པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་དཀར་ཆག

༼ཀ༽༄༅། །པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འབུམ་དཀར་ཆག་བཞུགས་སོ།།

ན་མོ་གུ་རུ་བྷྱཿ དཔལ་ལྡན་ཤཱཀྱ་སེང་གེའི་ཆོས་ཀྱི་རྒྱལ་སྲིད་མཆོག་ལ་དབང་བསྐུར་བས། །ཕྱོགས་བཅུའི་རྒྱལ་སྲས་རྐྱེན་རྟོགས་སློབ་མར་བཅས་པས་ཕྱག་བྱས་ཤིང༌། །རྣམ་པ་ཀུན་ལྡན་ཆོས་སྒྲ་སྒྲོག་ལ་དྲི་མེད་ལེགས་པའི་བློ་གྲོས་ཅན། །འཇམ་དཔལ་དགྱེས་པའི་བཤེས་གཉེན་གང་ཁྱོད་སྲིད་གསུམ་འགྲོ་བའི་གཙུག་ན་རྒྱལ། །མ་ཕམ་རྒྱལ་བའི་ཐུགས་རྗེའི་སྒྱུ་འཕྲུལ་གར། །ཇི་སྙེད་ཆུ་ཀླུང་ཀུན་ཏུ་ཟླ་གཟུགས་བཞིན། །བགྲང་ཡས་འགྲོ་བའི་བློ་མཚོར་འཆར་བ་ཡི། །ཕ་མཐའ་བགྲང་བར་ནུས་པ་ག་ལ་ཞིག །དེ་ལྟ་ན་ཡང་རྟ་དབྱངས་དཔའ་བོ་དང༌། །རྔོག་ལོ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་སོགས། །མཁས་དང་གྲུབ་པར་བགྲངས་པའི་སྐྱེས་རབས་འཕྲེང༌། །མང་ཞིག་ཞལ་གྱིས་བཞེས་ཤིང་ལུང་དུ་བསྟན། །དེ་ལས་རྒྱལ་མཚན་ཏོག་ལྟར་མངོན་མཐོ་བ། །ཡོངས་རྫོགས་གནས་ལྔ་མཁྱེན་པའི་པཎྜི་ཏ། །ཤཱཀྱ་མཆོག་ལྡན་དྲི་མེད་བློ་གྲོས་ཞེས། །རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པར་གྱུར། །མི་འཇིགས་བཞིའི་ཁྲི་ལ་གནས་བཅས་ཏེ། །ཕྱོགས་ལས་རྣམ་རྒྱལ་མཁས་གྲུབ་ཀུན་གྱི་གཙོ། །འཆད་རྩོད་རྩོམ་པས་བསྟན་པ་འཛིན་པ་ལ། །འགྲན་པའི་ཟླ་བྲལ་འཛམ་གླིང་རྒྱན་གཅིག་ཉིད། །ཁྱད་པར་དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ། །མཁས་དང་གྲུབ་པའི་ཤིང་རྟ་ཆེ་རྣམས་ཀྱི། །དགོངས་པ་གཅིག་པའི་ལམ་སྲོལ་ཟླ་མེད་པ། །ཟབ་མོ་ལྟ་བ་ཆོས་རྣམས་ཀུན་གྱི་གནད། །དེ་ཉིད་ཕྱིས་འབྱུང་མཁས་རློམ་མང་པོ་ཡིས། །འཁྱོག་པོའི་ལམ་དུ་དྲངས་དེ་འབད་པ་ཡིས། །བཀག་ནས་སྔོན་བྱོན་གོང་མའི་ལུགས་སྲོལ་བཞིན། །བཙུགས་པའི་མཛད་པ་རྨད་བྱུང་ཕུལ་གྱི་མཆོག །གླེགས་བམ་ཕུང་པོ་ལྷུན་པོའི་དོ་ཟླ་ཉིད། །བསྟན་པ་གཟུགས་ཅན་བཞིན་དུ་གནས་པ་འདི། །མཐོང་ཚེ་ངེས་དོན་སེམས་པའི་མཁས་པ་དག །ངོ་མཚར་བསྐྱེད་འགྱུར་དེ་ཉིད་ཐོར་བཀོད་པ། །བསྟན་བཅོས་མཛད་པོའི་ངོ་མཚར་སྟོན་བྱེད་བསྟོད་པའི་རབ་ཏུ་བྱེད་པ་བཞི། །རྡོ་རྗེ་འཆང་དངོས་སྤྱང་ལུང་རྗེ་དང་ཐམས་ཅད་མཁྱེན་པ་ཤཱཀྱའི་མཚན། །ཀུན་མཁྱེན་ཆེན་པོ་དོན་ཡོད་དཔལ་ནི་སྤྱན་སྔ་མཆེད་དང་བཅས་པ་ཡི། །རྣམ་ཐར་རྒྱས་དང་རྔོག་ལོའི་རྣམ་ཐར་ཡོངས་འཛིན་བསྟོད་པའི་ཚོགས་མང་པོ། །རྒྱལ་དང་དེ་སྲས་རྣམས་ལ་བསྔགས་པའི་སྙན་ཚིག་བསྟོད་པའི་འཕྲེང་བ་དང༌། །སྔ་ཕྱིའི་དྲི་བ་མང་པོའི་ལན་དང་ཆབ་ཤོག་སྣ་ཚོགས་སྤེལ་བའི་སྡེ། །དུས་ཀྱི་འཁོར་ལོའི་རིན་ཆེན་བདུན་གྱིས་ཟུང་འཇུག་འཁོར་ལོ་སྒྱུར་བར་བཀུར། །བདེ་མཆོག་རྣམ་བཤད་དང་པོའི་སངས་རྒྱས་རབ་ཏུ་གྲུབ་དང་གསང་འདུས་ཀྱི། །རྣམ་པར་ཐར་པའི་སྒོ་བརྒྱ་ཕྱེ་དེར་རིམ་ལྔ་ལ་སོགས་ངེས་དོན་བསྟན། །དམ་ཚིག་རབ་ཏུ་གསལ་བའི་མེ་ལོང་གོང་མའི་དགོངས་པ་རྣམ་པར་བཀྲ། །ཆོས་མཚན་བརྒྱ་དང་བརྒྱད་པའི་མཛོད་ནས་གང་འདོད་ཆོས་ཀྱི་རེ་བ་སྐོང༌། །རྒྱུད་སྡེ་སྤྱི་རྣམས་ལྷ་མཆོག་བསྒྲུབ་དང་ཁྲིད་ཡིག་མཁའ་དཔྱད་སྒོ་དུ་མ། །མཚན་བརྗོད་བཤད་དང་གཟུང་སྔགས་མང་པོ་བོད་སྐད་འགྱུར་སོགས་སྔགས་ཀྱི་སྡེ། །དབུ་མའི་བྱུང་ཚུལ་ཡིད་བཞིན་ལྷུན་པོ་འཇུག་སྒོ་གསུམ་པའི་ལམ་ནས་བལྟས། །བཞེད་ཚུལ་རྒྱ་མཚོའི་རླབས་ཀྱི་འཕྲེང་བ་ལུས་དང་ཡན་ལག་རྒྱས་པར་བཤད། །སྦྱོར་བའི་ཊཱིཀྐ་གནད་ཀྱི་སྒྲོན་མེས་བྱམས་ཆོས་ངེས་དོན་རབ་ཏུ་གསལ། །ལུང་དང་རིགས་པའི་རོལ་མཚོ་ཆེ་ལས་ཟུར་འདེབས་བཞིའི་ཆུ་བོ་འབབ། །ལོག་རྟོག་བྲག་རི་ཕྱེ་མར་འཐག་ལ་ཐལ་ངག་དབང་པོའི་རྡོ་རྗེ་འབར། །ལུགས་གཉིས་རྣམ་པར་ཕྱེ་བའི་ངེས་དོན་ལུང་ཆོས་རྒྱ་མཚོའི་སྙིང་པོར་དྲིལ། །སྔོན་མེད་ཉི་མས་གསལ་བར་བྱས་པའི་བྱམས་ཆོས་ལམ་གྱི་བང་རིམ་ལ། །ཉེ་བར་འཛེགས་ནས་དགའ་ལྡན་གནས་སུ་ཟབ་ཞི་སྤྲོས་བྲལ་བདུད་རྩི་བརྙེས། །རྩ་འཇུག་གཉིས་དང་ཆོས་དབྱིངས་བསྟོད་པ་བྱང་ཆུབ་སེམས་འགྲེལ་རྣམ་བཤད་ཆེ། །གཞན་གྱི་ནོར་པའི་རྩ་བ་བགྲངས་བྱས་དངོས་གནས་གསལ་བ་བརྒྱ་དང་བརྒྱད། །དེ་འཇོམས་བྱེད་པའི་ལུང་རིགས་སྟོང་ཕྲག་ཐུན་དུ་སྡེབས་པ་ཆེ་ཆུང་གཉིས། །དབུ་མའི་དཀའ་འགྲེལ་ཀུན་དའི་དགའ་སྟོན་ངེས་དོན་བདུད་རྩིའི་ཐིགས་པ་ཅན། །ཚངས་པའི་འཁོར་ལོས་གཞན་གྱི་རྟེན་འབྲེལ་བསྟོད་པའི་འཁྲུལ་པ་མ་ལུས་དྲལ། །ཚད་མའི་ཆོས་འབྱུང་དཔྱོད་ལྡན་དགའ་བྱེད་རྣམ་བཤད