ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྨད་ཆ། ཀ ༽

༼ཁ༽༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་ནས་རང་གཞན་གྱི་གྲུབ་པའི་མཐའ་རྣམ་པར་དབྱེ་བ་ལུང་རིགས་ཀྱི་རོལ་མཚོའི་སྨད་ཆ་བཞུགས་སོ།།

རྣམ་ཀུན་མཁྱེན་པའི་ཞལ་གྱི་མདངས་གསལ་བ། །ལམ་གསུམ་མཁྱེན་པའི་ཁྲི་ལ་ཉེར་འཁོད་ནས། །ཚངས་དང་དབང་པོའི་གཙུག་རྒྱན་ནོར་བུ་ཡིས། །ལན་བརྒྱར་བཏུད་པ་དེ་ལ་ཕྱག་འཚལ་ལོ། །རྣམ་ཀུན་སྐྱེ་མེད་རྟོགས་པའི་བློ་གྲོས་ནི། །ལམ་གསུམ་ཤེས་བསྐྱེད་རྫོགས་པར་གྱུར་པ་ལས། །རྫོགས་སྨིན་སྦྱངས་གསུམ་བྱས་ལ་རག་ལས་པས། །དེ་ཕྱིར་དེའི་རྣམ་གཞག་རྒྱས་པར་བཤད། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཉིས་པ་རྒྱུ་ལམ་ཤེས་བཤད་པ་ལ་གཉིས་ཏེ། ཤེར་ཕྱིན་གྱི་མདོའི་འབྲེལ་དང༌། འབྲེལ་པ་ཅན་གྱི་ཆོས་སོ་སོའི་དཀའ་བའི་གནས་རྣམས་བཤད་པའོ། །དང་པོ་ནི། ཇི་སྐད་དུ། སྟོང་ཕྲག་ཉི་ཤུ་ལྔ་པ་ལས། དེའི་ཚེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང༌། ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཞེས་པ་ནས། གནས་གཙང་མའི་རིགས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། ཞེས་པ་ནས། ལྷའི་བུ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་ལུས་ཀྱི་འོད་གང་ཡིན་པ་དེ་དག་གིས་ནི། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་པ་ནས། འཛམ་བུའི་ཆུ་བོའི་གསེར་གྱི་དྲུང་ན། ལྕགས་ནག་པོ་ལྷམ་མེ་མ་ཡིན། ལྷན་ནེ་མ་ཡིན། ལྷང་ངེ་མ་ཡིན་ནོ། །དེ་བཞིན་དུ། དེ་བཞིན་གཤེགས་པའི་འོད་ཀྱི་དྲུང་ན། ལྷ་རྣམས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པའི་འོད་ནི་ལྷམ་མེ་སོགས་མ་ཡིན་གྱི། དེ་བཞིན་གཤེགས་པའི་འོད་འབའ་ཞིག་རབ་ཅེས་བྱའོ། །དམ་པ་དང་གཙོ་བོ་དང༌། མཆོག་དང་རབ་མཆོག་དང༌། ཕུལ་དུ་ཕྱིན་པ་དང༌། བླ་ན་མེད་པ་དང༌། གོང་མའི་ཡང་གོང་མ་ཞེས་བྱའོ། །ཞེས་གསུངས་སོ། །མདོ་དེའི་དངོས་བསྟན་ནི། སྔོན་བྱུང་བརྗོད་པ་ཡིན་པས་གླེང་གཞི་ཡིན་ལ། ཤུགས་བསྟན་ནི། ལྷ་རྣམས་རུང་བར་བྱ་བའི་ཕྱིར་ཞེས་སོགས་ཏེ། ལམ་ཤེས་གང་ལ་སྐྱེ་བའི་རྟེན་ངོས་བཟུང་བ་ཡིན་ནོ། །དེ་ནས་ལྷའི་དབང་པོས། ཚེ་དང་ལྡན་པ་རབ་འབྱོར་ལ་སྨྲས་པ། ལྷ་རྣམས་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བསྟན་པ་ཐོས་པར་འདོད་ནས་མཉན་པའི་ཕྱིར་ལྷགས་ན། བཙུན་པ་རབ་འབྱོར། བྱང་སེམས་ཆེན་པོ་ཇི་ལྟར་ཤེར་ཕྱིན་ལ་གནས་པར་བྱ། བྱང་སེམས་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། གང་ཡིན་ཞེས་དྲིས་སོ། །དེ་ལྟར་འདྲི་བའི་དུས་ཀྱང་ང་རྒྱལ་མངོན་འགྱུར་བ་བསལ་ནས། དུས་ལ་བབས་པ་དེའི་ཚེའོ། །དེའི་ལན་ལ་གཉིས་ཏེ། དངོས་ལན་མ་བཏབ་པའི་གོང་དུ་ལམ་ཤེས་ཀྱི་ཡན་ལག་བཤད་པ་དང༌། དངོས་ལན་བཏབ་སྟེ་ཡན་ལག་ཅན་གྱི་ལམ་ཤེས་བཤད་པའོ། །དང་པོ་ནི། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ལ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུན་གྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་གསུངས། དེའི་དོན་ནི། ལམ་ཤེས་ཀྱི་རྟེན་དུ་རུང་བ་ལ། ང་རྒྱལ་དང་བྲལ་བ་དེ་ཙམ་གྱིས་ཆོག་གམ་སྙམ་ན། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ཅིག་ཀྱང་དགོས་སོ་ཞེས་པའོ། །འདིར་ཡང་དག་པའི་སྐྱོན་མེད་པ་ཞེས་པ་དམན་པའི་ལྷག་མེད་ཀྱི་མྱང་འདས་ལ་འཆད་དགོས་པ་ཡིན་ལ། མཚམས་བཅད་ཞེས་པ་ནི་ཉོན་མོངས་མ་ལུས་པར་སྤངས་པས་འཁོར་བར་སྐྱེ་བའི་རྒྱུ་ཟད་པའོ། །དེ་ལྟར་ན་དངོས་བསྟན་ལ། དམན་པའི་ལྷག་མེད་ཀྱི་མྱང་འདས་ནས་སྐྱེ་བ་ལེན་པའི་རྒྱུ་ཟད། དེའི་རྒྱུ་མཚན་གྱིས་བྱང་ཆུབ་མཆོག་ཏུ་སེམས་མི་བསྐྱེད། དེའི་རྒྱུ་མཚན་གྱིས་ལམ་ཤེས་སྐྱེ་བའི་རྟེན་དུ་མི་རུང་ཞེས་པ་ལས་འཕྲོས་ནས། དེར་ངེས་སམ་སྙམ་པ་ལ། མདོ་སྔ་མ་དགོངས་པ་ཅན་དུ་སྟོན་པ་ནི། ཇི་སྐད་དུ། འོན་ཀྱང་གལ་ཏེ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས། དེའི་དོན་ནི། བོད་སྔ་མ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་བཀྲལ་ནས། ལྷག་མེད་དུ་འདས་ནས་ཀྱང་ཐེག་པ་ཆེན་པོའི་ལམ་དུ་འཇུག་པས་ཁྱབ་པར་སྟོན་པ་ཡིན་ནོ། །སློབ་དཔོན་ཤཱནྟི་པ་སོགས། མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དག་གིས་ནི། མདོ་སྔ་མ་ཞི་བགྲོད་དང༌། མདོ་ཕྱི་མ་བྱང་ཆུབ་ཏུ་འགྱུར་བ་ལ་སྦྱོར་བ་དང༌། སྔ་མ་ལྷག་མེད་དང༌། ཕྱི་མ་ལྷག་བཅས་ལ་སྦྱོར་བ་དང༌། མཐར་ཐུག་ཐེག་པ་གསུམ་ཡིན་ཀྱང༌། སངས་རྒྱས་ཀྱི་རིགས་ཀྱིས་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ཞེས་འཆད་པའི་ལུགས་གསུམ་ཡོད་དོ། །ཡང་རྗེས་སུ་ཡི་རང་བར་བྱའོ་ཞེས་པ་ལས་འཕྲོས་ནས། དེའི་སྒྲུབ་བྱེད་དུ། ཁོ་བོ་ནི། དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་གསུངས་ལ། དེའི་དོན་ནི། རབ་འབྱོར་ཁོ་བོས་སྔར་དགོངས་པ་ཅན་གྱི་ཚིག་སྨྲས་པ་དེ་ལྟ་ན་ཡང༌། ལྷག་མེད་དུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་ཕྱོགས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། དེ་མི་ནུས་ཞེས་བར་ཆད་མི་བྱེད་དེ། དེ་དག་ལ་ཡང་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཡོད་པའི་ཕྱིར། ཞེས་པ་ཡིན་ལ། དེ་ནི་རང་བཞིན་བསྟན་པ་ཡིན་ནོ། །ཡང་བར་ཆད་མི་བྱེད་ཅེས་པ་ལས་འཕྲོས་ནས། དེའི་ཤེས་བྱེད་དུ། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་རྣམས་ཐོབ་པར་བྱའོ་ཞེས་གསུངས། དེའི་དོན་ནི། དམན་པའི་ལྷག་མེད་དུ་འདས་པ་དེས་ཀྱང༌། ཁྱད་པར་དུ་འཕགས་པ་དགེ་བའི་བཤེས་གཉེན་སོགས་ལས་ཆེས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སོགས་ཐོབ་ཅེས་པའི་དོན་དུ་འགྲེལ་ཆེན་ལས་གསུངས་ལ། དེ་དག་གིས་ནི་བྱེད་ལས་བསྟན་པ་ཡིན་ནོ། །དེ་ཡང་འགྲེལ་ཆེན་དུ། དམན་པའི་ལྷག་མེད་དུ་འདས་པ་དེ་དག་པའི་ཞིང་དུ་པད་མའི་སྦུབས་སུ་སྐྱེ་བ་བླངས་པ་དེ་འོད་དཔག་མེད་ལ་སོགས་པའི་འོད་ཟེར་གྱིས་སད་པར་མཛད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ། །ཞེས་བཤད་དོ། །གཉིས་པ་དངོས་ལན་བཏབ་སྟེ་ཡན་ལག་ཅན་གྱི་ལམ་ཤེས་བཤད་པ་ལ་གཉིས་ཏེ། བརྒྱ་བྱིན་གྱིས། རབ་འབྱོར་ལ་དྲིས་པའི་ལན་འཕྲོས་དོན་དང་བཅས་པས་ཉན་རང་གི་ལམ་དང༌། དེ་ཤེས་པའི་ལམ་ཤེས་མཚོན་ནས་བསྟན་པ་དང༌། བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ། དྲིས་པའི་ལན་འཕྲོས་དང་བཅས་པས་བྱང་སེམས་ཀྱི་ལམ་དང༌། དེ་ཤེས་པའི་ལམ་ཤེས་འཕྲོས་དོན་དང་བཅས་ཏེ་བསྟན་པའོ། །དང་པོ་ནི། ཀོའུ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས། དེ་མི་དམིགས་པའི་ཚུལ་གྱིས་གཟུགས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །ཞེས་པ་ནས། ཆོས་གང་ལ། ཡང་མངོན་པར་ཞེན་པ་མི་བྱེད་ཅིང་མི་དམིགས་པ་འདི་ནི། བྱང་སེམས་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་ནི། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་བསྟན་པ་ཡིན་ནོ། །གོང་དུ་དྲི་བའི་སྐབས་སུ་ཇི་ལྟར་གནས་པར་བྱ་ཞེས་པའི་ལན་ནི། དེ་ནས་རབ་འབྱོར་གྱིས་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀོའུ་ཤི་ཀ དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག་དང༌། ཇི་ལྟར་བྱང་སེམས་ཆེན་པོ། ཤེར་ཕྱིན་ལ་གནས་པར་བྱ་བ་དང༌། མི་བྱ་བ་བཤད་དོ། །ཀོའུ་ཤི་ཀ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པ་ནས། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། ཀོའུ་ཤི་ཀ་བྱང་སེམས་ཆེན་པོས་ཤེར་ཕྱིན་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པའི་བར་གྱིས་ནི། ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་པ་ཡིན་ནོ། །དེ་ལྟར་རབ་འབྱོར་གྱིས་ཡུལ་ཅིར་ཡང་མི་དམིགས་པ་ལ་ཤེར་ཕྱིན་དང༌། ཅི་ལ་ཡང་མི་གནས་པ་ལ་ཤེར་ཕྱིན་ལ་གནས་པའི་དོན་དུ་བཤད་པ་ལས་འཕྲོས་ནས། དེ་ནས་ཡང་འཁོར་དེར་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱི་སྐད་དང༌། ཚིག་དང༌། སྨྲས་པ་དང༌། བསྙད་པ་གང་ཡིན་པ་དེ་ནི་ཤེས་པར་རུང་གི འཕགས་པ་རབ་འབྱོར་ཤེར་ཕྱིན་འཆད་པ་དང༌། བརྗོད་པ་དང༌། སྟོན་པ་དང༌། ཉེ་བར་སྟོན་པ་དེ་ནི་ཤེས་པར་མི་རུང་ངོ་སྙམ་མོ། །དེ་ནས་དེའི་སེམས་ཀྱི་རྟོག་པ་དེས་ཤེས་ནས་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཡི་གེ་གཅིག་ཀྱང་མ་བརྗོད་དོ། །གང་མ་བརྗོད་པ་དེ་ནི་ཐོས་པར་མི་རུང་ངོ༌། །ཐོས་པར་མི་རུང་བ་དེ་ནི་ཤེས་པར་མི་རུང་ངོ༌། །ཤེར་ཕྱིན་ནི་ཡི་གེ་མ་ཡིན་ཏེ། དེ་ན་ཤེས་པ་མེད་དོ། །ཉན་པ་མེད་དོ། །སྟོན་པ་མེད་དོ་ཞེས་སོགས་ཀྱིས་ནི་རབ་འབྱོར་གྱིས་ཤེར་ཕྱིན་མ་སྟོན་པ་དང༌། དེས་དེ་མ་བསྟན་ཀྱང༌། ལྷའི་བུ་རྣམས་ལ་རྟོག་པ་སྐྱེས་པ་གཉིས་བཤད་ལ། དེས་ནི་རང་རྒྱལ་གྱི་ལམ་གྱི་ཁྱད་པར་བྱེད་ཆོས་ལ་གཞན་གྱིས་བསྟན་མི་དགོས་པ་དང༌། རང་གི་ཡེ་ཤེས་ཟབ་པ་ཞེས་བྱ་བ་གཉིས་ཡོད་པའི་ནང་ནས། དང་པོ་དེ་བསྟན་པ་ཡིན་ནོ། །དེ་ནས་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་གནས་བརྟན་རབ་འབྱོར་ནི། ཤེར་ཕྱིན་གསལ་བར་བྱེད་པ་སྟེ། ཟབ་པ་བས་ཀྱང་ཆེས་ཤིན་ཏུ་ཟབ་པར་སྟོན་པར་བྱེད། ཅེས་གསུངས་ལ། དེས་ནི་ཇི་སྐད་དུ། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་བྱ་བའི་ཁྱད་པར་དེ་བསྟན་པ་ཡིན་ནོ། །ཟབ་ཅེས་པ་ལས་འཕྲོས་ནས། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན། ཞེས་པའི་བར་གྱིས་ནི། ཤེས་པར་བྱ་བའི་རང་རྒྱལ་གྱི་ལམ་ལ་ཁྱད་པར་གསུམ་ལས། གཟུང་རྟོག་སྤངས་པའི་ཁྱད་པར་དེ་བསྟན་པ་ཡིན་ནོ། །ཁྱད་པར་དེའི་དོན་བསྡུའི་མདོར། ལྷའི་བུའི་དག་བྱང་སེམས་ཆེན་པོས། སེམས་དང་པོ་བསྐྱེད་པ་ནས་བརྗོད་དུ་མེད་པ་དང༌། མཉན་དུ་མེད་པ་ལས་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱའོ་ཞེས་པ་ལས་འཕྲོས་ནས། དེ་ནས་ལྷའི་བུ་དག་འདི་སྙམ་དུ། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་དག་བཙལ་བར་བྱ་སྙམ་དང༌། དེ་ནས་རབ་འབྱོར་གྱིས། དེ་དག་གི་སེམས་ཀྱི་རྟོག་པ་ཤེས་ནས་འདི་སྐད་ཅེས། ལྷའི་བུ་དག་ཁོ་བོ་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུ་དང༌། སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། ཞེས་པ་ནས། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་ཡང་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུར་སྨྲའོ། །ཞེས་པའི་བར་གྱིས་ནི། འཛིན་རྟོག་མ་སྤངས་པའི་ཁྱད་པར་དེ་བསྟན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་དང༌། མོའུ་འགལ་གྱི་བུ་ཆེན་པོ་དང༌། མཛོད་ལྡན་ཆེན་པོ་དང༌། ཀ་ཏྱ་ནའི་བུ་ཆེན་པོ་དང༌། བྱམས་གང་གི་བུ་དང༌། འོད་སྲུངས་ཆེན་པོ་དང༌། ལྷའི་བུ་བྱེ་བ་ཁྲག་བརྒྱ་སྟོང་དུ་མས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཟབ་པ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། ཕྲ་བ་ཞིབ་པ། བལྟ་དཀའ་བ། རྗེས་སུ་རྟོགས་པར་དཀའ་བ། གྱ་ནོམ་པ། ཤིན་ཏུ་འཕགས་པ། ནུས་པ་ཡོད་པ། མཁས་ཤིང་འཛངས་པས་རིག་པར་བྱེད་པ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར་ཞེས་དྲིས་པ་དང༌། རབ་འབྱོར་གྱིས་སྨྲས་པ། ཕྱིར་མི་ལྡོག་པའི་བྱང་སེམས་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ། བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་ལེན་པར་འགྱུར་ཏེ། ཞེས་པ་ནས། ལྷའི་བུ་དག་གིས་མངོན་པར་གཏོར་བའི་མེ་ཏོག་འདི་དག་ནི། བདག་གིས་སྔོན་ཆད་ལྷའི་ཡུལ་ན་ཡང་ཡོད་པར་མ་མཐོང་སྟེ། འདི་དག་ནི་སྤྲུལ་པའོ། །ཞེས་སོགས་ཀྱིས་ནི། རྟེན་རིགས་ཀྱི་ཁྱད་པར་དེ་བསྟན་པ་ཡིན་ནོ། །དེ་ལྟར་རབ་འབྱོར་གྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྟན་པ་ལས་འཕྲོས་ནས། བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གནས་བརྟན་རབ་འབྱོར་ནི། དེ་ལྟར་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཡང་སྟོན་པ་ནི་ཤེས་རབ་ཟབ་མོ་དང་ལྡན་པའོ། །ཞེས་པའི་ཞུས་ལན་དང༌། ཤཱ་རིའི་བུ་དང༌། རབ་འབྱོར་གྱི་དྲིས་ལན་གྱིས་ནི་ལམ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་རབ་འབྱོར་གྱིས་བརྒྱ་བྱིན་ལ་སྨྲས་པ་རྣམས་ལ། ཤེར་ཕྱིན་གྱི་གོ་བ་མ་རྙེད་པ་ལྟར་བཅོས་ནས། བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་བཙལ་བར་བྱ། སྨྲས་པ། རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །བརྒྱ་བྱིན་གྱིས་རབ་འབྱོར་ལ་སྨྲས་པ། ཤཱ་རིའི་བུ་འདི་སྐད་ཅེས་ཟེར་ན། དེ་ཁྱོད་ཀྱི་མཐུའམ། རབ་འབྱོར་གྱིས་སྨྲས་པ། དེ་ནི་དེ་མ་ཡིན་གྱི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ། །ཀོ་ཤི་ཀ བྱིན་གྱིས་བརླབས་པ་མེད་པའི་ཆོས་ཉིད་ལས་གཞན་ན། དེ་བཞིན་གཤེགས་པ་མ་དམིགས། དེ་བཞིན་ཉིད་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མི་དམིགས་ཏེ། ཆོས་ཐམས་ཅད་བྱིན་གྱིས་བརླབས་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ་དེ་བརླབ་པ་མེད་ན། ཅིའི་ཕྱིར་དེའི་བྱིན་གྱིས་བརླབས་སོ་ཞེས་སྨྲ། རབ་འབྱོར་གྱིས་སྨྲས་པ། དེ་དེ་བཞིན་ནོ་ཞེས་པ་ནས། དེ་བཞིན་ཉིད་ལ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ཞེས་སོགས་ཀྱིས་ནི། ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་བའི་ལམ་རྒྱས་པར་བཤད་པ་ཡིན་ལ། མདོ་ན་བསྟན་བཤད་གཉིས་ཀྱི་རིམ་པ་མེད་དོ། །དེ་ཡང་ལམ་ཤེས་ཀྱི་ཐོག་མར། བརྒྱ་བྱིན་གྱིས་རབ་འབྱོར་ལ་ཤེར་ཕྱིན་དང༌། དེ་ལ་གནས་ཚུལ་དྲིས་པས་ནི། ཤེས་པར་བྱ་བའི་ཐེག་དམན་གྱི་ལམ་གཉིས་དྲིས་པ་ཡིན་ལ། འདིར་བརྒྱ་བྱིན་གྱིས། ཤཱ་རིའི་བུ་ལ་ཤེར་ཕྱིན་གང་ལས་བཙལ་བར་བྱ་ཞེས་དྲིས་པས་ནི། བྱང་སེམས་ཀྱི་ཤེས་པར་བྱ་བའི་ལམ་གང་ཡིན་དྲིས་པ་ཡིན་ལ། རབ་འབྱོར་གྱི་ལེའུ་ལས་བཙལ་བར་བྱའོ། །ཞེས་པས་ནི། སྐབས་དང་པོར་ཁ་འཕངས་པ་ཡིན་ནོ། །དེ་ལྟ་ན། སྐབས་གཉིས་པར་སླར་ཡང་ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་བའི་ལམ་ལོགས་སུ་བསྟན་པ་ལ་རྒྱུ་མཚན་དང་དགོས་པ་མེད་དོ། །སྙམ་ན། རྒྱུ་མཚན་ནི། གསར་དུ་ལྷགས་པའི་ལྷ་རྣམས་ལ་རྣམ་མཁྱེན་གྱི་རྟོགས་པ་བསྐྱེད་དགོས་ལ། དེ་ཡང་རྒྱུས་འབྲས་བུ་མཚོན་པའི་ཚུལ་གྱིས་གོ་བ་ཡིན་ནོ། །དགོས་པ་ནི། སྔར་གནས་པའི་འཁོར་རྣམས་ཀྱི་བསམ་པ་ལ་སྐབས་དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་པས། དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ཁོ་ན་བསྟན་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་དེར་མ་གསུངས་སོ། །སྙམ་པའི་དོགས་པ་བསལ་བའི་ཕྱིར་དུ། སྔར་སྐབས་དང་པོར་བཤད་པ་དེ་ཉིད་ལས་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བཤད་པ་ཡིན་ནོ། །ཞེས་བྱ་བ་ནི་འགྲེལ་ཆེན་གྱི་དགོངས་པའོ། །དེ་ལྟར་བཤད་པ་ན་ཤེས་པར་བྱ་བའི་ཉན་རང་གི་ལམ་གཉིས་ནི་སྐབས་དང་པོར་མ་བཤད་པས་འདིར་བཤད་ལ། ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་ལ་སྦྱོར་མཐོང་བསྒོམ་གསུམ་ལས་སྦྱོར་མཐོང་གཉིས་ནི། སྤྱིར་བཏང་དུ་སྐབས་དང་པོར་ཁ་འཕངས་ལ། དེ་གཉིས་ཀྱི་ནང་ནས་མཐོང་ལམ་ནི་ཁ་འཕངས་པ་ལས་འཕྲོས་པའི་ཚུལ་གྱིས་སླར་ཡང་འདིར་ཕན་ཡོན་ཆེན་པོས་མཚོན་ནས་བཤད་ལ། སྦྱོར་བའི་ལམ་ནི་འདིར་མ་བཤད་པའོ། །ཡང་ལམ་སྔ་མ་གཉིས་ཀྱི་སྒོམ་པའི་ལམ་ནི་མི་སྟོན་པའི་རྒྱུ་མཚན་ནི། འཕགས་སེང་གིས་འཆད་པ་ལྟར་ཡིན་ལ། ལམ་འདིའི་སྒོམ་པའི་ལམ་ནི་སྔར་སྐབས་དང་པོར་ས་གཉིས་པ་ལ་སོགས་པའི་སྒོ་ནས་བསྟན་ཟིན་མོད་ཀྱང༌། འདིར་བྱེད་ལས་སམ། ཕན་ཡོན་གྱི་སྒོ་ནས་བཤད་པས། སྔ་མ་དང་མི་བཟློས་ཤིང༌། འདིར་དེ་བསྟན་དགོས་པའི་ཤེས་བྱེད་ཀྱང༌། བྱང་ཆུབ་སེམས་དཔས་མངོན་དུ་བྱ་བའི་རྟོགས་རིགས་ཀྱིས་ཆར་གྱུར་པའི་རྟོགས་རིགས་དེ་ངེས་པར་སྟོན་དགོས་པའི་རྒྱུ་མཚན་གྱིས་སོ། །དཔེར་ན་སྔར་བསྟན་ཟིན་པའི་མཐོང་ལམ་དེ་འདིར་བསྟན་ཀྱང་ཕན་ཡོན་གྱི་སྒོ་ནས་བསྟན་པས་མི་བཟློས་པ་བཞིན་ནོ། །གཉིས་པ་སྒོམ་པའི་ལམ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་གཉིས་ལས། དང་པོ་ནི། གོང་དུ་མཐོང་ལམ་གྱི་ཕན་ཡོན་འཆད་པའི་དོན་བསྡུ་ན། ཀཽ་ཤི་ཀ་རིགས་ཀྱི་བུའམ་བུ་མོ་གང༌། ཤེར་ཕྱིན་འཛིན་འཆང་ཀློག་ཀུན་ཆུབ་འདྲི་བར་བྱེད་ཅིང༌། ཚུལ་བཞིན་ཡིད་ལ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང༌། མི་འབྲལ་བར་བྱེད་པ་དེ་དག་གིས་ནི་ཚེ་རབ་འདི་དང་གཞན་གྱི་ཕན་ཡོན་རབ་ཏུ་ཐོབ་པར་འགྱུར་རོ། །ཞེས་པ་ལས་འཕྲོས་ནས། བརྒྱ་བྱིན་གྱིས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང༌། ང་རྒྱལ་མ་མཆིས་པའི་དོན་དུ་ཉེ་བར་གནས་པ་ནི་ངོ་མཚར་ཏོ། །ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱི་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བྱས་པས། མེ་ཏོག་ལ་སོགས་པས་ཕྱག་བྱ་བ་དང༌། བླ་མ་དང༌། བསྟི་སྟངས་དང༌། མཆོད་པ་དང༌། རིམ་འགྲོ་དང༌། བཀུར་སྟིར་བྱ་བའི་འོས་སུ་འགྱུར་རོ། །ཞེས་པའི་བར་གྱིས་ནི་བྱེད་པ་དྲུག་གསུངས་པ་ཡིན་ནོ། །གཉིས་པ་ལ། ཟག་བཅས་དང༌། ཟག་མེད་གཉིས་ལས། དང་པོ་ལ་གསུམ་དུ་ཕྱེ་ཞིང༌། དང་པོ་ལ་དངོས་དང་ཕན་ཡོན་གཉིས་ལས། དང་པོ་ནི། བྱེད་པའི་མདོ་དྲངས་མ་ཐག་པ་ལས་འཕྲོས་ནས། བརྒྱ་བྱིན་གྱིས་གསོལ་པ། ཤེར་ཕྱིན་གྱི་མདོ་དང༌། སངས་རྒྱས་ཀྱི་སྐུ་གདུང་གཉིས་ལས། གང་ལ་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས། ཞེས་དྲིས་པའི་ལན་གྱིས་མོས་པ་ཉི་ཤུ་རྩ་བདུན་གསུངས་སོ། །གཉིས་པ་ནི། གོང་དུ་ཤེར་ཕྱིན་གྱི་ཡོན་ཏན་མང་པོ་བཤད་པ་ལས་འཕྲོས་ནས། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ། །ཞེས་སོགས་ཀྱིས་ནི་མོས་པའི་ཕན་ཡོན་ཉི་ཤུ་རྩ་བདུན་གསུངས་སོ། །སྐབས་དེར་ཤེར་ཕྱིན་ལས། རྫོགས་པའི་བྱང་ཆུབ་འབྱུང་བར་བཤད་པ་ལས་འཕྲོས་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པས་རབ་འབྱོར་ལ་སྨྲས་པ། བྱང་ཆུབ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་འདི་ཉིད་ནི། རབ་ཅེས་བྱའོ། །དམ་པ། མཆོག