམས་བསྐྱེད་མི་ཉམས་པའི་ཕྱིར་དུ་འདོམས་པའི་ངག་དེ། འདིར་བསྟན་གྱི་གདམས་པའི་གདམས་ངག་གི་མཚན་ཉིད། སྔར་མ་ཐོབ་པའི་ཡོན་ཏན་ཐོབ་ཕྱིར་དུ་འདོམས་པའི་ངག་དེ། སྤྱིར་རྗེས་བསྟན་གྱི་གདམས་ངག་གི་མཚན་ཉིད། བྱེ་བྲག་ཏུ་ཐེག་ཆེན་གྱི་སྦྱོར་ལམ་ལ་སོགས་པའི་རྟོགས་པ་མ་ཐོབ་པ་ཐོབ་ཕྱིར་དུ་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ། འདིར་བསྟན་པའི་རྗེས་སུ་བསྟན་པའི་གདམས་ངག་གི་མཚན་ཉིད། ཡང་ཐེག་ཆེན་གདམས་ངག་ལ་ཡུལ་གྱི་སྒོ་ནས་དབྱེ་ན། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་ལ་སོགས་པ་བཅུའོ། །དང་པོ་ལ། མཚན་ཉིད་དང༌། སྤྲོས་པའི་དོན་གཉིས། དང་པོ་ནི། ཡུལ་བདེན་གཉིས་ལས་མི་འདའ་བར་ཡུལ་ཅན་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཤེས་བཞིན་གྱི་སྒྲུབ་པ་ཉམས་སུ་ལོངས་ཤིག་ཅེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང༌། དེ་ནི་དཔེར་ན་ཤཱ་རིའི་བུ་འདི་ལ་བྱང་ཆེན་ཡུམ་ལ་སྤྱོད་པའི་ཚེ་བྱང་ཆུབ་སེམས་དཔའ་ཡོད་བཞིན་དུ་ཞེས་སོགས་ཀྱི་མདོ་ཚིག་ལྟ་བུ་ལ་ཟེར། གཉིས་པ་ལ། མི་བསླུ་བའི་སྣང་བ་ཙམ་གྱི་ཆོས། བདེན་པ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས། བདེན་འཛིན་གྱི་ངོ་བོར་མི་བསླུ་བར་སྣང་ཞིང་བསླུ་བའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཡང་དག་པའི་ཀུན་རྫོབ་དང༌། ལོག་པའི་ཀུན་རྫོབ་གཉིས། དང་པོ་ལ་མཚན་ཉིད་ནི། ཀུན་རྫོབ་བདེན་པ་གང་ཞིག ཐ་སྙད་ཙམ་དུ་མི་བསླུ་བ། དེ་ལ་དབྱེ་ན། ཡུལ་གྱི་ཡང་དག་ཀུན་རྫོབ་དང༌། ཡུལ་ཅན་གྱི་ཡང་དག་ཀུན་རྫོབ་གཉིས། དང་པོ་ནི། དཔེར་ན། ཆུའི་དོན་བྱེད་པར་ནུས་པའི་རླན་ཞིང་གཤེར་བ་དང༌། དེའི་ཡུལ་ཅན་གྱི་ཤེས་པ་ལྟ་བུ་ལ་བྱ། གཉིས་པ་ལ་མཚན་ཉིད་ནི། ཀུན་རྫོབ་བདེན་པ་གང་ཞིག ཐ་སྙད་ཙམ་དུ་ཡང་བསླུ་བ་དེ། ལོག་པའི་ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ལ་དབྱེ་ན། ཡུལ་གྱི་ལོག་པའི་ཀུན་རྫོབ་དང༌། ཡུལ་ཅན་གྱི་ལོག་པའི་ཀུན་རྫོབ་གཉིས། དེ་ནི་དཔེར་ན། ཐ་སྙད་ཙམ་དུ་ཡང་ཆུའི་དོན་བྱེད་པར་མི་ནུས་པའི་སྒྱུ་མ་དང༌། དེའི་ཡུལ་ཅན་གྱི་ཤེས་པ་ལྟ་བུ་ལ་བྱ། གཉིས་པ་ལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོ་བོར་མི་བསླུ་བར་སྣང་ཞིང༌། དོན་ལ་མི་བསླུ་བར་གྲུབ་པའི་དེ་ཁོ་ན་ཉིད་དེ་དོན་དམ་བདེན་པའི་མཚན་ཉིད། ཡང་ན་མཐོང་བ་ཡང་དག་པས་རྙེད་པའི་རྙེད་དོན་དུ་གྱུར་པའི་དེ་ཁོ་ན་ཉིད་དེ། དོན་དམ་བདེན་པའི་མཚན་ཉིད། མཐོང་བ་རྫུན་པས་རྙེད་པའི་རྙེད་དོན་གང་ཞིག རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད་དུ་བྱའོ། །ཞར་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་བཅོམ་པའམ་བཤིག་པས་དེ་འཛིན་གྱི་བློས་འདོར་དུ་རུང་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། དེར་མི་རུང་བའི་ཆོས། དོན་དམ་བདེན་པའི་མཚན་ཉིད་དོ། །མདོ་སྡེ་པའི་ལུགས་ཀྱི་དོན་དམ་པར་དོན་བྱེད་ནུས་པའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་བྱེ་མདོ་གཉིས་ཀས། རགས་པ་དང་རྒྱུན་རྣམས་ཀུན་རྫོབ་བདེན་པར་འདོད། ཕྱོགས་ཀྱི་ཆ་མེད་པའི་རྡུལ་དང་སྐད་ཅིག་ཆ་མེད་པའི་ཤེས་པ་རྣམས་དོན་དམ་བདེན་པར་འདོད་དོ། །རྣམ་རིག་པའི་ལུགས་ཀྱིས་ཀུན་ནས་ཉོན་མོངས་འཕེལ་བའི་དམིགས་པར་གྱུར་པ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། དེ་ནི་ཀུན་དུ་བཏགས་པའི་ཆོས་རྣམས་ལ་བྱ། རྣམ་བྱང་འཕེལ་བའི་དམིགས་པར་གྱུར་པ་དེ་དོན་དམ་བདེན་པའི་མཚན་ཉིད། དེ་ནི་གཞན་དབང་རིག་ཅིང་གསལ་ཙམ་དང༌། གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ལྟ་བུ་ལ་བྱ། ༈ །གཉིས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་ལ། མཚན་ཉིད་དངོས་དང༌། དམིགས་ཡུལ་བདེན་པ་བཞི་བཤད་པའོ། །དང་པོ་ནི། བདེན་པ་བཞི་དོན་དམ་པར་རང་བཞིན་མེད་ཅིང་ཐ་སྙད་དུ་ཤེས་བྱ། སྤངས་བྱ། མངོན་དུ་བྱ། རྒྱུད་ལ་བསྟེན་བྱར་ཤེས་པར་གྱིས་ཤིག་ཅེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང༌། གཉིས་པ་ལ། འཕགས་པས་གཟིགས་པ་དང་མཐུན་པར་གནས་པའམ། བསྟན་པ་དང་མི་མཐུན་པ་མེད་པའི་ཆོས། འཕགས་པའི་བདེན་པ་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། སྡུག་བསྔལ་འཕགས་པའི་བདེན་པ་ལ་སོགས་པ་བཞི། དང་པོ་ལ་མཚན་ཉིད་ནི། རང་རྒྱུ་ཀུན་འབྱུང་གི་འབྲས་བུ་གང་ཞིག མི་རྟག་སོགས་མཚན་ཉིད་བཞི་སྒོ་ནས་ཤེས་བྱར་བསྟན་པ་དང་མཐུན་པ། མཚན་ཉིད་བཞི་ནི། མི་རྟག སྡུག་བསྔལ། སྟོང༌། བདག་མེད་བཞི། སྐད་ཅིག་མར་ཤེས་བྱ་དེ་མི་རྟག་པའི་མཚན་ཉིད། སྡུག་བསྔལ་གསུམ་པོ་གང་རུང་གི་སྒོ་ནས་སྡུག་བསྔལ་དུ་ཤེས་པར་བྱ་བ་དེ་སྡུག་བསྔལ་གྱི་མཚན་ཉིད། དོན་གཞན་གྱི་བདག་གི་སྟོང་པར་ཤེས་བྱའམ། བདག་གི་བས་སྟོང་པ་དེ་སྟོང་པའི་མཚན་ཉིད། ངོ་བོར་གྱུར་པའི་བདག་མེད་པར་ཤེས་བྱ་དེ། བདག་མེད་ཀྱི་མཚན་ཉིད། སྡུག་བསྔལ་གྱི་བདེན་པ་ལ་དབྱེ་ན། མ་དག་པའི་སྣོད་ཀྱི་འཇིག་རྟེན་དང༌། བཅུད་ཀྱི་སེམས་ཅན་གཉིས། དང་པོ་ལ་མཚན་ཉིད་ནི། སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བདག་འབྲས་གང་ཞིག སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པར་སྣང་བ། དེ་ནི་སྟོང་གསུམ་མི་མཇེད་ཀྱི་ཞིང་ལྟ་བུ་ལ་ཟེར། ཞར་ལ་ཡོངས་སུ་དག་པའི་ཞིང་གི་མཚན་ཉིད། ཁམས་གསུམ་གང་གིས་ཀྱང་མ་བསྡུས་པའི་སངས་རྒྱས་ཀྱི་ཞིང༌། དེ་ལ་དབྱེ་ན། སྣོད་ཀྱི་ཞིང་དང༌། བཅུད་ཀྱི་གང་ཟག་གཉིས། དང་པོ་ལ་མཚན་ཉིད་ནི། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་འབྲས་བུ་གང་ཟག་གི་རྒྱུད་ཀྱིས་མ་བསྡུས་པར་སྣང་བ། འཕགས་པའི་གང་ཟག་དེ་དག་པའི་ཞིང་གི་བཅུད་ཀྱི་གང་ཟག་གི་མཚན་ཉིད། གཉིས་པ་མ་དག་པའི་བཅུད་ཀྱི་སེམས་ཅན་གྱི་མཚན་ཉིད་ལ། སེམས་ཅན་རང་རང་གི་ཐུན་མོང་མ་ཡིན་པའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་གང་ཞིག རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ། དེ་ལ་དབྱེ་ན། ངན་སོང་གི་འགྲོ་བ་དང༌། བདེ་འགྲོ་བ་གཉིས། དང་པོ་ལ་མཚན་ཉིད་ནི། མི་དགེ་བས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ། དེ་ལ་དབྱེ་ན། དམྱལ་བ་ཡི་དྭགས་དུད་འགྲོའི་འགྲོ་བ་པ་དང་གསུམ། མཚན་ཉིད་རིམ་པ་བཞིན་དུ། མི་དགེ་བ་ཆེན་པོས་འཕངས་པ་དང༌། འབྲིང་གིས་འཕངས་པ་དང༌། ཆུང་ངུས་འཕངས་པའི་འགྲོ་བ་པ། གཉིས་པ་བདེ་འགྲོའི་འགྲོ་བ་པའི་མཚན་ཉིད། དགེ་བས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ། དེ་ལ་དབྱེ་ན། མིའི་འགྲོ་བ་པ། ལྷའི་འགྲོ་བ་པ། ལྷ་མ་ཡིན་གྱི་འགྲོ་བ་པ་དང་གསུམ། དང་པོ་ལ་མཚན་ཉིད། བསོད་ནམས་ཀྱི་ལས་ཆུང་ངུས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ། བསོད་ནམས་ཀྱི་ལས་ཆེན་པོའམ་མི་གཡོ་བའི་ལས་ཀྱིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ་དེ་ལྷའི་མཚན་ཉིད། དེ་ལ་དབྱེ་ན། འདོད་པའི་ལྷ། གཟུགས་ཀྱི་ལྷ། གཟུགས་མེད་ཀྱི་ལྷ་དང་གསུམ། བསོད་ནམས་ཀྱི་ལས་ཆེན་པོས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ་དེ་འདོད་པའི་ལྷའི་མཚན་ཉིད། དེ་ལ་དབྱེ་ན། འདོད་ལྷ་རིགས་དྲུག་གོ །མི་གཡོ་བའི་ལས་ཀྱི་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པ་གང་ཞིག གཟུགས་ལ་འདོད་ཆགས་དང་མ་བྲལ་བ་དེ། གཟུགས་ཀྱི་ལྷའི་མཚན་ཉིད། དེ་ལ་དབྱེ་ན་བཅུ་བདུན་ནོ། །དེ་གང་ཞིག གཟུགས་ལ་འདོད་ཆགས་དང་བྲལ་བ་དེ། གཟུགས་མེད་ཀྱི་ལྷའི་མཚན་ཉིད། དེ་ལ་དབྱེ་ན་བཞིའོ། །བསོད་ནམས་ཀྱི་ལས་འབྲིང་གིས་འཕངས་པའི་རྣམ་སྨིན་གྱི་ཕུང་པོ་ལ་བཏགས་པའི་འགྲོ་བ་པའམ། ཡང་ན་བདེ་འགྲོའི་འགྲོ་བ་པ་གང་ཞིག འདོད་ལྷ་འོག་མ་གཉིས་ཀྱི་དགྲ་ཟླར་དམིགས་པ་དེ། ལྷ་མ་ཡིན་གྱི་འགྲོ་བ་པའི་མཚན་ཉིད། དེ་ལ་དབྱེ་ན། གནས་བཞིའི་དབྱེ་བས་བཞི་ཡོད་དོ། །ཡང་འགྲོ་བ་ལ་དབྱེ་ན་སྐྱེ་གནས་བཞི་སྟེ། སྒོ་ངའི་ནང་དུ་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། སྒོང་སྐྱེས་ཀྱི་མཚན་ཉིད། སྒོ་ང་ལ་མ་ལྟོས་པར་མངལ་དུ་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། མངལ་སྐྱེས་ཀྱི་མཚན་ཉིད། མངལ་སྒོ་གང་ལ་ཡང་མ་ལྟོས་པར་དྲོད་གཤེར་ལས་དབང་པོ་ལྔ་རིམ་གྱིས་གྲུབ་ནས་སྐྱེ་བ་དེ། དྲོད་གཤེར་སྐྱེས་ཀྱི་མཚན་ཉིད། སྐྱེས་གནས་སུ་ཉིང་མཚམས་སྦྱར་མ་ཐག་ཏུ་ནང་གི་སྐྱེ་མཆེད་རྣམས་ཅིག་ཆར་དུ་གྲུབ་པའི་སྒོ་ནས་སྐྱེ་བ་དེ་རྫུས་སྐྱེས་ཀྱི་མཚན་ཉིད། ཡང་ནང་གི་འཇིག་རྟེན་ལ་དབྱེ་ན། སྲིད་པ་བཞི་སྟེ། སྐྱེ་བའི་སྲིད་པ། འཆི་བའི་སྲིད་པ། བར་སྲིད། སྔོན་དུས་ཀྱི་སྲིད་པ་དང་བཞིའོ། །འགྲོ་བ་གང་རུང་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐད་ཅིག་དང་པོའི་སྲིད་པ་དེ། དང་པོའི་མཚན་ཉིད། འགྲོ་བ་གང་རུང་ནས་སྲོག་ཆད་མ་ཐག་པའི་སྐད་ཅིག་དང་པོའི་སྲིད་པ་དེ། གཉིས་པའི་མཚན་ཉིད། འགྲོ་བ་གང་རུང་ནས་ཤི་འཕོས་ནས་འགྲོ་བ་གང་རུང་དུ་ཉིང་མཚམས་སྦྱོར་བ་ལ་ཐུག་པའི་བར་གྱི་སྲིད་པ་དེ། བར་སྲིད་ཀྱི་མཚན་ཉིད། འགྲོ་བ་གང་རུང་དུ་སྐྱེས་པའི་སྐད་ཅིག་གཉིས་པ་ནས་འཆི་སྲིད་ལ་ཐུག་པའི་བར་གྱི་སྲིད་པ་དེ། སྔོན་དུས་ཀྱི་སྲིད་པའི་མཚན་ཉིད། ཡང་སྡུག་བསྔལ་གྱི་བདེན་པ་ལ་དབྱེ་ན། ཀུན་རྫོབ་ཀྱི་བདེན་པར་སྡུག་བསྔལ་བ་དང༌། དོན་དམ་པའི་བདེན་པར་སྡུག་བསྔལ་བ་གཉིས། བྱིས་པས་ཀྱང་སྡུག་བསྔལ་དུ་ཤེས་པ་དེ། དང་པོའི་མཚན་ཉིད། དེ་ནི་ལུས་ཚོར་སྡུག་བསྔལ་བ་ལྟ་བུ་ལ་བྱ། འཕགས་པ་ཁོ་ནས་སྡུག་བསྔལ་དུ་གཟིགས་པ་དེ། གཉིས་པའི་མཚན་ཉིད། དེ་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྟ་བུ་ལ་བྱའོ། །ཡང་སྡུག་བསྔལ་གྱི་བདེན་པ་ལ་དབྱེ་ན། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ། དང་པོ་ལ་མཚན་ཉིད་ནི། ཟག་བཅས་ཀྱི་ཚོར་བ་སྡུག་བསྔལ་འཁོར་དང་བཅས་པ། མཚན་གཞི་ནི། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་དང༌། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་ལྟ་བུ་ལ་བྱ། གཉིས་པ་ལ་མཚན་ཉིད་ནི། ཟག་བཅས་ཀྱི་བདེ་བ་འཁོར་དང་བཅས་པ། མཚན་གཞི་ནི། སྡུག་པ་དང་བྲལ་བའི་སྡུག་བསྔལ། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་ལྟ་བུ་ལ་བྱ། གསུམ་པ་ལ་མཚན་ཉིད་ནི། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་འཁོར་དང་བཅས་པ། མཚན་གཞི་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ་ལ་བྱ། ས་མཚམས་ནི། སྡུག་བསྔལ་དང་པོ་ནི། བསམ་གཏན་དང་པོ་ཡན་ཆད་ན་མེད། སྡུག་བསྔལ་ཕྱི་མ་གཉིས་ནི་བསམ་གཏན་དང་པོ་གསུམ་ན་ཡོད་ལ། བསམ་གཏན་བཞི་པ་ན་ནི། འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ཡོད་དོ། །ཡང་སྡུག་བསྔལ་ལ་དབྱེ་ན་དྲུག་ཏུ་ཡང་འགྱུར་ཏེ། དོག་པའི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཕྲད་པའི་སྡུག་བསྔལ། བྲལ་བའི་སྡུག་བསྔལ། འདོད་པ་བཙལ་གྱི་མི་རྙེད་པའི་སྡུག་བསྔལ། ཉེར་ལེན་གྱི་ཕུང་པོ་ལྔའི་སྡུག་བསྔལ་ལོ། །དང་པོ་ནི་སྐྱེ་བའི་སྡུག་བསྔལ་ལ་བྱ། གཉིས་པ་ནི་ན་རྒ་འཆི་བའི་སྡུག་བསྔལ་ལ་བྱ། ལྷག་མ་རྣམས་ནི་རྟོགས་པར་སླའོ། །ཡང་བརྒྱད་དུ་ཡང་འགྱུར་ཏེ། སྐྱེ་བའི་སྡུག་བསྔལ་སོགས་བརྒྱད་དོ། །མཚན་ཉིད་ནི། དོག་པ་སོགས་ཀྱི་སྒོ་ནས་སྡུག་བསྔལ་དུ་ཚད་མས་དམིགས་པ་དེ། སྐྱེ་བའི་སྡུག་བསྔལ་གྱི་མཚན་ཉིད། ན་ཚོད་ཡོངས་སུ་འགྱུར་བའི་སྒོ་ནས་སྡུག་བསྔལ་དུ་དམིགས་པ་དེ། རྒ་བའི་སྡུག་བསྔལ་གྱི་མཚན་ཉིད། ཁམས་མ་སྙོམས་པའི་སྒོ་ནས་སྡུག་བསྔལ་གྱི་ངོ་བོར་དམིགས་པ་དེ། ན་བའི་སྡུག་བསྔལ་གྱི་མཚན་ཉིད། སྲོག་ཡོངས་སུ་ཆད་པའི་སྒོ་ནས་སྡུག་བསྔལ་དུ་དམིགས་པ་དེ། འཆི་བའི་སྡུག་བསྔལ་གྱི་མཚན་ཉིད། ཡིད་དུ་མི་འོང་བ་དང་ཕྲད་པའི་སྒོ་ནས་སྡུག་བསྔལ་དུ་དམིགས་པ་དེ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་གྱི་མཚན་ཉིད། ཡིད་དུ་འོང་བ་དང་བྲལ་བའི་སྒོ་ནས་སྡུག་བསྔལ་དུ་དམིགས་པ་དེ། སྡུག་པ་དང་བྲལ་བའི་སྡུག་བསྔལ་གྱི་མཚན་ཉིད། རེ་བ་མ་གྲུབ་པས་སྡུག་བསྔལ་དུ་དམིགས་པ་དེ། རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་གྱི་མཚན་ཉིད། གནས་ངན་ལེན་གྱི་སྒོ་ནས་སྡུག་བསྔལ་དུ་དམིགས་པ་དེ། ཉེར་ལེན་གྱི་ཕུང་པོའི་སྡུག་བསྔལ་གྱི་མཚན་ཉིད། གཉིས་པ་ཀུན་འབྱུང་གི་བདེན་པ་ལ་མཚན་ཉིད་ནི། རང་འབྲས་སྡུག་བདེན་གྱི་རྒྱུ་གང་ཞིག རྒྱུ་སོགས་མཚན་ཉིད་བཞིའི་སྒོ་ནས་སྤང་བྱར་འཕགས་པས་གཟིགས་པ་དང་མཐུན་པར་གནས་པ། མཚན་ཉིད་བཞི་ནི། རྒྱུ། ཀུན་འབྱུང༌། རབ་སྐྱེ། རྐྱེན་ནོ། །ཡང་སྲིད་ཀྱི་བག་ཆགས་འཇོག་པའི་བྱེད་རྒྱུར་དམིགས་པ་དེ་རྒྱུའི་མཚན་ཉིད། བག་ཆགས་བཞག་པ་དང་མཐུན་པར་སྡུག་བསྔལ་བསྐྱེད་པའི་བྱེད་རྒྱུ་དེ་ཀུན་འབྱུང་གི་མཚན་ཉིད། སྡུག་བསྔལ་བྱེ་བྲག་ཏུ་ངེས་པའི་བྱེད་རྒྱུ་དེ་གསུམ་པའི་མཚན་ཉིད། སྡུག་བསྔལ་སྔ་མ་འདོར་ཞིང་ཕྱི་མ་ལེན་པའི་བྱེ་རྒྱུ་དེ་བཞི་པའི་མཚན་ཉིད། ཀུན་འབྱུང་ལ་དབྱེ་ན། ཉོན་མོངས་པའི་ཀུན་འབྱུང་དང༌། ལས་ཀྱི་ཀུན་འབྱུང་གཉིས། དང་པོ་ལ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་དེ། ཉོན་མོངས་པའི་ཀུན་འབྱུང་གི་མཚན་ཉིད། དབྱེ་ན། རྩ་ཉོན་དང༌། ཉེ་ཉོན་གཉིས། དང་པོ་ལ་མཚན་ཉིད་ནི། སེམས་རྒྱུད་མ་ཞི་བར་བྱེད་པའི་སེམས་བྱུང་གང་ཞིག སྲིད་པའི་རྩ་བར་གྱུར་པ། དེ་ལ་དབྱེ་ན། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཉོན་མོངས་པ་ཅན་གྱི་མ་རིག་པ། ཐེ་ཚོམ། ལྟ་བ་དང་དྲུག་གོ །དང་པོ་ལ་མཚན་ཉིད་ནི། ལུས་སམ་ལོངས་སྤྱོད་ལ་སྲེད་པའི་སེམས་བྱུང༌། དེ་ལ་དབྱེ་ན། འདོད་པའི་འདོད་ཆགས་དང༌། སྲིད་པའི་འདོད་ཆགས་གཉིས། དང་པོ་ནི། འདོད་པའི་སས་སྡུས་ཀྱི་འདོད་ཆགས་ལྟ་བུ་ལ་བྱ། གཉིས་པ་ནི། ཁམས་གོང་མ་གཉིས་ཀྱི་སས་སྡུས་པའི་འདོད་ཆགས་ལྟ་བུ་ལ་བྱ། གནོད་བྱེད་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་རྫས་ཡོད་དེ་ཁོང་ཁྲོའི་མཚན་ཉིད། རྫས་ཡོད་བྱས་པས་ཁྲོ་བ་སེལ་ལོ། །འཇིགས་ལྟ་ལ་རྟེན་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། ང་རྒྱལ་གྱི་མཚན་ཉིད། དེ་ལ་དབྱེ་ན་བདུན་ཏེ། ང་རྒྱལ། ཅུང་ཟད་སྙམ་པའི་ང་རྒྱལ། ང་རྒྱལ་ལས་ང་རྒྱལ། ལྷག་པའི་ང་རྒྱལ། མངོན་པའི་ང་རྒྱལ། ང་འོ་སྙམ་པའི་ང་རྒྱལ། ལོག་པའི་ང་རྒྱལ་ལོ། །རིག་པ་ཡེ་ཤེས་ཀྱི་འགལ་བ་མི་མཐུན་ཕྱོགས་སུ་གྱུར་པའི་སེམས་བྱུང་རྨོངས་པ་གང་ཞིག སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་དེ། ཉོན་མོངས་པ་ཅན་གྱི་མ་རིག་པའི་མཚན་ཉིད། དེ་ལ་དབྱེ་ན། ལས་འབྲས་ལ་རྨོངས་པའི་མ་རིག་པ་དང༌། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་གཉིས། མཚན་ཉིད་རིམ་པ་བཞིན་དུ། གཙོ་བོར་ངན་འགྲོ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་ནུས་པའི་སེམས་བྱུང་རྨོངས་པ་དང༌། གཙོ་བོར་བདེ་འགྲོ་འཕེན་བྱེད་ཀྱི་ལས་ཀུན་ནས་སློང་བར་ནུས་པའི་སེམས་བྱུང་རྨོངས་པའོ། །བདེན་པ་རྣམས་ལ་ཡིད་གཉིས་ཟ་བའི་སེམས་བྱུང་དེ་ཐེ་ཚོམ་གྱི་མཚན་ཉིད། དེ་ལ་དབྱེ་ན། ཐེ་ཚོམ་མངོན་གྱུར་པ་དང༌། བག་ལ་ཉལ་གཉིས། རྟོག་པའི་བདག་ཉིད་དུ་གྱུར་པའི་ཤེས་རབ་ཉོན་མོངས་ཅན་དེ། རྩ་ཉོན་དུ་གྱུར་པའི་ལྟ་བའི་མཚན་ཉིད། དབྱེ་ན། འཇིགས་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང་རྟུལ་ཞུགས་མཆོག་ཏུ་འཛིན་པ། ལོག་པའི་ལྟ་བ་དང་ལྔ། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་ངའམ་ང་ཡི་བར་ཞེན་པའི་སེམས་བྱུང་དེ། དང་པོའི་མཚན་ཉིད། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་རྟག་པའམ་ཆད་པར་ལྟ་བའི་སེམས་བྱུང་དེ། གཉིས་པའི་མཚན་ཉིད། ལྟ་བ་ངན་པ་ལ་མཆོག་ཏུ་འཛིན་པའི་སེམས་བྱུང་དེ་གསུམ་པའི་མཚན་ཉིད། འདག་གྲོལ་གྱི་རྒྱུ་མིན་པ་ལ་འདག་གྲོལ་གྱི་རྒྱུར་ཞེན་པའི་སེམས་བྱུང་དེ་བཞི་པའི་མཚན་ཉིད། ལས་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་སེམས་བྱུང་གང་ཞིག ལྟ་བ་སྔ་མ་བཞི་ལས་གཞན་ཡིན་པ་དེ། ལྔ་པའི་མཚན་ཉིད། གཉིས་པ་ཉེ་ཉོན་ལ་མཚན་ཉིད་ནི། སེམས་རྩ་ཉོན་དང་ཉེ་བར་བྱེད་ཅིང་རྩ་ཉོན་མིན་པའི་ལས་སེམས་བྱུང་ཉེ་ཉོན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཁྲོ་དང་འཁོན་འཛིན་འཆག་པ་དང༌། །འཚིག་དང་ཕྲག་དོག་སེར་སྣ་སྒྱུ། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་སྨུགས་རྒོད་མ་དད་དང༌། །ལེ་ལོ་བག་མེད་བརྗེད་ངས་དང༌། །ཤེས་བཞིན་མ་ཡིན་རྣམ་གཡེང་ངོ༌། །མཚན་ཉིད་ནི། ད་ལྟར་གནོད་ལ་ཀུན་ནས་མནར་སེམས་པའི་སེམས་བྱུང་བཏགས་ཡོད་དེ། ཁྲོ་བའི་མཚན་ཉིད། སྔར་གྱི་གནོད་བྱེད་ལ་ཤ་གཉེར་བ་མི་བཏང་བའི་སེམས་བྱུང་བཏགས་ཡོད་དེ། འཁོན་དུ་འཛིན་པའི་མཚན་ཉིད། ཁ་ན་མ་ཐོ་བ་སྦེད་པའི་སེམས་བྱུང་དེ། འཆབ་པའི་མཚན་ཉིད། ཁྲོ་བ་དང་འཁོན་འཛིན་གཉིས་སྔོན་དུ་འགྲོ་བའི་སེམས་བྱུང་གང་ཞིག ཚིག་རྩུབ་ཀུན་ནས་སློང་བྱེད་དེ། འཚིག་པའི་མཚན་ཉིད། གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུག་པའི་སེམས་བྱུང་དེ། ཕྲག་དོག་གི་མཚན་ཉིད། ཡོ་བྱད་ལ་དམ་དུ་འཛིན་པའི་སེམས་བྱུང་དེ་སེར་སྣའི་མཚན་ཉིད། ཡོན་ཏན་དང་མི་ལྡན་ཡང་ལྡན་པ་ལྟར་སྟོན་པའི་སེམས་བྱུང་དེ་སྒྱུའི་མཚན་ཉིད། ཉེས་པ་ཟུར་གྱིས་སྦེད་པའི་སེམས་བྱུང་དེ། གཡོའི་མཚན་ཉིད། རང་གི་ཆོས་ལ་ཆགས་པའི་སྒོ་ནས་སེམས་ཡོངས་སུ་བཏུགས་པའི་སེམས་བྱུང་བཏགས་ཡོད་དེ། རྒྱགས་པའི་མཚན་ཉིད། གཞན་ལ་ཐེ་ཚོམ་པའི་སེམས་བྱུང་དེ། རྣམ་པར་འཚེ་བའི་མཚན་ཉིད། རང་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམས་པའི་སེམས་བྱུང་དེ། ངོ་ཚ་མེད་པའི་མཚན་ཉིད། གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་མི་འཛེམས་པའི་སེམས་བྱུང་དེ། ཁྲེལ་མེད་པའི་ཉེ་ཉོན་གྱི་མཚན་ཉིད། ལུས་སེམས་ཀློང་ཀློང་པོར་བྱེད་པའི་སེམས་བྱུང་དེ། རྨུགས་པའི་མཚན་ཉིད། འདོད་ཆགས་ཀྱི་ཆར་གཏོགས་པའི་སྒོ་ནས་སེམས་ཀྱི་ཕྱི་རོལ་དུ་འཕྲོ་བའི་སེམས་བྱུང་དེ། རྒོད་པའི་མཚན་ཉིད། ཡོན་ཏན་དང་ཡོན་ཏན་ཅན་ལ་མི་དགའ་བའི་སེམས་བྱུང་དེ། མ་དད་པའི་མཚན་ཉིད། དགེ་བ་ལ་མི་སྤྲོ་བའི་སེམས་བྱུང་དེ། ལེ་ལོའི་མཚན་ཉིད། བླང་དོར་ཕྱིན་ཅི་ལོག་ཏུ་བྱེད་པའི་སེམས་བྱུང་དེ། བག་མེད་པའི་ཉེ་ཉོན་གྱི་མཚན་ཉིད། དགེ་བ་རྣམས་བརྗེད་པའི་སེམས་བྱུང་ཉོན་མོངས་ཅན་དེ། བརྗེད་ངས་ཀྱི་མཚན་ཉིད། སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཤེས་རབ་ཉོན་མོངས་ཅན་དེ། ཤེས་བཞིན་མ་ཡིན་པའི་ཉེ་ཉོན་གྱི་མཚན་ཉིད། སེམས་རྣམ་པར་འཕྲོ་བའི་སེམས་བྱུང་གང་ཞིག དུག་གསུམ་གང་རུང་གི་ཆ་ལ་བཏགས་པ་དེ། ཉེ་ཉོན་དུ་གྱུར་པའི་རྣམ་གཡེང་གི་མཚན་ཉིད། ཡང་ཉོན་མོངས་པ་ལ་ཡང་སྤང་བྱའི་རིགས་ཀྱི་སྒོ་ནས་དབྱེ་ན་མཐོང་སྤངས་སུ་གྱུར་པའི་ཉོན་མོངས་པ་དང༌། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པ་གཉིས། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་ཀུན་བཏགས་དེ། དང་པོའི་མཚན་ཉིད། དབྱེ་ན། ལྟ་བ་ལྔ། ལྟ་མིན་ལྔ་སྟེ། རྩ་བའི་ཉོན་མོངས་པ་བཅུས་བདེན་པ་བཞི་པོ་རེ་རེ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་བཞི་བཅུ་ནི་འདོད་པའི་ཁམས་ན་ཡོད་ལ། ཁམས་གོང་མ་གཉིས་ན། ཁོང་ཁྲོ་བཞི་བཞི་མེད་པས། སོ་དྲུག་རེ་རེ་ཕྱེ་བས་ཉོན་མོངས་པ་བརྒྱ་དང༌། བཅུ་གཉིས་སོ། །སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་སེམས་བྱུང་ལྷན་སྐྱེས་དེ་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་པའི་མཚན་ཉིད། དེ་ལ་དབྱེ་ན། འདོད་པའི་ཁམས་ན་འདོད་ཁོང་ངམ་རིག་བཞི་དང་འཇིགས་མཐར་ལྷན་སྐྱེས་གཉིས་ཏེ་དྲུག ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག དེ་རྣམས་ལ་ཡང་ས་དང་ཆེ་འབྲིང་གི་སྒོ་ནས་དབྱེ་ན། བཞི་བརྒྱ་དང་བཅུ་བཞི་ཡོད་དེ། ཁོང་ཁྲོ་མ་གཏོགས་པའི་རྩ་ཉོན་ལྔ་ཆར་ལ་བརྒྱད་ཅུ་རྩ་གཅིག་རེ་རེ་འདོད་ཁམས་ཀྱི་ཁོང་ཁྲོ་དགུ་རྣམས་སུ་ཡོད་པའི་ཕྱིར་རོ། །ཉོན་མོངས་པ་ལ་དངོས་བཏགས་མ་ཕྱེ་བའི་སྒོ་ནས་དབྱེ་ན། དངོས་དང་དེའི་བག་ལ་ཉལ་གཉིས། དང་པོ་ནི། ཇི་སྐད་བཤད་པ་རྣམས་ཡིན་ལ། གཉིས་པ་ནི་ཉོན་མོངས་པའི་བག་ཆགས་བགོས་པའི་གནས་ངན་ལེན་རྣམས་ལ་བྱའོ། །ཕྱི་མ་ནི་འདིར་ཉོན་མོངས་པའི་ཀུན་འབྱུང་དུ་མ་བཞག་སྟེ། དེས་ཟག་བཅས་ཀྱི་ལས་ཀུན་ནས་སློང་བར་མི་ནུས་པའི་ཕྱིར་གཉིས་པ་ལས་ཀྱི་ཀུན་འབྱུང་ལ་མཚན་ཉིད་ནི། རང་རྒྱུ་ཉོན་མོངས་པས་ཀུན་ནས་བླངས་པའི་བྱ་བ་དེ། ལས་ཀྱི་ཀུན་འབྱུང་གི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སེམས་པའི་ལས་དང༌། བསམ་པའི་ལས་གཉིས། དང་པོ་ནི་ཡིད་ཀྱི་ལས་ལ་བྱ། གཉིས་པ་ནི་ལུས་ངག་གི་ལས་ལ་བྱ། འདི་གསུམ་གྱི་ཁྱད་པར་ལ་བྱེ་བྲག་ཏུ་སྨྲ་བ་ནི། ཡིད་ཀྱི་སེམས་བསྐྱེད་ཁོ་ན་དང་མཚུངས་པར་ལྡན་པའི་སེམས་བྱུང་སེམས་པ་ལ་ཡིད་ཀྱི་ལས་དང༌། དེས་ཀུན་ནས་སླངས་པའི་ལུས་ཀྱི་དབྱིབས་ལ་ལུས་ཀྱི་ལས་དང༌། དེས་ཀུན་ནས་སླང་བའི་ངག་གི་སྒྲ་རང་མཚན་པ་ལ་ངག་གི་ལས་སུ་འདོད་ལ། མདོ་སྡེ་པས་ནི་གཟུགས་དགེ་མི་དགེར་སྨྲ་བ་ཤཱཀྱའི་སྲས་ཀྱི་ལུགས་ཡིན་པ་དེ་བཀག་ནས། ཡིད་ཡུལ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་ལ་ཡིད་ཀྱི་ལས་དང༌། ལུས་ངག་གི་ཡུལ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་ལ་ལུས་ངག་གི་ལས་སུ་འདོད་དོ། །ཐེག་པ་ཆེན་པོའི་ལུགས་ཀྱི་སེམས་ཡུལ་ལ་མངོན་པར་འདུ་བྱེད་པའི་སེམས་བྱུང་སེམས་པ་གང་ཞིག རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་དེ། སེམས་པའི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་བསོད་ནམས་ཀྱི་ལས་ལ་སོགས་པ་གསུམ། སྒོ་གསུམ་གྱི་ལས་གསུམ་གསུམ་དུ་དབྱེར་ཡོད་དོ། །ཡང་ལས་གང་ཞིག་དེ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་དེ། བསམ་པའི་ལས་ཀྱི་མཚན་ཉིད། འདི་ལ་ཡང་བསོད་ནམས་ཀྱི་ལས་ལ་སོགས་པ་གསུམ། ལུང་ངག་ཡིད་གསུམ་ལ་གསུམ་གསུམ་དབྱེར་ཡོད་དོ། །ལུས་ཀྱི་བྱ་བ་ཡུལ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ་ལུས་ཀྱི་ལས་ཀྱི་མཚན་ཉིད། ངག་གི་བྱ་བ་ཡུལ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ངག་གི་ལས་ཀྱི་མཚན་ཉིད། ལུས་ངག་གི་རིག་བྱེད་ཀུན་ནས་སློང་བར་མི་བྱེད་ཅིང༌། ཡིད་ཙམ་དང་མཚུངས་པར་ལྡན་པའི་སེམས་བྱུང་སེམས་པ་དེ་ཡིད་ཀྱི་ལས་ཀྱི་མཚན་ཉིད། དེ་གསུམ་རེ་རེ་ལ་ཡང་རྒྱུའི་ཀུན་སློང་གཙོ་བོར་གྱུར་པ་དང༌། དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་གཉིས་གཉིས་སོ། །ཡང་ལས་ལ་འབྲས་བུ་འབྱིན་ཚུལ་གྱི་སྒོ་ནས་དབྱེ་ན། དགེ་བའི་ལས། མི་དགེ་བའི་ལས། ལུང་མ་བསྟན་གྱི་ལས་དང་གསུམ། ལུང་དུ་བསྟན་པ་གང་ཞིག རང་འབྲས་ཡིད་འོང་འབྱིན་བྱེད་དེ། དགེ་བའི་ལས་ཀྱི་མཚན་ཉིད། དབྱེ་ན་ལུས་ཀྱི་ལས་དགེ་བ་གསུམ། ངག་གི་ལས་དགེ་བ་བཞི། ཡིད་ཀྱི་ལས་དགེ་བ་གསུམ་དང་བཅུའོ། །དང་པོ་གསུམ་ནི་སྲོག་གཅོད་སྤོང་བའི་ལུས་ཀྱི་ལས་དགེ་བ་ཞེས་སོགས་བཅུ་ཆར་ལ་སྦྱར་བར་བྱའོ། །མཚན་ཉིད་ནི་སྲོག་གཅོད་སྤོང་བར་བྱེད་པའི་ལུས་ཀྱི་བྱ་བ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་ཞེས་དང༌། དེ་བཞིན་དུ་མ་བྱིན་ལེན་སྤོང་བར་བྱེད་པའི་སེམས་བྱུང་སེམས་དཔའ་ཞེས་དང༌། རྫུན་མི་སྨྲ་བའི་ངག་ཏུ་བྱེད་པའི་སེམས་བྱུང་སེམས་པ་ཞེས་སོགས་དང༌། དེ་བཞིན་དུ་ཡིད་ཀྱི་ལས་དགེ་བ་གསུམ་གྱི་མཚན་ཉིད་ལ། མ་ཆགས་པ་དང༌། བྱམས་པ་དང༌། ཡང་དག་པའི་ལྟ་བ་དང་ལྷན་ཅིག་པའི་སེམས་བྱུང་སེམས་པ་ཞེས་སོགས་བྱའོ། །སྤྱིར་དགེ་བའི་ལས་ལ། ཟག་བཅས་ཀྱི་ལས་དང༌། ཟག་མེད་ཀྱི་ལས་གཉིས་ལས། འདིར་ནི་དང་པོ་ཁོ་ནའི་དབང་དུ་བྱས་ཏེ། ལས་ཀྱི་ཀུན་འབྱུང་འཆད་པའི་སྐབས་ཡིན་པའི་ཕྱིར། ལུང་དུ་བསྟན་པའི་ལས་གང་ཞིག རང་འབྲས་ཡིད་མི་འོང་འབྱིན་བྱེད་དེ། མི་དགེ་བའི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ལུས་ཀྱི་ལས་མི་དགེ་བ་གསུམ། ངག་གི་ལས་མི་དགེ་བ་བཞི། ཡིད་ཀྱི་ལས་མི་དགེ་བ་གསུམ་དང་བཅུའོ། །མཚན་ཉིད་ནི་ཉོན་མོངས་ཅན་གྱི་སེམས་ཀྱི་ཀུན་ནས་སླང་བའི་བྱ་བ་གང་ཞིག བསམ་བཞིན་དུ་མ་ནོར་བར་གཞན་བསད་པའི་ལས་དང་ལྷན་ཅིག་པའི་སེམས་བྱུང་སེམས་པ་དེ། སྲོག་གཅོད་པའི་ལས་ཀྱི་མཚན་ཉིད། མཐུའམ་འཇམ་བུས་བདག་གིར་བྱེད་པའི་ལུས་ཀྱི་བྱ་བ་དང་ལྷན་ཅིག་ཏུ་འཇུག་པའི་སེམས་བྱུང་སེམས་པ་དེ། མ་བྱིན་པ་ལེན་པའི་མཚན་ཉིད། བགྲོད་བྱ་མིན་པ་ལ་བགྲོད་པར་བྱེད་པའི་ལུས་ཀྱི་བྱ་བ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ལོག་གཡེམ་གྱི་མཚན་ཉིད། མི་བདེན་པའི་དོན་གཞན་གོ་བར་བྱེད་པའི་ངག་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། རྫུན་གྱི་མཚན་ཉིད། ཕ་རོལ་དབྱེ་བའི་ཕྱིར་དུ་ངག་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ཕྲ་མའི་མཚན་ཉིད། མི་སྙན་པའི་ངག་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ཚིག་རྩུབ་ཀྱི་མཚན་ཉིད། དེ་གསུམ་ལས་གཞན་དུ་གྱུར་པའི་ཉོན་མོངས་ཅན་གྱི་ངག་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ངག་འཁྱལ་གྱི་མཚན་ཉིད། གཞན་གྱི་ནོར་ལ་ཆགས་པའི་འདོད་ཆགས་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། བརྣབ་སེམས་ཀྱི་མཚན་ཉིད། གཞན་ལ་ཞེ་སྡང་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། གནོད་སེམས་ཀྱི་མཚན་ཉིད། ལས་འབྲས་ལ་སྐུར་པ་འདེབས་པའི་ལྟ་བ་ལ་འཇུག་པར་བྱེད་པའི་སེམས་བྱུང་སེམས་པ་དེ། ལོག་ལྟའི་མཚན་ཉིད། བཅུ་པོ་རེ་རེ་ལ་ཡང་རྒྱུ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་དང༌། དེ་དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པ་གཉིས་གཉིས་ཡོད་ལ། དང་པོ་ནི། རྒྱུའི་ཀུན་སློང་དང་ལྷན་ཅིག་པའི་སྲོག་གཅོད་པའི་ལས་ལྟ་བུ་ལ་བྱ། གཉིས་པ་ནི། དུས་ཀྱི་ཀུན་སློང་དང་ལྷན་ཅིག་པའི་སྲོག་གཅོད་པའི་ལས་ལྟ་བུ་ལ་བྱའོ། །དེ་སྐད་དུ་ཡང༌། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བ་ནི་གཞན་བསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བསྒྲོད་མིན་བསྒྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཚིག་རྩུབ་པོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །གཞན་གྱི་དེ་ལས་གཞན་ཉོན་མོངས། །ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན་བརྣབ་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དགེ་མི་དགེ་གང་དུ་ཡང་ལུང་བསྟན་མི་ནུས་པའི་ཟག་བཅས་ཀྱི་ལས་དེ། ལུང་མ་བསྟན་གྱི་ལས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། སྒྲིབ་པའི་ལས་དང༌། མ་སྒྲིབ་པའི་ལས་གཉིས། དང་པོ་ནི། ཁམས་གོང་གི་ཉོན་མོངས་ཀུན་ནས་སླང་བའི་ལས་ལྟ་བུར་ལ་བྱ་སྟེ། ལས་གང་ཞིག ཐར་པ་ལ་གཙོ་བོར་སྒྲིབ་པའི་ཕྱིར་རོ། །གཉིས་པ་ནི། རྣམ་སྨིན་སྐྱེས་དང༌། སྤྱོད་ལམ་པ་དང༌། གཙོ་བོར་གནས་པ། སྤྲུལ་སེམས་ལྟ་བུ་ལ་བྱ་སྟེ། ལུང་དུ་མ་བསྟན་པ་གང་ཞིག གཙོ་བོར་ཐར་པ་ལ་མི་སྒྲིབ་པའི་ཕྱིར་རོ། །ཡང་ལས་ལ་དབྱེ་ན། འཕེན་བྱེད་ཀྱི་ལས་དང༌། རྫོགས་བྱེད་ཀྱི་ལས་གཉིས། རྣམ་སྨིན་གྱི་ངོ་བོ་འཕེན་པར་བྱེད་པའི་ལས་དེ། འཕེན་བྱེད་ཀྱི་ལས་ཀྱི་མཚན་ཉིད། དེ་ནི་ངན་སོང་ཙམ་དུ་འཕེན་པར་བྱེད་པའི་མི་དགེ་བའི་ལས་ལྟ་བུ་ལ་ཟེར། འཕེན་བྱེད་ཀྱི་ཇི་ལྟར་འཕངས་པ་བཞིན་དུ། རྣམ་སྨིན་གྱི་ཁྱད་པར་སྐྱེ་བ་ཕྱི་མ་ཁོ་ན་ལ་མྱོང་བར་བྱེད་པའི་ལས་དེ་འགྲུབ་བྱེད་ཀྱི་ལས་ཀྱི་མཚན་ཉིད། དེ་ནི་སྡུག་བསྔལ་གྱི་ཁྱད་པར་སོ་སོར་མྱོང་བར་བྱེད་པའི་མི་དགེ་བའི་ལས་ལྟ་བུ་ལ་བྱ། འདི་ལ་མུ་བཞི་སྟེ། འཕེན་རྫོགས་གཉིས་ཀ་མི་དགེ་བ་ཡིན་པ་དང༌། གཉིས་ཀ་དགེ་བ་ཡིན་པ་དང༌། འཕེན་བྱེད་དགེ་ལ་རྫོགས་བྱེད་མི་དགེ་བ་ཡིན་པ་དང༌། འཕེན་བྱེད་མི་དགེ་ལ་རྫོགས་བྱེད་དགེ་བ་ཡིན་པ་དང་བཞིའོ། །ཡང་ལས་ལ་དབྱེ་ན། བྱས་ལ་བསགས་པའི་ལས། མ་བྱས་ཀྱང་བསགས་པའི་ལས། བྱས་ཀྱང་མ་བསགས་པའི་ལས། མ་བྱས་ལ་མ་བསགས་པའི་ལས་དང་བཞི། མཚན་ཉིད་རིམ་པ་བཞིན་དུ་ལུས་ངག་གིས་དངོས་སུ་སྤྱད་ཅིང་རྣམ་སྨིན་གྱི་བག་ཆགས་འཕེལ་བའི་ལས་དང༌། ལུས་ངག་གི་མ་སྤྱད་ཀྱང་ཡིད་ཀྱིས་སྤྱད་པའི་རྣམ་སྨིན་གྱི་བག་ཆགས་འཕེལ་བའི་ལས་དང༌། ལུས་ངག་གིས་དངོས་སུ་སྤྱད་ཀྱང་གཉེན་པོ་སྟོབས་ལྡན་གྱི་རྣམ་སྨིན་མྱོང་བའི་གེགས་བྱས་པའི་ལས་དང༌། ལུས་ངག་གིས་མ་སྤྱད་ཀྱང་ཡིད་ཀྱིས་ཅུང་ཟད་བྱས་ཀྱང་རྣམ་སྨིན་འབྱིན་མི་ནུས་པའི་ལས་སོ། །ཡང་ལས་ལ་དབྱེ་ན། བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་དང་གསུམ་འདོད་པ་ཁམས་ཀྱི་བདེ་འགྲོའི་རྣམ་སྨིན་འཕེན་རྫོགས་གང་རུང་གི་ལས་དེ་བསོད་ནམས་ཀྱི་ལས་ཀྱི་མཚན་ཉིད། ངན་འགྲོའི་རྣམ་སྨིན་འཕེན་རྫོགས་གང་རུང་གི་ལས་དེ། བསོད་ནམས་མིན་པའི་ལས་ཀྱི་མཚན་ཉིད། ཁམས་གོང་མའི་རྣམ་སྨིན་འཕེན་རྫོགས་གང་རུང་དུ་བྱེད་པའི་དགེ་བའི་ལས་དེ་མི་གཡོ་བའི་ལས་ཀྱི་མཚན་ཉིད། དེ་གསུམ་པོ་རེ་རེ་ལ་ཡང་རྒྱུའི་ཀུན་སློང་གཙོ་བོར་གྱུར་པའི་ལས་དང༌། དུས་ཀྱི་ཀུན་སློང་གཙོ་བོར་གྱུར་པའི་ལས་གཉིས་གཉིས་སམ། སེམས་པའི་ལས་དང་བསམ་པའི་ལས་གཉིས་གཉིས་དབྱེར་ཡོད་དོ། །ཡང་ལས་ལ་དབྱེ་ན། ཐུན་མོང་བའི་ལས་དང༌། ཐུན་མོང་མ་ཡིན་པའི་ལས་གཉིས། གཙོ་བོར་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་པའི་ལས་དེ། ཐུན་མོང་བའི་ལས་ཀྱི་མཚན་ཉིད། གཙོ་བོར་ནང་བཅུད་ཀྱི་སེམས་ཅན་འཕེན་འགྲུབ་གང་རུང་གི་ལས་དེ། ཐུན་མོང་ཡིན་པའི་ལས་ཀྱི་མཚན་ཉིད། ཡང་ལས་ལ་དབྱེ་ན། སྡོམ་པའི་ལས། སྡོམ་མིན་པའི་ལས། བར་མའི་ལས་དང་གསུམ། དང་པོ་ལ་མཚན་ཉིད་ནི། བྱ་བ་མིན་པ་སྤོང་བའི་ཚུལ་ཁྲིམས། དེ་ལ་དབྱེ་ན། སོ་ཐར་གྱི་སྡོམ་པ། བསམ་གཏན་གྱི་སྡོམ་པ། ཟག་མེད་ཀྱི་སྡོམ་པ་དང་གསུམ། དང་པོ་ལ་མཚན་ཉིད་ནི། འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་གང་ཞིག ལུས་ངག་གི་རྗེས་སུ་འབྲང་བ། དེ་ལ་དབྱེ་ན། དགེ་བསྙེན་གྱི་སྡོམ་པ། དགེ་ཚུལ་གྱི་སྡོམ་པ། དགེ་སློང་གི་སྡོམ་པ། དགེ་སློབ་མའི་སྡོམ་པ། བསྙེན་གནས་ཀྱི་སྡོམ་པ་སྟེ། རིགས་བརྒྱད་དོ། །དང་པོ་ལ་མཚན་ཉིད་ནི། གཙོ་བོར་ཁྱིམ་པའི་ཕྱོགས་དང་འབྲེལ་བའི་སོ་སོར་ཐར་པའི་ཚུལ་ཁྲིམས། དེ་ལ་དབྱེ་ན་སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྣ་གཅིག་གཅོད་པའི་དགེ་བསྙེན། སྣ་འགའ། ཕལ་ཆེར། ཡོངས་རྫོགས་ཀྱི་དགེ་བསྙེན། ཚངས་པར་སྤྱོད་པའི་དང༌། གོ་མའི་དགེ་བསྙེན་ཏེ་བདུན་ནོ། །མཚན་ཉིད་ནི། གཙོ་བོར་ཁྱིམ་པའི་ཕྱོགས་དང་འབྲེལ་བའི་སོ་སོར་ཐར་པ་གང་ཞིག་ཅེས་དང༌། ཇི་སྲིད་འཚོའི་བར་དུ་ཞེས་པ་ཀུན་ལ་སྦྱར་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་བླངས་པའི་ཚུལ་ཁྲིམས་དང༌། རྩ་བ་གཅིག་བསྲུང་བར་ཁས་བླངས་པའི་དང༌། རྩ་བ་གཉིས་བསྲུངས་པར་ཁས་བླངས་པའི་དང༌། རྩ་བ་གསུམ་བསྲུངས་པར་ཁས་བླངས་པའི་དང༌། རྩ་བ་བཞི་ཆང་སྟེ་ལྔ་ཆར་བསྲུང་བར་ཁས་བླངས་པའི་དང༌། རྩ་བ་བཞི་ཚངས་པ་སྤྱོད་པ་རིལ་པོར་བསྲུངས་བར་ཁས་བླངས་པའི་དང༌། བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས་བར་ཁས་བླངས་པའི་ཚུལ་ཁྲིམས་སོ། །འདིར་དགེ་བསྙེན་དངོས་ནི་སྡོམ་པ་དེ་ཡིན་ལ། དེ་དང་ལྡན་པའི་གང་ཟག་ལ་ཡང་དགེ་བསྙེན་གྱི་མིང་གིས་བཏགས་པ་ཡིན་ནོ། །གཉིས་པ་དགེ་ཚུལ་ལ་མཚན་ཉིད་ནི། རབ་བྱུང་གི་ཕྱོགས་དང་འབྲེལ་བའི་སོ་སོར་ཐར་པའི་ཚུལ་ཁྲིམས་གང་ཞིག ལུས་ངག་གི་སྤང་བྱ་བཅུ་གཙོ་བོར་བསྲུང་དགོས་པའོ། །དགེ་ཚུལ་གྱི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་ལ་གཙོ་བོར་སློབ་པས་ཁྱད་པར་དུ་བྱས་པའི་བུད་མེད་ཀྱི་རྟེན་ཅན་གྱི་སོ་སོར་ཐར་པའི་ཚུལ་ཁྲིམས་དེ། དགེ་སློབ་མའི་སྡོམ་པའི་མཚན་ཉིད། རབ་བྱུང་གི་ཕྱོགས་དང་འབྲེལ་བའི་སོ་སོར་ཐར་པ་གང་ཞིག སྤོང་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་དེ། དགེ་སློང་གི་སྡོམ་པའི་མཚན་ཉིད། གཙོ་བོར་ཁྱིམ་པའི་ཕྱོགས་དང་འབྲེལ་བའི་སོ་སོར་ཐར་པ་གང་ཞིག ཉིན་ཞག་གཅིག་པའི་སྡོམ་པ་དེ། བསྙེན་གནས་ཀྱི་སྡོམ་པའི་མཚན་ཉིད། དགེ་ཚུལ་གྱི་སྤང་བྱ་བཅུ་ནི། ཇི་སྐད་དུ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་རྫུན་བཅོས་མའི་ཆང་ལ་སོགས། །གར་སོགས་འཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤོང༌། །ཞེས་པའོ། །བསྙེན་གནས་ཀྱི་ཡན་ལག་བརྒྱད་ནི། གསེར་དངུལ་ལེན་པ་མ་གཏོགས་གཞན་ནི་དགེ་ཚུལ་དང་འདྲའོ། །དགེ་སློབ་མའི་རྩ་བའི་ཆོས་དྲུག་ནི། སྐྱེས་པ་དང་ནི་འདུག་མི་བྱ། །སྐྱེས་པ་དང་ནི་རེག་མི་བྱ། །གཅིག་པུར་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྒལ་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཞིང༌། །ཁ་ན་མ་ཐོ་སྤྱད་མི་བྱ། །ཅེས་པའོ། །རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་བཟུང་བར་མི་བྱ་ཞིང༌། །དེ་བཞིན་ས་ནི་རྐོ་མི་བྱ། །རྩ་སྔོན་དག་ཀྱང་བཅད་མི་བྱ། །འདོམས་གྱི་སྤུ་ནི་བྲེག་མི་བྱ། །སྦྱིན་ལེན་མ་བྱས་ཟ་མི་བྱ། །དེ་བཞིན་གསོག་འཇོག་ཟ་མི་བྱ། །ཅེས་པའོ། །དགེ་སློང་གི་སྤོང་བ་བདུན་ནི། ཡིད་ཀྱི་གསུམ་མ་གཏོགས་ལུས་ངག་གི་མི་དགེ་བ་བདུན་སྤོང་བའོ། །དེ་ཡང་འཁོར་དང་བཅས་ན་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། །གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་གང་ཞིག བསམ་གཏན་གྱི་སེམས་ཀྱི་རྗེས་སུ་འབྲང་བ་དེ། བསམ་གཏན་གྱི་སྡོམ་པའི་མཚན་ཉིད། དེ་ལ་དབྱེ་ན། ཟག་བཅས་ཀྱི་བསམ་གཏན་གྱི་ཉེར་བསྡོགས་བཞི། དངོས་གཞི་བཞི་སྟེ་བརྒྱད་ལ་སྐྱེས་པའི་སྡོམ་པ་བརྒྱད་དོ། །ཟག་པ་མེད་པའི་ཚུལ་ཁྲིམས་གང་ཞིག འཇིག་རྟེན་ལས་འདས་པའི་སེམས་ཀྱི་རྗེས་སུ་འབྲང་བ་དེ། ཟག་མེད་ཀྱི་སྡོམ་པའི་མཚན་ཉིད། དེ་ལ་དབྱེ་ན། ཟག་མེད་ཀྱི་བསམ་གཏན་ས་དྲུག་ལ་སྐྱེས་པའི་སྡོམ་པ་དྲུག་གོ །དེ་ལ་སོ་སོར་ཐར་པའི་སྡོམ་པ་ནི་མི་ཁོ་ན་ལ་ཡོད། བསམ་ཟག་གཉིས་ནི་མི་དང་གཟུགས་ཀྱི་ལྷ་ལ་ཡོད། གཟུགས་མེད་ཀྱི་ཁམས་ན་བསམ་གཏན་གྱི་སྡོམ་པ་མེད་ལ། ཟག་མེད་ཀྱི་སྡོམ་པའི་ས་བོན་ཙམ་ཞིག་ཡོད་དོ། །བྱ་བ་མིན་པ་ལ་མཐའ་གཅིག་ཏུ་ཞུགས་པའི་སེམས་པ་དབང་ལྡན་རྒྱུན་ཆགས་པ་དེ། སྡོམ་མིན་གྱི་ལས་ཀྱི་མཚན་ཉིད། དེ་ནི་ཤན་པའི་རྒྱུད་ཀྱི་འཆལ་ཚུལ་ལྟ་བུའོ། །སྡོམ་པ་དང་སྡོམ་མིན་གང་ཡང་མིན་ཞིང་བར་མའི་ངོ་བོར་གནས་པ་དེ་བར་མའི་མཚན་ཉིད། དེ་ལ་དབྱེ་ན་བར་མ་དགེ་མི་དགེ་གཉིས། དགེ་བ་གང་ཞིག་སྡོམ་པས་མ་ཟིན་པ་དེ་དང་པོའི་མཚན་ཉིད། དེ་ནི་ཤན་པའི་རྒྱུད་ཀྱི་དགེ་བ་ལྟ་བུའོ། །མི་དགེ་བ་གང་ཞིག་སྡོམ་མིན་གྱིས་མ་ཟིན་པ་དེ། གཉིས་པའི་མཚན་ཉིད། དེ་ནི་རབ་བྱུང་གི་རྒྱུད་ཀྱི་མི་དགེ་བ་ལྟ་བུའོ། །བར་མ་ལུང་མ་བསྟན་ཞེས་བྱ་བ་མེད་དོ། །ཡང་ལས་ལ་དབྱེ་ན། མཐོང་ཆོས་ལ་མྱོང་གྱུར་གྱི་ལས། སྐྱེས་ནས་མྱོང་གྱུར་གྱི་ལས། ལན་གྲང་གཞན་ལ་མྱོང་གྱུར་གྱི་ལས་དང་གསུམ། དང་པོ་ལ་མཚན་ཉིད་ནི། ལས་བྱས་པའི་ཚེ་དེ་ཉིད་ལ་ལས། དེའི་རྒྱུན་ནི་སྐྱེས་བུ་བྱེད་པའི་འབྲས་བུ་མྱོང་བར་འགྱུར་བའི་ལས་དེ། མཐོང་ཆོས་ལ་མྱོང་གྱུར་གྱི་ལས་ཀྱི་མཚན་ཉིད། དེ་ནི་ཞིང་པ་དབུལ་པོས་བཅོམ་ལྡན་འདས་ལ་བཤོས་དྲངས་པས། ཁོའི་ཞིང་ལ་གསེར་བརྡོལ་བ་ལྟ་བུ་སྟེ། ཇི་སྐད་དུ། གང་དང་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །ལས་དེའི་རྣམ་སྨིན་གྱི་འབྲས་བུ་ལས་བྱས་པའི་ཚེ་ཕྱི་མ་དེ་ཉིད་ལ་མྱོང་བར་འགྱུར་བའི་ལས་དེ། སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་མཚན་ཉིད། དེ་ནི་མཚམས་མེད་ལྔའི་ལས་ལྟ་བུ་ལ་བྱ། ལས་དེའི་རྣམ་སྨིན་གྱི་འབྲས་བུ་ལས་བྱས་པའི་སྐྱེ་བ་གསུམ་ཕན་ཆད་དུ་མྱོང་བར་འགྱུར་བའི་ལས་དེ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་མཚན་ཉིད། དེ་ནི་སྟོབས་དང་མི་ལྡན་པའི་ཟག་བཅས་ཀྱི་ལས་ཕལ་ཆེར་ལ་ཟེར། ཡང་ལས་ལ་དབྱེ་ན། ལས་དང་རྣམ་སྨིན་གཉིས་ཀ་དཀར་བའི་ལས། གཉིས་ཀ་གནག་པའི་ལས། གཉིས་ཀ་འདྲེས་མའི་ལས། ཟག་བཅས་ཀྱི་ལས་ཟག་མེད་དུ་འགྱུར་བའི་ལས་དང་བཞིའོ། །མཚན་ཉིད་རིམ་པ་བཞིན་དུ། ཟག་བཅས་ཀྱི་དགེ་བའི་ལས་དང༌། མི་དགེ་བའི་ལས་དང༌། འདོད་པ་ཁམས་ཀྱི་བསམ་སྦྱོར་དགེ་མི་དགེ་གཉིས་ཀ་འདྲེས་མའི་ལས་དང༌། སྤོང་ལམ་གྱི་ངོ་བོར་གྱུར་པའི་ཟག་མེད་ཀྱི་ལས་རྣམས་སོ། །དེ་ལྟར་ལས་དང་ཉོན་མོངས་དང༌། །དེའི་རྣམ་པར་སྨིན་དག་གི །རྣམ་དབྱེ་ཤེས་ན་འཁོར་བ་དང༌། །ཐར་པའི་ལམ་ལ་མཁས་པར་འགྱུར། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ།།  །།གསུམ་པ་འགོག་བདེན་ལ་མཚན་ཉིད་ནི། རང་རྒྱུ་ལམ་བདེན་གྱི་བྲལ་འབྲས་གང་ཞིག འགོག་སོགས་མཚན་ཉིད་བཞིའི་ཚོགས་དོན་དུ་འཕགས་པས་གཟིགས་པ་དང་མཐུན་པར་གནས་པ་དེ་འགོག་བདེན་གྱི་མཚན་ཉིད། མཚན་ཉིད་བཞི་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་ངོ༌། །རང་གི་ངོ་སྐལ་གྱི་རྒྱུ་ཉོན་མོངས་པ་དང་བྲལ་ཙམ་གྱི་མེད་དགག་གི་ཆ་དེ། འགོག་པའི་མཚན་ཉིད། རང་གི་ངོ་སྐལ་དུ་གྱུར་པའི་ཉོན་མོངས་པ་དེའི་འབྲས་བུ་སྡུག་བསྔལ་དང་བྲལ་ཙམ་གྱི་ཆ་དེ། ཞི་བའི་མཚན་ཉིད། དོན་དུ་གཉེར་བྱ་མཆོག་ཡིན་པའི་ཆ་དེ། གྱ་ནོམ་པའི་མཚན་ཉིད། རང་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤངས་པ་སླར་མི་ལྡོག་པའི་ཆ་དེ་ངེས་འབྱུང་གི་མཚན་ཉིད། འགོག་པའི་བདེན་པ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། བརྡའི་འགོག་པ་དང༌། དོན་དམ་པའི་འགོག་པ་གཉིས། འཇིག་རྟེན་པའི་ལམ་གྱིས་ངོ་སྐལ་གྱི་སྤང་བྱའི་ས་བོན་ཉམས་སྨད་པས་ཐོབ་པའི་འགོག་པ་དེ་དང་པོའི་མཚན་ཉིད། བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུང་ཕྱུང་བའི་འགོག་པ་དེ་གཉིས་པའི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། ཡོངས་སུ་མ་རྫོགས་པའི་འགོག་པ་དང༌། ཡོངས་སུ་རྫོགས་པའི་འགོག་པ་གཉིས། འཕགས་པ་སློབ་པའི་རྒྱུད་ཀྱི་འགོག་པ་དེ། དང་པོའི་མཚན་ཉིད། མི་སློབ་པའི་རྒྱུད་ཀྱི་འགོག་པ་དེ་གཉིས་པའི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། རྒྱན་མེད་ཀྱི་འགོག་པ་དང༌། རྒྱན་བཅས་ཀྱི་འགོག་པ་གཉིས། ཤེས་རབ་རྐྱང་པས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འགོག་པ་དེ། དང་པོའི་མཚན་ཉིད། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པའི་འགོག་པ་དེ་གཉིས་པའི་མཚན་ཉིད། ཡང་མི་སློབ་པའི་འགོག་པ་ལ་དབྱེ་ན། ལྷག་བཅས་ཀྱི་འགོག་པ་དང༌། ལྷག་མེད་ཀྱི་འགོག་པ་དང༌། ཁྱད་པར་དུ་འཕགས་པའི་འགོག་པ་དང་གསུམ། ཉོན་མོངས་སྤངས་ཤིང་སྡུག་བསྔལ་གྱི་ཕུང་པོའི་ལྷག་མ་དང་བཅས་པའི་འགོག་པ་དེ། དང་པོའི་མཚན་ཉིད། སྡུག་ཀུན་གཉིས་ཀ་སྤངས་པའི་འགོག་པ་དེ་གཉིས་པའི་མཚན་ཉིད། སྲིད་ཞི་གང་རུང་གི་མཐའ་ལ་མི་གནས་པའི་འགོག་བདེན་མཐར་ཐུག་དེ་གསུམ་པའི་མཚན་ཉིད། བཞི་པ་ལམ་གྱི་བདེན་པ་ལ་མཚན་ཉིད་ནི། རང་གི་བྲལ་འབྲས་འགོག་བདེན་གྱི་བྲལ་རྒྱུ་གང་ཞིག ལམ་སོགས་མཚན་ཉིད་བཞིའི་སྒོ་ནས་རྒྱུད་ལ་བརྟེན་བྱར་འཕགས་པས་གཟིགས་པ་དང་མཐུན་པར་གནས་པ། མཚན་ཉིད་བཞི་ནི། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ནོ། །ཐར་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པའི་གོ་སྐབས་ཕྱེ་ཤུལ་དུ་གྱུར་པའི་མཁྱེན་པ་དེ། ལམ་ཙམ་གྱི་མཚན་ཉིད། ངོ་སྐལ་གྱི་ཉོན་མོངས་པའི་བག་ཆགས་ལ་གནོད་པ་བྱེད་པའི་མཁྱེན་པ་དེ། རིགས་པའི་མཚན་ཉིད། སེམས་ཕྱིན་ཅི་མ་ལོག་པའི་ངོ་བོར་སྒྲུབ་པ་དེ། སྒྲུབ་པའི་མཚན་ཉིད། སྤངས་རྟོགས་སླར་མི་ལྡོག་པའི་གནས་སུ་ཁྲིད་པར་བྱེད་པ་དེ། ངེས་འབྱིན་གྱི་མཚན་ཉིད། འདིར་ལམ་ཙམ་ལ་དབྱེ་ན། ཐེག་པ་གསུམ་གྱི་ལམ་གསུམ། ལམ་བདེན་མཚན་ཉིད་པ་ནི་བར་ཆད་མེད་ལམ་ཁོ་ན་ལ་བྱ་སྟེ། དེ་ཉིད་འགོག་བདེན་གྱི་བྲལ་རྒྱུ་དངོས་ཡིན་པའི་ཕྱིར། ༈ །གསུམ་པ་རྟེན་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་ལ། མཚན་ཉིད་དངོས་དང༌། རྟེན་དཀོན་མཆོག་གསུམ་བཤད་པའོ། །དང་པོ་ལ། དཀོན་མཆོག་གསུམ་དོན་དམ་པར་མི་དམིགས་ཤིང༌། ཐ་སྙད་དུ་དེ་ལ་བསྟེན་ནས་སྒྲུབ་པ་ཉམས་སུ་ལོང་ཅིག ཞེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ། འདིར་བསྟན་གྱི་དེ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། གཉིས་པ་ལ། དཀོན་མཆོག་གསུམ་གྱི་རྣམ་གཞག་སྤྱིར་བསྟན་པ་དང༌། རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ཡུམ་གྱི་མདོ་ལས་གསུངས་པའི་དཀོན་མཆོག་གསུམ་གྱི་བསྟན་ཚུལ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་གསུང་པའི་དཀོན་མཆོག་གསུམ་གྱི་བསྟན་ཚུལ་མི་འདྲ་བ་ཡོད་ཀྱང༌། རེ་ཤིག་གྲགས་ཆེ་བས་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་གསུང་པ་བཞིན་དུ་བཤད་པར་བྱའོ། །དེ་ལ་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ལ། དོན་གཉིས་མཐར་ཕྱིན་པའི་སྐྱབས་དེ། སངས་རྒྱས་དཀོན་མཆོག་ཙམ་གྱི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་སྐུ་གསུམ་ལ་བྱའོ། །འདུས་མ་བྱས་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་ཆོས་ཀྱི་སྐུ་དེ། འདིར་བསྟན་གྱི་སངས་རྒྱས་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི་ཇི་སྐད་དུ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་སོ། །རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་ཉིད་སྐུའི་སྟེང་གི་རང་བཞིན་རྣམ་དག་གི་ཆ་དེ། འདུས་མ་བྱས་པའི་ཡོན་ཏན་གྱི་མཚན་ཉིད། དེའི་སྟེང་གི་བློ་བུར་རྣམ་དག་གི་ཆ་དེ། ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་མཚན་ཉིད། དེའི་སྟེང་གི་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་ཆ་དེ། གཞན་གྱི་རྐྱེན་ཀྱིས་རྟོགས་པ་མིན་པའི་ཡོན་ཏན་གྱི་མཚན་ཉིད། དེ་གསུམ་ལ་རང་དོན་གྱི་ཡོན་ཏན་ཞེས་བྱ་སྟེ། སྤངས་པའི་ཆའི་ཡོན་ཏན་ཡིན་པའི་ཕྱིར། རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའི་སྟེང་གི་དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་ཆ་དེ། མཁྱེན་པའི་ཡོན་ཏན་གྱི་མཚན་ཉིད། དེའི་སྟེང་གི་རང་གིས་མཁྱེན་པ་ལྟར་གཞན་ལ་སྟོན་པར་བྱེད་པའི་ཐུགས་རྗེའི་ཆ་དེ། བརྩེ་བའི་ཡོན་ཏན་གྱི་མཚན་ཉིད། མཁྱེན་བརྩེ་གཉིས་ཀྱི་གཞན་རྒྱུད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་འཇོམས་ནུས་པའི་སྟོབས་ཀྱི་ཆ་དེ། ནུས་པའི་ཡོན་ཏན་གྱི་མཚན་ཉིད། དེ་གསུམ་ལ་གཞན་དོན་གྱི་ཡོན་ཏན་ཞེས་བྱ་སྟེ། གཞན་དོན་འཕྲིན་ལས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་གྱི་ཆ་ནས་བསྟན་པའི་ཡོན་ཏན་ཡིན་པའི་ཕྱིར། མདོར་ན་སྤངས་རྟོགས་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་དེ། འདིར་སངས་རྒྱས་དཀོན་མཆོག་དངོས་ཡིན་ལ། གདུལ་བྱ་གཞན་སྣང་ལ་ཤར་བའི་གཟུགས་སྐུ་ནི། གདུལ་བྱ་རང་གི་ངོ་བོར་སྐྱབས་སུ་རྣམ་པར་བཞག་པ་ཡིན་ནོ། །རྣམ་བྱང་གི་བདེན་པ་འཁོར་དང་བཅས་པ་དེ། སྤྱིར་ཆོས་དཀོན་མཆོག་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆོས་ཉིད། བློ་བུར་རྣམ་དག་གི་ཆོས་ཉིད། ལམ་གྱི་བདེན་པ་འཁོར་དང་བཅས་པ་སྟོན་པའི་གསུང་རབ་དགོངས་འབྲེལ་དང་བཅས་པ་རྣམས་སུ་ཡོད་དོ། །བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་བཞི་ཚན་གཉིས་པོ་གང་རུང་དང་ལྡན་པའི་རྣམ་བྱང་གི་བདེན་པ་དེ། འདིར་བསྟན་གྱི་ཆོས་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི་ཇི་སྐད་དུ། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཅེས་སོ། །འགོག་བདེན་གྱི་སྟེང་གི་སྒྲ་རྟོག་གི་དངོས་ཡུལ་ལས་འདས་པའི་རང་བཞིན་རྣམ་དག་གི་ཆ་དེ། བསམ་དུ་མེད་པའི་ཡོན་ཏན་གྱི་མཚན་ཉིད། རང་གི་བྲལ་རྒྱུ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ལས་དང་ཉོན་མོངས་པ་གཉིས་དང་བྲལ་བའི་ཆ་དེ། གཉིས་སུ་མེད་པའི་ཡོན་ཏན་གྱི་མཚན་ཉིད། དེའི་ངོ་སྐལ་གྱི་བདེན་འཛིན་ས་བོན་སྤངས་པའི་ཆ་དེ། རྟོག་པ་མེད་པའི་ཡོན་ཏན་གྱི་མཚན་ཉིད། འདི་གསུམ་ནི་གང་གིས་ཆགས་པ་དང་བྲལ་བའི་ཆ་ནས་བསྟན་པའི་ཡོན་ཏན་ཡིན་པའི་ཕྱིར། འགོག་བདེན་གྱི་ཡོན་ཏན་ཞེས་བྱའོ། །རང་གི་ངོ་སྐལ་གྱི་དྲི་མ་དང་འགྲོགས་པ་མཁྱེན་པའི་ཡོན་ཏན་གྱི་ཆ་དེ། དག་པའི་ཡོན་ཏན་གྱི་མཚན་ཉིད། བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་ནུས་པ་མཁྱེན་པའི་ཡོན་ཏན་གྱི་ཆ་དེ། གསལ་བའི་ཡོན་ཏན་གྱི་མཚན་ཉིད། རང་གི་ངོ་སྐལ་གྱི་སྤངས་བྱའི་ས་བོན་དྲུངས་འབྱིན་པ་མཁྱེན་པའི་ཡོན་ཏན་གྱི་ཆ་དེ། གཉེན་པོའི་ཕྱོགས་སུ་གྱུར་པའི་ཡོན་ཏན་གྱི་མཚན་ཉིད། འདི་གསུམ་ནི་གང་གིས་ཆགས་པ་དང་བྲལ་བྱེད་ཀྱི་ཆ་ནས་བསྟན་པའི་ཡོན་ཏན་ཡིན་པའི་ཕྱིར། ལམ་གྱི་ཡོན་ཏན་ཞེས་བྱའོ། །འདིར་དཀོན་མཆོག་དངོས་ནི། འགོག་བདེན་ཉིད་ཡིན་ཏེ། ཆགས་བྲལ་གྱི་ངོ་བོ་ཡིན་པའི་ཕྱིར། དེའི་རྒྱུ་བར་ཆད་མེད་ལམ་ཡང་ཆོས་དཀོན་མཆོག་ཏུ་བསྡུད་པའི་རྒྱུ་མཚན་ཡོད་དེ། ཆགས་བྲལ་གྱི་ཐབས་དངོས་ཡིན་པའི་ཕྱིར། ལུང་གི་ཆོས་དཀོན་མཆོག་ལ་ནི་འདིར་བསྟན་གྱི་ཆོས་དཀོན་མཆོག་གི་མཚན་ཉིད་མ་ཚང་སྟེ། ཆགས་བྲལ་གྱི་ངོ་བོ་ཡང་མ་ཡིན། ཆགས་བྲལ་གྱི་ཐབས་དངོས་ཀྱང་མིན་པའི་ཕྱིར། ཐེག་དམན་གྱི་འགོག་ལམ་གཉིས་ལ་ཡང་འདིར་བསྟན་གྱི་ཆོས་དཀོན་མཆོག་གི་མཚན་ཉིད་མ་ཚང་སྟེ། འགོག་པའི་བདེན་པ་ལ་ནི་རྟོག་པ་མེད་པའི་དོན་མ་ཚང༌། ལམ་གྱི་བདེན་པ་ལ་ནི་གཉེན་པོའི་ཕྱོགས་སུ་གྱུར་པའི་དོན་མ་ཚང་བའི་ཕྱིར། མདོར་ན་བསམ་དུ་མེད་པ་ལ་སོགས་པའི་ཡོན་ཏན་དང་པོ་གསུམ་གང་རུང་དང་ལྡན་པའི་རྣམ་བྱང་གི་བདེན་པ་ཡིན་ན། ཐེག་ཆེན་གྱི་འགོག་བདེན་ཡིན་པས་ཁྱབ། ཡོན་ཏན་ཕྱི་མ་གསུམ་དང་ལྡན་པའི་རྣམ་བྱང་གི་བདེན་པ་ཡིན་ན། ཐེག་ཆེན་གྱི་ལམ་བདེན་ཡིན་པས་ཁྱབ་པ་ཡིན་ནོ། །བདུད་ལས་ཀྱི་དབྱེ་བར་མི་ནུས་པའི་འཕགས་པའི་ཚོགས་དེ། དགེ་འདུན་དཀོན་མཆོག་ཙམ་གྱི་མཚན་ཉིད་དེ་ནི་འཕགས་པའི་གང་ཟག་ཐམས་ཅད་ལ་བྱའོ། །རིགས་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་འཕགས་པ་དེ། འདིར་བསྟན་དགེ་འདུན་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི་ཇི་སྐད་དུ། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཞེས་སོ། །རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡོན་ཏན་གྱི་ཆ་དེ། ཇི་ལྟ་བ་རིག་པའི་ཡོན་ཏན་གྱི་མཚན་ཉིད། སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་གཟིགས་པའི་ཡོན་ཏན་གྱི་ཆ་དེ། ཇི་སྙེད་པ་རིག་པའི་ཡོན་ཏན་གྱི་མཚན་ཉིད། ཡོན་ཏན་དེ་གཉིས་ཉན་རང་དང་ཐུན་མོང་མ་ཡིན་པའི་ཆ་དེ། ནང་རིག་པའི་ཡོན་ཏན་གྱི་མཚན་ཉིད། དེ་གསུམ་ལ་རིག་པའི་ཡོན་ཏན་ཞེས་བྱ་སྟེ། རྟོགས་བྱ་རྟོགས་པས་ཁྱད་པར་དུ་བྱས་པའི་ཡོན་ཏན་ཡིན་པའི་ཕྱིར། མཉམ་གཞག་ཏུ་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་བྲལ་བའི་ཆ་དེ། ཆགས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་གྱི་མཚན་ཉིད། རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ལས་གྲོལ་བའི་ཆ་དེ། ཐོགས་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་གྱི་མཚན་ཉིད། ཆགས་ཐོགས་ཀྱི་སྒྲིབ་པ་གཉིས་ལས་གྲོལ་བའི་སངས་རྒྱས་ཀྱི་ཆོས་སྐུ་དང་ཉེ་བའམ། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཡོན་ཏན་དེ། དམན་པའི་སྒྲིབ་པ་ལས་གྲོལ་བའི་ཡོན་ཏན་གྱི་མཚན་ཉིད། དེ་གསུམ་ལ་གྲོལ་བའི་ཡོན་ཏན་ཞེས་བྱ་སྟེ། ངོ་སྐལ་གྱི་སྤང་བྱ་སྤངས་པས་རབ་ཏུ་ཕྱེ་བའི་ཡོན་ཏན་ཡིན་པའི་ཕྱིར། མདོར་ན་སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་མི་འགལ་ཏེ། འགོག་བདེན་མཐར་ཐུག་དེ་གཉིས་ཀ་ཡིན་པའི་ཕྱིར། དོན་དམ་པའི་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་འགལ་ལ། ཀུན་རྫོབ་པའི་སངས་རྒྱས་དཀོན་མཆོག་དང་དགེ་འདུན་དཀོན་མཆོག་མི་འགལ་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་དེ་གཉིས་ཀ་ཡིན་པའི་ཕྱིར། ཇི་སྐད་དུ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེའི་མཐར་ཐུག་ཕྱིར། །ཞེས་སངས་རྒྱས་ཀྱི་སར་སྐྱབས་གསུམ་ཚང་བར་གསུང་ཕྱིར་རོ། །ཡང་སྐྱབས་ཙམ་ལ་དབྱེ་ན། རྒྱུའི་སྐྱབས་དང༌། འབྲས་བུའི་སྐྱབས་གཉིས། གཞན་རྒྱུད་ལ་གྲུབ་ཟིན་པའི་སྐྱབས་གསུམ་གང་རུང་དེ། དང་པོའི་མཚན་ཉིད། རང་རྒྱུད་ལ་འབྱུང་རུང་གི་སྐྱབས་གསུམ་གང་རུང་དེ། གཉིས་པའི་མཚན་ཉིད། གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ལ། མཚོན་བྱེད་དཔེའི་དགེ་འདུན་དང༌། མཚོན་བྱ་དོན་གྱི་དགེ་འདུན་གཉིས། དང་པོ་ལ། གང་ལ་གནས་པ་འབྲས་བུའི་རྣམ་པར་བཞག་པ་དང༌། གང་གནས་པ་གང་ཟག་གི་རྣམ་པར་བཞག་པའོ། །དང་པོ་ལ། དགེ་ཚུལ་དང༌། དེའི་འབྲས་བུ་གཉིས། དང་པོ་ལ། ཟག་མེད་བར་ཆད་མེད་ལམ་དགེ་སྦྱོང་ཚུལ་གྱི་མཚན་ཉིད། དེ་སྐད་དུ་ཡང༌། དགེ་སྦྱོང་ཚུལ་ནི་དྲི་མ་མེད། །ཞེས་སོ། །དེ་ལ་དབྱེ་ན། བརྒྱད་ཅུ་རྩ་དགུའོ། །ཟག་མེད་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཐོབ་པའི་བྲལ་བ་དེ། དགེ་སྦྱོང་ཚུལ་གྱི་འབྲས་བུའི་མཚན་ཉིད། དེ་ལ་དབྱེ་ན། དགེ་ཚུལ་གྱི་འབྲས་བུ་འདུས་མ་བྱས་དང་འདུས་བྱས་གཉིས། སོ་སོར་བརྟགས་འགོག་དེ་དང་པོའི་མཚན་ཉིད། རྣམ་གྲོལ་ལམ་དེ་གཉིས་པའི་མཚན་ཉིད། དེ་རེ་རེ་ལའང་བརྒྱད་ཅུ་རྩ་དགུ་རེ་རེར་དབྱེར་ཡོད་དོ།།  །།མཐོང་ལམ་བཟོད་པ་བརྒྱད་ཀྱིས་ཐོབ་པའི་སོ་སོར་བརྟགས་འགོག་དང༌། རྣམ་གྲོལ་གྱི་ལམ་བརྒྱད་བརྒྱད། ཁམས་གསུམ་ས་དགུའི་སྒོམ་སྤངས་ཀྱི་ཉོན་མོངས་པ་བརྒྱད་ཅུ་རྩ་གཅིག་སྤངས་པའི་སོ་སོར་བརྟགས་འགོག་དང༌། རྣམ་གྲོལ་ལམ་བརྒྱད་ཅུ་རྩ་གཅིག་རེ་རེ་ཡོད་པའི་ཕྱིར། རྒྱུ་ལྔ་ཚང་བའི་འབྲས་བུའི་དབང་དུ་བྱས་ན། རྒྱུན་ཞུགས་ཀྱི་འབྲས་བུ། ཕྱིར་འོང་གི ཕྱིར་མི་འོང་གི དགྲ་བཅོམ་པའི་འབྲས་བུ་དང་བཞི། མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དེ། དང་པོའི་མཚན་ཉིད། འདོད་ཉོན་དྲུག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བ་དང༌། འདོད་ཉོན་དགུ་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བ་དང༌། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དེ། གོ་རིམ་བཞིན་དུ་ཕྱི་མ་གསུམ་གྱི་མཚན་ཉིད་དོ། །གཉིས་པ་གང་གནས་པ་གང་ཟག་གི་རྣམ་པར་བཞག་པ་ལ། སྤང་བྱ་ཅིག་ཅར་བ་དང༌། རིམ་གྱིས་པ་གཉིས། དང་པོ་ལ་མཚན་ཉིད་ནི། བཅུ་དྲུག་པ་ལམ་རྗེས་ཤེས་ཀྱི་རྟོགས་པ་རྫོགས་རྗེས་སུ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས། ཁམས་གསུམ་ལ་ཅིག་ཅར་དུ་ཆགས་བྲལ་བྱས་པའམ། བྱེད་བཞིན་པའི་དམན་པའི་གང་ཟག་དེ། སྤང་བྱ་ཅིག་ཅར་བའི་འབྲས་བུ་ལ་གནས་པའི་མཚན་ཉིད། དེ་ལ་དབྱེ་ན། རྒྱུན་ཞུགས་འབྲས་གནས་དང༌། དགྲ་བཅོམ་འབྲས་གནས་གཉིས། སྤང་བྱ་ཅིག་ཅར་བའི་སློབ་པ་འབྲས་གནས་དེ་དང་པོའི་མཚན་ཉིད། འདི་ཡིན་ན། དགྲ་བཅོམ་ཞུགས་པ་ཡིན་པས་ཁྱབ་སྟེ། འདི་ཡིན་ན་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཡིན་པས་ཁྱབ་པའི་ཕྱིར། ཅིག་ཅར་བའི་མི་སློབ་པ་འབྲས་གནས་དེ་གཉིས་པའི་མཚན་ཉིད། ཞར་ལ་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་དམན་པའི་གང་ཟག་གང་ཞིག སྦྱོར་ལམ་དང་མཐོང་ལམ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་གང་ཟག་དེ། ཅིག་ཅར་བའི་རྒྱུན་ཞུགས་ཀྱི་མཚན་ཉིད། ཅིག་ཅར་བའི་རྣམ་གཞག་འདི་ནི་མངོན་པ་འོག་མ་བས་ཁས་མི་ལེན་ནོ། །གཉིས་པ་ལ་མཚན་ཉིད་དང་དབྱེ་བ་གཉིས། ཁམས་གསུམ་ལ་ཆགས་བྲལ་རིམ་བཞིན་དུ་བྱས་པའམ། བྱེད་བཞིན་པའི་དམན་པའི་གང་ཟག མཚོན་བྱེད་དཔེའི་དགེ་འདུན་དུ་གྱུར་པའི་སྤང་བྱ་རིམ་གྱིས་པའི་དགེ་འདུན་གྱི་མཚན་ཉིད། དེ་ལ་དབྱེ་ན། ཆགས་བྲལ་སྔོན་སོང་བ་དང༌། ཆགས་བྲལ་སྔོན་དུ་མ་སོང་བའི་སྤང་བྱ་རིམ་གྱིས་པ་གཉིས། དང་པོ་ལ། མཐོང་ལམ་གྱི་སྔ་རོལ་དུ་རང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོ་སྤངས་པའི་དམན་པའི་གང་ཟག་དེ། མཚོན་བྱེད་དཔེའི་དགེ་འདུན་དུ་གྱུར་པའི་ཆགས་བྲལ་སྔོན་སོང་གི་མཚན་ཉིད། མཚོན་བྱེད་དཔེའི་དགེ་འདུན་ཞེས་པ་འོག་མ་གཞན་ལའང་ཅི་རིགས་པར་སྦྱར་རོ། །དེ་ལ་དབྱེ་ན། ཞུགས་པ་དང༌། འབྲས་གནས་གཉིས། དང་པོ་ལ་མཚན་ཉིད་ནི། ཆགས་བྲལ་སྔོན་སོང་གང་ཞིག སྦྱོར་ལམ་རྟེན་གཅིག་པའི་རྟོགས་པ་ཐོབ་ཅིང་བཅུ་དྲུག་པའི་རྟོགས་པ་མ་ཐོབ་པ། དབྱེ་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དང༌། ཕྱིར་མི་འོང་ཞུགས་པ་གཉིས། དང་པོ་ལ་མཚན་ཉིད་ནི། ཆགས་བྲལ་སྔོན་སོང་གི་ཞུགས་པ་གང་ཞིག འདོད་ཉོན་དགུ་པ་མ་སྤངས་པ། དབྱེ་ན། དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས། ཆགས་བྲལ་སྔོན་སོང་གི་ཞུགས་པ་གང་ཞིག འདོད་ཉོན་དགུ་པ་སྤངས་པ་དེ་གཉིས་པའི་མཚན་ཉིད། དེ་ལ་ཡང་སྔ་མ་ལྟར་གཉིས་སོ། །ཆགས་བྲལ་སྔོན་སོང་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དེ། ཆགས་བྲལ་སྔོན་དུ་སོང་བའི་འབྲས་གནས་ཀྱི་མཚན་ཉིད། དེ་ལ་ཕྱིར་འོང་འབྲས་གནས་དང༌། ཕྱིར་མི་འོང་འབྲས་གནས་གཉིས། ཆགས་བྲལ་སྔོན་སོང་གི་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་མ་སྤངས་པ་དེ་དང་པོའི་མཚན་ཉིད། འདི་ལ་དབྱེ་ན། ཙམ་པོ་དང་ཁྱད་པར་ཅན་གཉིས། སྔོན་སོང་གི་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་སྤངས་པ་དེ། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་གི་མཚན་ཉིད། དེ་ལ་ཡང་སྔ་མ་ལྟར་གཉིས། རྒྱུན་ཞུགས་ལ་ཆགས་བྲལ་སྔོན་སོང་མེད་དེ། མཐོང་ལམ་གྱི་སྔ་རོལ་དུ་མཐོང་སྤང་སྤངས་པ་མི་སྲིད་པའི་ཕྱིར། དགྲ་བཅོམ་ལ་ཆགས་བྲལ་སྔོན་སོང་མེད་དེ། མཐོང་ལམ་གྱི་སྔ་རོལ་དུ་སྲིད་རྩེ་ལ་ཆགས་བྲལ་བྱས་པ་མི་སྲིད་པའི་ཕྱིར། སྐབས་འདིར་ཆགས་བྲལ་སྔོན་དུ་སོང་བ་དང༌། དགྲ་བཅོམ་གྱི་གཞི་མཐུན་ཡིན་པ་ཙམ་གྱིས་ཆགས་བྲལ་སྔོན་དུ་སོང་བའི་དགྲ་བཅོམ་ཡིན་མི་དགོས་ཏེ། ཕྱིར་འོང་དང་ཞུགས་པའི་གཞི་མཐུན་ཡིན་པ་ཙམ་གྱིས་ཕྱིར་འོང་ཞུགས་པ་ཡིན་མི་དགོས་པ་བཞིན། གཉིས་པ་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ལ་རང་གི་ངོ་སྐལ་གྱི་སྤང་བྱའི་གཙོ་བོར་མཐོང་ལམ་གྱི་སྔ་རོལ་ཏུ་མ་སྤངས་པའི་ཞུགས་གནས་གང་རུང་དེ། ཆགས་བྲལ་སྔོན་དུ་མ་སོང་བའི་སྤང་བྱ་རིམ་གྱིས་པའི་མཚན་ཉིད། དེ་ལ་དབྱེ་ན། རྒྱུན་ཞུགས་ཞུགས་གནས་དང༌། ཕྱིར་འོང་ཞུགས་གནས་གཉིས། ཕྱིར་མི་འོང་ཞུགས་གནས་གཉིས། དགྲ་བཅོམ་ཞུགས་གནས་གཉིས་ཏེ་བརྒྱད། དང་པོ་ལ་མཚན་ཉིད་དང་དབྱེ་བའོ། །མཚན་ཉིད་ནི། མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དམན་པའི་གང་ཟག་གང་ཞིག སྦྱོར་ལམ་རྟེན་གཅིག་པ་དང༌། བདེན་པ་མངོན་རྟོགས་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་ལ་གནས་པ་དེ། རྒྱུན་ཞུགས་ཞུགས་པའི་མཚན་ཉིད། གཉིས་པ་དབྱེ་བ་ལ། དད་པའི་རྗེས་འབྲང་དང༌། ཆོས་ཀྱི་རྗེས་འབྲང་གཉིས། དད་པ་ཙམ་གྱིས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་གང་ཟག་དེ། སྤྱིར་དད་པའི་རྗེས་འབྲང་གི་མཚན་ཉིད། ཕ་རོལ་གྱིས་བསྟན་པ་ལ་མི་ལྟོས་པར་རང་ཉིད་ཀྱི་ཤེས་རབ་ཀྱིས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའི་གང་ཟག་དེ། སྤྱིར་ཆོས་ཀྱི་རྗེས་སུ་འབྲང་བའི་མཚན་ཉིད། སྤྱིར་རྗེས་འབྲང་ཙམ་འདི་ཉིད་ལ་དབྱེ་ན། རྒྱུན་ཞུགས་ཞུགས་པར་གྱུར་པའི་རྗེས་འབྲང་གཉིས། ཕྱིར་འོངས་ཞུགས་པར་གྱུར་པའི་རྗེས་འབྲང་གཉིས། ཕྱིར་མི་འོང་ཞུགས་པར་གྱུར་པའི་རྗེས་འབྲང་གཉིས་ཏེ་དྲུག་གོ །མཚན་ཉིད་ནི། ཕྱིར་འོང་ཞུགས་པ་གང་ཞིག དད་པ་ཙམ་གྱིས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བ་ཞེས་སོགས་རིགས་བསྒྲེ་བར་བྱའོ། །མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་དམན་པའི་གང་ཟག་དེ། རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། དབྱེ་ན་སྤྱིར་འབྲས་གནས་བཞི་ཆར་ལ་དད་མོས་དང༌། མཐོང་ཐོབ་གཉིས་གཉིས་ཡོད་དོ། །བྱེ་བྲག་ཏུ་དབང་བརྟུལ་དུ་གྱུར་པའི་རྒྱུན་ཞུགས་འབྲས་གནས་དེ། དད་མོས་པའི་མཚན་ཉིད། དབང་རྣོན་དུ་གྱུར་པའི་རྒྱུན་ཞུགས་འབྲས་གནས་དེ། རྒྱུན་ཞུགས་མཐོང་ཐོབ་པའི་མཚན་ཉིད། ཞེས་སོགས་རིགས་བསྒྲེས་ནས་ཤེས་པར་བྱའོ། །རྒྱུན་ཞུགས་ལ་ཙམ་ཁྱད་ཀྱི་སྒོ་ནས་དབྱེ་ན། ཙམ་པོ་དང་ཁྱད་པར་ཅན་གཉིས། འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་མི་བརྩོན་པའི་རྒྱུན་ཞུགས་འབྲས་གནས་དེ་དང་པོའི་མཚན་ཉིད། དེར་བརྩོན་པའི་རྒྱུན་ཞུགས་འབྲས་གནས་དེ། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་མཚན་ཉིད། དང་པོ་ནི། བཅུ་དྲུག་པའི་རྟོགས་པ་ལ་གནས་བཞིན་པའི་རྒྱུན་ཞུགས་ལྟ་བུ་ལ་བྱ། གཉིས་པ་ནི། སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་དང་པོ་སོགས་སྤོང་བ་ལ་བརྩོན་བཞིན་པའི་རྒྱུན་ཞུགས་ལྟ་བུ་ལ་བྱའོ། །སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང༌། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གཉིས། དང་པོ་ལ་མཚན་ཉིད་ནི། བྱེ་བྲག་ཏུ་སྨྲ་བ་ལྟར་ན། འདོད་པར་སྐྱེ་བ་ཉི་ཤུ་རྩ་བརྒྱད་ལེན་པར་འགྱུར་བའི་རིགས་ཅན་གྱི་རྒྱུན་ཞུགས་འབྲས་གནས་ཙམ་པོ་དེ། སྲིད་པ་ལན་བདུན་པའི་རྒྱུན་ཞུགས་ཀྱི་མཚན་ཉིད། མངོན་པ་གོང་མ་བ་ཡང་བྱེ་བྲག་ཏུ་སྨྲ་བ་དང་མཐུན་ནོ། །དེ་ལ་དབྱེ་ན། མྱོང་བར་ངེས་པའི་སྲིད་པ་ལན་བདུན་པ་དང༌། མྱོང་བར་མ་ངེས་པའི་སྲིད་པ་ལན་བདུན་པ་གཉིས་སོ། །སྲིད་པ་ལན་བདུན་པའི་རིགས་ཅན་གང་ཞིག འདོད་པར་སྐྱེ་བ་ཉི་ཤུ་རྩ་བརྒྱད་ལེན་པར་ངེས་པ་དེ། དང་པོའི་མཚན་ཉིད། དེར་མ་ངེས་པའི་སྲིད་པ་ལན་བདུན་པ་དེ། གཉིས་པའི་མཚན་ཉིད། འདིར་མྱོང་བར་ངེས་པའི་སྲིད་པ་ལན་བདུན་པ་དང༌། རེ་ལྟར་ཐོགས་ནས་ལན་བདུན་པ་ཞེས་པ་ནི་དོན་གཅིག་མིང་གི་རྣམས་གྲངས་སོ། །གཉིས་པ་ལ། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་གསུམ་པ་སྤངས་ཤིང༌། ལྔ་པ་མ་སྤངས་པར་གྱུར་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པར་རིགས་མཐུན་གྱི་སྲིད་པ་གཉིས་ལེན་པའི་རིགས་ཅན་དེ། རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། དབྱེ་ན། ལྷའི་རིགས་ནས་རིགས་སྐྱེ་དང༌། མིའི་རིགས་ནས་རིགས་སྐྱེས་གཉིས། རིགས་ནས་རིགས་སུ་སྐྱེ་བའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པའི་ལྷར་སྲིད་པ་ལན་གཉིས་ལེན་པའི་རིགས་ཅན་དེ་དང་པོའི་མཚན་ཉིད། དེ་གང་ཞིག མིའི་རྟེན་ལ་སྲིད་པ་ལན་གཉིས་ལེན་པའི་རིགས་ཅན་དེ་གཉིས་པའི་མཚན་ཉིད། འདི་དག་ལའང༌། མྱོང་བར་ངེས་པའི་རིགས་ནས་རིགས་སྐྱེ་དང༌། མྱོང་བར་མ་ངེས་པའི་རིགས་ནས་རིགས་སྐྱེ་གཉིས་གཉིས་སུ་རིགས་པས་ཐོབ་བོ། །གསུམ་པ་ཕྱིར་འོང་ཞུགས་པ་ལ། འདོད་ཉོན་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དམན་པའི་གང་ཟག་གང་ཞིག ལམ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་པ་དེ། ཆགས་བྲལ་སྔོན་དུ་མ་སོང་བའི་ཕྱིར་འོང་ཞུགས་པའམ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་ཞུགས་པའི་མཚན་ཉིད། དེ་ལ་དབྱེ་ན་དད་མོས་པ་དང༌། མཐོང་ཐོབ་པ་གཉིས། བཞི་པ་ཕྱིར་འོང་འབྲས་གནས་ལ། འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་དྲུག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་སྤངས་བྱ་རིམ་གྱིས་པའི་རྒྱུ་ལྔ་ཚང་བའི་སློབ་པ་འབྲས་གནས་གང་ཞིག