་ཀུན་བཟང་རོལ་མཚོར་འཁྱིལ། །དཀའ་འགྲེལ་རིགས་པའི་སྣང་བ་འབར་བས་རྟོག་གེའི་འཁྲུལ་པ་མ་ལུས་འཇོམས། །རྟོག་གེའི་སྙིང་པོ་ཆེ་ཆུང་གཉིས་དེ་སྡེ་བདུན་བདེ་མཛོད་ལྡེ་མིག་ཅན། །རིག་གཏེར་གྲུབ་མཐའ་ནོར་བུའི་མཛོད་དེ་སྡེ་བདུན་ངག་གི་རོལ་མཚོ་ཡིན། །སེམས་ཙམ་གསལ་བའི་མེ་ལོང་དང་ནི་ཁྱབ་འཇུག་མདུང་ཐུང་རབ་ཏུ་བཀྲ། །འདུལ་བའི་དཀའ་འགྲེལ་ཉི་མའི་ཤིང་རྟ་བ་དན་དཀར་པོའི་ཕྲེང་བས་མཛེས། །ཐེག་པ་གསུམ་གྱི་འདུལ་བའི་བསླབ་བྱ་དུས་ཚིགས་བསླབ་བྱ་མདོར་བསྡུས་པ། །འབེལ་གཏམ་རྣམ་ངེས་བསྙེན་གནས་ཆོ་ག་གཞི་གསུམ་བདུད་རྩིའི་རོལ་མཚོ་གང༌། །རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཕྲེང་བྱེ་བྲག་བཤད་པའི་རྒྱ་མཚོར་འཁྱིལ། །ལྡན་རྩིས་ཞུགས་གནས་གྲུབ་མཐའ་བསྡུས་དང་རབ་དབྱེ་གསུམ་གྱི་དགོངས་པ་བཀྲལ། །ལེགས་བཤད་གསེར་གྱི་ཐུར་མས་ཕྱེ་བས་པད་དཀར་མིག་གི་དགའ་སྟོན་མཐོང༌། །བསྡུས་དོན་ནོར་བུའི་ཕྲེང་བ་སྤེལ་ནས་ཁ་སྐོང་ལུང་རིག་རྔ་དབྱངས་སྒྲགས། །ཤེར་སྙིང་མདོ་དང་བཟང་པོ་སྤྱོད་པ་བྱམས་པའི་སྨོན་ལམ་སྨོན་བླའི་མདོ། །སྨོན་ལམ་བདུན་ཅུ་སུམ་རྟགས་གཉིས་དང་སྨྲ་སྒོ་མཚོན་ཆ་ཞིབ་མོར་ཕྱེ། །སྡེབས་སྦྱོར་མེ་ཏོག་ཆུན་པོ་ཁྱེར་ནས་མཁས་པ་འཇུག་པའི་སྒོར་སོན་ཏེ། །ཚིག་རྒྱན་སྙན་ངག་མེ་ལོང་ཕྱིས་པར་དབྱངས་ཅན་ངག་གི་དངོས་ཀུན་གསལ། །སྤྲིང་ཡིག་བདུད་རྩིའི་ཐིགས་པ་དེ་དང་བློ་སྦྱོང་བརྒྱད་མ་རྣམ་པར་ཕྱེ། །དེ་ལྟར་རྣམ་པར་བཤད་རྒྱ་ཆེ་དེ་བསྔོ་བ་ཡོན་བཤད་འབྲས་བུར་སྨིན། །དེ་ལྟར་འདི་ནི་དུས་གསུམ་རྒྱལ་ཀུན་གྱི། །བསྟན་པའི་སྙིང་དང་སྙིང་པོ་སྲོག་གི་ཟུངས། །གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་ཆེན་པོ་སྟེ། །ཐར་འདོད་ཀུན་གྱི་གཉེར་བྱར་འོས་པའི་བློས། །སྡེ་སྣོད་གསུམ་དང་རྒྱུ་སྡེ་ཆེན་པོ་བཞི། །རིག་གནས་ལྔ་ཡི་ཟློས་གར་སྒྱུར་བའི་ཚལ། །ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་ཆེའི། །བླ་བྲང་བཀྲ་ཤིས་བརྩེགས་པ་འདི་ཉིད་ནས། །རྒྱ་ནག་མི་དབང་ཆེན་པོའི་མཆོད་པའི་གནས། །གནམ་མཆོད་བན་དྷེ་མཆོག་གི་དབོན་པོ་ནི། །མཆོད་ཡོན་གཉིས་ཀས་བསྩལ་བའི་ལས་ཀ་ཅན། །ཁྲི་དཔོན་དཔལ་