གཙོ་བོ། རབ་མཆོག ཕུལ་དུ་ཕྱིན་པ། གོང་ན་མེད་པའོ། །ཞེས་སོགས་ཀྱིས་བསྔོ་བ་བསྒོམ་ལམ་བཅུ་གཉིས་བཤད་པ་ཡིན་ནོ། །བསྔོ་བ་ལས་འཕྲོས་ནས། རབ་འབྱོར་གྱིས་གསོལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་རྗེས་སུ་ཡིད་རང་བ་དང༌། ཡོངས་སུ་བསྔོ་བའི་བསོད་ནམས་ཀྱི་ཕུང་པོ་དེ་ཐམས་ཅད་བསྡུས་ཤིང་བསྡོམས་ཏེ། གཞལ་ནས་རྗེས་སུ་ཡིད་རང་བའི་རབ་ཀྱིས་རྗེས་སུ་ཡིད་རངས་ན། ཇི་ཙམ་གྱིས་རྗེས་སུ་ཡིད་རང་བ་རབ་ཏུ་འགྱུར། མཆོག་དང༌། གཙོ་བོ་དང༌། གོང་ན་མེད་པར་འགྱུར། ཞེས་དྲིས་པའི་ལན་གྱིས་རྗེས་སུ་ཡིད་རང་གསུངས་པ་ཡིན་ནོ། །དེ་ནས་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བར་བགྱིད་པའོ། །ཕྱག་བགྱི་བར་འོས་པས་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་ནི། བསྒྲུབ་པ་བསྒོམ་ལམ་གྱི་མིང་ཅན་དེ་བསྟན་པ་ཡིན་ནོ། །དེ་ནས་ཤཱ་རིའི་བུས་གསོལ་བ། བྱང་སེམས་ཆེན་པོ་གང་ཤེར་ཕྱིན་འདི་ལ་མོས་པ་སྟེ། གང་ནས་ཤི་འཕོས་ནས་འདིར་མཆིས་ལགས། ཇི་སྲིད་ཅིག་ནས་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་ལགས། ཞེས་སོགས་དྲིས་པའི་ལན་གྱིས་ནི། རྣམ་དག་སྒོམ་ལམ་གྱི་རྒྱུ་བསྟན་པ་ཡིན་ནོ། །གཉིས་པ་འབྲས་བུ་རྣམ་དག་སྒོམ་ལམ་དངོས་ནི། མདོ་ལས་ཀྱང་བསྟན་བཤད་གཉིས་ཀྱིས་བཤད་དེ། དང་པོ་ནི། གོང་དུ། ཕུང་པོ་ལ་སོགས་མངོན་ཞེན་དང༌། །ཞེས་པའི་ཐད་ཀྱི་མདོར། ཤེར་ཕྱིན་ལ་མོས་དཀའ་བའི་ཤེས་བྱེད་དུ། དེ་ཟབ་པར་བཤད། དེའི་ཤེས་བྱེད་དུ། གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་མེད་པ་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་ཡིན་པ་དང༌། དེ་བཞིན་དུ་ཤེར་ཕྱིན་རྣམ་པར་དག་པ་དེ་ཤེར་ཕྱིན་ཡིན་པར་བཤད་པ་ལས་འཕྲོས་ནས། དེ་དག་གི་སྒྲུབ་བྱེད་འཆད་པ་ནི། བཀའ་སྩལ་པ། རབ་འབྱོར། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། དེ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དག་པ་དེ་དག་ལ་གཉིས་སུ་མེད་ཅིང༌། གཉིས་སུ་བྱར་མེད། ཐ་མི་དད་ཅིང་མ་ཆད་པའོ། །ཞེས་གསུངས་སོ། །གཉིས་པ་ལ། བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེང་བུ་དང་ཤེད་ལས་སྐྱེས་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོ་སྟེ་བཅུ་གཉིས་པོ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པ། དེ་རྣམ་པར་དག་པ་གང་ཡིན་པ་དེ་ནི། ཤེར་ཕྱིན་རྣམ་པར་དག་པ་སྟེ། དེ་ལྟར་ན་ཞེས་སོགས་ཀྱིས་ནི་རྣམ་དག་བཞི་རྒྱས་པར་བཤད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་ཤེར་ཕྱིན་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པ་དེ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་ཞེས་སོགས་ཀྱིས་ནི། རྣམ་དག་ཤིན་ཏུ་བའི་སྒྲུབ་བྱེད་བསྟན་ཏེ། བྱང་སེམས་ཀྱི་སྒོམ་ལམ་ལས་དགུར་ཕྱེ་བ་ཡིན་ནོ། །སྒྲུབ་བྱེད་དེ་ལ་ཀླན་ཀ་སྤང་བ་ལ་གཉིས་ཏེ། སྒོམ་ལམ་ཁམས་གསུམ་གྱི་གཉེན་པོར་བསྟན་པ་དང༌། དེས་ན་ཀླན་ཀ་མི་འཇུག་པའོ། །དང་པོ་ནི། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་ནི། འདོད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ། །བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་སོགས་ཀྱིས་ནི། ཁམས་གསུམ་པའི་རྣམ་པ་ཅན་གྱི་གཉེན་པོ་བསྟན་པ་ཡིན་ནོ། །གཉིས་པ་ནི། གསོལ་པ། རྣམ་པར་དག་པ་ནི་མ་འཚལ་མ་མཆིས་སོ། །བཀའ་སྩལ་པ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །གསོལ་པ་ཇི་ལྟར་མ་མཆིས། བཀའ་སྩལ་བ། ཆོས་རྣམས་བེམ་པོ་ཡིན་པའི་ཕྱིར་རྣམ་པར་དག་པ་ལ་ཤེས་པ་མེད་དོ། །ཞེས་སོགས་ཀྱིས་ནི། འཇལ་དང་གཞལ་བྱ་མཉམ་པ་ཉིད་ཅེས་བྱ་བ་དེ་བསྟན་པ་ཡིན་ནོ། །ཤཱ་རིའི་བུས་གསོལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད། གནོད་པར་མི་བགྱིད་དོ། །བཀའ་སྩལ་པ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །ཞེས་སོགས་ཀྱིས་ནི། དེ་ལ་ཀླན་ཀ་སྤངས་པ་ཡིན་ནོ། །གཉིས་པ་དེ་དང་ལྡན་པའི་ཆོས་སོ་སོའི་ངོ་བོ་ལ་གཉིས་ཏེ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ལ། མ་སྐྱེས་པ་སྐྱེད་པར་བྱེད་པའི་ཡན་ལག བསྐྱེད་ནས་གཞན་ལ་ཕན་འདོགས་པའི་ཡན་ལག་གོ །དང་པོ་ལ་གཉིས་ཏེ། འགལ་རྐྱེན་དང་བྲལ་དགོས་པ་དང༌། མཐུན་རྐྱེན་ཚང་དགོས་པའོ། །གཉིས་པ་ལ་གཉིས་ཏེ། ལྷན་ཅིག་བྱེད་རྐྱེན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་དང༌། ཉེ་བར་ལེན་པའི་རྒྱུ་རིགས་ཀྱིས་ཁྱབ་པའོ། །དེ་གསུམ་ནི། ལྷ་རྣམས་རུང་བ་དང༌། ཡུལ་ངེས་པ་དང༌། ཁྱབ་པ་སྟེ། ཚན་པ་གསུམ་དང་སྦྱར་རོ། །ཁྱབ་པའི་སྐབས་ཀྱི་དཀའ་བའི་གནས་ཀྱི་མཐའ་དཔྱད་པ་ལ་གསུམ་སྟེ། ཐེག་པ་གསུམ་གྱི་རྣམ་པར་གཞག་པ་དེ་སྒྲ་ཇི་བཞིན་མ་ཡིན་པའི་ཤེས་བྱེད། སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཤེས་བྱེད། དེ་ལྟ་ན་འཁོར་བ་ལ་མཐའ་ཡོད་པར་འདོད་པའི་ལོག་རྟོག་དགག་པའོ། །དང་པོ་ལ་གསུམ་སྟེ། ཐེག་པ་གསུམ་ངེས་དོན་དུ་འདོད་པའི་ཕྱོགས་སྔ་མ་བཤད། དེ་དྲང་དོན་དུ་འགྲེལ་བའི་ལུང་རིགས་རྒྱས་པར་བཤད། ཉན་རང་ཐེག་པ་ཆེན་པོའི་ལམ་གང་ནས་འཇུག་པའོ། །དང་པོ་ལ། མཐར་ཐུག་ཐེག་པ་གསུམ་ཡོད་པར་མདོ་གང་ལས་བཤད་པ། དེ་ཡིན་པའི་རིགས་པའི་སྒྲུབ་བྱེད། དེ་ལ་རྩོད་པ་སྤངས་པ་དང་གསུམ་མོ། །དང་པོ་ནི། དགོངས་འགྲེལ་ལས་ཉན་ཐོས་ཀྱི་རིགས་ཀྱི་གང་ཟག་ཞི་བ་བགྲོད་པ་གཅིག་པུ་ནི། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང༌། བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པའི་རྫོགས་བྱང་ཐོབ་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང༌། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར། རང་བཞིན་གྱིས་རིགས་དམན་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་འགྱུར་བ་པ་གང་ཡིན་པ་དེ་ནི། ངས་རྣམ་གྲངས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་རིགས་པ་ནི། ལྷག་མེད་དུ་མྱ་ངན་ལས་འདས་ནས། ཐེག་ཆེན་གྱི་ལམ་དུ་འཇུག་པ་མི་སྲིད་དེ། དེར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་ཟད་པར་སྤངས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ལུང་དང་འགལ་བ་སྤང་བ། ཁས་བླངས་པ་དང་འགལ་བ་སྤང་བའོ། །དང་པོ་ནི། དམ་ཆོས་པད་དཀར་ལས། མ་འོངས་དུས་ན་ཤཱ་རིའི་བུ་ཁྱོད་ཀྱང༌། རྒྱལ་བ་དེ་བཞིན་གཤེགས་པར་འབྱུང་འགྱུར་ཏེ། །པད་མའི་འོད་ཅེས་བྱ་བ་ཀུན་ཏུ་སྤྱན། །སྲོག་ཆགས་བྱེ་བ་སྟོང་དག་རྣམ་པར་འདུལ། །ཞེས་དང༌། ལང་ཀར་གཤེགས་པ་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེ་བུ་མཆོག་རྣམས་ཐབས་ཀྱིས་ཐེག་པ་གང༌། །སྣ་ཚོགས་ཉེ་བར་སྟོན་པ་མཛད་མ་གཏོགས། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྒྲ་ཇི་བཞིན་པ་མ་ཡིན་ཏེ། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཚང་བས་སོ། །དང་པོ་ནི། ཇི་སྐད་དུ། མདོ་སྡེ་རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་དག །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །ཞེས་དགོངས་གཞི་བདུན་གསུངས་སོ། །དེ་ཡང་ཐེག་པ་གསུམ་ཀ་ཆོས་དབྱིངས་ཐ་དད་མེད་པ་དང༌། བདག་མེད་རྟོགས་པར་མཚུངས་པ་དང༌། གྲོལ་བ་རེ་ཡོད་པར་མཚུངས་པ་དང༌། ཉན་ཐོས་ཀྱི་རིགས་ཅན་མ་ངེས་པ་རྣམས་ཐེག་པ་ཆེན་པོར་འཇུག་པས། རིགས་ཐ་དད་པ་གཉིས་ཀྱང༌། ལམ་གཅིག་ཏུ་ཞུགས་པར་མཚུངས་པ་དང༌། བསམ་གཉིས་ཐོབ་པ་ནི་དེ་བཞིན་གཤེགས་པས་ས་དང་པོ་ནས་བདག་དང་སེམས་ཅན་མཉམ་པ་ཉིད་དུ་མཁྱེན་པའི་བསམ་པ་དེ་དང༌། ཉན་ཐོས་སུ་རིགས་ངེས་པའི་བྱང་སེམས་ཁ་ཅིག་བྱང་སེམས་ཀྱི་སྤྱོད་པ་བོར་ནས་དམན་པའི་མྱང་འདས་ཐོབ་པ་ན། དེ་བཞིན་གཤེགས་པས་སྔོན་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱས་སོ་ཞེས་དགོངས་པ་བཞིན་དུ་དེ་ལ་ཡང༌། སངས་རྒྱས་ཀྱི་མཐུས་བདག་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་མཚུངས་པ་ཐང་ཅིག་ཙམ་རྙེད་པ་དང༌། སྤྲུལ་པ་ནི། ཉན་ཐོས་ཀྱི་རིགས་ཅན་འདུལ་བའི་དོན་དུ་ཉན་ཐོས་ཀྱི་ཐེག་པས་ལན་དུ་མར་མྱ་ངན་ལས་འདའ་ཚུལ་སྟོན་པ་དང༌། མཐར་ཐུག་ཅེས་པ་ནི། མཐར་ཐུག་ཅིང་ཁྱད་པར་དུ་འཕགས་པའི་ཐེག་པ་ནི། ཐེག་པ་ཆེན་པོ་གཅིག་པུར་ངེས་པའོ། །གཉིས་པ་དགོས་པ་ནི། ཇི་སྐད་དུ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། །གཞན་དག་ཡང་དག་བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་སོ། །དངོས་ལ་གནོད་བྱེད་ནི། ཐེག་པ་དམན་པར་རིགས་ངེས་པ་རྣམས་ནི་དེར་ངེས་པ་ཉིད་ཀྱིས་ཕྱིར་དེར་མི་འཇུག་གོ །གཉིས་པ་ནི་གཏན་ལ་དབབ་པ་བསྡུ་བར། དགྲ་བཅོམ་པ་སྐྱེ་བ་མི་ལེན་པར་བཤད་པ་དང༌། རྒྱུད་བླའི་འགྲེལ་པར། དཔལ་འཕྲེང་གི་མདོ་དྲངས་ནས་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང༌། སྐྱེ་བ་ལེན་པ་ཡོད་པར་བཤད་པ་དང་འགལ། ཡང་མཐར་ཐུག་ཐེག་པ་གསུམ་དུ་ཐོགས་མེད་ཞབས་ཀྱིས་བཞེད་པ་དང༌། རྒྱུད་བླའི་འགྲེལ་པར། ལམ་རིང་པོས་དུབ་པ་རྣམས་ལ། འབྲོག་དགོན་པའི་དབུས་སུ་གྲོང་ཁྱེར་སྤྲུལ་པ་བཞིན་དུ། ཉན་རང་གི་ཐེག་པ་གཉིས་པོ་འདི་ནི་ཆོས་ཀྱི་དབང་ཕྱུག་དམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ཐབས་ཡིན་ནོ། །ཞེས་བསྟན་པ་ཡིན་ནོ། །ཞེས་བཤད་པ་གཉིས་འགལ་ལོ་ཞེ་ན། མི་འགལ་ཏེ། བསྟན་བཅོས་རྩོམ་པ་པོའི་སློབ་དཔོན་ཐོགས་མེད་ཞབས་གཅིག་ཉིད་ཀྱང༌། གནས་སྐབས་སུ་སེམས་ཙམ་གྱི་གྲུབ་པའི་མཐའ་ལ་གནས་པ་དང༌། མཐར་ཐུག་ངོ་བོ་ཉིད་མེད་པར་སྨྲ་བའི་གྲུབ་པའི་མཐའ་འཆད་པའི་ཕྱིར་རོ། །སྐབས་འདིར་དགྲ་བཅོམ་པ་ཤི་ནས་རིག་པ་ཕྱི་མ་མཚམས་མི་སྦྱོར་བ་ནི། རྣལ་འབྱོར་སྤྱོད་པའི་གྲུབ་པའི་མཐའོ། །ཞེས་བོད་སྔ་མ་རྣམས་གསུང་བ་ནི། དེའི་གྲུབ་པའི་མཐའ་མ་ཡིན་ཏེ། གལ་ཏེ་ཡིན་ན། མྱ་ངན་ལས་འདས་པ་དེ་ལ་གནས་པའི་དགྲ་བཅོམ་པ་མི་སྲིད་པར་ཐལ་བ་དང༌། མྱང་འདས་དེ་མེད་དགག་ཁོ་ནར་ཐལ་བ་དང༌། དེ་བདེན་གྲུབ་དང༌། དོན་དམ་པའི་བདེན་པ་མིན་པར་ཐལ་བ་དང༌། དེ་འགོག་པའི་བདེན་པ་མིན་པའམ། ཀུན་རྫོབ་ཀྱི་བདེན་པར་ཐལ་བ་རྣམས་འཇུག་ཅིང༌། རྒྱུད་བླའི་འགྲེལ་པར། དེར་དེ་རྒྱུན་ཆད་པ་ཉན་ཐོས་སྡེ་པའི་འདོད་པར་འཆད་པས། ཐོགས་མེད་ཀྱི་ལུང་དང་ཡང་འགལ་བ་ཡིན་ནོ། །དེ་ལྟ་ན་ཡང༌། དེར་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་མ་འགགས་པར་ནི་མི་འདོད་དེ། ཉོན་སྒྲིབ་ཀྱི་ས་བོན་སྤངས་པའི་ཕྱིར་རོ། །རིག་པ་རྒྱུན་མ་ཆད་ཅིང་རིག་པ་དེའི་སྟེང་ན། ཟག་མེད་ཀྱི་ས་བོན་དང༌། ཤེས་སྒྲིབ་ཀྱི་བག་ཆགས་དང༌། བདེ་བར་གཤེགས་པའི་སྙིང་པོ་དང༌། སངས་རྒྱས་ཀྱི་རིགས་ཡོད་པར་ཁས་ལེན་ཀྱང༌། ཐེག་པ་ཆེན་པོའི་ལམ་དུ་འཇུག་པར་ཁས་མི་ལེན་ཏེ། ལུས་སྔ་མ་བོར་ཞིང་ཕྱི་མ་ལེན་པའི་རྒྱུ་མེད་པའི་ཕྱིར་རོ། །མ་རིག་བག་ཆགས་ཀྱིས་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་ཞེས་བྱ་བའི་རྣམ་པར་བཞག་པ་ནི་རྣལ་འབྱོར་སྤྱོད་པའི་གཞུང་ན་ཡོད་པ་མ་ཡིན་ལ། མདོ་སྡེ་རྒྱན་དུ། བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་པར། །ཞེས་བཤད་པ་དེ་ཡང༌། ཉན་ཐོས་མ་ངེས་པ་སྤྲུལ་པ་དང༌། སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པ་ལ་བཤད་ལ། འདི་ལ་ནི་དེ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་མཐར་ཐུག་ཐེག་པ་གསུམ་དྲང་དོན་དུ་བཤད་ནས། ཐེག་པ་གཅིག་ངེས་དོན་དུ་འཆད་པ་ལ། ལུང་དང་རིགས་པ་དང་རྩོད་པ་སྤང་བ་གསུམ་མོ། །དང་པོ་ནི། ལང་ཀར་གཤེགས་པ་ལས། ལྷའི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་འདི་དག་ངས་བཤད་དོ། །ཇི་སྲིད་སེམས་ནི་འབྱུང་གི་བར། །ཐེག་པ་རྣམས་ལ་ཐུགས་པ་མེད། །སེམས་ནི་ཡོངས་སུ་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བ་མེད། །ཐེག་པའི་རྣམ་གཞག་ཡོད་མིན་ཉིད། །ཐེག་པ་གཅིག་དུ་ང་སྨྲའོ། །བྱིས་པ་རྣམས་ཡོངས་དྲང་དོན་དུ། །ཐེག་པ་ཐ་དད་ངས་སྨྲའོ། །ཞེས་དང༌། གོང་དུ་དྲངས་པའི་པད་དཀར་གྱི་ལུང་དང༌། འཕགས་པ་བདེན་པའི་ལེའུ་ལ་སོགས་པའི་རྗེས་སུ་འབྲངས་པར་བཞེད་དོ། །གཉིས་པ་རིགས་པ་ནི། བྱང་ཆུབ་སེམས་འགྲེལ་ལས། ཐེག་པ་གཉིས་པོ་དག་ཀྱང་ནི། །ཐེག་པ་ཆེན་པོར་འབྱུང་བས་ན། །སྲིད་པའི་ལམ་གྱིས་དུབ་རྣམས་ལ། །ངལ་བསོའི་དོན་ཏེ་དེ་ཉིད་མིན། །ཞེས་དང༌། དཔེ་མེད་པར་བསྟོད་པ་ལས་ཀྱང༌། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཁྱོད་ཀྱིས་སེམས་ཅན་གཞུག་ཕྱིར་དུ། །ཐེག་པ་གསུམ་དུ་གསུངས་པའོ། །ཞེས་བཤད་དོ། །གང་དག་ལུང་འདིས་ཐེག་པ་གསུམ་ཀས་ཆོས་དབྱིངས་རྟོགས་པའི་ཤེས་བྱེད་ཡིན་ནོ་ཞེས་ཟེར་བ་དེ་ནི་མིན་ཏེ། གནས་སྐབས་ཉན་རང་གི་རིགས་སུ་འཇོག་པའི་ཆོས་དབྱིངས་གཅིག་པུ་པ་དེ་སངས་རྒྱས་ཀྱི་རིགས་ཡིན་པ་ཤེས་བྱེད་བཀོད་པའོ། །གསུམ་པ་རྩོད་པ་སྤོང་བ་ལ། ལུང་དང་འགལ་བ་སྤང་བ་དང༌། རིགས་པ་དང་འགལ་བ་སྤང་བའོ། །དང་པོ་ནི་སྔར་གོང་དུ་དྲངས་པའི་དགོངས་འགྲེལ་སོགས་ཀྱི་མདོ་ལས་མཐར་ཐུག་ཐེག་པ་གསུམ་དུ་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། དེ་ལྟར་བཤད་པ་དེ་སྒྲ་ཇི་བཞིན་པ་མ་ཡིན་པའི་དགོངས་པ་ཅན་དུ་འགྲེལ་བས་སོ། །ཇི་ལྟར་ཞེ་ན། དགོངས་གཞི་ནི། གནས་སྐབས་དམན་པར་ངེས་པའོ། །དགོས་པ་ནི། ཐེག་པ་ཆེན་པོར་རིམ་གྱིས་དྲང་བའི་དོན་དུའོ། །དངོས་ལ་གནོད་བྱེད་ནི། མཐར་ཐུག་དུ་འདོད་པའི་ལྷག་མེད་ཀྱི་མྱང་འདས་ཆོས་ཅན། སངས་རྒྱ་བ་ཡིན་ཏེ། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་དབྱིངས་ཡིན་པའི་ཕྱིར་དང༌། བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་སེམས་ཙམ་པས་ཀྱང་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ནི། ལྷག་མེད་དུ་མྱ་ངན་ལས་འདས་ནས་ཐེག་པ་ཆེན་པོར་འཇུག་པ་མི་འཐད་དེ། དེ་ན་སྐྱེ་བ་ལེན་པའི་རྒྱུ་ལས་དང་ཉོན་མོངས་པ་ཟད་པའི་ཕྱིར་དང༌། ལས་ཉོན་སྔ་མས་འཕངས་པའི་ལུས་རྟེན་དོར་ཟིན་པའི་ཕྱིར་དང༌། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ཕྱིར་ཅེ་ན། དེར་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པ་ཟད་ཀྱང༌། དེར་སྐྱེ་བ་ལེན་པའི་རྒྱུ་མེད་པ་མིན་ཏེ། དཔལ་ཆེན་སེང་གེ་ང་རོའི་མདོ་ཁུངས་སུ་མཛད་ནས། འཕགས་པ་ཐོགས་མེད་ཀྱིས། རྒྱུད་བླའི་འགྲེལ་པར། ལྷག་མེད་དུ་མྱ་ངན་ལས་འདས་པའི་ཉན་རང་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་གསུངས་པའི་ཕྱིར་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་དཔེར་ན་ལེན་པའི་རྐྱེན་གྱིས་ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས། སྲིད་པ་གསུམ་འབྱུང་བ་དེ་བཞིན་དུ། མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་གྱིས་ཟག་པ་མེད་པའི་ལས་ཀྱི་རྒྱུ་ལས་བྱུང་བའི་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་གསུམ་འབྱུང་སྟེ། ཞེས་གསུང་བ་དེ་ཉིད་ཁུངས་སུ་མཛད་ནས། འགྲེལ་པ་ལས་ཀྱང༌། དེ་ལ་དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མ་རིག་པའི་བག་ཆགས་ཀྱི་ས་མ་སྤངས་པས་ན། ཉོན་མོངས་པའི་དྲི་མ་དྲི་ང་བའི་བག་ཆགས་ཐམས་ཅད་དང་ལྡན་པའི་ཕྱིར། གཙང་བའི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་མཐར་ཕྱིན་པ་མི་ཐོབ་བོ་ཞེས་གསུངས་སོ། །ལུང་དེ་མཐར་ཐུག་ཐེག་པ་གསུམ་དུ་ཁས་ལེན་པ་དག་གིས་ཀྱང་ཚད་མར་བྱ་དགོས་ཏེ། དེ་དག་གིས་འཕགས་པ་ཐོགས་མེད་ཀྱི་གཞུང་ཚད་མར་བྱས་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་ཆེན་ལས། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་དང༌། དེའི་གཞུང་གི་རྗེས་སུ་འབྲང་བ་ཐེག་པ་སྣ་ཚོགས་སུ་སྨྲ་བ་རྣམས་ནི་གཞན་དུ་འཆད་དེ་ཞེས་འབྱུང་བ་ལྟར་རོ། །དེ་ལྟར་ན། མཐར་ཐུག་ཐེག་པ་གཅིག་ཏུ་འཆད་པའི་ལུགས་འདི་ལ་དམན་པའི་ལྷག་མེད་ཀྱི་མྱང་འདས་གཉིས་པོ་མྱང་འདས་གོ་ཆོད་པོར་བཞེད་པ་མིན་ཏེ། འགྲེལ་ཆེན་དུ་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་ལས། བྱང་ཆུབ་རྣམ་པ་གཉིས་ཐོབ་ནས། །སྲིད་པས་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ཤེས་ཅན་དུ་འགྱུར། །དེ་ལ་མྱ་ངན་འདས་ཐོབ་མིན། །འོན་ཀྱང་སྲིད་གསུམ་ཁམས་སུ་ནི། །སྐྱེ་བ་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་ནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མི་སྤངས་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ཏེ། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་དང༌། རྒྱུད་བླ་མར། མྱ་ངན་འདས་ཐོབ་འདུ་ཤེས་ཅན། །དམ་ཆོས་པད་མ་དཀར་ལ་སོགས། །ཆོས་ཀྱི་དེ་ཉིད་བསྟན་པ་ཡིས། །དེ་དག་སྔར་འཛིན་ལས་ཟློག་སྟེ། །ཐེག་པ་མཆོག་ཏུ་སྨིན་མཛད་ནས། །བྱང་ཆུབ་མཆོག་ཏུ་ལུང་སྟོན་ཏོ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། སེམས་ནི་དམིགས་དང་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་དང༌། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་སོ། །གསུམ་པ་ལམ་གང་ནས་འཇུག་པ་ནི། དམན་པའི་འཕགས་པ་ཡིན་ཀྱང༌། ཐེག་པ་ཆེན་པོའི་ཚོགས་ལམ་ནས་འཇུག་པ་ཉིད་འཐད་པ་ཡིན་ཏེ། ལམ་ལྔའི་གོ་རིམ་ངེས་པའི་ཕྱིར་དང༌། ཐེག་པ་ཆེན་པོའི་ལམ་དུ་ཐོག་མར་འཇུག་པའི་སྒོ་ནི། འདུན་ལྡན་སེམས་བསྐྱེད་ཡིན་པའི་ཕྱིར་དང༌། དེར་འཇུག་པའི་ཚེ་ཐོག་མར་སྟོང་པ་ཉིད་ཐོས་བསམ་གྱིས་གཏན་ལ་འབེབས་དགོས་པའི་ཕྱིར། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ཀྱང༌། སྐབས་གསུམ་པར་བསྟན་པའི་ཉན་ཐོས་དང་རང་སངས་རྒྱས་དེ་དག་ཞི་བའི་དབྱིངས་ནས་ལངས་ཏེ་ལམ་ཤེས་པར་བྱེད་པ་ན། སྐབས་དང་པོ་ནས་བསྟན་པའི་སེམས་བསྐྱེད་པ་དང་པོ་དང༌། གཉིས་པ་དང་གསུམ་པ་ཐོག་མར་བྱས་ཏེ། ཞེས་གསུངས་པ་ལྟར་རོ། །འོ་ན་འདི་སོ་སོ་སྐྱེ་བོ་དང་འཕགས་པ་གཉིས་ལས་གང་ཞེ་ན། འཕགས་པར་ཁས་ལེན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཕྱིར་དང༌། མཐོང་ལམ་རྒྱུད་ལ་སྐྱེས་ཟིན་པའི་ཕྱིར་དང༌། སོ་སོ་སྐྱེ་བོ་བཏང་ཟིན་པའི་ཕྱིར། དེ་སྐད་དུ་ཡང༌། སོ་སོ་སྐྱེ་བོ་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་ཐོབ་པའོ། །ཞེས་མངོན་པ་ཀུན་ལས་བཏུས་པར་གསུངས་སོ། །འདི་འཕགས་པར་འཇོག་བྱེད་ཐེག་དམན་གྱི་འཕགས་ལམ་ཐོབ་པའི་རྒྱུ་མཚན་ལས་ཡིན་ཀྱང༌། ཐེག་པ་དམན་པའི་འཕགས་པར་ཁས་མི་ལེན་ཏེ། ཐེག་ཆེན་གྱི་སྐྱེས་བུ་ཡིན་པའི་ཕྱིར། ཐེག་པ་ཆེན་པོའི་འཕགས་པ་ནི་མིན་ཏེ། དེར་འཇོག་བྱེད་ཀྱི་ཆོས་གང་ཡང་མ་ཐོབ་པའི་ཕྱིར། དེའི་ཕྱིར་འཕགས་པ་ཕུང་གསུམ་པར་གྲུབ་ལ། གཞན་དག་ཐེག་ཆེན་སོ་སྐྱེ་ཡིན་ནོ་ཞེས་ཟེར་བ་ནི་དོན་ལ་འཇུག་པ་མིན་ཏེ། ཐེག་ཆེན་གྱི་སྐྱེས་བུ་ཡིན་མོད། དེ་སོ་སྐྱེར་འཇོག་བྱེད་ཀྱི་རྒྱུ་མཚན་གང་ཡང་མ་ཚང་བའི་ཕྱིར་དང༌། ཚོགས་སྦྱོར་གཉིས་ནི་སོ་སོ་སྐྱེ་བོར་འཇོག་བྱེད་མ་ཡིན་པའི་ཕྱིར་རོ། །འོ་ན་འདི་ལ་སྔར་གྱི་རྟོགས་པ་ཇི་ལྟར་ལྡན་ཅེ་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་རྣམས་ལ་ནི། ཕལ་ཆེར་དབང་ལྡན་གྱི་ཚུལ་དུ་གནས་ལ། རེས་འགའ་མངོན་དུ་གྱུར་པ་ཡང་སྲིད། རྒྱུན་ཞུགས་དང་ཕྱིར་འོང་སོགས་ཀྱི་རྟོགས་པ་ཙམ་མངོན་དུ་སོང་བ་ལ་ནི། ཉོན་སྒྲིབ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡང་ཐེག་ཆེན་ཚོགས་སྦྱོར་བ་དེའི་རྒྱུད་ལ་ཡོད་པར་ཁས་ལེན་པའམ། ཡང་ན་ཐེག་ཆེན་ལམ་གྱི་སྐབས་གང་དུ་ཡང་ཉོན་སྒྲིབ་ཁོ་ན་ཆེད་དུ་གཉེར་ནས་མི་སྤོང་བར་བཤད་པ་ལྟར་ན། དེ་འདྲ་དེས་ཀྱང་ཇི་སྲིད་ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་མ་སྐྱེས་པ་དེ་སྲིད་དུ། ཉོན་མོངས་པའི་ས་བོན་མི་སྤོང་བ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །གཉིས་པ་སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཤེས་བྱེད་ནི། སེམས་ཅན་ཐམས་ཅད་ཆོས་ཅན། སངས་རྒྱས་ཀྱི་ཡེ་ཤེས་རང་རྒྱུད་ལ་འབྱུང་དུ་རུང་བ་ཡིན་ཏེ། དེའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། རྒྱུ་རང་བཞིན་དུ་གནས་པའི་རིགས་ཡོད། རྐྱེན་སངས་རྒྱས་ཀྱི་འཕྲིན་ལས་འཇུག་དུ་རུང་བའི་ཕྱིར། དེ་ཙམ་གྱིས་རྒྱུ་ཚོགས་གྲངས་ཚང་དུ་འཇོག་དུ་མི་རུང་ན། དེར་འཇོག་པ་ལ་དེའི་རྒྱུ་རྐྱེན་མཐའ་དག་ཚང་དགོས་པར་འགྱུར་བས་ཧ་ཅང་ཐལ་བ་ཡིན་ནོ། །གཞན་ཡང་ཆགས་སོགས་དྲི་མ་རྣམས་ཆོས་ཅན། གཉེན་པོས་སྤང་དུ་རུང་སྟེ། བློ་བུར་བ་ཡིན་པའི་ཕྱིར། སྤོང་བྱེད་ཀྱི་གཉེན་པོ་མེད་པ་མིན་ཏེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། དེ་ཡོད་ཀྱང་མི་བསྒོམ་པ་མིན་ཏེ། འདི་ལྟར། གང་སངས་རྒྱས་ཀྱི་འཕྲིན་ལས་འཇུག་དུ་རུང་བ་ཡིན་ན། དེ་སྒོམ་དུ་རུང་བས་ཁྱབ། དཔེར་ན་བྱང་ཆུབ་སེམས་དཔའ་བཞིན། སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་ནོ། །ཞེས་པ་རྣམས་ནི་ཆོས་ཀྱི་གྲགས་པའི་རིགས་པ་ལྟར་བཤད་པ་ཡིན་ལ། སློབ་དཔོན་འདིའི་རིགས་པ་ནི། ཐེག་པ་གསུམ་རྣམ་པར་བཞག་པ་ནི་ཞེས་སོགས་ཡིན་ལ། འཕགས་པ་ཐོགས་མེད་ཀྱིས་ནི། ཇི་སྐད་དུ། རང་བཞིན་གྱིས་རྣམ་པར་དག་པའི་རིགས་ཡོད་པའི་ཕྱིར། འགའ་ཡང་རྟེན་རྣམ་པར་དག་པར་མི་འགྱུར་བ་ནི་འོས་པ་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་སེམས་ཅན་ཐམས་ཅད་སངས་རྒྱ་བའི་རྒྱུ་མཚན་གྱིས་འཁོར་བའི་མཐའ་ཡོད་པ་དགག་པ་ལ་གསུམ་སྟེ། སློབ་དཔོན་ཇི་ལྟར་བཞེད་པའི་ཚུལ། རང་གི་ལུགས་བཤད་པ། དེ་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི་འགྲེལ་ཆེན་ལས། ཁ་ཅིག་ན་རེ། སངས་རྒྱས་རེ་རེ་འབྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདའ་མོད་ཀྱི། དེ་ལྟ་ན་ཡང༌། འཁོར་བ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་སྟེ། རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ཀྱང༌། ནམ་མཁའ་ལ་ནི་ཡོངས་སུ་ཟད་པ་མེད་དོ། །ཞེས་ཟེར་རོ། །གཞན་དག་ན་རེ། གང་གཉེན་པོའི་ཕྱོགས་དང་ཕྲད་པ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན། ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ན་ཡང་བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲོ་བ་པའི་ཆོས་ཅན་ཡིན་ནོ། །ཞེས་བྱ་བའི་རང་བཞིན་གྱི་རྟགས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ནོ། །ཞེས་འདོད་དོ། །ཞེས་མཐའ་ཡོད་དང༌། མཐའ་མེད་ཀྱི་ལུགས་གཉིས་གསུངས་སོ། །འདི་ལ་ཁ་ཅིག་ན་རེ། ལུགས་ཕྱི་མ་འདི་སློབ་དཔོན་གྱི་རང་ལུགས་ཡིན་པས་འཁོར་བ་ལ་སྤྱིར་མཐའ་ཡོད་དུ་བཞེད་པ་ཡིན་ནོ། །ཞེས་ཟེར་བ་ནི་རིགས་པ་མིན་ཏེ། དེ་ལྟ་ན་སློབ་དཔོན་གྱིས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་པའི་འགྲེལ་པར། འཁོར་བ་ཇི་སྲིད་པར་འཇུག་པའི་རྟགས་ཀྱིས་རྒྱུན་མི་ཆད་པར་བསྒྲུབ་པ་འགལ་བའི་ཕྱིར་དང༌། ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་བཤད་པ་དང་ཡང་འགལ་ལོ། །དེས་ན། འགྲེལ་པ་འདིའི་དགོངས་པ་ནི། འཁོར་བ་སྒོས་མཚན་པ་ལ་མཐའ་ཡོད་པར་བསྟན་པ་ཡིན་ཏེ། ཇི་སྐད་དུ། གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་ཞེས་བཤད་པའི་ཕྱིར། དེས་ན་འཁོར་བ་སྤྱི་མཚན་ལ་མཐའ་མེད་ཅིང༌། སྒོས་མཚན་ལ་མཐའ་ཡོད་དོ། །ཞེས་བྱ་བ་ནི་སློབ་དཔོན་གྱི་བཞེད་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ནི། འཁོར་བ་སྤྱི་མཚན་ལ་མཐའ་ཡོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་ཡོད་པར་འགྱུར་བ་དང༌། དེ་ཡང་དེ་ལྟ་ན། སེམས་ཅན་མེད་པའི་དུས་སྲིད་པར་འགྱུར་བ་དང༌། དེ་ལྟ་ན། སྤྱིར་སངས་རྒྱས་ཀྱི་འཕྲིན་ལས་རྒྱུན་ཆད་པ་ཡོད་པར་འགྱུར་བ་དང༌། བྱེ་བྲག་ཏུ་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་རྒྱུན་ཆད་པ་སྲིད་པར་འགྱུར་བ་དང༌། ཡང་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་ཀྱི་སངས་རྒྱས་དེ་སངས་རྒྱས་མ་ཡིན་ན་ནི་དམ་བཅའ་སྔ་མ་ཉམས་ལ། ཡིན་ན་ནི་དེའི་དོན་བྱ་ཡུལ་གྱི་སེམས་ཅན་ཡོད་པར་འགྱུར་ཏེ། དེ་རྫོགས་པའི་སངས་རྒྱས་ཡིན་པའི་ཕྱིར། རྟགས་ཁས་བླངས། ཁྱབ་པ་ཚད་མས་གྲུབ། ཐལ་ཆོས་ལ་ཁས་བླངས་ཀྱི་བསལ་བ་ཞུགས་སོ། །གལ་ཏེ་འོ་ན། སེམས་ཅན་ཐམས་ཅད་སངས་རྒྱ་ན་འཁོར་བའི་མཐའ་མེད་པར་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་སངས་རྒྱ་ཡང་དེ་རྒྱས་ཟིན་པའི་དུས་མི་སྲིད་པའི་ཕྱིར་རོ། །དཔེར་ན་དངོས་པོ་ཐམས་ཅད་ལ་འཇིག་པས་ཁྱབ་ཀྱང༌། ཞིག་ཟིན་པའི་དུས་མི་སྲིད་པ་དང༌། སེམས་ཅན་ཐམས་ཅད་ལ་འཆི་བས་ཁྱབ་ཀྱང༌། འཆི་ཟིན་པ་མི་སྲིད་པ་བཞིན་ནོ། །བསྣོན་པ་མེད་ཅིང་འགྲིབ་པ་དང་བཅས་པའི་ཕྱིར་མཐའ་ཡོད་དོ་ཞེས་ཟེར་བ་ཡང༌། སྤྱིར་ཚད་དང་གྲངས་ཡོད་པ་རྣམས་ལ་དེ་སྒྲུབ་བྱེད་དུ་འགྲོ་ཡང༌། འཁོར་བ་ལ་དེ་ལྟ་མིན་ཏེ། སེམས་ཅན་ལ་གྲངས་མེད་པའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ནོ། །གསུམ་པ་ནི། དར་ཊཱིཀ་མཛད་པ་ན་རེ། གཞན་དག་ནི་སེམས་ཅན་ཐམས་ཅད་སངས་རྒྱ་ན། དེ་ཐམས་ཅད་སངས་རྒྱས་པ་སྲིད་པས་ཁྱབ་པར་འདོད་ན། དངོས་པོ་ཐམས་ཅད་ཞིག་པ་སྲིད་པར་ཐལ། དེ་ཐམས་ཅད་འཇིག་པའི་ཕྱིར། ཞེས་ཐལ་ཆོས་ལ་ཚད་མ་དང༌། ཁས་བླང་གང་ཡང་སྟོན་རྒྱུ་མེད་པའི་ཐལ་བ་བརྗོད་པར་བྱེད་དོ། །དེ་ཡང་འདོད་ན་ཉེས་པ་ཅི་ཞིག་ཡོད། དངོས་པོ་ཐམས་ཅད་མེད་པར་སྲིད་པར་ཐལ་ལོ་ཟེར་ན། འདོད་པ་ཡིན་ཏེ། དངོས་པོ་ཐམས་ཅད་མེད་པ་མི་སྲིད་ན། དངོས་པོ་མེད་པ་མི་སྲིད་པར་ཁས་བླངས་དགོས་པར་འགྱུར་རོ། །འདི་ཚུན་ཆད་དུ་དངོས་པོ་ཡོད། འདི་ཕན་ཆད་དུ་དངོས་པོ་མེད་པར་ཐལ། དངོས་པོ་ཐམས་ཅད་ཞིག་པ་སྲིད་པའི་ཕྱིར་ཞེ་ན། དེའི་དོན་དེ་ཕན་ཆད་དངོས་པོ་མི་སྲིད་པར་ཐལ་བའི་དོན་ཡིན་ན། འོ་ན་འདི་ཚུན་ཆད་དུ་དངོས་པོ་ཡོད་ལ། འདི་ཕན་ཆད་དུ་དངོས་པོ་མེད་པར་བསྒྲུབ་ནུས་པར་ཐལ། དངོས་པོ་ཞིག་པ་སྲིད་པའི་ཕྱིར། རྟགས་མ་གྲུབ་ན། རྟག་དངོས་སུ་ཐལ། རང་རྒྱུ་ལས་སྐྱེས་ནས་ཞིག་པ་མི་སྲིད་པའི་ཕྱིར། དངོས་པོ་ཐམས་ཅད་ཞིག་པ་མི་སྲིད་པར་འདོད་པ་ལ་ཡང་ཐལ་བ་དེར་འགྱུར་རོ། །ཞེས་ཟེར་རོ། །དེ་ནི་རིགས་པ་མིན་ཏེ། ཐལ་འགྱུར་སྔ་མ་དེའི་ཐལ་ཆོས་ལ་འདོད་ལན་བཏབ་ན་ཚད་མའི་བསལ་བ་འབབ་པའི་ཕྱིར་དང༌། རྟག་དངོས་སུ་ཐལ་བ་འཕངས་པ་ལ་ཁྱབ་པ་ཚད་མས་མ་ངེས་པའི་ཕྱིར། དང་པོ་ནི། དངོས་པོ་ཐམས་ཅད་ཞིག་པ་སྲིད་ན། དེ་དུས་ནམ་གྱི་ཚེ་ཞིག་པ་ཡིན། ཁོ་རང་གི་འབྲས་བུ་སྐྱེས་པའི་དུས་དེར་ཞིག་པ་ཡིན་ནོ། །ཞེས་ཟེར་རམ་མི་ཟེར། ཟེར་ན། འོ་ན་དུས་དེར་དངོས་པོ་ཐམས་ཅད་མེད་པར་ཐལ། དེར་དེ་ཞིག་པའི་ཕྱིར། ཁྱབ་པ་མ་ངེས་ན། ཞིག་ནས་ཀྱང་ཡོད་ན་རྟག་དངོས་སུ་ཐལ་བ་འཕེན་ནུས་པ་ཡིན་ནོ། །འདོད་ན་ནི། དུས་དེར་དེ་ཐམས་ཅད་ཀྱི་འབྲས་བུ་མེད་པར་ཐལ་ལོ། །དེ་མི་ཟེར་ན་ནི། དེ་ཆོས་ཅན། རྟག་དངོས་སུ་ཐལ། ཁྱོད་ཀྱི་འབྲས་བུ་སྐྱེས་པའི་དུས་སྲིད། དེར་ཁྱོད་མ་ཞིག་པའི་ཕྱིར། རྟགས་སྔ་མ་ཁས་བླངས་པ་ཡིན་ཏེ། དེ་ཐམས་ཅད་ཞིག་པ་སྲིད་པར་ཁས་བླངས་པའི་ཕྱིར། གཞན་ཡང༌། དེ་ཐམས་ཅད་ཞིག་པ་སྲིད་ན། དེ་ཞིག་པའི་དུས་སྲིད་དམ་མི་སྲིད། སྲིད་ན། དེ་ཞིག་པའི་དུས་དེར་མ་ཞིག་པའི་དངོས་པོ་ཅིག་སྲིད་པར་ཐལ། དེ་ཞིག་པའི་དུས་ན་དུས་ཡོད་པའི་ཕྱིར། དེ་མེད་ན་ནི། དེ་ཞིག་པའི་དུས་དེ་དུས་མིན་པར་ཁས་བླངས་པས། དེ་ཞིག་པའི་དུས་མི་སྲིད་པར་འགྱུར་རོ། །གཉིས་པ་ལྟར་ན་དེ་ཐམས་ཅད་ཆོས་ཅན། རྟག་དངོས་སུ་ཐལ། རང་རྒྱུ་ལས་སྐྱེ་ནས་ཞིག་པའི་དུས་མི་སྲིད་པའི་ཕྱིར་རོ། །གཞན་ཡང་དངོས་པོ་མེད་པ་སྲིད་ན། དེ་དེ་ཡིན་པར་འགྱུར་ལ། དེ་ཡང་དེ་ལྟ་ན། དེ་ཆོས་ཅན། ཁྱོད་འཇལ་བྱེད་ཀྱི་ཚད་མ་མེད་པར་ཐལ། དངོས་པོ་མེད་པའི་ཕྱིར། ཞེས་པ་བཟློག་པར་མི་ནུས་སོ། །རྟགས་ལ་ཁྱོད་ཞེས་པ་ཆད་པས་ཁས་མ་བླངས་སོ་སྙམ་ན། འོ་ན་དངོས་པོ་ཆོས་ཅན། དངོས་པོ་མེད་པ་དེ་ཁྱོད་ཡོད་པ་མིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་བ་ལ་ཁྱབ་པ་ཡོད་པར་འགྱུར་ཏེ། དངོས་པོ་མེད་པ་སྲིད། དེ་དངོས་པོ་ཐམས་ཅད་མེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་འདོད་ན། འཇལ་བྱེད་ཀྱི་ཚད་མ་ཆོས་ཅན་དུ་བཟུང་ནས། མ་ངེས་པ་འཕངས་པས་འཁོར་གསུམ་ཚང་བ་ཡིན་ནོ། །གཉིས་པ་ནི། རྟག་དངོས་སུ་ཐལ། རང་རྒྱུ་ལས་སྐྱེས་ནས་ཞིག་པ་མི་སྲིད་པའི་ཕྱིར། ཞེས་པ་ལ་ཚིག་སྐྱོན་ཆགས་པ་ཤེས་པར་སླ་མོད། དོན་ལ་ནི། གཏན་ཚིགས་མ་གྲུབ་པ་དང༌། ཁྱབ་པ་མ་ངེས་པ་གཉིས་འཇུག་གོ །དང་པོ་ནི། ཁོ་བོ་ཅག་དངོས་པོ་ཐམས་ཅད་སྐྱེས་ཟིན་པའི་དུས་སྲིད་པར་ཁས་མི་ལེན་ཏེ། དེ་ཞིག་པའི་དུས་མི་སྲིད་པ་དང༌། རིགས་པ་མཚུངས་སོ། །འོ་ན་བྱས་པ་མིན་པར་ཐལ། མ་སྐྱེས་པའི་ཕྱིར་སྙམ་ན། དངོས་པོ་དང་བྱས་པ་ཁྱབ་མཉམ་པར་འདོད་པ་འདི་ཡང༌། བོད་ཀྱི་བསྡུས་སྐད་ལ་གྲགས་པ་ཡིན་གྱི། གཞུང་ལུགས་ཀྱི་ལུང་མེད་དོ། །གལ་ཏེ་ཡོད་ན་མ་འོངས་པའི་དངོས་པོ་རྣམས་སམ། ཁྱེད་རང་ལྟར་ན་དངོས་པོ་མ་འོངས་པ་རྣམས་ཆོས་ཅན། ད་ལྟར་བ་ཡིན་པར་འགྱུར་ཏེ། སྐྱེས་ལ་མ་འགགས་པའི་ཕྱིར་རོ། །གཞན་ཡང་གཞུང་ལུགས་ལས། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་བཤད་པ་རྣམས་ཀྱང༌། སྐྱེས་པ་ཉིད་དུ་ཐལ་བར་འགྱུར་ཞིང༌། ཐེག་པ་ཆེན་པོའི་སྐབས་འདིར་དེ་འདྲ་ཁས་མི་ལེན་ན། མངོན་པ་ཀུན་ལས་བཏུས་སུ། འདུས་མ་བྱས་པ་དང༌། དངོས་པོའི་གཞི་མཐུན་བརྒྱད་གསུངས་པ་དང་འགལ་བ་དང༌། ངན་སོང་དུ་འཕེན་བྱེད་ཀྱི་ལས་བསགས་ནས། འགྲུབ་བྱེད་ཀྱི་ལས་མི་བསོག་པར་ངེས་པའི་སྐྱེས་བུ་དེའི་རྒྱུད་ཀྱི། ལས་དེའི་རྣམ་སྨིན་གྱི་འབྲས་བུ་འབྱུང་དུ་རུང་ངམ་མི་རུང༌། མི་རུང་ན་དེའི་རྒྱུད་ཀྱི་དེ་ཆོས་ཅན། རྣམ་སྨིན་གི་རྒྱུ་མིན་པར་ཐལ། རང་གི་རྣམ་སྨིན་འབྱིན་དུ་མི་རུང་བའི་ཕྱིར། རུང་ན་དེའི་རྣམ་སྨིན་གྱི་འབྲས་བུ་མ་འོངས་པ་དེ་ཆོས་ཅན། དངོས་པོར་ཐལ། ཁྱོད་སྐྱེ་བའི་རྒྱུ་ཡོད་ཅིང༌། འབྱུང་དུ་རུང་བའི་ཕྱིར། འདོད་ན་ཁས་བླངས་པའི་ཚུལ་ནི། བྱས་པ་དང་སྐྱེས་ཟིན་པར་ཐལ་ལོ། །གཉིས་པ་ནི། ཐལ་བ་དེ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། རང་རྒྱུ་ལས་སྐྱེས་ནས་ཞེས་པས་དངོས་པོའི་དོན་གྲུབ་མོད། ཞིག་པ་མི་སྲིད་པའི་ཆོས་ཡིན་པ་ཙམ་གྱིས་རྟག་པར་འཇོག་མི་ནུས་པའི་ཕྱིར། དེ་མི་ནུས་ཏེ། ཇི་སྐད་དུ། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་མི་འཇིག་པའི་ཆོས་ལ་རྟག་པའི་གོ་དོན་དུ་བཤད་པ་ཡིན་གྱི། ཞིག་པ་མི་སྲིད་པའི་ཆོས་ལ་རྟག་པའི་གོ་དོན་དུ་མ་བཤད་པའི་ཕྱིར་རོ། །འོ་ན་འཇིག་ལ་ཞིག་པ་མི་སྲིད་པ་དེ་ཅི་ཞེ་ན། དེ་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་གང་ཡིན་པ་དེ་ཉིད་སླར་གྲུབ་པ་ཡིན་པས། གྲུབ་པའི་མཐའ་ཁྱེད་ཀྱིས་འཇིག་པར་མ་ནུས་སོ། །དེ་ཡང་འདི་ལྟར། དངོས་པོ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ནི། ངེས་པར་ཁས་ལེན་དགོས་པས། དེའི་མཚན་གཞི་འདོད་པར་སྐྱེ་བ་འཕེན་བྱེད་ཀྱི་ལས་དང་ལྡན་པའི་རྒྱུན་ཞུགས་མཐོང་ཆོས་ཞིའི་རྒྱུད་ཀྱི་འཕེན་བྱེད་ཀྱི་ལས་དེའི་འབྲས་བུར་གྱུར་པའི་འདོད་པའི་སྐྱེ་སྲིད་དེ་ཆོས་ཅན། ཞིག་པ་སྲིད་པར་ཐལ། འཇིག་པའི་ཕྱིར། འདོད་ན་སྐྱེས་པ་སྲིད་པར་ཐལ། དེ་ཡང་འདོད་ན། རྒྱུན་ཞུགས་མཐོང་ཆོས་ཞི་འདོད་པར་སྐྱེ་བ་བླངས་པ་སྲིད་པར་ཐལ་ལོ། །རྩ་བའི་གཏན་ཚིགས་ནི། དེ་ཆོས་ཅན། འཇིག་པ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། དེ་ཡིན་ཏེ། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། དེ་ཡང་དེའི་རྒྱུར་གྱུར་པའི་འཕེན་བྱེད་ཀྱི་ལས་དེ་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་རྣམ་སྨིན་གྱི་འབྲས་བུ་དེ་སྐྱེད་བྱེད་ཡིན་ཏེ། རྣམ་སྨིན་གྱི་རྒྱུ་ཡིན་པའི་ཕྱིར། ཞེས་བྱ་བ་འདི་ངེས་པ་ཡིན་ནོ། །དེ་ལྟ་ན། མཐར་ཐུག་ཐེག་པ་གཅིག་ཡིན་པ་དང༌། སེམས་ཅན་ཐམས་ཅད་སངས་རྒྱ་བ་དང༌། འཁོར་བ་སྤྱི་ཙམ་གྱི་མཐའ་མེད་པ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་སྐྱེས་ནས་གཞན་ལ་ཕན་འདོགས་པའི་ཡན་ལག་ལ། རང་བཞིན་དང༌། བྱེད་ལས་གཉིས་སོ། །དང་པོ་ལ། རང་བཞིན་གང་ཡིན་པ་དང༌། འདིར་མི་སྤོང་རྒྱུའི་ཉོན་མོངས་ངོས་བཟུང་བའོ། །དང་པོ་ལ་མདོའི་དངོས་བསྟན་དང་མཐུན་པར་བཤད་པ་དང༌། སྤྱི་ཙམ་ནས་བཤད་པའོ། །དང་པོ་ནི། ཡུལ་ངེས་ཀྱི་མདོ་ལས་འཕྲོས་ནས། འོ་ན་དམན་པའི་ལྷག་མེད་དུ་འདས་པ་དེ་གཞན་དོན་དུ་སྐྱེ་བ་མི་ལེན་པས་ཁྱབ་བམ་ཞེ་ན། དེའི་ལན་དུ། ལྷག་མེད་དུ་འདས་པ་སླར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ཆོས་ཅན། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ། ཉོན་མོངས་པའི་བག་ཆགས་རྣམ་པ་ཐམས་ཅད་དུ་སྤངས་པ་མིན་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པ་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། །ཞེས་པའོ། །གཉིས་པ་ནི། རྒྱུ་ལམ་ཤེས་ཀྱི་རང་བཞིན་ནི། ཐེག་པ་དམན་པའི་ལམ་གྱི་རང་བཞིན་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཆེད་དུ་གཉེར་ནས་མི་སྤོང་བའི་རང་བཞིན་ཅན་ཡིན་པའི་ཕྱིར། དེ་ཡིན་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པའི་ལམ་གྱི་རང་བཞིན་ཅན་ཡིན་པའི་ཕྱིར། ཞེས་པའོ། །དེ་ལྟར་བཤད་པ་ན། ཉོན་མོངས་པ་གཅིག་ཉིད་ལམ་གཅིག་གིས་ཆེད་དུ་གཉེར་ནས་སྤོང་ལ། ཅིག་ཤོས་ཀྱིས་མི་སྤོང་བར་ལམ་གྱི་གྲོགས་སུ་ཁྱེར་ནས་སེམས་ཅན་གྱི་དོན་བྱེད་པ་ནི། ལམ་གཉིས་ཀྱི་རང་བཞིན་ཡིན་པ་ལྟ་བུར་གྲུབ་ལ། དེ་ལྟ་ཡིན་པ་དེའི་ཚེ་ན་དམན་པས་ཆེད་དུ་གཉེར་ནས་སྤོང་རྒྱུ་ནི་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་དེ་ཉིད་ཡིན། བྱང་སེམས་འཕགས་པས་སྐྱེ་བ་ལེན་པའི་རྒྱུ་ནི་དེ་ཡིན་པར་བཤད་ན། དེ་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་པར་ཐལ་ལོ་སྙམ་པའི་དཀའ་བའི་གནས་དང༌། ཡང་བྱང་སེམས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་རྒྱུ་ནི་ཉོན་མོངས་པའི་བག་ལ་ཉལ་ལམ། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ལྟ་བུ་ལ་བཤད་ན། ཉན་རང་གི་ལམ་དུ་དེ་ཆེད་དུ་གཉེར་ནས་སྤོང་བ་མེད་པས། དེ་ཡང་རྒྱུ་ལམ་ཤེས་ཀྱི་རང་བཞིན་དང་ལྡན་པར་ཐལ་ལོ་སྙམ་པའི་དོགས་པ་འབྱུང་བ་ནི་དཀའ་བའི་གནས་སོ། །གཉིས་པ་ལ་གསུམ་སྟེ། གཞན་གྱི་ལུགས་མི་འཐད་པ་དང༌། རང་གི་ལུགས་བཞག་པ་དང༌། གཞན་དག་གི་ལོག་པར་རྟོག་པའི་མཐའ་བསལ་བའོ། །དང་པོ་ནི། «རེད་མདའ་བ་་་་་་»བོད་ཀྱི་སློབ་དཔོན་ཕྱི་མ་ཁ་ཅིག འདིར་མི་སྤོང་རྒྱུའི་ཉོན་མོངས་པ་ནི། ཉོན་མོངས་མཚན་ཉིད་པ་ཡིན་ལ། དེ་ཡང་བྱང་སེམས་འཕགས་པ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་དགོས་ནས་མི་སྤོང་བ་ནི་མིན་ཏེ། དེ་ཡིན་ན་དེ་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་དེར་སྐྱེ་བ་ལེན་པའི་རྒྱུ་ནི་སྙིང་རྗེ་དང་སྨོན་ལམ་གྱིས་ཆོག་ལ། འདིར་ཉོན་མོངས་པ་མི་སྤོང་བ་ནི། གཞན་དོན་བསྒྲུབ་པའི་གྲོགས་སུ་དགོས་པ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚུལ་བཟུང་ནས་བུ་སྟོང་བསྐྱེད་པ་ལ་སོགས་པའི་ཡན་ལག་ཏུ་ནང་སེམས་ཅན་ལ་སྲེད་པའི་འདོད་ཆགས་སོགས་ཡན་ལག་ཏུ་དགོས་པའི་ཕྱིར། ཞེས་ཟེར་བ་ནི་འཐད་པ་མིན་ཏེ། ས་ཐོབ་ནས་ཆགས་སོགས་མཚན་ཉིད་པ་མེད་པའི་ཕྱིར། བག་ལ་ཉལ་ཀུན་འཇོམས་པ་དང༌། ཞེས་པའི་ཉི་སྣང་ལས། བག་ལ་ཉལ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང༌། ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་སྲིད་པ་ལེན་པའི་ཕྱིར། འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ། །ཞེས་བྱང་ཆུབ་སེམས་དཔའ་འདོད་སྲིད་ཀྱི་བག་ལ་ཉལ་ཆེད་དུ་གཉེར་ནས་མི་སྤོང་བའི་ཤེས་བྱེད་དུ། སྲིད་པར་སྐྱེ་བ་ལེན་པ་གཏན་ཚིགས་སུ་བཀོད་པས། སྐྱེ་བ་ལེན་པའི་རྒྱུར་དགོས་ནས་མི་སྤོང་བར་གསལ་བར་བཤད་པའི་ཕྱིར། དེ་ལྟར་ན། འདིའི་ཉོན་མོངས་ཀྱི་མིང་ཅན་དེ་བྱང་ཆུབ་སེམས་དཔའ་སྐྱེ་བ་ལེན་པའི་རྒྱུར་མ་བཤད་ན། སྐབས་ཀྱི་དོན་ལས་ཉམས་སོ། །«རྩོང་ཁ་པ་་་་་་»ཁ་ཅིག་ན་རེ། འདིར་བྱང་ཆུབ་སེམས་དཔས་སྤྱིར་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དང༌། བྱེ་བྲག་སྐྱེ་བ་ལེན་པའི་རྒྱུར་དགོས་ནས་མི་སྤོང་བ་གཉིས་ཀ་མི་འཐད་དེ། དེ་སྤང་བྱ་མ་ཡིན་ན་ཉོན་མོངས་ཡིན་པར་འགལ། སྤང་བྱ་ཡིན་ཡང་ལམ་ཤེས་ཀྱིས་མི་སྤོང་ན། གཉེན་པོ་གཞན་ཡང་མེད་པའི་ཕྱིར། སངས་རྒྱས་ཀྱི་ས་ན་ཡོད་པར་འགྱུར་ལ། སྐྱེ་བ་ལེན་པའི་རྒྱུར་ཡང་ཉོན་མོངས་མཚན་ཉིད་པ་དགོས་ན། ལས་ཉོན་གྱིས་སྐྱེ་བར་ཐལ་བའི་རིགས་པ་དང༌། བློ་གྲོས་རྒྱ་མཚོའི་མདོ་དང༌། དཔལ་འཕྲེང་གི་མདོ་གཉིས་ལས་སྐྱེ་བ་ལེན་པའི་རྒྱུ་ལ་དེ་མཚན་ཉིད་པ་མི་དགོས་པར་བཤད་པ་དང་འགལ་བའི་ཕྱིར་རོ། །དེས་ན་འདིའི་དགོངས་པ་ནི། ཉན་ཐོས་ཀྱིས་ནི་ཉོན་མོངས་པའི་འབྲས་བུ་སྲིད་པ་ལ་སྐྲག་ནས་དེ་འདོར་ལ། བྱང་སེམས་ཀྱིས་ནི་དེ་མི་འདོར་བར་དེར་སྐྱེ་བ་དོན་དུ་གཉེར་ནས་འབྲས་བུ་སྲིད་པ་མི་སྤོང་བ་ལ་རྒྱུ་ཉོན་མོངས་མི་སྤོང་བའི་མིང་གིས་བཏགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མ་རིག་པའི་བག་ལ་ཉལ་མ་ལུས་པར་སྤངས་ནས། འདོད་སྲིད་ཀྱི་བག་ལ་ཉལ་མ་ལུས་པ་མ་སྤངས་པར་འགལ་ཏེ། རྒྱུ་ལོག་ན་འབྲས་བུ་ལོག་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་རིགས་པ་མ་ཡིན་ཏེ། བྱང་སེམས་འཕགས་པས་རྒྱུ་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤངས་ན། འབྲས་བུ་སྲིད་པ་མི་སྤོང་བར་འགལ་བའི་ཕྱིར་དང༌། འབྲས་བུ་སྲིད་པ་དོན་དུ་གཉེར་ན། དེའི་རྒྱུ་དོན་དུ་གཉེར་དགོས་པའི་ཕྱིར་རོ། །ཇོ་བོ་ཨ་ཏུ་ལ་དྷ་ཤ་ན་རེ། ཉོན་མོངས་པ་ལ་སྡུག་བསྔལ་བསྐྱེད་པ་དང༌། གཉེན་པོ་སྐྱེ་བའི་གེགས་བྱེད་པ་དང༌། སྲིད་པར་སྐྱེ་བ་ལེན་པ་དང༌། རིགས་འདྲ་ཕྱི་མ་བསྐྱེད་པའི་ནུས་པ་སྟེ་བཞི་ཡོད་པ་ལས། དང་པོ་གཉིས་བྱང་ཆུབ་སེམས་དཔས་སྤོང་ཞིང༌། ཕྱི་མ་གཉིས་མི་སྤོང་བ་ཡིན་ནོ་ཞེས་ཟེར་བ་ལ། ཨར་བྱང་ཆུབ་ཡེ་ཤེས་ན་རེ། ཉན་ཐོས་ཀྱི་གཉིས་པོ་དེ་གང་གིས་སྤོང༌། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པས་སོ་ཞེ་ན། འོ་ན་བྱང་སེམས་ཀྱིས་ཀྱང་དེ་སྤོང་དགོས་ཏེ། དེས་བདག་མེད་གཉིས་ཀ་རྟོགས་པས་སོ་ཞེས་གསུངས་པ་ཉིད་ལེགས་པ་ཡིན་ནོ། །གཉིས་པ་རང་གི་ལུགས་ལ། མི་སྤོང་བའི་རྒྱུ་མཚན་དང༌། དེའི་ངོ་བོ་དང་སྐྱེ་བ་ལེན་པའི་རྒྱུ་སོ་སོར་ཕྱེ་ནས་ངོས་བཟུང་བའོ། །དང་པོ་ནི། བྱང་ཆུབ་དཔས་ཉོན་མོངས་པ་ཆེད་དུ་གཉེར་ནས་ལམ་གྱི་གནས་སྐབས་རྣམ་པ་ཐམས་ཅད་དུ་སྤོང་བ་མིན་ཏེ། དེ་སྤངས་པའི་མྱང་འདས་དོན་དུ་མི་གཉེར་བའི་ཕྱིར་ཏེ། འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བྱེད་པར་ཞུགས་པའི་ཕྱིར། དེའི་ཕྱིར་ཉན་ཐོས་ཀྱི་ལམ་གྱི་རང་བཞིན་ལས་དེའི་ལམ་གྱི་རང་བཞིན་ཁྱད་པར་དུ་འཕགས་པར་གྲུབ་བོ། །ཞེས་བྱ་བའི་དོན་ཡིན་ཏེ། ཉི་སྣང་དུ། ཡུལ་ངེས་པ་དང༌། རང་བཞིན་དང༌། བྱེད་ལས་གསུམ་གྱི་བྱང་སེམས་ཀྱི་ལམ་གྱི་རྒྱུ་དང༌། ངོ་བོ་དང་འབྲས་བུ་གསུམ་ཉན་ཐོས་ཀྱི་དེ་གསུམ་ལས་ཁྱད་པར་དུ་འཕགས་པ་བཤད་པ་ཡིན་པས་སོ། །དེར་དེ་ཆེད་དུ་གཉེར་ནས་མི་སྤོང་ཡང་དེས་དེ་མ་སྤངས་དགོས་པ་ནི་མིན་ཏེ། ས་དང་པོར་ཉན་རང་གི་སྤངས་པ་རྫོགས་པའི་ཕྱིར་རོ། །དེ་ལྟར་ན་ཉན་ཐོས་ཀྱི་སློབ་ལམ་དུ། ཉོན་མོངས་ཀྱི་གཉེན་པོ་ཆེད་དུ་གཉེར་ནས་བསྒོམ། བྱང་སེམས་ཀྱི་སློབ་ལམ་དུ་ཉོན་སྒྲིབ་ཀྱི་གཉེན་པོར་ལམ་ཆེད་དུ་གཉེར་ནས་མི་བསྒོམ་པའི་རྒྱུ་མཚན་གྱིས། དེའི་ལམ་གྱི་རང་བཞིན་ཁྱད་པར་དུ་འཕགས་པ་སྟོན་པ་ཡིན་གྱི། ཉོན་མོངས་པ་ཅིག་ངོས་བཟུང་ནས་དེ་གཅིག་གིས་སྐྱེ་བ་ལེན་པའི་རྒྱུར་མི་དགོས་པས་སྤོང་ལ། ཅིག་ཤོས་ཀྱིས་དེར་དགོས་པས་མི་སྤོང་བའི་རྒྱུ་མཚན་གྱིས། ལམ་གཉིས་ཀྱི་ཁྱད་པར་སྟོན་པ་མ་ཡིན་ནོ། །འོ་ན་སྲིད་པར་སྐྱེ་བ་ལེན་པ་དེ། ལམ་ཤེས་ཀྱི་རང་བཞིན་ཡིན་ན། དེ་དེར་སྐྱེ་བ་ལེན་པའི་རྒྱུ་གང་ཞེ་ན། འདི་ལ་མདོ་ལས་གསུངས་ཚུལ་དང༌། བསྟན་བཅོས་མཁན་པོའི་དགོངས་པ་དཔྱད་པའོ། །དང་པོ་ནི་སྙིང་རྗེ་དང་སྨོན་ལམ་ལ་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པའི་མིང་གིས་བཏགས་ནས། དེ་དེའི་རྒྱུར་འཆད་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོའི་དགོངས་པ་དང༌། མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དཔལ་འཕྲེང་གི་མདོའི་དགོངས་པ་གཉིས་ལས། གཉིས་ཀ་ཡང་ཁས་བླངས་པས་ཆོག་ཅིང༌། འགལ་བ་མིན་ཏེ། རྒྱུད་བླ་མའི་འགྲེལ་པར་མདོ་གཉིས་ཀ་དྲངས་ནས། མདོ་དང་པོའི་དགོངས་པ་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པའི་བྱང་སེམས་ཀྱི་ཐད་དུ་སྦྱར་ཞིང༌། མདོ་གཉིས་པའི་དགོངས་པ་དབང་ཐོབ་པའི་བྱང་སེམས་ལ་སྦྱར་ནས་བཤད་པའི་ཕྱིར་དང༌། རིགས་པས་ཀྱང་མི་འགལ་བར་གྲུབ་སྟེ། སྙིང་རྗེ་དང་སྨོན་ལམ་གྱིས་རྒྱུའི་ཀུན་སློང་བྱས། འདོད་སྲིད་ཀྱི་བག་ལ་ཉལ་གྱིས་དུས་ཀྱི་ཀུན་སློང་བྱས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་གྲུབ་པ་ཡིན་ནོ། །གཉིས་པ་ནི་མངོན་པ་ཀུན་ལས་བཏུས་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་གཞུང་དུ། ས་ཐོབ་ནས་ཉོན་མོངས་མཚན་ཉིད་པ་ཡོད་པར་བཤད་པའི་ལུགས་དང༌། འཕགས་པ་གྲོལ་སྡེའི་བསྟན་འཆོས་སུ་དེར་དེ་མེད་པའི་ལུགས་གཉིས་འབྱུང་ལ། ལུགས་དང་པོ་དེ་ལ་ཡང་ཉོན་མོངས་མཚན་ཉིད་པས་བྱང་སེམས་འཕགས་པ་རྣམས་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་པར་བཤད་པ་མིན་ཏེ། ས་ཐོབ་ནས་ཡང་སྲིད་འཕེན་བྱེད་ཀྱི་ལས་གསར་པ་སོག་པ་ནི་མེད་ཅིང༌། ཉོན་མོངས་མཚན་ཉིད་པས་དེ་འགྲུབ་བྱེད་ཀྱི་ལས་བསོག་པ་ཡང་མེད་པའི་ཕྱིར། དང་པོ་ནི། ཇི་སྐད་དུ། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་སོ། །གཉིས་པ་ནི། དེར་ཡིད་ཤེས་འཁོར་གྱི་སྲེད་ལེན་གྱིས་ཀྱང་དེ་མི་བསོག ཉོན་ཡིད་འཁོར་གྱི་འདོད་ཆགས་ཀྱིས་ཀྱང་དེ་མི་བསོག་པའི་ཕྱིར། དང་པོ་ནི། དེར་ཡིད་ཤེས་འདས་ལམ་གྱིས་ངོ་བོར་སྐྱེས་པས་ཡིན་ལ། གཉིས་པའི་ཤེས་བྱེད་ནི། ཉོན་ཡིད་འཁོར་བཅས་ཁ་ནང་ཁོ་ནར་བལྟས་པས། ཡང་སྲིད་འགྲུབ་བྱེད་ཀྱི་ལས་ཀྱི་ཀུན་སློང་དུ་འགྲོ་བ་མི་སྲིད་པའི་ཕྱིར། དེ་ལ་དགོངས་ནས། མངོན་པ་ཀུན་ལས་བཏུས་སུ། བྱང་སེམས་འཕགས་པས་ཉོན་མོངས་མ་སྤངས་ཀྱང༌། དེའི་ཉེས་པ་མི་བསྐྱེད་པ་སྔགས་དང་སྨན་གྱིས་བསད་པའི་དུག་དང་མཚུངས་པར་བཤད་དོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། བྱང་སེམས་འཕགས་པ་རྣམས་སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པ་ལ་ཡང༌། འདོད་སྲིད་ཀྱི་བག་ལ་ཉལ་འགྲུབ་བྱེད་ཀྱི་རྒྱུར་དགོས་པ་ཡིན་ནོ། །ཞེས་བྱ་བ་ནི་འཕགས་པ་གྲོལ་སྡེའི་བཞེད་པའོ། །མདོར་བསྡུ་ན། ཆེད་དུ་གཉེར་ནས་སྤངས་པ་དང༌། སྤོང་བ་མ་ཡིན་པ་ནི་ཉོན་མོངས་མཚན་ཉིད་པ་ལ་བྱ་ལ། དེའི་ཤེས་བྱེད་དུ། དེ་ཙམ་ཞིག་སྤངས་པའི་བྱེད་པ་དོན་དུ་མི་གཉེར་བ་བཀོད་ནས། དེའི་ཡང་སྒྲུབ་བྱེད་དུ། གཞན་དོན་དུ་འཁོར་བ་ཇི་སྲིད་པར་སྐྱེ་བ་དོན་དུ་གཉེར་བ་བཀོད། དེའི་ཡང་ཤེས་བྱེད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཀོད་པ་ཡིན་པས། ད་བཟོད་སྐྱེ་བ་ལེན་པའི་རྒྱུ་གང་ཡིན་ཞེས་དཔྱོད་པར་གྲུབ་བོ། །གསུམ་པ་ནི། དར་ཊཱིཀ་མཛད་པ་ན་རེ། ཉི་སྣང་གི་ལུང་དེའི་དོན། འདོད་སྲིད་ཀྱི་ཟག་པ་སྐྱེ་བ་ལེན་པའི་རྒྱུར་སྟོན་པ་མ་ཡིན་གྱི། སྙིང་རྗེ་དང་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་ནས། གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་ངེས་པར་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ལོག་ལྟ་སོགས་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་དགོས་པ་ཅུང་ཟད་ཀྱང་མེད་པས། མཐོང་སྤངས་ཀྱིས་བསྡུས་པ་རྣམས་ནི་དེར་ཟད་པར་སྤངས་པ་ཡིན་ནོ། །ཁ་ཅིག་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྐྱེ་བ་ལེན་པའི་རྒྱུ་བརྒྱད་བཤད་པ་རྣམས་ཉོན་མོངས་སུ་བཏགས་པ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། དེ་དག་ནི་ལམ་ཤེས་ཀྱི་ཐབས་ཀྱི་ཆ་ཡོངས་སུ་རྫོགས་པ་ཡིན་པས། དེ་བྱང་ཆུབ་སེམས་དཔས་ཆེད་དུ་གཉེར་ནས་སྤོང་ངམ་སྙམ་པའི་དོགས་པ་དཔྱད་མི་དགོས་པའི་ཕྱིར། འདིར་བཤད་པའི་ཉོན་མོངས་བཏགས་པ་བ་ཡིན་ན། ཉན་ཐོས་ཀྱི་ཆེད་དུ་གཏད་ནས་སྤང་བར་བྱ་བའི་ཉོན་མོངས་ཀྱང་བཏགས་པ་བར་འགྱུར་ཏེ། ཉོན་མོངས་ཆེད་དུ་གཏད་ནས་མ་སྤངས་པར། རང་གི་བྱང་ཆུབ་བསྒྲུབ་པར་བྱེད་པས་ཉན་ཐོས་ཀྱི་ལམ་ལས་རང་བཞིན་ཁྱད་པར་དུ་འཕགས་པ་སྟོན་པ་ཡིན་པའི་ཕྱིར་རོ། །དེས་ན་ཉོན་མོངས་པ་ནི། མཚན་ཉིད་པ་ཡིན་ཡང་སྐྱེ་བ་ལེན་པའི་རྒྱུར་དགོས་པ་མ་ཡིན་གྱི། ཉོན་མོངས་པའི་ཉེས་པ་མི་བསྐྱེད་པ་ཙམ་དུ་མ་ཟད། གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །ས་བདུན་པ་མན་ཆད་པས་ཀྱང༌། འབད་པས་བསྒྲུབ་ན་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་ལ་བརྟེན་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་ནུས་མོད་ཀྱི། ངམ་ངམ་ཤུགས་ཀྱིས་གྲུབ་པ་ནི། ཉན་རང་དགྲ་བཅོམ་པ་དང༌། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །དེ་མི་འཐད་པ་ལ་གསུམ་སྟེ། ཉོན་མོངས་མཚན་ཉིད་པ་བྱང་སེམས་འཕགས་པ་གཞན་དོན་བསྒྲུབ་པའི་གྲོགས་སུ་ངེས་པར་དགོས་པ་མི་འཐད། བློ་གྲོས་རྒྱ་མཚོའི་མདོའི་དགོངས་པ་ཉོན་མོངས་བཏགས་པ་བར་འཆད་པ་ལ་གནོད་བྱེད་བརྗོད་པ་རྣམས་མི་འཐད། ཉན་ཐོས་ཀྱིས་ཆེད་དུ་གཉེར་ནས་སྤོང་རྒྱུའི་ཉོན་མོངས་དང༌། བྱང་ཆུབ་སེམས་དཔས་དེ་ལྟར་མི་སྤོང་རྒྱུའི་ཉོན་མོངས་གཉིས་མཚན་གཞི་གཅིག་ཏུ་འཛིན་པ་མི་འཐད་པའོ། །དང་པོ་ནི། དེ་ལྟར་འདོད་པ་མི་འཐད་དེ། དེ་ལྟར་འཆད་པའི་ལུང་མེད་ཅིང་རིགས་པ་དང་འགལ་བའི་ཕྱིར་རོ། །དང་པོ་ནི་མདོ་སྡེ་ས་བཅུ་པ་དང༌། དབུ་མ་ལ་འཇུག་པ་སོགས་སུ། ས་གཉིས་པ་ནས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བར་བཤད་པ་ཡིན་གྱི། འདོད་ཆགས་མཚན་ཉིད་པས་ཀུན་སློང་བྱས་པ་ལས་བྱུང་བའི་མི་དགེ་བ་གཞན་དོན་གྱི་ཡན་ལག་ཏུ་དགོས་པའི་བཤད་པ་མེད་པའི་ཕྱིར་དང༌། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་བླངས་པའི་ལས་ཡིན་ན། ཕལ་ཆེར་མི་དགེ་བ་ཡིན་དགོས་ཤིང༌། ཇི་ལྟར་མཐོ་ཡང་དཀར་ནག་འདྲེས་མའི་ལས་ལས་མ་འདས་པས། གཞན་དོན་བསྒྲུབ་པའི་གྲོགས་སུ་དགོས་པ་ལྟ་ཞོག དེའི་ཡན་ལག་མ་ཡིན་དགོས་པའི་ཕྱིར། གཉིས་པ་ནི། དེའི་ཡན་ལག་ཏུ་དགོས་ན། སྙིང་རྗེ་དང་སྨོན་ལམ་དང༌། བྱང་ཆུབ་སེམས་དཔའི་རླབས་པོ་ཆེའི་སྤྱོད་པ་རྣམས་ཁོ་ནས་བསྒྲུབ་པར་མ་ནུས་པའི་གཞན་དོན་ཉོན་མོངས་པས་ངེས་པར་བསྒྲུབ་དགོས་པའི་དེའི་མཚན་གཞི་གང་ཡིན། ཉོན་མོངས་པ་རང་གི་ངོ་བོ་ནས་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནམ། དེས་ཀུན་སློང་བྱས་པའི་ལས་ཤིག་དེར་འགྱུར་བ་ཡིན་ཞེས་བརྟགས་ན་འཇིག་པ་ཡིན་ཏེ། དོན་གྱི་ངོ་བོ་ནི། དགེ་བ་མ་ཡིན་པའི་ཕྱིར་དང༌། དེས་ཀུན་ནས་བླངས་པའི་ལས་རྣམས་ཀྱང་གཅིག་དུ་དཀར་བའི་ལས་མ་ཡིན་པའི་ཕྱིར། འོ་ན་གཞན་དོན་དུ་ལྟུང་བའི་གཟུགས་བརྙན་སྤྱོད་དགོས་པར་བཤད་པ་མིན་ནམ་ཞེ་ན། དེ་ནི་བྱང་སེམས་སོ་སྐྱེའི་དབང་དུ་བྱས་པ་ཡིན་གྱི། བྱང་སེམས་འཕགས་པ་ལ་མིན་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་བས་ཉན་ཐོས་ལ་གྲགས་པའི་འཆལ་ཚུལ་འབྱུང་བ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་ཕྱོགས་སྔ་མ་ལོན་པའི་ཉེས་པ་དང༌། དམ་བཅའ་མི་འཐད་པ་དང༌། འགོག་བྱེད་ཀྱི་རིགས་པ་མི་འཐད་པའོ། །དང་པོ་ནི། མདོ་དེར་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བརྒྱད་བཤད་པ་མ་ཡིན་གྱི། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ལ་བརྒྱད་དུ་ཕྱེ་ནས་བརྒྱད་པོ་དེའི་ནང་ཚན་གཅིག་ལ། སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཞེས་པའི་མིང་གིས་བསྟན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་ཉིད་ལས། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། བསོད་ནམས་ཀྱི་ཚོགས་ཡོངས་སུ་འཚོལ་བས་མི་ངོམས་པ་དང༌། བསམ་བཞིན་དུ་སྲིད་པར་སྐྱེ་བ་འཛིན་པ་དང༌། སངས་རྒྱས་དང་ཕྲད་པ་དོན་དུ་གཉེར་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་མི་སྐྱོ་བ་དང༌། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང༌། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང༌། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང༌། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྦྱོར་བ་རྣམས་མི་འདོར་བ་སྟེ། ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་དེར་བཤད་པའི་ཉོན་མོངས་ཀྱི་མིང་ཅན་རྣམས་ཉོན་མོངས་བཏགས་པ་བ་ཡིན་པར་འགོག་པར་མཛད་ན། དེ་མཚན་ཉིད་པར་ཁས་ལེན་དགོས་པ་ལས་འོས་མེད་པས། ཆོས་མངོན་པ་དང་འགལ་བ་དང༌། མདོ་དེ་ཉིད་དང་འགལ་བའོ། །དང་པོ་ནི། དགེ་བའི་རྩ་བ་དང་མཚུངས་ལྡན་དུ་བྱུང་ན་ཉོན་མོངས་མཚན་ཉིད་པ་ཡིན་པར་འགལ་ཏེ། ཉོན་མོངས་མཚན་ཉིད་པ་ཡིན་ན་མི་དགེ་བ་དང་སྒྲིབ་ལུང་མ་བསྟན་གང་རུང་དུ་ངེས་པ་ནི་ཆོས་དེའི་གྲུབ་པའི་མཐའ་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་བྱང་སེམས་འཕགས་པ་ཉོན་མོངས་པའི་དབང་གིས་སྐྱེ་བ་ཡིན་པར་ཐལ། མདོ་དེ་ལས། ཇི་སྐད་དུ། བློ་གྲོས་རྒྱ་མཚོ་དེ་ལྟ་བུའི་རང་བཞིན་གྱིས་ཉོན་མོངས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་ལ། ཁམས་གསུམ་པོ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །ཞེས་བཤད་པ་གང་ཞིག དེ་ཉོན་མོངས་མཚན་ཉིད་པར་ཁས་བླངས་པའི་ཕྱིར། གཞན་ཡང་དེ་ནས་བསྟན་པའི་ཉོན་མོངས་ཀྱི་མིང་ཅན་དེ་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་ཡིན་པར་འགྱུར་ལ། དེ་འདོད་ན། ཇི་སྲིད་ཁམས་གསུམ་པར་ཀུན་ཏུ་སྦྱོར་བས་ཡིན་གྱི། སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་མདོ་དེའི་དགོངས་པ་ནི། བྱང་སེམས་འཕགས་པ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་སྙིང་རྗེ་དང་སྨོན་ལམ་ཆོས་ཅན། ཉོན་མོངས་པའི་མིང་གིས་འདོགས་སུ་རུང་སྟེ། དེའི་ཆོས་གསུམ་ཚང་བའི་ཕྱིར། རྒྱུ་མཚན་ནི་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་པས་ཉོན་མོངས་པ་དང་བྱེད་ལས་འདྲ་བ་ཡིན་ལ། བཏགས་པའི་དགོས་པ་ནི་ཉོན་སྒྲིབ་སྤངས་པའི་བྱང་སེམས་འཕགས་པ་རྣམས་ལ་ཡང་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཡོད་དོ་ཞེས་ཤེས་པར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར་དང༌། གནོད་བྱེད་ནི། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པ་མ་ཡིན་པའི་ཕྱིར། ཞེས་པ་སྟེ། མདོ་ཉིད་ལ་བལྟས་པས་ཤེས་སོ། །གསུམ་པ་སྒྲུབ་བྱེད་མི་འཐད་པ་ནི། མདོ་དེ་ལས་གསུངས་པའི་ཉོན་མོངས་ཀྱི་མིང་ཅན་བརྒྱད་པོ་རྣམས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་སྐབས་འདིའི་ལམ་ཤེས་ཀྱི་རང་བཞིན་དུ་འཆད་པ་སུ་ཡང་མི་སྣང་བའི་ཕྱིར་རོ། །གསུམ་པ་ནི། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་འཕགས་པ་རྣམས་ཀྱི་ལམ་ཤེས་ཆོས་ཅན། ཉོན་མོངས་མཚན་ཉིད་པ་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་ངེས་པར་དགོས་པའི་ལམ་ཤེས་ཡིན་པར་ཐལ། རྒྱུ་ལམ་ཤེས་ཡིན་པའི་ཕྱིར། ཞེས་འཕངས་ན་བཟློག་པར་མི་ནུས་སོ། །གལ་ཏེ་ངེས་པ་དེ་ཡོད་པ་མ་ཡིན་ཏེ། ཉོན་མོངས་མཚན་ཉིད་པ་ཡན་ལག་ཏུ་དགོས་པ་དེ། དམན་ལམ་སྔོན་དུ་མ་སོང་བའི་རྒྱུ་ལམ་ཤེས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདིའི་དངོས་བསྟན་གྱི་རང་བཞིན་ཅན་གྱི་ལམ་ཤེས་དེའི་མཚན་གཞི་དམན་ལམ་སྔོན་དུ་སོང་བའི་དབང་དུ་བྱས་པར་མདོ་དང་རྩ་འགྲེལ་གཉིས་ཀྱི་འཕྲོས་ལས་ཤིན་ཏུ་གསལ་བར་གོང་དུ་བཤད་ཟིན་པས་སོ། །འདིར་སྨྲས་པ། བདག་བསྟོད་གཞན་ལ་སྨོད་པའི་ལྕེ་བརྒྱ་ཡིས། །དད་པའི་རྗེས་འབྲངས་མགུ་མཁས་མང་མོད་ཀྱང༌། །གཞན་གྱིས་མ་བཤད་ལེགས་པར་འཆད་ཤེས་པས། །ཆོས་ཀྱི་རྗེས་འབྲངས་འདུན་དེ་མཁས་པར་བསྟན། །ཨེ་མ་དད་པའི་རྗེས་འབྲང་མགུ་བྱའི་ཕྱིར། །སྨྲ་མཁས་ངག་གི་རོལ་མོ་མཁན་དེ་དག །རྒྱལ་བའི་བཀའ་དང་ཚད་ལྡན་གཞུང་ལུགས་ལས། །ཡིད་ཆེས་རྙེད་དམ་རང་གི་བློས་རྟོགས་ཤིག།  །།གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ་གསུམ་ལས། དང་པོ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ་གཉིས་ཏེ། ཤེས་བྱའི་ལམ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་ལོ། །དང་པོ་ལ་དངོས་དང༌། མདོ་ལས་ཇི་ལྟར་བསྟན་པའི་ཚུལ་ལོ། །དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཤིག་ཡིན་ལ། དེ་ལ་ཉན་ཐོས་ཀྱི་དང༌། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་དབྱེ་བས་གཉིས་ཡོད་ལ། དང་པོ་ལ་ལམ་ལྔའི་དབྱེ་བས་ལྔར་འགྱུར་ཞིང༌། གཉིས་པ་ལ་སྦྱོར་མཐོང་གཉིས་ཡོད་ཀྱི། སྒོམ་པའི་ལམ་ནི་ཡོད་པ་མིན་ཏེ། མི་རྟག་ལ་སོགས་གང་ཟག་གི་བདག་མེད་པའི་རྣམ་པ་མངོན་སུམ་དུ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་མི་སྲིད་པའི་ཕྱིར། དོན་དེ་ལ་དགོངས་ནས། གཞུང་དུ་ཤེས་པར་བྱ་བའི་ཉན་རང་གི་ལམ་གཉིས་ལས། སྒོམ་ལམ་ལོགས་སུ་མ་གསུངས་ཤིང༌། འཕགས་སེང་གིས་སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་གསུངས་པ་ཡང་དོན་འདི་ཉིད་དོ། །དེ་ལྟ་ན་ཡང༌། ཞིབ་མོར་ཕྱེ་ན། བྱང་སེམས་སྒོམ་ལམ་པའི་རྒྱུད་ལ་གང་ཟག་གི་བདག་མེད་གོམས་པར་བྱེད་པའི་བར་ཆད་མེད་པའི་ལམ་དང༌། སྒོམ་པའི་ལམ་མི་སྲིད་པ་ལ་བསམ་ནས་དེ་སྐད་ཅེས། སངས་རྒྱས་ཡེ་ཤེས་ཞབས་དང༌། རྣམ་བཤད་སོགས་ལས་བཤད་པ་ཡིན་ལ། བྱང་སེམས་སྒོམ་ལམ་པའི་རྒྱུད་ལ་མི་རྟག་ལ་སོགས་མངོན་སུམ་དུ་རྟོགས་པའི་ལམ་ཡོད་ལ། དེ་ཉིད་ཀྱང་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་པ་ལས་འོས་གཞན་མེད་དེ། བྱང་སེམས་སྒོམ་ལམ་པས་ཤེས་པར་བྱ་བའི་ཉོན་ཐོས་ཀྱི་ལམ་རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་དགོས་པའི་ཕྱིར། དེ་ལྟ་མོད་ཀྱི་དེ་འདྲ་དེ་ལ་ཐེག་པ་ཆེན་པོའི་སྒོམ་ལམ་གྱི་མཚན་ཉིད་རང་ལྡོག་ནས་ཚང་མ་ཚང་རྣམ་པར་བརྟགས་དགོས་པ་ཡིན་ནོ། །དེ་ལྟར་བརྟགས་པའི་ཚེ་ན་ལུགས་གཉིས་ལས། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་ལམ་གང་ཡིན་ཐེག་པ་ཆེན་པོའི་སྒོམ་ལམ་དུ་འཆད་པའི་ལུགས་དང༌། མི་འཆད་པའི་ལུགས་གཉིས་ལས་གང་བདེ་དཔྱད་པར་བྱའོ། །ཐེག་ཆེན་གྱི་མཐོང་ལམ་ལ་དཔྱད་མི་དགོས་ཏེ། དེར་རྟོགས་རིགས་གསུམ་ཀ་ཚང་དགོས་པར་བཤད་པས་སོ། །འོ་ན་འདི་ཉན་ཐོས་ཀྱི་ལམ་མཚན་ཉིད་པ་ཡིན་ནམ་ཞེ་ན། མིན་ཏེ། བགྲོད་བྱེད་དང་བགྲོད་བྱའི་ལམ་གང་དུ་ཡང་མི་རུང་བའི་ཕྱིར། ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ནི་ཡིན་ཏེ། དེ་ཤེས་པས་དེའི་ལམ་ཤེས་པར་འཇོག་ཅིང༌། དེའི་རྟོགས་རིགས་མ་ལུས་པ་འདིར་ཚང་བའི་ཕྱིར། དེ་ཡིན་ན་སྤྱིར་དེ་ཡིན་པར་འགལ་ལོ་སྙམ་དུ་བསམ་པར་མི་བྱ་སྟེ། བསྒོམ་བྱ་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་ན། སྤྱིར་རྣམ་མཁྱེན་གྱི་ཤེས་རྣམ་ཡིན་མི་དགོས་པ་བཞིན་ནོ། །གཉིས་པ་ནི། མདོ་ལས་ཤེས་པར་བྱ་བའི་དམན་པའི་ལམ་གཉིས་པོ་དངོས་སུ་བསྟན་ནས། དེའི་ཡུལ་ཅན་ལམ་ཤེས་གཉིས་མཚོན་པའི་ཚུལ་གྱིས་བསྟན་ནོ། །ཞེས་འཆད་དགོས་པ་ཡིན་ཏེ། རྩ་བར་མཚན་ཉིད་ཅེས་དང༌། འགྲེལ་པར་འདིས་མངོན་པར་མཚོན་པའི་གནས་ཉིད་ཡིན་པས་ཞེས་གསུངས་པའི་ཕྱིར་དང༌། འཆད་པ་པོ་རྣམས་ཀྱང་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་ཞེས་བཤད་པ་དེ། མདོའི་བསྟན་ཚུལ་ལ་བསམ་ནས་དེ་སྐད་ཅེས། ཟེར་བ་ཡིན་ཏེ། བསྟན་འཆོས་སུ་ནི་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་པའི་ཕྱིར་རོ། །འོ་ན་མདོ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་གཟུགས་མི་རྟག་པར་ཡིད་ལ་བྱའོ། །ཞེས་སོགས་ཤེས་བྱའི་ལམ་འཆད་པའི་སྐབས་དེར། རྟེན་བྱང་ཆུབ་སེམས་དཔའ་དང༌། སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང༌། དངོས་གཞི་མི་དམིགས་པར་རྟོགས་པའི་ཤེས་རབ་དང༌། རྗེས་བསྔོ་བས་ཟིན་པར་ཡང་ལམ་བདེན་གྱི་མདོར་བཤད་པས། ཇི་ལྟར་ན་ཡུལ་ཅན་ལམ་ཤེས་ལ་མི་འཆད་པར་ཡུལ་དམན་པའི་ལམ་གྱི་དབང་དུ་བྱས་པར་འཆད་ཅེ་ན། སྐྱོན་མེད་དེ། དེ་བྱང་ཆུབ་སེམས་དཔས་རང་རྒྱུད་ལ་བསྐྱེད་ནས་ཤེས་ཚུལ་འཆད་པའི་དབང་དུ་བྱས་པ་ཡིན་པས་སོ། །དེ་ལྟ་ན་ཡང་ཁྱད་པར་འདི་ཡོད་དེ། མདོ་ལས་ནི་མ་རྟག་པ་དང་སྡུག་བསྔལ་བ་ཡིད་ལ་བྱའོ་ཞེས་དོན་རྣམས་གྱི་ཆ་ནས་བཤད་ལ། བསྟན་འཆོས་སུ་ནི་ཤེས་རྣམ་གྱི་ཆ་ནས་བཤད་དགོས་པ་ཡིན་ཏེ། ཡིད་ལ་བྱ་རྒྱུ་དེ་ཤེས་པར་བྱ་བའི་ལམ་དུ་སྦྱར་ནས་འཆད་དགོས་པའི་ཕྱིར་རོ། །གཉིས་པ་ལ། གཞུང་གིས་བསྟན་ཚུལ་དང༌། ངོ་བོ་ངོས་བཟུང་བ་དང༌། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི་ཇི་སྐད་དུ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་ཞེས་པའི་རྣམ་པས་ཤེས་པར་བྱ་བའི་ལམ་དེ་བསྟན། མི་དམིགས་སྒོ་ནས་ནི། ཤེས་པར་བྱ་ཞེས་པས། ཡུལ་ཅན་ལམ་ཤེས་དེ་བསྟན། ཉན་ཐོས་ལམ་འདི་ཞེས་པ། ལམ་དུ་ཤེས་པའི་དོན་ཏེ། འགྲེལ་པར་ཉན་ཐོས་ཀྱི་ལམ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པས། མདོར་ན་དེས་ཇི་ལྟར་ཤེས་པའི་ཚུལ་དེ་བསྟན་ནོ། །འོ་ན་མདོ་དང་བསྟན་འཆོས་གཉིས་སུ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་དུ་བཤད་པས། ཇི་ལྟ་ན་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དུ་འགྱུར་ཞེ་ན། དེ་ཡང་བྱང་སེམས་འཕགས་པའི་རྒྱུད་ལ་བསྐྱེད་པའི་ཚེ་བདག་མེད་གཉིས་ཀྱིས་རྣམ་པ་ཅན་གྱི་བློ་མི་འགལ་བའི་རྒྱུ་མཚན་གྱིས། དེ་གཉིས་རྣམ་གྲངས་ཀྱི་རྣམ་པར་སྦྱར་ནས་འཆད་པ་ཡིན་ལ། ཤེས་བྱའི་ལམ་དངོས་ངོས་འཛིན་པའི་ཚེ་ན། གང་ཟག་གི་བདག་མེད་རྟོགས་པའི་རང་ལྡོག་ནས་ངོས་བཟུང་བར་བྱ་དགོས་པ་ཡིན་ཏེ། གཞན་དུ་ན་ལམ་གསུམ་གྱི་རྟོགས་རིགས་འཆོལ་བར་འགྱུར་བའི་ཕྱིར། དེ་བཞིན་དུ་རྒྱུ་ངེས་འབྱེད་ཆ་མཐུན་འཆད་པའི་སྐབས་སུ་ཡང༌། མདོ་དང་བསྟན་འཆོས་གཉིས་ཀ་ལས། ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་བཤད་ཀྱང༌། རྟེན་གྱི་གང་ཟག་བྱང་ཆུབ་སེམས་དཔའི་རྒྱུད་ལ་བདག་མེད་གཉིས་པོའི་འཛིན་སྟངས་ཀྱི་བཟུང་བྱ་མི་འགལ་བའི་རྒྱུ་མཚན་ལས་ཡིན་གྱི། འདིར་དངོས་བསྟན་གྱི་ངེས་ཆ་ངོས་འཛིན་པའི་ཚེ། གང་ཟག་གི་བདག་མེད་ཀྱི་རྟོགས་རིགས་ཀྱི་ཆ་ནས་ངོས་འཛིན་དགོས་པ་ཡིན་ཏེ། གཞན་དུ་ན། སྐབས་གཉིས་པར་བསྟན་པའི་ངེས་ཆ་གཉིས་དང༌། འགྲེལ་ཆེན་དུ། སྐབས་དང་པོར་ཁ་འཕངས་པའི་ངེས་ཆ་གསུམ་གྱི་ཁྱད་པར་འབྱེད་མི་ཤེས་པའི་ཕྱིར་རོ། །གཉིས་པ་ནི་བྱང་སེམས་ཀྱིས་དམན་པའི་ལམ་གཉིས་ཀྱང་རང་རྒྱུད་ལ་བསྐྱེད་ནས་ཤེས་དགོས་ཏེ། དེ་མ་བསྐྱེད་ན་གཞན་རྗེས་སུ་འཛིན་མི་ནུས་པའི་ཕྱིར་རོ། །གནས་སྐབས་གང་དུ་བསྐྱེད་ཅེ་ན། མཐོང་ལམ་ནས་བསྐྱེད་པ་ཡིན་ཏེ། ཇི་སྐད་དུ། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་དེར་རྟོགས་རིགས་གསུམ་ཆར་ཚང་བར་བཤད་པས་སོ། །ལོ་ཙཱ་བ་ཆེན་པོ་ནི། ས་བདུན་པ་མན་ཆད་དུ་ནི་དེ་བསྐྱེད་པ་མ་ཡིན་ཏེ། བསྐྱེད་འདོད་ཀྱང་མི་ནུས་པའི་ཕྱིར་དང༌། ནུས་སུ་ཆུག་ཀྱང་མི་རིགས་པའི་ཕྱིར་རོ། །དང་པོ་ནི། མདོ་ལས། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་སྤོང་བ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་བཟོད་པ་དེའི་ཁྱད་པར་ཅན་དུ་བཤད་ལ། ས་བདུན་པ་མན་ཆད་ན་བཟོད་པ་དེ་མེད་པའི་ཕྱིར། ཇི་ལྟར་བསྐྱེད་ནུས། གཉིས་པ་ནི། ས་བདུན་པ་མན་ཆད་དུ་ཉན་ཐོས་ཀྱི་ལམ་མཚན་ཉིད་པ་བསྐྱེད་ན། ཉོན་མོངས་ཆེད་དུ་གཉེར་ནས་སྤོང་དགོས་པས་ཞི་བའི་མཐར་ལྟུང་བས་སོ། །ས་བརྒྱད་པར་ནི། ངར་འཛིན་ཟད་ཅིང་མི་རྟོག་ཡེ་ཤེས་ལ་དབང་ཐོབ་པས། དེར་ལྟུང་བའི་དོགས་པ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །རང་རྒྱུད་ལ་བསྐྱེད་པ་རྣམས་ནི་རང་རིག་པའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་ལ། གཞན་རྒྱུད་ལ་ཡོད་པ་རྣམས་ནི། རྟོགས་པའི་ཆོས་ཀྱི་སྤྱན་ལས་གཞན་རིག་གི་ཚུལ་གྱིས་ཤེས་པར་བྱ་དགོས་པ་ཡིན་ནོ། །འདི་ལ་ཡང་ཐ་སྙད་ཟོར་ཡང་བའི་ཕྱིར་དུ། གཞན་རིག་ཅེས་ཟེར་བ་ཡིན་གྱི། ལེགས་པར་དཔྱད་ན་རང་རིག་ལས་མ་འདས་པས། རྒྱུད་གཞན་གྲུབ་པར། གཞན་སེམས་ཤེས་པའི་མངོན་ཤེས་རང་རིག་ཏུ་བཤད་པ་དང་འདྲའོ། །དེའི་ཤེས་བྱེད་ཀྱང༌། ཤེས་པ་པོའི་རྒྱུད་ཀྱི་སེམས་ལ་གཞན་སེམས་ཀྱི་བཟུང་རྣམ་ཞིག་ཤར་བ་དེ་ཤེས་པ་ལ། དེ་ཤེས་པར་བཏགས་པ་ཡིན་པས་སོ། །ཤེས་ཚུལ་དེ་གཉིས་ཀ་ལ་ཡང་འཛིན་སྟངས་ནི་རང་བཞིན་མེད་པར་ཤེས་པའོ། །དེ་སྐད་དུ་ཡང༌། ལམ་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དང༌། ཞེས་གསུངས་སོ། །གསུམ་པ་ནི། དར་ཊཱིཀ་མཛད་པ་ན་རེ། འདིར་བཤད་པའི་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ལ། དེ་ཡང་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བསྒོམ་པ་ཡིན་ནོ། །ཞེས་འཆད་པ་ནི་འཐད་པ་མིན་ཏེ། ཤེས་པར་བྱ་བའི་ལམ་དང༌། ཡུལ་ཅན་ལམ་ཤེས་ཀྱི་ཁྱད་པར་མ་ཕྱེད་པས་ནོངས་པ་དང༌། སྐབས་གསུམ་པར་གཞི་ཤེས་བསྟན་པ་དང༌། ཁྱད་པར་མ་ཕྱེད་པས་ནོར་བ་དང༌། ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དུ་བྱང་ཆུབ་སེམས་དཔའ་དེ་འདྲའི་རྟོགས་རིགས་དེ་བསྒོམ་པར་འདོད་ན། སྐབས་གསུམ་པར་སྒོམ་ལམ་མི་སྟོན་པའི་རྒྱུ་མཚན་གསུངས་པ་དང་འགལ་བ་དང༌། ཤེས་བྱའི་ལམ་དང་དེའི་ཡུལ་ཅན་གཉིས་སུ་ཕྱེ་བའི་སྒོ་ནས། དེ་ཇི་ལྟར་ཤེས་པའི་ཤེས་ཚུལ་གྱི་སྒོ་ནས་ལམ་ཤེས་སུ་མི་འཇོག་ན། རྣམ་མཁྱེན་དང༌། གཞི་ཤེས་གཉིས་ལ་ཡང་དེ་ལྟར་དུ་མཚུངས་པས། ཡུལ་རྣམ་པ་དེ་ཉིད། ཡུལ་ཅན་རྣམ་མཁྱེན་དུ་ཐལ་བ་དང༌། ཡུལ་གཞི་དེ་ཉིད་གཞི་ཤེས་སུ་འཇོག་དགོས་པར་མཚུངས་སོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པ་ལ། དངོས་དང་རྒྱུ་ངེས་འབྱེད་ཆ་མཐུན་གཉིས་ཀྱི་སྒོ་ནས་ཤེས་བྱའི་ལམ་བཤད་པ་དང༌། དེ་ཇི་ལྟར་ཤེས་པའི་ཚུལ་བཤད་པའི་སྒོ་ནས་ཡུལ་ཅན་ལམ་ཤེས་མཚོན་པའོ། །དང་པོ་ལ་དངོས་དང་རྒྱུ་ངེས་འབྱེད་ཆ་མཐུན་གྱི་འཆད་ཚུལ་ནི། སྔ་མའི་རིགས་པས་ཤེས་པར་བྱ་དགོས་ཏེ། མདོ་དང་བསྟན་འཆོས་ཀྱི་སྒྲ་ཟིན་ལ་ཆོས་ཀྱི་བདག་མེད་པའི་རྣམ་པ་ཅན་དུ་གསལ་ཡང༌། གཟུང་བ་ཆོས་ཀྱི་བདག་མེད་པའི་རྟོགས་རིགས་ཀྱི་ཆ་ནས་འཆད་དགོས་པས་སོ། །དཔེར་ན་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་པའི་མདོར་འཛིན་པ་ཆོས་ཀྱི་བདག་མེད་གསལ་བར་བཤད་ཀྱང༌། གཟུང་བ་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིགས་ཀྱི་ཆ་ནས་འཆད་དགོས་པ་བཞིན་ནོ། །དང་པོ་ཤེས་པར་བྱ་བའི་ལམ་དངོས་ལ། འདིར་བཤད་པ་དང༌། མངོན་པ་ལས་འབྱུང་བ་གཉིས་སོ། །དང་པོ་ལ། ཁྱད་ཆོས་དང་ཁྱད་གཞི་གཉིས་ལས། དང་པོ་ནི། ཆོས་སྟོན་ཚུལ་དང༌། ལམ་བགྲོད་ཚུལ་གྱི་ཁྱད་པར་གཉིས་ཏེ། ཇི་སྐད་དུ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཅེས་པར་བཤད་པ་དེ་ཉིད་དོ། །དེ་ཙམ་ཞིག་མངོན་པ་དང་ཐུན་མོང་བ་ཡིན་ཀྱང༌། འདིར་ནི་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་ཆ་ནས་འཆད་དགོས་པ་ཡིན་ཏེ། ཁྱད་གཞི་རང་རྒྱལ་གྱི་ལམ་དེ་རྒྱུད་ལ་བསྐྱེད་ནས་ཤེས་པར་འཆད་པའི་སྐབས་ཡིན་པའི་ཕྱིར་དང༌། ཁྱད་གཞི་དེ་ལ་ཁྱད་པར་གྱི་ཆོས་དེ་དང་ལྡན་པར་ཡང་འགྲེལ་པ་ལས་གསལ་བའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ། རྟོགས་རིགས་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འགའ་ཞིག་སྲིད་པ་ཐ་མ་པའི་ཚེ། སློབ་དཔོན་གཞན་ལ་རག་མ་ལས་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པའི་ཚུལ་སྟོན་པ་དང༌། རང་བྱང་ཆུབ་ཀྱི་ཚུལ་སྟོན་པ་གཉིས་ཀ་ཡོད་ཅིང༌། དེ་འདྲ་དེས་རང་གི་གདུལ་བྱ་ལ་སྒྲ་མེད་དུ་ཆོས་སྟོན་པ་ཡང་ཡོད་པ་ནི། ཇི་སྐད་དུ། གང་གང་དོན་ནི་ཞེས་པའི་འགྲེལ་པ་ལས་གསལ་བ་དེ་ཉིད་དོ། །དེ་འདྲའི་བྱང་ཆུབ་སེམས་དཔའ་དེས་གཞན་ངོར་གཟུང་བ་ཆོས་ཀྱི་བདག་མེད་ཙམ་གཏན་ལ་ཕབ་ནས་ཉམས་སུ་བླངས་པས། བྱང་ཆུབ་སེམས་དཔའི་ཚུལ་སྟོན་པ་ཡིན་ལ། དེ་འདྲ་དེ་ལ་ནི། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཞེས་གསུངས་ཤིང༌། ཚད་མ་རིག་གཏེར་གྱི་འགྲེལ་པར། རང་རྒྱལ་ལ་སློབ་པ་ཡོད་པར་བཤད་པ་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་དགོངས་སོ། །ཞེས་གསུངས་པ་ཡང་འདི་ཉིད་དོ། །གཉིས་པ་ཁྱད་པར་དེ་དང་ལྡན་པའི་ལམ་དངོས་ནི། ཁྱད་པར་གསུམ་དང་ལྡན་པ་ཡིན་ཏེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱད་པར། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཁྱད་པར། རྟོགས་རིགས་དེ་གཉིས་ཀྱི་རྟེན་དུ་གྱུར་པའི་ཆོས་དབྱིངས་རིགས་ཀྱི་ཁྱད་པར་ཏེ་གསུམ་དང་ལྡན་པའི་ཕྱིར་རོ། །དེ་འདྲའི་ཁྱད་པར་གསུམ་ལྡན་གྱི་ལྟ་བ་དེ་རྣལ་འབྱོར་སྤྱོད་པའི་གཞུང་ལས་གསུངས་པའི་དབུ་མའི་ལྟ་བ་དེ་ཉིད་ཡིན་ཅིང༌། དེ་ཉིད་ལ་སེམས་ཙམ་རྣམ་བརྫུན་གྱི་ལྟ་བ་ཞེས་ཀྱང་བྱ་ལ། བྱམས་ཆོས་བར་པ་གསུམ་ནས་གསུངས་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་ཡང་འདི་ཉིད་ཡིན་གྱི། འདི་ལས་ལྷག་པ་གཞན་མ་གསུངས་སོ། །དོན་འདི་ལ་གཞན་དག་ན་རེ། འཛིན་པ་བདེན་སྨྲའི་རང་རྒྱལ་དང༌། །གཟུང་འཛིན་གཉིས་མེད་དོན་དམ་དུ། །འདོད་པའི་སེམས་ཙམ་གྲུབ་པའི་མཐའ། །མཚུངས་པར་ཤེས་པའི་མཁས་པ་མཚར། །ཞེས་འཆད་པ་ནི་གསལ་བྱེད་པའི་བཞད་གད་དེ། འདི་ལྟར། གཟུང་འཛིན་གཉིས་སྟོང་མ་རྟོགས་ན། །གཟུང་མེད་གང་རྟོགས་དེ་རྟོགས་ན། །གཟུང་འཛིན་གཉིས་མེད་དོན་དམ་དུ། །མི་འདོད་རང་རྒྱལ་དེ་གང་ཅི། །ཞེས་སྨྲས་པ་ཡིན་ནོ། །འདིར་འཛིན་མེད་མ་རྟོགས་པ་ཤེས་བྱའི་ལམ་གྱི་ཁྱད་པར་དུ་དགོས་ན། བྱང་སེམས་ཀྱི་རྒྱུད་ལ་ཇི་ལྟར་བསྐྱེད་ཅེ་ན། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོའི་ལྡོག་པའི་ཆར་འཇོག་པ་ལ། དེ་རྟོགས་མི་དགོས་པ་ཙམ་གྱི་ཆ་ནས་བཤད་པ་ཡིན་ཏེ། དཔེར་ན་རྣལ་འབྱོར་པ་བཞིའི་སྐབས་སུ་རྟེན་གྱི་གང་ཟག་དབུ་མ་པ་ཡིན་ཀྱང༌། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་ཞེས་བཤད་པ་ལྟར་རོ། །གཉིས་པ་མངོན་པ་ནས་འབྱུང་བ་ལ། མངོན་པ་གོང་མ་ནས་འབྱུང་བ་བཤད་པ་དང༌། འོག་མ་ནས་འབྱུང་བ་བཤད་པའོ། །དང་པོ་ནི། ས་སྡེ་ལས། རིགས་དང་ལམ་དང༌། ཡང་དག་པར་འགྲུབ་པ་དང༌། ཚོགས་བསོག་པ་དང༌། གནས་པ་དང་རྒྱུ་བ་དང༌། སྒྲ་བཤད་པ་དང་བདུན་གྱི་སྒོ་ནས་བཤད་དོ། །དང་པོ་ནི། ཉོན་མོངས་པ་དང་སྙིང་རྗེ་ཤས་ཆུང་བ་དང༌། དབང་པོ་རྣོ་ཞིང་ང་རྒྱལ་ཤས་ཆེ་ལ་གཅིག་པུ་ལ་དགའ་ཞིང་འགྲན་ཟླ་མེད་པར་འདོད་པའོ། །གཉིས་པ་ནི་གང་ཟག་དེས་ལམ་བགྲོད་ཚུལ་གྱི་རིམ་པ་གསུམ་ལས། དང་པོ་ནི། རིགས་དེ་ལ་གནས་ནས་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱས་པར་བྱས་ཏེ། དེ་ནས་རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱས་ནས། རང་གི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་པས་ཏེ། འདི་ནི་བསེ་རུ་ལྟ་བུའི་ལམ་མོ། །འདི་སྐྱེ་བ་ཕྱི་མ་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས། དྲོད་ནས་མི་སྐྱེ་ཤེས་པའི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱས་པའོ། །ལམ་གཉིས་པ་ནི། ཡང་རང་རྒྱལ་གྱི་རིགས་ཅན་ཁ་ཅིག་སྔ་མ་ལྟར་བྱས་ནས། ཚེ་དེ་ཉིད་ལ་སྦྱོར་ལམ་དང་པོ་གསུམ་བསྐྱེད་ནས། དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི་མངོན་དུ་བྱེད་མ་ནུས་པར། ཚེ་ཕྱི་མ་ལ་ངེས་ཆ་ལྷག་མ་དང༌། འབྲས་བུ་མངོན་དུ་བྱ་བའི་ཕྱིར། དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །འདིར་བོད་ཀྱི་སློབ་དཔོན་རྣམས་ཚེ་དང་པོ་ལ་བཟོད་འབྲིང་མན་ཆད་བསྐྱེད་པར་བཞེད་པ་ནི་བཟོད་ཆེན་དང༌། ཆོས་མཆོག་ལ་སྐད་ཅིག་རེ་རེ་ལས་མེད་པར་འདོད་པའི་ལུགས་ཡིན་ལ། དེ་ལྟར་འཆད་པ་ནི། གྲུབ་མཐའ་སྨྲ་བའི་འདོད་ཚུལ་དང༌། སྦྱོར་ལམ་གྱི་སྐྱེ་ཚུལ་དངོས་ལ་གནས་པ་དེ་ཅིག་ཏུ་འདྲེས་སམ་བརྟག་པར་བྱའོ། །ལམ་གསུམ་པ་ནི། ཡང་སྔ་མ་ལྟར་བྱས་ནས་ཚེ་དེ་ལ་དགེ་སྦྱོང་ཚུལ་གྱིས་འབྲས་བུ་མངོན་དུ་བྱས་ཤིང༌། དགྲ་བཅོམ་པའི་འབྲས་བུ་ནི་ཚེ་དེ་ལ་མངོན་དུ་བྱ་བར་མ་ནུས་པས། ཚེ་ཕྱི་མ་ལ་དེ་མངོན་དུ་བྱ་བའི་ཕྱིར། དངོས་པོ་དྲུག་ལ་མཁས་པར་བྱེད་པའོ། །འདི་གཉིས་ནི་ཚོགས་ན་སྤྱོད་པའི་ལམ་ཡིན་ལ། འདི་གཉིས་ལ་བོད་ཀྱི་སློབ་དཔོན་རྣམས་ཚོགས་སྤྱོད་ཆེ་ཆུང་གི་ཐ་སྙད་མཛད་དོ། །དེ་སྐད་དུ་ཡང་ཀུན་ལས་བཏུས་ལས། ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་མ་བསྐྱེད་པ་དང༌། བསྐྱེད་པ་དང༌། སྔོན་འབྲས་བུ་མ་ཐོབ་པ་དང༌། ཐོབ་པ་ཡང་རུང་སྟེ། སངས་རྒྱས་འབྱུང་བ་མེད་པར་བདག་ཉིད་ཀྱི་ལམ་མངོན་དུ་བྱས་ནས་བསེ་རུ་ལྟ་བུར་འགྱུར་ཏེ། གཅིག་པུར་གནས་པའམ། རང་རྒྱལ་བར་འགྱུར་ཏེ། ཚོགས་དང་སྤྱོད་པ་གང་སྡུག་བསྔལ་གྱི་མཐར་ཕྱིན་པ་ཐོབ་པའོ། །ཞེས་གསུངས་སོ། །གསུམ་པ་ནི། ལམ་གསུམ་པོ་དེས་བསེ་རུ་ལྟ་བུ་དང༌། ཚོགས་སྤྱོད་ཆེ་ཆུང་གི་རང་རྒྱལ་འགྲུབ་པ་ཡིན་ལ། དེ་ཡང་སྲིད་པ་ཐ་མ་པའི་སྔ་རོལ་དུ་ནི་སོ་སོ་སྐྱེ་བོ་དང༌། ཉན་ཐོས་སློབ་འབྲས་མ་ཐོབ་པ་དང༌། ཐོབ་པ་གང་རུང་དུ་ངེས་ལ། དེའི་ཚེ་ནི་དེ་དག་རང་རྒྱལ་གྱི་རིགས་ལ་གནས་ཀྱང༌། སློབ་པ་དང་ཉན་ཐོས་སུ་འཇོག་ལ། དེའི་ཚེ་ཡང་འདོད་པ་ལ་ཆགས་པ་དང་མ་བྲལ་བས་ཁྱབ་སྟེ། སྐྱེ་བ་ཕྱི་མ་ལ་འདོད་པར་སྐྱེ་བ་ལེན་དགོས་པའི་ཕྱིར། ཞེས་བཤད་ན་མངོན་པ་སྤྱི་སྐད་དང་མཐུན་ལ། མདོ་སྡེ་རྒྱན་ལས་ནི། ཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་བསྒྲུབ། །ཞེས་དང༌། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་ཉན་ཐོས་ཕྱིར་མི་འོང་སྤྲུལ་པས་འདོད་པ་ཁམས་སུ་སྐྱེ་བ་དང༌། དེ་ནས་རང་རྒྱལ་དང་རྫོགས་པའི་བྱང་ཆུབ་རིམ་གྱིས་མངོན་དུ་བྱེད་པ་ཞིག་ཀྱང་བཤད་དོ། །འོ་ན་རང་རྒྱལ་གསུམ་པོ་འདི་དག་སྤང་བྱ་ཅིག་ཅར་བ་དང༌། རིམ་གྱིས་པ་དང༌། ཆགས་བྲལ་སྔོན་སོང་རྣམས་ལས་གང་ཞིག་ཡིན་ཅེ་ན། གསུམ་ཀ་སྲིད་པ་ཡིན་ཏེ། བྱང་ས་ལས། རང་རྒྱལ་བ་ནི་ཉན་ཐོས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉན་ཐོས་རྣམས་དང་ལམ་གྱི་རང་བཞིན་མཚུངས་པའི་ཕྱིར། ཞེས་གསུངས་སོ། །བཞི་པ་ནི། སྲིད་པ་ཐ་མ་པའི་སྔ་རོལ་དུ་བསྐལ་པ་བརྒྱར་ཚོགས་བསོག་པ་ཡིན་ཏེ། ཇི་སྐད་དུ་མཛོད་ལས། བསེ་རུ་བསྐལ་པ་བརྒྱའི་རྒྱུས། །ཞེས་དང༌། ས་སྡེའི་ལུང་དྲངས་མ་ཐག་པ་ལས་ཤེས་སོ། །ལྔ་པ་ནི། སྐུའི་གནས་པ་བསེ་རུ་ལྟ་བུར་གཅིག་པུར་གནས་པ་དང༌། ཚོགས་སྤྱོད་མང་པོ་དང་ལྷན་ཅིག་ཏུ་གནས་པ་དང༌། ཐུགས་ཀྱི་གནས་པ་རྟེན་འབྲེལ་ཟབ་མོ་ལ་སོ་སོར་རྟོག་པ་དང༌། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་པའོ། །གསུང་གི་གནས་པ་ནི། གསུམ་པོ་དེ་ཐམས་ཅད་གྲོང་ངམ་གྲོང་ཁྱེར་གང་དུ་གནས་ཀྱང་རུང༌། དམན་པ་རྣམས་ལ་སྙིང་བརྩེ་བར་བྱེད་པས་ན། ལུས་ཀྱི་ཡིན་གྱི། ངག་གི་མ་ཡིན་པ་དང༌། ཕ་རོལ་པོ་ཞེ་འགྲས་པ་བཟློག་པའི་ཕྱིར་རྫུ་འཕྲུལ་སྣ་ཚོགས་སྟོན་པའོ། །བདུན་པ་སྒྲ་བཤད་པ་ནི། གྲོགས་མེད་པར་གཅིག་པུར་གནས་པས་ན་བསེ་རུ་ལྟ་བུ་དང༌། མང་པོ་དང་ལྷན་ཅིག་ཏུ་གནས་པས་ན་ཚོགས་ན་སྤྱོད་པ་ཞེས་བྱའོ། །གཉིས་པ་མངོན་པ་འོག་མ་ལས་བཤད་པ་ནི། རང་རྒྱལ་ནི་གཉིས་ཏེ། བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པའོ། །དང་པོ་ནི། སྲིད་པ་ཐ་མ་པའི་སྔ་རོལ་དུ་བསྐལ་པ་བརྒྱར་ཚོགས་བསགས་ཤིང་རྒྱུད་སྨིན་པར་བྱས་ནས། སྲིད་པ་ཐ་མ་པའི་དུས་སུ་བསམ་གཏན་བཞི་རིམ་གྱིས་ཐོབ་པར་བྱས་ནས། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ཏེ། དྲོད་ནས་བཟུང་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་བར་སྟན་ཐོག་ཅིག་ལ་མངོན་དུ་བྱེད་དོ། །འདི་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་པར་ཁས་ལེན་པ་དེའི་ཚེ། ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་སྔོན་དུ་སོང་བར་ཁས་ལེན་དགོས་པ་ཡིན་ཏེ། རབ་མཐའི་ངོས་འཛིན་པ་ན། ཇི་སྐད་དུ། དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་པ་རབ་ཏུ་ཕྱིན་པ་ཡིན། །ཞེས་དང༌། རབ་མཐར་འཇོག་པ་ལ། སྲིད་རྩེའི་དངོས་གཞི་ཐོབ་ལ་མ་ཉམས་པ་ཞིག་དགོས་པར་བཤད་པའི་ཕྱིར་རོ། །གཉིས་པ་ཚོགས་སྤྱོད་ལ། ཉན་ཐོས་སྔོན་འགྲོ་དང༌། སོ་སྐྱེ་སྔོན་འགྲོ་གཉིས་ལས། ངོས་འཛིན་གོང་དུ་བཤད་མ་ཐག་པའི་ས་སྡེ་ལས་འབྱུང་བ་དང་ཕལ་ཆེར་མཐུན་ལ། བྱེ་བྲག་ཏུ་སོ་སྐྱེ་སྔོན་འགྲོའི་མཚན་གཞི་ནི། མཛོད་འགྲེལ་ལས། སྔོན་བསམ་གཏན་པ་ལྔ་བརྒྱ་དཀའ་ཐུབ་དྲག་པོས་གདུངས་པ་དང༌། རང་རྒྱལ་དང་འགྲོགས་པའི་སྤྲེའུ་ཞིག་གིས་སྤྱོད་ལམ་བསྟན་པ་ན་རང་བྱང་ཆུབ་ཐོག་ཅེས་གྲག་གོ །ཞེས་བཤད་དོ། །དེ་ཡང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ནི། བསེ་རུ་ལྟ་བུ་ཁོ་ན་བཞེད་ཀྱི། ཚོགས་སྤྱོད་མི་བཞེད་ལ། རྒྱན་རྩ་འགྲེལ་འདིར་ཡང་བསེ་རུ་ལྟ་བུ་ཁོ་ན་བཤད་ཀྱི། ཚོགས་སྤྱོད་ཀྱི་བཤད་པ་མེད་དོ། །འོ་ན་ཆོས་མངོན་པ་ལས། རང་རྒྱལ་འདོད་པའི་རྟེན་ཅན་དུ་བཤད་པ་ཡིན་མོད། དེ་ལ་སྒྲུབ་བྱེད་ཀྱི་རིགས་པ་ཅི་ཞིག་ཡོད་ཅེ་ན། སྲིད་པ་ཐ་མ་པའི་ཚེ། སློབ་དཔོན་ལ་རག་མ་ལས་པར། རང་གིས་ལམ་མངོན་དུ་བྱེད་ནུས་པའི་ཆ་ནས་རང་རྒྱལ་དུ་འཇོག་ལ། དེ་ལྟར་བྱེད་པའི་ལམ་དེ་ཡང་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་བཟློག་ལ་ཚུལ་བཞིན་དུ་རྟོག་པ་དེ་ཡིན་ལ། ཁམས་གོང་མ་ན་གང་ལ་རྟོག་པའི་གཞི་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་གི་ཚུལ་གྱིས་འབྱུང་བ་དེ་མེད་པས་སོ། །ཞེས་བྱ་བ་འདི་ཡིན་པར་ངེས་སོ། །ཇི་ལྟར་ཤེས་པའི་ཚུལ་ནི། ཇི་སྐད་དུ། ཡང་དག་བསྡུས་པ་ཞེས་པ་ཡིན་གྱིས་ཤེས་བྱ་བསྟན་ནས། ཤེས་པར་བྱ་ཞེས་པས་ཡུལ་ཅན་ལམ་ཤེས་བསྟན་པ་ཡིན་ལ། དེ་ཡང་འགྲེལ་པ་ལྟར་ན། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པའི་གཞུང་གོང་མ་འདོན་པ་བསྒྱུར་དགོས་པས་མི་དམིགས་པའི་ཚུལ་གྱིས་སོ། །དེ་ཡང་འཛིན་སྟངས་ལ་བྱ་དགོས་པ་ཡིན་གྱི། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ཙམ་གྱིས་ནི། ལམ་ཤེས་ཀྱི་འཇོག་ཚུལ་རྫོགས་པ་མིན་ཏེ། དེ་ནི་ཤེས་བྱའི་ལམ་གྱི་འཇོག་ཚུལ་ལ་ཡང་ཡོད་པའི་ཕྱིར། དེས་ན་བྱང་འཕགས་ཀྱི་རྒྱུད་ཀྱི་ཤེས་བྱའི་ལམ་དང༌། ཡུལ་ཅན་ལམ་ཤེས་སྤྱི་ཙམ་ནས་ཁྱབ་མཉམ་ཀྱང་སྐབས་གཉིས་པར་བསྟན་ཚུལ་དང༌། མཚན་ཉིད་འཇོག་ཚུལ་རྣམས་མ་འདྲེས་པར་འཆད་དགོས་ཏེ། དཔེར་ན་བྱས་པ་དང་མི་རྟག་པ་བཞིན་ནོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལ། ཡུལ་ལམ་ནི་གསལ་བར་བཤད་ནས། དེ་ཤེས་པའི་ཚུལ་སྔ་མའི་རིགས་པས་ཤེས་པ་ལ་དགོངས་པའམ། ཡང་ན་ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་འདི་འཆད་པ་ན། འཛིན་པ་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིགས་ནས་འཆད་དགོས་པས། ཡུལ་དང་ཡུལ་ཅན་གཉིས་ཀ་རྟོགས་རིགས་གཅིག་པའི་ཕྱིར་སྙམ་དུ་དགོངས་པའོ། །འདིར་ཤེས་བྱའི་ལམ་འཆད་པ་ན། མཐོང་སྒོམ་གཉིས་རྒྱས་པར་བཤད་ནས། སྦྱོར་ལམ་ནི་འགྲེལ་ཆེན་དུ་སྐབས་དང་པོར་ཁ་འཕངས་སོ། །དེའི་ཤེས་བྱེད་ཀྱང་འཛིན་པ་ཆོས་ཀྱི་བདག་མེད་ཀྱི་རྟོགས་རིགས་ཀྱི་ཆ་ནས་དེར་འཕངས་པ་ཡིན་གྱི། སྤྱིར་ཐེག་ཆེན་གྱི་ངེས་ཆ་ཙམ་དེར་འཕངས་པ་མིན་ཏེ། གོང་དུ་ངེས་འབྱེད་ཆ་མཐུན་ལན་གཉིས་བཤད་མ་ཐག་པ་དེ་ཐེག་ཆེན་གྱི་ངེས་ཆ་དངོས་ཡིན་པའི་ཕྱིར། བོད་ཀྱི་སློབ་དཔོན་གཞན་དག་དེ་དེར་ཁ་འཕངས་པའི་རྒྱུ་མཚན་གྱིས། བཤད་མ་ཐག་པའི་ངེས་ཆ་གཉིས་ཉན་རང་གི་ལམ་དངོས་སུ་འདོད་པ་ནི་མི་འཐད་དེ། དེ་ལ་གཞུང་ནས་འབྱུང་བའི་ངེས་ཆའི་མཚན་ཉིད་དེ་དག་མི་ཚང་བའི་ཕྱིར་རོ། །ཤེས་བྱའི་ལམ་ལ་གཉིས་ལས། དང་པོ་མཐོང་ལམ་ལ་གཉིས་ཏེ། རྟེན་དང༌། བརྟེན་པའོ། །དང་པོ་ལ། ལུས་ཀྱི་དང༌། སེམས་ཀྱིའོ། །དང་པོ་ནི། ངན་སོང་གསུམ་དང༌། བྱང་སྒྲ་མི་སྙན་པ་མ་གཏོགས་པའི་མི་དང༌། འདོད་ལྷའི་རྟེན་ལ་སྐྱེ་བ་ཡིན་ལ། ཁམས་གོང་གི་རྟེན་ལ་ནི་མིན་ཏེ། དེ་ན་སྐྱོ་བ་མེད་པའི་ཕྱིར། དེ་སྐད་དུ་ཡང་བསྡུ་བ་ལས། ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་མངོན་པར་མི་རྟོགས་ཏེ། འདི་ལྟར་གནས་དེ་དག་ནི་སྐྱོ་བར་གྱུར་པ་བཀག་པ་ཡིན་ལ། རེ་ཤིག་སྐྱོ་བ་ཆུང་ངུས་ཀྱང་བདེན་པ་རྣམས་མི་རྟོགས་ན། གང་ན་སྐྱོ་བ་ཆུང་ངུ་ཡང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ། བསྡུ་བ་ལས་བདེན་པ་རྣམས་མངོན་པར་རྟོགས་པ་ནི། བསམ་གཏན་རྣམས་ཁོ་ན་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་མངོན་པར་རྟོགས་པར་འགྱུར་གྱི། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ནི་མིན་ཏེ། འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་ཞི་གནས་ཤས་ཆེ་བ་ཡིན་ལ། ལྷག་མཐོང་ཤས་ཆུང་བ་ཡིན་པས། ལྷག་མཐོང་ཤས་ཆུང་བའི་ལམ་གྱིས་ནི་བདེན་པ་རྣམས་མངོན་པར་རྟོགས་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་ལ། མངོན་པ་འོག་མ་འཆད་པ་དག་ལྟར་ན་ནི། གཟུགས་མེད་པའི་སེམས་ཀྱིས་འདོད་པ་ལ་མི་དམིགས་པའི་ཕྱིར་དང༌། སྡུག་བསྔལ་ལ་ཆོས་བཟོད་ནི་འདོད་པའི་སྡུག་བསྔལ་ལ་དམིགས་ནས་དེའི་མཐོང་སྤངས་སྤངས་དགོས་པའི་ཕྱིར། ཞེས་འཆད་དོ། །གཉིས་པ་ལ། ཆོས་མངོན་པ་གོང་འོག་ནས་གསུངས་པ་རྣམས་ལ་ནི་འཁྲུལ་གཞི་མེད་ཅིང༌། མི་མཐུན་པར་སྨྲ་བ་ཡང་མི་སྣང་བས་བཏང་སྙོམས་སུ་བཞག་ནས། འདིར་རྒྱན་རྩ་འགྲེལ་དང༌། རིགས་པ་དྲུག་ཅུ་པའི་ལུགས་གཉིས་བཤད་པར་བྱ་བ་ལས། དང་པོ་ལ་མཚན་ཉིད། སྐད་ཅིག་མའི་དབྱེ་བ། བར་ཆད་མེད་ལམ་དང༌། རྣམ་པར་གྲོལ་བའི་ལམ་དུ་ཞིག་ཡིན་དཔྱད་པ། མཐོང་ལམ་དུ་གྱུར་པའི་རྗེས་ཐོབ་ཡེ་ཤེས་ཡོད་མེད་དཔྱད་པའོ། །དང་པོ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་རྫོགས་རྗེས་སུ་བྱུང་ཞིང༌། ཐེག་ཆེན་གྱི་སྒོམ་ལམ་མ་སྐྱེས་གོང་གི་བདེན་པ་མངོན་སུམ་དུ་རྟོགས་པའི་མཁྱེན་པའོ། །གཉིས་པ་ནི། སྐབས་གཉིས་པ། གསུམ་པ། བཞི་པ་རྣམས་སུ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་ལ། སྐབས་ལྔ་པར། སྐད་ཅིག་ཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་སྐད་ཅིག་མ་གཅིག་ཏུ་བཤད་པས། འགྲེལ་ཆེན་དུ། ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ལ། གཉིས་པ་ཕན་ཆད་སྒོམ་པའི་ལམ་ཡིན་པར་བཤད་དོ། །འདི་ལ་གཞན་གྱིས་བཏགས་པའི་མཐའ་བསལ་བ་དང༌། སློབ་དཔོན་གྱི་ལུགས་བཞག་པ་དང༌། རྩོད་པ་སྤང་བའོ། །དང་པོ་ནི། བོད་སྔ་མ་མང་པོ་ན་རེ། མཐོང་ལམ་ནི་རྫས་སྐད་ཅིག་མ་ཅིག་ཁོ་ན་ཡིན་ཞིང༌། བཅུ་དྲུག་ཏུ་ཕྱེ་བ་ཡང་ལྡོག་པས་ཕྱེ་བ་ཡིན་ལ། དེ་ཐམས་ཅད་ཀྱང་བར་ཆད་མེད་ལམ་དུ་འཆད་དགོས་ཏེ། མཐོང་ལམ་རྩེ་སྦྱོར་དུ་བཤད་པའི་ཕྱིར་རོ། །མཐོང་སྤངས་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཞིག་ཡོད་ཅིང༌། དེ་སྒོམ་ལམ་བར་ཆད་མེད་ལམ་གྱི་སྔ་ལོགས་སུ་འབྱུང་བ་ཡང་ཡིན་མོད་ཀྱི། མཐོང་བའི་ལམ་ནི་མིན་ཏེ། ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བ་མེད་པའི་ཕྱིར། ཞེས་གསུངས་པ་དག་སྣང་ངོ༌། །དེ་ལྟར་འཆད་པ་དེ། རིགས་པ་དྲུག་ཅུ་པ་རྩ་འགྲེལ་གྱི་དགོངས་པ་དང༌། རྒྱན་གྱི་དགོངས་པ་འགྲེལ་པ་མཁན་པོ་ལ་མ་ལྟོས་པར་འཆད་ན། འཆད་ཚུལ་དེ་ལྟར་དུ་རུང་བ་ཙམ་ཡིན་མོད་ནའང༌། འཕགས་སེང་གི་ལུགས་དང་མི་མཐུན་ཏེ། འཕགས་པས་མཐོང་བའི་ལམ་སྐད་ཅིག་མ་བརྒྱད་པ་ལ་ནི། ཚད་མེད་རྣམས་བསྒོམ་དགོས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་མ་དགུ་པ་ལ་སེམས་ཅན་གྱི་ཁམས་ལ་ལྟོས་པ་མེད་པར་འགོག་པར་ལྟུང་བས་སོ། །ཞེས་སྐད་ཅིག་མ་བརྒྱད་དགུ་རིམ་ཅན་དུ་འབྱུང་བར་གསུངས་པས། སྐབས་གསུམ་པའི་མཐོང་ལམ་གྱི་ཉི་སྣང་དུ། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལས་ཆད་པ་དང༌། ལྷག་པ་མེད་པའི་གྲངས་ངེས་གསུངས་པ་དང༌། ཡང་ཉི་སྣང་དུ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པ། མཐོང་ལམ་གྱི་སྡེ་ཚན་དུ་བཤད་པ་རྣམས་དང་འགལ་ཞིང༌། སློབ་དཔོན་གྱིས་ནི་འགྲེལ་ཆེན་དུ། ཤེས་པ་ཟག་པ་མེད་པ་གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཤེས་པ་གང་གིས་བཟོད་པའི་རྗེས་ཐོགས་ལ་རྣམ་པར་གྲོལ་བ་མངོན་དུ་བྱེད་པ་དེ་ནི། སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་རྗེས་ཐོགས་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །ཞེས་སོ་སོར་རང་རིག་གི་མངོན་སུམ་དུ་ཉམས་སུ་མྱོང་བའི་ཤེས་པ་ཟག་པ་མེད་པ་གང་ཡིན་པ་དེ་ནི། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཤེས་པ་གང་གིས་རྗེས་སུ་ཤེས་པའི་བཟོད་པ་དེ་ངེས་པར་འཛིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ཞེས་བྱའོ། །དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་བཟོད་པ་དང་ཤེས་པ་དག་ཅིག་རིགས་པར་ཤེས་པར་བྱ་སྟེ། སྐད་ཅིག་མ་བཅུ་དྲུག་པོ་འདི་ཉིད་ནི་མཐོང་བའི་ལམ་ཡིན་པར་རིགས་སོ། །མ་མཐོང་བ་མེད་པས་ཐ་མ་ལམ་ལ་རྗེས་སུ་ཤེས་པའི་སྐད་ཅིག་མ་ནི་མཐོང་བའི་ལམ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་སྡུག་བསྔལ་སོགས་པའི་བདེན་པ་གསུམ་ལ་ཡང་སྔོན་མེད་པའི་མཐོང་བ་མ་ཚང་བས། རྗེས་སུ་ཤེས་པའི་སྐད་ཅིག་མ་མཐོང་བའི་ལམ་མིན་པའི་ཕྱིར། སྐད་ཅིག་མ་བཅུ་གཉིས་ཁོ་ནར་འགྱུར་ན། དེ་ལྟར་ན་ནི་ཁས་མ་བླངས་པས་འདི་ནི་གྱི་ནའོ། །ཞེས་གསུངས་པ་བཅུ་དྲུག་པོ་རིམ་ཅན་ཁོ་ནར་སྐྱེ་བ་དང༌། མཐོང་ལམ་དུ་འཇོག་པ་ལ་སྔར་མ་མཐོང་བ་གསར་མཐོང་མི་དགོས་པར་བཤད་པ་རྣམས་དང་འགལ་ལོ། །གཉིས་པ་སློབ་དཔོན་གྱི་རང་ལུགས་བཤད་པ་ལ་གཉིས་ཏེ། འགྲེལ་ཆེན་དུ་གཞན་ལུགས་ཇི་ལྟར་བཀག་པའི་ཚུལ་དང༌། རང་ལུགས་བཞག་པའི་ཚུལ་ལོ། །དང་པོ་ནི་འགྲེལ་ཆེན་དུ་ལུགས་གཉིས་བཀོད་ནས། གཅིག་སུན་ཕྱུང་སྟེ་ཅིག་ཤོས་རང་ལུགས་སུ་བཤད་པ་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། ཁ་ཅིག་ནི་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་ཅིག་ཡིན་ལ། སོ་སོའི་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་ནོ་ཞེས་ཟེར་བའི་ལུགས་དང༌། ཡང་ཁ་ཅིག་སོ་སོའི་མངོན་པར་རྟོགས་པ་ལས་ཀྱང་སྐད་ཅིག་མ་ཅིག་ཁོ་ན་ཡིན་ཏེ། ཇི་སྐད་དུ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བསྟན་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ཚུལ་གྱིས་བདེན་པ་བཞི་ཀའི་ཆོས་ཉིད་ཀྱི་ཡུལ་ཅན་གྱི་ཡེ་ཤེས་སྐད་ཅིག་མ་ཅིག་གིས་མངོན་སུམ་དུ་མ་མཐོང་བ་སླར་ཡང་མཐོང་བར་བྱར་མེད་པའི་ཕྱིར། སྤང་བྱ་སྤོང་ཚུལ་ཡང་རིམ་གྱིས་སྤོང་དགོས་པ་མ་ཡིན་ཏེ། དེ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཅིག་ཡིན་ལ། དེ་ཡང་ཡེ་ཤེས་སྐད་ཅིག་མ་ཅིག་གིས་སེལ་ནུས་པའི་ཕྱིར། ཞེས་འཆད་ལ། དེ་ལ་སློབ་དཔོན་གྱིས་ལུགས་ཕྱི་མ་མི་འཐད་དེ། དེ་ལྟར་ན་ཞུགས་གནས་ཀྱི་རྣམ་པར་བཞག་པ་མི་རུང་བར་ཐལ་བས་སོ། །ཞེས་སུན་ཕྱུང་ནས། ལུགས་དང་པོ་རང་ལུགས་སུ་མཛད་དོ། །འདི་ཉིད་འཕགས་པའི་དགོངས་པ་ཡང་ཡིན་ཏེ། དགེ་འདུན་ཉི་ཤུའི་འགྲེལ་པར། གང་ལམ་ཤེས་པ་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་པོ་དེ་རྣམས་ལ། ཞེས་མཚམས་སྦྱར་ནས། དང་པོ་བཅོ་ལྔ་ལ་གནས་པ་ལ་ཞུགས་པ་དང༌། བཅུ་དྲུག་པ་ལ་འབྲས་གནས་སུ་བཤད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཐུན་གཅིག་པོ་དེས་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་དེ། སྤྱིར་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར། དེ་སྐད་དུ་ཡང་མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་གསུངས་པ་དང་མཐུན་ནོ། །ཐུན་གཅིག་པོ་དེས་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་ལ་ནི་མི་འདྲ་བའི་ཁྱད་པར་ཡོད་དོ། །ཞེས་མདོར་བསྟན་ནས། དེ་ལ་མངོན་པ་དང་མཐུན་པར་བཤད་པ་དང༌། མངོན་པར་རྟོགས་པའི་རྒྱན་དང་མཐུན་པར་བཤད་པའོ། །དང་པོ་ནི་མཉམ་གཞག་ཐུན་གཅིག་པོ་དེ་བྱ་རྫོགས་ཀྱི་སྐད་ཅིག་མ་ཅིག་ཡིན་ཀྱང༌། དེ་ལ་སྐད་ཅིག་ཆ་ཤས་བཅུ་དྲུག་ཏུ་ཕྱེ་ཞིང༌། བཅུ་དྲུག་པོ་དེ་ཡང་རིམ་ཅན་དུ་སྐྱེ་བ་ལས། དང་པོར་སྡུག་བདེན་གྱི་ཆོས་ཉིད་ལ་ངེས་པ་འདྲེན་པའི་ཡེ་ཤེས་ཞིག་སྐྱེ་ཞིང༌། དེ་ལ་སྡུག་བསྔལ་ཆོས་བཟོད་ཞེས་བྱ། དེའི་འོག་ཏུ་སྡུག་བསྔལ་མཐོང་སྤངས་ལས་གྲོལ་བའི་རྣམ་པར་གྲོལ་བའི་ལམ་ཞིག་སྐྱེ་ལ། དེ་ལ་ནི། སྡུག་བསྔལ་ལ་ཆོས་ཤེས་ཞེས་བྱ་ཞིང༌། ཡེ་ཤེས་དེས་སྡུག་བདེན་གྱི་རང་བཞིན་རྣམ་དག་གི་ཆོས་ཉིད་དུ་མ་ཟད། བློ་བུར་རྣམ་དག་གི་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་ནས། དེ་ལ་ངེས་པ་འདྲེན་ནུས་ཤིང༌། དེ་ལྟ་བུའི་ཡེ་ཤེས་གཉིས་པོ་དེས་བདེན་པ་གཞན་རྣམས་ཀྱི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་ཡང༌། དེ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པའི་ཕྱིར། དེ་ལ་རང་ལས་ངེས་ཀྱི་ཚད་མར་མི་འགྱུར་ལ། དེའི་རྒྱུ་མཚན་གྱི་ཡེ་ཤེས་དང་པོས་སྤང་བྱ་ལྷག་མ་རྣམས་སྤོང་མི་ནུས་ཤིང༌། དེའི་རྒྱུ་མཚན་གྱིས་ཡེ་ཤེས་གཉིས་པས་བདེན་པ་ལྷག་མ་རྣམས་ཀྱི་བློ་བུར་རྣམ་དག་གི་ཆོས་ཉིད་མཐོང་རྒྱུ་མ་བྱུང་བ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་དེའི་འོག་ཏུ། སྡུག་བདེན་གྱི་ཆོས་ཉིད་གཉིས་པོ་གང་ལ་ཡང་ངེས་པ་འདྲེན་དགོས་པ་མེད་ཀྱང༌། ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་རྣམས་རྒྱུ་མིན་དུ་སྒྲོ་འདོགས་པའི་རྟོག་པ་སེལ་བར་ནུས་ཤིང༌། རྒྱུར་ངེས་པའི་ངེས་ཤེས་འདྲེན་ནུས་ཀྱི་ཡེ་ཤེས་སྐད་ཅིག་མ་ཅིག་སྐྱེ་ལ། དེ་ལ་ནི་སྡུག་བསྔལ་ལ་རྗེས་བཟོད་ཞེས་བྱའོ། །དེའི་འོག་ཏུ་རྗེས་བཟོད་དེ་ཉིད་ལ་སྒྲོ་འདོགས་སེལ་བར་ནུས་པའི་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པར་ནུས་པའི་ཡེ་ཤེས་སྐད་ཅིག་མ་ཅིག་སྐྱེ་ལ། དེ་ལ་ནི་སྡུག་བསྔལ་ལ་རྗེས་ཤེས་ཞེས་བྱའོ། །ཡེ་ཤེས་དེ་གཉིས་ཀྱིས་ཡུལ་ཆོས་ཉིད་ལ་སྒྲོ་འདོགས་མི་སེལ་ཡང༌། ཡུལ་ཅན་ཡེ་ཤེས་ལ་སྒྲོ་འདོགས་སེལ་བར་བྱེད་པའི་ཕྱིར་མཐོང་ལམ་དུ་བཞག་པ་ཡིན་ནོ། །དེ་བཞིན་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ན་ཆོས་ཉིད་མཐོང་བ་ལ་སྐད་ཅིག་མ་ཅིག་གིས་ཆོག་ཀྱང༌། མཐོང་སྤངས་སུ་གྱུར་པའི་ཡུལ་ཆོས་ཉིད་ལ་སྒྲོ་འདོགས་པའི་རྟོག་པ་དང༌། ཡུལ་ཅན་ཡེ་ཤེས་ལ་སྒྲོ་འདོགས་པའི་རྟོག་པ་སེལ་བ་ལ་སྐད་ཅིག་བཅུ་དྲུག་ཏུ་དགོས་པ་ཡིན་ཏེ། སྐད་ཅིག་མ་ཅིག་གིས་སྒྲོ་འདོགས་ལྷག་མ་རྣམས་མི་སེལ་ཞིང༌། མཐོང་སྤངས་སུ་གྱུར་པའི་རྟོག་པ་རྣམས་སྒོམ་ལམ་གྱིས་སེལ་བ་ཡང་མི་འཐད་པའི་ཕྱིར། དེ་སྐད་དུ་ཡང༌། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བ་ནི་སྐད་ཅིག་མ་དང་པོ་དེ་ཁོ་ན་ཡིན་ལ། མཐོང་ཟིན་གོམས་པར་བྱེད་པ་ལ་གཉིས་ཏེ། མཐོང་སྤངས་སུ་གྱུར་པའི་སྒྲོ་འདོགས་ཀྱི་གཉེན་པོ་དང༌། སྒོམ་སྤངས་སུ་གྱུར་པའི་སྒྲོ་འདོགས་ཀྱི་གཉེན་པོར་གོམས་པའོ། །དང་པོ་ལ། སྐད་ཅིག་མ་བཅུ་དྲུག་ཏུ་ངེས་པར་འབྱེད་དགོས་ཏེ། དེ་མེད་ན་མཐོང་བས་སྤང་བར་བྱ་བའི་སྒྲོ་འདོགས་བཅུ་དྲུག་སེལ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཐེག་ཆེན་གྱི་མཐོང་ལམ་དུ་འཇོག་པ་ལ་ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བ་ཡིན་མི་དགོས་ཏེ། སྔར་མ་རྟོགས་གསར་རྟོགས་ཡིན་པ་ཙམ་གྱིས་དེར་འཇོག་ནུས་པའི་ཕྱིར། དེ་ནུས་པ་ཡིན་ཏེ། མཐོང་ལམ་གྱི་འཇོག་བྱེད་ནི་བདེན་པ་མངོན་པར་རྟོགས་པ་ཞེས་བྱ་བ་དེ་ཡིན་གྱི། མཐོང་བ་ཙམ་ལ་མི་འཇོག་པས་སོ། །འོ་ན་སྐད་ཅིག་ཕྱི་མ་རྣམས་དཔྱད་ཤེས་སུ་འགྱུར་བ་མིན་ནམ་ཞེ་ན། མིན་ཏེ། དཔྱད་ཤེས་ཀྱི་གོ་བ་ནི། ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་པའི་དོན་དེ་ཉིད་ཤེས་པ་ཕྱི་མས་འཛིན་པར་བྱེད་ཀྱི། ཤེས་པ་ཕྱི་མ་དེ་རང་གི་སྒྲོ་འདོགས་གསར་དུ་མི་ཆོད་པ་ཞིག་ལ་བྱ་བ་ཡིན་པ་ལས། འདིར་ནི་སྐད་ཅིག་ཕྱི་མ་རྣམས་ཆོས་ཅན། བཅད་ཤེས་མིན་ཏེ། རང་གི་བསལ་བྱ་སྒྲོ་འདོགས་གསར་དུ་གཅོད་བྱེད་ཀྱི་རིག་པ་ཡིན་པའི་ཕྱིར་རོ། །འོ་ན་བཟོད་ཤེས་ཕྱི་མ་གཉིས་མཐོང་ལམ་མ་ཡིན་པར་འགྱུར་ཏེ། ཆོས་ཉིད་ཀྱི་ཡུལ་མ་ཡིན་པར་ཡེ་ཤེས་ཀྱི་ཡུལ་ཅན་དུ་འདོད་དགོས་པས་སོ་ཞེ་ན། ལོ་ཙཱ་བ་ཆེན་པོ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་རྟོགས་བྱ་ལ་ནི་ཆོས་ཉིད་དང་ཡེ་ཤེས་གཉིས་ཀ་ཡོད་པས། སྐྱོན་མེད་དོ་ཞེས་གསུང་ཡང༌། འདིར་ལན་ནི། དེ་གཉིས་ཀ་ཡང་ཆོས་ཉིད་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་ཡེ་ཤེས་ལ་ངེས་པ་འདྲེན་པར་བཞག་པའི་ཕྱིར། ཆོས་ཉིད་མ་མཐོང་བའི་སྐྱོན་མེད་དོ། །འོ་ན་གཉིས་པོས་ཀྱང་སྒྲོ་འདོགས་མི་འདྲ་བ་རེ་རེ་སེལ་ན། བར་ཆད་མེད་པའི་ལམ་དུ་ཐལ་བ་མིན་ནམ་ཞེ་ན། འདིར་ལམ་གཉིས་ཀྱི་འཇོག་མཚམས་ནི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་སྒྲིབ་པའི་ས་བོན་སྤོང་བཞིན་པ་དང༌། དེ་ལས་དངོས་སུ་གྲོལ་བ་ལ་དེར་བཞག་པ་ཡིན་གྱི། སྒྲོ་འདོགས་སེལ་བྱེད་ཡིན་པ་ཙམ་གྱིས་བར་ཆད་མེད་ལམ་ཡིན་པ་དང༌། རྣམ་པར་གྲོལ་བའི་ལམ་མ་ཡིན་པར་བཞག་མི་ནུས་ཏེ། རང་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གི་བསལ་བྱ་སྒྲོ་འདོགས་རེ་རེ་སེལ་བས་ཁྱབ་པའི་ཕྱིར་རོ། །འོ་ན་ཡེ་ཤེས་བཅུ་དྲུག་པོ་ཐམས་ཅད་ཆོས་ཉིད་ཙམ་ལ་ཚད་མ་ཡིན་མིན་གྱི་ཁྱད་པར་འབྱེད་པ་ཡིན་ནམ་ཞེ་ན། མིན་ཏེ། དེ་ཐམས་ཅད་དེ་ཙམ་ལ་རང་ལས་ངེས་ཀྱི་ཚད་མར་འཇོག་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། བཅུ་དྲུག་པོ་དེས་གཞལ་བྱ་གང་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་ནུས་པ་དེ་ལ། རང་ངེས་ཀྱི་ཚད་མ་དང༌། མི་ནུས་པ་དེ་ལ་དེ་མ་ཡིན་པར་ཞག་དགོས་ཏེ། དཔེར་ན་སྡུག་བསྔལ་ཆོས་ཤེས་དེ་བློ་བུར་རྣམ་དག་གི་ཆོས་ཉིད་དེ་ལ། རང་ངེས་ཀྱི་ཚད་མ་དང་རང་བཞིན་རྣམ་དག་གི་ཆོས་ཉིད་མེད་དགག་གི་ཆ་དེ་ལ་བཅད་ཤེས་དང༌། ཡེ་ཤེས་སྔ་མ་གཉིས་འཕགས་པའི་ཆོས་ཀྱི་རྒྱུ་མིན་དུ་འཛིན་པའི་སྒྲོ་འདོགས་རང་སྟོབས་ཀྱིས་སེལ་མ་ནུས་པས། དེ་དེའི་རྒྱུ་ཡིན་པ་ལ་གཞན་ངེས་སམ་སྣང་ལ་མ་ངེས་པར་བཞག་དགོས་པ་བཞིན་ནོ། །གཉིས་པ་རྒྱན་རྩ་འགྲེལ་དང་མཐུན་པར་བཤད་པ་ལ་གསུམ་སྟེ། སྐབས་གཉིས་པ་ནས་འབྱུང་བ་དང༌། གསུམ་པ་ནས་འབྱུང་བ་དང༌། ལྔ་པ་ནས་འབྱུང་བ་རྣམས་སོ། །དང་པོ་ལ་ལོ་ཙཱ་བ་ཆེན་པོ་ནི། རྣམ་གྲངས་ཀྱི་གནས་པར་ཁས་མི་ལེན་པ་སོགས་དང་པོ་བཞི་པོ་ནི། གོ་རིམ་བཞིན་དུ་བདེན་པ་བཞི་ཅར་གྱི་ཆོས་བཟོད་བཞི་དང༌། ཆོས་ཤེས་བཞི་དང༌། རྗེས་བཟོད་བཞི་དང༌། རྗེས་ཤེས་བཞིའི་དབང་དུ་བྱས་པ་ཡིན་ལ། མཐའ་མེད་ལ་སོགས་པ་ལྷག་མ་བཅུ་གཉིས་ནི། ཤེས་བཟོད་བཅུ་དྲུག་པོའི་ཕན་ཡོན་གྱི་དབང་དུ་བྱས་པ་ཡིན་ལ། དེ་ཡང་མཐའ་མེད་ནི་ཤེས་བཟོད་དང་པོ་ལྔའི་ཕན་ཡོན་དང༌། བླང་མེད་དོར་བ་མེད་པ་ནི། དང་པོ་དྲུག་གི་ཕན་ཡོན་ཡིན་ནོ། །ཞེས་སོགས་སྦྱར་ནས་འཆད་པར་བྱེད་ལ། དེ་ཡང་འཕགས་སེང་གི་དགོངས་པར་ནི་མི་འཆད་ཀྱི། རང་སྟོབས་ཀྱིས་བཤད་པ་ཡིན་ལ། དེ་ལྟར་མཛད་པའི་རྒྱུ་མཚན་ཡང༌། དང་པོ་བཞི་ཆོས་ཉིད་མཐོང་ཚུལ་གྱི་དབང་དུ་བྱས་པ་དང༌། ཕྱི་མ་རྣམས་ཕན་ཡོན་གྱི་ཆ་ནས་འཆད་པར་མདོ་དང་བསྟན་བཅོས་གཉིས་ཀ་ལས་གསལ་བ་ལ་དགོངས་པའོ། །རང་ལུགས་ནི། ཡེ་ཤེས་བཅུ་དྲུག་པོ་ཐམས་ཅད་མཉམ་གཞག་གི་མཐོང་ཚུལ་ལ་ཁྱད་པར་མེད་ཅིང༌། རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་གྱི་ཁྱད་པར་ལས་དོན་དེ་དང་དེ་ལ་རང་ངེས་ཀྱི་ཚད་མར་འགྱུར་བའི་ཚུལ་ནི། རྣམ་གྲངས་ཁས་མི་ལེན་པ་སོགས་བཅུ་དྲུག་གི་སྒོ་ནས་འཆད་པའོ། །དེ་ཡང་དཔེར་ན། སྡུག་བསྔལ་ལ་ཆོས་བཟོད་ནི། དེ་བཞིན་ཉིད་དང་སངས་རྒྱས་དག་དབྱེར་མེད་ཡིན་པ་ལ་ངེས་པ་འདྲེན་ཅིང༌། དེ་ལ་རང་ངེས་ཚད་མ་དང༌། སྡུག་བསྔལ་མཐོང་སྤངས་སྤོང་བའི་བར་ཆད་མེད་པའི་ལམ་དང༌། སྡུག་བསྔལ་ཆོས་ཤེས་ནི། གཟུགས་སོགས་ཆེན་པོར་རྟོགས་པ་ལ་ངེས་པ་འདྲེན་ཅིང༌། དེ་ལ་རང་ལས་ངེས་དང༌། སྡུག་བསྔལ་མཐོང་སྤངས་ལས་གྲོལ་བའི་རྣམ་པར་གྲོལ་བའི་ལམ་དང༌། སྡུག་བསྔལ་ལ་རྗེས་བཟོད་དང་རྗེས་ཤེས་གཉིས་ནི། གཟུགས་སོགས་འཇལ་བྱེད་ཀྱི་ཚད་མ་མེད་པ་དང༌། ཚད་མེད་པ་ལ་ངེས་པ་འདྲེན་པ་སོགས་དང༌། སྡུག་བསྔལ་མཐོང་སྤངས་ལས་གྲོལ་བའི་ཁྱད་པར་གྱི་ལམ་དུ་འཆད་དགོས་ཤིང༌། ཕྱི་མ་རྣམས་ལ་ཡང་དེ་བཞིན་ནོ། །གཉིས་པ་ནི་ཇི་སྐད་དུ། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་སོགས་སུ་ཤེས་བཟོད་བཅུ་དྲུག་པོ་གོ་རིམ་བཞིན་དུ། རྟག་མི་རྟག་ལ་སོགས་པའི་སྒྲོ་འདོགས་གཉིས་གཉིས་དང་བྲལ་བའི་སྤྲོས་བྲལ་ལ་ངེས་པ་འདྲེན་པའི་བྱེ་བྲག་གིས་བཅུ་དྲུག་ཏུ་བཞག་པར་བཤད་ལ། འདི་ནི་སྔ་མ་དང་ཅུང་ཟད་མི་འདྲ་བར་འཆད་དགོས་ཏེ། སྡུག་བསྔལ་ལ་ཆོས་བཟོད་ཀྱི་སྐབས་སུ། སྡུག་བདེན་ལ་སྤྲོས་པ་བརྒྱད་ཀ་བཅད་པའི་སྤྲོས་བྲལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་མ་བཤད་ན། དེས་སྡུག་བསྔལ་མཐོང་སྤངས་ཀྱི་ས་བོན་སྤོང་མི་ནུས་པར་ཐལ་བ་ལ་སོགས་པའི་མི་རིགས་པ་དུ་མ་འབྱུང་བས་སོ། །དེ་ལྟར་ན། གཞུང་དེས་ནི་ཆོས་བཟོད་བཞི་པོས་བདེན་པ་སོ་སོ་ལ་ངེས་པ་འདྲེན་ཚུལ་དངོས་སུ་བསྟན་ནས། ཡེ་ཤེས་ལྷག་མ་བཅུ་གཉིས་མཚོན་ནས་བཤད་པ་ཡིན་ནོ། །ཇི་ལྟར་ཞེ་ན། སྡུག་བསྔལ་ལ་ཆོས་བཟོད་ཀྱིས་སྡུག་བདེན་ངོ་བོ་ཉིད་མེད་པར་མངོན་སུམ་གྱིས་རྟོགས་པའི་ཕྱིར། སྡུག་བདེན་རྟག་མི་རྟག་ལ་སོགས་པའི་སྤྲོས་པ་བརྒྱད་དང་བྲལ་བ་ལ་ངེས་པ་འདྲེན་ནུས་སོ། །ཞེས་པ་ནི། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པའོ། །དེར་དེ་ལ་ངེས་པ་འདྲེན་ནུས་པའི་རྒྱུ་མཚན་གྱི། ཡེ་ཤེས་ལྷག་མ་གསུམ་གྱིས་མཐའ་འདས་སོ་སོའི་གསུམ་ལ་ངེས་པ་འདྲེན་ནོ་ཞེས་པ་ནི། མཐའ་ལས་འདས་དང་ཞེས་སོགས་སོ། །དེ་བཞིན་དུ་སྦྱར་ནས་ཀུན་འབྱུང་ལ་ཆོས་བཟོད་དུ་ཀུན་འབྱུང་བདེན་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་རྒྱུ་ཡིན་མིན་ལ་སོགས་པའི་སྤྲོས་པ་བརྒྱད་དང་བྲལ་བ་ལ་ངེས་པ་འདྲེན་པར་ནུས་སོ། །ཞེས་བཤད་པ་ནི། མཁའ་འདྲ་ཞེས་པའོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ལྷག་མ་གསུམ་གྱིས་རིམ་པ་བཞིན་དུ། ཆགས་པ་སྤངས་པ་སོགས་ལ་ངེས་པ་འདྲེན་ནུས་པ་ཡིན་ནོ། །ཞེས་འཆད་པ་ནི། ཆགས་པ་སྤངས་པ་དང་ཞེས་སོགས་སོ། །འཆད་ལུགས་དེ་ལས་གཞན་དུ་ན་སྡུག་བསྔལ་ལ་ཆོས་བཟོད་ཀྱིས་སྡུག་བདེན་གྱི་ཆོས་ཉིད་རྟོགས་ཀྱང༌། དེའི་སྤྲོས་པ་མཐའ་དག་དང་བྲལ་བར་མ་རྟོགས་ཞེས་པའམ། ཡང་ན་དེས་དེའི་སྟེང་གི་སྤྲོས་པ་ཕྱོགས་གཅིག་བཀག་པའི་ཆོས་ཉིད་ཉི་ཚེ་བ་ཞིག་ལ། ངེས་པ་འདྲེན་ནུས་པ་ཡིན་ཞེས་ཁས་ལེན་ནུས་དགོས་པར་འགྱུར་རོ། །དེ་ལྟར་ན་འདི་སྐད་ཅེས་སྟོན་པར་འགྱུར་ཏེ། སྐབས་གསུམ་པར་བསྟན་པའི་ཆོས་བཟོད་བཞི་པོ་ནི། སྒྲོ་འདོགས་བརྒྱད་བརྒྱད་དང་བྲལ་བའི་སྤྲོས་བྲལ་ལ་གཙོ་བོར་ངེས་པ་འདྲེན་པའི་བར་ཆད་མེད་ལམ་ཞིག་ཡིན་ནོ། །ཞེས་པ་ཙམ་ཞིག་བསྟན་པ་ཡིན་ནོ། །སྐབས་བཞི་པར་ནི་ཆོས་ཉིད་ལ་ངེས་པ་འདྲེན་པའི་ཚུལ་གྱི་ཆ་ནས་བཤད་པ་མ་ཡིན་གྱི། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་མཉམ་གཞག་དུ་རིམ་གྱིས་ཐོབ་པ་དེ་ཤེས་བཟོད་བཅུ་དྲུག་དང་སོ་སོར་སྦྱར་ནས་རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་བཤད་པ་ཙམ་ཡིན་པའི་ཕྱིར། བཅུ་དྲུག་པོ་མཐོང་སྤངས་ཀྱིས་སྤོང་བའི་གཉེན་པོའི་ཆ་ནས་མི་འཆད་པས། སྐབས་དེར་བཅུ་དྲུག་པོ་ལ་བར་ཆད་མེད་པའི་ལམ་དང༌། རྣམ་པར་གྲོལ་བའི་ལམ་སོ་སོར་དབྱེ་དགོས་པ་མིན་ཏེ། དེ་ལྟར་ན་བཟོད་པ་དང་ཞེས་སོགས་ཀྱི་གཞུང་ལས་གསལ་བས་སོ། །བཞི་པ་སྐབས་ལྔ་པར་བསྟན་པ་ནི། སྦྱིན་པ་ལ་སོགས་རེ་རེར་ནི། །ཞེས་སོགས་ཀྱིས་བཤད་པ་ཡིན་ལ། དེ་ཡང་རྩ་བར་བར་ཆད་མེད་པའི་ལམ་དང༌། ཁྱད་པར་གྱི་ལམ་གཉིས་དངོས་སུ་བཤད་ནས། འགྲེལ་པས་དེ་གཉིས་ཀྱི་བར་དུ། རྣམ་པར་གྲོལ་བའི་ལམ་ཞིག་ཁ་བསྐང་བ་ནི། ཇི་སྐད་དུ། དེ་སྐྱེས་ན་འདོད་པ་དང་གཟུགས་དང༌། །ཞེས་པ་ནས། བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་བོ། །ཞེས་བསྟན་པ་ལ། བར་ཆད་མེད་པའི་ལམ་ནི། སྐད་ཅིག་ཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པས་བསྟན་ལ། འདིས་ཆོས་བཟོད་བཞི་ཀ་བཤད་ཀྱང༌། འགྲེལ་པར་སྡུག་བསྔལ་ཆོས་བཟོད་དམིགས་པ་ནི། མཚན་གཞི་བསྟན་པ་ཡིན་གྱི། དེ་ཅིག་པུས་ཆོག་པ་མ་ཡིན་ཏེ། གཞན་དུ་ན་སློབ་དཔོན་ཉིད་ཀྱིས་ཇི་སྐད་དུ། སྤོང་བའི་ལམ་ལ་བར་ཆད་མེད་པའི་ལམ་གྱི་རྣམ་པ་བདེན་པ་བཞིས་བསྡུས་པ་ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་མཚན་ཉིད་བཞིའོ། །ཞེས་བཟོད་པ་བཞི་ཀ་བཤད་པ་དང་འགལ་བའི་ཕྱིར། དེ་ལྟར་ན་རྩ་བར་ཆོས་བཟོད་བཞི་དང༌། འགྲེལ་པར་ཆོས་ཤེས་བཞི་སྟེ་བརྒྱད་བཤད་ལ། དེའི་འོག་ཏུ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཞེས་པས་ཁྱད་པར་གྱི་ལམ་བཤད་པ་ཡིན་པས་ན། རྗེས་སུ་ཤེས་པའི་བཟོད་པ་དང༌། ཤེས་པ་བརྒྱད་པོ་ནི་དེས་མཚོན་ནས་བསྟན་པ་ཡིན་ནོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཡེ་ཤེས་བཅུ་དྲུག་པོས་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་ཀྱང༌། ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ཀྱི་རྣམ་པ་སོ་སོ་ལ་ངེས་པ་འདྲེན་ཚུལ་གྱི་ཁྱད་པར་ལས་གང་ལ་ངེས་པ་འདྲེན་པ་དེ་ལས་རང་ངེས་ཀྱི་ཚད་མ་དང༌། མི་འདྲེན་པ་དེ་ལ་གཞན་ལས་ངེས་དང༌། ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་པའི་དོན་ལ་བཅད་ཤེས་སུ་འཇོག་པ་དང༌། ཐེག་ཆེན་གྱི་མཐོང་ལམ་དུ་འཇོག་པ་ལ་ཆོས་ཉིད་སྔར་མ་མཐོང་གསར་མཐོང་མི་དགོས་པ་དང༌། བདེན་པ་སྔར་མ་མཐོང་གསར་རྟོགས་དགོས་པ་དང༌། ཆོས་ཉིད་སྔར་མ་མཐོང་གསར་མཐོང་ལ་སྐད་ཅིག་བཅུ་དྲུག་ཏུ་མི་འབྱེད་ཀྱང༌། སྔར་མ་རྟོགས་གསར་རྟོགས་ལ་ལྟོས་ནས་བཅུ་དྲུག་ཏུ་འབྱེད་པ་དང༌། དེ་འདྲའི་གསར་རྟོགས་ཀྱི་བདེན་པ་དེ་ལ་འགོག་བདེན་དང༌། ལམ་བདེན་ཀྱང་ཡོད་པ་ཞེས་བྱ་བ་འདི་རྣམས་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། འགྲེལ་ཆེན་ལས་ཇི་སྐད་དུ། གཟུགས་ཆོས་མཐུན་པ་མཐོང་བ་ལས། །ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་བའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ལྟར་གྱུར་པ་ཞིག་ན་གང་གི་ཚེ། འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལས་སྒྲོ་འདོགས་པའི་རྣམ་པ་གཞན་དག་ཡོད་པའི་ཕྱིར། དེ་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་དང་བཅས་པ་དྲུངས་ནས་དབྱུང་བའི་ཕྱིར་རྣམ་པ་གཞན་དག་གི་བསྒོམ་པ་གཞན་ཡང་ཡོད་པས། བརྒྱད་པ་ལ་སོགས་པའི་གནས་སྐབས་ལེགས་པར་གནས་པ་ཡིན་ནོ། །དགོངས་པ་འདི་ཉིད་ཀྱིས་ན། རིགས་པའི་སྟོབས་ཀྱིས་མཐོང་བའི་ལམ་གྱི་མངོན་པར་རྟོགས་པའི་སྐད་ཅིག་མ་ཅིག་ཡིན་ཡང༌། མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་ཉིད་དུ་བཤད་པ་ཡིན་ནོ། །དེ་བས་ན་རྣམ་པར་ཤེས་པས་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་བཟུང་བ་ཉིད་ཡིན་ན་ཡང༌། ཆ་གང་ལ་གོམས་པ་གསལ་བར་གྱུར་པ་ལ་སོགས་པས་སྒྲོ་བཏགས་པའི་རྣམ་པ་ངེས་པར་སེལ་ནུས་པ་དེ་ཉིད་ལ་དེའི་གེགས་སུ་གྱུར་པའི་སྒྲིབ་པ་སེལ་བས་དེ་ཚད་མ་ཡིན་གྱི། གཞན་དུ་ནི་མིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་དང་འདྲའོ། །དེ་ལྟ་ན། འཕགས་པ་རྣམས་སོ་སོ་སྐྱེ་བོ་རྣམས་ལས་ཁྱད་པར་ཅི་ཞིག་ཡོད་ཅེས་ཀྱང་བརྗོད་པར་མི་བྱ་སྟེ། རྣམ་པ་ཅི་ཙམ་ཞིག་བསལ་བས། དེ་དག་གི་ཤེས་པ་འཁྲུལ་པའི་རྒྱུ་མཚན་དང་བྲལ་བར་གྱུར་པ། དེ་ཙམ་གྱིས་དེ་དག་ཁྱད་པར་དུ་འཕགས་པའི་ཕྱིར། ཞེས་གསལ་བར་གསུངས་པ་ཡིན་ནོ། །དེ་ལྟར་བཤད་པ་ན། བོད་ཕྱི་མ་གང་དག ཐེག་ཆེན་གྱི་མཐོང་ལམ་ལ་ཆོས་ཉིད་སྔར་མ་མཐོང་གསར་མཐོང་དགོས་པར་འདོད་པ་ནི། སློབ་དཔོན་བདག་ཉིད་ཆེན་པོའི་ཕྱོགས་སྔ་མ་ཡིན་ཏེ། དེ་ལ་སློབ་དཔོན་གྱིས་ཤེས་བཟོད་བཅུ་དྲུག་ཏུ་དབྱེ་བ་མི་རུང་བར་ཐལ་བ་དང༌། ཞུགས་གནས་ཀྱི་རྣམ་གཞག་མི་རུང་བར་ཐལ་བ་དང་བཅས་པ་འཕངས་ནས། ཆོས་ཉིད་གསར་མཐོང་ལ་སྐད་ཅིག་མ་ཅིག་ལས་མི་དགོས་པར་སློབ་དཔོན་རང་ཉིད་ཀྱང་བཞེད་པའི་ཕྱིར། ཡང་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཙམ་གྱིས་སྒོམ་ལམ་དུ་འཇོག་པ་ཡང་སློབ་དཔོན་གྱིས་འགོག་པའི་ཕྱོགས་སྔ་མ་ཡིན་ཏེ། དྲངས་མ་ཐག་པའི་ལུང་ལས་རྣམ་པ་གཞན་དག་གིས་བསྒོམ་པ་གཞན་ཡང་ཡོད་པས་ཞེས་སོགས་གསལ་བར་གསུངས་པས་སོ། །འགྲེལ་ཆེན་དུ། ཆ་གང་ལ་ངེས་པ་འདྲེན་པ་དེ་ལ་ཚད་མ་དང༌། ཅིག་ཤོས་ལ་མ་ཡིན་པར་གསུངས་པའི་དགོངས་པ་ཡང༌། རང་ལས་ངེས་ཀྱི་ཚད་མ་ལ་འཆད་པ་ཡིན་གྱི། སྤྱིར་ཚད་མ་ཙམ་ཡིན་མིན་ལ་བྱ་བ་མིན་ཏེ། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡིན་ན་ཚད་མིན་དུ་འགལ་བའི་ཕྱིར་དང༌། རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ་པའི་ཕྱིར། འོ་ན་ཤེས་བཟོད་ཕྱི་མ་རྣམས་ཆོས་ཉིད་མེད་དགག་གི་ཆ་ལ་བཅད་ཤེས་སུ་ཁས་བླངས་པ་མིན་ནམ་ཞེ་ན། སྔར་སྒྲོ་འདོགས་བཅད་ཟིན་པའི་ཆོས་གཅིག་ལ་དེ་ཡིན་པས། དེ་ཡིན་མི་དགོས་ཏེ། རེ་རེ་ནས་སྒྲོ་འདོགས་གསར་དུ་གཅོད་ནུས་ཀྱི་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་ཕྱིར་དང༌། དེའི་རྒྱུ་མཚན་གྱིས་ཚད་མ་སྔ་མས་གཞལ་མ་ཟིན་པའི་འཇུག་ཡུལ་ཞིག་ལ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དཔེར་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་ལ་བཅད་ཤེས་ཡིན་ཀྱང༌། སྤྱིར་ཚད་མ་ཡིན་པ་བཞིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། དར་ཊཱིཀ་མཛད་པ་ན་རེ། བདེན་པ་མངོན་པར་རྟོགས་པ་ནི་གཉིས་ཁོ་ན་སྟེ། བཟོད་པ་བརྒྱད་བར་ཆད་མེད་ལམ་གྱིས་བསྡུས་པ་དང༌། ཤེས་པ་བརྒྱད་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའོ། །དེ་ཡང་བརྒྱད་ཚན་གཉིས་པོ་སོ་སོར་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་ནོ། །འགྲེལ་ཆེན་གྱི་དགོངས་པ་བཅུ་དྲུག་པོ་རིམ་ཅན་དུ་སྐྱེ་བ་ནི་མ་ཡིན་ཏེ། དེའི་དགོངས་པ་རྗེས་ཐོབ་དུ་ངེས་ཤེས་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་སྐྱེ་བ་ཡིན་གྱི། ངེས་ཤེས་སྐྱེ་བའི་ཚད་མ་བཅུ་དྲུག་རིམ་ཅན་དུ་སྐྱེ་བའི་དོན་མ་ཡིན་ཏེ། དཔེར་ན་སོ་སོ་སྐྱེ་བོ་ལས་ཕྱོགས་འཛིན་པའི་མངོན་སུམ་གཅིག་གིས་ས་ཕྱོགས་འདི་ནི་དམིགས་སོ། །བུམ་པ་འདི་ནི་མ་དམིགས་སོ་སྙམ་པའི་བློ་རིམ་ཅན་དུ་བསྐྱེད་པ་བཞིན་ནོ། །ཡང་ཆོས་ཉིད་ཀྱིས་རྣམ་པ་ཐམས་ཅད་བཟུང་བ་ཡིན་ཀྱང༌། གང་ལ་སྒྲིབ་པ་སེལ་བ་དེ་ཚད་མར་བཤད་པའི་དོན་ཡང༌། མཐོང་ལམ་མཉམ་གཞག་ཐུན་གཅིག་ལ་ཚད་མ་མི་འདྲ་བ་བཅུ་དྲུག་རིམ་ཅན་དུ་བསྐྱེད་པའི་དོན་མིན་ཏེ། གཞན་དུ་ན་སོ་སོ་སྐྱེ་བོའི་ཚད་མ་དང་ཁྱད་པར་ཕྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་འབྱེད་པའི་དོན་ཡང་སོ་སོ་སྐྱེ་བོ་ལ་བཟུང་ཡང་ངེས་པ་མི་བསྐྱེད་པའི་སྣང་ལ་མ་ངེས་པ་ཡོད་པ། འཕགས་པ་ལ་ཇི་སྐད་དུ། བློ་གྲོས་ཆེན་པོས་མཐོང་ཉིད་ལས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་སྣང་ལ་མ་ངེས་པ་མི་སྲིད་པར་ལན་འདེབས་པ་ཡིན་ནོ། །དེས་ན་སྡུག་བསྔལ་ལ་ཆོས་བཟོད་དེ་ཉིད་བཟོད་པ་བརྒྱད་ཀྱི་ངོ་བོར་སྐྱེ་ཞིང༌། བདེན་པ་བཞིའི་ཆོས་ཉིད་ལ་ཚད་མར་སོང་བའི་སྒོ་ནས་བདེན་པ་བཞི་ཀའི་མཐོང་སྤངས་ཀྱི་ས་བོན་སྤོང་བཞིན་པའི་བར་ཆད་མེད་ལམ་ཡིན་ནོ་ཞེས་གསུང་ངོ༌། །འདི་བརྟག་པར་བྱ་བ་ལ་གསུམ་སྟེ། མཐོང་ལམ་སྐད་ཅིག་མ་གཉིས་ཁོ་ནར་འཇོག་པའི་གྲངས་ངེས་མི་འཐད། ངེས་ཤེས་བཅུ་དྲུག་རིམ་ཅན་དུ་འདྲེན་པ་ལ། ཚད་མ་གཅིག་ཁོ་ནས་ཆོག་པ་མི་འཐད། འཕགས་པ་ལ་སྣང་ལ་མ་ངེས་ཀྱི་ཚད་མ་མི་སྲིད་པར་འདོད་པ་མི་འཐད་པའོ། །དང་པོ་ནི་བཟོད་པ་བརྒྱད་ཀ་བར་ཆད་མེད་ལམ་དུ་འཆད་པ་དང༌། ཅིག་ཅར་དུ་སྐྱེ་བ་སློབ་དཔོན་གྱི་དགོངས་པ་མིན་ཏེ། འགྲེལ་ཆེན་དུ་སྡུག་བསྔལ་བདེན་པའི་དབང་དུ་བྱས་པའི་བཟོད་ཤེས་བཞི་པོ་རིམ་ཅན་ཁོ་ནར་སྐྱེ་བ་རང་ལུགས་སུ་བཞག་པར་གསལ་བཞིན་དུ་མངོན་སུམ་ལ་བསྙོན་པར་ཟད་པའི་ཕྱིར་དང༌། བཟོད་པ་བརྒྱད་ཀ་བར་ཆད་མེད་ལམ་དུ་ཁས་ལེན་པ་ནི། ཐེག་པ་ཆེན་པོའི་ལུགས་ལ་མེད་པའི་ཕྱིར་དང༌། གལ་ཏེ་ཡོད་ན་བཟོད་པ་གཉིས་ཀྱིས་ཁམས་གོང་འོག་གི་བདེན་པ་ལ་སོ་སོར་དམིགས་ནས་སྤང་བྱ་རིམ་ཅན་དུ་སྤོང་བར་ཁས་ལེན་དགོས་པའི་ཕྱིར། གསལ་བའི་རྒྱུ་མཚན་ནི་གོང་དུ་འགྲེལ་ཆེན་གྱི་ལུང་དྲངས་པ་ལ་སོགས་པ་གཞན་ཡང་སྡུག་བསྔལ་ཆོས་ཤེས་ལ་གནས་པའི་བྱང་སེམས་དེ་མཚོན་བྱ་དོན་གྱི་འབྲས་གནས་སུ་ཐལ་བར་འགྱུར་ཏེ། དེ་བཅུ་དྲུག་པ་ལ་གནས་པའི་ཕྱིར། འདོད་ན་འགྲེལ་པ་གཉིས་ཀ་དང་དངོས་སུ་འགལ་ཏེ། དང་པོ་བཅོ་ལྔ་ལ་གནས་པ་ཞུགས་པར་བཤད་པའི་ཕྱིར་རོ། །གཞན་ཡང་ཁྱེད་ཀྱི་འདོད་པ་དེ་སློབ་དཔོན་གྱི་འགྲེལ་པའི་ལུང་གང་གིས་ཀྱང་མ་ཐོན་ཏེ། འགྲེལ་པ་ཚིག་དངོས་སུ་བཤད་པ་རྣམས་དང་ནི་འགལ་ཞིང༌། སྐད་ཅིག་གཉིས་སུ་སྟོན་པའི་ལུང་མེད་པ་དང༌། སྒྲོ་འདོགས་སེལ་བའི་རིམ་པ་བཅུ་དྲུག་ཡོད་པའི་རྒྱུ་མཚན་གྱིས་ཞུགས་གནས་ཀྱི་རྣམ་གཞག་འཐད་པར་བཤད་ཀྱི། སྐད་ཅིག་མ་གཉིས་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་དེ་འཐད་པར་མ་བཤད་པའི་ཕྱིར་དང༌། ཁྱེད་ཀྱི་འཆད་ཚུལ་ནི། མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ལུང་ཁུངས་སུ་དྲངས་ནས་མཐོང་བ་ཙམ་གྱིས་བདེན་པ་མངོན་རྟོགས་སུ་འཇོག་པའི་ཕྱོགས་སྔ་མ་སློབ་དཔོན་གྱིས་བཀག་པ་དེ་ཉིད་ཡིན་པའི་ཕྱིར་དང༌། ཁྱེད་ཀྱི་འདོད་པ་དེ་དང་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་ཅིག་ཡིན་ཞེས་ཟེར་བ་དེ་ལ་ཁྱད་པར་མེད་ལ། དེ་ཡང་ཁྱེད་ཀྱིས་འབད་པས་འགོག་པའི་ཕྱིར། ཁྱད་པར་མེད་དེ། སྡུག་བསྔལ་མཐོང་སྤངས་སྤངས་པའི་ཚེ་མཐོང་སྤངས་གཞན་རྣམས་ཀྱང་སྤངས་པ་དེ་འབྲས་བུའི་མངོན་རྟོགས་གཅིག་དུ་འཆད་པའི་ལུགས་ཡིན་པའི་ཕྱིར། གཉིས་པ་ནི་རྗེས་ཐོབ་དུ་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་པ་ལ་མཉམ་གཞག་གི་ཚད་མ་གཅིག་གིས་ཆོག་ན། སློབ་དཔོན་གྱིས་འགྲེལ་ཆེན་དུ། དབུས་མཐའི་ལུང་དྲངས་ནས། ཡུལ་ཅན་ཡེ་ཤེས་ཉི་ཤུ་ལ་ས་མཚམས་བཞག་པ་དང་འགལ་ཏེ། ཉི་ཤུ་པོ་དེ་ཡང་རང་བཞིན་རྣམ་དག་གི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་འཆད་དགོས་པའི་ཕྱིར། གཞན་ཡང་ས་བཅུའི་མཉམ་གཞག་དུ་ཆོས་ཉིད་མཐོང་ཚུལ་ལ་ཁྱད་པར་མེད་ཀྱང༌། ངེས་པ་འདྲེན་པའི་ནུས་པ་བཅུ་རིམ་ཅན་དུ་འབྱུང་བར་བཤད་པ་དེ་ཡང་མི་འཐད་པར་འགྱུར་ཏེ། སོ་སོ་སྐྱེ་བོ་ལ་ཡང་མངོན་སུམ་ཅིག་གི་ངེས་པ་རིམ་ཅན་དུ་འདྲེན་པའི་ཕྱིར། གསུམ་པ་ནི། འཕགས་པ་ལ་སྣང་ལ་མ་ངེས་པ་མི་སྲིད་པ་ནི། འགྲེལ་ཆེན་གྱི་ལུང་དང་དངོས་སུ་འགལ་ཞིང༌། རིགས་པ་དང་ཡང་འགལ་ལོ། །དང་པོ་ནི་འགྲེལ་ཆེན་དུ། ཡོན་ཏན་གཞན་སྦྱོར་མི་བྱེད་ན། །དེ་ལྟར་འགྱུར་བ་ཞིག་ན་ཞེས་གསུངས་པ་དེ། མཐོང་ལམ་གྱི་མཉམ་གཞག་ནུ་ཡུལ་འགའ་ཞིག་མཐོང་ཡང་དེ་ལ་ངེས་པ་མི་འདྲེན་ཞེས་པ་ལ་སྦྱོར་དགོས་པ་ཤིན་ཏུ་གསལ་བའི་ཕྱིར་དང༌། རིགས་པས་ཀྱང་མི་འཐད་དེ། འཕགས་པའི་མངོན་སུམ་ཐམས་ཅད་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་ཁས་ལེན་ན། འཕགས་པ་ལ་མངོན་སུམ་དང་པོ་པ་དང༌། ཡིད་མ་གཏད་ཀྱི་མངོན་སུམ་དང༌། འཁྲུལ་རྒྱུ་ཅན་གྱི་མངོན་སུམ་རྣམས་མེད་པར་འགྱུར་བ་དང༌། དགྲ་བཅོམ་པ་ལ་དྲན་པ་ཉེ་བར་མ་བཞག་པའི་སྐབས་མེད་པར་འགྱུར་རོ། །བློ་གྲོས་ཆེན་པོས་མཐོང་ཉིད་ལས། །ཞེས་པའི་དོན་ཡང་འཕགས་པ་ལ་ཆུར་འཛིན་གྱི་སྒྲོ་འདོགས་འདྲེན་པར་བྱེད་པའི་མངོན་སུམ་ལྟ་བུ་མི་འབྱུང་བར་སྟོན་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཕགས་པས་དོན་རང་མཚན་གང་དང་གང་མཐོང་བ་དང༌། དེ་དང་དེ་ལ་མི་རྟག་པའི་ངེས་པ་རང་སྟོབས་ཀྱིས་འདྲེན་པ་དང༌། རྟག་འཛིན་གྱི་སྒྲོ་འདོགས་སེལ་བའི་ནུས་པའི་དོན་ཡིན་ཏེ། དེའི་རྒྱུད་ལ་དོན་རང་མཚན་རྣམས་ལ་རྟག་པར་འཁྲུལ་བའི་རྒྱུ་སྤངས་ནས་མེད་པའི་ཕྱིར། ཞེས་པའི་དོན་ཏེ། ལུང་སྔ་མ་དེའི་དེ་མ་ཐག་ཏུ། འཁྲུལ་རྒྱུ་མེད་ན་དེ་ཡིས་ནི། །ངོ་བོ་ཉིད་ཀྱི་རང་དང་ནི། །རྗེས་སུ་མཐུན་པའི་བློ་བསྐྱེད་བྱེད། །ཅེས་གསུངས་པས་སོ། །དེ་ལས་གཞན་དུ་འཕགས་པས་དོན་གང་དང་གང་མཐོང་བ་དེ་ཐམས་ཅད་ལ་དེ་དང་དེ་ཀུན་རྫོབ་ཀྱི་གནས་ཚུལ་དང་མཐུན་པའི་ངེས་པ་འདྲེན་དགོས་ན་ཧ་ཅང་ཐལ་བར་འགྱུར་ཏེ། དཔེར་ན་ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུའི་ཁ་དོག་ཇི་སྙེད་པ། །ཀུན་མཁྱེན་མིན་པས་ཤེས་བྱ་མིན། །ཞེས་བཤད་པ་བཞིན་ནོ། །དེས་ན་འཕགས་པ་རྣམས་ཀྱིས་ཆོས་ཅན་གཅིག་མཐོང་བ་ན་དེའི་གནས་ལུགས་ཇི་ལྟ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་སྟོན་པའི་ལུང་དེ། ཁྱེད་ཀྱིས་ནི་དེའི་ཇི་སྙེད་པའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཤེས་བྱེད་དུ་དྲངས་པས་ནོངས་པ་ཡིན་ནོ། །ཡང་སྐབས་འདིར། བོད་སྔ་མ་རྣམས་འཕགས་པས་སྒྲོ་འདོགས་གང་སེལ་ཡང་དེའི་ས་བོན་སེལ་བ་ཡིན་ལ། སོ་སོ་སྐྱེ་བོས་དེ་ལྟ་མ་ཡིན་ཞེས་འཆད་པ་ཡང་ཧ་ཅང་ཁྱབ་ཆེས་པ་ཡིན་ཏེ། འཕགས་རྒྱུད་ཀྱི་ངེས་ཤེས་ཀྱིས་ཇི་སྙེད་པའི་ཆ་ལ་སྒྲོ་འདོགས་སེལ་བ་རྣམས་ལ་དེ་ལྟ་བུའི་ངེས་པ་མེད་པའི་ཕྱིར། དཔེར་ན་འཕགས་པས་དེ་རིང་དུང་སེར་འཛིན་སྒྲོ་འདོགས་བསལ་ཡང༌། སང་ཉིན་དེ་ལ་དེ་སྐྱེ་བ་བཞིན་ནོ། །འོ་ན་ཇི་སྐད་དུ། རྣམ་པ་ཇི་ཙམ་ཞིག་གསལ་བས་ཞེས་སོགས་ཀྱི་དོན་ཅི་ཞེ་ན། དེ་ཡང་སྔ་མ་བཞིན་དུ་དོན་ཇི་ལྟ་བ་ལ་སྒྲོ་འདོགས་སེལ་ཚུལ་གྱི་ཁྱད་པར་ལས་ཡིན་ནོ། །གསུམ་པ་ནི་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་དེ་ལས་བར་ཆད་མེད་པའི་ལམ་ནི་དུ། རྣམ་པར་གྲོལ་བའི་ལམ་དང་ཁྱད་པར་གྱི་ལམ་ནི་དུ་ཞེ་ན། དང་པོ་ནི་བཞི་སྟེ། ཆོས་བཟོད་བཞི་པོ་དེའོ། །གཉིས་པ་ཡང་བཞི་སྟེ། ཆོས་ཤེས་བཞི་པོའོ། །གསུམ་པ་ནི་བརྒྱད་དེ། རྗེས་བཟོད་བཞི་དང་རྗེས་ཤེས་བཞིའོ། །དེ་ཉིད་སློབ་དཔོན་གྱི་བཞེད་པ་ཡིན་ཏེ། འགྲེལ་ཆེན་གྱི་ལུང་གོང་དུ་དྲངས་མ་ཐག་པ་ལས་གསལ་བ་དང༌། དོན་གསལ་ལས། བར་ཆད་མེད་ལམ་ལ་བཟོད་པ་བཞིའི་གྲངས་ངེས་གསུངས་པའི་ཕྱིར། འོ་ན་རྗེས་བཟོད་ཀྱི་བསལ་བྱ་སྒྲོ་འདོགས་དེ་མཐོང་སྤངས་སུ་མི་འདོད་པའམ། ཡང་ན་དེས་དེའི་ས་བོན་མི་སྤོང་བ་གཉིས་ལས་གང་ཡིན། དེས་དེའི་ས་བོན་སྤོང་ན་ནི། དེ་ཆོས་ཅན། བར་ཆད་མེད་ལམ་དུ་ཐལ། རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་དྲུངས་འབྱིན་པར་ནུས་པའི་ལམ་ཡིན་པའི་ཕྱིར་སྙམ་ན། མཐོང་སྤངས་ཀྱི་འཇོག་ཚུལ་ལ་གཉིས་ཏེ། ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གེགས་བྱེད་པ་དང༌། དེ་ལ་དེ་མི་བྱེད་ཀྱང་མཐོང་ལམ་ཁོ་ནས་ངེས་པར་སྤོང་དགོས་པའོ། །དང་པོ་སྤོང་བའི་ཆ་ནས་འདིར་མཐོང་ལམ་བར་ཆད་མེད་ལམ་དུ་བཞག་པ་ཡིན་ཏེ། དེ་ཇི་ལྟ་བ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པའི་ཕྱིར། གཉིས་པ་དེ་ནི་ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་ཡིན་པས། དེའི་ས་བོན་དྲུངས་འབྱིན་ཡང་དེའི་ཆ་ནས་བར་ཆད་མེད་ལམ་དུ་མ་བཞག་སྟེ། དཔེར་ན་རྒྱུད་བླ་མར། སྒྲིབ་པ་གཉིས་དང་བྲལ་བ་ཡི། །རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། །མི་རྟོག་པ་དང་དེ་ཡི་ནི། །རྗེས་ལ་ཐོབ་པའི་ཡེ་ཤེས་འདོད། །ཅེས་ཇི་སྙེད་པ་མཐོང་བ་ལ་གེགས་བྱེད་ཀྱི་ཐོགས་པའི་སྒྲིབ་པ་དེ་རྗེས་ཐོབ་དུ་སྤང་བར་བཤད་པ་བཞིན་ནོ། །གོང་གི་ཐལ་འགྱུར་དེ་ལ་ཁྱབ་པ་མ་ངེས་པའི་ཤེས་བྱེད་ནི། མཐོང་ལམ་རྣམ་གྲོལ་ལམ་གྱིས་ཐོབ་ཅིང༌། སྒོམ་ལམ་བར་ཆད་མེད་ལམ་མ་སྐྱེས་པའི་བར་དེར་སྙོམས་འཇུག་གི་སྒྲིབ་པའི་ས་བོན་སྤོང་བ་ཡོད་པ་དང༌། ཉན་ཐོས་དགྲ་བཅོམ་པས་སྙོམས་འཇུག་གི་སྒྲིབ་པའི་ས་བོན་སྤོང་བར་བཤད་པ་དང༌། དགྲ་བཅོམ་པ་དབང་པོ་འཕོ་བའི་བར་ཆད་མེད་ལམ་གྱིས་ཀྱང་སྤང་བྱའི་ས་བོན་སྤོང་བ་བཞིན་ནོ། །བཞི་པ་རྗེས་ཐོབ་ལ་དཔྱད་པ་ནི། ཆོས་མངོན་པ་ལས་ནི། མཐོང་ལམ་དང་རྗེས་ཐོབ་ཀྱི་གཞི་མཐུན་དངོས་སུ་བཤད་པ་དང༌། དེ་ལྟར་བཤད་དམ་སྙམ་དུ་འཁྲུལ་པའི་བློ་གཞི་ཡང་མེད་ལ། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དུ་ནི། མཐོང་ལམ་གྱི་སྐབས་སུ་རྗེས་ཐོབ་བཤད་པ་མང་བ་ཡིན་ཏེ། ཇི་སྐད་དུ། རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་གསུངས་ཤིང༌། དེ་ལྟར་བཤད་པ་དེ་འཕགས་སེང་གཉིས་ཀྱིས་མཐོང་ལམ་གྱི་སྡེ་ཚན་དུ་བསྡུས་པ་དང༌། ཕྱིར་མི་ལྡོག་པའི་རྟགས་བཤད་པའི་སྐབས་སུ། བྱང་སེམས་མཐོང་ལམ་པ་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་བཅུ་དྲུག་གསུངས་པ་རྣམས་སོ། །དེ་ལྟ་ན་ཡང༌། རྗེས་ཐོབ་ཀྱི་ཡེ་ཤེས་དེ་རྣམས་མཐོང་བའི་ལམ་དུ་མི་འཇོག་སྟེ། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་གང་ཡང་མ་ཡིན་པའི་ཕྱིར་དང༌། དེ་ལ་བཅུ་དྲུག་ཏུ་གྲངས་ངེས་པར་འཕགས་པས་སྐབས་གསུམ་པའི་གཞི་ཤེས་ཀྱི་ཐད་དུ་གསུངས་པའི་ཕྱིར། ཡང་དེ་རྣམས་ཆོས་ཅན། དེ་མ་ཡིན་ཏེ། བདེན་པ་མངོན་རྟོགས་མ་ཡིན་པའི་ཕྱིར་ཏེ། བཅུ་དྲུག་པའི་རྗེས་ཐོགས་སུ་བྱུང་བའི་མངོན་རྟོགས་རྣམས་ལ་ནི། རྗེས་ལ་མངོན་རྟོགས་སུ་འཆད་དགོས་པ་ནི། ཆོས་མངོན་པའི་སྤྱི་ལུགས་ཡིན་པའི་ཕྱིར། འོ་ན་ཕྱིར་མི་ལྡོག་པའི་རྟགས་སུ་འགྱུར་ཚུལ་དང༌། རྗེས་ཐོབ་རྟེན་འབྲེལ་ལ་རྟོག་ཚུལ་མཐོང་ལམ་གྱི་སྡེ་ཚན་དུ་བསྡུས་པ་ཅི་ཞེ་ན། དང་པོ་ནི་འདི་ལྟར་བྱང་སེམས་མཐོང་ལམ་པ་གཞན་ངོར་ཕྱིར་མི་ལྡོག་པའི་དོན་དང༌། ཐ་སྙད་བསྒྲུབ་པ་ལ་གཏན་ཚིགས་འདི་ལྟར་འགོད་དེ། ཐོག་མར་ཕྱོགས་ཆོས་བསྒྲུབ་པ་དང༌། དེ་ནས་རྩ་བའི་གཏན་ཚིགས་བཀོད་དེ་རྗེས་དཔག་བསྐྱེད་པའོ། །དང་པོ་ནི་མཐོང་ལམ་གྱི་རྗེས་ཐོབ་དེ་དང་དེ་ལ་གནས་པའི་བྱང་སེམས་ཆོས་ཅན། མཉམ་གཞག་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་སྔོན་དུ་སོང་བ་ཡིན་ཏེ། ད་ལྟ་གཞན་གྱི་དོན་དུ་དམྱལ་བ་ཡང་ཚོལ་བ་ལ་སོགས་པའི་རྗེས་ཐོབ་ཀྱི་སྤྱོད་པ་ལ་གནས་པའི་ཕྱིར། ཞེས་བསྒྲུབ་ནས་གཉིས་པ་ནི། དེ་འདྲའི་རྗེས་ཐོབ་ཀྱི་རྟོགས་པ་དེ་འདྲེན་བྱེད་ཀྱི་མཐོང་ལམ་ལ་གནས་པའི་བྱང་སེམས་དེ་ཆོས་ཅན། ཐེག་པ་གཞན་གྱི་བར་མ་ཆོད་པར་རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་འབྱུང་དུ་རུང་སྟེ། དེ་ལྟར་འབྱུང་བའི་རྒྱུ་ཚོགས་གྲངས་ཚང་བའི་ཕྱིར། ཞེས་པས་དོན་དང༌། དེ་ལྟར་གྲུབ་ཟིན་པའི་འོག་ཏུ། དེ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། རང་རྒྱུད་ལ་རྣམ་མཁྱེན་གྱི་ཡེ་ཤེས་ཐེག་པ་གཞན་གྱིས་བར་མ་ཆོད་པར་འབྱུང་བའི་ཕྱིར། ཞེས་པས་ཐ་སྙད་བསྒྲུབ་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་བྱང་སེམས་མཐོང་ལམ་པ་གཞན་ངོར་ཕྱིར་མི་ལྡོག་ཏུ་བསྒྲུབ་པའི་འབྲས་བུའི་གཏན་ཚིགས་ལ་རྗེས་ཐོབ་ཀྱི་སྤྱོད་པ་རྣམས་མེད་མི་རུང་གི་ཡན་ལག་ཏུ་དགོས་པས་དེ་ལ་རྗེས་ཐོབ་བཤད་པ་ཡིན་ཀྱང༌། དེས་དེ་ཡིན་མི་དགོས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་རྗེས་ཐོབ་རྟེན་འབྲེལ་ལ་རྟོག་པ་མཐོང་ལམ་གྱི་སྡེ་ཚན་དུ་སྡུད་པའི་རྒྱུ་མཚན་ནི། དེ་འདྲ་དེ་སྤང་བྱ་མཐོང་སྤངས་ལ་ལྟོས་པའི་གཉེན་པོ་བཞི་པོ་གང་རུང་ཡིན་ལ། སྒོམ་སྤངས་ལ་ལྟོས་པའི་དེ་མ་ཡིན་པས་སོ། །དེ་ཡང་བཞི་པོ་གང་ཞེ་ན། ཐག་སྲིང་བའི་གཉེན་པོའི་དབང་དུ་བྱས་ནས། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྟོག་པའོ། །དེ་ཡང་དཔེར་ན། མཐོང་སྤངས་ཀྱི་སྤོང་གཉེན་དུ་གྱུར་པའི་སྦྱོར་བ་ཉེར་བསྡོགས་དེ། མཐོང་ལམ་མ་ཡིན་ཀྱང༌། དེའི་སྡེ་ཚན་དུ་བསྡུད་པ་བཞིན་ནོ། །གཉིས་པ་རིགས་པ་དྲུག་ཅུ་པའི་ལུགས་བཤད་པ་ལ་གཉིས་ཏེ། རང་གི་ལུགས་བཞག་པ་དང༌། གཞན་གྱིས་བཏགས་པའི་མཐའ་བསལ་བའོ། །དང་པོ་ནི་དེ་ཉིད་ལས། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཆོས་ཤེས་དེའི་འོག་ཏུ་ནི། །འདི་ལ་བྱེ་བྲག་ཡོད་ན་ནི། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །ཞེས་གསུངས་ལ། དེའི་འགྲེལ་པར། ཟླ་བའི་ཞབས་ཀྱིས། མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །དེའི་དོན་ནི། མཐོང་ལམ་མཉམ་གཞག་ཐུན་གཅིག་ཡིན་པ་དང༌། ཐུན་གཅིག་པོ་དེ་ལ་ཤེས་བཟོད་བཅོ་ལྔའམ་བཅུ་དྲུག་ཏུ་འབྱེད་པར་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། གང་དག་དེ་དག་གི་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ན་ཡང༌། དེ་ལྟ་བུས་བསྡུས་པའི་སྐྱེ་བོ་ལ་དེ་བསྟན་པས་ཕན་གདགས་པའི་ཕྱིར། ཤེས་པའི་ངོ་བོ་གཅིག་ལ་ཆར་ཕྱེ་ནས་བཅོ་ལྔར་རྣམ་པར་བཞག་གོ །གལ་ཏེ་དེ་ལྟར་ན། ལམ་བསྒོམ་པ་རྣམ་པ་བཅུ་དྲུག་པོ་དེ་ཇི་ལྟ་བུ། ཐར་པ་འདོད་པ་རྣམས་ལམ་རྣམ་པ་གཞན་དག་གིས་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར། འདིར་ཡང་ཡོངས་སུ་བརྟག་ནས་རྣམ་པར་བཞག་པ་ཉིད་དེ། དེ་ཁོ་ནར་ནི་ངོ་བོ་གཅིག་པུར་ཟད་དོ། །ཞེས་གསུངས་སོ། །གཞུང་འདིས་མཐོང་ལམ་རྣམ་གྲོལ་གྱི་ལམ་མ་བསྟན་པ་མ་ཡིན་ཏེ། བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་པས་དེ་བསྟན་པར་འཆད་དགོས་པའི་ཕྱིར་ཏེ། དེ་ཉིད་ཀྱི་འགྲེལ་པ་ལས། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་མཚན་ཉིད་གཅིག་ཏུ་མཐོང་སྟེ། མ་རིག་པ་མ་ལུས་པར་འགགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ལ་དམིགས་པའི་ཤེས་པ་ལ་གནས་པ་ལ་ནི། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང༌། བྱ་བ་བྱས་པ་ཞེས་བྱ་བ་རྣམ་པར་བཞག་སྟེ། གཞན་དུ་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེས་ན་གཞུང་འདིའི་རྩ་འགྲེལ་གྱི་དགོངས་པ་ལ། ཆོས་ཞེས་བྱ་བ་ནི། རང་བཞིན་གྱི་མྱ་ངན་ལས་འདས་པ་ལ་བྱ་ལ། དེ་ཤེས་པ་ནི་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའོ། །དེའི་རྟོགས་བྱ་མྱང་འདས་དེ་ལ་དབྱེ་བ་མེད་ཅིང༌། རྟོགས་པ་པོ་མཉམ་གཞག་དེ་ཐུན་གཅིག་ཡིན་ཀྱང༌། གོམས་པར་བྱས་པ་ན་མཐོང་སྤངས་སྤངས་ཏེ། བྱ་བ་བྱས་པ་ཞེས་བྱ་བ་ཞེས་བཞག་གོ །ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི། དར་ཊཱིཀ་མཛད་པ་ན་རེ། སློབ་དཔོན་འདི་དང་རིགས་པ་དྲུག་ཅུ་པ་རྩ་འགྲེལ་ནས་འབྱུང་བ་རྣམས་ཁྱད་པར་ཡོད་པར་མ་མཐོང་ཞིང༌། རང་རིག་ཁས་ལེན་མི་ལེན་སོགས་ནི་ཁྱད་པར་ཆེའོ། །གཞན་དུ་ན། སྡུག་བསྔལ་གྱི་ཆོས་ཉིད་རྟོགས་པའི་ཚེ། ཀུན་འབྱུང་གི་ཆོས་ཉིད་རྟོགས་པར་ཁས་མི་ལེན་ན་ནི། གཉན་བྱ་སྒྲ་མི་རྟག་བསྒྲུབ་ཀྱི་རྟགས་ཡང་དག་དུ་ཡང་ཁས་ལེན་དགོས་པ་སོགས་ཉེས་པ་དུ་མའི་འབྱུང་ཁུངས་སུ་མཐོང་ངོ༌། །སྟོང་ཉིད་ལ་མཉམ་པར་བཞག་བཞིན་པའི་དུས་སུ་གང་ཟག་དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་ཀྱང་ཡོད་མོད་ཀྱི། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་མངོན་གྱུར་དུ་ག་ལ་དགོས། དེ་བཞིན་དུ་ཡོན་ཏན་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །ཞེས་འཆད་དོ། །དེ་ལྟར་འཆད་པའི་ཚུལ་གསུམ་ཀ་མི་རིགས་ཏེ། དེ་ཡང་རིགས་པ་དྲུག་ཅུ་པའི་ལུང་ལས། ཆོས་ཤེས་ཞེས་གསུངས་པ་དེ། ཆོས་བཟོད་ཀྱི་ཟླས་ཕྱེ་བའི་ཆོས་ཤེས་ལ་བྱ་བ་ཡིན་ན། ཁྱེད་ཀྱི་བཤད་པ་དེ་ཅུང་ཞིག་སྒྲིག་དུ་རུང་ཡང༌། དེ་ལྟར་བཤད་ན། དོན་མ་ཡིན་པ་ཆེན་པོ་འབྱུང་བའི་ཕྱིར་ཏེ། དེའི་འགྲེལ་པར། ཆོས་ཞེས་པ་རང་བཞིན་གྱི་མྱང་འདས་ལ་བཤད་ནས། དེ་གསར་དུ་ཤེས་པ་ལ་ཆོས་ཤེས་སུ་བཤད་པའི་ཕྱིར་དང༌། འདིའི་ཆོས་ཤེས་དེ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་ཀྱི་དབྱེ་གཞིར་བཤད་པའི་ཕྱིར་དང༌། འདིར་བསྟན་གྱི་ཆོས་ཤེས་དེའི་སྔོན་དུ་ཆོས་བཟོད་འགྲོ་བའི་བཤད་པ་མི་སྣང་བའི་ཕྱིར་རོ། །དེ་ལྟར་ན་ཡང་ཁོ་བོ་ཅག་ལྟར་ན་ནི། འདི་དང་བཟང་པོའི་ཞབས་ཀྱི་བཤད་པ་དང་སྒྲིག་དུ་རུང་བ་ཡིན་ནོ། །སྡུག་བདེན་གྱི་ཆོས་ཉིད་རྟོགས་པའི་ཚེ་ཀུན་འབྱུང་བདེན་པའི་ཆོས་ཉིད་རྟོགས་པས་ཁྱབ་པར་ཁས་མི་ལེན་པ་སློབ་དཔོན་གྱི་བཞེད་པ་ཡིན་མིན་དཔྱད་དགོས་ཀྱང༌། དེ་ལ་ངེས་པ་འདྲེན་ནུས་པའི་དང༌། དྲངས་པའི་ཚེ་ཅིག་ཤོས་ལ་དེ་འདྲེན་པའི་ཁྱབ་པ་མེད་པ་ནི། སློབ་དཔོན་གྱི་བཞེད་པ་ཡིན་ཏེ། དཔེར་ན་ཕྱི་སྟོང་པ་ཉིད་ལ་ངེས་པ་དྲངས་པའི་ཚེ། ནང་སྟོང་པ་ཉིད་ལ་ངེས་པ་དྲངས་པའི་ཁྱབ་པ་མི་བཞེད་པ་བཞིན་ནོ། །དེ་ལ་ཁྱེད་ཀྱིས་འདི་སྐད་དུ། འགྲེལ་ཆེན་དུ་སྟོང་ཉིད་ཉི་ཤུའི་ས་མཚམས་བཤད་པ་དེ། ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱི་དབྱེ་བ་ཡོད་པས་བཤད་པ་མ་ཡིན་གྱི། ཆོས་ཅན་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་རྗེས་ཐོབ་དུ་ངེས་པ་འདྲེན་ཚུལ་གྱི་དབྱེ་བས་དེ་ལྟར་ཕྱེ་བ་ཡིན་ནོ། །ཞེས་ཟེར་བ་ནི་གྱི་ན་སྟེ། ཀུན་རྫོབ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་ངེས་པ་འདྲེན་པ་ཡིན་ན་ནི། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ས་མཚམས་སུ་མ་སོང་སྟེ། ཀུན་རྫོབ་རྟོགས་པའི་ཡེ་ཤེས་ཀྱི་ས་མཚམས་སུ་སོང་བའི་ཕྱིར། ཀུན་རྫོབ་དཔྱད་གཞི་དང་དམིགས་པར་བཞག་ནས། དེའི་སྟེང་དུ་རང་བཞིན་མེད་པའི་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱེད་པ་ཡིན་ན་ནི། ཁྱེད་ལ་ཉེས་པ་སོ་ན་འདུག་ཅིང༌། ཁོ་བོ་ཅག་གི་འདོད་པ་གྲུབ་བོ། །མཉན་བྱ་ཞེས་སོགས་ཀྱི་སུན་འབྱིན་ལ་ནུས་པ་ཅི་ཡང་མེད་མོད། སུན་འབྱིན་དེ་ཉིད་ལ་སྐྱོན་ཆགས་པ་ཡིན་ཏེ། ཁྱེད་ཀྱིས་ནི་མཉན་བྱ་མི་རྟག་པར་ཚད་མས་ངེས་ན། སྒྲ་ཡང་མི་རྟག་པར་ཚད་མས་ངེས་པས་ཁྱབ་བོ་ཞེས་ཁས་བླངས་པས། སྒྲའི་དོན་མི་རྟག་པར་གྲུབ་ན། ཐ་སྙད་ཀྱང་མི་རྟག་པར་གྲུབ་ཅེས་པར་སོང་བས། མཉན་བྱ་དང་སྒྲའི་མིང་དོན་གྱི་འགྲེལ་པ་རྟགས་ཀྱིས་བསྒྲུབ་དགོས་པ་མི་སྲིད་པར་འགྱུར་ཞིང༌། དེ་ལྟར་ན། མཚོན་སྦྱོར་གྱི་རྣམ་གཞག་ཉམས་པར་འགྱུར་རོ། །ལུགས་གསུམ་པ་ཡང་མི་འཐད་དེ། སྟོང་ཉིད་ལ་མཉམ་པར་གཞག་བཞིན་པའི་དུས་སུ། སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་བློ་མེད་ན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ཡོད་པར་འགལ་ཞིང༌། དེ་ཡང་མངོན་གྱུར་དུ་མེད་པར་འདོད་ན། ཡོད་ལ་མངོན་གྱུར་དུ་མེད་དོ་ཞེས་པའི་ཐ་སྙད་འདི་ཉིད་མཛེས་པ་མིན་ཏེ། ལྡན་ཚུལ་དེ་ལྟར་བཤད་ཀྱང༌། ཡོད་ཚུལ་ལ་དེ་ལྟར་བཤད་པ་གཞུང་ལུགས་ཆེན་པོའི་བརྡའ་སྐད་མ་ཡིན་པའི་ཕྱིར་དང༌། ཤེར་ཕྱིན་དང་མཚུངས་ལྡན་གྱི་ཐེག་ཆེན་སེམས་བསྐྱེད་མི་སྲིད་པར་འགྱུར་བ་དང༌། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བློ་མི་སྲིད་པར་ཐལ་བ་རྣམས་འཇུག་གོ །རྣམ་པར་སྤྲོས་པས་ཆོག་གོ །འདིར་སྨྲས་པ། གཞུང་བརྒྱའི་སྲོལ་ནས་དྲངས་པའི་རིགས་པ་ཡི། །ཤིང་རྟའི་ཁྲི་ལ་འཁོད་པའི་རྣམ་གྲོལ་གྱིས། །དོན་གཉེར་བློ་གསལ་མགྲོན་དུ་གཉེར་བྱེད་ན། །ལེགས་བཤད་གར་གྱི་ལྟད་མོ་འདི་ལོང་ཞིག།  །།གཉིས་པ་བསྒོམ་པའི་ལམ་ལ། རྟེན་དང་བརྟེན་པའོ། །དང་པོ་ལ། ལུས་ཀྱི་རྟེན་ནི་གཉིས་ཏེ། སྔར་མེད་གསར་དུ་སྐྱེ་བའི་རྟེན་ནི་འདོད་པ་དང༌། སྐྱེས་ཟིན་གནས་པའི་རྟེན་ལ། ཉན་ཐོས་ཀྱི་ཁམས་གསུམ་ཀ་དང༌། བྱང་སེམས་ཀྱི་ཁམས་འོག་མ་གཉིས་དང༌། རང་རྒྱལ་གྱི་འདོད་པ་ཁོ་ནའོ། །སེམས་ཀྱི་རྟེན་ནི་མངོན་པ་ལས། ཟག་མེད་ས་དགུ་ལ་བརྟེན་པར་བཤད་ཅིང༌། འགྲེལ་ཆེན་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་འདོད་པ་དང༌། སྲིད་རྩེ་ལ་ཡང་བརྟེན་པར་བཤད་དོ། །གཉིས་པ་བརྟེན་པ་ལ། མཚན་ཉིད། དབྱེ་བ། སྤང་བྱ་སྤོང་ཚུལ་ལོ། །དང་པོ་ནི་ཐེག་ཆེན་གྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང༌། མི་སློབ་ལམ་མ་སྐྱེས་གོང་གི་ལམ་མོ། །ཡང་ན་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཞེས་བྱའོ། །ཐེག་ཆེན་གྱི་སྒོམ་ལམ་གྱི་རང་ལྡོག་ནས་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པ་ཞིག་ཡིན་མོད་ཀྱང༌། དེ་ལ་དེའི་ཁྱབ་པ་ཁས་ལེན་དུ་མི་རུང་སྟེ། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་ཐོས་བསམ་གྱི་ཤེས་རབ་དང༌། རྗེས་ཐོབ་ཀྱི་གནས་སྐབས་ཀྱི་སྙིང་རྗེ་དང༌། བྱམས་པ་དང་མངོན་ཤེས་སོགས་དེར་ཁས་བླང་དུ་མི་རུང་བའི་ཕྱིར། གཉིས་པ་དབྱེ་བ་ལ། འཕགས་སེང་གིས་ཟག་བཅས་དང་ཟག་མེད་སྒོམ་ལམ་གཉིས་སུ་བཤད་པའི་ཁྱད་པར་ལ། བོད་སྔ་མ་རྣམས་རྗེས་ཐོབ་ལ་འཁྲུལ་པའི་སྣང་བ་མངའ་བས་ཟག་བཅས་དང༌། མཉམ་གཞག་ལ་དེ་མི་མངའ་བས་ཟག་མེད་ཡིན་ཞེས་འཆད་ཀྱང༌། རིགས་པ་མིན་ཏེ། འཕགས་སེང་གིས་མཉམ་གཞག་སྣང་བཅས་སུ་བཞེད་པས་སོ། །དེས་ན་གཟུང་འཛིན་གཉིས་སྣང་གི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་བཅས་མ་བཅས་ལ་འཆད་པ་ཉིད་དགོངས་པ་ཡིན་ཞིང༌། སློབ་དཔོན་ཆོས་བཤེས་ཀྱིས་ཀྱང་བཤད་པ་ཡིན་ཏེ། ཚིག་གསལ་ལས། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པའི་བྱེ་བྲག་ནི་རྣམ་པར་རྟོག་པ་དང་བཅས་པ་དང༌། དེ་དང་བྲལ་བ་གཙོ་བོར་གྱུར་པའོ། །ཞེས་གསུངས་སོ། །འོ་ན་ཅི། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཀྱི་ངོ་བོ་དེ་ཉིད། ཡང་དག་པ་ཡིན་པའི་ཀུན་རྟོག་ཏུ་འདོད་པའམ། དེ་དང་མཚུངས་ལྡན་དུ་བྱུང་བ་ལ་འཆད་པ་ཡིན་ཅེ་ན། རྗེས་ཐོབ་ཡེ་ཤེས་ཀྱི་ངོ་བོ་དེར་འཆད་པ་མ་ཡིན་ཏེ། དེའི་ངོ་བོ་ཡེ་ཤེས་སུ་འཆད་དགོས་པའི་ཕྱིར་དང༌། ཡང་དག་མིན་རྟོག་ཡིན་ན། སྤང་བྱ་ཡིན་དགོས་པས་སྤྱིར་ལམ་དུ་འགལ་ཞིང༌། བྱེ་བྲག་ཡེ་ཤེས་སུ་འགལ་བའི་ཕྱིར། འོ་ན་དེ་དང་བཅས་པའི་དོན་ཅི་ཞེ་ན། ཤེས་རྒྱུད་གཅིག་ལ་དུས་ཅིག་ཆར་དུ་རྟོག་པ་དེ་དང༌། སྒོམ་ལམ་ཡེ་ཤེས་ཅིག་ཆར་དུ་འབྱུང་བ་ལ་འཆད་དགོས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་བྱང་སེམས་སློབ་པ་འཕགས་པའི་རྗེས་ཐོབ་དུ། བག་ཆགས་ཀྱི་དབང་གིས་སྒོ་ལྔའི་ཤེས་པ་གཟུང་འཛིན་གཉིས་སུ་སྣང་བ་འབྱུང་ཞིང༌། དེའི་ཚེ་ན། དབང་ཤེས་ལ་སྣང་ཆ་དེ་ནི་ཡང་དག་མིན་རྟོག་དང༌། གཞན་དབང་དང༌། སྤང་བྱ་ཡིན་པས་ལམ་དུ་མི་འཇོག་ལ། གཉིས་པ་དེ་དེར་རྟོགས་པའི་ཆ་དེ་ནི་ལམ་དུ་འཇོག་པ་ཡིན་ཏེ། རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། དེ་གཉིས་མཚུངས་ལྡན་དུ་བྱུང་བས་དེ་དང་བཅས་པར་འཇོག་པ་ནི་མ་ཡིན་ཏེ། རྣམ་ཤེས་དང་ཡེ་ཤེས་ལ་མཚུངས་ལྡན་བཤད་དཀའ་བའི་ཕྱིར། སྐབས་འདིའི་ཟག་བཅས་ཀྱི་འཇོག་ཚུལ་ཀྱང་མངོན་པ་དང་མི་མཐུན་པར་བོད་ཀྱི་སློབ་དཔོན་རྣམས་འཆད་ཀྱང༌། མཐུན་པར་འཆད་དགོས་པ་ཡིན་ཏེ། མངོན་པར་ནི། ཟག་པ་ཉོན་མོངས་ལ་བྱས་ནས་དེ་དང་བཅས་ཚུལ། དེའི་སྒོ་དྲུག་གང་རུང་དང་འབྲེལ་བ་ལས། དེར་བཞག་པ་ཡིན་ལ། སྒོམ་ལམ་འདིས་ཀྱང་ཟག་པའི་སྒོ་དྲུག་པོ་གང་རུང་ཞིག་ལ་དམིགས་པའི་ཕྱིར། དེ་དང་བཅས་པ་ཞེས་བྱའོ། །དེའི་ཚུལ་ཡང་ཡང་དག་མིན་རྟོག་གིས་ཡུལ་དུ་བྱས་པའི་གཟུགས་སྒྲ་ལ་སོགས་པ་དེ་རྣམས། ལས་དང་ཉོན་མོངས་པའི་བདག་པོའི་འབྲས་བུ་དང༌། རྣམ་སྨིན་གྱི་འབྲས་བུ་གང་རུང་དུ་བཞག་དགོས་པའི་ཕྱིར་རོ། །དེ་ཡང་ཞིབ་མོར་ཕྱེ་ན། སྒོམ་ལམ་གྱི་རྗེས་ཐོབ་དུ་དག་པའི་སྣང་བ་ཤར་བའི་སྣང་བཅས་དང༌། མ་དག་པའི་སྣང་བ་ཤར་བའི་སྣང་བཅས་གཉིས་ལས། དང་པོའི་དབང་དུ་བྱས་པའི་གཉིས་སྣང་གི་ཤེས་པ་དེ། བག་ཆགས་ཀྱི་དབང་གིས་གཉིས་སུ་སྣང་བའི་ཆ་ནས། ཡང་དག་པ་མ་ཡིན་པའི་ཀུན་རྟོག་དུ་འཇོག་ཀྱང༌། གང་དུ་སྣང་བའི་ཡུལ་དེ་ཟག་བཅས་སུ་མི་བཞག་སྟེ། ཡུལ་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་དེ་ལམ་གྱི་བདེན་པར་ཁས་ལེན་དགོས་པའི་ཕྱིར།                    རྗེས་མ། >>>

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*