འདོད་ཉོན་དྲུག་པ་མཐོང་ལམ་གྱི་རྗེས་ཐོགས་སུ་སྤངས་པ་དེ། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཙམ་པོ་དང༌། ཚེ་གཅིག་བར་ཆད་གཅིག་པ་གཉིས། འབྲས་བུ་ཕྱི་མ་ཐོབ་ཕྱིར་དུ་མི་བརྩོན་པའི་འབྲས་གནས་དེ་དང་པོའི་མཚན་ཉིད། འདོད་ཉོན་བདུན་པ་སྤངས་ཤིང༌། འདོད་པར་རིགས་མཐུན་གྱི་སྐྱེ་བ་གཅིག་ཁོ་ན་ལེན་པར་ངེས་པའི་ཕྱིར་འོང་དེ། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད། ལྔ་པ་ཕྱིར་མི་འོང་ཞུགས་པ་ལ། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དམན་པའི་གང་ཟག་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དེ། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པའི་མཚན་ཉིད། དབྱེ་ན། དད་མོས་པ་དང༌། མཐོང་ཐོབ་པ་གཉིས། དྲུག་པ་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ལ་མཚན་ཉིད་ནི། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་རྒྱུ་ལྔ་ཚང་བའི་སློབ་པ་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་མཐོང་ལམ་གྱི་རྗེས་ཐོགས་སུ་སྤངས་པའོ། །དེ་ལ་ཙམ་ཁྱད་ཀྱི་སྒོ་ནས་དབྱེ་ན། ཙམ་པོ་དང༌། ཁྱད་པར་ཅན་གཉིས་ཏེ། རྟོགས་པར་སླའོ། །ངོ་བོའི་སྒོ་ནས་དབྱེ་ན། མཐོང་ཆོས་ཞི། ལུས་མངོན་བྱེད། ཚེ་ཡོངས་སུ་འགྱུར་བའི་འཕགས་པ། ཁམས་གོང་མར་ཉེར་འགྲོ་དང་བཞིའོ། །དང་པོ་ལ། ཚེ་འདི་ཉིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པར་ངེས་པའི་གང་ཟག་དེ། སྤྱིར་མཐོང་ཆོས་ཞི་ཙམ་གྱི་མཚན་ཉིད། དེ་ནི་རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་གསུམ་ཆར་ལ་ཡོད་དོ། །དེ་ལྟར་ངེས་པའི་ཕྱིར་མི་འོང་འབྲས་གནས་དེ། ཕྱིར་མི་འོང་དུ་གྱུར་པའི་མཐོང་ཆོས་ཞིའི་མཚན་ཉིད། རྣམ་པར་མཐར་པ་བརྒྱད་ཐོབ་ལ་མ་ཉམས་པའི་ཕྱིར་མི་འོང་འབྲས་གནས་དེ། ཕྱིར་མི་འོང་དུ་གྱུར་པའི་ལུས་མངོན་བྱེད་ཀྱི་མཚན་ཉིད། ཕྱིར་མི་འོང་འབྲས་གནས་གང་ཞིག འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་བརྒྱུད་མར་ལེན་མྱོང་བ་དེ། ཕྱིར་མི་འོང་ཡིན་པའི་ཚེ་ཡོངས་སུ་འགྱུར་བའི་མཚན་ཉིད། དེ་ལ་དབྱེ་ན། འདོད་པར་ཚེ་ཡོངས་འགྱུར་གྱི་ཕྱིར་མི་འོང་དང༌། ཁམས་གོང་མར་ཡོངས་འགྱུར་གྱི་ཕྱིར་མི་འོང་གཉིས། དང་པོ་ཡིན་ན་ཁམས་གཞན་དུ་མི་འགྲོ་བས་ཁྱབ་སྟེ། འདོད་པར་ཚེ་ཡོངས་གྱུར་པའི་འཕགས་ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་སོ། །གཉིས་པ་ལ་དེས་མ་ཁྱབ་པ་ཡིན་ཏེ། གཟུགས་སུ་ཚེ་ཡོངས་སུ་འགྱུར་བའི་འཕགས་པ་གཟུགས་མེད་དུ་སྐྱེ་བ་ལེན་པ་ཡོད་པའི་ཕྱིར་རོ། །སྤྱིར་འཕགས་པ་ཐོབ་རྗེས་སུ་ཁམས་གསུམ་གང་རུང་དུ་སྐྱེ་བ་བརྒྱུད་མར་ལེན་མྱོང་བའི་གང་ཟག་དེ། སྤྱིར་ཚེ་ཡོངས་འགྱུར་གྱི་འཕགས་པ་ཙམ་གྱི་མཚན་ཉིད། དེ་ནི་འབྲས་གནས་བཞི་ཆར་ལ་ཡོད་དོ། །འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག ཁམས་གོང་མར་འཕེན་བྱེད་ཀྱི་ལས་དང་ལྡན་པ་དེ་ཁམས་གོང་མར་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད། སྤྱིར་ཁམས་གོང་མར་ཉེ་འགྲོ་ཙམ་ནི་རྒྱུན་ཞུགས་དང་ཕྱིར་འོང་གཉིས་ལའང་སྲིད་དོ། །དབྱེ་ན་གཟུགས་སུ་ཉེ་འགྲོའི་ཕྱིར་མི་འོང་དང༌། གཟུགས་མེད་ཉེ་འགྲོའི་ཕྱིར་མི་འོང་གཉིས། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ལྡན་པ་དེ་དང་པོའི་མཚན་ཉིད། དབྱེ་ན། བར་དོར་འདའ་བ། སྐྱེ་འདའ་བ། གོང་འཕོ་དང་གསུམ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་གང་ཞིག གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང༌། གཟུགས་སུ་མངོན་པར་འགྲུབ་པའི་ཀུན་སྦྱོར་གྱི་ལས་དང་ལྡན་པ་དེ། ཕྱིར་མི་འོང་བར་འདའ་བའི་མཚན་ཉིད། དེ་ལ་དབྱེ་ན། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། དུས་རིང་མོ་ཞིག་ནས་འདའ་བ་དང་གསུམ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་སྐྱེ་བ་གཅིག་ཁོ་ན་བླངས་ནས། གཟུགས་ཁམས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། སྐྱེས་མ་ཐག་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་དང་གསུམ། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག གཟུགས་ཁམས་སུ་ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་དང་ལྡན་པ་དེ། ཕྱིར་མི་འོང་གོང་འཕོའི་མཚན་ཉིད། དེ་ལ་དབྱེ་ན། འོག་མིན་གྱི་མཐར་ཐུག་འགྲོ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་གཉིས། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག བསམ་གཏན་བཞི་པའི་སྤེལ་སྒོམ་ཐོབ་པ་དེ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ། ཕྱིར་མི་འོང་འོག་མིན་གྱི་མཐར་ཐུག་འགྲོ་གང་ཞིག གཟུགས་ཁམས་སུ་སྐྱེ་བ་གཉིས་བླངས་ནས། འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ། ཕྱིར་མི་འོང་འཕར་བའི་མཚན་ཉིད། འདིར་གཟུགས་ཁམས་སུ་སྐྱེ་སྲིད་གཉིས་ལེན་མི་དགོས་ཏེ། ཚངས་རིགས་སུ་སྐྱེ་སྲིད་གཅིག་བླངས་ནས། འོང་མིན་གྱི་བར་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འཕར་བ་ཡོད་པའི་ཕྱིར། ཡང་དེ་གང་ཞིག་གཟུགས་ཁམས་ཀྱི་རྟེན་ལ་སྐྱེ་བ་གསུམ་བླངས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དེ། ཕྱིར་མི་འོང་ཕྱེད་འཕར་གྱི་མཚན་ཉིད། ཡང་དེ་གང་ཞིག གཟུགས་ཁམས་གནས་རིགས་བཅུ་བདུན་དུ་རིམ་གྱིས་སྐྱེས་ནས། མཐར་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དེ། ཕྱིར་མི་འོང་གནས་ཐམས་ཅད་འཆི་འཕོའི་མཚན་ཉིད། འདི་དག་ལ་མྱོང་བར་ངེས་མ་ངེས་གཉིས་གཉིས་སུ་དབྱེར་ཡོད་དེ། ཇི་སྐད་དུ་མཛོད་འགྲེལ་ལས། གོང་དུ་འཕོ་བ་བར་སྐབས་སུ་མྱ་ངན་ལས་འདའ་བ་ལྟར་རུང་སྟེ། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་པ་བཞིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་གང་ཞིག བསམ་གཏན་གྱི་སྤེལ་མ་མ་སྒོམ་པར་ཞི་གནས་འབའ་ཞིག་གཙོ་བོར་སྒོམ་པས། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དེ། ཕྱིར་མི་འོང་གཟུགས་སུ་ཉེར་འགྲོའི་སྲིད་རྩེའི་མཐའ་ཐུག་འགྲོ་བའི་མཚན་ཉིད། གཉིས་པ་ཕྱིར་མི་འོང་གཟུགས་མེད་ཉེར་འགྲོའི་མཚན་ཉིད་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་གང་ཞིག གཟུགས་ལ་འདོད་ཆགས་བྲལ་ཞིང་གཟུགས་མེད་དུ་སྐྱེ་བའི་ལས་དང་ལྡན་པའོ། །དབྱེ་ན་གཟུགས་མེད་ཉེར་འགྲོའི་སྐྱེ་འདའ་བ་དང༌། དེའི་གོང་འཕོ་གཉིས། དང་པོ་ལ་མཚན་ཉིད་ནི། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་མེད་དུ་སྐྱེ་བ་གཅིག་ཁོ་ན་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་ལ་མཚན་ཉིད་ནི། དེ་གང་ཞིག གཟུགས་མེད་ཁམས་སུ་ལན་གྲངས་གཞན་ལ་མྱོང་གྱུར་གྱི་ལས་དང་ལྡན་པའོ། །བདུན་པ་དགྲ་བཅོམ་ཞུགས་པ་ལ། ཁམས་གསུམ་གྱི་སྒོམ་སྤངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཕྱིར་མི་འོང་འབྲས་གནས་དེ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། ཡང་དེས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་སྤངས་བྱ་རིམ་གྱིས་པ་དེ། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། དེ་ལ་མདོར་བསྡུས་ཏེ་བརྗོད་ན། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་དམན་པའི་གང་ཟག་དེ། ཐེག་དམན་འབྲས་གནས་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རྒྱུན་ཞུགས་འབྲས་གནས་ལ་སོགས་པ་བཞིའོ། །འདོད་ཉོན་དྲུག་པ་མཐོང་ལམ་གྱི་སྔ་རོལ་ཏུ་མ་སྤངས་ཤིང༌། མཐོང་སྤངས་ཙམ་སྤངས་པས་རབ་ཏུ་ཕྱེ་བའི་དམན་པའི་འབྲས་གནས་དེ། རྒྱུན་ཞུགས་འབྲས་ཀྱི་མཚན་ཉིད། འདོད་ཉོན་དྲུག་པ་སྤངས་ཤིང་དགུ་པ་མ་སྤངས་པའི་སྤང་བྱ་རིམ་གྱིས་པའི་རྒྱུ་ལྔ་ཚང་བའི་དམན་པའི་འབྲས་གནས་དེ། ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། འདོད་ཉོན་དགུ་པ་སྤངས་པའི་རྒྱུ་ལྔ་ཚང་བའི་དམན་པའི་སློབ་པ་འབྲས་གནས་དེ། ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། ཉོན་མོངས་མ་ལུས་པར་སྤངས་པའི་རྒྱུ་ལྔ་ཚང་བའི་དམན་པའི་འབྲས་གནས་དེ། དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། དེ་ལ་རིགས་ཀྱི་སྒོ་ནས་དབྱེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དང༌། བདག་གསོད་པའི་ཆོས་ཅན་གྱི་དང༌། རྗེས་སུ་བསྲུང་བའི་ཆོས་ཅན་གྱི་དང༌། གནས་པ་ལས་མི་བསྐྱོད་པའི་ཆོས་ཅན་གྱི་དང༌། རྟོགས་པའི་སྐལ་བ་ཅན་གྱི་དང༌། མི་གཡོ་བའི་ཆོས་ཅན་གྱི་དང་དྲུག་གོ །སྤྱིར་རིགས་དྲུག་པོ་འདི་སོ་སོ་སྐྱེ་བོ་དང༌། སློབ་པ་འཕགས་པའི་གནས་སྐབས་ན་ཡོད་པ་ཡིན་ཏེ། ཇི་སྐད་དུ། སློབ་དང་འཕགས་མིན་རིགས་དྲུག་ལྡན། །ཞེས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་ལྟར་ན། ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་ནི། ཕལ་ཆེར་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པའི་རིགས་ཅན་ཅིག་ཡིན། གཉིས་པ་ནི། སྐུ་ཚེའི་འདུ་བྱེད་མ་བཏང་ན་དགྲ་བཅོམ་པའི་འབྲས་བུ་དང༌། རང་གི་རིགས་ལས་ཕལ་ཆེར་ཉམས་ལ། སྐུ་ཚེའི་འདུ་བྱེད་བཏང་ན་མི་ཉམས་པའི་རིགས་ཅན་ཡིན་ནོ། །གསུམ་པ་ནི། འདོད་ཉོན་ལ་སེམས་བསྲུང་ན་དགྲ་བཅོམ་པའི་འབྲས་བུ་དང༌། རང་གི་རིགས་ལས་ཕལ་ཆེར་མི་ཉམས་ཤིང༌། མ་བསྲུང་ན་ཕལ་ཆེར་ཉམས་པ་ཅིག་གོ །བཞི་པ་ནི། ཕལ་ཆེར་དེ་དག་ལས་མི་ཉམས་ཤིང་དབང་པོ་རྣོན་པོར་འཕོ་མི་ནུས་པའི་རིགས་ཅན་ཅིག་གོ །ལྔ་པ་ནི། དེ་ལས་མི་ཉམས་ཤིང་ཕལ་ཆེར་དབང་པོ་རྣོན་པོར་འཕོ་ནུས་པའི་རིགས་ཅན་ཡིན། དྲུག་པ་ནི། དེ་ལས་ཉམས་པ་མི་སྲིད་ཅིང༌། དབང་པོ་འཕོ་མི་དགོས་པ་ཞིག་ཡིན། དེ་ལྟ་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་རྒྱུན་ཞུགས་ནི། རང་གི་འབྲས་བུ་ལས་ཉམས་པ་མི་སྲིད་པའི་ཕྱིར་འདོད་དོ། །མདོ་སྡེ་པ་ལྟར་ན། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་པ་མི་སྲིད་ལ། མདོ་ལས་ཉམས་པའི་ཆོས་ཅན་སོགས་གསུང་པ་དེ་ནི། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཏིང་ངེ་འཛིན་ལས་ཉམས་པ་སྲིད་པ་ལ་དགོངས་པར་འདོད་དོ། །དྲུག་པོ་དེ་དག་བསྡུ་ན་གཉིས་སུ་འདུ་སྟེ། དང་པོ་ལྔ་པོ་དེ། དབང་པོ་བརྟུལ་པོ་ཡིན་ཞིང༌། དུས་སྦྱོར་བ་ཞེས་བྱ། ཐ་མ་ནི་དབང་པོ་རྣོན་པོ་ཡིན་ཞིང་དུས་མི་སྦྱོར་ཞེས་བྱ། དགྲ་བཅོམ་ལ་ངོ་བོའི་སྒོ་ནས་དབྱེ་ན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྐྱང་བའི་ཆ་ལས་རྣམ་པར་གྲོལ་བ་གཉིས། དགྲ་བཅོམ་འབྲས་གནས་གང་ཞིག མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་པ་དེ། དང་པོའི་མཚན་ཉིད། དགྲ་བཅོམ་འབྲས་གནས་གང་ཞིག དེ་མ་ཐོབ་པ་དེ་གཉིས་པའི་མཚན་ཉིད། གཉིས་པ་མཚོན་བྱ་དོན་གྱི་དགེ་འདུན་ལ་མཚན་ཉིད་དང་དབྱེ་བའོ། །བྱང་སེམས་ཀྱི་དགེ་འདུན་དེ་མཚན་ཉིད་དོ། །དབྱེ་ན། ཉན་ཐོས་ཀྱི་མིང་ཅན་དང༌། རང་རྒྱལ་གྱི་མིང་ཅན་ནོ། །དང་པོ་ལ་མཚན་ཉིད་ནི། ཞུགས་གནས་ཀྱི་གང་ཟག་བརྒྱད་པོ་གང་རུང་གི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས། དབྱེ་ན་རྒྱུན་ཞུགས་ཀྱི་སྐོར་ལ་ལྔ། ཕྱིར་འོང་གི་སྐོར་ལ་གསུམ། ཕྱིར་མི་འོང་གི་སྐོར་ལ་བཅུ། དགྲ་བཅོམ་ཞུགས་པའི་མིང་ཅན་ནོ། །དང་པོ་ལ། རྒྱུན་ཞུགས་པའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་གང་རུང་གི་རྟོགས་པ་ལ་གནས་པའི་བྱང་སེམས་ལྟ་བུ་ལ་ཟེར། ཆོས་གསུམ་ནི། འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་གསུམ། དང་པོ་ནི། རྒྱུན་ཞུགས་ཞུགས་པ་དང༌། སྤངས་རྟོགས་གཉིས་ཀྱི་ཆ་འགའ་ཞིག་འདྲའོ། །བཏགས་པའི་དགོས་པ་ནི། དེ་ལ་དགེ་འདུན་དཀོན་མཆོག་ཏུ་ཡིད་ཆེས་པར་བྱ་བའི་ཕྱིར་རམ། ཉན་ཐོས་ཀྱི་རིགས་ཅན་ཐེག་པ་ཆེན་པོ་ལ་རིམ་གྱིས་ཞུགས་པའོ། །དངོས་ལ་གནོད་བྱེད་ནི། རྒྱུན་ཞུགས་སོགས་དངོས་ཡིན་ན། ཐེག་པ་གསུམ་གྱི་རྣམ་གཞག་འཆོལ་བར་འགྱུར་རོ། །དེ་ལ་དབྱེ་ན། དད་པའི་རྗེས་འབྲང་གི་མིང་ཅན་དང༌། ཆོས་ཀྱི་རྗེས་འབྲང་གི་མིང་ཅན་གཉིས། བཅུ་དྲུག་པོའི་རྟོགས་པ་ཐོབ་མ་མྱོང་བའི་དབང་བརྟུལ་དེ། དང་པོའི་མཚན་ཉིད། དེ་ཐོབ་མྱོང་བའི་དབང་རྣོན་དེ་གཉིས་པའི་མཚན་ཉིད། རྒྱུན་ཞུགས་འབྲས་གནས་ཀྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད། དང་པོ་འདོགས་པའི་རྒྱུ་མཚན་ལ། དེ་ཆོས་ཅན། རྒྱུན་ཞུགས་འབྲས་གནས་དང་སྤངས་པ་ཆ་འདྲ་བ་ཡིན་ཏེ། མཐོང་སྤངས་སྤངས་པར་འདྲ་བའི་ཕྱིར། རྟོགས་པ་ཆ་འདྲ་བ་ཡིན་ཏེ། དེ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་དང༌། དེ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པར་ཆ་འདྲ་བའི་ཕྱིར། དངོས་ལ་གནོད་བྱེད་ནི་རྒྱུན་ཞུགས་དངོས་མིན་ཏེ། བྱང་སེམས་ཡིན་པའི་ཕྱིར། དེ་ལ་དབྱེ་ན། ལྷའི་རིགས་ནས་རིགས་སྐྱེའི་མིང་ཅན་དང༌། མིའི་རིགས་ནས་རིགས་སྐྱེའི་མིང་ཅན་གྱི་བྱང་སེམས་གཉིས་ལ། ལྷའི་རིགས་ནས་རིགས་སྐྱེའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བ་དེ། དང་པོའི་མཚན་ཉིད། དེ་ནི་འདོད་པའི་ལྷ་རིགས་མཐུན་གྱི་སྐྱེ་སྲིད་གཉིས་སམ། གསུམ་བླངས་ནས། སངས་རྒྱས་ཚུལ་སྟོན་པའི་ས་དང་པོ་ལ་གནས་པའི་བྱང་སེམས་ལ་བྱ། རྒྱུན་ཞུགས་མིའི་རིགས་ནས་རིགས་སྐྱེའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བ་དེ། གཉིས་པའི་མཚན་ཉིད། དེ་ནི་མིའི་རྟེན་ལ་སྐྱེ་བ་གཉིས་སམ། གསུམ་བླངས་ནས་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་ས་དང་པོ་ལྟ་བུ་ལ་བྱ། བྱང་སེམས་འདི་དག་གིས་འདོད་པ་ལ་ཆགས་བྲལ་མ་མཛད་པ་ནི་མིན་ཏེ། མདོ་ལས། འདིའི་སྐབས་ཀྱི་བྱང་སེམས་དེས། བསམ་གཏན་བཞི་དང༌། གཟུགས་མེད་བཞི་ལ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་པར་གསུངས་པའི་ཕྱིར་རོ། །འོན་ཀྱང་འདོད་པའི་ཉོན་མོངས་ཀྱི་བག་ལ་ཉལ་གསུམ་པ་སྤངས་པ་དང༌། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དང༌། འདོད་པར་སྐྱེ་བ་གཉིས་སམ་གསུམ་ལེན་པ་སྟེ། ཁྱད་ཆོས་གསུམ་དང་ལྡན་པའི་བྱང་སེམས་ཅིག་ལ། རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མིང་གིས་འདོགས་པར་ཉི་སྣང་ལས་བཤད་དོ། །གཉིས་པ་ཕྱིར་འོང་གི་སྐོར་གསུམ་ལ། ཕྱིར་འོང་ཞུགས་པའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་འདོད་པའི་ཁམས་སུ་ལན་གཅིག་སྐྱེ་བ་བླངས་ནས། སངས་རྒྱ་བའི་ཚུལ་སྟོན་པའི་སྤྱོད་པ་ལ་ཞུགས་པའི་བྱང་སེམས་འདོད་ཉོན་དྲུག་པའི་བག་ལ་ཉལ་མ་སྤངས་པ་ལྟ་བུ་ལ་བྱའོ། །འདི་ལ་དབྱེ་ན། དད་མོས་ཀྱི་མིང་ཅན་དང༌། མཐོང་ཐོབ་ཀྱི་མིང་ཅན་གཉིས་ཡོད་ཀྱང༌། གཅིག་ཁོ་ནར་བགྲང་ངོ༌། །ཕྱིར་འོང་འབྲས་གནས་ཀྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། ཕྱིར་འོང་འབྲས་གནས་ཀྱི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་འདོད་ཉོན་དྲུག་པའི་བག་ལ་ཉལ་སྤངས་པའི་སྤྱོད་པ་ལ་ཞུགས་པའི་བྱང་སེམས་འདོད་པ་ཁམས་སུ་ལན་ཅིག་འོང་ནས་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་ལྟ་བུ་ལ་བྱ། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི། འདོད་པའི་ཉོན་མོངས་བདུན་པའི་བག་ཆགས་སྤངས་ཤིང༌། འདོད་པར་སྐྱེ་བ་གཅིག་ཁོ་ན་བླངས་ནས་སངས་རྒྱ་ཚུལ་སྟོན་པའི་སྤྱོད་པ་ལ་ཞུགས་པའི་བྱང་སེམས་ལྟ་བུ་ལ་བྱའོ། །འདི་མདོ་ལས་སྐྱེ་བ་གཅིག་གི་ཐོགས་པར་བཤད་ཀྱང༌། སྐྱེ་བ་གཅིག་བླངས་ནས་སངས་རྒྱ་བའི་ཚུལ་སྟོན་པ་ལ་དགོངས་པ་ཅན་ཡིན་གྱི། ས་བཅུ་པར་འཆད་པ་སྐབས་ཀྱི་དོན་མ་ཡིན་ནོ། །གསུམ་པ་ཕྱིར་མི་འོང་གི་སྐོར་ལ། ཞུགས་པའི་མིང་ཅན་དང༌། འབྲས་གནས་ཀྱི་མིང་ཅན་གཉིས། ཕྱིར་མི་འོང་ཞུགས་པའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་འདོད་ཉོན་དགུ་པའི་བག་ལ་ཉལ་མ་སྤངས་ཤིང༌། འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པར་ཞིང་སྣ་ཚོགས་སུ་སངས་རྒྱ་ཚུལ་སྟོན་པའི་སྤྱོད་པ་ལ་ཞུགས་པའི་བྱང་སེམས་ལྟ་བུ་ལ་བྱ། འདི་ལ་དབྱེ་ན། དད་ཐོབ་གཉིས་ཡོད་ཀྱང་གཅིག་ཏུ་བགྲང་ངོ༌། །གཉིས་པ་ལ་ཕྱིར་མི་འོང་འབྲས་གནས་ཀྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་འདོད་ཉོན་དགུ་པའི་བག་ལ་ཉལ་སྤངས་པའི་ཕྱིར་མི་ལྡོག་གི་བྱང་སེམས་འདོད་པ་ཁམས་སུ་སྐྱེ་བ་མི་ལེན་པར། སངས་རྒྱ་ཚུལ་སྟོན་པ་ལྟ་བུ་ལ་བྱ། དེ་ལ་དབྱེ་ན་དགུ་ལས། ཕྱིར་མི་འོང་བར་འདའ་བའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་གཟུགས་ཁམས་གནས་རིགས་བཅུ་དྲུག་གང་རུང་གི་རྟེན་ལ། སངས་རྒྱ་ཚུལ་སྟོན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ལྟ་བུ་ལ་བྱ། བར་དོའི་རྟེན་ལ་སངས་རྒྱ་ཚུལ་སྟོན་པར་མདོ་ལས་མ་གསུང་ཀྱང་སྦྱར་ན་རུང་ཙམ་མོ། །ཕྱིར་མི་འོང་སྐྱེ་འདའ་བའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བ་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་གཟུགས་ཁམས་སུ་སྐྱེ་བ་གཅིག་ཁོ་ན་བླངས་ནས་སངས་རྒྱ་ཚུལ་སྟོན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ལྟ་བུའོ། །ཕྱིར་མི་འོང་བྱེད་བཅས་ཀྱི་མིང་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་གཟུགས་ཁམས་སུ་སྐྱེ་བ་གཅིག་ཁོ་ན་ལེན་པའི་ཚུལ་སྟོན་ཅིང༌། སེམས་ཅན་གྱི་དོན་ལ་བརྩོན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ལྟ་བུའོ། །ཕྱིར་མི་འོང་བྱེད་མེད་ཀྱི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་སེམས་ཅན་གྱི་དོན་ལ་མི་བརྩོན་པའི་བྱང་སེམས་སྔ་མ་ལྟ་བུ་ལ་བྱའོ། །ཕྱིར་མི་འོང་གི་འོག་མིན་གྱི་མཐར་ཐུག་འགྲོའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དབྱེ་ན་གསུམ་ལས། མཚན་ཉིད་ནི་རིགས་བསྒྲེ། འཕར་བའི་མིང་ཅན་གྱི་མཚན་གཞི་ནི། བསམ་གཏན་གོང་མ་ལས་ཉམས་པའི་ཚུལ་བསྟན་ནས། ཕྱི་མ་ཚང་རིགས་སུ་སྐྱེ་ཞིང༌། དེ་ནས་འོག་མིན་དུ་སྐྱེས་ནས་རྟེན་དེ་ལ་སངས་རྒྱ་བའི་ཚུལ་སྟོན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ལྟ་བུའོ། །ཕྱེད་དུ་འཕར་བའི་མཚན་གཞི་ནི། ཚངས་རིགས་ནས་གནས་གཙང་མའི་འོག་མ་གསུམ་པོ་གང་རུང་ཅིག་ཏུ་སྐྱེས་ནས། བར་གྱི་གནས་རྣམས་རྒལ་ཏེ། འོག་མིན་གྱི་རྟེན་ལ་སངས་རྒྱ་ཚུལ་སྟོན་པའི་བྱང་སེམས་ལྟ་བུའོ། །གནས་ཐམས་ཅད་དུ་འཆི་འཕོ་བའི་མིང་ཅན་གྱི་མཚན་གཞི་ནི། དགའ་ལྡན་གྱི་གནས་ན་བཞུགས་པའི་བྱང་སེམས་ཚངས་རིགས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ། ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པ་ལ་བྱའོ། །སྲིད་རྩིའི་མཐར་ཐུག་འགྲོ་བའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་དཔེར་ན་རྣམ་པར་ཐར་པ་བརྒྱད་ཐོབ་པའི་བྱང་སེམས་ཚངས་རིགས་ནས་དགེ་རྒྱས་ཀྱི་བར་དུ་སོང་ཞིང༌། གནས་གཙང་དུ་མི་སྐྱེ་བར་གཟུགས་མེད་བཞིར་རིམ་གྱིས་སྐྱེས་ཏེ། ཞིང་སྣ་ཚོགས་སུ་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་དེ་ཉིད་ལ་གཟུགས་ཀྱི་ཆགས་བཅོམ་ཞེས་ཀྱང་བྱ་སྟེ། གཟུགས་མེད་ཀྱི་སྙོམས་པར་འཇུག་པ་ཐོབ་པའི་ཕྱིར། བརྒྱད་པ་མཐོང་ཆོས་ཞིའི་མིང་ཅན་གྱི་མཚན་ཉིད་འདྲེ་ཞིང༌། མཚན་ཉིད་ནི། བྱང་སེམས་ཆེན་པོ་གང་ཞིག མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་སེམས་ཅན་གང་གིས་མཐོང་བའི་སེམས་ཅན་དེ། མྱང་འདས་ལ་འགོད་ནུས་པ་ཅིག་ལ་བྱའོ། །དགུ་པ་ལུས་མངོན་བྱེད་ནི། མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་ལ་ཇི་ལྟར་འདོད་པ་བཞིན་དུ་སྙོམས་པར་འཇུག་ནུས་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ཅིག་ལ་བྱའོ། །དགྲ་བཅོམ་ཞུགས་པའི་མིང་གི་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དེ་ནི་ས་བཅུ་པ་ལ་གནས་པའི་བྱང་སེམས་ལྟ་བུ་ལ་བྱའོ། །གཉིས་པ་རང་རྒྱལ་གྱི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་བྱང་སེམས་དེ། དེའི་མིང་ཅན་གྱི་བྱང་སེམས་ཀྱི་མཚན་ཉིད། དཔེར་ན་སངས་རྒྱས་དང་ཉན་ཐོས་གཉིས་ཀ་མེད་པའི་ཞིང་འགའ་ཞིག་ཏུ་སངས་རྒྱ་བའི་ཚུལ་སྟོན་པའི་བྱང་སེམས་ལྟ་བུ་ལ་བྱའོ། །དེ་ལྟར་ཉི་ཤུའོ། །བཤད་མ་ཐག་པའི་བྱང་སེམས་ཉི་ཤུ་པོ་འདི་དག་ནི། ཞུགས་གནས་བརྒྱད་དང༌། རང་རྒྱལ་བཏགས་པ་བ་ཡིན་ཀྱང༌། རྩ་བར་དངོས་སུ་བསྟན་པའི་དབང་པོ་བརྟུལ་པོ་ནས་བསེ་རུ་ལྟ་བུའི་བར་ནི། བཏགས་པ་བ་མིན་ཏེ། དེ་དག་དངོས་ཡིན་པ་ལ་གནོད་བྱེད་མེད་ཅིང༌། གཞུང་འགྲེལ་ལས་ཀྱང་མཚན་ཉིད་པར་བཤད་པའི་ཕྱིར། དེས་ན་མཚན་གཞི་དེ་དག་ངོས་བཟུང་ནས། རྒྱུན་ཞུགས་སུ་གྱུར་པའི་རིགས་སྐྱེ་བཏགས་པ་བ་ཡིན་ཞིང༌། རིགས་ནས་རིགས་སྐྱེ་མཚན་ཉིད་པ་ཡིན། ཞེས་སོགས་སྦྱར་བར་བྱའོ། །མཚན་གཞི་འདི་དག་ཀྱང་མདོ་དང་ཉི་སྣང་གི་དོན་ལ་རྣམ་པར་བཏགས་པ་ཡིན་པས་ཁུང་བཙུན་པར་བྱོས་ཤིག ༈ །བཞི་པ་མི་མཐུན་ཕྱོགས་སེལ་བྱེད་བརྩོན་འགྲུས་གསུམ་ལ་འདོམས་པའི་གདམས་ངག་ལ། གདམས་ངག་དངོས་ཀྱི་མཚན་ཉིད་དང༌། ཡུལ་བརྩོན་འགྲུས་གསུམ་གྱི་མཚན་ཉིད་བཤད་པའོ། །དང་པོ་ནི། སྒྲུབ་པ་ཉམས་སུ་ལེན་པའི་ཚེ། བྱ་བ་ངན་ཞེན་དང༌། སྒྱིད་ལུག་པ་དང༌། བདག་ཉིད་ལ་བརྙས་པའི་ལེ་ལོ་དེ་གསུམ་གྱི་གཉེན་པོར། བརྩོན་འགྲུས་གསུམ་དོན་དམ་པར་མི་དམིགས་ཤིང༌། ཐ་སྙད་དུ་ཉམས་སུ་ལོངས་ཤིགས་ཅེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ་འདིར་བསྟན་གྱི་བརྩོན་འགྲུས་གསུམ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། གཉིས་པ་ལ། ལུས་ངག་གི་སྤྱོད་པ་རང་བཞིན་མེད་པར་རྟོགས་པའི་སྒོ་ནས་དེ་ལ་མ་ཆགས་པའི་དགེ་བ་ལ་སྤྲོ་བའི་སེམས་བྱུང་དེ། མ་ཞེན་པའི་བརྩོན་འགྲུས་ཀྱི་མཚན་ཉིད། སྒྱིད་ལུག་པའི་གཉེན་པོར་གྱུར་པའི་དགེ་བ་ལ་སྤྲོ་བའི་སེམས་བྱུང་དེ། མི་ངལ་བའི་བརྩོན་འགྲུས་ཀྱི་མཚན་ཉིད། བདག་ཉིད་ལ་བརྙས་ཤིང་ཞུམ་པའི་གཉེན་པོར་གྱུར་པའི་དགེ་བ་ལ་སྤྲོ་བའི་སེམས་བྱུང་དེ། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱི་མཚན་ཉིད། ལྔ་པ་སྤྱན་དང་མངོན་ཤེས་ལ་འདོམས་པའི་གདམས་ངག་ལ། དངོས་དང༌། ཡུལ་སྤྱན་དང་མངོན་ཤེས་ཀྱི་མཚན་ཉིད་བཤད་པའོ། །དང་པོ་ནི། སྒྲུབ་པ་ཉམས་སུ་ལེན་པའི་ཚེ། འབྲས་བུ་སྤྱན་དང་མངོན་ཤེས་ལ་མངོན་པར་ཞེན་པ་མེད་པར་སྒྲུབ་པ་ཉམས་སུ་ལོང་ཅིག་ཅེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ། འདིར་བསྟན་གྱི་དེའི་མཚན་ཉིད། གཉིས་པ་ལ་སྤྱན་བཤད་པ་དང༌། མངོན་ཤེས་བཤད་པ་གཉིས། དང་པོ་ལ་མཚན་ཉིད་དང༌། དབྱེ་བའོ། །དང་པོ་ནི། ཐུན་མོང་བའི་བདག་རྐྱེན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ཅིང༌། རང་གི་ཐུན་མོང་མིན་པའི་བདག་རྐྱེན་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པ་དེ། འདིར་བསྟན་སྤྱན་གྱི་མཚན་ཉིད། དེ་ལ་དབྱེ་ན་ལྔ་ལས། ཐུན་མོང་གི་བདག་རྐྱེན་རྫུ་འཕྲུལ་རྐང་པ་དང༌། ཐུན་མོང་མིན་པའི་བདག་རྐྱེན་བསམ་གཏན་གྱི་སྐྱོན་སྦྱང་པའི་ཤའི་མིག་དབང་གཟུགས་ཅན་ལ་བརྟེན་ནས་དཔག་ཚད་བརྒྱ་ནས་སྟོང་གསུམ་གྱི་བར་གང་རུང་མཐོང་བའི་ཡུལ་ཅན་དེ་ཤའི་སྤྱན་གྱི་མཚན་ཉིད། ཐུན་མོང་བའི་བདག་རྐྱེན་རྫུ་འཕྲུལ་རྐང་པ་དང༌། ཐུན་མོང་མ་ཡིན་པའི་བདག་རྐྱེན་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དབང་གཟུགས་ཅན་པ་ལ་བརྟེན་ནས། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་བ་དང༌། སྐྱེ་བ་མཐོང་བའི་ཡུལ་ཅན་གྱི་རིག་པ་དེ། རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་གྱི་མཚན་ཉིད། ཐུན་མོང་གི་བདག་རྐྱེན་རྫུ་འཕྲུལ་རྐང་པ་དང༌། ཐུན་མོང་མ་ཡིན་པའི་བདག་རྐྱེན་ལྷག་མཐོང་ཁྱད་པར་ཅན་ལ་བརྟེན་ནས། ཆོས་ཐམས་ཅད་ལ་ཅིར་ཡང་མི་རྟོག་པའི་རིག་པ་དེ། ཤེས་རབ་ཀྱི་སྤྱན་གྱི་མཚན་ཉིད། ཐུན་མོང་གི་དེ་དང་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལྷག་མཐོང་ཁྱད་པར་ཅན་ལ་བརྟེན་ནས་རང་དང་རྒྱུ་ཚོད་མཉམ་པ་མན་ཆོད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་ཡུལ་ཅན་གྱི་རིག་པ་དེ་ཆོས་ཀྱི་སྤྱན་གྱི་མཚན་ཉིད། ཐུན་མོང་གི་དང་ཐུན་མོང་མིན་པའི་བདག་རྐྱེན་ལྷག་མཐོང་ཁྱད་པར་ཅན་ལ་བརྟེན་ནས། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་གྱི་རིག་པ་དེ། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད། ས་མཚམས་ལ། དང་པོ་ནི། ཚོགས་ལམ། གཉིས་པ་ནི་སྦྱོར་ལམ། གསུམ་པ་ནི་བྱང་སེམས་འཕགས་པའི་མཉམ་གཞག བཞི་པ་ནི་བྱང་སེམས་འཕགས་པའི་རྗེས་ཐོབ། ལྔ་པ་མཚན་ཉིད་པ་སངས་རྒྱས་ཀྱི་ས་ན་ཡོད་ཅིང༌། རྗེས་མཐུན་པ་ས་བདུན་པ་ཡང་ཡོད་དོ། །གཉིས་པ་མངོན་ཤེས་ལ། རང་གི་བདག་རྐྱེན་བསམ་གཏན་ལ་བརྟེན་ནས་རང་ཡུལ་མངོན་སུམ་དུ་མཐོང་བའི་རིག་པ་དེ་མངོན་ཤེས་ཀྱི་མཚན་ཉིད། དེ་ལ་དབྱེ་ན་དྲུག་ལས། བདག་རྐྱེན་བསམ་གཏན་ལ་བརྟེན་ནས་ས་གཡོ་བ་ལ་སོགས་པར་བྱེད་ནུས་པའི་ཞི་ལྷག་ཟུང་འབྲེལ་དེ། རྫུ་འཕྲུལ་གྱི་དེའི་མཚན་ཉིད། ཡང་དེ་ལ་བརྟེན་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་སྒྲ་ཆུང་ངུ་དང་ཅི་ཤོས་ཐོས་པར་ནུས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དེ། ལྷའི་རྣ་བའི་དེའི་མཚན་ཉིད། དེ་ལ་བརྟེན་ནས། གཞན་གྱི་སེམས་འདོད་ཆགས་ཡོད་མེད་སོགས་ཤེས་པར་བྱེད་ནུས་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དེ། གཞན་སེམས་ཤེས་པའི་དེའི་མཚན་ཉིད། དེ་ལ་བརྟེན་ནས། རང་གཞན་གྱི་ཚེ་རབས་དཔག་ཏུ་མེད་པ་རྗེས་སུ་དྲན་པར་བྱེད་ནུས་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དེ། སྔོན་གྱི་གནས་རྗེས་སུ་དྲན་པའི་དེའི་མཚན་ཉིད། རང་གི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། སེམས་ཅན་ཐམས་ཅད་འཆི་འཕོ་བ་དང༌། སྐྱེ་བ་དང༌། དེ་དག་གི་ཁ་དོག་སྣ་ཚོགས་པ་རྣམས་མངོན་སུམ་དུ་མཐོང་བར་ནུས་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དེ། ཚེ་འདིར་བསམ་གཏན་སྒོམ་པ་ལས་བྱུང་བའི་ལྷའི་མིག་གི་མངོན་ཤེས་ཀྱི་མཚན་ཉིད། འདི་དང་ལྷའི་སྤྱན་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ལ། ཕྱི་མ་ནི་ཚེ་འདིར་བསམ་གཏན་སྒོམ་པ་ལས་བྱུང་བ་ནི་འདིའི་ཁྱད་པར་ཡིན་པར་ཉི་སྣང་ལས་བཤད། འབུམ་ཕྲག་གསུམ་པ་དེའི་སྟེང་དུ་སྤྱན་དང་མངོན་ཤེས་ཀྱི་སྡེ་ཚན་མི་གཅིག་པ་དང༌། སྔ་མས་འཆི་འཕོ་དང༌། སྐྱེ་བ་མཐོང་བ་དང༌། ཕྱི་མས་གཟུགས་ཐམས་ཅད་མཐོང་བས་ཡུལ་གྱི་ཁྱད་པར་དང༌། ཁྱད་པར་གསུམ་ལྡན་དུ་འཆད་ཀྱང་མི་འཐད་དེ། ཕྱི་མས་ཀྱང་འཆི་འཕོ་དང༌། སྐྱེ་བ་མཐོང་བར་མདོ་ཉིད་ལས་བཤད་པའི་ཕྱིར་རོ། །སྡེ་ཚན་མི་གཅིག་པ་ནི་རྩོད་གཞི་ཡིན་པའི་ཕྱིར་རོ། །རང་གི་བདག་རྐྱེན་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་ནས། སྒྲིབ་གཉིས་གང་རུང་གི་ས་བོན་སྤངས་པའི་རྣམ་གྲོལ་ལམ། སྤོང་བར་བྱེད་བཞིན་བའི་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་པའི་ཞི་ལྷག་ཟུང་འབྲེལ་དེ། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱི་མཚན་ཉིད། སྐབས་འདིར་དྲུག་པོ་གང་རུང་ཡིན་ན་དགེ་བ་ཡིན་པས་ཁྱབ་སྟེ། མངོན་པ་གོང་མ་ལས་ངོ་བོ་ཏིང་ངེ་འཛིན་དང༌། ཤེས་རབ་ཏུ་བཤད་པའི་ཕྱིར་དང༌། མངོན་པ་འོག་མ་ལས། མིག་དང་རྣ་བའི་མངོན་ཤེས་ནི། །ལུང་དུ་མ་བསྟན་ལྷག་རྣམས་དགེ །ཞེས་བྱའོ། །མིག་དང་རྣ་བའི་མངོན་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་ནི་དབང་པོ་གཟུགས་ཅན་པ་ཡིན་ལ། ལྷག་མ་བཞི་ནི་ཐུན་མོང་གི་བདག་རྐྱེན་ཡིད་ལ་བརྟེན་པ་ཡིན་ནོ། །ས་མཚམས་ལ་མངོན་ཤེས་དང་པོ་ལྔ་ནི་ཕྱི་རོལ་པ་དང་ཐུན་མོང་བ་ཡིན་ལ། དྲུག་པ་ནི་འཕགས་པ་ཐམས་ཅད་ལ་ཡོད་དོ། །འདིར་དངོས་སུ་བསྟན་པའི་སྤྱན་དང་མངོན་པར་ཤེས་པ་འདི་དག་ནི་བྱང་སེམས་དང་སངས་རྒྱས་ཀྱི་དབང་དུ་བྱས་པར་ཡིན་པར་མདོ་ལས་བཤད་དོ། །དྲུག་པ་སྒྲུབ་པ་མཐར་ཐུག་པའི་རྒྱུ་མཐོང་སྒོམ་གཉིས་ལ་འདོམས་པའི་གདམས་ངག་ལ། མཐོང་སྒོམ་གྱི་ལམ་དོན་དམ་པར་མི་དམིགས་ཤིང༌། ཀུན་རྫོབ་ཏུ་སྒྲིབ་པའི་གཉེན་པོར་ཉམས་སུ་ལོང་ཞིག་ཅེས་འདོམས་པའི་དེ་བཞིན་གཤེགས་པའི་གསུང་དེ། འདིར་བསྟན་གྱི་མཐོང་སྒོམ་གྱི་ལམ་ལ་འདོམས་པའི་གདམས་ངག་གི་མཚན་ཉིད། སྔར་བཤད་པའི་གདམས་ངག་བཅུའི་མཚན་ཉིད་རྣམས་སོ་སོར་འཕྲལ་ནས་ཤེས་པར་བྱའོ། །གཉིས་པ་བསྟན་བྱ་སྒྲུབ་པ་ཉིད་བཤད་པ་ལ། སྒྲུབ་པའི་དང་པོ་ངེས་འབྱེད་ཡན་ལག་བཤད་པ་དང༌། སྒྲུབ་པ་ཁྱད་པར་དུ་འཕེལ་བའི་རིམ་པ་བཤད་པའོ། །དང་པོ་ལ། རང་རྒྱུ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང༌། ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱིས་སྒོམ་བྱུང་གཙོ་བོར་གྱུར་པའི་ཐེག་ཆེན་སོ་སྐྱེའི་མངོན་རྟོགས་སམ། འདིར་བསྟན་གྱི་ཁྱད་ཆོས་ལྔ་དང་ལྡན་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་གྱི་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་གི་མཚན་ཉིད། ཁྱད་ཆོས་ལྔ་ནི། ཐེག་ཆེན་སྦྱོར་ལམ་དང་ཐུན་མོང་མིན་པའི་དམིགས་པ་ལ་དམིགས་པ་དེ་དང༌། ཐུན་མོང་མིན་པའི་རྣམ་པས་སྒྲོ་འདོགས་གཅོད་པ་དང༌། དེ་དང་ཐུན་མོང་མིན་པའི་རྟོགས་རིགས་ཀྱི་རྒྱུ་བྱེད་པ་དང༌། དེ་དང་ཐུན་མོང་མིན་པའི་སྤང་བྱ་སྤོང་བ་དང༌། དེ་དང་ཐུན་མོང་མིན་པའི་ཡོངས་འཛིན་དང་ལྡན་པའོ། །ཐེག་ཆེན་སྦྱོར་ལམ་གྱི་སྒྲོ་འདོག་བཅད་པའི་གཞིར་བཟུང་ཞིང༌། ཐེག་ཆེན་སྦྱོར་ལམ་གྱི་སྒྲོ་འདོགས་བཅད་པའི་གཞིར་མ་བཟུང་བ་དེ། ཐེག་ཆེན་གྱི་སྦྱོར་ལམ་གྱི་ཐུན་མོང་མིན་པའི་དམིགས་པའི་ཁྱད་པར་གྱི་མཚན་ཉིད། དེ་ནི་མི་རྟག་ལ་སོགས་བཅུ་དྲུག་ལྟ་བུ་དང༌། གཟུགས་སོགས་ངོ་བོ་ཉིད་མེད་པ་ལྟ་བུའོ། །སྦྱོར་ལམ་གྱི་ངོ་བོར་གྱུར་པའི་སྒོ་ནས་ཆོས་ཀྱི་བདག་མེད་རྟོགས་པའི་འཛིན་སྟངས་ཀྱི་བྱེ་བྲག་དེ། ཐེག་ཆེན་སྦྱོར་ལམ་གྱི་ཐུན་མོང་མིན་པའི་རྣམ་པའི་ཁྱད་པར་གྱི་མཚན་ཉིད། དེ་ནི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་མངོན་ཞེན་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་ལྟ་བུའོ། །རང་འབྲས་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་ཐེག་ཆེན་གྱི་མཐོང་ལམ་རང་སྟོབས་ཀྱི་འདྲེན་ནུས་པ་དེ། ཐེག་ཆེན་སྦྱོར་ལམ་གྱི་ཐུན་མོང་མ་ཡིན་པའི་རྒྱུའི་ཁྱད་པར་གྱི་མཚན་ཉིད། དེ་ནི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་ལྟ་བུ་ལ་བྱའོ། །ཐེག་ཆེན་སྦྱོར་ལམ་པ་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་དེ། ཐེག་ཆེན་སྦྱོར་ལམ་པའི་ཐུན་མོང་མ་ཡིན་པའི་ཡོངས་འཛིན་གྱི་མཚན་ཉིད། ཐེག་ཆེན་གྱི་སྦྱོར་ལམ་དང་འཛིན་སྟངས་མི་འགལ་བའི་འདིར་བསྟན་གྱི་རྟོག་པ་བཞི་སྤོང་བར་ནུས་པའི་ཐེག་ཆེན་སྦྱོར་ལམ་གྱི་ནུས་པ་དེ། ཐེག་ཆེན་སྦྱོར་ལམ་གྱི་ཐུན་མོང་མིན་པའི་རྣམ་རྟོག་ལྡན་ཚུལ་གྱི་ཁྱད་པར་གྱི་མཚན་ཉིད། ཐེག་ཆེན་སྦྱོར་ལམ་ལ་དབྱེ་ན། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི། མཚན་ཉིད་ནི་རིམ་པ་ལྟར་འགྲེལ་ཆེན་ལྟར་ན། རང་རྒྱུ་ཐེག་གྱི་ཐར་པ་ཆ་མཐུན་རྫོགས་རྗེས་སུ་ཀུན་ནས་ཉོན་མོངས་ཀྱི་བཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་མཆེད་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དང༌། དྲོད་ཀྱི་ཡེ་ཤེས་རྫོགས་རྗེས་སུ་བྱུང་ཞིང༌། རྣམ་བྱང་གི་བཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་གཙོ་བོར་མཆེད་པའི་ཞིག་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དང༌། རྩེ་མོའི་ཡེ་ཤེས་རྫོགས་རྗེས་སུ། གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་གཙོ་བོར་མཆེད་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པ་དང༌། བཟོད་པ་རྫོགས་རྗེས་སུ། སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་གཙོ་བོར་མཆེད་པའི་ཞི་ལྷག་ཟུང་འབྲེལ་གྱི་མཁྱེན་པའོ། །རྩ་བ་དང༌། འགྲེལ་པ་དོན་གསལ་འདི་ལྟར་ན། དམིགས་པ་མི་རྟག་ལ་སོགས་པ་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ངེས་འབྱེད་ཆ་མཐུན་དེ་འདིར་བསྟན་གྱི་དྲོད་ཀྱི་མཚན་ཉིད་ཡིན་པ་ནས། ཏིང་འཛིན་དེའི་བྱེད་པ་ཉིད། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དམིགས་རྣམ་རྒྱུ་གསུམ་གྱི་ཁྱད་པར་དང་ལྡན་པའི་ངེས་འབྱེད་ཆ་མཐུན་དེ། འདིར་བསྟན་གྱི་ཆོས་མཆོག་གི་མཚན་ཉིད། ཞེས་སྦྱར་ན་ལེགས་སོ་བྱེ་བྲག་ཏུ་སྤང་བྱ་རྟོག་པའི་རྣམ་པར་གཞག་པ་ལ། ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་གང་ཞིག གཙོ་བོར་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་བྱེད་དེ། འདིར་བསྟན་གྱི་སྤང་བྱ་རྟོག་པའི་མཚན་ཉིད། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན། གཟུང་རྟོག་དང༌། འཛིན་རྟོག་གཉིས། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག ཡུལ་བཟུང་བ་ལ་དམིགས་ནས་བཟུང་བར་ཞེན་པའི་བློ་དེ། འདིར་བསྟན་བཟུང་རྟོག་གི་མཚན་ཉིད། དབྱེ་ན་ཀུན་ནས་ཉོན་མོངས་བཟུང་རྟོག་དང༌། རྣམ་བྱང་བཟུང་རྟོག་གཉིས། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་དམིགས་ནས་བཟུང་བར་ཞེན་པའི་བློ་དེ། འདིར་བསྟན་ཀུན་ནས་ཉོན་མོངས་བཟུང་རྟོག་གི་མཚན་ཉིད། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུ། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག རྣམ་བྱང་གི་ཕྱོགས་ལ་དམིགས་ནས་བཟུང་བར་ཞེན་པའི་བློ་དེ། འདིར་བསྟན་གྱི་རྣམ་བྱང་བཟུང་རྟོག་གི་མཚན་ཉིད། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུ། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག ཡུལ་འཛིན་པ་ལ་དམིགས་ནས་འཛིན་པར་ཞེན་པའི་བློ་དེ། འདིར་བསྟན་འཛིན་རྟོག་གི་མཚན་ཉིད། དེ་ལ་དབྱེ་ན། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས། འདིར་བསྟན་རྟོག་པ་གང་ཞིག གང་ཟག་གི་གདགས་གཞིར་གྱུར་པའི་འཛིན་པ་ལ་དམིགས་ནས་རྫས་ཡོད་དུ་ཞེན་པའི་བློ་དེ། འདིར་བསྟན་རྫས་འཛིན་རྟོག་པའི་མཚན་ཉིད། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུ། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག སྐྱེས་བུའི་གདགས་གཞིར་གྱུར་པའི་འཛིན་པ་ལ་དམིགས་ནས་བཏགས་པ་ཙམ་དུ་ཞེན་པའི་བློ་དེ། འདིར་བསྟན་བཏགས་འཛིན་རྟོག་པའི་མཚན་ཉིད། དེ་ལ་ཡུལ་གྱི་སྒོ་ནས་དབྱེ་ན་དགུ། དེ་ལྟར་རྟོག་པ་སུམ་ཅུ་སོ་དྲུག་པོ་དེ་ལ། ཁམས་གསུམ་གྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་ཡང་འགྱུར་རོ། །འདིར་བསྟན་གྱི་སྤང་བྱ་རྟོག་པ་ལ་སྤོང་བྱེད་གཉེན་པོའི་སྒོ་ནས་དབྱེ་ན། མཐོང་སྤངས་སུ་གྱུར་པའི་རྟོག་པ་དང༌། སྒོམ་སྤངས་སུ་གྱུར་པའི་རྟོག་པ་གཉིས། འདིར་བསྟན་གྱི་སྤངས་བྱ་རྟོག་པ་གང་ཞིག གྲུབ་མཐའི་དབང་གིས་སྒྲོ་བཏགས་པ་དེ། དང་པོའི་མཚན་ཉིད། འདིར་བསྟན་གྱི་སྤང་བྱ་རྟོག་པ་གང་ཞིག གྲུབ་མཐའ་ངན་པས་སྒྲོ་བཏགས་པ་ལ་མ་ལྟོས་པར་ལྷན་སྐྱེས་སུ་འབྱུང་བ་དེ་གཉིས་པའི་མཚན་ཉིད། འདིར་བསྟན་གྱི་རྟོག་པ་ལྷན་སྐྱེས་ཡིན་ན། གྲུབ་མཐའ་ལ་མ་ཞུགས་པ་ཁོ་ནའི་རྒྱུད་ལ་འབྱུང་བས་མ་ཁྱབ་སྟེ། གྲུབ་མཐའ་ལ་མ་ཞུགས་པའི་གང་ཟག་གི་རྒྱུད་ལ་བཏགས་འཛིན་རྟོག་པ་ལྷན་སྐྱེས་མི་འབྱུང་བའི་ཕྱིར། གཉིས་པོ་རེ་རེ་ལ་ཡང་བཟུང་རྟོག་དང་འཛིན་རྟོག་གཉིས་གཉིས་སུ་ཕྱེ་བ་ནས་བཟུང་སྟེ། བརྒྱ་རྩ་བརྒྱད་དུ་དབྱེ་བའི་བར་སྔ་མ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །གཉིས་པ་སྒྲུབ་པ་ཁྱད་པར་དུ་འཕེལ་བའི་རིམ་པ་བཤད་པ་ལ། སྒྲུབ་པའི་ཡན་ལག་བཤད་པ་དང༌། ཡན་ལག་ཅན་སྒྲུབ་པའི་དབྱེ་བ་བཤད་པའོ། །དང་པོ་ལ། སྒྲུབ་པའི་རྟེན་དང༌། དམིགས་པ་གཉིས། དང་པོ་ལ། བསྟན་བྱའི་གཙོ་བོ་བཤད་པ་དང༌། དེ་ལས་འཕྲོས་པའི་དོན་བཤད་པའོ། །དང་པོ་ལ། རང་གི་རྟེན་ཆོས་ཐེག་ཆེན་སྒྲུབ་པའི་རྟེན་གཞིར་གྱུར་པ་དེ། ཐེག་ཆེན་སྒྲུབ་པའི་རྟེན་གྱི་མཚན་ཉིད། དེ་ལ་དབྱེ་ན། གནས་སྐབས་ཀྱི་རྟེན་དང༌། མཐར་ཐུག་གི་རྟེན་གཉིས། གནས་སྐབས་ཀྱི་རྟེན་ནི་སྒྲུབ་པ་པོ་བྱང་སེམས་ཉིད་ལ་བྱ། མཐར་ཐུག་གི་རྟེན་ནི་བྱང་སེམས་དེའི་རྒྱུད་ཀྱི་སེམས་རང་བཞིན་གྱི་རྣམ་པར་དག་པ་ལ་བྱའོ། །སེམས་ཀྱི་རང་བཞིན་རྣམ་དག་དེ་ལ་ངོ་བོ་གཅིག་ཅིང༌། ལྡོག་པའི་སྒོ་ནས་དབྱེ་ན། སེམས་རང་བཞིན་གྱི་འོད་གསལ་བ་དང༌། སེམས་ཀྱི་ཆོས་དབྱིངས་རྣམ་པ་གཉིས་སུ་འགྱུར་ལ། དེ་གཉིས་དབྱེར་མེད་པ་ལ་རང་བཞིན་གནས་རིགས་ཞེས་བྱ་ཞིང༌། འབྲས་བུའི་གནས་སྐབས་སུ་ཟག་པ་མེད་པའི་ཡེ་ཤེས་དང༌། ཆོས་ཉིད་དབྱེར་མེད་པའི་སངས་རྒྱས་ཀྱི་དེ་ལ་སངས་རྒྱས་ཀྱིས་ཆོས་ཀྱི་སྐུ་ཞེས་བྱའོ། །འདི་ལ་རྟེན་གྱི་སྒོ་ནས་དབྱེ་ན། རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་དབྱེ་བས་བཅུ་གསུམ་མོ། །བཅུ་གསུམ་ནི། རྟོགས་པའི་ཆོས་དྲུག་གི་སྒྲུབ་པ་དྲུག གཉེན་པོའི་སྒྲུབ་པ། སྤོང་བའི་སྒྲུབ་པ། དེ་དག་ཡོངས་སུ་གཏུགས་པའི་སྒྲུབ་པ། ཤེས་རབ་སྙིང་བརྩེར་བཅས་པའི་སྒྲུབ་པ། ཐུན་མོང་མ་ཡིན་པའི་སྒྲུབ་པ། གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ། ཡེ་ཤེས་བརྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་དང་བཅུ་གསུམ་ཡིན་ལ། ཐེག་ཆེན་གྱི་སྦྱོར་ལམ་བཞི་དང༌། མཐོང་ལམ་དང༌། ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་རྣམས་ལ་རྟོགས་པའི་ཆོས་དྲུག་གི་སྒྲུབ་པ་ཞེས་བྱ། ས་བརྒྱད་པའི་བར་ཆད་མེད་ལམ་ལ་གཉེན་པོའི་སྒྲུབ་པ་ཞེས་བྱ། ས་བརྒྱད་པའི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ལ་སྤོང་བའི་སྒྲུབ་པ་ཞེས་བྱ། འདིར་སྤངས་པ་དང་སྤོང་བ་དོན་གཅིག་པ་ཡིན་ཏེ། དཔེར་ན་སྤོང་བ་ཆེན་པོ་བཞིན་ནོ། །ས་བརྒྱད་པའི་ཤེས་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ལ་དེ་དག་ཡོངས་སུ་གཏུགས་པའི་བསྒྲུབ་པ་ཞེས་བྱ། ས་དགུ་པའི་མཉམ་གཞག་ཡེ་ཤེས་ལ་ཤེས་རབ་སྙིང་བརྩེར་བཅས་པའི་སྒྲུབ་པ་ཞེས་བྱ། ས་དགུ་པའི་ཁྱད་པར་གྱི་ལམ་ལ་ཐུན་མོང་མིན་པའི་སྒྲུབ་པ་ཞེས་བྱ། ས་བཅུ་པའི་ཡེ་ཤེས་ལ་གཞན་དོན་གོ་རིམ་དུ་བྱེད་པའི་སྒྲུབ་པ་ཞེས་བྱ། རྒྱུན་མཐའི་ཡེ་ཤེས་ལ་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་ཞེས་བྱ། དེ་ལྟར་ན། རང་གི་རྟེན་ཆོས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་རྟེན་གཞིར་གྱུར་པའི་སེམས་ཀྱི་རང་བཞིན་རྣམ་དག་དེ། ཐེག་ཆེན་གྱི་སྦྱོར་ལམ་གྱི་དྲོད་ཀྱི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཀྱི་མཚན་ཉིད་ཡིན་པ་ནས། རང་གི་རྟེན་ཆོས་རྒྱུན་མཐའི་ཡེ་ཤེས་ཀྱི་རྟེན་གཞིར་གྱུར་པའི་སེམས་ཀྱི་རང་བཞིན་རྣམ་དག་དེ། ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཀྱི་མཚན་ཉིད་ཀྱི་བར་དུ་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་དེ་ལ་འཕྲོས་ནས་རིགས་ཀྱི་རྣམ་པ་བཞག་པ་ལ། བྱེ་བྲག་ཏུ་སྨྲ་བས་སེམས་བྱུང་མ་ཆགས་པའི་རང་བཞིན་འདོད་པ་ཆུང་ཞིང་ཆོག་ཤེས་པ་དེ། རིགས་ཀྱི་མཚན་ཉིད། དེ་ལ་དབྱེ་ན། གནས་མལ་དང༌། ཆོས་གོས་དང༌། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་གསུམ། སྤོང་བ་དང་སྒོམ་པ་ལ་མངོན་པར་དགའ་བ་སྟེ། འཕགས་པའི་རིགས་བཞིར་འདོད་དོ། །མདོ་སྡེ་པས་ཟག་པ་མེད་པའི་སེམས་ཀྱི་ས་བོན་བྱང་ཆུབ་འབྱུང་རུང་གི་ནུས་པ་དེ་ལ་རིགས་ཀྱི་མཚན་ཉིད་དུ་འདོད་དོ། །སེམས་ཙམ་པ་ལ་ལུགས་གཉིས་ལས། ཕྱོགས་ཀྱི་གླང་པོས། སེམས་བྱུང་བརྩེ་བ་དང་ཤེས་རབ་ཀྱི་རང་བཞིན་ལ་རིགས་སུ་འདོད་དོ། །ཐོགས་མེད་སྐུ་མཆེད་ཀྱི་ལུགས་ལ། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས། དང་པོ་ནི། ཀུན་གཞིའི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་གི་རང་འབྲས་བྱང་ཆུབ་འབྱུང་རུང་གི་ནུས་པ། ཐོག་མ་མེད་པའི་དུས་ཅན་ཅིག་ལ་འདོད་དོ། །འདི་ལ་མིང་གི་རྣམ་གྲངས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར། ཐོས་པའི་བག་ཆགས། ཟག་པ་མེད་པའི་ས་བོན་ཞེས་བྱ། རྒྱས་འགྱུར་གྱི་རིགས་ནི། གསར་དུ་ཡང་དག་པར་བླངས་པ་ལས་བྱུང་བའི་བྱང་ཆུབ་ཐོབ་རུང་གི་ནུས་པའོ། །མདོར་ན་གྲུབ་མཐའ་སྨྲ་བ་དེ་གསུམ་གྱིས། རིགས་ལ་དངོས་པོས་ཁྱབ་པར་འདོད་དོ། །མདོར་ན་སེམས་ཙམ་པའི་ལུགས་ཀྱི་རང་བཞིན་གནས་རིགས་དེ་ཉིད། རྐྱེན་གྱི་ནུས་པས་བལྟས་པར་བྱས་པ་ན་རྒྱས་འགྱུར་གྱི་རིགས་ཞེས་བྱ་བ་ཡིན་ཏེ། རྒྱ་མཚོ་སྤྲིན་ལས། རིགས་དེ་ཉིད་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ལས་མིང་གཞན་གྱི་བསྟན་པ་ནི། ཡང་དག་པར་སྒྲུབ་པར་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་རིགས་ཆད་པའི་སེམས་ཅན་དང༌། མ་ཆད་པའི་སེམས་ཅན་གཉིས། རིགས་མ་ཆད་པ་ལ་རིགས་ངེས་པ་དང༌། མ་ངེས་པ་གཉིས། ངེས་པ་ལ་ཉན་ཐོས་སུ་རིགས་ངེས་པ། རང་རྒྱལ་དུ་རིགས་ངེས་པ། སངས་རྒྱས་སུ་རིགས་ངེས་པ་དང་གསུམ་དུ་སེམས་ཙམ་པ་བཞེད་དོ། །སེམས་ཙམ་པས་ཆོས་དབྱིངས་རིགས་བཏགས་པ་བར་བཞེད་པའི་སྐབས་ཀྱང་ཡོད་དོ། །མངོན་པ་ཀུན་ལས་བཏུས་ལས་ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེས་ན། ཉན་ཐོས་དང༌། རང་སངས་རྒྱས་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡི་ཕྱིར། ཞེས་པ་དང༌། དབུས་མཐའ་ལས་ཀྱང་དེ་བཞིན་དུ་བཤད་དོ། །དབུ་མའི་ལུགས་ལ་རིགས་བཤད་པ་དང༌། ཞར་ལ་བདེ་གཤེགས་སྙིང་པོ་ངོས་བཟུང་བ་གཉིས། གནས་གྱུར་པ་ན་བྱང་ཆུབ་ཏུ་འགྱུར་དུ་རུང་བ་དེ། སྤྱིར་རིགས་ཙམ་གྱི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་བ་དང༌། རྟེན་ཆོས་ཀྱི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་སོ། །དྲི་མ་དང་བཅས་པའི་སེམས་ཀྱི་རང་བཞིན་གང་ཞིག བློ་བུར་གྱི་དྲི་མས་རྣམ་པར་དག་པ་ན་སངས་རྒྱས་ཀྱི་ཆོས་ཀྱི་སྐུར་འགྱུར་དུ་རུང་བ་དེ། དང་པོའི་མཚན་ཉིད། དེ་ལ་ལྡོག་པའི་སྒོ་ནས་དབྱེ་ན། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་དང༌། དྲི་མ་དང་བཅས་པའི་སེམས་རང་བཞིན་གྱི་འོད་གསལ་བ་གཉིས། དང་པོ། བློ་བུར་གྱི་དྲི་མས་རྣམ་པར་དག་པ་སངས་རྒྱས་ཀྱི་ངོ་བོར་ཉིད་སྐུར་འགྱུར་རུང་ཡིན་ཕྱིར། ཆོས་ཉིད་རང་བཞིན་གནས་རིགས་ཞེས་བྱ། ཕྱི་མ་ཡང་སེམས་ཀྱི་རང་བཞིན་ཡིན་པ་གང་ཞིག གནས་གྱུར་པ་ན་ཡེ་ཤེས་ཀྱི་སྐུར་འགྱུར་རུང་ཡིན་ཕྱིར། ཆོས་ཅན་རང་བཞིན་རིགས་ཞེས་བྱ། གསར་དུ་ཡང་དག་པར་སྒྲུབ་པའི་དགེ་རྩ་གང་ཞིག སངས་རྒྱས་ཀྱི་ཀུན་རྫོབ་པའི་སྐུར་འགྱུར་རུང་སྟེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བྱེད་དོ། །གཉིས་པ་རྟེན་ཆོས་ཀྱི་སྒོ་ནས་དབྱེ་ན། ཉན་ཐོས་ཀྱི་རིགས། རང་སངས་རྒྱས་ཀྱི་རིགས། རྫོགས་པའི་སངས་རྒྱས་ཀྱི་རིགས་དང་གསུམ། དེ་རེ་རེ་ལ་ཡང་རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་གཉིས་སུ་དབྱེར་ཡོད་ལ། ཉན་ཐོས་ཀྱི་རིགས་ཅན་གྱི་སེམས་ཀྱི་ཆོས་དབྱིངས་དེ་ལ་ཉན་ཐོས་ཀྱི་རང་བཞིན་གནས་རིགས་ཞེས་བྱ་སྟེ། ཉན་ཐོས་ཀྱི་སེམས་ཀྱི་རང་བཞིན་གང་ཞིག གནས་གྱུར་པ་ན་ཉན་ཐོས་ཀྱི་ལྷག་མེད་མྱང་འདས་སུ་འགྱུར་དུ་རུང་བའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །ཞར་ལ་བདེ་གཤེགས་སྙིང་པོ་ངོས་བཟུང་བ་ལ། སེམས་རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་དེ། བདེ་གཤེགས་སྙིང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཆོས་སྐུ་དང༌། དེ་བཞིན་ཉིད་དང༌། རིགས་དང་རྣམ་པ་གསུམ་མོ། །དང་པོ་ཆོས་ཀྱི་སྐུ་ནི། དེ་བཞིན་གཤེགས་པའི་སྙིང་པོ་དངོས་ཡིན། དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པར་བཤད་པ་དེ། བཏགས་པ་བ་ཡིན། གཉིས་པ་དེ་བཞིན་ཉིད་ནི། དེ་བཞིན་གཤེགས་པ་དང༌། སེམས་ཅན་གཉིས་ཀའི་སྙིང་པོ་དངོས་ཡིན་ལ། གཉིས་ཀའི་རྒྱུད་ལ་ཡོད་པར་བཤད་པ་དེ་མཚན་ཉིད་པ་ཡིན། རང་བཞིན་དུ་གནས་པའི་རིགས་ནི། སེམས་ཅན་གྱི་སྙིང་པོ་དངོས་ཡིན། དེ་བཞིན་གཤེགས་པའི་སྙིང་པོ་བཏགས་པ་བ་ཡིན། འདི་ལ་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་ཀྱང་བྱ་སྟེ། སེམས་ཅན་གྱི་ཁམས་ཀྱང་ཡིན་ལ་སངས་རྒྱས་ཀྱི་སྙིང་པོར་ཡང་འགྱུར་དུ་རུང་བའི་ཕྱིར། མདོར་ན་སེམས་ཅན་གྱི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་གཅིག་ཉིད། དྲི་མ་དང་བཅས་པའི་ཆ་ནས་རིགས་དང་ཁམས་ཞེས་བྱ། རང་བཞིན་གྱིས་རྣམ་པར་དག་པའི་ཆ་ནས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱའོ། ༈ །གཉིས་པ་སྒྲུབ་པའི་དམིགས་པ་བཤད་པ་ལ། སྒྲུབ་པའི་སྒྲོ་འདོགས་བཅད་པར་བྱ་བའི་དམིགས་པ་དང༌། སྒྲུབ་པའི་ཆེད་དུ་བྱ་བའི་དམིགས་པ་གཉིས། དང་པོ་ལ། ཐེག་ཆེན་སྒྲུབ་པས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་དེ། ཐེག་ཆེན་སྒྲུབ་པའི་དམིགས་པའི་མཚན་ཉིད། དེ་ནི་ཤེས་བྱ་ཐམས་ཅད་ལ་བྱ་ཞིང༌། སྡེ་ཚན་གྱི་སྒོ་ནས་དབྱེ་ན། དགེ་མི་དགེ་ལུང་མ་བསྟན་གསུམ། ལུང་དུ་བསྟན་པ་གང་ཞིག དམ་པ་རྣམས་ཀྱི་བླང་བར་འོས་པ་དེ། དགེ་བའི་མཚན་ཉིད། དེ་ལ་དབྱེ་ན་མངོན་པ་གོང་མ་ལས། བཅུ་གསུམ་དུ་བཤད་ལ། འོག་མ་ལྟར་ན། ངོ་བོ་ཉིད་ཀྱི་དགེ་བ། མཚུངས་ལྡན་གྱི་དགེ་བ། ཀུན་སློང་གི