འབྱོར་བཟང་པོའི་རིགས་བརྒྱུད་ལས། །རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་གྱུར་ནས། །མདོ་རྒྱུད་གཞུང་མང་ཐོས་པའི་བློ་མིག་ཅན། །དཔལ་ལྡན་ཤཱཀྱ་བསྟན་འཛིན་དཔོན་སློབ་ཀྱིས། །ལྷག་བསམ་རྣམ་དག་གུས་པའི་ཡིད་ཀྱིས་བཞེངས། །ཡི་གེར་འབྲི་པོ་སྙེ་མོ་ཆུ་ཤུལ་བ། །ཀར་རྒྱལ་ཞེས་བྱ་ཀུན་གྱི་བཤེས་གཉེན་གྱི། །དོ་ཟླར་མཁས་པའི་སྐྱེ་བོས་བགྲང་བྱ་བ། །དེ་ཡིས་གཙོ་བྱས་མཁན་པ་ནོར་ཆིང་དང༌། །སྨྱུག་ཐོགས་རྒྱལ་པོ་དབུ་མཛད་ཚེ་འཕེལ་སོགས། །མཁས་པ་བཅུ་ཕྲག་གཅིག་དང་གསུམ་གྱིས་ནི། །འཇལ་བྱེད་ཕྱེད་བཅས་དྲུག་ལ་ལེགས་པར་བསྒྲུབས། །ཞུ་དག་སྡེ་སྣོད་འཛིན་པ་མང་པོས་བགྱིས། །རྒྱུ་ཚོགས་རྒྱགས་ཡོན་ཀུན་ཏུ་དྲིལ་བ་ལ། །ནས་ཁལ་སྟོང་ཕྲག་གསུམ་དང་རྒྱ་ཕྲག་བཞི། །གསུམ་བཅས་བཅུ་ལས་ལེགས་པར་གྲུབ་པ་ཡི། །དགེ་དེ་རྣམ་དཀར་ཀུན་དང་བསྡོམས་པའི་མཐུ། །བསྟན་པའི་སྲོག་ཤིང་པཎ་ཆེན་ཡབ་སྲས་དང༌། །ཡོངས་འཛིན་ཀརྨ་བཟང་པོ་ལ་སོགས་པའི། །ཟག་མེད་ཐུགས་ཀྱི་དགོངས་པ་རྫོགས་པ་དང༌། །ཁྱབ་བདག་རིགས་བརྒྱའི་གཙུག་རྒྱན་རྡོ་རྗེ་འཛིན། །འཇམ་དབྱངས་ཀུན་དགའ་སྙིང་པོའི་ཞབས་བརྟན་ཞིང༌། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་དང༌། །དངོས་དང་བརྒྱུད་པའི་སྒོ་ནས་འདི་ཉིད་ལ། །རྒྱུ་དངོས་ཅུང་ཟད་ཙམ་ཞིག་འདྲེས་པ་དང༌། །རིག་བྱེད་མཁན་དང་ལས་བྱེད་ལ་སོགས་པ། །མདོར་ན་འདི་ལ་འབྲེལ་པ་ཐོགས་པ་ཡི། །སེམས་ཅན་རྣམས་དང་ཕ་མས་ཐོག་དྲངས་པའི། །འགྲོ་བ་ཀུན་གྱིས་བྱང་ཆུབ་མྱུར་ཐོབ་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །བདེ་འགྲོ་རིགས་གཟུགས་འབྱོར་པ་ཤེས་རབ་ཆེ། །མཆོག་དང་ལྡན་ཞིང་ཡོངས་འཛིན་དམ་པ་ཡིས། །རྗེས་བཟུང་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །འཁོར་ལོ་སྡོམ་པ་ཀུན་དགའ་སྙིང་པོའི་ཞབས། །སྤྱི་བོའི་རྒྱན་ལས་ནམ་ཡང་མི་འབྲལ་ཞིང༌། །མྱུར་བདེའི་ལམ་ལས་མྱུར་དུ་མཆོག་གྲུབ་ཤོག །གནས་སྐབས་འདིར་ཡང་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་ཆོས་དང་མཐུན་པར་འགྲུབ་པ་དང༌། །འཆི་ཚེ་དགའ་ལྡན་གནས་སུ་ངེས་སྐྱེ་ཞིང༌། །མ་ཕམ་ཞལ་མཐོང་གསུང་ལ་སྤྱོད་པར་ཤོག །ཁྱད་པར་དུས་གསུམ་རྒྱལ་བའི་རིང་ལུགས་པ། །པཎ་ཆེན་ཤཱཀྱ་མཚན་མཆོག་ལྡན་པ་ཡི། །བསྟན་པ་ཕན་དང་བདེ་བའི་འབྱུང་གནས་འདི། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག །ཐུབ་བསྟན་གསེར་མདོག་ཅན་གྱི་ཆོས་གྲྭ་འདི། །ཚུལ་ལྡན་མང་ཐོས་འདུས་པའི་དགེ་འདུན་གྱིས། །རབ་ཏུ་གང་ཞིང་ཐུགས་མཐུན་བཤད་བསྒྲུབ་ཀྱི། །བསྟན་པ་རིན་ཆེན་མཆོག་ཏུ་རྒྱས་པར་ཤོག །འཇིག་རྟེན་ཀུན་ཡང་དགེ་བའི་བདག་འབྲས་ཀྱྀས། །རྫོགས་ལྡན་དུས་བཞིན་ཀུན་ཏུ་གང་བ་དང༌། །ཚོར་དང་ལྟ་བའི་དབང་གིས་མི་འཁྲུག་པར། །མཆོག་ཏུ་བདེ་ཞིང་ཆོས་ལ་སྤྱོད་པར་ཤོག །རྡོ་རྗེ་འཛིན་པ་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པ། །རྡོ་རྗེ་ནག་པོ་ཆེན་པོ་འཁོར་བཅས་ཀྱིས། །གླེགས་བམ་འདི་རྣམས་བསྲུང་ཞིང་སྐྱོང་བར་མཛོད། །བཀྲ་ཤིས་གང་ཞིག་མ་ཕམ་བྱམས་མགོན་ཐུགས་རྗེའི་འཕྲུལ། །འཛམ་གླིང་སངས་རྒྱས་བསྟན་པའི་དཔལ་དུ་ལེགས་ཤར་བ། །ཆོས་ཀྱི་རྒྱལ་པོ་ཤཱཀྱ་མཆོག་ལྡན་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །བཀྲ་ཤིས་གང་ཞིག་རྩ་བརྒྱུད་བླ་མས་བྱིན་རློབ་ཅིང༌། །སངས་རྒྱས་བདེན་གསུངས་དམ་ཆོས་མཆོག་རབ་མི་གཡོ་བ། །དགེ་འདུན་བདེན་པའི་ལམ་ལ་གནས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ། །བཀྲ་ཤིས་གང་ཞིག་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །འཕྲིན་ལས་རྒྱས་ཤིང་དགེ་འདུན་རྒྱ་མཚོ་ཐུགས་མཐུན་ལ། །ཆོས་དང་སྲིད་ཀྱི་འབྱོར་པ་རྒྱས་པའི་བཀྲ་ཤིས་གང༌། །བཀྲ་ཤིས་དེས་ཀྱང་གནས་འདིར་བཀྲ་ཤིས་ཕུན་ཚོགས་སྩོལ།།  །།སདྡྷརྨཱསྲས་བྷཱུ་ཏི་བྷ་ཝ་ཏི།།  །། ༈ བལ་ཡུལ་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་རྒྱལ་ཡོངས་ས་ཆེན་ཞེས་པ་གློག་ཀླད་དཔར་ཁང་ལས། བདེར་གཤེགས་༧སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གི་ཐུགས་དགོངས་རྫོགས་ཆེད། སྐྱབས་འོག་པ་ཚར་གྲྭ་གུ་རུས་གློག་ཀླད་ཕྱག་དེབ་ཆེད་འགྲེམ་སྤེལ་ཞུས་པའི་དགེ་འབྲས་སངས་རྒྱས་ཞིང་དུ་བསྔོའོ།།  །།

རྩོམ་སྒྲིག་པ། ཕར་ནང་དཀོན་མཆོག་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*