དོན་དམ་པའི་དགེ་བའོ། །དང་པོ་ནི། དད་པ་ལ་སོགས་བཅུ་གཅིག་ལ་བྱ། གཉིས་པ་ནི། དེ་དང་མཚུངས་ལྡན་དུ་བྱུང་བའི་སེམས་དང་སེམས་བྱུང་ལ་བྱ། གསུམ་པ་དེས་ཀུན་ནས་སླངས་པའི་ལུས་ངག་གི་ལས་ལ་བྱ། བཞི་པ་ནི། དེ་བཞིན་ཉིད་ལ་བྱའོ། །ལུང་དུ་བསྟན་པ་གང་ཞིག སྐྱེས་བུ་དམ་པ་རྣམས་ཀྱིས་དོར་བར་བྱ་བ་དེ། མི་དགེ་བའི་མཚན་ཉིད། དེ་ལ་དབྱེ་ན། མངོན་པ་གོང་མ་ལས་བཅུ་གཉིས། འོག་མ་ལྟར་ན་སྔ་མ་ལྟར་བཞི་ལས། དང་པོ་ནི། འདོད་པ་ཁམས་ཀྱི་འཇིག་མཐར་གཉིས་མ་གཏོགས་པའི་རྩ་ཉོན་རྣམས་ལ་བྱ། གཉིས་པ་ནི་དེ་དང་མཚུངས་ལྡན་དུ་བྱུང་བའི་སེམས་དང་སེམས་ལས་བྱུང་བ་ལ་བྱ། གསུམ་པ་དེས་ཀུན་ནས་སླང་བའི་ལུས་ངག་གི་ལས་ལ་བྱ། བཞི་པ་འཁོར་བ་ཐམས་ཅད་ལ་བྱ། དགེ་མི་དགེ་གང་དུ་ཡང་ལུང་བསྟན་མི་ནུས་པའི་ཆོས་དེ། ལུང་མ་བསྟན་གྱི་མཚན་ཉིད། དེ་ལ་དབྱེ་ན། གོང་མ་ལས་བཅུ་བཞིར་བཤད་ལ། འོག་མ་ལྟར་ན་སྔ་མ་ལྟར་བཞི་ལས། དང་པོ་ནི། ཁམས་གོང་གི་རྩ་ཉོན་དང་ཉེ་ཉོན། འདོད་པ་ཁམས་ཀྱི་འཇིག་མཐར་ལྷན་སྐྱེས་རྣམས་ཡིན་ནོ། །གཉིས་པ་ནི། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་སོ། །འདིར་དོན་དམ་པའི་དགེ་མི་དགེ་ལུང་མ་བསྟན་གསུམ་ནི་བཏགས་པ་བ་ཡིན་ནོ། །ཡང་ལུང་མ་བསྟན་ལ་དབྱེ་ན། སྒྲིབ་པས་ལུང་མ་བསྟན་དང༌། མ་སྒྲིབ་པས་ལུང་མ་བསྟན་པ་གཉིས། དང་པོ་ནི། ཉོན་མོངས་ཅན་གྱི་ཡིད་དང༌། ཁམས་གོང་གི་ཉོན་མོངས་ལྟ་བུ་ལ་བྱ། གཉིས་པ་ནི། ཀུན་གཞིའི་རྣམ་པར་ཤེས་པ་དང༌། ནམ་མཁའ་ལྟ་བུ་ལ་བྱའོ། །དགེ་བ་ལ་དབྱེ་ན། འཇིག་རྟེན་པའི་རྟོགས་པ་དགེ་བ་དང༌། འཇིག་རྟེན་ལས་འདས་པའི་རྟོགས་པ་དགེ་བ་གཉིས། སོ་སོ་སྐྱེ་བོའི་སས་བསྡུས་ཀྱི་དགེ་བ་དང་པོའི་མཚན་ཉིད། འཕགས་པའི་སས་བསྡུས་ཀྱི་དགེ་བ་དེ་གཉིས་པའི་མཚན་ཉིད། འཇིག་རྟེན་ལས་འདས་པའི་དགེ་བ་ལ་དབྱེ་ན། ཟག་བཅས་ཀྱི་དགེ་བ་དང༌། ཟག་མེད་ཀྱི་དགེ་བ་གཉིས་སུ་ཡོད་ལ། ཟག་མེད་ཀྱི་དགེ་བ་ལ་ཡང་འདུས་བྱས་ལམ་བདེན་དང༌། འདུས་མ་བྱས་འགོག་བདེན་གཉིས་ཡོད་ལ། འདུས་མ་བྱས་ལ་ཡང་ཐུན་མོང་བའི་ཡོན་ཏན་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་གཉིས་ཡོད་དོ། །འདིར་ཟག་བཅས་དང་ཟག་མེད་ཀྱི་དོན་ལ། མངོན་པ་གོང་མ་ལས་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་མ་འབྲེལ་ལ་ཟག་བཅས་དང་ཟག་མེད་དུ་བཤད། མངོན་པ་འོག་མ་ལས། ཟག་པ་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་མི་འགྱུར་ལ་དེ་གཉིས་སུ་བཤད་པ་དང༌། འཕགས་སེང་གི་མཉམ་བཞག་ལ་ཟག་མེད་དང༌། རྗེས་ཐོབ་ལ་ཟག་བཅས་སུ་བཤད་པ་རྣམས་ལས། འདིར་ནི་མངོན་པ་གོང་མ་དང་མཐུན་པ་ཡིན་ཏེ། འགྲེལ་པ་ལས་བདག་ཏུ་ལྟ་བའི་གཉེན་པོ་བྱེད་མི་བྱེད་ཀྱི་སྒོ་ནས་དེར་བཞག་པའི་ཕྱིར་རོ། །ཟག་པའི་སྒོ་དྲུག་ནི། ཟག་པའི་བདག་ཉིད། ཟག་པ་དང་འབྲེལ་བ། ཟག་པས་བཅིང་པ། ཟག་པ་དང་རྗེས་སུ་འབྲེལ་བ། ཟག་པ་དང་རྗེས་སུ་མཐུན་པ། ཟག་པའི་རྒྱུ་ལས་བྱུང་བ་དང་དྲུག་གོ །དང་པོ་ནི། རྩ་ཉོན་དང་ཉེ་ཉོན་རྣམས་ཏེ། ཟག་པ་དངོས་ཡིན་པའི་ཕྱིར། གཉིས་པ་ནི། དེ་དང་མཚུངས་ལྡན་དུ་བྱུང་བའི་སེམས་སེམས་བྱུང་རྣམས་སོ། །གསུམ་པ་ནི། ཉོན་མོངས་པས་བཅིངས་པའི་ཟག་བཅས་ཀྱི་ལས་ལྟ་བུ། བཞི་པ་ནི། ཀུན་གཞིའི་སྟེང་གི་ཟག་པ་སྔ་མས་ཕྱི་མ་བསྐྱེད་པའི་ནུས་པ་ལྟ་བུ། ལྔ་པ་ནི། གང་ལ་དམིགས་ནས་ཟག་པ་སྐྱེ་བའི་ཡུལ་ལྟ་བུ། དྲུག་པ་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ། མདོར་ན་ལམ་གྱི་བདེན་པ་རྣམས་ནི་ཟག་མེད་དང༌། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལྟ་བུ་ལ་ཟག་བཅས་སུ་བཞག་གོ །ལྷག་མ་རྣམས་རྟོགས་པར་སླའོ། །གཉིས་པ་ཆེད་དུ་བྱ་བའི་དམིགས་པ་ལ། མཚན་ཉིད་དང་དབྱེ་བའོ། །གང་གི་དབང་དུ་བྱས་ནས་ཐེག་ཆེན་སྒྲུབ་པ་ཉམས་སུ་ལེན་པའི་ཐོབ་བྱ་མཐར་ཐུག་དེ། ཐེག་ཆེན་བསྒྲུབ་པའི་ཆེད་དུ་བྱ་བའི་མཚན་ཉིད། དེ་ལ་དབྱེ་ན། སེམས་ཆེན་པོ། སྤོང་བ་ཆེན་པོ། རྟོགས་པ་ཆེན་པོ་དང་གསུམ། རང་གང་ལ་ལྡན་པའི་གང་ཟག་དེ་སེམས་ཅན་ཀུན་གྱི་ནང་ནས་མཆོག་ཉིད་དུ་བྱེད་པའི་སེམས་བསྐྱེད་དེ། དང་པོའི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་སའི་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དང༌། མི་འགུལ་བའི་སེམས་བསྐྱེད་དང༌། ཕན་བདེའི་སེམས་བསྐྱེད་དང༌། ཆོས་ལ་ཀུན་དགའ་བའི་སེམས་བསྐྱེད་རྣམས་ལ་ཟེར་རོ། །དེ་ཡང་འཕགས་པ་ལྟར་ན། ཇི་སྐད་བཤད་པའི་སེམས་དེ་རྣམས་སེམས་ཆེན་པོ་ཡིན་པར་འདོད་དོ། །སློབ་དཔོན་ལྟར་ན། ཇི་སྐད་བཤད་པའི་སེམས་དེ་རྣམས་མདོ་ལས་བྱང་སེམས་ཀྱི་རྒྱུད་ལ་ཡོད་པར་བཤད་པས། དེས་སེམས་ཆེན་པོ་ཉིད་སྒྲུབ་པ་བྱེད་པ་ཡིན་གྱི། སེམས་ཆེན་པོ་ཉིད་མ་ཡིན་པར་བཞེད། མདོར་ན་འདིར་བསྟན་གྱི་ཆེན་པོ་གསུམ་པོ་དེ་མདོའི་དངོས་སྟན་ལ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པར་བཤད་དེ། སེམས་དཔའ་ཆེན་པོར་འཇོག་པར་བྱེད་པའི་ཆོས་སུ་གསུངས་པའི་ཕྱིར། བསྟན་བཅོས་ལས། སངས་རྒྱས་ཀྱི་སར་བཤད་དེ། ངེས་འབྱུང་སྒྲུབ་པའི་འབྱུང་ས་མཐར་ཐུག་ཏུ་གསུངས་པའི་ཕྱིར་སྒྲིབ་གཉིས་མ་ལུས་པར་སྤངས་པའི་སྤངས་པ་མཐར་ཐུག་དེ། སྤོང་བ་ཆེན་པོའི་མཚན་ཉིད། དེ་ནི་སངས་རྒྱས་སའི་སྤངས་པ་ལྟ་བུ་ལ་ཟེར། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་མ་ལུས་པར་རྟོགས་པའི་རྟོགས་པ་མཐར་ཐུག་དེ། རྟོགས་པ་ཆེན་པོའི་མཚན་ཉིད། དེ་ནི་སངས་རྒྱས་ཀྱི་ཡེ་ཤེས་ལྟ་བུ་ལ་ཟེར། ཕྱི་མ་འདི་གཉིས་ཀྱི་མཚན་ཉིད་ཀྱི་ཟུར་དུ་རང་གང་ལ་ལྡན་པའི་གང་ཟག་ཞེས་སྦྱོར་བ་ནི། མདོ་དང་མི་མཐུན་ནོ། །དེ་ལྟ་ན། ཆེན་པོ་དང་པོ་ནི་ཆེད་དུ་བྱ་བ་སྤྱི་ཙམ་པ་ཡིན་ལ། ཕྱི་མ་གཉིས་ནི་སྤངས་རྟོགས་སོ་སོར་ཕྱེ་བ་ཡིན་ནོ། །གཉིས་པ་སྒྲུབ་པའི་དབྱེ་བ་སྟོན་པར་བྱེད་པ་ལ། དབྱེ་གཞི་དང༌། དབྱེ་ངོ་གཉིས། དང་པོ་ནི། ཐེག་ཆེན་གྱི་སྒྲུབ་པ་ཙམ་དེ་རྟེན། ཐེག་ཆེན་སེམས་བསྐྱེད་ལ་གནས་ནས། འབྲས་བུ་བྱང་ཆུབ་ཆེན་པོའི་ཆེད་དུ་རང་གཞན་གྱི་དོན་རྒྱ་ཆེན་པོ་བརྩོམ་པའི་བྱ་བའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། མཁྱེན་གསུམ་སྤྱིའི་སྒྲུབ་པ་དང༌། སྦྱོར་བཞི་བྱེ་བྲག་གི་སྒྲུབ་པ་གཉིས། དང་པོ་ལ། མཚན་ཉིད་ནི། ཡུལ་སྐྱེ་མེད་གསུམ་ལ་ཉམས་ལེན་གཙོ་བོར་གྱུར་པའི་ལྡོག་པ་ནས་བསྟན་པའི་ཐེག་ཆེན་གྱི་སྒྲུབ་པའོ། །དེ་ནི་བཤད་བྱ་དངོས་བརྒྱད་ཀྱི་ལྡོག་པ་ནས་བཤད་པའི་ཐེག་ཆེན་གྱི་སྒྲུབ་པ་ལྟ་བུའོ། །ཡུལ་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་ལེན་གཙོ་བོར་གྱུར་པའི་ལྡོག་པ་ནས་བསྟན་པའི་སྒྲུབ་པ་དེ་གཉིས་པའི་མཚན་ཉིད། དེ་ནི་འཆད་བྱེད་དོན་བདུན་ཅུའི་ལྡོག་པ་ནས་བསྟན་པའི་སྒྲུབ་པ་ལྟ་བུའོ། །ཡང་ན་སྐྱེ་མེད་གསུམ་ལ་ཐོས་བསམ་གཙོ་བོར་གྱུར་པའི་སྒྲུབ་པ་དེ་དང་པོའི་མཚན་ཉིད། དེ་ནི་ཐེག་ཆེན་ཚོགས་ལམ་པའི་གནས་སྐབས་ཀྱི་སྒྲུབ་པ་ལྟ་བུ་ལ་བྱ། འདི་ལ་སྒྲུབ་པ་བཞིའི་དབྱེ་བ་མེད་དོ། །སྐྱེ་མེད་གསུམ་ལ་སྦྱོར་བ་བཞིའི་རིམ་པས་ཉམས་ལེན་གཙོ་བོར་གྱུར་པའི་སྒྲུབ་པ་དེ། གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། རྣམ་རྫོགས་སྦྱོར་བའི་སྒྲུབ་པ་ནས། སྐད་ཅིག་སྦྱོར་བའི་སྒྲུབ་པའི་བར་བཞི་ཡོད་ཅིང༌། གོ་ཆའི་སྒྲུབ་པ་སོགས་ཀྱང་འདི་ལས་ཆེ་བ་ཡིན། འདིར་མངོན་པར་རྟོགས་པ་བདུན་དང་འབྲེལ་བའི་སྒྲུབ་པ་བཤད་ནས། ཆོས་སྐུ་དང་འབྲེལ་བའི་སྒྲུབ་པ་མ་བཤད་དེ། དེ་ནི་འབྲས་བུའི་ལྡོག་པ་ནས་བསྟན་པ་ཡིན་པའི་ཕྱིར། ཐེག་ཆེན་གྱི་སྒྲུབ་པ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། གོ་ཆའི་སྒྲུབ་པ། འཇུག་པའི་སྒྲུབ་པ། ཚོགས་ཀྱི་སྒྲུབ་པ། ངེས་འབྱུང་གི་སྒྲུབ་པ་དང་བཞིའོ། །དང་པོ་ལ། མཚན་ཉིད་ནི། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བ། ས་མཚམས་བྱང་སེམས་ཀྱི་ཚོགས་ལམ་ནས་ས་བཅུའི་བར་ན་ཡོད་དོ། །དེ་ལ་ལུས་ཀྱི་སྒོ་ནས་དབྱེ་ན། སྦྱིན་པའི་གོ་སྒྲུབ་ལ་སོགས་དྲུག རྣམ་མཁྱེན་ཡིད་བྱེད་དང་ལྡན་པའི་སྒོ་ནས་སྦྱིན་པའི་ཕར་ཕྱིན་དེ་དྲུག་ལྡན་དུ་ཉམས་སུ་ལེན་པ་ལ་གོ་ཆའི་བརྩོན་འགྲུས་གཙོ་བོར་གྱུར་པའི་བྱ་བ་དེ། སྦྱིན་པའི་གོ་སྒྲུབ་ཀྱི་མཚན་ཉིད་དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །རྒྱས་པར་ཕྱེ་ན་སུམ་ཅུ་སོ་དྲུག་གོ །ཞར་ལ་ཕྱིན་དྲུག་གི་རྣམ་པར་བཞག་པ་ལ། སྲིད་ཞི་གཉིས་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱེད་པའམ། ཕ་རོལ་ཏུ་ཕྱིན་པ་གང་རུང་གིས་བསྡུས་པའི་མཁྱེན་པ་དེ། ཕར་ཕྱིན་ཙམ་གྱི་མཚན་ཉིད། དེ་ལ་དབྱེ་ན་དྲུག་ལས། དང་པོ་ལ། གཏོང་བའི་སེམས་དཔའ་ཆོས་བཞི་ལྡན་དེ་སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། ཆོས་བཞི་ནི། མི་མཐུན་ཕྱོགས་སེར་སྣ་དང་བྲལ་བ། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ། འབྲས་བུ་གཞན་གྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ། བྱེད་ལས་ཐེག་པ་གསུམ་གྱི་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་སྨིན་པར་བྱེད་པ། དེ་ལ་དབྱེ་ན། ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ། འཆལ་ཚུལ་སྤོང་བའི་སེམས་དཔའ་ཆོས་བཞི་ལྡན་དེ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་མཚན་ཉིད། ཆོས་བཞི་ནི། སྔ་མ་ལྟར་སྦྱར་རོ། །དེ་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་བསྡུད་ཀྱི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ། རྒྱུད་མི་འཁྲུགས་པའི་སེམས་བྱུང་ཆོས་བཞི་ལྡན་དེ། བཟོད་པའི་ཕར་ཕྱིན་གྱི་མཚན་ཉིད། དབྱེ་ན། གནོད་པ་ལ་ཇི་མི་སྙམ་པའི་སྡུག་བསྔལ་དང་ལེན་གྱི། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ། དགེ་བ་ལ་སྤྲོ་བའི་སེམས་བྱུང་ཆེས་བཞི་ལྡན་དེ། བརྩོན་འགྲུས་ཀྱི་ཕར་ཕྱིན་གྱི་མཚན་ཉིད། དེ་ལ་དབྱེ་ན། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་དང་གསུམ། དམིགས་པ་ལ་རྩེ་གཅིག་པའི་ཆོས་བཞི་ལྡན་གྱི་ཏིང་ངེ་འཛིན་དེ། བསམ་གཏན་གྱི་ཕར་ཕྱིན་གྱི་མཚན་ཉིད། དབྱེ་ན། རྟོག་དཔྱོད་གཉིས་ཀ་དང་བཅས་པའི་བསམ་གཏན། རྟོག་མེད་དཔྱོད་ཙམ་གྱི་བསམ་གཏན། རྟོག་དཔྱོད་གཉིས་ཀ་མེད་པའི་བསམ་གཏན་དང་གསུམ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་ཆོས་བཞི་ལྡན་དེ། ཤེས་རབ་ཀྱི་ཕར་ཕྱིན་གྱི་མཚན་ཉིད། དབྱེ་ན། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་གསུམ་མམ། ཡང་ན་ཀུན་རྫོབ་ལ་དམིགས་པའི་ཤེས་རབ། དོན་དམ་ལ་དམིགས་པའི་ཤེས་རབ། སེམས་ཅན་གྱི་དོན་ལ་དམིགས་པའི་ཤེས་རབ་དང་གསུམ་མོ། །གཉིས་པ་ནི། སྒྲུབ་པ་ཁྱད་པར་བཞི་ལྡན་གང་ཞིག འཇུག་ཡུལ་ཐེག་ཆེན་ལ་འཇུག་པའི་བརྩོན་འགྲུས་གཙོ་བོར་གྱུར་པའི་འཇུག་པའི་བྱ་བ་དེ། འཇུག་སྒྲུབ་ཀྱི་མཚན་ཉིད། དེ་ལ་འཇུག་ཡུལ་གྱི་སྒོ་ནས་དབྱེ་ན་དགུ། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །ཞར་ལ་འཇུག་ཡུལ་ཐེག་ཆེན་གྱི་རྣམ་པར་གཞག་པ་ལ། བགྲོད་བྱའམ་བགྲོད་བྱེད་གང་རུང་གང་ཞིག ཆེན་པོ་བདུན་དང་ལྡན་པ་དེ། འཇུག་ཡུལ་ཐེག་ཆེན་གྱི་མཚན་ཉིད། དེ་ལ་དབྱེ་ན། དགུ་ལས། དང་པོ། བསམ་གཏན་དང༌། གཟུགས་མེད་ཀྱི་རྣམ་པར་བཞག་པ་ལ། བསམ་གཏན་གྱི་སྙོམས་འཇུག་བཤད་པ་དང༌། གཟུགས་མེད་ཀྱི་སྙོམས་འཇུག་བཤད་པའོ། །དང་པོ་ལ། མཚན་ཉིད་དང་དབྱེ་བ་གཉིས་ཡན་ལག་གི་སྒོ་ནས་འོག་ས་ལས་ངེས་པར་འབྱུང་བའམ། འབྱུང་བཞིན་པའི་མཉམ་གཞག་གི་སས་བསྡུས་དེ། བསམ་གཏན་གྱི་སྙོམས་འཇུག་གི་མཚན་ཉིད། དེ་ལ་དབྱེ་ན་ཉེར་བསྡོགས་དང༌། དངོས་གཞི་གཉིས། ཡན་ལག་གི་སྒོ་ནས་འོག་ས་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་སྙོམས་འཇུག་གང་ཞིག རང་རང་གི་དངོས་གཞི་ཐོབ་བྱེད་ཀྱི་སྦྱོར་བའི་ངོ་བོར་སྐྱེས་པ་དེ། དང་པོའི་མཚན་ཉིད། དབྱེ་ན། བསམ་གཏན་དང་པོའི། གཉིས་པའི། གསུམ་པའི། བཞི་པའི་ཉེར་བསྡོགས་དང་བཞིའོ། །དང་པོ་ལ་མཚན་ཉིད་ནི། རྟོག་དཔྱོད་གང་རུང་གི་སྒོ་ནས། འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་སྙོམས་འཇུག་གང་ཞིག བསམ་གཏན་དང་པོའི་དངོས་གཞི་ཐོབ་བྱེད་ཀྱི་སྦྱོར་བའི་ངོ་བོ་སྐྱེས་པ་དེ་དང་པོའི་མཚན་ཉིད། དབྱེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཟག་མེད་དང༌། དག་པ་བ་གཉིས། བསམ་གཏན་དང་པོའི་ཉེར་བསྡོགས་གང་ཞིག བདེན་པའི་རྣམ་པ་ཅན་དུ་སྐྱེས་པ་དེ། དང་པོའི་མཚན་ཉིད། བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་ན། འདས་ལམ་ཡིན་མི་དགོས་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་སྦྱོར་ལམ་གྱི་ངོ་བོར་སྐྱེས་པ་ཡང་ཡོད་པའི་ཕྱིར་རོ། །ཉེར་བསྡོགས་ལྷག་མ་རྣམས་ཟག་མེད་མདོ། བསམ་གཏན་དང་པོའི་ཉེར་བསྡོགས་གང་ཞིག ཞི་རགས་ཀྱི་རྣམ་པ་ཅན་གྱི་དགེ་བ་རྩེ་གཅིག་པ་དེ། གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། མཚན་ཉིད་རབ་ཏུ་རིག་པ་ཡིད་ལ་བྱེད་པ། མོས་པ་ལས་བྱུང་བ། རབ་ཏུ་དབེན་པ་ཡིད་ལ་བྱེད་པ། དགའ་བ་བསྡུད་པ་ཡིད་ལ་བྱེད་པ། སྤྱོད་པ་ཡིད་ལ་བྱེད་པ། སྦྱོར་བའི་མཐའ་ཡིད་ལ་བྱེད་པ་དང་དྲུག་གོ །རྟོག་དཔྱོད་གཉེན་པོའི་ཡན་ལག་གི་འདོད་པ་དང་བསམ་གཏན་དང་པོ་ལ་ཞི་རགས་སུ་ལྟ་བའི་ཐོས་བསམ་འདྲེས་མའི་ཡིད་བྱེད་དང་པོ་དེ། དང་པོའི་མཚན་ཉིད། རྟོག་དཔྱོད་གང་རུང་གི་སྒོ་ནས་འདོད་པ་དང༌། བསམ་གཏན་དང་པོའི་སྐྱོན་ཡོན་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་ཡིད་བྱེད་གཉིས་པ་དེ། གཉིས་པའི་མཚན་ཉིད། འདོད་པའི་ཉོན་མོངས་པ་ཆེན་པོ་གསུམ་སྤོང་བར་བྱེད་པའི་ཡིད་བྱེད་གསུམ་པ་དེ། གསུམ་པའི་མཚན་ཉིད། འདོད་པའི་ཉོན་མོངས་པ་འབྲིང་པོ་གསུམ་སྤོང་བར་བྱེད་པའི་ཡིད་བྱེད་དེ་བཞི་པའི་མཚན་ཉིད། འདོད་པའི་ཉོན་མོངས་པ་ཕལ་ཆེར་སྤངས་ཤིང་རང་རྒྱུད་ལ་འདོད་པའི་ཉོན་མོངས་ཡོད་དམ་མེད་དཔྱོད་པར་བྱེད་པའི་ཡིད་བྱེད་དེ། ལྔ་པའི་མཚན་ཉིད། འདོད་པའི་ཉོན་མོངས་པ་ཆུང་ངུ་གསུམ་སྤོང་བར་བྱེད་བཞིན་པའི་ཉེར་བསྡོགས་ཀྱི་ངོ་བོར་སྐྱེས་པའི་ཡིད་བྱེད་དེ། དྲུག་པའི་མཚན་ཉིད། འདིས་ཉེར་བསྡོགས་ལྷག་མ་རྣམས་ཀྱི་ཡིད་བྱེད་དྲུག་གི་མཚན་ཉིད་ཀྱང་རྟོགས་པར་བྱའོ། །ཡན་ལག་གི་སྒོ་ནས། འོག་ས་ལས་ངེས་པར་འབྱུང་ཟིན་པའི་བསམ་གཏན་གྱི་སྙོམས་འཇུག་གང་ཞིག བསམ་གཏན་དང་པོའི་ཉེར་བསྡོགས་ཡིན་པར་འགལ་བ་དེ། བསམ་གཏན་གྱི་དངོས་གཞིའི་མཚན་ཉིད། དབྱེ་ན། བསམ་གཏན་དང་པོའི་དངོས་གཞི་ལ་སོགས་པ་བཞིའོ། །རྟོག་དཔྱོད་གང་རུང་གི་གཉེན་པོའི་ཡན་ལག་གིས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱས་པའི་བསམ་གཏན་གྱི་སྙོམས་འཇུག་གང་ཞིག དབེན་པ་ལས་སྐྱེས་པའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་ཏུ་ལྡན་པ་དེ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་གི་མཚན་ཉིད། དབྱེ་ན། དངོས་གཞི་ཙམ་པོ་དང༌། དངོས་གཞི་ཁྱད་པར་ཅན་གཉིས།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*